Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིགས་ལྔའི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་ཆོག་དུག་ལྔའི་སྟོབས་འཇོམས། པདྨ་གར་གྱི་དབང་ཕྱུག
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིགས་ལྔའི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་ཆོག་དུག་ལྔའི་སྟོབས་འཇོམས། པདྨ་གར་གྱི་དབང་ཕྱུགnext

རིགས་ལྔའི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་ཆོག་དུག་ལྔའི་སྟོབས་འཇོམས། པདྨ་གར་གྱི་དབང་ཕྱུག


RTZ046_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་ཆོག་དུག་ལྔའི་སྟོབས་འཇོམས་ཞེས་བྱ་བ་བཞུགས་སོ། །


RTZ046_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀྲོ་དྷ་ག་རུ་ཌཿཡ། ཡེ་ཤེས་རྣམ་ལྔའི་ཕྱག་རྒྱ་ནི། །གདོན་འདུལ་མཁའ་ལྡིང་སྐུར་སྟོན་པས། །ལུས་ཅན་དུག་ལྔའི་གདོན་སོལ་ལ། །ཕུང་ལྔ་ལྷ་སྐུར་གྲུབ་མཛད་གསོལ། །གང་དེའི་སྒྲུབ་ཐབས་འདུས་ཟབ་ཁྱད་པར་འཕགས་པ་འདི་ཉིད་ཀྱི་སྨིན་བྱེད་སྒྲུབ་པའི་རྣལ་འབྱོར་པས། སྟེགས་བུའི་སྟེང་དཀྱིལ་འཁོར་པདྨ་འདབ་བཞི་ཕྱོགས་མདོག་ལྷ་མཚན་སྒོ་རྫོགས་ཅན་ནམ། ཚོམ་བུ་གཙོ་འཁོར་ལྔ་པས་ཀྱང་རུང་ལ། དེ་དབུས་ཁྲིའུར་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་དང་བཅས་པ། གཡས་སུ་ཐོད་པ་བདུད་རྩིས་བཀང་བ། གཡོན་དུ་མེ་ལོང་དྲི་མེད། རྒྱབ་ཏུ་ཁྱུང་ལྔའི་རྫས་ཀྱི་རིལ་བུ་སློབ་མའི་གྲངས་མཉམ་སྦྱིན་རྒྱུ་དང་སྐེ་ལ་འདོགས་རྒྱུའི་རས་ཐུམ་བཅས། མདུན་དུ་སྨན་རཀ་གཏོར་གསུམ། དྲག་མཆོད་བསྐོར་བཤམ་བྱས་ལ། སྐྱབས་སེམས་ཚད་མེད། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས། ལས་གཞུང་ལྟར་བདག་མདུན་བསྒྲུབ་ཅིང་བཟླས་པ་ཅི་ནུས་བྱ། བུམ་སྒྲུབ་དེ་ཀས་གོ་ཆོད་ཀྱང་ཟུར་དུ་སྤྲོ་ན་སྤྱི་ལྟར་བྱ་ཆོག །ཐུན་མཐར་མཆོད་བསྟོད་དང་རིག་མེ་དོར་ལ་གནང་བ་ནོད། སློབ་མ་ལ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར་བསྒོམས་ནས། མཚམས་སྦྱོར་གྱི་བྱེ་བྲག །དེའང་གངས་ཅན་འགྲོ་བའི་སྐྱབས་གཅིག་ཧེ་རུ་ཀ་དཔལ་རྡོ་རྗེ་ཐོད་ཕྲེང་རྩལ་ཉིད་ལ། འཇམ་མགོན་ཁྲི་ལྡེས་གསོལ་བ་བཏབ་པའི་ཆེད་དང་མ་འོངས་རྩུབ་འགྱུར་གྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་དཔལ་གྱི་བསམ་ཡས་གཙོ་བོར་གྱུར་པའི་གནས་རྣམས་སུ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཚུལ་སྟོན་པའི་ཁྱུང་ཆེན་


RTZ046_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་ལས་ཚོགས་རྒྱས་བསྡུས་ཀྱི་སྐོར་མཐའ་ཡས་པ་ཞིག་རྒྱུད་དོན་མན་ངག་གི་ཚུལ་དུ་གཏན་ལ་ཕབ་ནས་མཐའ་དབུས་གཏེར་ཁ་དུ་མར་སྦས་པ་ལས། འདིར་བླ་མ་ནོར་བུ་པད་ཕྲེང་ཞི་དྲག་གི་ཆ་ལག་ཏུ་བསྡེབས་ཏེ་བདུད་རི་གནམ་ལྕགས་འབར་བའི་བྲག་ལ་རྒྱས་བཏབ་པ་ཉིད་འདུལ་བའི་དུས་སུ་སོན་པའི་ཚེ། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པར་ལུང་བསྟན་པའི་བཅུ་གཅིག་པ་སྤུ་བོ་ར་ཞི་གཏེར་སྟོན་པདྨ་རིག་འཛིན་རྩལ་གྱིས་སྤྱན་དྲངས། འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱི་ཡེ་ཤེས་སྐུ་དང་ཐ་དད་མེད་པ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ཀའི་བཀའ་བབས་ཤིང་། འདི་ཉིད་ཉམས་སུ་བླངས་པ་རྣམས་ཐབས་གཞན་གྱིས་མ་སེལ་བའི་གདོན་གྱི་ནད་ཡུན་ཐུང་ངུས་གཏིང་ནས་སེལ་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པ་སྟེ། གཞུང་ལས། ཁྱུང་ཆེན་སྒྲུབ་པའི་རྣལ་འབྱོར་པ༔ གང་དུ་གནས་པའི་ཡུལ་ཕྱོགས་ཀྱང༔ འབྱུང་བའི་དུག་ཀུན་ཞི་བ་ལས༔ སྨན་ཤིང་འབྲས་བུ་གཟི་བརྗིད་འཕེལ༔ ཀླུ་གཉན་ས་བདག་གདུག་པ་ཐུལ༔ ནད་རིགས་ཀུན་གྱི་རྒྱུན་ཆད་ཅིང༔ རང་གི་ཉོན་མོངས་དུག་བཅོམ་ནས༔ ཡེ་ཤེས་རབ་ཏུ་འཕེལ་བར་འགྱུར༔ ཞེས་བསྔགས་པ་དོན་དང་ལྡན་པའི་དབང་བསྐུར་བ་ལ་སོགས་སྤྱི་འགྲེ་བརྗོད་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་


RTZ046_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་དབང་དྲག་ཧེ་རུ་ཀ༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ གདུག་པའི་ཀླུ་གཉན་འདུལ་བའི་ཕྱིར༔ ཁྲོ་རྒྱལ་ཁྱུང་གི་བྱིན་རླབས་སྩོལ༔ ལན་གསུམ། བླ་མ་ཁྲོ་རྒྱལ་མཁའ་ལྡིང་སྐུ་ལྔ་ལ་རྩ་གསུམ་ཆོས་སྲུང་བཅས་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་བརྒྱད་པའི་སྒོ་ནས་ཚོགས་བསགས་ཤིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འདུན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད། ཅེས་བརྡ་སྦྱར་ལ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། སྟོང་ཉིད་ཡེ་ཤེས་རྡོ་རྗེའི་ངང༔ སྙིང་རྗེ་ཁྲོས་པས་ཞེ་སྡང་གཅོད༔ རིག་རྩལ་ཡི་གེ་འབྲུ་ལྔར་ཤར༔ འོད་ཀྱིས་སྣང་གྲགས་ཐམས་ཅད་སྦྱངས༔ སྣ་ཚོགས་པདྨ་འདབ་བཞི་སོགས་ལས་གཞུང་ལྟར་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ། སྔགས་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་མང་དུ་བརྗོད་ཅིང་གཉིས་མེད་དུ་བསྟིམ། ཏིཥྛ་བཛྲ་ས་བརྟན་པར་བྱ། བུམ་པ་དྲག་པོའི་ཕོ་བྲང་རྔམ་བརྗིད་འབར་བའི་ནང་བཅུད་ཁྱུང་ཆེན་རིགས་ལྔ་དངོས་སུ་བཞུགས་པའི་སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་གང་། ནད་གདོན་སྡིག་སྒྲིབ་དག །ལུས་ལ་ཁྱུང་ཆེན་རིགས་ལྔའི་སྐུའི་བྱིན་རླབས་རྫོགས་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ནང་ན་ཁྱུང་ཆེན་རིགས་ལྔ་བཞུགས༔


RTZ046_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཁའ་ལྡིང་སྐུ་ཡི་དབང་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷའི་བདུད་རྩི་མགྲིན་པར་བྱིན་པས་རྩ་ཁམས་ཐམས་ཅད་ཁྱབ་ཅིང་བྱིན་གྱིས་རླབས། ངག་ལ་ཁྱུང་ཆེན་རིགས་ལྔའི་གསུང་རིག་སྔགས་ཀྱི་ནུས་མཐུ་འབར་བར་མོས་ཤིག །བྷནྡྷ་མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན་ལ། ཧཱུྃ༔ མཚན་ལྡན་བནྡྷ་བདུད་རྩིས་གཏམས༔ ཁྱུང་ཆེན་གསུང་གི་ནུས་པ་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཟླས་པ་གསུང་གི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དྲི་མེད་མེ་ལོང་སྙིང་གར་བཞག་པས་རང་སེམས་གསལ་སྟོང་ཟུང་འཇུག་ཡེ་ཤེས་ཁྱུང་ཆེན་གྱི་ངོ་བོ་དང་དབྱེར་མེད་དུ་རྫོགས། ཡིད་ལ་ཁྱུང་ཆེན་རིགས་ལྔའི་ཐུགས་ཀྱི་དགོངས་རྩལ་འཕོས་པར་མོས་ཤིག །མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ དག་གསལ་རྙོག་མེད་མེ་ལོང་འདི༔ ཁྱུང་ཆེན་ཡེ་ཤེས་སྟོང་གསལ་མཚོན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིང་འཛིན་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྫས་ལྔའི་རིལ་བུ་ཁྱུང་ཆེན་རིགས་ལྔ་དངོས་སུ་གསལ་བས་བྱིན་གྱིས་བརླབས་པས་དུག་ལྔའི་རྒྱུ་འབྲས་ཀྱི་ནད་གདོན་ཐམས་ཅད་སྦྱངས། གདུག་པ་ཅན་མཐའ་དག་འདུལ་བའི་གཉེན་པོ་སྟོབས་ཀྱི་ཕྱག་རྒྱ་གྱད་དུ་གྱུར་པར་མོས་ཤིག །རིལ་བུ་སྤྱི་བོར་བཞག་ལ། ཁྲོཾ༔ རྫས་ཀྱི་རིལ་བུ་ཡེ་ཤེས་ཁྱུང་ཆེན་ལྔ༔ སྤྱི་བོར་བཞག་པས་དུག་ལྔའི་ནད་གདོན་སྦྱངས༔ ས་


RTZ046_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀླུ་གཉན་གདུག་པ་ཀུན་འདུལ་བའི༔ གཉེན་པོ་སྟོབས་ཀྱི་དབང་བསྐུར་ཐོབ་པར་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུའི་ཡེ་ཤེས་པ་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་ཡང་མཁའ་ལྡིང་ཁྲོ་བོའི་རྒྱལ་པོ་དངོས་སུ་གྱུར་པར་བསམས་ལ་དམིགས་པའི་འཕྲོ་འདུ་འདི་བཞིན་གསལ་ཐོབས་ལ་སྙིང་པོ་བརྒྱ་རྩ་བཟླ་བར་ཞུ། ཁྱུང་ཆེན་རིགས་ལྔའི་ཐུགས་ཀ་རུ༔ སོགས་ལས་གཞུང་ལྟར་བརྗོད་ལ་འབྲུ་ལྔ་བརྒྱ་རྩ་བཟླ། དམ་ཚིག་པའི་མཁའ་ལྡིང་རིགས་ལྔ་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར་པ་ཉིད་ཀྱི་མགུལ་དུ་བཏགས་པས་ནད་གདོན་བགེགས་རིགས་ཅིས་ཀྱང་མི་ཕྱེད་མི་ཤིགས་པའི་རྡོ་རྗེའི་གོ་ཆ་བགོས་པར་མོས་ཤིག །རྫས་ཐུམ་མགུལ་དུ་གདགས། ཤིས་བརྗོད་བྱ། དེ་དག་རྣམས་ཀྱིས་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་གཏེར་སྟོན་པདྨ་རིག་འཛིན་རྩལ་གྱི་ཟབ་གཏེར་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་བསྐུར་ཚུལ་བཞིན་གྲུབ་པ་ལགས་པས་སོགས་བརྗོད་ལ་དམ་ཚིག་ཁས་ལེན་གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས་སོགས་རྗེས་ཀྱི་རིམ་པའང་སྤྱི་མཐུན་བྱས་པས་འགྲུབ་བོ། །དུག་ལྔའི་དབལ་ཟེར་ལྟོ་འགྲོའི་དཔུང་། །རྡོ་རྗེ་མཆུ་ཡིས་རྗེས་མེད་ཟོས། །སྐྱེ་དགུ་སྡིག་བྲལ་ཆོས་ལྡན་གྱི། །འཚོ་བས་ཡུན་རིང་དགེ་གྱུར་ཅིག །ཟབ་གཉན་དཀོན་པའི་གསང་སྔགས་སྐལ་པ་བཟང་པོའི་དཔྱིད་དུ་འོངས་པའི་ཞབས་ཏོག་དང་མི་ནུབ་འཕེལ་རྒྱས་ཀྱི་བཙས་སུ་དམིགས་ནས་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་གིས་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་སྦྱར་པ་དགེ་ལེགས་འཕེལ།། །།


previousརིགས་ལྔའི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་ཆོག་དུག་ལྔའི་སྟོབས་འཇོམས། པདྨ་གར་གྱི་དབང་ཕྱུགnext