Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་ནད་འཇོམས་སྟོབས་སྒྲོན་མ། སྟག་ཤམ་ནུས་ལྡན་རྡོ་རྗེ།


 
previousབཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་ནད་འཇོམས་སྟོབས་སྒྲོན་མ། སྟག་ཤམ་ནུས་ལྡན་རྡོ་རྗེ།no next

བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་ནད་འཇོམས་སྟོབས་སྒྲོན་མ། སྟག་ཤམ་ནུས་ལྡན་རྡོ་རྗེ།


RTZ045_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་ནད་འཇོམས་སྟོབས་སྒྲོན་མ་བཞུགས་སོ༔ ཨྠྀི༔ ཟབ་བོ༔


RTZ045_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རི་ཁྲོད་ལོ་མ་གྱོན་མ་ལ་ཕྱག་འཚལ་ལོ༔ ནད་ཀྱི་རིགས་དང་ཁྱད་པར་འགོ་ཡམས་ཀྱི་རིགས་རྣམས་ཞི་བའི་ཕྱིར་དུ༔ རི་ཁྲོད་ལོ་མ་གྱོན་མའི་སྒོ་ནས་ཉམས་སུ་ལེན་པའི་ཐབས་ལ་གསུམ་སྟེ༔ སྔོན་འགྲོ་དང༔ དངོས་གཞི་དང༔ རྗེས་དང་གསུམ་མོ༔ དང་པོ་སྔོན་འགྲོ་བཅའ་ཐབས་ནི༔ དབེན་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ༔ ཟླ་སྟོད་ཚེས་གྲངས་བཟང་པོ་ལ༔ དཀྱིལ་འཁོར་ས་སྟེགས་ལ་བ་ཡི་ལྕི་བས་རྐྱང་ནུལ་བྱས་ལ༔ མེ་ཏོག་མཛེས་པ་ཚོམ་བུ་རུ་བཀོད་པའི་དབུས་བུམ་པ་མཚན་ཉིད་དང་ལྡན་པ་ཁྲུས་བྱས༔ གུ་གུལ་གྱིས་བདུག༔ བགེགས་བསྐྲད༔ དར་དཀར་གཙང་མའི་མགུལ་ཆིངས་དང༔ མེ་ཏོག་འབྲས་བུ་ཅན་གྱི་ཤིང་གི་ཁ་རྒྱན་དང༔ རྡོ་རྗེ་གཟུངས་ཐག་བཅས་ལེགས་པར་བཀོད་ནས༔ ཆུ་གཙང་ལ་བུམ་རྫས་ཉེར་ལྔའམ༔ སྨན་སྣ་བཏབ་པས་བཀང་ལ་ཁྲིའུའི་ཁར་བཤམ༔ མཐའ་སྐོར་དུ་སྨན་སྣ་མཆོད་ཡོན་གྱིས་བསྐོར་ལ༔ བདག་གིས་ཁྲུས་བྱེད༔ གོས་གསར་པ་གྱོན༔ དཀར་གསུམ་བཟའ་བ་དང་བཅས་ནས་སྟན་བདེ་བ་ལ་འཁོད༔ དཀར་ཕྱོགས་ལ་གཏོར་མ་བསྔོ༔ བགེགས་ལ་ལན་ཆགས་གཞལ༔ ཚད་མེད་བཞི་སྔོན་དུ་འགྲོ་བས་ཐོག་མར་བྱེད་པ་ནི༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ནད་འཇོམས་ལྷའི་གོ་འཕང་ཐོབ་པར་བྱ༔ དེའི་ཆེད་དུ་སེམས་ཅན་ཐམས་ཅད་ཀྱི་ནད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག༔ དེའི་ཕྱིར་དུ་བདག་ཉིད་སྤྱི་གཙུག་ཏུ༔ བླ་མ་ཀུན་བཟང་རྡོ་རྗེ་སེམས་


RTZ045_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེ༔ དགའ་རབ་འཇམ་དཔལ་ཤྲཱི་སིཾ་ཧ་དང༔ ཨོ་རྒྱན་པདྨ་རྗེ་འབངས་ཉེར་ལྔ་སོགས༔ བཀའ་གཏེར་བརྒྱུད་པའི་བླ་མ་ཐམས་ཅད་ཀུན༔ འཇའ་འོད་ཐིབས་སེ་སྤྱི་གཙུག་ཐོ་བརྩེགས་སུ༔ ཁྲིགས་སེར་བཞུགས་ནས་ནད་གདོན་ཀུན་འཇོམས་པའི༔ འོད་ཟེར་སྤྲོ་བསྡུས་བདག་གཞན་བྱིན་བརླབས་བསམ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་མ་ལུས་སྤྱན་འདྲེན་གཤེགས༔ སྤྱི་གཙུག་པད་ཟླའི་གདན་དུ་བཞུགས་ནས་ཀྱང༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔ སྡིག་བཤགས་འགྲོ་བའི་དོན་དུ་ཆོས་འཁོར་བསྐོར༔ ཕྱག་འཚལ་མངོན་པར་དད་གུས་དགའ་བས་བསྟོད༔ རྩ་བརྒྱུད་བླ་མ་བདག་དང་གཉིས་མེད་གྱུར༔ བདག་གཞན་ཕྱི་ནང་མི་དམིགས་སྟོང་པའི་ངང༔ བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང་པའི་དབུས༔ པདྨ་ཟླ་བ་རྒྱས་པའི་གདན་སྟེང་དུ༔ རང་གི་རྣམ་པར་ཤེས་པའི་ངོ་བོ་འདི༔ ཡི་གེ་པཾ་ལྗང་འོད་ཟེར་ཤར་བ་ལས༔ རི་ཁྲོད་ལོ་མ་གྱོན་མ་མཁའ་འགྲོ་མ༔ སྐུ་མདོག་དཀར་ལྗང་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་དཀར་ལ་གཡོན་དམར་དབུས་ལྗང་ཞལ༔ ཅུང་ཟད་ཁྲོ་ཞིང་བཞད་པའི་ཞལ་ཞི་ཁྲོ༔ སྤྱན་དགུ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཕྱག་དྲུག་གཡས་གསུམ་རྡོ་རྗེ་དགྲ་སཏྭ་མདའ༔ གཡོན་


RTZ045_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྡིགས་མཛུབ་ཞགས་པ་ཤིང་གི་གཞུ༔ དཔག་བསམ་ཤིང་ལོ་རབ་མཛེས་རས་དཀར་གྱི༔ ན་བཟའ་དང་ནི་རིན་ཆེན་སྐུ་སྟོད་གསོལ༔ སྟག་ལྤགས་རིན་ཆེན་ཅོད་པན་ཤམ་ཐབས་གསོལ༔ ཕྱག་ཞབས་རིན་ཆེན་ཤིང་གི་འབྲས་བུ་ཡི༔ ཕྲེང་བས་བརྒྱན་ཅིང་གསུས་པ་འཕྱང་བའི་ཚུལ༔ ཞབས་བཞི་བསྒྲད་པས་ཉོན་མོངས་བདུད་བཞི་གནོན༔ བསྐལ་པའི་མེ་འབར་ཀློང་དུ་གསལ་བར་བསྐྱེད༔ ཡེ་ཤེས་སྤྱན་དྲངས་དམ་ཚིག་གཉིས་མེད་བསྟིམ༔ དེ་ཡི་ཐུགས་ཀར་ས་བོན་པཾ་ལྗང་མཐར༔ སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་བར་བསམ༔ ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི༔ སརྦ་ཨུ་པ་པྲ་ཤ་མ་ཎི་སྭཱ་ཧཱ༔ བདག་མདུན་ཐ་མི་དད་པ་ཡི༔ ཐུགས་ཀའི་འོད་ཟེར་གཟུངས་ཐག་དང༔ འོད་ཟེར་སྤྲོ་བསྡུ་ཕྱོགས་བཅུར་བྱ༔ སྨན་དང་འཁོར་འདས་བཅུད་ཀུན་སྡུད༔ ཐུན་མཐར་མཆོད་བསྟོད་འདི་བཞིན་བྱ༔ ཧྲཱི༔ བཅོམ་ལྡན་འདས་མ་ལོ་མ་ཅན༔ ནད་སེལ་སྨན་གྱི་ལྷ་ཚོགས་བཅས༔ རང་བཞིན་གནས་ནས་སྤྱན་འདྲེན་པས༔ ཐུགས་རྗེས་དགོངས་ནས་གཤེགས་སུ་གསོལ༔ བཅོམ་ལྡན་གནས་འདིར་བྱོན་པ་ལེགས༔ བདག་ཅག་བསོད་ནམས་སྐལ་བར་ལྡན༔ བདག་གི་མཆོད་ཡོན་བཞེས་སླད་དུ༔ འདི་ཉིད་དུ་ནི་བཞུགས་སུ་གསོལ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ སོགས་བྱ། དེ་


RTZ045_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བདག་གིས་སྐུ་ཁྲུས་གསོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ རྒྱས་པར་འདོད་ན་སྐུ་གསུང་ཐུགས་ལ་ཡང་བྱ༔ བཅོམ་ལྡན་འདས་མ་འཁོར་བཅས་ལ༔ གཙང་ཞིང་གཙང་མ་སྦྱར་བའི་ཆུ༔ དྲི་མཆོག་བཟང་པོར་སྦྱར་པ་ཡི༔ མཆོད་ཡོན་ཞབས་བསིལ་འདི་འབུལ་ལོ༔ ཨོཾ་སརྦ་པཱུ་ཙ་ཨཱཿཧཱུྃ༔ ཧྲཱི༔ བཅོམ་ལྡན་འདས་མ་འཁོར་བཅས་ལ༔ པདྨ་ཨུཏྤལ་དྲི་བཟང་འོད་མདངས་བཅས༔ ཙནྡན་ཨ་ཀ་རུ་དང་སི་ལ་དང༔ འབྲུ་མར་རྩི་བཅུད་གསལ་བའི་ཨཱ་ལོ་ཀེ༔ ག་པུར་བསིལ་ངད་དྲི་བཟང་ཆུ་གཙང་དང༔ རོ་ལྡན་ལྷ་མིའི་བཅུད་མཆོག་ཞལ་ཟས་བཤོས༔ པི་ཝང་སྒྲ་སྙན་རོལ་མོ་སྣ་ཚོགས་ཀྱིས༔ ནམ་མཁའ་གང་བར་ཡིད་ཀྱིས་སྤྲུལ་ནས་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཙ་ཨཱཿཧཱུྃ༔ དེ་ནས་བསྟོད་པ་ནི༔ ཧྲཱི༔ ཆོས་ཉིད་དབྱིངས་ལས་རང་བྱུང་སྐུ༔ དཔལ་ལྡན་རི་ཁྲོད་ལོ་མ་ཅན༔ ཞལ་གསུམ་ཕྱག་དྲུག་འགྱིང་བག་ལྡན༔ ཤིང་ལོ་སྟག་རས་ན་བཟའ་གསོལ༔ བདུད་བཞི་བརྫིས་ཤིང་ཁྲོ་ཚུལ་སྟོན༔ རིན་ཆེན་རྒྱན་ལྡན་ཕྱག་མཚན་ཚོགས༔ ཉོན་མོངས་ནད་རྣམས་འཇོམས་མཛད་པའི༔ ཞི་འཛུམ་ལྷ་མོ་ཁྱོད་ལ་བསྟོད༔ ཅེས་པས་མཆོད་བསྟོད་གསོལ་


RTZ045_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་བྱ༔ སྔགས་ཀྱང་བརྒྱ་རྩ་བརྒྱད་བཟླས་པས༔ བུམ་པའི་ལྷ་ཚོགས་བདུད་རྩི་ཡི༔ སྨན་གྱི་ངོ་བོར་ཞུ་བར་བསམ༔ བདག་གཞན་སྤྱི་བོར་བུམ་པ་བཞག༔ དབང་བསྐུར་གསོལ་བཏབ་བདག་གི་ལུས༔ ལོ་མ་གྱོན་མའི་རྣམ་པར་གསལ༔ ཧྲཱི༔ བཀྲ་ཤིས་རིན་ཆེན་བུམ་པ་སྟེ༔ ཉོན་མོངས་ནད་འཇོམས་བདུད་རྩི་སྨན༔ ཁྱོད་ལ་དབང་བསྐུར་ཁྲུས་གསོལ་བས༔ ཉོན་མོངས་ནད་ལས་གྲོལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་པརྞ་ཤ་ཝ་རཱི་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ནད་འཇོམས་ཡེ་ཤེས་བདུད་རྩི་སྨན་མཆོག་འདིས༔ སྡུག་བསྔལ་མ་རིག་ནད་རྣམས་སེལ་བ་སྟེ༔ ཁྱོད་ལ་སྦྱིན་ཅིང་བཟའ་བཏུང་ཁྲུས་གསོལ་ནས༔ སྨན་གྱི་ནུས་པས་ནད་ལས་གྲོལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་པརྞ་ཤ་ཝ་རཱི་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ གཉིས་མེད་ཡེ་ཤེས་གཅིག་ཏུ་བསྲེ་ལ༔ ཧཱུྃ༔ རྟེན་འབྲེལ་ཐུགས་རྗེའི་ནུས་མཐུ་ལྡན་པ་ཡི༔ དཔལ་ལྡན་ཤ་བ་རཱི་པ་ཡེ་ཤེས་ཅན༔ ཁྱོད་ཀྱི་སྙིང་ལ་གཉིས་སུ་མེད་བཞུགས་ཏེ༔ ཐུགས་རྗེའི་ནུས་པས་ཉོན་མོངས་ནད་རྣམས་འཇོམས༔ སྐྱེ་དགུ་ཁྱོད་ནི་མི་ཤིགས་རྡོ་རྗེར་ཤོག༔ ཨོཾ་ཨཱཿཧཱུྃ་པརྞ་ཤ་ཝ་རཱི་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཞེས་རྗེས་སུ་བསྔོ་བ་སྨོན་ལམ་བཏབ༔ རྫོགས་རིམ་དམིགས་མེད་སྟོང་གསལ་བསྒོམ༔ སྒྱུ་མ་ལྟ་བུའི་རྣལ་འབྱོར་པས༔ ཁྱི་ཕག་ལྟ་བུའི་སྤྱོད་པ་བྱ༔ འདི་ལ་བརྩོན་པའི་རྣལ་འབྱོར་གང༔ ནད་ཀྱི་སྟེང་དུ་ཐོགས་པ་མེད༔ ཕར་འཇོམས་ནུས་པས་


RTZ045_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་ལམ་འདྲ༔ ཤིན་ཏུ་ཟབ་བོ་ས་མ་ཡ༔ ཨྠྀི༔ ཞེས་ཨོ་རྒྱན་གུ་རུས་གསུངས་པའི་མན་ངག་ཟབ་ཁྱད་ཡིན༔ ཨྠྀི༔ སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་མ་ཞི་བའི་ཆ་ལག་གོ །སརྦ་མངྒ་ལཾ།། །


previousབཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་ནད་འཇོམས་སྟོབས་སྒྲོན་མ། སྟག་ཤམ་ནུས་ལྡན་རྡོ་རྗེ།no next