Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས་རི་ཁྲོད་ལོ་མ་གྱོན་མའི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་མཚམས་སྦྱོར་གྱིས་བརྒྱན་པ། བསྟན་གཉིས་གཡུང་དྲུང་གླིང་པ།
   
   
   


 
previousདམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས་རི་ཁྲོད་ལོ་མ་གྱོན་མའི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་མཚམས་སྦྱོར་གྱིས་བརྒྱན་པ། བསྟན་གཉིས་གཡུང་དྲུང་གླིང་པ།next

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས་རི་ཁྲོད་ལོ་མ་གྱོན་མའི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་མཚམས་སྦྱོར་གྱིས་བརྒྱན་པ། བསྟན་གཉིས་གཡུང་དྲུང་གླིང་པ།


RTZ045_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། རི་ཁྲོད་ལོ་མ་གྱོན་མའི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་མཚམས་སྦྱོར་གྱིས་བརྒྱན་པ་བཞུགས་སོ། །


RTZ045_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ལྔ་སྟོབས་སུ་གྱུར་པའི་རིམས། །འཇོམས་མཛད་བདུད་རྩིའི་སྨན་ཆར་ཅན། །རི་ཁྲོད་རྣལ་འབྱོར་མར་བཏུད་ནས། །སྨིན་བྱེད་ཉེར་མཁོའི་བཙས་སུ་བཀོད། །འདི་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་མཎྜལ་པདྨ་འདབ་བརྒྱད་འཇའ་འོད་མེ་རིས་བསྐོར་བའི་ལྟེ་བར་པདྨ་ཉི་ཟླའི་གདན་ལ་མེ་ཏོག་ལྗང་གུའི་ཚོམ་བུ་བཀོད། དེ་སྟེང་ཁྲིའུའི་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་འབྲས་བུ་ཅན་གྱི་ཤིང་ལོས་ཁ་བརྒྱན་པ་བཀོད། གཡས་སུ་རིན་པོ་ཆེའི་སྣོད་གཙང་མར་གཏོར་ཟླུམ་དཀར་པོ་གཙོ་འཁོར་ལྔ་པ་རྒྱན་ལྡན། གཡོན་དུ་དབང་ཕྲེང་དང་མེ་ལོང་ལ་སྨན་དང་སིདྡྷུ་ར་བརྡལ་བ། མདུན་དུ་ཕྱི་མཆོད་བཤམ། བརྒྱུད་འདེབས་དང་། སྒྲུབ་ཐབས་ཀྱི་སྐྱབས་སེམས། ཡན་ལག་བཅུ་པའི་འཕྲོས་སུ། མཆོད་པ་བྱིན་རླབས་སྤྱི་འགྲེ་ཞིག་སྦྱར། དེ་ནས་བདག་བསྐྱེད། པཾ༔ པཾ་ལས་པདྨ་གནམ་ལྕགས་ལས་གྲུབ་པའི༔ སོགས་ནས། བསྐལ་པའི་མེ་ཕུང་ཀློང་དུ་བཞུགས༔ ཞེས་པའི་མཚམས་སུ། བུམ་སྒྲུབ་ཉོན་མོངས་ནད་འཇོམས་ལྟར་བསང་སྦྱང་ནས་བརྩམ་མདུན་བུམ་གཉིས་ཚིག་གཅིག་གིས་བསྐྱེད། མེ་རི་མེ་དཔུང་འབར་བའི་ཀློང་ན་བཞུགས༔ ཞེས་པའི་མཚམས་སུ་སྒྲུབ་ཐབས་ཀྱི། དེ་ལྟར་གསལ་བའི་གནས་གསུམ་ལས༔ སོགས་ནས། སྤྱན་འདྲེན་ཕྱག་མཆོད་བསྟོད་པའི་བར་གཏང་། དེ་ནས་དམིགས་འབྱེད་ལྟར་བདག་མདུན་བུམ་གསུམ་ལ་དམིགས་བཟླས་ཏིང་ངེ་འཛིན་གྱི་འཕྲོ་འདུ་བཅས་བཟླས་པ་ཅི་འགྲུབ་བྱ། མཐར་མཆོད་བསྟོད་མདོར་བསྡུས་དང་བུམ་ལྷ་འོད་ཞུ། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས་ནས་ཏིང་ངེ་འཛིན་གྱིས་དབང་ལེན་བྱ་ཞིང་གནང་བ་ནོད་དོ། །འདིར་བཀོད་པ་ཁྱེར་བདེར་ཡིན་གྱི་བུམ་སྒྲུབ་སོགས་རྒྱས་པར་སྤྲོ་ན་བདག་མདུན་བུམ་གསུམ་ཕྲིན་ལས་སོ་སོར་གཏང་དགོས་པ་ཡིན་ནོ། །


RTZ045_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་སློབ་མ་ལ་ཁྲུས་བྱ། བགེགས་གཏོར་བཏང་། མཚམས་བཅད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་རྗེ་བཙུན་ལྷ་མོ་རི་ཁྲོད་མ་འདི་ཉིད་ངེས་པའི་དོན་དུ་ཀུན་ཏུ་བཟང་མོ་ཤེས་རབ་ཕར་ཕྱིན་གྱི་དབྱིངས་ལས་ཡེ་ཤེས་རིགས་ལྔའི་རོལ་པ་ཡུམ་ལྔ་ལོངས་སྤྱོད་རྫོགས་པའི་སྐུར་ཤར་བས་ལུས་ཅན་རྣམས་ཀྱི་དུག་ལྔའི་རྒྱུ་འབྲས་སེལ་བར་མཛད་ཅིང་། དེ་ལས་གང་འདུལ་སྤྲུལ་པའི་རྣམ་རོལ་མཐའ་ཡས་པས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་མཛད་པ་ལས། རྩོད་པའི་དུས་མཐའི་འགྲོ་བ་ཉོན་མོངས་པ་སྟོབས་སུ་གྱུར་པའི་རང་མདངས་ནད་ཀྱི་དུ་རུ་ཤའི་འཇིགས་པས་ཉེན་པ་རྣམས་མཚན་དང་རིག་སྔགས་ཙམ་གྱིས་སྐྱོབ་པར་མཛད་ཅིང་། མཐར་ཐུག་ཐར་པ་མཆོག་ལ་སྦྱོར་བའི་རིག་སྔགས་ཀྱི་ལྷ་མོའི་ཚུལ་དུ་སྤྲུལ་པ་ཡིན་པའི་ཕྱིར་རྗེ་བཙུན་སྒྲོལ་མའི་མཚན་གྱི་རྣམ་གྲངས་སུའང་འབྱུང་ལ། དྲང་དོན་དུ་དཔལ་ལྡན་རང་བྱུང་རྒྱལ་མོའི་སྐུའི་རྣམ་འགྱུར་དུའང་བསྟན་པས་ཕྲིན་ལས་ནུས་པའི་སྟོབས་ཤིན་ཏུ་མྱུར་བ་སྟེ། འདིའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་མང་དུ་བྱོན་པ་ལས། འདིར་གསང་སྔགས་ཀྱི་སྟོན་པ་རྡོ་རྗེའི་སློབ་དཔོན་ཆེན་པོ་པདྨ་བདུད་འདུལ་གྱི་བཀའ་གསང་། ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེས་ཚ་བ་སྒྲོ་བྲག་ནས་སྤྱན་དྲངས་པའི་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་ཆ་ལག་དཔལ་ལྡན་རི་ཁྲོད་མའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་


RTZ045_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཀུན་བདག་རྡོ་རྗེ་འཛིན༔ ཉོན་མོངས་དྲི་མས་རབ་དབེན་ཕྱིར༔ དཔལ་ལྡན་རི་ཁྲོད་མཁའ་འགྲོ་མའི༔ གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། བླ་མ་དང་མདུན་བསྐྱེད་རྗེ་བཙུན་རི་ཁྲོད་མ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ཏེ་བཞུགས་པ་ལ་བདག་སོགས་སེམས་ཅན་ཐམས་ཅད་ཇི་སྲིད་སྙིང་པོའི་བར་སྐྱབས་སུ་འགྲོ་བའི་འདུན་པས་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སོགས་སྒྲུབ་ཐབས་ལྟར་ལན་གསུམ། ཕ་མ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཅིང་སངས་རྒྱས་ཀྱི་ས་ལ་འགོད་པའི་སླད་དུ་གསང་བ་ཟབ་མོའི་སྒོར་ཞུགས་པར་སེམས་བསྐྱེད་པའི་རྗེས་ཟློས། ཁམས་གསུམ་སྐྱེ་གནས་སོགས་ནས། དཔལ་ལྡན་རི་ཁྲོད་མ་ཡི་དལ་དུ་འཇུག༔ གསུམ། ཚོགས་གསག་ཡན་ལག་བཅུ་ཡི་དམིགས་རིམ་གསལ་ཐོབས་ལ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ བླ་མ་རིག་འཛིན་སོགས། དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་གཞན་དུ་མ་ཡེངས་པར་དམིགས་འདུན་འདི་བཞིན་དུ་མཛོད་ཅིག །བསང་སྦྱང་། གཟུང་འཛིན་གྱི་སྣང་བ་མི་དམིགས་ཏེ་སྟོང་པའི་ངང་ལས། པདྨ་ཉི་ཟླ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་རང་སེམས་རིག་པའི་ངོ་བོ་པཾ་ལྗང་གུ །དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་


RTZ045_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས། དཔལ་ལྡན་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་མ༔ གཡས་དཀར་གཡོན་དམར་དབུས་ལྗང་བའི་ཞལ་ཅུང་ཟད་ཁྲོ་ཞིང་བཞད་པའི་ཚུལ་ཅན༔ སྤྱན་གསུམ་གསུམ་དང་ལྡན་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང༔ ཕྱག་གཡས་གསུམ་རྡོ་རྗེ་དང་དགྲ་སཏྭ་ཤེས་རབ་ཀྱི་མདའ་བསྣམས་པ༔ གཡོན་གསུམ་ན་སྡིགས་མཛུབ་དང་ཞགས་པ་ཤིང་འབྲས་ལོ་མ་ཅན་བསྣམས་པ༔ སྐུ་སྟོད་ལ་དར་དཀར་གྱི་ན་བཟའ་དང་དཔག་བསམ་གྱི་ཤིང་ལོ་གསོལ་བ༔ ཕྱག་ཞབས་ཐམས་ཅད་རིན་པོ་ཆེ་དང་ཤིང་གི་འབྲས་བུས་བརྒྱན་པ༔ གསུས་པ་འཕྱང་ཞིང་སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ༔ ཞབས་བཞི་བསྒྲད་ཅིང་ཉོན་མོངས་པའི་བདུད་བཞི་མནན་པ༔ ཡེ་ཤེས་ཀྱི་མེ་རི་མེ་ཕུང་འབར་བའི་ཀློང་དུ་བཞུགས་པའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་དང་། སློབ་དཔོན་དང་དཀྱིལ་འཁོར་པ་ལས་འཕྲོས་པའི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པར་མོས་ཤིག །སྤོས་རོལ་དབྱངས་བཅས་སྤྱན་འདྲེན་དང་སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཞེས་རྡོ་རྗེ་མགོར་བཞག །དེས་དབང་གི་གཞི་འགོད་པ་སོང་ནས། དབང་དངོས་ལ་


RTZ045_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་སྐུ་བུམ་པའི་དབང་གི་སླད་དུ། བླ་མ་དཀྱིལ་འཁོར་གྱི་གཙོ་མོས་བུམ་པ་རང་བྱུང་གི་ཕོ་བྲང་བདུད་རྩི་སྨན་ཆབ་ཀྱིས་བཀང་སྟེ་སྤྱི་བོ་ནས་དབང་བསྐུར་བས། ལུས་ཀྱི་ནང་ཐམས་ཅད་སྨན་གྱི་ཆུ་རྒྱུན་གྱིས་གང་། སྡིག་སྒྲིབ་ནད་གདོན་མ་ལུས་པ་སང་གིས་དག །སྐུའི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །ཧཱུྃ་ཧྲཱི༔ བཀྲ་ཤིས་བུམ་པ་མཚན་ལྡན་གཞལ་ཡས་ཁང༔ ཉོན་མོངས་ནད་འཇོམས་བདུད་རྩི་སྨན་མཆོག་འདིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཉོན་མོངས་ནད་རིགས་མ་ལུས་རབ་ཞི་ནས༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་པརྞ་ཤ་ཝ་རཱི་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ གནས་གསུམ་དུ་བསྐུར་ལ་བུམ་ཆུ་སྦྱིན། གཉིས་པ་གསུང་བཟླས་ལུང་གི་སླད་དུ། སློབ་དཔོན་དང་ཁྱེད་རང་གཉིས་ཀ་རི་ཁྲོད་ལོ་མ་ཅན་གྱི་མཁའ་འགྲོ་མར་གསལ་བའི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། པཾ་ཡིག་ལྗང་གུའི་མཐའ་སྐོར་དུ་སྔགས་ཕྲེང་ལ་འོད་ཟེར་མགལ་མེ་ལྟ་བུར་འཁོར་བ་གསལ་ཐོབས། སློབ་དཔོན་ལ་གུས་འདུད་དྲག་པོ་མཛད་པའི་རྐྱེན་གྱིས་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་མཆེད། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་སྔགས་འཁོར་ལ་ཐིམ་པས་གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ལ་སྔགས་འདིའི་རྗེས་ཟློས། སྙིང་པོ་ལན་གསུམ་དང་ཕྲེང་བ་མགྲིན་པར་བཞག་ཅིང་ལག་ཏུ་གཏད་ལ། གསལ་ཆ་མ་འགགས་ཡི་དམ་ལྷ་ཡི་དབང༔ གསང་སྔགས་


RTZ045_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་འུར་ཏིར་སིང་སྒྲ་སྒྲོག༔ སྔགས་བཟླས་ཆུ་རྒྱུན་ཅི་བཞིན་དུ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ སྙིང་པོ་དང་དབྱངས་གསལ་ཡེ་དྷར་བརྗོད། གསུམ་པ་ཐུགས་ཡེ་ཤེས་ཆེན་པོའི་བྱིན་རླབས་འཕོ་བའི་སླད་དུ། སྨན་དང་སིནྡྷུ་རའི་མེ་ལོང་སྙིང་གར་བཞག་པས་རྒྱུ་དུག་ལྔའི་གཅོང་ནད་ཐམས་ཅད་སྐད་ཅིག་གིས་བྱང་། ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །མེ་ལོང་སྙིང་གར་བཞག་ལ། ཆོས་དབྱིངས་རྣམ་དག་ཡི་དམ་ལྷ་ཡི་དབང༔ རྟོག་མེད་དབང་མཆོག་བྱང་སེམས་སིནྡྷུ་ར༔ ནད་ཀུན་སེལ་མཛད་པཉྩ་ལྔ་ཡི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཀྲེ་ཏ་པར་པ་ཏ་ལ་སོགས་པ་ཡི༔ ནད་གདོན་མ་ལུས་ཐམས་ཅད་ཀུན་ཞི་ཤོག༔ སྙིང་པོའི་མཐར། ཙིཏྟ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་གི་སླད་དུ། གཏོར་མ་འདི་ཉིད་དཔལ་ལྡན་རི་ཁྲོད་ལོ་མ་གྱོན་མ་རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བའི་སྐུ་ལས་བདུད་རྩིའི་རང་བཞིན་འོད་ཟེར་དཀར་དམར་མཐིང་བའི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་དམ་རྫས་བ་ལིཾ་ཏ༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་དྷཱ་ཀིའི་དབང༔


RTZ045_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ནད་འཇོམས་མ་ཡི་དབང་བསྐུར་བས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ སྙིང་པོ་དང་། བ་ལིཾ་ཏ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ལྟ་སྒོམ་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པ་ལ་གསན་ཏེ་དེའི་དོན་ལ་མཉམ་པར་འཇོག་པར་ཞུ། ཨེ་མ་ལྟ་བ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཡིན༔ སྒོམ་པ་མི་འགྱུར་མི་ཞིག་དཔྱོད་བསྒོམ་བྲལ༔ སྤྱོད་པ་འགག་མེད་རང་གྲོལ་ཤུགས་འབྱུང་དང༔ དམ་ཚིག་ཕྲིན་ལས་གཞན་དོན་སྣ་ཚོགས་སྤྱོད༔ འབྲས་བུ་རང་གྲོལ་ཡེ་ཤེས་ཀུན་ཏུ་བཟང༔ ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་ཡང༔ ཡི་དམ་ལྷ་ཚོགས་སྐུ་གསུང་ཐུགས་ལ་ཚང༔ རིག་སྟོང་གྲགས་སྟོང་དྲན་སྟོང་སྟོང་པའི་ཚོགས༔ སེམས་བྱུང་སྟོང་གསལ་རང་བྱུང་མ་འགགས་གསལ༔ རྣམ་རྟོག་འགྱུ་དྲན་ངོ་བོ་ཉིད་ཀྱིས་སྟོང༔ ཡེ་ཤེས་ལྷན་ཅིག་སྐྱེས་པས་དགག་སྒྲུབ་མེད༔ རྟག་ཏུ་དེ་ཉིད་ངང་ལ་གནས་པར་མཛོད༔ རྟག་ཏུ་དེ་ཉིད་ངང་ལ་གནས་གྱུར་ན༔ ཚེ་འདིར་སངས་རྒྱས་འགྲུབ་ངེས་སྐལ་ལྡན་ཀུན༔ ཞེས་ཅུང་ཟད་མཉམ་པར་བཞག །དེ་ནས་ཤིས་བརྗོད་བྱ་ཞིང་མེ་ཏོག་འཐོར། དམ་ཚིག་བསྒྲག་གཟུང་གཏང་རགས་སོགས་སྤྱི་ལྟར་བྱ། རྗེས་གཏང་རགས་མཆོད་བསྟོད་དང་ནོངས་བཤགས་ཡིག་བརྒྱ་བཟླ། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། བསྔོ་སྨོན་དང་བདག་བསྐྱེད་བསྡུ་ལྡང་དམིགས་


RTZ045_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་ནང་ལྟར་བྱའོ། །འདི་དགེས་དུག་ལྔའི་གཅོང་ནད་བྱང་། །འབྲས་བུའི་འཇིགས་ལས་ཤུགས་ཀྱིས་གྲོལ། །ལུས་སེམས་བདེ་སྐྱིད་དཔལ་གྱིས་འཚོ། །ཆོས་བཞིན་སྤྱོད་པས་ཀུན་ཁྱབ་ཤོག །ཅེས་པའང་གཞན་ཕན་ཉེར་མཁོའི་བཙས་སུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།


previousདམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས་རི་ཁྲོད་ལོ་མ་གྱོན་མའི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་མཚམས་སྦྱོར་གྱིས་བརྒྱན་པ། བསྟན་གཉིས་གཡུང་དྲུང་གླིང་པ།next