Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་ཆོག་ཨིནྡྲ་ནཱི་ལའི་ཆུ་རྒྱུན། བསྟན་གཉིས་གཡུང་དྲུང་གླིང་པ།


 
previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་ཆོག་ཨིནྡྲ་ནཱི་ལའི་ཆུ་རྒྱུན། བསྟན་གཉིས་གཡུང་དྲུང་གླིང་པ།no next

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་ཆོག་ཨིནྡྲ་ནཱི་ལའི་ཆུ་རྒྱུན། བསྟན་གཉིས་གཡུང་དྲུང་གླིང་པ།


RTZ046_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག །གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་ཆོག་ཨིནྡྲ་ནཱི་ལའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།


RTZ046_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་དབྱིག་ཏུ་རབ་ཞུགས་པས། །གསང་བའི་མཛོད་ལ་རང་དབང་སྒྱུར། །བདུད་འདུལ་རྡོ་རྗེའི་བེ་ཅོན་ཆེར། །སྟོན་མཛད་གུ་རུ་རྗེ་ལ་འདུད། །སྨིན་གྲོལ་བསྐྱེད་རྫོགས་ལས་ཁ་ཚར། །ཟབ་ལ་དོན་འདྲིལ་རྗོད་བྱེད་ཚིག །ཉུང་ངུས་རྒྱ་ཆེའི་གནད་འདོམས་པ། །ངོ་མཚར་དེར་འཇུག་སྒོ་འདི་འོ། །གསང་བ་ཏིང་ངེ་འཛིན་གྱི་བར་ཆད་སེལ་བ་གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་གི་ཆོ་ག་བགྱི་བ་ལ་གསུམ། སྦྱོར་བ་བཤམ་བཀོད། དངོས་གཞི་བསྙེན་སྒྲུབ། བྱིན་རླབས་དབང་བསྐུར་རོ། །དང་པོ་ནི། སྟེགས་བུར་མཎྜལ་ལ་པདྨ་འདབ་བརྒྱད་སྔོན་པོའི་ལྟེ་བར་མེ་ཏོག་གི་ཚོམ་བུ་སྔོན་པོ་གཅིག་བཀོད་པའི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ་བཞག །རྒྱབ་ཏུ་དབང་གཏོར་དཔལ་བཤོས་རྒྱན་སྤྲོས་ཅན། གཡས་གཡོན་དུ་གསང་བདག་ཁྲོ་བོ་རྡོ་རྗེ་བེ་ཅོན། རྟ་མགྲིན། ཁྱུང་རྣམས་ཀྱི་ཙཀླི། སྔགས་བྱང་སྔགས་ཕྲེང་།


RTZ046_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་རྡོ་རྗེ་རྣམས་བཀོད། ཕྲིན་ལས་རྒྱས་པ་གཏང་ན་མདུན་དུ་སྨན་རཀ་གཏོར་གསུམ་ཡང་བཤམ། བསྡུས་པ་འདིའི་སྐབས་མི་དགོས། མཐར་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། ལས་བུམ་དང་ཕྲིན་ལས་ལ་མཁོ་བའི་ཡོ་བྱད་ཉེ་བར་བསྡོག་གོ །གཉིས་པ་དངོས་གཞི་བསྙེན་སྒྲུབ་ལ་གསུམ། བདག་མདུན། བུམ་སྒྲུབ། བདག་འཇུག་གོ །དང་པོ་ནི། སྒྲུབ་གནས་གསར་པ་དང་སྔོན་དུ་དབང་བསྐུར་སོགས་མ་བྱས་པ་ལ་དཀར་གཏོར་སྤྱི་ལྟར་གཏང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་བཅོམ་ལྡན་འདས་གསང་བའི་བདག་པོ་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོ༔ བླ་མ་ཡི་དམ་གསང་བའི་བདག༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་


RTZ046_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་བྱ། ཧོ༔ མར་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཅེས་སེམས་བསྐྱེད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཀྱིས་རྒྱུན་བཤགས་བྱ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། མཆོད་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཡེ་ནས་དག་པ་ལ༔ ཀུན་ཏུ་བཟང་པོ་རོལ་པའི་རྒྱན༔ ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ ཞི་བར་བསྙེན་པ་ནི། བདག་མདུན་དབྱེར་མེད་དུ་བསྒོམ་སྟེ། སྟོང་པའི་ངང་ལས་པད་ཉིའི་སྟེང༔ ཧཱུྃ་ལས་རང་ཉིད་སྐད་ཅིག་གིས༔ གསང་བའི་བདག་པོ་སྐུ་མདོག་དཀར༔ ཞི་འཛུམ་ཅུང་ཟད་ཁྲོས་པའི་ཉམས༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ རལ་པའི་ཐོར་ཚུགས་རྡོ་རྗེའི་ཏོག༔


RTZ046_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན༔ སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས༔ ཐུགས་ཀར་ཉི་སྟེང་ཧཱུྃ་དཀར་པོ༔ ཐ་མར་གསང་བའི་སྔགས་ཀྱིས་བསྐོར༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་དང༔ ལྕང་ལོ་ཅན་ནས་གསང་བའི་བདག༔ ཡེ་ཤེས་སེམས་དཔའི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམས༔ ཆར་བཞིན་བབས་ནས་བདག་ལ་ཐིམ༔ བྱིན་རླབས་ནུས་པ་བསྐྱེད་པར་གྱུར༔ ཨོཾ་བཛྲ་པཱ་ཎི་ནཱི་ལམྦཱ་ར་དྷ་ར་ཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླ། ཁྲོ་བོར་སྒྲུབ་པ་ནི། སྔར་ལྟར་བདག་མདུན་དབྱེར་མེད་དུ་གསལ་བཏབ་ལ། རང་ཉིད་གསང་བདག་ཞི་བའི་སྐུ༔ ཡོངས་གྱུར་རྡོ་རྗེ་བེ་ཅོན་ཆེ༔ མཐིང་ནག་རབ་ཁྲོས་འཇིགས་པའི་ཚུལ༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་མེ་ལྟར་འབར༔ དར་སྔོན་སྟོད་གཡོགས་སྟག་ཤམ་དང༔ ཀླུ་བརྒྱད་སྦྲུལ་གྱི་རྣམ་པས་སྤྲས༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༔ ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང༔ ཕྱག་གཡས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་གཏོད༔ རྩེ་ལས་སྦྲུལ་པའི་ཁྱུང་ཆེན་ནི༔ ཀྲང་ཀྲིང་སྒྲ་སྒྲོག་མཐིང་ནག་འབར༔ གནམ་ལྕགས་རྭ་དང་མཆུ་སྡེར་ཅན༔ ཀླུ་གདོན་གདུག་པ་ཞལ་དུ་གསོལ༔


RTZ046_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཕུང་འབར་བའི་གཤོག་པ་རྡེབ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོ༔ ཞབས་གཉིས་དོར་སྟབས་པད་ཉི་དང༔ བདུད་བཞི་བསྣོལ་བའི་གདན་གྱི་སྟེང༔ ཡེ་ཤེས་མེ་ཕུང་དབུས་ན་འགྱིང༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ སྤྱི་བོར་དཔའ་བོ་འབྲུ་ལྔས་བརྒྱན༔ ཡེ་ཤེས་རིགས་ལྔའི་དབང་རྫོགས་བསམ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ༔ ཧཱུྃ༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ རྡོ་རྗེ་བེ་ཅོན་གསང་བའི་བདག༔ རབ་འབྱམས་ཁྲོ་བོའི་འཁོར་དང་བཅས༔ འདིར་གཤེགས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ རྡོ་རྗེ་བེ་ཅོན་འཁོར་བཅས་མཆོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་ཐུགས༔ རྡོ་རྗེ་བེ་ཅོན་ཁྲོ་བོའི་རྒྱལ༔ ཧེ་རུ་ཀ་དཔལ་ཁྱོད་ལ་བསྟོད༔ བཟླས་དམིགས་ནི། རང་གི་སྙིང་དབུས་པད་ཉིའི་སྟེང༔ ཡེ་ཤེས་སེམས་དཔའ་རྟ་


RTZ046_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་རྒྱལ༔ དམར་ནག་ཐོད་དབྱུགས་ཞགས་པ་བསྣམས༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ དེ་ཡི་ཐུགས་ཀར་ཉི་མའི་དབུས༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་མེ་འོད་བཅས༔ རང་སྒྲ་སྒྲོག་བཞིན་ཞལ་ནས་ཐོན༔ ཕྱོགས་བཅུའི་བདེ་གཤེགས་མཆོད་པས་མཉེས༔ ཁམས་གསུམ་འགྲོ་བའི་སྡིག་སྒྲིབ་སྦྱངས༔ སྡེ་བརྒྱད་འབྱུང་པོ་གཟིར་ཞིང་བརླགས༔ ཕྱི་སྣོད་དྲག་པོའི་གཞལ་ཡས་ཁང༔ ནང་བཅུད་ལྷ་དང་སྔགས་ཀྱི་སྒྲ༔ གཉིས་མེད་ཡེ་ཤེས་འཁོར་ལོར་གྱུར༔ བཟླས་པ་ནི། ཨོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལམྦཱ་ར་དྷ་ར་ཧྲཱི་ཁྲོཾ་སརྦ་དུཥྚཱན་ད་ཧ་ནི་བཛྲ་ཧཱུྃ་ཧཱུྃ་ཕཊ༔ ཅེས་བསྙེན་པ་ལས་གྲངས་མང་བར་བཟླ། གཉིས་པ་བུམ་སྒྲུབ་ནི། རྣམ་བུམ་ལ་དམིགས་ཏེ། བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ རྡོ་རྗེ་བེ་ཅོན་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ་ལ་གཟུངས་ཐག་ནས་བཟུང་སྟེ་བསྙེན་པ་ཅི་རིགས་པ་བཟླ། ལས་བུམ་དུ་བདུད་


RTZ046_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་འཁྱིལ་པའི་བསྐྱེད་བཟླས་སྤྱི་འགྲོ་བྱའོ། །མཐར་མཆོད་ཅིང་བསྟོད་ལ། ཡི་གེ་བརྒྱ་པ་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་པའི་ཆུ་བདུད་རྩིར་གྱུར། གསུམ་པ་བདག་འཇུག་ནི། སྤྲོ་ན་འོག་ནས་འབྱུང་བའི་སློབ་མ་ལ་དབང་བསྐུར་བའི་ཆོ་ག་ལྟར་བདག་འཇུག་ཏུ་བླང་། བསྡུ་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གསུམ་པ་བྱིན་རླབས་དབང་གི་ཆོ་ག་ནི། སློབ་མ་ལས་ཆུས་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་འཇུག་པ་དང་ཕྲིན་ལས་འབྲིང་པོ་ལྟར་བགེགས་གཏོར་བཏང་ཞིང་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་གསན་པར་བྱ་བའི་ཆོས་ནི། བཅོམ་ལྡན་འདས་དཔལ་གསང་བའི་བདག་པོའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་བསྒྲུབ་པ་སྟེ། དེའང་ལྷ་འདིའི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་མ་ལུས་པ་གཅིག་ཏུ་བསྡུས་པ། རྣམ་པ་ས་བཅུའི་དབང་ཕྱུག་རྡོ་རྗེ་ཆོས་དང་རྡོ་རྗེ་སྙིང་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་མཚན་དང་སྐུའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པར་བསྟན་ནས་སངས་རྒྱས་རྣམས་ཀྱི་གསང་བ་ཟབ་མོའི་མཛོད་འཛིན་ཅིང་། རྒྱལ་བ་རྒྱལ་སྲས་རྒྱལ་བའི་རྗེས་འཇུག་གང་མཆིས་པ་རེ་རེའི་ཕྱི་བཞིན་རྟག་ཏུ་འབྲངས་ནས་བདུད་བགེགས་ལོག་འདྲེན་འཇོམས་པར་མཛད་པའི་རྫུ་འཕྲུལ་མཐུ་སྟོབས་གཞན་ལས་ཁྱད་པར་དུ་འཕགས་པས། འདི་ལ་རྒྱུད་སྡེ་གོང་འོག་རྣམས་ནས་འབྱུང་བའི་རྒྱུད་དང་


RTZ046_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་བསྐྱེད་རྫོགས་ཀྱི་རྣམ་གྲངས་སྔགས་གསར་སྙིང་གི་བཀའ་སྲོལ་རྣམས་སུ་ཇི་སྙེད་ཅིག་བྱོན་པ་ལས། འདིར་འཇམ་མགོན་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་འབྲིང་པོ་ས་བཅུའི་དབང་ཕྱུག་དམ་འཛིན་མུ་རུབ་བཙད་པོའི་རྣམ་འཕྲུལ། རྩོད་པ་དང་བྲལ་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་༧ཨོ་རྒྱན་མཆོག་གྱུར་གླིང་པས་སྔོན་ཆད་ས་སྟེང་དུ་མ་གྲགས་པ་དང་། གྲགས་ཀྱང་ཚིག་དང་དོན་གྱི་ཆ་ནས་ངོ་མཚར་དུ་མས་འཕགས་པའི་ཟབ་ཆོས་ཇི་སྙེད་ཅིག་སྤྱན་དྲངས་པའི་ནང་ནས། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་བཅུད། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བང་མཛོད་ཆེན་པོ་ལྟ་བུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྱད་པར་ཅན་གྱི་དྲྭ་ཕྱེད་མཛེས་པ་ལྟ་བུའི་ཆོས་སྡེ། མདོ་ཁམས་ཤར་ཕྱོགས་ཕྲིན་ལས་འགྲོ་བ་འདུལ་བའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་དབང་གི་གནས་ཆེན་རི་བོ་དབང་ཞུའི་བྲག་ནས་སྤྱན་དྲངས་པའི། ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞི་ཞེས་གྲགས་པ་ལས། གསང་བ་ཏིང་ངེ་འཛིན་གྱི་བར་ཆད་སེལ་བར་མཛད་པ་གསང་བདག་རྡོ་རྗེ་བེ་ཅོན་ཞེས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་བཟང་པདྨ་ཐོད་ཕྲེང་རྩལ་གྱི་ཕྱག་གི་རྡོ་རྗེའི་


RTZ046_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ལས་རང་ཤར་བའི་ཚུལ་གྱིས་བྱུང་བ་སྟེ། གཞུང་ཉིད་ལས། འདི་ནི་དཀྱིལ་འཁོར་གཙོ་བོ་མཆོག༔ བདག་ཉིད་པདྨ་ཐོད་ཕྲེང་གི༔ ཕྱག་མཚན་རྡོ་རྗེའི་ཆོ་འཕྲུལ་ལས༔ ཕྱག་རྒྱ་ཆེན་པོའི་ལྷ་སྐུར་བཞེངས༔ ཕྱི་ལྟར་བཅོམ་ལྡན་གསང་བའི་བདག༔ ནང་ལྟར་བེ་ཅོན་ཁྲོ་བོའི་རྒྱལ༔ གསང་བ་རཀྴ་ཧེ་རུ་ཀ༔ ཡང་གསང་བཛྲ་ག་རུ་ཌ༔ ཐུན་མོང་ས་གསུམ་གདུག་པ་འདུལ༔ ཁྱད་པར་མངོན་སུམ་ཡེ་ཤེས་སྐྱེད༔ མཆོག་ཏུ་ཏིང་འཛིན་གསང་བའི་གེགས༔ སེལ་བྱེད་ལྷག་པའི་ལྷ་གཅིག་པུ༔ ད་ལྟའི་མངའ་བདག་རྗེ་འབངས་ཀྱི༔ ས་མཱ་དྷི་ཡི་གེགས་སེལ་དང༔ ཏིང་འཛིན་བར་ཆད་འབྱུང་བའི་རྐྱེན༔ གཟའ་ཀླུ་རྒྱལ་གསུམ་འདུལ་བ་དང༔ མ་འོངས་ཆོས་བདག་སྐྱེས་བུ་ཡི༔ ཀླུ་གདོན་གྲོལ་བའི་ཆ་རྐྱེན་དང༔ གཞན་ཡང་འདི་ཉིད་ཉམས་ལེན་ཀུན༔ ཏིང་འཛིན་ཟབ་མོའི་གེགས་སེལ་ཕྱིར༔ རྡོ་རྗེ་གསང་བའི་ཚིག་ཏུ་བསྟན༔ ཅེས་རྡོ་རྗེའི་གསུང་གིས་ལན་གཅིག་མ་ཡིན་པར་བསྔགས་པ་ལྟར་ངོ་མཚར་དང་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་ཆོས་སྐོར་ལའང་སྨིན་གྲོལ་ལས་ཚོགས་དང་བཅས་པ་མཐའ་རྒྱས་སུ་བཞུགས་པ་ལས། འདིར་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཟབ་


RTZ046_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྒྲུབ་པའི་སྐབས་སུ་བབས་པ་ཡིན། དེ་ལའང་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་ལ་ཐོག་མར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་གསང་བའི་བདག་པོ་ཐ་མི་དད་པའི་དྲུང་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར༔ གསང་བདག་རྡོ་རྗེ་བེ་ཅོན་གྱི༔ དབང་བསྐུར་དམ་པ་བདག་ལ་སྩོལ༔ གསུམ། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་གསང་བདག་རྡོ་རྗེ་བེ་ཅོན་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་མཉམ་གྱི་འགྲོ་བ་མཐའ་དག་བྱང་ཆུབ་མ་འཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་ཡི་དམ་སོགས་གསུམ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མར་གྱུར་སེམས་ཅན་སོགས་གསུམ། ཚོགས་གསག་པའི་སླད་དུ། ཚོགས་ཞིང་དེ་རྣམས་


RTZ046_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་སྒོ་གསུམ་སྤྱོད་ལམ་མཐུན་པར་ཕྱག་འཚལ་བ་སོགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དངོས་གཞི་བྱིན་རླབས་ཀྱི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱིས་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་མཛོད་ཅིག །བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཧཱུྃ་ཡིག་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་གསང་བའི་བདག་པོ་སྐུ་མདོག་དཀར་པོ་ཞི་འཛུམ་ཅུང་ཟད་ཁྲོས་པའི་ཉམས་ཅན་ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས་ཤིང་གཡོན་དྲིལ་བུ་དཀུར་བརྟེན་པ་དབུ་སྐྲ་རལ་པའི་ཐོར་ཚུགས་རྡོ་རྗེའི་ཏོག་གིས་མཚན་ཅིང་ཐོད་སྐམ་རིགས་ལྔའི་རྩེ་བྲན་ཅན། དར་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པའི་ཐུགས་ཀར་ཧཱུྃ་དཀར་པོས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་ཁྱད་པར་ལྕང་ལོ་ཅན་ནས་གསང་བའི་བདག་པོ་ཡེ་ཤེས་སེམས་དཔའི་ཐུགས་རྒྱུད་བསྐུལ། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་ལ་ཐིམ་པས་བྱིན་


RTZ046_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས་པར་མོས་ཤིག །སྤོས་རོལ་བཅས། ཨོཾ་བཛྲ་པཱ་ཎི་ནཱི་ལམྦཱ་ར་དྷ་ར་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ལ་བྱིན་ཕབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་འཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་བརྟན་པར་བྱས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་བཏེགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་གསང་བ་འཛིན༔ བཅོམ་ལྡན་ལག་ན་རྡོ་རྗེ་ཡི༔ དབང་བསྐུར་མ་ལུས་ཁྱོད་ལ་སྦྱིན༔ བསྙེན་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་མགོར་བཞག་ལ་བུམ་ཆུ་སྦྱིན། དེ་ལྟར་རྡོ་རྗེའི་གཏོར་བླུག་གི་ཆོ་ག་ལ་བརྟེན་ནས་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་བདུད་རྩིའི་ཆུ་རྒྱུན་གྱིས་གང་། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཉམས་སུ་མྱོང་བའི་མོས་པ་མཛོད། དེས་བུམ་པའི་དབང་བསྐུར་བ་སོང་ནས། རྗེས་


RTZ046_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་རྣམས་རིམ་གྱིས་འབྱུང་བ་ལས། དང་པོ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་ཁྲོ་རྒྱལ་རྡོ་རྗེ་བེ་ཅོན་དུ་གསལ་བའི་སྨིན་མཚམས་ནས་ཡེ་ཤེས་ཀྱི་སྐུ་རང་འདྲ་བ་ཞིག་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག །རྡོ་རྗེ་བེ་ཅོན་ཙཀླི་སྤྱི་བོར་བཞག་ལ། ཧཱུྃ༔ དཔལ་ལྡན་གསང་བའི་བདག་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲེགས་པ་གཟའ་གདོན་འདུལ་བ་དང༔ རྡོ་རྗེའི་སྐུ་རུ་ལྷུན་གྲུབ་ཤོག༔ བཛྲ་ཙཎྜ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་ཡེ་ཤེས་ཀྱི་སྐུ་ཐིམ་པའི་རྐྱེན་གྱིས། ཁྱེད་རང་གསང་བདག་ཞི་བའི་སྐུ༔ ཡོངས་གྱུར་རྡོ་རྗེ་བེ་ཅོན་སོགས་ནས། ཡེ་ཤེས་མེ་ཕུང་དབུས་ན་འགྱིང༔ བར་ཕྲིན་ལས་ལྟར་བརྗོད། དེ་ལྟར་ཁྱེད་རང་རྡོ་རྗེ་བེ་ཅོན་གྱི་སྐུར་གནས་གྱུར་པ་ལ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་རྟ་མགྲིན་དམར་ནག་ཐོད་དབྱུག་དང་ཞགས་པ་བསྣམས་ཤིང་ཁྲོ་བོའི་ཆས་ཀྱིས་བརྒྱན་པ་ཞིག་འཕྲོས་ཏེ་ཁྱེད་རང་གི་ཐུགས་ཀའི་པད་ཉིའི་སྟེང་དུ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པར་མོས་ཤིག །རྟ་མགྲིན་གྱི་སྐུ་ཙཀ་སྙིང་གར་བཞག་ལ། ཧྲཱི༔ དབང་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔


RTZ046_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བསེན་དམ་སྲི་ཚར་བཅད་ནས༔ རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཧ་ཡ་གྲཱི་བ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཕྱག་གཡོན་སྡིགས་མཛུབ་རྩེ་མོའི་ཁྱུང་ཆེན་ལས་གཉིས་པ་འཕྲོས། ཁྱེད་རང་གི་ཕྱག་གཡོན་པའི་སྡིགས་མཛུབ་རྩེ་མོའི་ཁྱུང་ཆེན་ལ་ཐིམ་པས་གདུག་པ་ཅན་ཚར་གཅོད་པའི་ནུས་མཐུ་སྟོབས་སུ་གྱུར་པར་མོས་ཤིག །སློབ་མའི་ལག་གཡོན་སྡིགས་མཛུབ་བྱས་པའི་རྩེར་ཁྱུང་ཙཀ་སྦྱིན་ལ། ཁྲོཾ༔ ཡེ་ཤེས་ཁྱུང་ཆེན་ག་རུ་ཌས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀླུ་གདོན་གདུག་པ་ཚར་བཅད་ནས༔ རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ བཛྲ་ག་རུ་ཌཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་གསུང་བཟླས་པའི་ལུང་སྦྱིན་ཞིང་སྔགས་ཀྱི་དབང་བསྐུར་བའི་སླད་དུ་སློབ་དཔོན་གྱི་ཐུགས་ཀར་བཞུགས་པའི་ཡེ་ཤེས་སེམས་དཔའ་རྟ་མགྲིན་གྱི་ཐུགས་ཀ་ནས་སྔགས་ཕྲེང་རྣམས་རིམ་གྱིས་བྱུང་། ཞལ་ནས་ཞལ་དུ་བརྒྱུད་དེ་ཁྱེད་རང་གི་ཞལ་ནས་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་སྔོན་པོའི་མཐར་


RTZ046_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། གོང་གསལ་བསྙེན་སྒྲུབ་ཀྱི་སྔགས་ཚན་གཉིས་དང་། ལས་སྔགས། ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧ་ས་ཧ་ས༔ དྷ་ར་དྷ་ར༔ མཱ་ར་ཡ་མཱ་ར་ཡ༔ ནཱ་ཤ་ཡ་ནཱ་ཤ་ཡ༔ སརྦ་དུཥྚཱན་བིགྷྣཱན་བི་ནཱ་ཤ་མཱ་ར་ཡ་ཕཊ༔ ཅེས་པ་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། སྔགས་བྱང་སྔགས་ཕྲེང་མགྲིན་པར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་ཆེ༔ རིག་སྔགས་ཀུན་གྱི་རྒྱལ་པོ་སྟེ༔ བཅོམ་ལྡན་ལག་ན་རྡོ་རྗེ་ཡི༔ གསུང་མཆོག་འདི་ནི་ཁྱོད་ཀྱིས་ལོངས༔ སྒྲུབ་སྔགས་ཤམ་དུ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །གསུང་བཟླས་བརྗོད་བྱེད་པ་ལ་དབང་བར་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་དབང་བསྐུར་བའི་སླད་དུ། སློབ་དཔོན་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱག་མཚན་རྡོ་རྗེ་འབར་བའི་རྣམ་པར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་དང་བཅས་ཏེ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་མཉམ་པར་


RTZ046_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་མཛོད། ཕྱག་མཚན་སྙིང་གར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ༔ སྟོང་ཉིད་ཡེ་ཤེས་མཁའ་འདྲ་བ༔ བཅོམ་ལྡན་རྡོ་རྗེ་བེ་ཅོན་གྱི༔ དབང་བསྐུར་དམ་པ་ཁྱོད་ལ་སྦྱིན༔ སྒྲུབ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་གཉིས་མེད་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །བཞི་པ་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། གཏོར་མ་འདི་ཉིད་དཔལ་ཆེན་རཀྴ་ཐོད་ཕྲེང་རྩལ་གར་དགུའི་ཉམས་ཀྱིས་རྣམ་པར་རོལ་པའི་སྐུར་གསལ་བ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་ཏེ་བྱིན་རླབས་ཡེ་ཤེས་ཆེན་པོ་རྒྱུད་ལ་བསྩལ་བའི་མོས་པ་མཛོད། དཔལ་གཏོར་མགོར་བཞག་ལ། ཧཱུྃ༔ དཔལ་གྱི་གཏོར་མ་བརྗིད་ལྡན་འདི༔ རཀྴ་ཐོད་ཕྲེང་ངོ་བོར་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཕྲིན་ལས་ལྷུན་རྫོགས་ཤོག༔ བཛྲ་ཙཎྜ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཏོར་མའི་ལྷ་ཉིད་འོད་དུ་ཞུ༔ ཁྱེད་ལ་ཐིམ་པས་སྐད་ཅིག་གིས༔ ཁྱེད་རང་རྡོ་རྗེ་བེ་ཅོན་སྐུ༔ ཡོངས་གྱུར་རཀྴ་ཐོད་ཕྲེང་རྩལ༔ སྨུག་ནག་ཁྲོ་གཏུམ་བཟོད་པར་དཀའ༔ སྐུ་ཆེ་ཡན་ལག་ཤིན་ཏུ་རགས༔ ཁམས་


RTZ046_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བ་སྤུའི་ཁུང་བུར་རྫོགས༔ ཧཱུྃ་ཕཊ་ཕེཾ་སྒྲ་འབྲུག་སྟོང་སྒྲོག༔ རྡོ་རྗེ་ཐོད་འཛིན་ཡུམ་དང་སྦྱོར༔ དྲག་པོའི་ཆས་ཀྱིས་རབ་ཏུ་བརྒྱན༔ ཡེ་ཤེས་མེ་དཔུང་འཁྲུགས་པའི་ཀློང༔ གར་དགུའི་ཉམས་ཀྱིས་རྣམ་པར་རོལ༔ དམ་ཚིག་ཡེ་ཤེས་གཟོད་མ་ནས༔ དབྱེར་མེད་དག་མཉམ་ཆེན་པོར་གསལ༔ དེ་ལྟར་ཁྱེད་རང་གི་ལུས་ངག་ཡིད་གསུམ་དང་དཔལ་ཆེན་པོ་རཀྴ་ཐོད་ཕྲེང་རྩལ་གྱི་སྐུ་གསུང་ཐུགས་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་དབྱེར་མི་ཕྱེད་པར་གྱུར་ནས། ཡོན་ཏན་ཕྲིན་ལས་རྒྱ་མཚོར་དབང་འབྱོར་པ་ལ་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབ་ཅིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་ཇི་ལྟར་འོས་པ་བྱ་ཞིང་མེ་ཏོག་འཐོར་བ་དང་རོལ་མོའི་སྒྲ་བྱ། དེས་གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་སྟེ། རྡོ་རྗེའི་གསུང་ལས། དེ་ལྟར་དབང་འདི་བསྐུར་ཙམ་གྱིས༔ སྲོག་བདག་གཟའ་ཀླུ་རྒྱལ་གསུམ་གྱི༔ བར་ཆད་ཆོ་འཕྲུལ་ཐམས་ཅད་ཞི༔ ཏིང་འཛིན་གསལ་ཞིང་བརྟན་པ་སོགས༔ བྱིན་རླབས་ནུས་པ་མཐའ་ཡས་ཕྱིར༔ ཚུལ་བཞིན་བསྒོམ་ན་སྨྲོས་ཅི་དགོས༔ ཞེས་བསྔགས་པས་མཚོན་


RTZ046_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་དང་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་ལགས་པས་འདི་ཉིད་ཡི་དམ་གྱི་ལྷར་འཛིན་ཞིང་དམ་ཚིག་ཚུལ་བཞིན་དུ་བསྲུང་བའི་མོས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་མཆོད་པ་ཁ་གསོས་ལ་བྱིན་བརླབ། མཆོད་བསྟོད་དང་། མ་རྙེད་ཡོངས་སུ་སོགས་ཀྱི་མཐར་ཡིག་བརྒྱ་ལན་གསུམ་བརྗོད་ལ་ནོངས་པ་བཤགས། སྣོད་བཅུད་ལྷར་གསལ་རང་ལ་འདུས། །རང་ཉིད་ཐུགས་ཀའི་ཧཱུྃ་ལ་ཐིམ། །དེ་ཡང་ནམ་མཁར་སྤྲིན་དེངས་བཞིན། །སྟོང་གསལ་གཉུག་མའི་ངང་དུ་བཞག །སླར་ཡང་ཆུ་ལ་ཉ་འཕར་ལྟར། །གསང་བའི་བདག་པོའི་སྐུ་རུ་གསལ། །ཞེས་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བྱའོ། །གདུག་ཅན་འབྱུང་པོའི་མུན་པ་ཞི། །རིམ་གཉིས་ཡེ་ཤེས་ཚ་ཟེར་རྒྱས། །ཟུང་འཇུག་བདེ་ཆེན་འོད་གསལ་སྐུ །རྡོ་རྗེ་བེ་ཅོན་མྱུར་འགྲུབ་ཤོག །ཅེས་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གིས་བཀས་བསྐུལ་བ་དང་། ཟབ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་ཏེ་ཆོས་འདིའི་བདག་པོར་དབུགས་དབྱུང་ཐོབ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ལྷན་སྐྱེས་མཁའ་འགྲོའི་བསྟི་གནས་བྷ་ཊའི་ལྗོན་ཤིང་གིས་སྤྲས་པའི་བཛྲ་ཙིཏྟ་ཀོ་ཊའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །


previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་ཆོག་ཨིནྡྲ་ནཱི་ལའི་ཆུ་རྒྱུན། བསྟན་གཉིས་གཡུང་དྲུང་གླིང་པ།no next