Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམག་ཟློག་ཉེར་ལྔ་ལས་བོད་ཀྱི་སྒོ་སྲུང་བཞི་དང་འཕྲང་སྲུང་བཞིའི་གཏོར་ཆོག །ཞིག་གླིང་འོད་གསལ་སྒྱུ་མ།
   
   
   
   
   
   
   
   
   
   
   
   


 
previousདམག་ཟློག་ཉེར་ལྔ་ལས་བོད་ཀྱི་སྒོ་སྲུང་བཞི་དང་འཕྲང་སྲུང་བཞིའི་གཏོར་ཆོག །ཞིག་གླིང་འོད་གསལ་སྒྱུ་མ།next

དམག་ཟློག་ཉེར་ལྔ་ལས་བོད་ཀྱི་སྒོ་སྲུང་བཞི་དང་འཕྲང་སྲུང་བཞིའི་གཏོར་ཆོག །ཞིག་གླིང་འོད་གསལ་སྒྱུ་མ།


RTZ044_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ཟློག་ཉེར་ལྔ་ལས༔ བོད་ཀྱི་སྒོ་སྲུང་བཞི་དང་འཕྲང་སྲུང་བཞིའི་གཏོར་ཆོག་བཞུགས་སོ༔


RTZ044_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བོད་ཁམས་ཁ་བ་ཅན་གྱི་ལྗོངས༔ མཐའ་དམག་བསྲུང་བར་བྱ་བའི་ཕྱིར༔ སྲུང་མ་གནོད་སྦྱིན་སྡེ་བརྒྱད་ལ༔ སྒོ་སྲུང་འཕྲང་སྡོམ་བྱེད་པར་བསྐོས༔ མ་མོ་བརྟན་མ་བཅུ་གཉིས་པོ༔ རྒྱ་གར་ཡུལ་གྱི་མུ་སྟེགས་དང༔ མཐའ་དམག་སྡེ་དགུ་བསྲུང་བར་བསྐོས༔ བརྟན་མའི་མཆོད་ཕྲིན་གཞན་ན་གསལ༔ འདིར་ནི་སྡེ་བརྒྱད་མཆོད་གཏོར་བསྟན༔ དེ་ལ་རིན་པོ་ཆེའི་སྣོད་བརྒྱད་དམ་གཅིག་གི་ནང་དུ༔་་་གྲ་འཕྱིང་གཙང་མའི་སྟེང་དུ་ཕྱེ་མར་དང་གསེར་སྐྱེམས་ལྷ་ཤ་ལག་གཡས་མདའ་དར་དང་མེ་ལོང་ཟས་སྣ་གཙང་མ་འོ་མ་ཆུ་གཙང་རྣམས་བཤམས།མཆན། དབུས་སུ་ཐང་ལྷ་ལ་གཉན་གཏོར་གྲུ་བཞི༔ མདུན་དུ་དམུ་བཤོས་ལུག་ནག་སྙིང་དང་འབྲས་ལུག་གིས་བརྒྱན་པ༔ གཡས་སུ་བག་ཕྱེ་ལ་དཀར་གསུམ་མངར་གསུམ་ཀླུ་སྨན་བཏབ་པའི་ཀླུ་བཤོས༔ རྒྱབ་ཏུ་བདུད་བཤོས་ལ་ནམ་མཁའ་དཀར་


RTZ044_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕུག་རོན་གྱི་སྒྲོའམ་སྤུ་གཡུ་དང་རྒྱང་བུ་དཀར་པོ་ཡུངས་དཀར་གང་བུས་བརྒྱན་པ༔ གཡོན་དུ་སྤྱི་ལ་འབྲང་རྒྱས་མར་གྱིས་བྱུགས་པ༔ ཟུར་བཞིར་འཕྲང་སྲུང་བཞི་ལ་བཤོས་བུ་ལྡེམ་བཞི་དཀར་དམར་གྱིས་བརྒྱན་པ༔ སྐྱུ་དང་ཁ་ཟས་མ་རྨས་པ་སྣ་ཚོགས་ཀྱིས་སྤྲས་ལ་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ༔ གཞན་ཡང་འོག་ནས་འབྱུང་བའི་མཆོད་རྫས་ཅི་འབྱོར་པ་བཤམས༔ ཤིང་སྣ་གཙང་མའི་བསང་དང་སྤོས་དཀར་གྱི་དུ་བ་འཐུལ་ཞིང༔ དར་འཕྱར་རོལ་མོ་དང་བཅས་ཏེ་རང་ལྷའི་ང་རྒྱལ་གྱིས་སྤྱན་འདྲེན་པ་ནི༔ ཧཱུྃ་བྷྱོ༔ གླིང་མཆོག་ཛམ་གླིང་སོག་ཁའི་གླིང༔ རྡོ་རྗེ་གདན་གྱི་བྱང་ཕྱོགས་ངོས༔ འཕགས་པའི་ཞིང་ཁམས་ཁ་བ་ཅན༔ རི་མཐོ་ས་གཙང་བསིལ་བའི་གནས༔ སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་ན༔ སྲིད་པའི་ལྷ་ཆེན་མཐུ་བོ་ཆེ༔ སྐུ་ལྷ་ཐང་ལྷ་ཡ་ཞུར་དང༔ རལ་པ་སྤྱི་རིང་དམུ་ཡི་རྗེ༔ ཀླུ་རྒྱལ་སྦྲུལ་མགོ་དགུ་པ་དང༔ བདུད་ཀྱི་རྒྱལ་པོ་ཁྲམ་ཁ་ན༔ བོད་ཀྱི་སྒོ་སྲུང་ཆེན་པོ་བཞི༔ བཙུན་མོ་སྲས་དང་བློན་འཁོར་བཅས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ འཕྲང་སྲུང་ཆེན་པོ་ཁྲམ་སྟ་རེ༔ གནོད་སྦྱིན་སྟག་ལུག་ཆུ་སྲིན་མགོ༔ མཁའ་འགྲོ་ཆེན་མོ་སྟག་གདོང་མ༔ ཁྱབ་འཇུག་རཀྴ་མདུང་ཐོགས་ཏེ༔ འཕྲང་པ་


RTZ044_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ཕོ་མོ་བཞི༔ མཆེད་དང་བཙུན་མོ་སྲས་འཁོར་བཅས༔ མ་ལུས་གནས་འདིར་གཤེགས་སུ་གསོལ༔ རང་རང་དགྱེས་པའི་གདན་ལ་བཞུགས༔ གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ༔ ཨོཾ་ཛཿཛཿནཱ་ག་རཱ་ཛི་ཕུ༔ དུ་ར་ཡ་ར་ར་ཡ་ས་ཡ་ཙཎྚ་ཕཊ་མཱ་ར་ཡ་བྷྱོ་ཛཿཛ༔ ཞེས་བཀུག༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་རཾ་ལཾ་བཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་བཟླས་པའི་ཆུས་ཁྲུས་གསོལ༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ གཟུགས་མཛེས་ཡིད་འོང་དུ་མས་མཆོད༔ སྒྲ་སྙན་རོལ་མོ་གླུ་ཡིས་མཆོད༔ དྲི་ཞིམ་སྤོས་ཀྱི་དུད་པས་མཆོད༔ རོ་མཆོག་བརྒྱ་ལྡན་བཅུད་ཀྱིས་མཆོད༔ འཇམ་འཁྲིལ་དར་གྱི་ན་བཟའ་དང༔ རང་རང་དགྱེས་པའི་གོས་ཀྱིས་མཆོད༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ལྷ་དང་མི་ཡི་ཡོ་བྱད་ཚོགས༔ ཚང་ཞིང་ཡིད་དུ་འོང་བས་མཆོད༔ ཤིང་བདུད་རྩི་ཅན་གྱི་དུད་པས་བསང༔ གསེར་ལོ་འབར་བའི་སྟག་པས་བསང༔ གཡུ་ལོ་འབར་བའི་ཤུག་པས་བསང༔ དུང་ལོ་འབར་བའི་མཁན་པས་བསང༔ མཆོང་ལོ་འབར་བའི་བ་ལུས་བསང༔ དྲི་བཟའ་སྤོས་དཀར་དུད་པས་བསང༔ ཕུར་མོང་ལྷ་ཤིང་རྩི་ཤིང་དང༔ ཤིང་སྣ་གཙང་མའི་དུད་


RTZ044_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསང༔ སྨན་སྣ་གཙང་མའི་དུད་པས་བསང༔ མ་བསང་བ་རྣམས་བསང་གྱུར་ཅིག༔ མ་དག་པ་རྣམས་དག་གྱུར་ཅིག༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བར་དུ་གཅོད་པའི་དགྲ་བགེགས་ཐུལ༔ དེ་ནས་སྲོག་སྔགས་༼ཨོཾ་ཛཿཛཿནཱ་ག་རཱ་ཛི་ཕུ༔ དུ་ར་ཡ་ར་ར་ཡ་ས་ཡ་ཙཎྚ་ཕཊ་མཱ་ར་ཡ་བྷྱོ་ཛཿཛ༔༽ཀྱི་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་བསྔོས་ལ༔ ཧཱུྃ༔ སྒོ་བ་འཕྲང་པ་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་ནི༔ ཕྱི་མཆོད་རིན་ཆེན་སྣ་ལྔས་བསྐང༔ ནང་མཆོད་དབང་པོ་རྣམ་ལྔས་བསྐང༔ གསང་མཆོད་ཛ་གད་བདུད་རྩིས་བསྐང༔ སྨན་སྣ་སྟོང་དང་ཆུ་སྣ་སྟོང༔ ཤིང་ཐོག་མེ་ཏོག་འབྲུ་སྣ་སྟོང༔ དཀར་གསུམ་མངར་གསུམ་བདུད་རྩིའི་ཆུ༔ གཡའ་ཆུ་གངས་ཆུ་གཙང་མ་དང༔ འབྲང་རྒྱས་མཛེས་པའི་ཞལ་དཀར་དང༔ ཕྱེ་མར་འོ་སྐོལ་མཆོད་པ་འབུལ༔ མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྤོས་དང་མེ་ཏོག་སྣང་གསལ་དང༔ ཞལ་ཟས་སྤྱན་གཟིགས་སྣ་ཚོགས་དང༔ རི་རབ་གླིང་བཞི་འདོད་ཡོན་ལྔ༔ ནམ་མཁའ་དར་གྱིས་མཆོད་པ་དང༔ ལེ་བརྒན་སྣ་ལྔའི་མདའ་དར་དང༔ འཕན་དང་ལྡ་ལྡིས་ཐུགས་དམ་བསྐང༔ སིལ་སྙན་གླུ་གར་རོལ་མོ་དང༔ རྔ་དང་གཡེར་ཁ་ཏིང་ཏིང་ཤག༔ དུང་དང་རྫ་རྔ་པི་ཝཾ་སོགས༔ སྙན་པའི་སྒྲ་ཡིས་ཐུགས་དམ་བསྐང༔ གཏོར་


RTZ044_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

མ་བདུད་རྩིའི་རྒྱ་མཚོ་འདི༔ འདོད་ཡོན་ལྔ་ཡི་སྤྲིན་ཕུང་འཕྲོ༔ འདོན་རྒུ་སྣ་ཚོགས་འབྱུང་བ་ཡང༔ ནམ་མཁའི་ཁམས་རྣམས་བཀང་ནས་འབུལ༔ ཐུགས་དམ་གཉན་པོ་སྐངས་གྱུར་ཅིག༔ གསེར་སྐྱེམས་གཡུ་སྐྱེམས་གཙང་མས་མཆོད༔ དགྲ་བོའི་ཤ་ཁྲག་མཆོད་པ་འབུལ༔ རིན་ཆེན་ཁང་བཟང་མཆོད་པ་འབུལ༔ རྟ་དང་ར་ལུག་མཆོད་པ་འབུལ༔ བཞོན་པ་རྣམ་པ་སྣ་ཚོགས་དང༔ འབྲི་དང་གཡག་དང་མཛོ་དང་དྲེལ༔ ཕྱུགས་ཀྱི་ཁྱུ་རྣམས་མཆོད་པ་འབུལ༔ དར་དང་ཟབ་ཀྱི་མཆོད་པ་འབུལ༔ མདོར་ན་ལྷ་མིའི་འཇིག་རྟེན་ན༔ མཁོ་རྒུའི་ཡོ་བྱད་ཅི་མཆིས་པ༔ མཛེས་རྒུས་བརྒྱན་ཏེ་སྙན་རྒུས་བསྟོད༔ བཟང་རྒུས་བཀང་སྟེ་མཆོད་པར་འབུལ༔ རྒྱན་ལྡན་མཆོད་གཏོར་འདི་བཞེས་ལ༔ འཇིག་རྟེན་བདེ་ཞིང་ལོ་ལེགས་དང༔ འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་དང༔ དགེ་ལེགས་ཐམས་ཅད་འབྱུང་བ་དང༔ ཡིད་ལ་འདོད་པ་ཀུན་གྲུབ་མཛོད༔ ཁྱད་པར་བོད་ཀྱི་རྒྱལ་ཁམས་འདི༔ ཡོངས་སུ་བསྲུང་བར་མཛད་ནས་ཀྱང༔ མཐའ་ཡི་དམག་རྣམས་བསྲུང་བ་དང༔ རང་གནས་དགེ་བར་བཞུགས་སུ་གསོལ༔ སྒོ་བ་རྣམས་ཀྱིས་སྒོ་སྡོམས་ཤིག༔ འཕྲང་པ་རྣམས་ཀྱིས་འཕྲང་སྲུངས་ཤིག༔ བོད་འདི་བཅོལ་ལོ་ཐུབ་པར་སྲུངས༔


RTZ044_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཆོད་ས་གཞི་བཅིང་བར་མཛོད༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ སྔོན་གྱི་ཞལ་བཞེས་ལས་རྣམས་གྲུབ་པར་མཛོད༔ ཅེས་བརྗོད་ཅིང་སྲོག་སྔགས་ཅི་ནུས་བཟླའོ།་་་གོང་གི་སྤྱན་འདྲེན་གྱི་མཇུག་གི་སྔགས་དེ་ཡིན་ནོ། །མཆན། སླར་ཡང་མཆོད་པ་བསྡུས་པ་ཕུལ་ལ་བཀའ་བསྒོས༔ བསྟོད་པ་བྱ་བ་ནི༔ ཧཱུྃ༔ སྲིད་པའི་ལྷ་ཆེན་ཡ་ཞུར་ཐང་ལྷ་གཉན༔ དཀར་པོ་འོད་འབར་སྦ་ལྕག་ཤེལ་ཕྲེང་འཛིན༔ ལྷ་རྟ་ངང་དཀར་འཆིབས་ནས་བསྟན་པ་སྲུང༔ རྡོ་རྗེ་འབར་བ་རྩལ་ལ་བདག་བསྟོད་དོ༔ ཧཱུྃ༔ དམུ་རྣམས་ཡོངས་ཀྱི་རྗེ་བཙན་མཐུ་བོ་ཆེ༔ རལ་པ་སྤྱི་རིང་རྫུ་འཕྲུལ་སྟོབས་ཀྱི་བདག༔ དམུ་ཞགས་འདོམ་དགུ་དང་ནི་རལ་གྲི་ཕྱར༔ བསྟན་སྲུང་དྲག་པོ་ཁྱོད་ལ་བདག་བསྟོད་དོ༔ ཧཱུྃ༔ ཀླུ་ཡི་རྒྱལ་པོ་ཆེན་པོ་མཐུ་སྟོབས་ཅན༔ མགོ་དགུ་སྦྲུལ་གྱི་རལ་པས་སྟོང་ཁམས་ཁྱབ༔ དམ་ཉམས་དགྲ་ལ་ཕོ་ལྷོག་ཧུར་ཐུམས་འབེབ༔ སྦྲུལ་ནག་ཞགས་པས་དགུ་སྡེ་འཆིང་ལ་བསྟོད༔ ཧཱུྃ༔ བདུད་རྒྱལ་ནག་པོ་ཆེན་པོ་ཁྲམ་ཁ་ན༔ འཇིགས་པའི་གནོད་སྦྱིན་ཁྲམ་བམ་ཐོད་དབྱུག་འཛིན༔ མཐའ་མི་གདུག་པའི་དམག་ཚོགས་ཁྲམ་ལ་འདེབས༔ དགྲ་བོའི་གཤེད་མ་ཆེན་པོ་ཁྱོད་ལ་བསྟོད༔ ཧཱུྃ༔ བོད་ཁམས་གླིང་དགུ་སྲིད་པ་ལས་


RTZ044_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ས༔ བདེ་གཤེགས་ཐུབ་པའི་བསྟན་པ་གནས་པའི་ཡུལ༔ བྱང་ཕྱོགས་སྒོ་བཞི་སྲུང་བའི་མཐུ་བོ་ཆེ༔ འཁོར་དང་བཅས་པ་རྣམས་ལ་བདག་བསྟོད་དོ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་ཁྲམ་སྟ་རེ༔ གནོད་སྦྱིན་འཇིགས་པའི་འཁོར་ཚོགས་མང་པོས་བསྐོར༔ ཕྱག་མཚན་ཁྲམ་བམ་སཏྭ་རེས་དགྲ་སྲོག་གཅོད༔ འཇིགས་བྱེད་ཆེན་པོ་ཁྱོད་ལ་བདག་བསྟོད་དོ༔ ཧཱུྃ༔ དྲེགས་པའི་གཙོ་བོ་མདུང་དམར་རལ་གྲི་ཅན༔ སྟག་གདོང་ཁ་གདངས་དགྲ་བགེགས་ཧབ་ཀྱིས་འདྲེན༔ ལུག་གདོང་འཇིགས་པས་དགྲ་སྡེ་རྨོངས་བྱེད་ཅིང༔ ཆུ་སྲིན་ཁ་ནས་དུག་གཏོང་ཁྱོད་ལ་བསྟོད༔ ཧཱུྃ༔ ལས་ཀྱི་མཁའ་འགྲོ་ནག་མོ་མཐུ་མོ་ཆེ༔ གྲི་གུག་ཐོད་པས་དགྲ་བོའི་སྙིང་ཁྲག་ལེན༔ འཇིགས་པའི་ཞལ་གདངས་སྟག་གདོང་དགྲ་ལ་རྔམས༔ ཤ་ཟ་ནག་མོ་ཁྱོད་ལ་བདག་བསྟོད་དོ༔ ཧཱུྃ༔ བདུད་དང་སྲིན་པོ་འདུས་པའི་དྲག་རྩལ་ཅན༔ རཀྴ་ཐོད་ཕྲེང་རྔམ་པའི་མཆེ་བ་གཙིགས༔ མདུང་དམར་ཞགས་པས་དགྲ་བགེགས་སྲོག་རྒྱུན་ཆོད༔ སྲིད་པའི་སྲོག་བདུད་ནག་མོ་ཁྱོད་ལ་བསྟོད༔ ཛམ་གླིང་བྱང་ཕྱོགས་བོད་ཡུལ་ཁ་བ་ཅན༔ བསྟན་པ་ཡུལ་ཁམས་བསྲུང་བར་གཉེར་གཏད་པ༔ མཐུ་ཆེན་རྩལ་ལྡན་འཕྲང་སྲུང་ཕོ་མོ་བཞི༔ འཁོར་དང་བཅས་པ་རྣམས་ལ་བདག་བསྟོད་དོ༔


RTZ044_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་པའི༔ མཐུན་རྫས་འདོད་ཡོན་སྤྲིན་ཕུང་འདི་བཞེས་ལ༔ ཐུབ་པའི་བསྟན་པ་ཡུན་དུ་གནས་བྱའི་ཕྱིར༔ མཐའ་དམག་བསྲུང་བའི་ལས་འདི་ཁྱོད་ཀྱིས་སྒྲུབས༔ ཅེས་བསྟོད་དོ༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཀྱཻ༔ དགོངས་ཤིག་སྒོ་བ་འཕྲང་པ་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ བོད་ཀྱི་ཡུལ་ཁམས་བསྲུང་བ་ཡི༔ ལས་འདི་རྟག་ཏུ་ཁྱོད་ཀྱིས་སྒྲུབས༔ བསྐལ་པ་ཐ་མའི་སེམས་ཅན་ལ༔ ཁྱོད་ཀྱིས་སྲུང་སྐྱོབ་མི་བྱེད་ན༔ དང་པོ་བྱང་ལམ་བར་པ་རུ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡིས༔ སྲོག་སྙིང་གཟིར་པ་མི་དྲན་ནམ༔ བར་དུ་བསམ་ཡས་ཧས་པོ་རིར༔ དབང་ཆེན་པདྨ་ཧེ་རུ་ཀས༔ དབང་དུ་བསྡུས་པ་མི་དྲན་ནམ༔ རི་བོ་བཀྲ་བཟང་རྩེ་མོ་རུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ ལྷ་སྲིན་ཐམས་ཅད་བཀུག་ནས་ནི༔ དམ་ཚིག་ཕོག་པ་མི་དྲན་ནམ༔ ཐ་མར་སློབ་དཔོན་པདྨ་ཡིས༔ སྤྱི་བོར་རྡོ་རྗེ་བཞག་ནས་ནི༔ ཨ་མྲི་ཏ་ནི་ལྕེ་ལ་བཞག༔ བསྟན་པའི་དགྲ་རྣམས་གཞོམ་པ་དང༔ མཐའ་མི་ཡོང་བ་དགག་པ་དང༔ ཐོག་དང་ཁ་ཆར་སེར་བ་ཡིས༔ དགྲ་སྡེ་འདུལ་བར་བྱ་བ་དང༔ སྒོ་སྲུང་


RTZ044_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲང་རྣམས་བསྡམ་པ་དང༔ རྟག་པར་དུས་རྣམས་ཐམས་ཅད་དུ༔ བོད་ཀྱི་ཡུལ་འདི་སྲུངས་ཤིག་ཅེས༔ བཀའ་བསྒོས་དམ་ལ་བཏགས་པ་རྣམས༔ དུས་འདི་ཉིད་དུ་དྲན་པར་མཛོད༔ སྒོ་བ་རྣམས་ཀྱིས་སྒོ་སྡོམས་ཤིག༔ འཕྲང་པ་རྣམས་ཀྱིས་འཕྲང་སྲུངས་ཤིག༔ མཚམས་གཅོད་མཐའ་དམག་མ་གཏང་ཞིག༔ སྔོན་གྱི་ཐ་ཚིག་རྗེས་དགོངས་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ རྗེས་སུ་འཇུག་པའི་སྔགས་འཆང་དང༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ལྷ་རྒྱུད་ཆགས་པའི་རྗེ་འབངས་རྣམས༔ མཐོ་མཐོ་དགུང་ལ་རེག་པ་དང༔ དམའ་དམའ་བུ་བཞིན་སྐྱོང་བ་དང༔ རུ་བཞི་བོད་ཀྱི་རྒྱལ་ཁམས་འདིར༔ མཐའ་དམག་ནམ་ཡང་མ་གཏང་བར༔ དུས་ཀུན་དུ་ནི་བསྲུང་བར་མཛོད༔ ཅེས་གཏོར་མ་དང་འོ་མ་གསེར་སྐྱེམས་གཡའ་ཆུ་གངས་ཆུ་དང་བཅས་ཏེ་བྱང་ཕྱོགས་ཀྱི་ནམ་མཁའི་མཐོངས་སུ་མཆོད་ལ༔ བཛྲ་ས་མ་ཡ་གཙྪ༔ས་གཤེགས་སུ་གསོལ༔ སྲུང་མ་མཆོད་པ་ལ་བརྩོན་ན་བོད་འདིར་བཀྲ་ཤིས་ཤིང་མཐའ་དམག་ཐུབ་བོ༔ སྲུང་མའི་མཆོད་ཐབས་སློབ་དཔོན་པདྨས་མཛད་པ་རྫོགས་སོ༔ ལྡན་མ་རྩེ་མང་གིས་ཡི་གེར་བྲིས་ནས་གཏེར་དུ་སྦས་པ་མ་འོངས་བོད་ཡུལ་བསྟན་སྲུང་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔


RTZ044_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འདྲ་འོད་གསལ་སྒྱུ་མས་ཤོག་སེར་ལས་དག་པར་ཕབ་པའོ།། །།


previousདམག་ཟློག་ཉེར་ལྔ་ལས་བོད་ཀྱི་སྒོ་སྲུང་བཞི་དང་འཕྲང་སྲུང་བཞིའི་གཏོར་ཆོག །ཞིག་གླིང་འོད་གསལ་སྒྱུ་མ།next