Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ས་བདག་ཧ་ས་གརྦྷའི་བཀའ་གཏད་ཀྱི་ལག་ལེན། པདྨ་གར་དབང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ས་བདག་ཧ་ས་གརྦྷའི་བཀའ་གཏད་ཀྱི་ལག་ལེན། པདྨ་གར་དབང་།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ས་བདག་ཧ་ས་གརྦྷའི་བཀའ་གཏད་ཀྱི་ལག་ལེན། པདྨ་གར་དབང་།


RTZ044_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ས་བདག་ཧ་ས་གརྦྷའི་བཀའ་གཏད་ཀྱི་ལག་ལེན་བཞུགས་སོ། །


RTZ044_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལུས་ཅན་འཇམ་པའི་དཔལ། །ཡེ་ཤེས་སྒྱུ་མའི་འཕྲུལ་སྟོན་ལ། །དང་བས་བཏུད་ནས་གྲོང་སྔགས་པར། །ཕན་ཕྱིར་མགོ་གསུམ་བཀའ་གཏད་འབྲི། །སྟེགས་བུ་ནག་པོར་འབྲུ་ནག་གི་ཚོམ་བུ་བཀོད་པའི་དབུས་སུ་ལྕགས་སྣོད་དུ་དམར་གཏོར་གྲུ་གསུམ་མཐེབ་ཀྱུས་བརྒྱན་པ། གཡས་སུ་སྐུ་གཟུགས། གཡོན་དུ་བནྡྷའི་བདུད་རྩི། མདུན་དུ་དྲག་མཆོད། དམར་གཏོར། གསེར་སྐྱེམས་བཅས་བཤམ། སློབ་མས་སྔོན་དུ་རིགས་གསུམ་གཅིག་དྲིལ་གྱི་དབང་ཐོབ་ན་ངེས་པར་ལེགས་པས་དེ་ཉིད་ཀྱི་མངོན་རྟོགས་འོག་ནས་འབྱུང་བ་དང་གཟུངས་དབང་ལྟར་སྔོན་དུ་བྱ། ཅིས་ཀྱང་མི་འགྲུབ་ན་རིགས་གསུམ་མགོན་པོའི་དབང་གང་རུང་སྔོན་དུ་ཐོབ་མྱོང་བས་ཀྱང་འཐུས། དེ་ལ་ཐོག་མར་བདག་བསྐྱེད་ནི། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ སྟོང་པའི་ངང་ལས་པད་ཟླ་ཉི་མའི་སྟེང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་བསྡུས་པ༔ རང་ཉིད་རིགས་གསུམ་མགོན་པོ་གཅིག་དྲིལ་བ༔ དབུས་ཞལ་སྐུ་ལུས་རྩ་ཕྱག་རྩ་ཞབས་རྣམས༔ སྙིང་རྗེ་མཐར་ཕྱིན་སྤྱན་རས་གཟིགས་མགོན་ནི༔ སྐུ་མདོག་དཀར་པོ་ཕྲེང་


RTZ044_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བ་པདྨ་འཛིན༔ གཡས་ཞལ་ཕྱག་དང་ཞབས་ནི་བར་པ་རྣམས༔ ཤེས་རབ་མཐར་ཕྱིན་འཇམ་དཔལ་གཞོན་ནུ་ནི༔ གུར་གུམ་མདོག་ཅན་རལ་གྲི་པོ་ཏི་འཛིན༔ གཡོན་ཞལ་ཕྱག་དང་ཞབས་ནི་ཐ་མ་གཉིས༔ མཐུ་སྟོབས་མཐར་ཕྱིན་གསང་བའི་བདག་པོ་སྟེ༔ ཆར་སྤྲིན་མདོག་ཅན་རྡོ་རྗེ་སྡིགས་མཛུབ་ཞགས༔ ཞབས་དྲུག་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ༔ དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན༔ གནས་གསུམ་འབྲུ་གསུམ་འོད་ཀྱིས་སྤྱན་དྲངས་ཐིམ༔ ཧཱུྃ༔ གནས་མཆོག་པོ་ཊ་ལ་དང་ལྕང་ལོ་ཅན༔ རྒྱ་ནག་རི་བོ་རྩེ་ལྔའི་ཤེལ་ཁང་ནས༔ འཕགས་མཆོག་རིགས་གསུམ་མགོན་པོ་གཤེགས་སུ་གསོལ༔ ཤེལ་གུར་པདྨ་ཉི་ཟླའི་གདན་ལ་བཞུགས༔ རིགས་ལྔ་སྤྱན་དྲངས་དབང་བསྐུར་རིགས་བདག་མཚན༔ ཛཿཧཱུྃ་བཾ་ཧོ༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྙེན་པ་ནི། ཨ་ཧྲཱིཿཧཱུྃ༔ ཞེས་པ་ཅི་འགྲུབ་བཟླ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ༔ ལུས་ངག་ཡིད་གསུམ་སྲུང་བ་ལྷ་ཡི་མཆོག༔ རིགས་གསུམ་མགོན་པོ་གཅིག་དྲིལ་སྐུ་ལ་བསྟོད༔ ཅེས་བསྟོད། གལ་ཏེ་རིགས་གསུམ་གཅིག་དྲིལ་དབང་


RTZ044_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ནའང་བདག་མདུན་འདི་ལྟར་སྒྲུབ་ཅིང་གཟུངས་དབང་སྦྱར་བས་འཐུས་སོ། །དེ་ནས་མདུན་བསྐྱེད་ནི། མདུན་དུ་ཧ་ས་གརྦྷ་ནག༔ དབུས་ནས་གཡས་གཡོན་རིམ་བཞིན་དུ༔ གླང་སྟག་ཕག་གི་མགོ་བོ་ཅན༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ གྲི་གུག་ཐོད་ཁྲག་བར་པ་གཉིས༔ རལ་གྲི་ལྕགས་ཀྱུ་ཐ་མ་གཉིས༔ ཞགས་པ་མདའ་གཞུ་འཛིན་པ་སྟེ༔ ཁྲོ་ཆས་རྫོགས་ཤིང་གཤོག་པ་ཅན༔ སྐུ་སྨད་སྦྲུལ་གྱི་མཇུག་མར་འཁྱིལ༔ མི་དམར་ཤང་ཤང་རུ་འདྲེན་སོགས༔ འཇིག་རྟེན་དྲེགས་པའི་ཚོགས་ཀྱིས་བསྐོར༔ ཐུགས་ཀའི་འོད་ཀྱིས་རང་རྒྱུད་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཧཱུྃ༔ འཇམ་དབྱངས་སྤྲུལ་པའི་མཐུ་བོ་ཆེ༔ ས་བདག་གཟའ་ཀླུ་འཆོལ་བའི་བུ༔ ཟློག་བྱེད་ནག་པོ་མགོ་བོ་གསུམ༔ སྣང་སྲིད་ལྷ་འདྲེ་འཁོར་བཅས་རྣམས༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ སྔོན་མོ་ནས་ཀྱི་ཕོ་ཉ་བཏང༔ གསེར་སྐྱེམས་སེར་མོའི་ཆས་ཇ་འདྲེན༔ གནོད་བྱེད་དགྲ་བགེགས་གདན་ལ་བཞུགས༔ སྔོན་ཚེ་འཕགས་པ་འཇམ་དཔལ་གྱིས༔ བཀའ་དང་དམ་ལ་བཏགས་པའི་ཚེ༔ དུས་ངན་སྙིགས་མ་ལྔ་ཡི་དུས༔ སྲིད་པའི་བྱོལ་ཁ་ཁྱོད་ཀྱིས་ཟློག༔ ཀག་ཆེན་ཐམས་ཅད་ཟློག་པར་གྱིས༔ ནད་པ་ཡོ་ནས་


RTZ044_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བསླང་བར་གྱིས༔ སྲི་འུ་ཚང་ནས་བསྐྱེད་པར་གྱིས༔ རྒན་པོ་རྣམས་ཀྱི་ཚེ་སྲིངས་ལ༔ གཞོན་པའི་དཔལ་ནི་བསྐྱེད་པར་གྱིས༔ གནོད་པར་བྱེད་པ་ཐམས་ཅད་སོད༔ མི་ཁ་སྣ་ཚོགས་ཟས་སུ་ཟོ༔ གཏོར་མ་མཐེབ་ཀྱུ་ཁྱོད་ལ་སྦྱིན༔ འཇམ་དཔལ་དམ་ཚིག་དེ་ལྟར་ཕོག༔ དེ་རིང་དགོས་པའི་དུས་བྱུང་ན༔ སྔོན་གྱི་དམ་ཚིག་དྲན་པར་གྱིས༔ འཕགས་པ་འཇམ་དཔལ་བཀའ་མ་གཅོག༔ ཡོན་བདག་དྲིན་ལེན་ཆུད་མ་གསན༔ གཏོ་ཡས་གནས་སུ་ཐེངས་པར་མཛོད༔ ཨོཾ་ཕེ་ཤ་ཀེ་རུ་བྷྲཱུྃ༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ས་མ་ཡ་ཧོ༔ ཨརྒྷཾ་སོགས། ཁོའི་སྙིང་གར་ཕེ་ནག་པོ༔ རྩ་སྔགས་གཡས་སུ་འཁོར་བ་ལས༔ བདག་གིས་སྲོག་སྔགས་དེ་བཟླས་པས༔ སྔོན་གྱི་ཁས་བླངས་དམ་ཚིག་དྲན༔ ཅི་གསུངས་བཀའ་བསྒྲུབ་ཁས་བླང་གྱུར༔ ཨོཾ་ཕེ་ཤ་ཀེ་རུ་བྷྲཱུྃ༔ ཨོཾ་ཧ་ས་གརྦྷ་ཕཊ༔ ཨོཾ་ནག་པོ་ཕེ་ཤ་རྦད༔ ཨོཾ་ཀཱ་ལ་མུ་ཁ་དྲེ་དྲི་བྷྱོ༔ སྔགས་ཚན་བཞི་པོ་གང་རུང་བཟླ་ཆོག་པར་གསུངས་པས་དེ་ལྟར་གང་འགྲུབ་བཟླ། གཏོར་མ། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་གྱིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། གསུམ་མམ་བདུན་གྱིས་འབུལ། དེ་ནས།


RTZ044_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། རིགས་གསུམ་བཀའ་ཉན་ནག་པོ་མགོ་བོ་གསུམ། །གཟའ་ཆེན་གསུམ་འདུས་གནམ་ས་འཚོགས་པའི་བུ། །འཇིགས་པའི་ཆས་ལྡན་གཏུམ་རྔམ་མེ་ལྟར་འབར། །དྲེགས་བྱེད་ཀུན་གྱི་གཙོ་ལ་བདག་བསྟོད་དོ། །མཐུ་ཆེན་སྟོབས་ལྡན་སྲིད་པའི་བྱོལ་ཟློག་ཁྱོད། །དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། །ལྟས་ངན་མི་ཁ་བྲ་མཆུ་ཟས་སུ་ཟོ། །ཆག་ཆེ་ཉམ་ང་ཀག་ཆེན་ཟློག་པར་གྱིས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། དེ་ནས་སློབ་མ་ལ་ཁྲུས་བྱས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་སྒྲུབ་པ་དང་འགྲོ་བའི་བདེ་སྐྱིད་ལ་ཉེ་བར་འཚེ་བའི་འགལ་རྐྱེན་མ་ལུས་པ་ཞི་ཞིང་ཟློག་པའི་ཕྱིར་དུ། ས་བདག་དྲག་པོ་ཆེན་པོ་ཧ་ས་གརྦྷའི་བཀའ་གཏད་ཟབ་མོ་ཞུ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཐའ་ཡས་པའི་གདུལ་བྱ་རྣམས་བདེན་གཉིས་ཟུང་དུ་འབྲེལ་བའི་ཆོས་ཀྱིས་འདུལ་བར་མཛད་པ་ལས། རྒྱ་ནག་པོའི་ཡུལ་དུ་ཀུན་རྫོབ་གཙོ་བོར་སྟོན་པ་གཙུག་ལག་རྩིས་ཀྱི་རིག་པས་འདུལ་བའི་ཕྱིར་དུ་འཕགས་པ་འཇམ་དཔལ་བྱིན་གྱིས་བརླབས་ཏེ། དེ་ཉིད་ཀྱིས་གནམ་ས་བར་གསུམ་གྱི་གབ་ཙེ་སྟོང་དང་བརྒྱད་ཅུ་ལ་སོགས་པའི་སྒོ་ནས་འབྱུང་བ་ལྔས་བསྡུས་


RTZ044_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕན་གནོད་ཀྱི་ཡུལ་དང་། སྤང་བླང་གི་ཐབས་དང་། གཉེན་པོའི་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ་མཛད་པའི་ནང་ཚན་ཕན་བྱེད་གཏོ་ཐིག་འདིའི་ཁུངས་ནི། དང་པོར་ཅིའང་མེད་པ་ལས་ཆུ་རླུང་དང་ས་གཞི་ཆགས། དེ་ལས་མ་ཧཱ་གསེར་གྱི་རུས་སྦལ་ཆགས། དེའི་ཤ་ཁྲག་དྲོད་དབུགས་ནང་ཁྲོལ་དབང་པོ་ལུས་རྟེན་ཁ་རླངས་བ་སྤུ་སོགས་ལས་འབྱུང་བ་བཞིས་བསྡུས་པའི་སྣང་སྲིད་ཀྱི་ལྷ་འདྲེ་སྤར་སྨེ་གཟའ་སྐར་ལོ་ཟླ་ཞག་དུས་སོགས་བྱུང་ཞིང་ཐམས་ཅད་མ་རུངས་པར་གྱུར་པ་ལ། འཕགས་པ་འཇམ་དཔལ་གྱིས་བཏུལ་ཅིང་ཡེ་ཤེས་ཆེན་པོའི་བྱིན་གྱིས་བརླབས་པས་རུས་སྦལ་ཆེན་པོ་འགྲོ་བ་ཀུན་གྱི་དཔལ་དང་མགོན་དུ་ཤར། འབྱུང་ལྔའི་སྙིགས་མ་ལས་སྐྱེས་པའི་གནམ་ས་གཉིས་ཀྱི་བདག་པོ་སྲིད་པའི་ཁེན་ཕ་རྒན་པོ་དང་ཁོན་མ་རྒན་མོ་གཉིས་ཡིད་ཀྱི་སྦྱོར་བ་བྱས་པ་ལས། གཟའ་ཆེན་ཁྱབ་འཇུག་དང་སྤེན་པ་དང་ལྷག་པ་ལྷུམས་སུ་ཞུགས་པའི་བུ་ས་བདག་ནག་པོ་ཆེན་པོ་མགོ་བོ་གསུམ་པ་སྲིད་པ་གསུམ་ན་མཐུ་སྟོབས་ཆེ་ཞིང་མ་རུངས་གཏུམ་པོའི་གཟུགས་ཅན་སྐྱེ་དགུ་ཟས་སུ་ཟ་བ་ཞིག་བྱུང་བ་དེ་འཕགས་པ་འཇམ་དཔལ་གྱིས་ཁོ་རང་འདྲ་བ་ཞིག་ཏུ་སྤྲུལ་ཏེ་ཞལ་དུ་མིད། འདོམས་ནས་བཏོན་ཅིང་གདན་དུ་བྱས་པས་ཁོས་སྲོག་སྙིང་གཏའ་རུ་ཕུལ་ཅིང་ཅི་གསུང་བསྒྲུབ་པར་དམ་བཅས། འཕགས་པ་འཇམ་


RTZ044_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་ཞལ་ནས། མི་ནག་མགོ་བོ་གསུམ་པ་ཁྱོད། །སྙིགས་མ་ལྔ་ཡི་དུས་ཚོད་ལ། །སྲིད་པའི་བྱོལ་ཟློག་ཁྱོད་ཀྱིས་གྱིས། །ཀག་པོ་ཆེ་ཡི་ཀག་རྣམས་ཟློག །ནད་པ་ཡོ་ནས་བསླང་བར་གྱིས། །སྲི་འུ་ཚང་ནས་བསྐྱེད་པར་གྱིས། །གནོད་པའི་དགྲ་བགེགས་གང་འཕྲད་སོད། །སླ་ང་ནག་པོའི་གདན་ལ་སྡོད། །ཅེས་སོགས་ཀྱིས་བཀའ་བསྒོས་པས། ངོ་བོ་འཕགས་པ་ཉིད་ཀྱི་ཡེ་ཤེས་ཀྱི་རོལ་རྩལ་དུ་གྲུབ་ཅིང་རྣམ་པ་འཇིག་རྟེན་དྲེགས་བྱེད་ཀྱི་ཚུལ་བཟུང་བས་ཚན་ཆེ་ལ་མཐུ་སྟོབས་མྱུར་བ་འདི་ཉིད་རྒྱ་ནག་ལུགས་ཀྱི་འཇམ་དཔལ་གཤིན་རྗེའི་རྒྱུད་ལས་ཀྱང་གསུངས་ཤིང་། ཁྱད་པར་གཏོ་ཕུག་ནག་པོའི་རྒྱུད་ལས་སྐྱེ་རྒྱུད་སྒྲུབ་ཐབས་ཕྲིན་ལས་མཐའ་དག་རྒྱས་པར་བསྟན་ཏེ། དེའང་ཇི་སྐད་དུ། རྒྱལ་ཁམས་ཆོལ་བུར་འགྲོ་དུས་གཏོ་འདི་དགོས། །རྒྱལ་ཁྲིམས་ཆོས་ཁྲིམས་འཇིག་དུས་གཏོ་འདི་དགོས། །སྲིད་སྡེ་ནང་འཁྲུགས་བྱེད་དུས་གཏོ་འདི་དགོས། །བླ་མས་དམག་དཔོན་བྱེད་དུས༴ བུད་མེད་ཁྲིམས་དཔོན་བྱེད་དུས༴ ཕ་དང་བུ་མི་འཚམས་དུས༴ ཕ་མ་སྤུན་ཟླ་དཔོན་སློབ་ཉེ་རིང་ཐམས་ཅད་སེམས་འཁྲུགས་དུས༴ ཁར་སང་མཐུན་ཡང་དེ་རིང་མི་མཐུན་དུས༴ སྐྱེས་དར་མ་གྲི་དང་དུག་གིས་གསོད་དུས༴ བུད་མེད་ཐམས་ཅད་སྨྱོ་འབོག་


RTZ044_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ་ནད་འབྱུང་དུས་གཏོ་འདི་དགོས། ཞེས་གསུངས་པ་ལྟར་སྙིགས་མའི་དུས་འདིར་ཕན་པ་ཆེ་བར་གཟིགས་ནས་འཕྲུལ་གྱི་མི་བཞི་སོགས་ཀྱིས་འགྲིགས་ཆགས་སུ་བསྡེབས་པ་ཐོག་མར་རྒྱ་བཟའ་ཀོང་ཇོས་བོད་དུ་བསྣམས། དེ་ནས་བཟུང་སྔ་འགྱུར་བར་འགྱུར་ཕྱི་འགྱུར་ཡང་འགྱུར་ལ་སོགས་འགྱུར་འགོ་མི་གཅིག་པ་དགུ །བཅའ་ཐབས་མི་འདྲ་བ་བཅོ་བརྒྱད་ལ་སོགས་པ་དར་ཆ་ཤིན་ཏུ་ཆེ་བ་བྱུང་ཡང་། རིམ་གྱིས་ཡིག་ཆ་ཕྱག་ལེན་འཆུག་ཅིང་དབང་ལུང་རྒྱུན་ཆད་པར་གྱུར་པ་ན། ལོ་ཆེན་བཻ་རོ་ཙ་ནས་བྱིན་གྱིས་བརླབས་པའི་རིག་འཛིན་ཆེན་པོ་༧མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་དགུང་ལོ་བཅུ་གསུམ་བྱ་ལོ་སྣྲོན་ཟླ་བའི་ཉེར་བཞི་ལ་འཇམ་དཔལ་དམར་སེར་གྱིས་ཧ་ས་གརྦྷའི་སྒྲུབ་ཐབས་ལས་ཚོགས་ཟབ་ལ་འདྲིལ་བ་དངོས་སུ་གནང་། ཕན་བྱེད་གཙུག་ལག་གྱེར་གཏོའི་བཀའ་བབས་གཏེར་བློན་ཀརྨ་ཆགས་མེད་ཀྱིས་འདོན་བྱ་བཅའ་ཐབས་རྒྱས་བསྡུས་དུ་མ་གསལ་བར་མཛད་ནས་མཐའ་ཡས་པའི་འགྲོ་བ་ལ་ཕན་བདེ་སྟེར་བར་བྱེད་པ་འདིས་ནི། ལོ་ཟླ་ཞག་སྐག །རྗེའི་བཀའ་ཆད། འབངས་ཀྱི་ཁ་ཡོག །རྨེ་དང་ནང་འཁྲུག །མི་ཁ་གྱོད་བྱུར། ཡུལ་ཤོར་དང་འཕོ་སྐྱས། ཡམས་ནད་དང་གདོན་བགེགས། སྨྱོ་འབོག་དང་བརྒྱལ་ནད།


RTZ044_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཛེ་ཤུ་དང་དགྲ་འདྲེ། དམོད་བྱད་དང་གཏད་ཁྲོམ། ཡེ་འདྲོག་དུས་མིན་འཆི་བ་ཐམས་ཅད་འདི་ཡིས་མི་བཟློག་པ་མེད་པར་གསུངས་ཏེ། དེ་ལྟ་བུའི་བཀའ་གཏད་ཟབ་མོ་བསྒྲུབ་པར་བགྱི་བ་ལ་ཐོག་མར་སྐུ་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་རྡོ་རྗེ་སློབ་དཔོན་གྱིས༔ བདག་སོགས་རྐྱེན་ངན་བསལ་ཕྱིར་དུ༔ ས་བདག་ཧ་ས་གརྦྷ་ཡི༔ བཀའ་གཏད་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཕགས་པ་རིགས་གསུམ་མགོན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བར་དམིགས་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདི་ཡི་རྗེས་ཟློས་མཛོད། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སོགས་ལན་གསུམ། དེ་ནས་ཁྱེད་རང་རྣམས་གཉེན་པོ་སྟོབས་ཀྱི་ལྷ་རིགས་གསུམ་ཁྲོས་པའི་སྐུ་འདི་བཞིན་དུ་གསལ་ཐོབས་ཤིག །ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་སྐད་ཅིག་གིས་བཅོམ་ལྡན་འདས་འཇམ་དཔལ་ཡ་མཱནྟ་ཀ་སྐུ་མདོག་དམར་སེར་ཞལ་མ་ཧེ་ཁྲོས་པའི་གདོང་པ་ཅན། རྭ་གཡས་གཡོན་ནམ་མཁའ་ལ་གཟེངས་པ། སྤྱན་གསུམ་སྡང་མིག་ཕྱོགས་བཅུར་བལྟ་བ། ཤངས་ནས་རླུང་ནག་བུ་ཡུག་འཚུབས་པ།


RTZ044_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་ཐོད་དབྱུག་ནམ་མཁའ་ལ་ཕྱར་བ། གཡོན་སྡིགས་མཛུབ་དང་བཅས་པའི་ཐོད་ཁྲག་འཛིན་པ། ཞབས་མ་ཧེའི་གདན་ལ་དོར་ཐབས་སུ་བསྒྲད་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། དེའི་གཡས་སུ་རྟ་མགྲིན་དམར་པོ་གཡས་དབྱུག་ཏོ་དང་གཡོན་སྡིགས་མཛུབ་མཛད་པ། གཡོན་དུ་ཕྱག་ན་རྡོ་རྗེ་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ། གསུམ་ཀའང་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་འབར་བའི་གར་དགུ་དང་ལྡན་པ། པད་ཉིའི་གདན་ལ་ཞབས་དོར་ཐབས་སུ་བསྒྲད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་འགྱིང་བ། སྐུ་ཆེ་ལ་ཡན་ལག་རགས་པ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར་པའི་མོས་པ་མཛོད། དེ་དག་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། དེ་དག་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་མ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊཿ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཧཱུྃ་བཛྲ་ཕཊཿ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་རོལ་མོའི་སྒྲ་དང་བཅས་དབབ། དེ་ཉིད་བརྟན་པར་བྱས་པའི་མོས་


RTZ044_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། དེས་གཉེན་པོ་སྟོབས་ཀྱི་ལྷ་ཡེ་ཤེས་པའི་གཟི་བྱིན་བསྐྱེད་པ་སོང་ནས། བཀའ་གཏད་དངོས་གཞིའི་ཐོག་མར་མདུན་དུ་བཤམས་པའི་རྟེན་རྣམས་དྲེགས་བྱེད་ནག་པོ་ཆེན་པོའི་སྐུ་འདི་བཞིན་དུ་གསལ་འདེབས་པར་ཞུ། མདུན་དུ་ཧ་ས་གརྦྷ་ནག །དབུས་ནས་གཡས་གཡོན་རིམ་བཞིན་དུ། །གླང་སྟག་ཕག་གི་མགོ་བོ་ཅན། །ཕྱག་དྲུག་དང་པོ་གཉིས་ཀྱིས་ནི། །གྲི་གུག་ཐོད་ཁྲག་བར་པ་གཉིས། །རལ་གྲི་ལྕགས་ཀྱུ་ཐ་མ་གཉིས། །ཞགས་པ་མདའ་གཞུ་འཛིན་པ་སྟེ། ཁྲོ་ཆས་རྫོགས་ཤིང་གཤོག་པ་གདེངས། །ཞབས་བགྲད་མཇུག་མས་རྒྱ་མཚོ་དཀྲུག །དཔྲལ་མགྲིན་ཐུགས་ཀར་ཨོཾ་ཨཱཿཧཱུྃ། །ཕེ་ཡིག་དག་གིས་མཚན་པར་བསྒོམ། །དེ་ནས་སློབ་དཔོན་གྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་འཕྲོས། སློབ་མའི་དཔྲལ་བའི་ཨོཾ་ལ་ཐིམ། དེ་ལས་འོད་ཟེར་འཕྲོས། མདུན་གྱི་ཧ་ས་གརྦྷའི་དཔྲལ་བའི་ཨོཾ་ལ་ཕོག །དེ་ལས་འོད་ཟེར་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ་པར་སྒོམས་ཤིག །སྐུ་གཟུགས་ལག་ཏུ་གཏད་ལ། ཧཱུྃ༔ འདི་ནི་ཧ་ས་གརྦྷ་ཡི༔ སྐུ་ཡི་དབང་རྫས་ཡིན་པ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ཧ་ས་གརྦྷའི་དབང་ཐོབ་ཤོག༔ ཨོཾ་ཧ་ས་གརྦྷ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ཧ་ས་གརྦྷའི་


RTZ044_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་དབང་དང་བཀའ་གཏད་ཐོབ། ནད་གདོན་ཀག་རིགས་ཐམས་ཅད་ལས་ཐར་བར་བྱས། ས་བདག་ཁྲོ་བོ་གཙོ་འཁོར་གྱི་སྐུ་གསལ་འདེབས་པ་ལ་དབང་བ་ཡིན་ནོ། །སློབ་དཔོན་གྱི་མགྲིན་པའི་ཨཱཿལས་འོད་ཟེར་འཕྲོས། སློབ་མའི་མགྲིན་པའི་ཨཱཿལ་ཕོག །དེ་ལས་འོད་ཟེར་འཕྲོས། མདུན་གྱི་ཧ་ས་གརྦྷའི་མགྲིན་པའི་ཨཱཿལ་ཐིམ། དེ་ལས་འོད་ཟེར་འཕྲོས། སློབ་མ་ཁྱེད་རང་གི་མགྲིན་པར་ཐིམ་པར་སྒོམས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཕེ་ཤ་ཀེ་རུ་བྷྲཱུྃ༔ ཨོཾ་ཧ་ས་གརྦྷ་ཕཊ༔ ཨོཾ་ནག་པོ་ཕེ་ཤ་རྦད༔ ཨོཾ་ཀཱ་ལ་མུ་ཁ་དྲེ་དྲི་བྷྱོ༔ ལན་གསུམ་བརྗོད། དེ་ནས་བནྡྷ་ལག་ཏུ་གཏད་ཅིང་བདུད་རྩི་སྦྱིན་ལ། ཧཱུྃ༔ འདི་ནི་ཧ་ས་གརྦྷ་ཡི༔ གསུང་གི་དབང་རྫས་ཡིན་པ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ཧ་ས་གརྦྷའི་དབང་ཐོབ་ཤོག༔ ཨོཾ་ཧ་ས་གརྦྷ་ཕཊ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་ཧ་ས་གརྦྷའི་གསུང་གི་དབང་དང་བཀའ་གཏད་ཐོབ། སྔགས་བཟླ་བ་དང་སྨྲེང་གྱེར་བ་ལ་དབང་བ་ཡིན་ནོ། །སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། སློབ་མའི་ཐུགས་ཀའི་ཧཱུྃ་ལ་ཕོག །དེ་ལས་འོད་ཟེར་འཕྲོས། མདུན་གྱི་ཧ་ས་གརྦྷའི་ཐུགས་ཀའི་ཧཱུྃ་དང་ཕེ་ལ་ཕོག །དེ་དག་ལས་འོད་ཟེར་འཕྲོས། སློབ་མ་ཁྱེད་རང་གི་སྙིང་གར་


RTZ044_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་སྒོམས་ཤིག །དམར་གཏོར་ལག་ཏུ་གཏད་ལ། ཧཱུྃ༔ འདི་ནི་ཧ་ས་གརྦྷ་ཡི༔ ཐུགས་ཀྱི་དབང་རྫས་ཡིན་པ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ཧ་ས་གརྒྷའི་དབང་ཐོབ་ཤོག༔ ཨོཾ་ཧ་ས་གརྦྷ་ཕཊ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་དང་བཀའ་གཏད་ཐོབ། དམིགས་པའི་འཕྲོ་འདུ་སྣ་ཚོགས་པ་བསྒོམ་པ་ལ་དབང་བ་ཡིན་ནོ། །སླར་ཡང་གཏོར་མ་ལག་ཏུ་གཏད་ལ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ། ཀོང་ཚེ་འཕྲུལ་གྱི་རྒྱལ་པོ་སོགས་འཕྲུལ་གྱི་མི་བཞི། མཁས་པ་མི་བཞི། ཞུ་བའི་མི་བཞི། ལེན་པའི་མི་བཞི། རྒྱལ་མོ་ཨང་ཇོ། རྒྱ་ནག་གི་པཎྜི་ཏ་དགུ། བོད་ཀྱི་ལོ་ཙཱ་བ་དགུ །འགྱུར་དགུ་ལས་བརྒྱུད་པའི་བླ་མ་སློབ་དཔོན་མཁྱེན་བརྩེ་ནུས་པའི་རྩལ་མངའ་བ་རྣམས་དང་། ཁྱད་པར་དུ་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ། གྲུབ་དབང་ཀརྨ་ཆགས་མེད་ལ་སོགས་པ་འདི་ཉིད་གང་ལས་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །མཐུ་ཆེན་བཀའི་སྲུང་མ་ས་བདག་ཧ་ས་གརྦྷ་མི་ནག་མགོ་བོ་གསུམ་པ་འཁོར་དང་བཅས་པས་སྔོན་འཕགས་པ་འཇམ་དཔལ་གྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ། སྐལ་ལྡན་སློབ་མ་འདི་ཡི་ཀག་རིགས་སུམ་བརྒྱ་དྲུག་ཅུ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ནད་


RTZ044_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞི་བརྒྱ་རྩ་བཞི་ལ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་མཛོད་ཅིག །སློབ་མ་འདི་ཡིས་སྦྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། གདམས་པའི་ངག་ཉོན། དགོས་པའི་དོན་སྒྲུབས། ཐན་དང་ལྟས་ངན་ཟློགས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཟློགས། བར་ཆད་རྐྱེན་ངན་ཟློག་པའི་ཕྲིན་ལས་མཛོད་ཅིག །ཅེས་བཀའ་བསྒོ་བྱས་ལ་ཤིས་བརྗོད་ཇི་ལྟར་འོས་པ་བྱ། དེས་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱོན་པའི་ས་བདག་ཧ་ས་གརྦྷའི་བཀའ་གཏད་ལེགས་པར་ཐོབ་པ་ཡིན་པས། ཁས་བླངས་པའི་དམ་བཅའ་ཐ་ཚིག་ལས་འདའ་བར་མི་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་གཏང་རག་མཎྜལ་སོགས་སྤྱི་ལྟར་བྱའོ། །རྗེས་མཆོད་བསྟོད་སོགས་མི་དགོས་པས་མི་དམིགས་པའི་ངང་ལ་བཞག་ན་ཆོག་རུང་རྟོགས་པས་མ་ཆུན་ན། གཏོར་མ་གསོས། འབྲུ་གསུམ་གྱིས་བྱིན་བརླབས་ལ། ཧཱུྃ། ཧ་ས་གརྦྷ་འཁོར་དང་བཅས། །དམར་གྱི་གཏོར་མ་འདི་བཞེས་ལ། །སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །འདྲེ་སྲིན་བགེགས་རིགས་ཀུན་ཁྲིད་ལ། །སྡང་བ་དགྲ་ཡི་ཡུལ་དུ་རྒྱུགས། །གནས་དང་ཕོ་བྲང་དེ་རུ་ཐོབས། །ཟ་ཁ་འཐུང་ཁ་དེ་རུ་སྤོས། །སརྦ་བྷཱུ་ཏ་གཙྪ་གཙྪ། ཞེས་གཏོར་མ་ཕྱི་རོལ་དུ་བསྐྱེལ། སྣང་


RTZ044_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དག་པའི་འཁོར་ལོར་འོད་དུ་ཞུ༔ རང་ཉིད་རིགས་གསུམ་གཅིག་དྲིལ་སྐུ་ལ་ཐིམ༔ དེ་ཡང་མཐའ་ནས་དབུས་ཡལ་སྟོང་པ་ཉིད༔ དགེ་བས་རིགས་གསུམ་མགོན་པོ་འགྲུབ་གྱུར་ཅིག༔ བཀྲ་ཤིས་བདེ་ལེགས་བསམ་པ་ལྷུན་གྲུབ་ཤོག༔ ཅེས་པའང་བླ་མ་བརྒྱུད་པ་རྣམས་ཀྱི་ཕྱག་ལེན་ཇི་ལྟར་མཛད་པ་ལྟར་སྔགས་གཟུགས་པདྨ་གར་དབང་གིས་བཀླག་ཆོག་ཏུ་བསྡེབས་པ་སྟེ། ཕྱོགས་འདིར་གཏོ་འདི་གྱེར་བ་མང་ན་ཡང་། །བཀའ་གཏད་ཐོབ་དང་ལག་ལེན་ཚད་ལྡན་མཁན། །ཤིན་ཏུ་དཀོན་ཕྱིར་གྲོང་སྔགས་པ་རྣམས་ལ། །ཉམས་ཕན་ལྟོག་པར་ཟས་བཞིན་འགྱུར་བར་ཤོག །དགེ་ལེགས་འཕེལ།། །།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ས་བདག་ཧ་ས་གརྦྷའི་བཀའ་གཏད་ཀྱི་ལག་ལེན། པདྨ་གར་དབང་།next