Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམག་ཟློག་ཉི་ཤུ་རྩ་ལྔ་ལས་རྒྱལ་ཆེན་བཞི་ཡི་སྒྲུབ་ཐབས་མཆོད་ཕྲིན་གྲོང་ཁྱེར་སྲུང་བ་ཡུལ་ཁམས་མངའ་འབངས་སུ་གཏད་པའི་ཐབས་བཅས། ཞིག་གླིང་འོད་གསལ་སྒྱུ་མ།
   
   
   
   
   
   
   
   
   
   
   
   
   


 
previousདམག་ཟློག་ཉི་ཤུ་རྩ་ལྔ་ལས་རྒྱལ་ཆེན་བཞི་ཡི་སྒྲུབ་ཐབས་མཆོད་ཕྲིན་གྲོང་ཁྱེར་སྲུང་བ་ཡུལ་ཁམས་མངའ་འབངས་སུ་གཏད་པའི་ཐབས་བཅས། ཞིག་གླིང་འོད་གསལ་སྒྱུ་མ།next

དམག་ཟློག་ཉི་ཤུ་རྩ་ལྔ་ལས་རྒྱལ་ཆེན་བཞི་ཡི་སྒྲུབ་ཐབས་མཆོད་ཕྲིན་གྲོང་ཁྱེར་སྲུང་བ་ཡུལ་ཁམས་མངའ་འབངས་སུ་གཏད་པའི་ཐབས་བཅས། ཞིག་གླིང་འོད་གསལ་སྒྱུ་མ།


RTZ044_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ཟློག་ཉི་ཤུ་རྩ་ལྔ་ལས་རྒྱལ་ཆེན་བཞི་ཡི་སྒྲུབ་ཐབས་མཆོད་ཕྲིན་གྲོང་ཁྱེར་སྲུང་བ་ཡུལ་ཁམས་མངའ་འབངས་སུ་གཏད་པའི་ཐབས་བཅས་བཞུགས་སོ༔


RTZ044_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང༔ བོད་ཡུལ་མཐའ་དམག་གདུག་པ་བསྲུང་བའི་ཕྱིར༔ བསྟན་པའི་སྲུང་མ་རྒྱལ་པོ་ཆེན་པོ་བཞི༔ མཆོད་ཕྲིན་ལས་ཀྱི་རིམ་པ་འདི་ལྟར་བཀོད༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་མཎྜལ་གྲུ་བཞི་པ་དྲི་བཟང་གིས་ཆག་ཆག་གདབ་ལ་རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་དང་བཅས་པ་བྲིས་པའི་དབུས་སུ༔ པདྨ་འདབ་མ་བཞི་པ་ཟེའུ་འབྲུ་དམར་སེར་འདབ་མ་ལྷ་ཡི་ཁ་དོག་དང་མཚུངས་པར་བྲི་བའམ༔ ཡང་ན་ཚོམ་བུ་བཀོད༔ རས་བྲིས་བཀྲམ༔ ཡང་ན་ཙཀླི་བཙུགས༔ དེའི་མཐའ་སྐོར་དུ་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་མེ་ཏོག་སྤོས་མར་མེ་དྲི་ཆབ་ཞལ་ཟས་ལྔ།


RTZ044_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་དང་བཅས་པ་དང་རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད་དང་འདོད་ཡོན་ལྔ་ལ་སོགས་པ་དང༔ གཞན་ཡང་སྤྱན་གཟིགས་དཀོར་ཆ་སྣ་ཚོགས་པ་བཤམ༔ དཀར་གསུམ་མངར་གསུམ་གྱིས་སྦགས་པའི་གཏོར་མ་འབྲུ་སྣ་ཚོགས་ལས་བྱས་པ་བཞི་བཤམས་ནས་ཕྱོགས་སྐྱོང་དང་སྡེ་བརྒྱད་དང་བགེགས་ལ་གཏོར་མ་ཆ་གསུམ་གསང་བ་ཡོངས་རྫོགས་སུ་བསྟན་པ་ལྟར་གཏང༔ དམ་ཚིག་པ་བསྐྱེད་པ་ནི༔ རིན་པོ་ཆེ་ཟུར་བརྒྱད་པ་པདྨའི་ལྟེ་བ་ལ་གནས་པའི་སྟེང་དུ་དཔལ་གསང་བའི་བདག་པོ་བསྐྱེད༔ ཤར་དུ་དྷྲྀཾ་ལས་ཡུལ་འཁོར་སྲུང་ལྗང་གུའམ་དཀར་པོ་ཕྱག་གཉིས་ཀྱིས་པི་ཝང་སྒྲེང་བ༔ རྒྱབ་ཏུ་དྲི་ཟ་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་བསྐྱེད༔ ལྷོར་བིཾ་ལས་འཕགས་


RTZ044_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པོ་སྔོན་པོ་གཡས་རལ་གྲི་དང༔ གཡོན་གདན་ལ་བརྟེན་པ༔ རྒྱབ་ཏུ་གྲུལ་བུམ་ལ་སོགས་པ་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར་བ་བསྐྱེད༔ ནུབ་ཏུ་བིཾ་ལས་མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་པུ་རི་འཛིན་པ༔ རྒྱབ་ཏུ་ཀླུ་ལ་སོགས་པ་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར་བ་བསྐྱེད༔ བྱང་དུ་བཻཾ་ལས་ལུས་ངན་པོ་སེར་པོ་གཡས་རིན་པོ་ཆེས་མཚན་པའི་དབྱུག་ཏོ་དང༔ གཡོན་ནེའུ་ལེ་འཛིན་པ༔ རྒྱབ་ཏུ་གནོད་སྦྱིན་ལ་སོགས་པ་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར་བ་བསྐྱེད༔ རྒྱལ་པོ་བཞི་འདབ་མ་བཞིའི་སྟེང་དུ་བསྐྱེད༔ འཁོར་རྣམས་པདྨའི་ཕྱི་རོལ་དུ་རི་རབ་ཀྱི་སྟེང་དུ་རང་རང་གི་རྒྱབ་ཏུ་བསྐྱེད་དོ༔ དེ་རྣམས་ཀྱི་གནས་གསུམ་ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབ༔ བདག་ཉིད་གསང་བའི་བདག་པོའི་ཏིང་ངེ་འཛིན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ༔ ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་རྩེ་ལས་ཁྲོ་བོ་འདོད་པའི་རྒྱལ་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་མང་པོ་སྤྲོས་ནས་རྒྱལ་ཆེན་བཞིའི་སྙིང་ག་ནས་དྲངས་ཏེ་རང་དབང་མེད་པར་བྱོན་པར་བསམ་ལ༔ ཧཱུྃ༔ རི་རབ་བྱང་ཕྱོགས་རོ་ལྡན་ཡུལ༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གནོད་སྦྱིན་གསང་བ་པ་ཡི་བདག༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡང༔ འགྲོ་བའི་དོན་ཕྱིར་གནས་འདིར་གཤེགས༔ ཤར་ཕྱོགས་སྐྱོང་བ་དྲི་ཟའི་བདག༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ ཡུལ་འཁོར་སྲུང་གི་གྲོང་ཁྱེར་ནས༔ དྲི་ཟ་འཁོར་བཅས་གནས་འདིར་


RTZ044_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན༔ ལྷོ་ཕྱོགས་སྐྱོང་བ་གྲུལ་བུམ་བདག༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ འཕགས་པར་སྐྱེས་པའི་གྲོང་ཁྱེར་ནས༔ གྲུལ་བུམ་འཁོར་དང་བཅས་ཏེ་བྱོན༔ ནུབ་ཕྱོགས་སྐྱོང་བ་ཀླུ་ཡི་བདག༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ སྣ་ཚོགས་གཟུགས་ཀྱི་གྲོང་ཁྱེར་ནས༔ ཀླུ་དབང་འཁོར་དང་བཅས་ཏེ་བྱོན༔ བྱང་ཕྱོགས་སྐྱོང་བ་གནོད་སྦྱིན་བདག༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ལྕང་ལོ་ཅན་གྱི་གྲོང་ཁྱེར་ནས༔ གནོད་སྦྱིན་འཁོར་དང་བཅས་ཏེ་བྱོན༔ རྒྱལ་པོ་ཆེན་པོ་ཁྱེད་བཞི་ཡང༔ ད་ལྟ་སྙིགས་མ་ལྔ་ཡི་དུས༔ མ་དག་འབྱོར་པ་ཆུང་ཞིང་ངན༔ མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང༔ ཐམས་ཅད་ཉོན་མོངས་འདམ་བྱིང་བས༔ གཟིགས་ཤིང་གཤེགས་པའི་གནས་ངན་ཡང༔ ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད༔ ཐུགས་དམ་གང་བཞེས་དེ་དགོངས་ལ༔ འདྲེན་པའི་བསྟན་པ་བསྲུང་བ་དང༔ འཇིག་རྟེན་ལ་ནི་སྨན་སླད་དུ༔ རྒྱལ་ཆེན་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཨོཾ་མ་ཧཱ་རཱ་ཛ་དྷྲྀཥྚ་རཱཥྚཱ་ཡ་བི་རཱུ་ཌྷ་ཀཱ་ཡ༔ བི་རཱུ་པཱཀྵཱ་ཡ་བཻ་ཤྲ་བ་ཎཱ་ཡ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར༔ ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི༔ ཇི་སྲིད་མཆོད་པ་བདག་འབུལ་


RTZ044_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ན༔ དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི༔ གསང་བའི་བདག་པོ་རྡོ་རྗེ་འཆང༔ ཁྲོ་བོའི་དབང་པོ་ཁྱེད་ཕྱག་འཚལ༔ ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྣམ་ཐོས་སྲས༔ རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ༔ ཇི་ལྟར་སྔོན་གྱི་རྒྱལ་བ་ལ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས༔ བླ་མེད་མཆོད་པ་ཇི་བཞིན་དུ༔ དེ་བཞིན་དཔལ་ཆེན་གསང་བའི་བདག༔ རྒྱལ་ཆེན་བཞི་པོ་འཁོར་བཅས་ལ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད༔ དག་ཅིང་དྲི་མེད་ཡིད་འོང་བ༔ རྣམ་དག་ཟག་མེད་བདུད་རྩིའི་ཆུ༔ ལྷ་རྫས་དམ་པའི་བསང་གཏོར་འདི༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ དེ་བཞིན་དུ་ཚིག་གོང་མ་གཉིས་ཀྱི་རྗེས་སུ་རིམ་པ་བཞིན༔ དག་ཅིང་དྲི་མེད་ཡིད་འོང་བ༔ རྣམ་དག་ཟག་མེད་བདུད་རྩིའི་ཆུ༔ ལྷ་རྫས་དམ་པའི་མཆོད་ཡོན་འདི༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ དག་ཅིང་དྲི་མེད་ཡིད་འོང་བ༔ རྣམ་དག་ཟག་མེད་བདུད་རྩིའི་ཆུ༔ ལྷ་རྫས་དམ་པའི་ཞབས་བསིལ་འདི༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ དག་ཅིང་དྲི་མེད་ཡིད་འོང་བ༔ རྣམ་དག་ཟག་མེད་བདུད་རྩིའི་ཆུ༔ ལྷ་རྫས་དམ་པའི་ཞལ་བསིལ་འདི༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ ཞེས་ཆུ་བཞི་དང༔ ཆུ་དང་ཐང་ལས་སྐྱེས་པ་ཡི༔ ལྷ་རྫས་མེ་ཏོག་ཇི་སྙེད་པ༔ ས་དང་བར་སྣང་གང་བ་ཡང༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ ལྷན་ཅིག་སྐྱེས་དང་སྦྱར་པ་ཡི༔ ལྷ་རྫས་དྲི་མཆོག་བླ་ན་མེད༔


RTZ044_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བདུག་སྤོས་དམ་པ་འདི་དག་ནི༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ ཉི་ཟླ་ནོར་བུ་བཻ་ཌཱུརྻ༔ རྩི་མར་ཞུན་མར་གསལ་བའི་མེ༔ མུན་པའི་ཚོགས་འཇོམས་སྒྲོན་མེ་འདི༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ ཙནྡན་ག་པུར་གུར་གུམ་སོགས༔ དྲི་བསུང་ཕུན་སུམ་ཚོགས་པའི་ཆུ༔ ལྷན་སྐྱེས་སྦྱར་པའི་ངད་ལྡངས་པ༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ ཁ་དོག་དྲི་དང་རོ་ལྡན་ཅིང༔ བཟའ་བ་མཆོག་དང་ཡང་དག་ལྡན༔ ཞལ་ཟས་བདུད་རྩིའི་རྒྱ་མཚོ་འདི༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ བླ་མེད་ཟབ་མོའི་དོན་སྟོན་ཅིང༔ ཤེས་རབ་མཆོག་གི་རྗེས་འགྲོའི་དབྱངས༔ ལྷ་ཡི་རོལ་མོ་སྟོང་ཕྲག་བཅུ༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ ཨོཾ་བཛྲ་པཱ་ཎི་ཙ་ཏུར་རཱ་ཛ་སེ་ན་ཡེ་ས་པ་རི་ཝཱ་ར་པྲོ་ཀྵ་ཎཾ་ཨརྒྷཾ་པཱ་དྱཾ་ཨཱན་ཙ་མེ་ནཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱི་ཛ་ཡེ་སྭཱ་ཧཱ༔ སྲིད་པའི་གདུང་སྐྱོབ་རིན་ཆེན་གསེར་གྱི་གདུགས༔ བཀྲ་ཤིས་རྫས་མཆོག་དམ་པ་གསེར་གྱི་ཉ༔ དགོས་འདོད་ཀུན་འབྱུང་གཏེར་ཆེན་བུམ་པ་བཟང༔ ཆགས་བྲལ་འཁོར་འདས་དབང་སྡུད་པདྨ་མཆོག༔ དགེ་ལེགས་དགོས་པ་ཀུན་འབྱུང་གཡས་འཁྱིལ་དུང༔ འགྱུར་མེད་རིན་ཆེན་ལས་གྲུབ་དཔལ་བེའུ་དང༔ ལོག་ལྟའི་བདུད་ལས་རྒྱལ་བའི་རྒྱལ་མཚན་དང༔ སྟོང་གསུམ་ཀུན་ལ་དབང་སྒྱུར་འཁོར་ལོ་སྟེ༔ ལྷ་མིའི་དཔལ་སྟེར་དོན་ཀུན་གྲུབ་པའི་རྫས༔ མགོན་པོ་འཁོར་དང་བཅས་ལ་འབུལ༔


RTZ044_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཨཥྚ་མངྒ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང༔ གླང་པོའི་དབང་པོ་རྟ་མཆོག་དམག་དཔོན་དང༔ མི་དབང་རིན་ཆེན་སྣ་བདུན་འདི་དག་ཀྱང༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ སཔྟ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཁ་དོག་དབྱིབས་ལེགས་རྒྱན་ལྡན་ཡིད་འོང་གཟུགས༔ ཟབ་ཅིང་རྒྱུན་ཆགས་ཟིན་དང་མ་ཟིན་སྒྲ༔ སྣ་དབང་ཚིམ་བྱེད་དྲི་ཞིམ་བདུག་སྤོས་སྤྲིན༔ རོ་མཆོག་བརྒྱ་ལྡན་བླ་མེད་བདུད་རྩིའི་ཟས༔ ལུས་དབང་ཚིམ་བྱེད་ལྷ་རྫས་དར་གྱི་གོས༔ དགོས་པ་ཀུན་ཚང་རེ་བ་ཡོངས་རྫོགས་པ༔ ཡིད་བདེ་ཆོས་ཀྱི་མཆོད་པ་བླ་ན་མེད༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ པཉྩ་ཀཱ་མ་གུ་ཎ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ སྲ་བརྟན་སྤོབས་དང་བཅས་པའི་གསེར་གྱི་ཁྲབ༔ བཅུ་དྲུག་གླིང་ཅན་རིན་ཆེན་དངུལ་གྱི་རྨོག༔ ཐོག་ཅན་ཞོལ་མ་སྤང་ལེབ་བཅས་པའི་ཕུབ༔ རབ་བརྗིད་སྲ་ཞིང་བརྟན་པའི་གོ་ཆ་འདི༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ རལ་གྲི་ཤང་ལང་གྲི་གུག་ཆུ་གྲི་དང༔ སྤུ་གྲི་རྩེ་གསུམ་མདུང་དང་མདུང་ཐུང་དང༔ མདའ་གཞུ་དགྲ་སཏྭ་སཏྭ་རེ་ཐོ་བ་དང༔ དབྱུག་ཏོ་བེ་ཅོན་བེང་དང་གཏུན་ཤིང་དང༔ དམ་ཤིང་ཕུར་བུ་ལྕགས་ཀྱུ་ཞགས་པ་དང༔ ལྕགས་སྒྲོག་འཁོར་ལོ་ཁ་ཊྭཱཾ་ག་ལ་སོགས༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ བསྟན་པའི་དགྲ་རྣམས་གཞོམ་ཕྱིར་བཞེས་


RTZ044_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ༔ ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་དང༔ ལྷ་ཀླུ་མི་ཡི་རིན་ཆེན་ཐམས་ཅད་དང༔ དར་ཟབ་རས་ཆེན་སྟག་གཟིག་ལྤགས་པ་དང༔ སྣམ་བུ་ལ་སོགས་ལྷ་མིའི་མཁོ་དགུ་དང༔ འབྲི་གཡག་རྟ་ཕྱུགས་ལ་སོགས་ཕྱུགས་ཀྱི་ཁྱུ༔ འདོད་དགུའི་སྤྱད་བྱར་གྱུར་པ་ཐམས་ཅད་ཀྱང༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ གཞན་ཡང་མཆོད་པར་འོས་པའི་དངོས་པོ་ཀུན༔ ནམ་མཁའི་མཐར་ཐུག་གང་བར་རྣམ་སྤྲུལ་ནས༔ ངོ་མཚར་རྨད་བྱུང་མཆོད་པའི་སྤྲིན་ཕུང་ཚོགས༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ ཁྱེད་ཅག་འབྱོར་པས་ཕོངས་པ་མ་ལགས་ཀྱང༔ སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཞལ་བཞེས་བཞིན༔ སངས་རྒྱས་བསྟན་པ་དམ་པ་བསྲུང་བ་དང༔ སེམས་ཅན་ཡོངས་སུ་བསྐྱབ་པའི་སླད་དུ་བཞེས༔ མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ མ་སྐྱེས་ཆོས་དབྱིངས་དག་པའི་ངང་ཉིད་ལས༔ མ་འགགས་རོལ་པ་འཇིགས་བྱེད་ཁྲོ་བོའི་སྐུ༔ བདུད་འདུལ་མཐུ་སྟོབས་དབང་ཕྱུག་གསང་བའི་བདག༔ བདེ་གཤེགས་འདུས་པའི་ཁྲོ་མཆོག་སྟོབས་པོ་ཆེ༔ འཆོལ་བའི་ཁྲོ་རྒྱལ་སྲིད་གསུམ་བདུད་ཀྱི་དགྲ༔ དྲག་ཤུལ་ཐབས་ཀྱིས་བགེགས་དཔུང་ཐལ་བར་མཛད༔ འཇིགས་བྱེད་འཇིགས་པར་བྱེད་པའི་དྲག་རྩལ་ཅན༔ དཔལ་ཆེན་དྲེགས་པ་འདུལ་ལ་ཕྱག་འཚལ་བསྟོད༔


RTZ044_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྐྱོང་མཛད་ཆོས་ཉིད་བདེན་པ་གཟིགས༔ ཐ་ཚིག་བཙན་པོས་ཐུབ་པའི་བསྟན་པ་སྲུང༔ ཕ་རོལ་དཔུང་གི་འཇིགས་པ་ཐམས་ཅད་སྲུང༔ དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་ལ་བསྟོད༔ འཇིགས་རུང་མི་བཟད་སྲིན་པོ་ཁྲོས་པའི་གཟུགས༔ ནག་པོའི་རྩ་ལག་ཐམས་ཅད་མཐར་བྱེད་ཅིང༔ འཇིག་རྟེན་སྐྱོང་མཛད་མཐུ་བྱིན་རྫུ་འཕྲུལ་ཅན༔ གྲུལ་བུམ་རྒྱལ་པོ་འཕགས་སྐྱེས་པོ་ལ་བསྟོད༔ འདབ་བཟང་རྒྱལ་པོ་ཕ་རོལ་དཔུང་གནོན་པ༔ འཇིག་རྟེན་སྐྱོང་མཛད་གྲགས་མཐུ་རྫུ་འཕྲུལ་ཅན༔ ཆོས་ཀྱི་སྤྱན་ལྡན་འཇིག་རྟེན་བདེ་བར་སྐྱོང༔ ཀླུ་ཡི་རྒྱལ་པོ་སྤྱན་མི་བཟང་ལ་བསྟོད༔ བདེ་གཤེགས་བསྟན་པའི་སྲུང་མ་མཐུ་བོ་ཆེ༔ ལྷ་མིན་བདུད་ཀྱི་དཔུང་ཚོགས་བརླག་བྱེད་ཅིང༔ ལྷ་ཡི་མགོན་པོ་འདོད་དགུའི་དཔལ་སྟེར་བ༔ གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས་ལ་བསྟོད༔ རང་རང་འཁོར་གཡོག་སྤྲུལ་དང་ཡང་སྤྲུལ་བཅས༔ ཁ་བ་བུ་ཡུག་འཚུབས་འདྲ་སྟོང་གསུམ་གང༔ སྣ་ཚོགས་གཟུགས་ཅན་མི་བསྲུན་ཁྲོ་གཏུམ་ཅན༔ རྒྱལ་བའི་བཀའ་བཞིན་བསྟན་དང་བསྟན་འཛིན་སྐྱོང༔ འཇིགས་རུང་འཁོར་གྱི་ཚོགས་ལ་བདག་བསྟོད་དོ༔ ཞེས་བསྟོད༔ ཐོག་མེད་དུས་ནས་ད་ལྟའི་བར༔ སྡིག་པའི་ལས་རྣམས་གང་བགྱིས་དང༔


RTZ044_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རྒྱལ་པོ་ཆེན་པོ་བཞིའི༔ ཐུགས་དང་འགལ་བ་ཅི་བགྱིས་པ༔ གནོང་འགྱོད་སྡོམ་པའི་སེམས་ཀྱིས་བཤགས༔ ཡི་གེ་བརྒྱ་པ་བརྒྱ་རྩ་བརྒྱད་བཟླས་ལ་ཉམས་ཆག་བཤགས་པ་བྱ༔ དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་སོ་སོའི་ཐུགས་ཀར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དངུལ་དང༔ བཻ་ཌཱུརྻ་དང༔ པདྨ་རཱ་ག་དང༔ གསེར་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་རིམ་པ་བཞིན་དུ་བསམས་པའི་ལྟེ་བར་རང་རང་གི་ས་བོན་གྱི་མཐར་སོ་སོའི་སྔགས་ཀྱིས་བསྐོར་བར་བསམ་ལ༔ བདག་ཕྱག་ན་རྡོ་རྗེའི་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བ་ལས་འོད་འཕྲོས་པའི་རྩེ་མོ་ལས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བྱུང་ནས་རྒྱལ་པོ་ཆེན་པོ་བཞི་པོ་འཁོར་དང་བཅས་པ་ལ་མཆོད་ཅིང་དེ་དག་ལ་ཐིམས་པས་མཉེས༔ རྒྱལ་པོ་ཆེན་པོ་བཞི་ཡི་ཐུགས་ཀ་ནས་ལས་དང་མཐུན་པའི་ཁ་དོག་ཅན་གྱི་འོད་ཟེར་འཕྲོས་པས་ཕྲིན་ལས་གང་ཡིན་ཐོགས་མེད་འགྲུབ་པར་བསམ་ཞིང་མ་ཡེངས་པར་བཟླས་སོ༔ ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ༔་་་ཡུལ་འཁོར་སྲུང་གིའོ༔ ཨོཾ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ༔་་་འཕགས་སྐྱེས་པོའོ༔ ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ༔་་་སྤྱན་མི་བཟང་གིའོ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔་་་རྣམ་སྲས་ཀྱིའོ༔ ཛཿཧཱུྃ་ཨཱ༔ དེ་ལྟར་འབུམ་ཕྲག་བཞི་རུ་བསྙེན༔ དེ་ཚེ་རྟགས་ཀྱི་


RTZ044_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཡང༔ རྒྱལ་པོ་བློན་པོ་དམག་མི་དང༔ རྟ་པ་ཞུབ་ཅན་མོན་པ་དང༔ བླ་མ་དགེ་བཤེས་སྔགས་པ་དང༔ བོན་པོ་གནག་ལུག་གཅན་གཟན་དང༔ མ་རལ་ཅན་ལ་སོགས་པ་དང༔ ཆོ་འཕྲུལ་སྣ་ཚོགས་འབྱུང་བ་ཡིན༔ དེ་ནས་བདུན་ནམ་ཉེར་གཅིག་ཏུ༔ ཨ་ཀ་རུ་དང་དུ་རུ་ཀ༔ སྤོས་དཀར་གུ་གུལ་ག་པུར་དང༔ འབྲས་ཕྱེ་འབའ་ལ་ཙནྡན་དཀར༔ སྦྱར་བའི་སྤོས་དུད་རྒྱུན་མི་གཅད༔ དམིགས་པ་གོང་བཞིན་བཟླས་པར་འབུང༔ དཔག་ཚད་བརྒྱ་ནི་ཚུན་ཆད་དུ༔ ལྷ་རྣམས་ཀྱིས་ནི་སྲུང་བར་བྱེད༔ བསམ་པ་ཐམས་ཅད་འགྲུབ་པར་འགྱུར༔ ལོངས་སྤྱོད་ནམ་མཁའ་མཛོད་དང་མཉམ༔ སྙན་པའི་གྲགས་པ་ས་སྟེང་ཁྱབ༔ རྟག་ཏུ་རྣལ་འབྱོར་དེ་ཉིད་ལ༔ དགྲ་དང་རྒོལ་བ་འབྱུང་མི་འགྱུར༔ གང་དུ་སྒྲུབ་པའི་ཡུལ་ཕྱོགས་སུ༔ དམག་འཁྲུགས་མུ་གེ་འབྱུང་མི་འགྱུར༔ ནད་དང་གདོན་གྱིས་མི་ཚུགས་ཤིང༔ དངོས་ཉམས་རྨི་ལམ་དག་ཏུ་ནི༔ ལུང་སྟོན་ལེགས་ཉེས་གསལ་བར་སྨྲ༔ བསྙེན་དང་སྒྲུབ་པའི་ཐུན་མཚམས་སུ༔ གསེར་འོད་དམ་པ་ཆེན་པོའི་མདོ༔ གཙང་སྦྲ་ལྡན་པས་བསྒྲག་པར་གཅེས༔ ཐུན་མཚམས་སུ་གཏོར་མ་འབུལ་ན༔ བྱིན་གྱིས་བརླབ་པ་སྤྱི་ལྟར་བྱས་ལ༔ ཡི་དམ་ལ་རང་སྔགས་ཀྱི་མཇུག་ཏུ༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་གྲྀ་ཧྞནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ་སྭཱ་ཧཱ༔ རྒྱལ་ཆེན་བཞི་ལ་རང་རང་གི་སྔགས་ཤམ་དུ༔ མ་ཧཱ་རཱ་ཛ་ལོ་ཀ་པཱ་ལ་ཙ་ཏུར་བེ་ས་པ་རི་བཱ་ར་ཨི་དམ་སོགས་བཏགས་ལ་ཕུལ༔ རིན་ཆེན་ལས་གྲུབ་ནམ་མཁའ་ཁྱབ་པའི་སྣོད༔ ཡི་གེ་གསུམ་གྱི་སྦྱོར་བ་ལས་བྱུང་བའི༔ ཡེ་ཤེས་


RTZ044_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་ནམ་མཁའི་ཁམས་བཀང་སྟེ༔ འདོད་ཡོན་དྲུག་གི་མཆོད་པའི་སྤྲིན་ཕུང་འཕྲོ༔ རོ་མཆོག་ཡོན་ཏན་ཀུན་དང་ལྡན་པ་ཡི༔ ཟག་མེད་བདེ་སྟེར་གཏོར་མའི་མཆོད་པ་འདི༔ དཔལ་ཆེན་མངོན་རྫོགས་ཕྱག་ན་རྡོ་རྗེ་དང༔ བསྟན་པའི་སྲུང་མ་རྒྱལ་པོ་ཆེན་པོ་བཞི༔ བཙུན་མོ་སྲས་དང་བློན་འཁོར་བཅས་པ་ལ༔ གུས་པས་འབུལ་ལོ་འགྲོ་བའི་དོན་དུ་བཞེས༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གོང་གི་མཆོད་པ་ལྟར་མཆོད་ལ༔ ཤར་ཕྱོགས་ན་ནི་གནས་སྲུང་པོ༔ འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན༔ ཤར་་་ཕྱོགས་དག་ནི་སྐྱོང་བྱེད་པ༔ རྫུ་འཕྲུལ་ཆེ་ལ་སྟོབས་ཀྱང་ཆེ༔ མཆོད་སྦྱིན་གཏོར་མ་འདི་སྣོམས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་དང༔ ཆེ་གེ་ཞེས་བྱའི་ཡུལ་འདི་རུ༔ བར་ཆད་ཐམས་ཅད་ཞི་བ་དང༔ དངོས་གྲུབ་མ་ལུས་སྩོལ་བ་དང༔ ཁྱད་པར་མཐའ་དམག་དུ་རུ་ཀ༔ ཟློག་ཅིང་འབྱུང་བ་མེད་པར་མཛོད༔ ཅེས་སོགས་འདོད་གསོལ་གང་ཤེས་བྱའོ༔ དེ་བཞིན་དུ༔ ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ༔ ཞེས་པ་དང༔ ནུབ་ཕྱོགས་ན་ནི་སྤྱན་མི་བཟང༔ དང༔ བྱང་ཕྱོགས་ན་ནི་རྣམ་ཐོས་བུ༔ ཞེས་སོགས་འདོན་པ་བསྒྱུར་ལ་ཕྲིན་ལས་བཅོལ༔ དེ་ལྟར་བསྙེན་སྒྲུབ་ཀྱི་བྱ་བ་ཟིན་པ་དང༔ ༈ ཡུལ་ཁམས་རྒྱལ་ཆེན་བཞིའི་མངའ་འབངས་སུ་གཏད་དེ་མཐའ་དམག་སྲུང་བ་ནི༔ ཡུལ་དེར་ཚ་ཚ་ཆུ་གཏོར་དང་གསུང་རབ་ཐམས་ཅད་


RTZ044_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

བཀླག༔ རི་རྒྱ་ཀླུང་རྒྱ་བསྡམ༔ གསེར་འོད་དམ་པ་དང་གྲྭ་ལྔ་ལ་སོགས་པ་བྲི་བ་དང་མང་དུ་གསུང་བསྒྲག༔ བྱང་ངོས་ཀྱི་མཚམས་སུ་ཐོ་བཞི་བརྩེགས་ཏེ་རྒྱལ་ཆེན་བཞིར་མངའ་གསོལ༔ སོ་སོའི་མདུན་དུ་མཎྜལ་དང་མཆོད་པ་གོང་ལྟར་རྒྱས་པ་བཤམས་ནས་ལས་ཀྱི་གཞུང་བསྲང༔ བསྐྱེད་བསྟིམ་དྲག་ཏུ་བྱ་ཞིང་རབ་ཏུ་གནས་པ་བྱ༔ ཕྲིན་ལས་བཅོལ་བ་ནི༔ རང་ཉིད་ཕྱག་ན་རྡོ་རྗེའི་སྤྱི་བོར་བདག་འདྲ་པདྨ་ཇི་ལྟར་ཉིད་དུ་བསྒོམས་ནས༔ ཧཱུྃ༔ ལྷ་ཡི་རྒྱལ་པོ་ཆེན་པོ་འཇིག་རྟེན་མགོན༔ སྡེ་ཆེ་སྟོབས་ཆེན་ཕ་རོལ་དམག་དཔུང་འཇོམས༔ གཞན་གྱིས་མི་ཐུབ་དཔའ་བོ་སྟོབས་དང་ལྡན༔ འོད་དང་ཁ་དོག་ལྡན་ཞིང་གྲགས་དང་ལྡན༔ དཔལ་ལྡན་རྫུ་འཕྲུལ་ཆེན་པོ་བསྐལ་པ་ཆེ༔ མཐུ་ཆེན་གཟི་ལྡན་བྱིན་ཆེ་དྲག་ཤུལ་ཅན༔ སངས་རྒྱས་ཞལ་གཟིགས་བདེན་པའི་དོན་མཐོང་བ༔ ས་ཆེན་བཞུགས་པའི་སེམས་དཔའ་འཇིག་རྟེན་སྐྱོང༔ ཆོས་ལྡན་ཆོས་སྨྲ་ཆོས་སྐྱོང་རྒྱལ་པོ་ཆེ༔ བསྟན་དང་བསྟན་འཛིན་སྐྱོང་བའི་ཡལ་གམ་ཅན༔ དམ་ཆོས་འཛིན་པ་ཡོངས་ཀྱི་དགྲ་བླ་ཆེ༔ སྡེ་དང་དཔུང་དང་གཡོག་འཁོར་བཅས་པ་རྣམས༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བ་དང༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བསྟན་པ་སྲུང་ཞིང་འཇིག་རྟེན་སྐྱོང་བ་དང༔ ཆོས་སྨྲའི་རེ་བ་ཚུལ་བཞིན་སྐོང་བ་དང༔ གདུག་པའི་མཐའ་དམག་ཟློག་པའི་དུས་ལ་བབས༔ སྔོན་ཚེ་བྱ་རྒོད་ཕུང་པོའི་རི་ཟོམ་


RTZ044_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

དུ༔ སྤྲུལ་སྐུ་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ༔ སུས་ཀྱང་མ་བཅོལ་ཉིད་ཀྱིས་ཞལ་འཆེས་པ༔ གང་དུ་མདོ་སྡེ་འཛིན་ཅིང་འཆང་བ་དང༔ འཆད་དང་འདོན་དང་འབྲི་དང་གནས་པའི་ཡུལ༔ དུས་ཀུན་ལྷ་ཡི་མིག་གིས་བལྟ་བཞིན་དུ༔ རྟག་པར་སྲུང་ཞིང་སྐྱོང་བར་ཁས་བླངས་ཤིང༔ སྙིང་རྗེ་མེད་པའི་གདོན་རྣམས་ཟློག་པ་དང༔ མུ་གེ་ཡ་ང་གནོད་པ་བརྒྱ་སྟོང་འབུམ༔ ཕ་རོལ་དམག་ཚོགས་ཐམས་ཅད་ཟློག་བྱེད་ཅིང༔ ཕས་ཀྱི་རྒོལ་བ་ཀུན་ལས་བསྲུང་བར་བྱ༔ ལྷ་དང་མི་རྣམས་རྣམ་པར་བལྟ་བར་བྱ༔ དེ་བཞིན་གཤེགས་པས་རྗེས་སུ་བཀའ་གནང་ཞིང༔ གང་དུ་མདོ་སྡེ་འཆད་དང་ཉན་པ་དང༔ ཆོས་བཞིན་སྤྱོད་པའི་རྒྱལ་པོའི་ཡུལ་ཁམས་དེར༔ ཁྱེད་ཅག་རྒྱལ་ཆེན་དཔུང་དང་གཡོག་ཏུ་བཅས༔ གནོད་སྦྱིན་འབུམ་ཕྲག་དུ་མར་བཅས་པ་རྣམས༔ ལྷ་ཡི་ལུས་མཆོག་བལྟ་བས་མི་མངོན་པར༔ ཡུལ་ལམ་གྲོང་ངམ་གྲོང་བརྡལ་དེར་ལྷགས་ཏེ༔ ཡུལ་དེ་སྲུང་སྐྱོབ་ཡོངས་གཟུང་ཡོངས་སུ་སྐྱོབས༔ ཆད་པ་སྤངས་དང་ཞི་བ་བདེ་ལེགས་སུ༔ འགྱུར་བར་བྱ་ཞེས་བདེན་པའི་ཐ་ཚིག་བཅས༔ དགྲ་ཟླའི་དཔུང་ཚོགས་ཡན་ལག་བཞི་པའི་ཚོགས༔ ཡུལ་དེ་རྣམ་པར་གཞིག་པའི་ཡིད་ཅན་རྣམས༔ ཟློག་ཅིང་བྲེལ་བ་སྣ་ཚོགས་བརྒྱ་


RTZ044_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྟེ༔ བགེགས་བགྱིས་ཕྱི་ནང་ཀུན་ཏུ་འཁྲུག་ལོང་དང༔ གཟའ་དང་རྣམ་པ་སྣ་ཚོགས་ནད་གཏོང་ཞིང༔ གནོད་པ་དུ་མས་ཉམས་པར་བྱའོ་ཞེས༔ འགྱུར་མེད་ལྷ་ཡི་ངག་གིས་དམ་བཅས་ཤིང༔ ཆུ་བོ་དལ་གྱིས་འབབ་པའི་མཚོ་འགྲམ་དུ༔ ཐུབ་དབང་འཕགས་པའི་ཚོགས་བཅས་བཞུགས་པའི་ཚེ༔ ཁྱེད་བཞི་སྟོང་ཕྲག་དུ་མའི་འཁོར་དང་བཅས༔ སོ་སོའི་ཕྱོགས་ནས་ལྷགས་ཏེ་མཆོད་པའི་ཚེ༔ རང་རང་སྐད་དུ་ཆོས་ཐོས་བདེན་པ་མཐོང༔ རྒྱལ་བ་ཡོངས་སུ་མྱ་ངན་འདའ་བའི་ཚེ༔ ཀྭ་ཡེ་ལྷ་ཡི་དབང་པོ་ཞེས་བོས་ནས༔ དེ་བཞིན་གཤེགས་པ་མྱུར་དུ་མྱ་ངན་འདའ༔ དེ་འོག་ང་ཡི་བསྟན་པ་ཁྱོད་ཀྱིས་སྲུངས༔ བསྟན་པ་ནུབ་ཏུ་ཉེ་བའི་དུས་ཀྱི་ཚེ༔ འཇིག་རྟེན་ཆོས་མིན་སྤྱོད་ཅིང་ཡམས་ནད་དང༔ མུ་གེ་ལོ་ཉེས་ཆོམ་རྐུན་འཁྲུག་པ་དར༔ མ་རུངས་རྨུ་རྒོད་སྡིག་ཏོ་ཅན་རྣམས་ཀྱིས༔ གཙུག་ལག་ཁང་དང་མཆོད་རྟེན་སྐུ་གཟུགས་འཇིག༔ དགེ་འདུན་གསོད་ཅིང་དགེ་སློང་བསླབ་པ་གཡེལ༔ དེ་ཚེ་གཅིག་ཏུ་བསྡོངས་ལ་སྲུངས་ཤིག་ཅེས༔ སྟོན་པས་བཀའ་བསྩལ་ཁྱོད་ཀྱིས་ཞལ་གྱིས་བཞེས༔ སྔོན་གྱི་ཐ་ཚིག་ཐུགས་དམ་དྲན་གྱིས་ལ༔ བདེ་གཤེགས་བསྟན་པ་སྲུང་བའི་དུས་ལ་བབ༔ ཆོས་ལྡན་ཡུལ་ཁམས་སྲུང་བའི་


RTZ044_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ༔ དམག་དང་དགྲ་དཔུང་ཟློག་པའི་དུས་ལ་བབ༔ མཐའ་ཡི་དམག་དཔུང་ཟློག་པའི་དུས་ལ་བབ༔ མུ་གེ་ཡམས་ནད་ཟློག་པའི་དུས་ལ་བབ༔ ལོ་ཉེས་གནོད་པ་སྲུང་བའི་དུས་ལ་བབ༔ རྟག་ཏུ་འཇིག་རྟེན་བདེ་སྐྱིད་ལྡན་པར་མཛོད༔ སྔོན་ཚེ་འདྲེན་པ་འོད་སྲུངས་བསྟན་པ་ལ༔ ཤཱཀ་ཐུབ་མཉེས་པར་བྱེད་པར་སྨོན་ལམ་བཏབ༔ དེ་ཕྱིར་བདེ་གཤེགས་ཐུབ་པའི་བསྟན་པ་འདི༔ ནམ་ཞིག་གནས་པར་གྱུར་པ་དེ་སྲིད་དུ༔ ནམ་ཡང་གཡེལ་བ་མེད་པར་བསྲུང་བ་དང༔ བསྟན་པ་གནས་པའི་ཡུལ་ཕྱོགས་འདི་ཉིད་ཀྱང༔ རྟག་ཏུ་བསྲུང་ཞིང་སྐྱོབ་པའི་དུས་ལ་བབ༔ ཁྱོད་སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བྱང་ཕྱོགས་བོད་ཡུལ་ཁ་བ་ཅན་ལྗོངས་འདིར༔ གསང་སྔགས་དཀྱིལ་འཁོར་དུ་མར་དབང་བསྐུར་ནས༔ བོད་ཁམས་སྐྱོང་བའི་སྲུང་མར་བཀའ་བསྒོས་ཤིང༔ མ་འོངས་བསྐལ་པ་དུས་ཀྱི་ཐ་མ་ལ༔ གདུག་པ་ཅན་གྱི་མཐའ་དམག་སྲུངས་ཤིག་ཅེས༔ བཀའ་བསྒོས་དམ་བཅས་ཐུགས་དམ་རྗེས་དགོངས་ལ༔ ཡུལ་ཕྱོགས་འདི་ཉིད་ཁྱོད་ཀྱི་འབངས་སུ་གཏད༔ རྟག་ཏུ་བསྲུང་ཞིང་བདེ་ལེགས་འཕེལ་བ་དང༔ མཐའ་དམག་ངན་པའི་གནོད་པ་མི་འབྱུང་ཞིང༔ དུས་ཀུན་བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད༔ བསླུ་


RTZ044_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པ་བདེན་གསུང་ལྷ་ཡི་ཚིག༔ རྟག་པའི་ངག་གིས་སྔོན་ཆད་དམ་བཅས་པ༔ དུས་འདིར་བསྙེལ་བ་མེད་པར་དྲན་མཛོད་ལ༔ སྲུང་ཞིང་སྐྱོབ་ཅིང་ཡོངས་སུ་སྐྱོང་བ་དང༔ ཞི་བདེ་ཕུན་སུམ་ཚོགས་པར་མཛད་དུ་གསོལ༔ ལྷོ་ཕྱོགས་ཛམྦུའི་གླིང་གི་ཡུལ་འདི་རུ༔ མི་རྣམས་ཆོས་བཞིན་སྤྱོད་པ་ཉིད་ཀྱི་ཚེ༔ ཁྱེད་ཅག་གཟི་བྱིན་མཐུ་སྟོབས་རབ་རྒྱས་ཏེ༔ དཔལ་དང་གཟི་བརྗིད་རྣམ་པར་འཕེལ་འགྱུར་ན༔ བདག་ཅག་ཆོས་བཞིན་སྤྱོད་པའི་ཡུལ་ཕྱོགས་འདི༔ སྐྱོབ་པའི་དུས་ལས་གཞན་དུ་མ་ཡིན་པས༔ གཡེལ་བ་མེད་པར་ཀུན་ཏུ་སྲུང་སྐྱོབ་མཛོད༔ སྟོན་པ་བདེ་བར་གཤེགས་པའི་བཀའ་མ་བཅག༔ རྡོ་རྗེ་ཐོད་ཕྲེང་རྩལ་གྱི་དམ་མ་དྲལ༔ སྒྲུབ་པའི་རིག་འཛིན་བདག་གི་ངག་མ་བཅག༔ རྒྱུ་སྦྱོར་མཆོད་པའི་འབྲས་བུ་ཆུད་མ་གསན༔ རང་རང་ཞལ་བཞེས་དམ་བཅའ་མ་གཡེལ་བར༔ བཅོལ་པའི་ཕྲིན་ལས་དུས་འདིར་གྲུབ་པར་མཛོད༔ ན་མོ༔ དེང་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པ་འདི་དང༔ མཆོད་སྦྱིན་གྱི་གཏོར་མ་རྒྱན་བཟང་པོ་བདུད་རྩིའི་རྒྱ་མཚོ་ཆེན་པོ་རྒྱས་པ་མཆོག་དང་ལྡན་པ་འདི་ཉིད་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ་གསོལ་ལོ་བསྔོ་འོ༔ ཡུལ་ཕྱོགས་དང་ས་ཕྱོགས་འདི་དང་འདི་ན་གནས་པའི་མི་དང་


RTZ044_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་དང་ཕྱུགས་སུ་བཅས་པ་ཐམས་ཅད་རྒྱལ་པོ་ཆེན་པོ་ཁྱེད་བཞིའི་མངའ་འབངས་དང་བྲན་གཡོག་ཏུ་དུས་གཏན་དུ་གཏད་པ་ལགས་པས༔ སྔོན་གྱི་ཐུགས་དམ་ལ་མནོས་ཏེ་འདི་ཉིད་དུ་བརྟན་པར་བཞུགས་ནས༔ ཕྱི་ཡི་དགྲ་བགེགས་ཐམས་ཅད་དང༔ ཁྱད་པར་དུ་མཐའ་དམག་དུ་རུཥྐའི་རིགས་ནང་དུ་མི་གཏང་ཞིང་ཕྱིར་ཟློག་པ་དང་བར་ཆོད་ཐམས་ཅད་ཞི་ཞིང་ཕྱི་མཚམས་ལེགས་པར་བསྲུང་བ་དང༔ གོང་དུ་གསོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་མཛད་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་མེ་ཏོག་གི་ཆར་དབབ༔ བཀྲ་ཤིས་བརྗོད་དོ༔ བསྙེན་སྒྲུབ་ཀྱི་ཐུན་འཇོག་ཁར་བྲིས་སྐུ་ཡོད་ན་དེ་ཉིད་ལ་བརྟན་པར་བཞུགས་སུ་གསོལ༔ མེད་ན་རང་རང་གི་གནས་སུ་གཤེགས༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ རང་རང་གནས་སུ་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔ ཞེས་པས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་བདག་ལ་བསྡུ་བའམ་མི་དམིགས་པར་བྱའོ༔ ཨེ་མ༔ བདག་འདྲ་རྣལ་འབྱོར་ཨོ་རྒྱན་ཐོད་ཕྲེང་གིས༔ རྒྱལ་ཆེན་སྒྲུབ་ཐབས་མཆོད་པའི་ཆོ་ག་འདི༔ མ་འོངས་བོད་ཡུལ་བསྟན་པ་བསྲུང་ཕྱིར་བརྩམས༔ སྤེལ་བའི་གནས་མེད་རིན་ཆེན་ས་ཡི་གཏེར༔


RTZ044_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཞིག་གླིང་འོད་གསལ་སྒྱུ་མའི་གཏེར་མ་ཡང་དག་པའོ།། །།


previousདམག་ཟློག་ཉི་ཤུ་རྩ་ལྔ་ལས་རྒྱལ་ཆེན་བཞི་ཡི་སྒྲུབ་ཐབས་མཆོད་ཕྲིན་གྲོང་ཁྱེར་སྲུང་བ་ཡུལ་ཁམས་མངའ་འབངས་སུ་གཏད་པའི་ཐབས་བཅས། ཞིག་གླིང་འོད་གསལ་སྒྱུ་མ།next