Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་གཏེར་ཟུང་འཇུག་ལོ་མ་ཅན་གྱི་དབང་བྱིན་རླབས་ཅན། རཱ་ག་ཨ་སྱ།
   


 
previousབཀའ་གཏེར་ཟུང་འཇུག་ལོ་མ་ཅན་གྱི་དབང་བྱིན་རླབས་ཅན། རཱ་ག་ཨ་སྱ།next

བཀའ་གཏེར་ཟུང་འཇུག་ལོ་མ་ཅན་གྱི་དབང་བྱིན་རླབས་ཅན། རཱ་ག་ཨ་སྱ།


RTZ045_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་ཟུང་འཇུག་ལོ་མ་ཅན་གྱི་དབང་བྱིན་རླབས་ཅན་བཞུགས༔


RTZ045_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པརྞ་ཤ་ཝ་རི་ཡེ༔ ལོ་མ་ཅན་གྱི་དབང་བསྒྲུབ་ནི༔ གཏོར་མ་དཔེའུ་རིས་ལྟར་བཅའ༔ བདག་མདུན་བུམ་པ་ལོ་མ་ཅན༔ སེར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་རྡོ་རྗེ་གཡོན་སྡིགས་མཛུབ༔ རྨ་བྱ་ལོ་མའི་ཤམ་ཐབས་ཅན༔ པདྨ་ཉི་མའི་གདན་ལ་བཞུགས༔ སངས་རྒྱས་ཀུན་གྱི་བྱིན་བརླབས་རྣམས༔ བདག་མདུན་བུམ་ཐིམ་དབང་བསྐུར་གྱུར༔ ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱ༔ སྔགས་ནི་ཕྲེང་སྐོར་གསུམ་བཟླས་སོ༔ རྒྱས་པར་འདོད་ན་ལོ་མ་གྱོན་མའི་ལས་བྱང་ཡང་འདོན༔ བསྡུ་ན་མི་དགོས༔ ཁྲུས་བྱས་མཎྜལ་ཕུལ། ད་ལམ་ཁྱེད་རྣམས་ལ་ལོ་མ་གྱོན་མའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཟུར་ཙམ་ནི། སྔོན་གྱི་དུས་རི་རབ་ཀྱི་རྩེ་རིན་པོ་ཆེའི་གཞལ་ཡས་ཁང་ན། རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པ་འདུས་ནས། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་ཏིང་ངེ་འཛིན་མི་གཡོ་བར་སྣང་བ་ལ་དབང་བསྒྱུར་ནས་ཆེར་གཟིགས་པས། ཁྲོ་བོ་རྣམ་པར་སྣང་མཛད་སྐུ་མདོག་ལྗང་


RTZ045_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

གུ །དབུ་དགུ་ཕྱག་སྟོང་ཞབས་སུམ་ཅུ་སོ་གཉིས་དང་ལྡན་པར་གྱུར་ཏེ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ནམ་མཁའི་ཞབས་ཀྱིས་མནན། འོད་ཟེར་བཀྱེས་ཏེ་འཇིག་རྟེན་གྱི་ཁམས་དག་པར་བྱས། དེ་ནས་སྤྲུལ་པ་བསྡུས་ཏེ། བདག་ནི་གདུག་པའི་གཟུགས་སུ་གྱུར་ནས། བསྟན་པ་བསྲུང་ཞིང་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་བཏབ། དེ་མ་ཐག་ཏུ་དཔལ་ལྡན་ལྷ་མོ་དཔོན་གཡོག་གི་སྐུར་གྱུར་ནས་འཇིག་རྟེན་གྱི་ཁམས་སུ་རྒྱུའོ། །དེར་ལྷའི་བུ་ལ་ལ་ནི་འཇིགས་ཤིང་བསྔངས། ལ་ལ་ནི་བལྟ་ཞིང་རྒོད། ལ་ལས་བལྟ་བར་མ་ནུས༔ ལ་ལས་སྐྱབས་སུ་འགྲོའོ། །དེར་སྤྱན་རས་གཟིགས་ཀྱིས་འདི་ལ་མ་འཇིགས་མ་གཤེ་བར་སྐྱབས་དང་གླིང་དུ་ཤེས་ཏེ་མཆོད་ཅིང་བསྟོད་ཅིག་གསུངས་པས། ལྷ་རྣམས་དང་སྡེ་བརྒྱད་རྣམས་ཀྱིས་བསྟོད་པ་རྒྱ་ཆེར་བྱས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་རིན་པོ་ཆེས་བརྒྱན་པ་ལྟ་བུར་གྱུར། དེ་ནས་ལྷ་མོ་ཉིད་ཏིང་ངེ་འཛིན་ལ་བཞུགས་ནས། ལྷ་མོ་ཉིད་ཀྱིས་ཞིང་ཁམས་རྣམ་པར་དག་ཚུལ་དང་། མ་འོངས་པའི་སངས་རྒྱས་དཔལ་ལྡན་ནོར་བུ་རིན་པོ་ཆེ་ལས་བྱུང་བ་ཉིད་ཡིན་པར་གསུངས། འགྲོ་བ་རིགས་དྲུག་གི་གནས་སུ་བྱོན་ནས་ཆོས་བསྟན་པས་རིགས་དྲུག་གི་སེམས་ཅན་རྣམས་དྲངས། གདུག་པ་ཅན་རྣམས་དམ་ལ་བཏགས་པས། དམྱལ་བ་སྟོང་མཛད་མ། ཡི་དྭགས་ཚིམས་མཛད་མ། དུད་འགྲོའི་ལྷ་མོ་གཡང་ཤམ་


RTZ045_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞེས་གྲགས། དེ་ནས་རི་རབ་ཀྱི་སྟེང་ཡོངས་འདུའི་ཤིང་དྲུང་དུ་བྱོན་པས། ཕྱག་ན་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་བསྟན་འཛིན་མ་ལ་མཆོད་ཅིང་བསྟོད་ཅིག་གསུངས་པས། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་བསྟོད་པ་བྱས། ཕྱག་ན་རྡོ་རྗེས་ལྷ་མོ་འདི་ལ་བསྟོད་པ་ནི་ང་ལ་བསྟོད་པ་ཡིན་ནོ། །ལྷ་མོས་ཀྱང་མི་དེ་བསྲུང་བར་བྱེད་དོ། །སྐྱོབ་པར་བྱེད་དོ། །ཅི་འདོད་པའི་དངོས་གྲུབ་སྟེར་བར་བྱེད་དོ། །ཞེས་གསུངས། བྱང་ཆུབ་སེམས་དཔའ་ཀླུ་དུང་གི་འཛེར་པ་ཅན་ལ། ཁྱུང་གིས་འཚེ་བས་ལྷ་མོས་ཁྱུང་བཏུལ་ནས་ཀླུ་བསྐྱབས་པས། ལྷ་མོ་དུང་སྐྱོང་མ་ཞེས་གྲགས། དེ་ནས་རི་ཁྲོད་མདངས་དགའ་བ་ན་ཤིང་རི་ཁྲོད་ཅེས་བྱ་བའི་ལོ་མ་གྱོན་ནས། འཕགས་པ་མི་ཕམ་པའི་གཟུངས་བཟླས་པས། ལྷ་མོ་རི་ཁྲོད་ལོ་མ་ཅན་པརྞ་ཤ་བ་རཱི་ཞེས་གྲགས་སོ། །དེ་ལ་དཔལ་སམ་བྷུ་ཊི་ལས། །གདུག་རྩུབ་ཐམས་ཅད་ཞི་བ་དང་། །ནད་རྣམས་ཐམས་ཅད་འཕྲོག་བྱེད་པ། །པརྞ་ཤ་བ་རཱི་ཞེས་བྱ། །རྣལ་འབྱོར་ཅན་གྱིས་བསྒོམ་པར་བྱ། །བཅོམ་ལྡན་རྡོ་རྗེ་འཛིན་པས་བཤད། །ཅེས་དང་། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ལས། དེ་ནས་བཅོམ་ལྡན་འདས་ཀྱི་ནད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མྱ་ངན་ཆེན་པོ་ཉེ་བར་ཞི་བར་མཛད་པའི་རིག་སྔགས་རི་ཁྲོད་ཀྱི་ཤིང་ལོ་མ་ཅན་འདི་གསུངས་སོ། །ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་མ་ཏི་པྲ་ཤ་མ་ནི་ཧཱུྃ་ཕཊཿ དེ་ནས་རིག་སྔགས་ཆེར་གསུངས་


RTZ045_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

པས། །སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས། །གནོད་བྱེད་ནད་གདོན་སྲིན་པོ་དང་། །སྡང་བ་རྣམས་ཀྱི་སྙིང་ཡང་ཟག །ཅེས་དང་། དེ་འདྲ་རྣལ་འབྱོར་གྱིས་བསྒོམས་ན། མི་ངས་ཐམས་ཅད་ཞི་བར་འགྱུར། ནད་ཐམས་ཅད་ཞི་བར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་དང་། དངོས་གྲུབ་བསྟན་གཟིགས་ལས། བྱང་ཆུབ་སེམས་དཔའ་མི་གཡོ་བའི་ཏིང་ངེ་འཛིན་གྱིས། སྨོན་ལམ་གྱི་རྣམ་པར་འཕྲུལ་བ་བཏབ་པའི་ཕྱིར། བཀྲ་ཤིས་པའི་ལྷ་མོའི་གསང་སྔགས་བཅུ་གཅིག་པ་འདི་བྱིན་གྱིས་བརླབས་སོ། །ཨོཾ་པརྞ་ཤ་ཝ་རཱི་པི་ཤཱ་ཙི་སྭཱ་ཧཱཿ བཀྲ་ཤིས་ཀུན་གྱི་བདག་མོ་སྟེ། །ལུས་ཅན་ཀུན་གྱི་སྐྱབས་སུ་འགྱུར། །སྲིད་པ་མ་སྟོངས་བར་དུ་ནི། །འཇིག་རྟེན་ཀུན་ལ་བར་ཆད་མེད། །ཕན་པར་མཛད་པའི་བརྩོན་འགྲུས་ཅན། །འདི་དག་ཡོངས་སུ་བརྟེན་པར་བྱེད་པ་གང་དག་ལུས་དང་ངག་དང་ཡིད་རྣམ་པར་དག་པར་འགྱུར་རོ། །བྱང་བར་འགྱུར་རོ། །དག་པར་འགྱུར་རོ། །ཡུལ་བདེ་བར་འགྱུར་རོ། །གནོད་པ་ཐམས་ཅད་ཡང་དག་པར་སྦྱང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་རྒྱུད་སྡེ་ཐམས་ཅད་ནས་ཡམས་ནད་རིམས་ནད་ཞི་བའི་མཆོག་ཏུ་གསུངས་པའི་ཕྱིར། བཀའ་གཏེར་ཟུང་འཇུག་ལོ་མ་གྱོན་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༔ འཕགས་མ་བླ་མ་དབྱེར་མེད་ངང༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ལན་གསུམ་བརྗོད། སྐྱབས་འགྲོ


RTZ045_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

་སེམས་བསྐྱེད་ནི། བླ་མ་དཀོན་མཆོག་གསུམ་རྣམས་ལ༔ བདག་ནི་རྟག་པར་སྐྱབས་སུ་མཆི༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ སྡིག་བྱས་ཐམས་ཅད་མཐོ་ལོ་བཤགས༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི༔ དགེ་བྱས་ཀུན་ལ་རྗེས་ཡི་རངས༔ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས༔ ཆོས་སྟོན་མཛད་པར་བདག་གིས་བསྐུལ༔ རྫོགས་པའི་སངས་རྒྱས་ཐམས་ཅད་ནི༔ མྱ་ངན་མི་འདའ་བཞུགས་པར་འཚལ༔ བདག་གིས་དེ་ལྟར་གསོལ་བཏབ་པའི༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་། ཨཱཿལས་ཟླ་བའི་སྟེང་དུ། ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱུྃ་ཡིག་སེར་པོ་ལས་འོད་འཕྲོས་དོན་གཉིས་བྱས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་འཕགས་མ་ལོ་མ་གྱོན་མ་སྐུ་མདོག་གསེར་གཙོ་མ་ལྟ་བུ་ཞལ་གཅིག་ཞི་ཞིང་འཛུམ་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ། དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་འོད་འབར་བ་ལྔས་བརྒྱན། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྐུ་རེག་དར་དཔྱང་འཕུར་བ། རིན་པོ་ཆེའི་སྙན་ཆ་དང་མགུལ་ཆུ་དང་ཕྱག་གདུབ་ཞབས་གདུབ་སྐུ་རེག་དོ་ཤལ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྨ་བྱའི་མདོངས་དང་ཤིང་ལོ་གསར་པའི་ཤམ་ཐབས་ཅན། རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་བའི་འོད་ཉི་མ་ལྟ་བུས་མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་གཅོད་པར་བྱེད་པ། གཡོན་ཐུགས་ཀར་


RTZ045_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

སྡིགས་མཛུབ་མཛད་ཅིང་སྤྱན་གསུམ་ཟུར་གྱིས་གཟིགས་པས་བགེགས་ཀྱི་ཚོགས་སྐྲག་པར་བྱེད་པ། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའི། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་དང་རི་ཁྲོད་མདངས་དགའ་བ་ནས། འཕགས་མ་ལོ་མ་གྱོན་མའི་སྐུ་ཆེ་བ་ལ་རི་རབ་ཙམ། ཆུང་བ་ལ་ཡུངས་དཀར་གྱི་འབྲུ་ཙམ་ཆར་བཞིན་བབས་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །ཧཱུྃ༔ ལོ་མ་གྱོན་མའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ རྩ་སྔགས་དང་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ༔ ཧཱུྃ༔ འདི་ནི་རྣམ་རྒྱལ་བུམ་པ་སྟེ༔ འདི་ནང་ལོ་མ་གྱོན་མ་བཞུགས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡི༔ བུམ་པའི་དབང་ནི་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་དབང་བསྐུར་པས་སྐུ་གང༔ དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༔ ཁྱད་པར་ལོ་མ་གྱོན་མ་ལ༔ གསོལ་བ་འདེབས་སོ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་དབང་བསྐུར་སྩོལ༔ ལན་གསུམ། ད་གཏོར་མ་ལོ་མ་གྱོན་མར་གསལ་བའི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས་ཁྱེད་རང་གི་དཔྲལ་བ་ན་ཞུགས། ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དཀར་པོས་གང་བར་སྒོམས་ཤིག །ཧཱུྃ༔ འོག་མིན་ཞིང་དང་མདངས་


RTZ045_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཡི༔ རི་ཁྲོད་ལ་སོགས་བཞུགས་གནས་ནས༔ ལོ་མ་གྱོན་མ་གཤེགས་སུ་གསོལ༔ སྐུ་ཡི་སྒོ་ནས་དབང་མཆོག་སྐུར༔ ལུས་ཀྱི་ནད་གདོན་ཞི་བར་མཛོད༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ རྩ་སྔགས་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ནད་རྣམས་མ་ལུས་འཇོམས་བྱེད་ཅིང༔ གདོན་ཀུན་ཙིཏྟ་སྲེག་བྱེད་མ༔ ནད་རིམས་ཀུན་འཇོམས་རྡོ་རྗེ་སྟེ༔ ལོ་མ་གྱོན་མའི་སྐུ་ཡི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་འཐོར། དེས་ལུས་ཀྱི་སྒྲིབ་པ་དག །སྐུའི་དབང་ཐོབ་པའོ། །ཡང་གཏོར་མ་ལོ་མ་གྱོན་མར་གསལ་བའི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་གི་མགྲིན་པ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་འོད་དམར་པོས་གང་བར་སྒོམས་ཤིག །ཧཱུྃ༔ འོག་མིན་ཞིང་དང་མདངས་དགའ་ཡི༔ རི་ཁྲོད་ལ་སོགས་བཞུགས་གནས་ནས༔ ལོ་མ་གྱོན་མ་གཤེགས་སུ་གསོལ༔ གསུང་གི་སྒོ་ནས་དབང་མཆོག་སྐུར༔ ངག་གི་ནད་གདོན་ཞི་བར་མཛོད༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ རྩ་སྔགས་ལ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཁྱེད་རང་གི་ངེད་ལ་མེ་ཏོག་སེར་པོའི་ཕྲེང་བ་ཞིག་ཕུལ་བའི་མོས་པས་རྗེས་ཟློས་མཛོད། ལོ་མ་གྱོན་མ་བདག་གི་གཟུང་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ སྔགས་རྗེས་ཟློས། སྔགས་ཕྲེང་དེ་ཉིད་མེ་ཏོག་གི་ཕྲེང་བར་གྱུར་ནས་སྤྱི་བོར་བཞག་པའི་མོས་པ་མཛོད། ལྷ་མོ་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ རྡོ་རྗེ་མེ་ཏོག་མགོར་བཞག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ནད་རྣམས་མ་ལུས་འཇོམས་བྱེད་ཅིང༔ གདོན་ཀུན་ཙིཏྟ་སྲེག་བྱེད་མ༔ ནད་རིམས་ཀུན་


RTZ045_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་རྡོ་རྗེ་སྟེ༔ ལོ་མ་གྱོན་མའི་གསུང་གི་བཀྲ་ཤིས་ཤོག༔ དེས་ངག་གི་སྒྲིབ་པ་དག །གསུང་གི་དབང་ཐོབ་པའོ། །ཡང་ལོ་མ་གྱོན་མའི་ཐུགས་ཀ་ནས་འོད་ཟེར་མཐིང་ག་འཕྲོས། ཁྱོད་རང་གི་སྙིང་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་འོད་ཟེར་མཐིང་ཀས་གང་བར་སྒོམས་ཤིག །ཧཱུྃ༔ འོག་མིན་ཞིང་དང་མདངས་དགའ་ཡི༔ རི་ཁྲོད་ལ་སོགས་བཞུགས་གནས་ནས༔ ལོ་མ་གྱོན་མ་གཤེགས་སུ་གསོལ༔ ཐུགས་ཀྱི་སྒོ་ནས་དབང་མཆོག་སྐུར༔ སེམས་ཀྱི་ནད་གདོན་ཞི་བར་མཛོད༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ རྩ་སྔགས་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་ལོ་མ་གྱོན་མའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཡི་གེ་ཧཱུྃ་གིས་མཚན་པ་འཕྲོས། ཁྱོད་རང་གི་སྙིང་གར་ཐིམ་པར་སྒོམས་ཤིག །ཧཱུྃ༔ ལོ་མ་གྱོན་མའི་ཐུགས་ཀྱི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ ཐུགས་ཀྱི་དབང་འདི་ཁྱོད་ཀྱིས་ལོངས༔ རྩ་སྔགས་ལ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ནད་རྣམས་མ་ལུས་འཇོམས་བྱེད་ཅིང༔ གདོན་ཀུན་ཙིཏྟ་སྲེག་བྱེད་མ༔ ནད་རིམས་ཀུན་འཇོམས་རྡོ་རྗེ་སྟེ༔ ལོ་མ་གྱོན་མའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་སེམས་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ་པ་ཡིན་ནོ། །ཡང་ལོ་མ་གྱོན་མའི་ལྟེ་བ་ནས་འོད་ཟེར་སེར་པོ་འཕྲོས། ཁྱེད་རང་གི་ལྟེ་བ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་འོད་སེར་པོས་གང་བར་སྒོམས་ཤིག །ཧཱུྃ༔ འོག་མིན་ཞིང་དང་མདངས་དགའ་ཡི༔ རི་ཁྲོད་ལ་སོགས་བཞུགས་གནས་ནས༔ ལོ་མ་གྱོན་མ་གཤེགས་སུ་གསོལ༔ ཡོན་ཏན་སྒོ་ནས་དབང་མཆོག་སྐུར༔ སྒོ་གསུམ་ནད་གདོན་ཞི་བར་མཛོད༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ རྩ་སྔགས་ལ་གུ་ཎ་ཨ་བྷི་ཥིཉྩ་ཧྲཱི༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་


RTZ045_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་བཟང་གསེར་གྱི་ཡུ་བ་ཅན༔ བསྣམས་ནས་རྒྱལ་བའི་དབུ་ལ་མཆོད་པ་ལྟར༔ དབུ་ལ་གདུགས་ཀྱི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལ་ཚ་ཏྲཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ༔ བསྣམས་ནས་རྒྱལ་བའི་སྤྱན་ལ་མཆོད་པ་ལྟར༔ སྤྱན་ལ་ཉ་ཡི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལ་མཏྶ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོག་མཛད་པ༔ བསྣམས་ནས་རྒྱལ་བའི་གསུང་ལ་མཆོད་པ་ལྟར༔ གསུང་ལ་དུང་གི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལ་ཤཾ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ༔ བསྣམས་ནས་རྒྱལ་བའི་ལྗགས་ལ་མཆོད་པ་ལྟར༔ ལྗགས་ལ་པདྨའི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལ་པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ༔ བསྣམས་ནས་རྒྱལ་བའི་མགུལ་ལ་མཆོད་པ་ལྟར༔ མགུལ་ལ་བུམ་པའི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལ་ཀུམྦྷ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་དཔལ་གྱི་བེ་འུ་འོད་འབར་བ༔ བསྣམས་ནས་རྒྱལ་བའི་ཐུགས་ལ་མཆོད་པ་ལྟར༔ ཐུགས་ལ་དཔལ་བེ་འུའི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལ་ཤྲཱི་ཝཏྶ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་རིན་ཆེན་རྒྱལ་མཚན་རབ་མཛེས་པ༔ བསྣམས་ནས་རྒྱལ་བའི་སྐུ་ལ་མཆོད་པ་ལྟར༔ སྐུ་ལ་རྒྱལ་མཚན་བཀྲ་ཤིས་


RTZ045_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་ཤོག༔ ཨོཾ་མངྒ་ལ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་གསེར་གྱི་འཁོར་ལོ་འོད་འབར་བ༔ བསྣམས་ནས་རྒྱལ་བའི་ཞབས་ལ་མཆོད་པ་ལྟར༔ ཞབས་ལ་འཁོར་ལོའི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ ནད་རྣམས་མ་ལུས་འཇོམས་བྱེད་ཅིང༔ གདོན་ཀུན་ཙིཏྟ་སྲེག་བྱེད་མ༔ ནད་རིམས་ཀུན་འཇོམས་རྡོ་རྗེ་སྟེ༔ ལོ་མ་གྱོན་མའི་ཡོན་ཏན་བཀྲ་ཤིས་ཤོག༔ དེས་བསགས་པ་ཆ་མཉམ་གྱི་སྒྲིབ་པ་དག །ཡོན་ཏན་གྱི་དབང་ཐོབ་པའོ། །ཡང་ལོ་མ་གྱོན་མའི་གསང་གནས་ནས་འོད་ཟེར་ལྗང་གུ་འཕྲོས། ཁྱེད་རང་གི་གསང་གནས་སུ་ཞུགས། ལུས་ཐམས་ཅད་འོད་ལྗང་གུས་གང་བར་སྒོམས་ཤིག །ཧཱུྃ༔ འོག་མིན་ཞིང་དང་མདངས་དགའ་ཡི༔ རི་ཁྲོད་ལ་སོགས་བཞུགས་གནས་ནས༔ ལོ་མ་གྱོན་མ་གཤེགས་སུ་གསོལ༔ ཕྲིན་ལས་སྒོ་ནས་དབང་མཆོག་སྐུར༔ ནད་རིམས་ཞི་བའི་ཕྲིན་ལས་མཛོད༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ རྩ་སྔགས་ལ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ནད་རྣམས་མ་ལུས་འཇོམས་བྱེད་ཅིང༔ གདོན་ཀུན་ཙིཏྟ་སྲེག་བྱེད་མ༔ ནད་རིམས་ཀུན་འཇོམས་རྡོ་རྗེ་སྟེ༔ ལོ་མ་གྱོན་མའི་ཕྲིན་ལས་བཀྲ་ཤིས་ཤོག༔ དེས་ཤེས་བྱའི་སྒྲིབ་པ་དག །ཕྲིན་ལས་ཀྱི་དབང་ཐོབ་པའོ། །ད་གཏོར་མ་འདི་ཉིད་ལོ་མ་གྱོན་མར་གསལ་བ་ཁྱེད་རང་གི་སྤྱི་བོར་བྱོན། འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག །གཏོར་མ་མགོར་བཞག་ལ། ལོ་མའི་ཤམ་ཐབས་སྨད་དུ་གསོལ༔ མ་མོ་ཐམས་ཅད་དབང་དུ་སྡུད༔ ཅེ་སྤྱང་གཟུགས་ཅན་ནད་བདག་མོ༔ ཁྱེད་ཀྱིས་དབང་དུ་བསྡུ་གྱིས་ལ༔ ནད་ཀུན་ཞི་བའི་ཕྲིན་ལས་མཛོད༔


RTZ045_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ནད་རིགས་བཞི་བརྒྱ་རྩ་བཞི་སོལ༔ ཡམས་ནད་རིམས་ནད་ཞི་བར་མཛོད༔ སྙིགས་མའི་ནད་ཀྱི་བསྐལ་པ་ལས༔ ཁྱོད་ཀྱིས་བསྲུང་ཞིང་བསྐྱབ་མཛོད་ཅིག༔ རྩ་སྔགས་ལ། ཨོཾ་པརྞ་ཤ་བ་རཱི་སྭཱ་ཧཱ༔ ཨོཾ་པི་ཤཱ་ཙི་སྭཱ་ཧཱ༔ ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་རཾ་ཁཾ་པྲ་ཤ་མ་ན་ཡེ་སྭཱ་ཧཱ༔ འོ་དེས་རྗེ་ཆོས་ཀྱི་དབང་ཕྱུག་ནས་བརྒྱུད་པའི་གསར་མ་དང་། གནམ་ཆོས་བཀའ་གཏེར་ཟུང་འཇུག་གི་དབང་ཐོབ་པ་ཡིན་པས། འདི་ཡི་དམ་གྱི་ལྷར་འཛིན་ཅིང་། ཨོཾ་པི་ཤཱ་ཙི་སྭཱ་ཧཱ༔ ཞེས་པ་འདི་རྒྱུན་དུ་བཟླས་ན། མི་ནད་དང་ཕྱུགས་ནད་སྔར་ཡོད་ན་ཆད། ཕྱིས་མི་འབྱུང་། རྒྱུན་དུ་བཀྲ་ཤིས་པ་ཡིན་པས། དེ་ལྟར་བྱ་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། ཞེས་པ་དབོན་པོ་པདྨ་འགྲོ་དོན་གྱིས་བསྐུལ་ནས༔ གནམ་ཆོས་ཀྱི་དོན་བཀའ་གཏེར་ཟུང་འཇུག་ཏུ་བྱས་ཏེ་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ། སྦ་འོས་གསལ་བཀོད་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་འབྲེལ་པ་ཐོབ་ཚད་ནད་དང་གདོན་ལས་ཐར་བར་གྱུར་ཅིག །མངྒ་ལཾ།། །།


previousབཀའ་གཏེར་ཟུང་འཇུག་ལོ་མ་ཅན་གྱི་དབང་བྱིན་རླབས་ཅན། རཱ་ག་ཨ་སྱ།next