Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དམག་ཟློག་མི་མཐུན་ཀུན་སེལ།
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དམག་ཟློག་མི་མཐུན་ཀུན་སེལ།next

རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དམག་ཟློག་མི་མཐུན་ཀུན་སེལ།


RTZ044_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དམག་ཟློག་མི་མཐུན་ཀུན་སེལ་ཞེས་བྱ་བ་བཞུགས་སོ༔ གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མ་ལག་ལེན་ཅན་ནོ། །


RTZ044_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ མ་ཧཱ་རཱ་ཛ་དྷྲྀཥྚ་རཱཥྚཱ་ཨུ་པ་དེ་ཤ་ནཱ་མ༔ བོད་སྐད་དུ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་མན་ངག་ཅེས་བྱ་བ༔ དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་འགྲོ་ལ་ཕན་གདགས་ཕྱིར༔ རྒྱུད་སྡེ་ཀུན་གྱི་ནང་ནས་ནི༔ སྙིང་དང་འདྲ་བའི་གདམས་པ་ཕྱུང༔ ད་ལྟ་སྤེལ་བའི་གནས་མིན་པས༔ མ་འོངས་དུས་འཁྲུགས་དར་བ་དང༔ སྡེ་དགོན་འཐབ་ར་འཛུག་པ་ན༔ ཡུལ་འཁོར་སྲུང་བའི་གདམས་པ་འདི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ པདྨ་ཟླ་བའི་གདན་སྟེང་དུ༔ དྷྲྀཾ་ལས་བདག་ཉིད་ཡུལ་འཁོར་སྲུང༔ ལྗང་གུ་ཕྱག་ན་པི་ཝཾ་བསྣམས༔ གྲུ་མོར་མདུང་དམར་འཛིན་པ་འོ༔ རིན་ཆེན་དུ་མའི་རྒྱན་གྱིས་བརྒྱན༔ སྤྱི་བོ་མགྲིན་པ་སྙིང་ག་རུ༔ དཀར་དམར་མཐིང་བའི་འབྲུ་གསུམ་དགོད༔ མཐིང་བའི་ཧཱུྃ་ལས་འོད་འཕྲོས་པས༔ བསྒོམས་པ་འདྲ་བའི་ཡེ་ཤེས་པ༔ སྤྱན་དྲངས་བསྟིམས་ལ་སྙིང་ག་རུ༔ ཟླ་བའི་སྟེང་དུ་དྷྲྀ་ཡིག་ལ༔ སྔགས་འདི་མགལ་མེའི་ཚུལ་དུ་བསྐོར༔ ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ འབུམ་བཟླས་དེ་ཡིས་འཇིགས་པ་སེལ༔ དེ་ནས་ལས་ལ་འདི་ལྟར་སྦྱར༔


RTZ044_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་པ་ཆེན་པོ་སྲུང་བ་དང༔ གང་ཟག་སྒོ་གཅིག་སྲུང་བ་དང༔ རྣལ་འབྱོར་གར་འགྲོའི་ལམ་སྲུང་གསུམ༔ ལུང་པ་ཆེན་པོ་སྲུང་བ་ནི༔ ཕྱོགས་བཞིར་ཐོ་བཞི་ལེགས་པར་བརྩིག༔ དེ་ལ་རང་རང་རྒྱལ་པོའི་གཟུགས༔ བྲིས་པའི་རྒྱབ་ཏུ་སྙིང་པོ་དང༔ ཇི་ལྟར་སྲུང་བའི་སྤེལ་ཚིག་བྲི༔ དབུས་སུ་རྒྱལ་མཚན་རྩེ་མོའི་གཟུངས༔ བྲིས་ལ་རྒྱལ་མཚན་ནང་དུ་གཞུག༔ དེ་ཡང་ཡུལ་འཁོར་སྲུང་བ་གཞུག༔ སྒོ་ཡི་ནང་དུ་དེ་ལྟར་གཞུག༔ གཏོར་མ་ཕུལ་ལ་རབ་གནས་བྱ༔ ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ བ་ལིཾ་བཏགས་ལ་བདུན་གྱིས་འབུལ༔ གང་ཟག་སྒོ་གཅིག་སྲུང་བ་ནི༔ ཁང་པའི་དབུས་དང་ཕྱོགས་བཞི་རུ༔ ཇི་ལྟར་བཤད་པ་བཞིན་དུ་གཟུག༔ རྣལ་འབྱོར་གར་འགྲོའི་ལམ་སྲུང་ལ༔ བསྙེན་དུས་བྱེ་མ་འཇག་མ་ལ༔ སྔགས་ལ་བྱེ་མ་ལུས་ལ་བཅང༔ འཇག་མའང་རྩེ་སོར་བཞི་པ་ལ༔ ཕོ་གཡས་མོ་གཡོན་རྣ་ལྟག་གཟེར༔ ལས་རྣམས་ཀུན་བྱེད་སྔགས་འདི་ཡིན༔ ཨོཾ་གྷྲྀ་ཧ་རཱ་ཛ་གྷྲྀ་ཧ་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ༔ ཁྲི་ཡིས་ལས་རྣམས་ཐམས་ཅད་བྱེད༔ བདག་འདྲ་པདྨ་འབྱུང་


RTZ044_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱིས༔ ཤྲཱི་སིཾ་ཧ་ཉིད་ལ་ཞུས༔ འདི་འདྲའི་གདམས་པ་སུས་འཆང་བ༔ དཔའ་བོ་གོ་མཚོན་ཐོགས་པ་འདྲ༔ ལུས་ལ་རྡོ་རྗེ་ཕ་ལམ་གྱི༔ པགས་པས་གཡོགས་དང་འདྲ་བ་ཡིན༔ གཅེས་པར་ཟུངས་ལ་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཚེ་བརྟན་རྒྱལ་མཚན་གྱིས། རོང་གི་རྫ་ལྷུད་མོ་ནས་བཏོན་པའོ།། །། ༈ རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་གྲཱ་མ་ཏྲོ་པཱ་ལ་གརྦྷ་སཱ་དྷ་ན། བོད་སྐད་དུ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་གི་སྙིང་པོའི་སྒྲུབ་ཐབས། དངོས་ཀུན་རང་བཞིན་སྟོང་པ་ཅན། །སྙིང་རྗེའི་ངང་དུ་རོ་གཅིག་པ། །བླ་མ་སངས་རྒྱས་དངོས་རང་བཞིན། །དངོས་པོ་ཀུན་གྱིས་དེ་ལ་འདུད། །སྔགས་པས་འགྲོ་བ་ཡོངས་གཟུང་ཕྱིར། །དམག་དང་དུས་འཁྲུགས་ཆོམ་རྐུན་ལས། །གྲོང་དང་གྲོང་ཁྱེར་བསྲུང་བའི་ཕྱིར། །ཡུལ་འཁོར་སྐྱོང་གི་སྒྲུབ་པ་བསྟན། །སྔགས་པས་འགྲོ་བ་དམག་དང་ཆོམ་རྐུན་གྱིས་རྣམ་པར་གཙེས་པ་རྣམས་ཡོངས་སུ་གཟུང་བའི་ཕྱིར་གནས་དབེན་པར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་ཚངས་པའི་གནས་བཞི་དྲན་པར་བྱས་ཏེ། སྭ་བྷཱ་བས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་བྷྲཱུྃ་ལས་བྱུང་བའི་


RTZ044_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་པའི་དབུས་སུ་སྣ་ཚོགས་པདྨས་མཛེས་པ་རྟ་བབས་དང་བཅས་པའི་དབུས་སུ། ཟླ་བ་ལ་གནས་པའི་ཧཱུྃ་ཡིག་འབར་བ་དང་བཅས་པ་ལས་བྱུང་བའི་ཕྱག་ན་རྡོ་རྗེ་ཀུ་མུ་ཏའི་མདོག་འདྲ་བ། སྦྲུལ་དང་ནོར་བུས་བརྒྱན་ཅིང་སྒེག་པ། གཡས་དང་ཅིག་ཤོས་ཀྱིས་རྡོ་རྗེ་དྲིལ་བུ་སྙིང་ག་དང་དཀུར་བརྟེན་པ། གཡོན་བརྐྱངས་ཤིང་གཡས་ཅུང་ཟད་བསྐུམས་པ། སྤྱན་གསུམ་ཅུང་ཟད་ཁྲོ་བར་བལྟ་བའོ། །དེ་ནས་ཕྱོགས་བཞིར་པདྨའི་སྟེང་དུ་ཟླ་བ་ལ་གནས་པའི་དྷྲྀ་དང་བི་དང་བི་དང་བཻ་ལས་བྱུང་བའི་རྒྱལ་པོ་ཆེན་པོ་བཞི་ནི། ཤར་དུ་ཡུལ་འཁོར་སྐྱོང་མརྒད་ཀྱི་མདོག་འདྲ་བ། ཕྱག་གཉིས་ཀྱིས་པི་ཝཾ་སྒྲེང་བ་གཡོན་གྱི་གྲུ་མོར་མདུང་དང་བཅས་པ་དྲི་ཟའི་ཚོགས་ཀྱིས་བསྐོར་བའོ། །ལྷོར་འཕགས་སྐྱེས་པོ་ཨིནྡྲ་ནཱི་ལ་ལྟར་སྔོ་བ་རལ་གྲི་འཛིན་པ་གྲུལ་བུམ་གྱིས་བསྐོར་བའོ། །ནུབ་ཏུ་མིག་མི་བཟང་ལི་ཁྲི་ལྟར་དམར་བ་གཡས་སྦྲུལ་ཞགས་དང་ཅིག་ཤོས་ཀྱིས་མཆོད་རྟེན་འཛིན་པ་ཀླུའི་དབང་ཕྱུག་གིས་བསྐོར་བའོ། །བྱང་དུ་རྒྱལ་པོ་རྣམ་ཐོས་ཀྱི་བུ་འཛམ་བུ་ཆུ་བོའི་གསེར་གྱི་མདོག་འདྲ་ཞིང་། གཡས་རིན་པོ་ཆེ་ཟུར་དྲུག་པས་མཚན་པའི་དབྱུག་ཏོ་དང་། གཡོན་ནོར་བུ་མཐོན་ཀའི་མདོག་


RTZ044_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི་ནེའུ་ལེ་འཛིན་པ་གནོད་སྦྱིན་གྱི་འཁོར་གྱིས་བསྐོར་བར་བལྟའོ། །ཐམས་ཅད་ཁྲོ་བ་སྤྱན་གསུམ་དང་ལྡན་པ། མཆེ་བ་རྣམ་པར་གཙིགས་པ་སྐུ་སྦོམ་ཐུང་ལྟོ་བ་འཕྱང་བའོ། །དེ་རྣམས་ཀྱི་དཔྲལ་བ་དང་མགྲིན་པ་སྙིང་ག་རྣམས་སུ་ཟླ་བ་ཁོ་ན་ལ་གནས་པའི་ཨོཾ་དཀར་པོ་དང་ཨཱཿདམར་པོ་དང་ཧཱུྃ་གི་ཡི་གེ་མཐིང་ག་རྣམས་བསམ་པར་བྱའོ། །ཧཱུྃ་གི་འོད་ཟེར་གྱིས་ཕྱག་ན་རྡོ་རྗེ་དང་རྒྱལ་པོ་བཞི་རང་རང་གི་འཁོར་དང་བཅས་པ་སྤྱན་དྲངས་ཏེ། དེ་ལ་མེ་ཏོག་ལ་སོགས་པས་མཆོད་ནས། དགུག་གཞུག་བྱས་ཏེ་སངས་རྒྱས་ལྔ་སྤྱན་དྲངས་དབང་བསྐུར་དྲི་མ་དག་ཕྱག་ན་རྡོ་རྗེ་ལ་རྡོ་རྗེ་སེམས་དཔའ་དང་རྒྱལ་པོ་རྣམས་ལ་རྡོ་རྗེ་རིན་ཆེན་པདྨ་སྣ་ཚོགས་རྡོ་རྗེ་རྣམས་ཀྱིས་རིམ་པ་བཞིན་མཚན་པ་ནི་དབང་རྟགས་སོ། །དེ་ནས་སོ་སོའི་སྙིང་གར་ཟླ་བའི་སྟེང་དུ་སྔགས་ཀྱི་ཡི་གེ་འབར་ཞིང་རབ་ཏུ་འབར་བ་དང་བཅས་པ་ལ་སེམས་གཏད་དེ་ཕྱག་ན་རྡོ་རྗེའི་སྙིང་པོ་དང་རང་རང་གི་སྔགས་བཟླས་པར་བྱ་སྟེ། ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཞེས་ཇི་ལྟར་ནུས་པ་བཟླས་ཏེ། སླར་ཡང་མེ་ཏོག་ལ་སོགས་པས་མཆོད་དེ། དཀར་གསུམ་ལས་གྲུབ་པའི་གཏོར་མ་མངོན་པར་བཤམས་


RTZ044_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རང་གི་སྔགས་ཀྱི་མཐར་ཨ་ཀཱ་རོ་ལ་སོགས་པ་བདུན་གྱིས་ཕུལ་ཏེ། ཅི་འདོད་པའི་དོན་གསོལ་བར་བྱའོ། །བསྙེན་པའི་ཆོ་གའོ། །འདིར་ནི་རང་ངམ་གཞན་ཡང་རུང་སྟེ། གྲོང་ངམ་གྲོང་ཁྱེར་རམ་དགོན་པ་ལ་སོགས་པ་རྣམས་སུ་རྒྱལ་པོས་གཙེས་པ་དང་། དམག་དང་ཆོམ་རྐུན་དང་རྐུན་མ་ཕྲ་མོའང་བསྲུང་བ་རྒྱུད་ནས་འབྱུང་བ་བཞིན་མན་ངག་གིས་བརྒྱན་ཏེ་འདིར་བཤད་པར་བྱའོ། །ཇི་ལྟར་སྲུང་བྱར་གྱུར་པའི་གྲོང་ཁྱེར་གྱི་དབུས་སུ་དར་དཀར་པོ་དྲི་མ་མེད་པ་ལ་བྱས་པའི་རྒྱལ་མཚན་ཁོར་ཡུག་ཏུ་མཛེས་པའི་ནང་དུ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ཚར་གསུམ་ལེགས་པར་བྲིས་པའི་མཐར་རྟེན་འབྲེལ་སྙིང་པོ་དང་། ཡུལ་དེའི་དཔོན་གྱི་མིང་དང་ནོར་རྫས་དང་རྟ་དང་གླང་པོ་དང་མ་ཧེ་ལ་སོགས་པའི་མིང་རྣམས་ལ་རཀྵ་ཞེས་པ་དང་། རྒྱལ་མཚན་རྩེ་མོའི་གཡུལ་ལས་རྣམ་པར་རྒྱལ་བའི་སྟོབས་ཀྱིས་གྲོང་ཁྱེར་ཆེ་གེ་མོ་ཞེས་བྱ་བའི་ཕྱོགས་འདིར་རྒྱལ་པོའི་གནོད་པ་དང་དམག་དང་ཆོམ་རྐུན་དང་དགྲ་དང་ཡུལ་གཞན་གྱི་རྒྱལ་པོས་ཀུན་ནས་འཚེ་བ་དང་། གནོད་པར་སེམས་པ་ཐམས་ཅད་སྲུངས་ཤིག་རཀྵ་ཀུ་རུ། ཞེས་པ་བྲི། གཞན་ཡང་ཤིང་ཤུན་


RTZ044_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ལ་ཡུལ་འཁོར་སྲུང་གི་གཟུགས་ཁྲོ་ཞིང་རྒྱན་ལ་སོགས་པ་ཇི་ལྟར་མཛེས་པ་བྲིས་པའི་རྒྱབ་ཏུ་སྙིང་པོ་དང་ལས་སྔགས་རྟེན་འབྲེལ་སྙིང་པོ་དང་བཅས་པའི་མཐར། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་སྲས་དང་བཙུན་མོ་དང་གཡོག་དང་དཔུང་གི་ཚོགས་དང་བཅས་པའི་མཐུ་དང་། སྟོབས་དང་། དབང་ཕྱུག་དང་། གཟི་བརྗིད་ཀྱིས་གྲོང་ཁྱེར་ཆེ་གེ་མོའི་དཔོན་ཆེ་གེ་མོ་འཁོར་དང་བཅས་པ་ལ་རྒྱལ་པོའི་གནོད་པ་ལ་སོགས་པ་རཀྵ་ཀུ་རུའི་བར་བྲིས། རྒྱལ་མཚན་གྱི་ནང་གཞུག་ཏུ་གཞུག །ཁང་པའི་ཕྱོགས་བཞིར་ཡང་རྒྱལ་པོ་ཆེན་པོའི་གཟུགས་ཀྱི་རྒྱབ་ཏུ་རང་རང་གི་སྙིང་པོ་དང་། རྟེན་འབྲེལ་སྙིང་པོ་ལ་སོགས་པ་བྲི་བར་བྱའོ། །སྒོའི་ཡ་གླེགས་ཀྱི་ནང་དུའང་ཡུལ་འཁོར་སྲུང་གི་སྐུ་ལ་ཡང་དེ་ལྟར་རོ། །དེ་རྣམས་ལ་དྲི་བཟང་གིས་བྱུགས་ཏེ། རབ་ཏུ་གནས་པའི་མན་ངག་གིས་རང་རང་གི་གཟུགས་ལན་མང་དུ་བསྟིམས་ཏེ། ཇི་ལྟར་བཤད་པའི་གནས་རྣམས་སུ་བཞུགས་པ་ལ་མེ་ཏོག་ལ་སོགས་པའི་མཆོད་གཏོར་མང་དུ་ཕུལ་ནས་ཕྲིན་ལས་ཇི་ལྟར་འོས་པ་བཅོལ་ཏེ། དེ་རྣམས་ཀྱི་རང་རང་ཕྱོགས་གསལ་བར་མཐོང་ལ་གཞན་གྱིས་མི་མངོན་པར་བྱའོ། །དེ་རྣམས་ནི་གཤེར་བ་ལ་སོགས་


RTZ044_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཇིགས་པ་དང་བྲལ་བར་བྱ་སྟེ། ལོའི་དུས་སུ་རབ་ཏུ་གནས་པ་བརྟན་པར་སྔགས་དང་མངའ་གསོལ་དང་སོ་སོའི་ཕྲིན་ལས་གཞོལ་བ་ནི་མན་ངག་གི་མཆོག་དམ་པའོ། །འདིར་ནི་ཡུལ་འཁོར་སྲུང་ཁོ་ན་གཙོ་བོར་སྨྲོས་པའི་ཕྱག་ན་རྡོ་རྗེ་དང་གྲོགས་པོ་གསུམ་པའི་སྔགས་ཇི་ལྟར་ནུས་པ་དང་འདིའི་སྔགས་འབུམ་ཕྲག་གསུམ་མམ། བདུན་ལ་སོགས་པའི་མཐར། ཨོཾ་གྷྲྀ་ཧ་རཱ་ཛ་གྷྲྀ་ཧ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཁྲི་ཕྲག་ལྔའམ་གསུམ་ལ་སོགས་པ་བཟླས་ཏེ། འབབ་ཆུའི་རྒྱུན་ཤོལ་བའི་བྱེ་མ་གཙང་མ་ལ་མངོན་པར་བསྔགས་ཏེ་རས་གཙང་མར་བཅིངས་པ་རྒྱལ་མཚན་གྱི་ནང་དུའང་བཅིང་། འཇིགས་པ་ཇི་ལྟར་ཆེ་ན་ཡང་མཚན་མོ་རེ་རེ་ཞིང་གྲོང་ཁྱེར་གྱི་མཐའ་མ་ཡང་བསྐོར་བར་བྱའོ། །མ་འབྱོར་པ་དང་། དྲེགས་པས་འཇིགས་པ་དང་། རྒྱ་མཚོ་ལ་སོགས་པར་སོང་བའི་ཚོང་པ་རྣམས་ལའང་བསྐུར། ཉུང་ཟད་ཉུང་ཟད་གཏུམས་ལ་བཅང་ཞིང་མཚན་མོ་གནས་པའི་ལྡུམ་རྭ་ཡང་ཉེ་བར་བསྐོར་ཏེ་བདེ་བར་གནས་པར་བྱའོ། །དེ་དག་གིས་དེའི་གཟུགས་དང་སྙིང་པོ་ཡང་ཡིད་ལ་དྲན་ཞིང་བཟླས་པར་བྱའོ། །འདི་ནི་འཇིགས་པ་སྲུང་བའི་མཆོག་དམ་པར་ཁོ་བོས་རིག་གོ །ཡུལ་


RTZ044_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྲུང་གི་རྒྱལ་མཚན་གང་གནས་པ། །གྲོང་ཁྱེར་མཆོག་དེ་འཇིགས་པ་ཀུན་བྲལ་ཏེ། །རྡོ་རྗེ་འབར་བའི་ས་གཞི་ལྟར་གྱུར་ནས། །ཕྱོགས་དེ་གཡུལ་ལས་རྣམ་པར་རྒྱལ་བ་ཡིན། །འདི་བརྩམས་པ་ཡི་དགེ་བ་ཡིས། །འགྲོ་ཀུན་བྱང་ཆུབ་སེམས་དཔའ་ཡི། །རླབས་ཆེན་སྤྱོད་པ་ལ་གནས་ཏེ། །རྒྱ་ཆེན་སེམས་ཅན་དོན་བྱེད་ཤོག །རྒྱལ་པོ་ཡུལ་འཁོར་སྲུང་སྒྲུབ་པའི་མན་ངག་གྲུབ་པ་༧པཎྜི་ཏ་ཆེན་པོ་མི་ཏྲ་ཛོ་ཀིའི་ཞལ་སྔ་ནས་ལོ་ཙཱ་བ་བྱམས་པའི་དཔལ་ལ་བལ་པོའི་གྲོང་ཁྱེར་ཡ་གལ་གྱི་གཙུག་ལག་ཁང་དུ་གནང་ནས་བསྒྱུར་བའོ། །མངྒ་ལཾ། །ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། རྒྱལ་ཆེན་བཞིའི་སྔགས་ལ་འདྲ་མིན་མང་པོ་འདུག་ནའང་། འདི་བློ་གྲོས་བརྟན་པ་གསུམ་པའི་ཞུ་དག་མཛད་པ་ལས་བྲིས་སོ།། །། ༄༅། །ཡུལ་འཁོར་སྲུང་གི་དམག་ཟློག་མི་མཐུན་ཀུན་སེལ་གྱི་ལག་ལེན་རྒྱས་པར་བསྟན་པ་བཞུགས་སོ། །ན་མོ་གུ་ར་བེ། སངས་རྒྱས་བསྟན་པ་དར་རྒྱས་སུ་བྱ་བ་དང་། མཐའ་ཡི་དམག་དཔུང་བཟློག་པའི་ཕྱིར་དུ། མན་ངག་གི་གནད་བདུན་ཡོད་པའི། རིན་པོ་ཆེའི་ཉི་ཟླའི་གནད་ནི། ཟངས་ལ་ཉི་ཟླའི་གཟུགས་བྱས་ཏེ།


RTZ044_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གསོལ་ནས་ཕ་ཤིང་གིས་རྒྱལ་མཚན་གྱི་སྲོག་ཤིང་བྱས་ཏེ་རྩེ་ལ་གཟུག །སངས་རྒྱས་སྟོང་གི་མཚན་དང་། སངས་རྒྱས་ཀྱི་རྟ་གནས་ཀྱི་གཟུངས་དང་། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་དང་། གསེར་ཅན་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང་། གཞན་གྱིས་མི་ཐུབ་པའི་གཟུངས་རྣམས་རྒྱལ་མཚན་གྱི་རྩེ་ལ་གཞུག །སྲོག་ཤིང་སུམ་ཆ་གསུམ་དུ་བྱས་པའི་སྟོད་ལ་ཕ་རོལ་གྱི་དཔུང་ཚོགས་ཞི་བར་གྱུར་ཅིག་པའི་མིང་སྤེལ་གཞུག །བར་པ་ལ། ཕ་རོལ་གྱི་རྒྱལ་བློན་གྱི་མིང་དུག་ཆུས་བྲིས་ལ་བསམ་སྦྱོར་ངན་པ་ཞི་བར་གྱུར་ཅིག་བྲི། དེའི་འོག་ཏུ་འཆང་བ་པོ་ལ་སྲུངས་ཤིག་ཅེས་པའི་སྐུལ་ཚིག་གིས་བསྐོར་ལ། སྨད་ཀྱི་ཆ་ལ་ཕ་རོལ་གྱི་དམག་ཚོགས་ཟློག །མཱ་ར་ཡ་ཛཿཛཿཨུ་ཙཊྚཱ་ཡ་ཕཊ་ཅེས་བྲི།་རྩ་བར་མནན་སྲེག་བཅིང་ལྡོག་གནད་ནི། མ་ཤིང་ལ་དགྲ་བོའི་ལིངྒ་མིང་རུས་ས་བོན་བྲིས་ལ། སྲོག་ཤིང་གི་འོག་ཏུ་གན་རྐྱལ་དུ་མནན། གཟའ་སྐར་བཟང་བ་ལ་གཟུག །ལིང་ག་ལ་དགུག་གཞུག་དྲག་ཏུ་བྱའོ།། སྐུལ་ཚིག་དམ་ལ་བརྡར་བའི་གནད་ནི། མཆོད་གཏོར་རྒྱ་ཆེན་བཤམས་ལ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སངས་རྒྱས་བྱང་སེམས་


RTZ044_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ཕུང་ལྟར་སྤྱན་དྲངས་ལ། དགེ་སློང་བཞི་སྡེ་ནས་བརྒྱའི་བར་གང་ལྕོགས་ཀྱིས། དཀོན་མཆོག་ལ་བློ་ཁེལ་ངེས་ཀྱིས་ཞེ་ཐག་པ་ནས། ན་མོ། བླ་མ་རྡོ་རྗེ་འཛིན་དང་བཅས། །མཁའ་སྤྱོད་རྫུ་འཕྲུལ་ལྡན་རྣམས་དང་། །ལྷ་ཀླུ་གནོད་སྦྱིན་ཐམས་ཅད་དང་། །མདོར་ན་དཀར་པོའི་ཕྱོགས་རྣམས་ཀུན། །བདག་ལ་ཉེ་བར་དགོངས་སུ་གསོལ། །བདག་ཅག་ཡུལ་ཁམས་བདེ་བ་དང་། །བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །ཐམས་ཅད་བདེ་སྐྱིད་ལྡན་པ་དང་། །དཀར་ཕྱོགས་ཡོན་ཏན་རྒྱས་པ་དང་། །ནག་ཕྱོགས་ཐམས་ཅད་ཞི་བ་དང་། །མཐའ་ཡི་དམག་དཔུང་ཟློག་པ་དང་། །དེ་དག་མཐུ་སྟོབས་བརླག་པར་མཛོད། །མཚན་མ་ཉེ་བར་ཞི་བ་དང་། །མྱུར་དུ་ཟློག་པའི་ཕྲིན་ལས་མཛོད། །འགྲོ་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང་། གསང་སྔགས་དང་རིག་སྔགས་རྣམས་ཀྱི་བདེན་པ་དང་། དྲང་སྲོང་རྣམས་ཀྱི་བདེན་ཚིག་དང་། ཆོས་སྐྱོང་ཞིང་སྐྱོང་རྣམས་ཀྱི་ནུས་མཐུ་ཡིས། ཕ་རོལ་གྱི་གནོད་པ་ཐམས་ཅད་གཟི་བརྗིད་ཉམས་པར་བགྱིའོ། །རིག་སྔགས་བཅིང་བར་བགྱིའོ། །མཐུ་བརླག་པར་


RTZ044_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག །མཱ་ར་ཡ་ཛ་ཛཿ སངས་རྒྱས་ཐམས་ཅད་འདུས་པའི་རྟ་གནས་ཀྱི་གནད་ནི། རང་ཕྱག་རྡོར་དུ་གསལ་བས། ངག་ཏུ། ཏདྱ་ཐཱ། ཨིཏྟྲ་ཏ་ཏ་ཏ། ཏྲི་ཤཱུ་ལ་ཧ་ཤེ །སརྦ་པཱ་ཤ་བྷནྡྷ་ནེ། ནི་ཙིནྡྷ་དྷ་ནེ། ཏྲ་ཏྲ་ཏྲ་ཏྲ། ཛ་ཛ་ཛ་ཛ། བུདྡྷི་རི་ནི་ཙིནྟེ། ཧ་ལ་ཧ་ལེ། ཨ་ཤ་སེ་ནེ། ནི་ནི་ནི་ནི། སུ་སུ་སུ་སུ། ཨིནྟྲ་མུ་གི་ནི། བི་ཤ་བི་ཤ་བི་ཤ་བི་ཤ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་མང་དུ་བཟླས་ལ། བྱེ་མ་ཡུངས་དཀར་ཐལ་ཆེན་ལ་བཏབ་སྟེ་ཕྱོགས་སུ་བརྡེག་མཚམས་སུ་བསྐོར་རོ། །གི་གུ་བཅོ་བརྒྱད་ལྕགས་ཀྱུས་འགུག །འགྲེང་བུ་བརྒྱད་ཀྱིས་མདུང་ལྟར་འབིགས། །ར་བཏགས་བརྒྱད་ཀྱིས་གྲི་ལྟར་གཅོད། །ཞབས་ཀྱུ་བདུན་གྱིས་ཞགས་པ་འདྲ་སྟེ་འདྲེན། མི་ཕྱུགས་སྲུང་བ་ཆུ་གཙང་གི་གནད་ནི། གོང་གི་སྔགས་ཀྱི་ཤམ་བུར། ཨོཾ་བུདྡྷ་ས་ཏྱ་ན། དྷརྨ་ས་ཏྱ་ན། སངྒྷ་ས་ཏྱ་ན། བ་ཏ་ས་ཏྱ་ན། ས་ཏྱ་བྷ་ཏྱ་ན། སརྦ་སྲད་ན་བྷ། ཧ་ར་ཡཱ་ན་སྭཱ་ཧཱ། ཞེས་བཟླས་ཏེ་གོང་གི་རྫས་གསུམ་པོ་དང་། རྒྱུག་ཆུ་གཙང་མ་ལ་བསྔགས་ཏེ་དགྲ་ཕྱོགས་སུ་གཏོར། མི་ཕྱུགས་སྲུང་བ་སྒྲིབ་ཤིང་གི་གནད་ནི། ཆུ་ཤིང་གི་ཕུར་པ་སོར་བཞི་ལ་རབ་གནས་བྱས་ཏེ། དར་ཚོན་ལྔ་བཏགས་ལ། ཨོཾ་ཨ་ཏི་ཏ་ཐིབ་མུན་མུན་པྲ་ཐིབས། སཱུརྻ་ཐིབས།


RTZ044_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཁྲི་ཕྲག་བཟླས་ཏེ་བཏབ་སྟེ། རང་གི་མཆན་ཁུང་གཡོན་དུ་གདགས། སྐྱ་ག །འུག་པ། ཁྭ་ཏ་གསུམ་གྱི་སྒྲོ་དང་། ལུང་ཐང་ནག་པོ་ལ་སྔགས་གོང་ལྟར་བཏབ་སྟེ། སྒྲོ་གོང་མ་རྣ་ལྟག་གཡས་སུ། བར་མ་གཡོན་དུ། འོག་མ་ལྟག་པར་གཟུག །ངག་ཏུ། ཨོཾ་སཱུརྻ་ཙཀྲ་མུ་དུ་རུ་ཀ །པྲ་མོ་ཐིབས། ཨ་ཏི་ཏ་ཙ་ཡ་རྦད་ཅེས་བཟླས་སོ། །ཡང་ན་སྨྱག་ཤད་སོར་བཞི་ལ་གོང་གི་སྔགས་བཏབ། མིས་མ་མཐོང་བར་ཐོད་ཁ་གཡོན་དུ་གཟུག །གྲུབ་པ་རྟགས་ཀྱི་གནད་ནི། རང་ཉིད་གོ་ཆ་བཙན་པོ་གྱོན་པ། མཁར་བཟང་པོར་འདུག་པ། ཕ་རོལ་རྣམས་ཆར་ཆེན་པོས་གཤེར་བ། མིག་ལོང་བ། འབྲོས་པའི་རྨི་ཉམས་འབྱུང་ངོ་། །ཤིན་ཏུ་ཟབ་པས་གསང་ལ་བསྒྲུབ་བོ། །གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མའི་མན་ངག་ཨྠྀི། ༈ དེ་བཞིན་གཤེགས་པ་ཆོས་འཛིན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དབང་པོ་རིག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་སྣང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་དགྱེས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་གནས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་ཏོག་ལ་ཕྱག་འཚལ་ལོ། །དེ་བཞིན་


RTZ044_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཆོས་གཟི་བརྗིད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་དབང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་བརྟན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་བརྩེགས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཕུ་ཕུ་ཕུ་ཕུ། དྷརྨ་ཨི་ཏེ་ཕུ། །བི་བི་བི་ཕུ། ས་ས་ས་ས་ཕུ། ཀོ་ཀོ་ཀོ་ཀོ་ཕུ། ཧ་ཧ་ཧ་ཕུ་སྭཱ་ཧཱ། ཞེས་པ་རྒྱལ་མཚན་གྱི་རྩེར་གདགས་སོ། །ལག་ལེན་གྱི་དུས་སུ། རབ་བྱུང་རྣམས་ཀྱིས་སངས་རྒྱས་ཀྱིས་གསུངས་པའི་བཀའ་ལ་ལི་ཡུལ་ལུང་བསྟན་ནས་གསུངས་པའི་འོད་ཟེར་བརྒྱ་པ་དང་། ཡང་སྙིང་རྟ་གནས་ཀྱི་གཟུངས་ཀྱང་བློ་ལ་བཟུང་། དོན་ཞགས་དང་། སྨན་བླའི་མཆོད་པ་ལ་སོགས་པ་དང་། རྣམ་རྒྱལ་འཇོམས་སོགས་བཀའ་རྒྱུད་ལུང་མན་ངག་ལས་ཇི་ལྟར་འབྱུང་བ་ཐམས་ཅད་ཉམས་སུ་བླང་། རྙིང་མ་བ་ཀུན་གྱིས་རྟ་གནས་ཀྱི་སྒྲུབ་པ་དང་། སྒྲུབ་པ་བཀའ་བརྒྱད་ལ་སོགས་པ་བསྒྲུབ། པདྨའི་སྒྲུབ་པ་ཆེན་པོ་ལ་སོགས་པ། སྔགས་སྒྲུབ་བྱིན་རླབས་ཅན་ཐམས་ཅད་ཉམས་སུ་བླང་། ཁྱད་པར་རྒྱལ་བའི་བཀའ་ཡང་དག་པར་བསྒྲགས་ན་བཟློག་ཆེ། བོན་པོ་རྣམས་ཀྱིས་སྡེ་བརྒྱད་སོར་འཇུག་ལ་སོགས་པ་འབད་པར་བྱ། སྐྱེ་བོ་རྣམས་ཀྱིས་དཀར་ཕྱོགས་ལ་འབད། ཀུན་གྱིས་


RTZ044_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ལ་མོས་གུས་བྱ། དགེ་ལས་ལ་འབད། ཨོ་རྒྱན་ལ་གསོལ་བ་གདབ་བོ། །རྒྱལ་པོ་ཡུལ་འཁོར་སྐྱོང་གིས་དམག་དཔུང་སྲུང་བའི་མན་ངག་ཨྠྀི། མངྒ་ལཾ།། །།


previousརྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དམག་ཟློག་མི་མཐུན་ཀུན་སེལ།next