Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
གཏུམ་པོ་དྲེགས་པ་ཀུན་འདུལ་ལས་གཟའ་ཆོག་གདུག་པ་ཀུན་སྒྲོལ། རོལ་པའི་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏུམ་པོ་དྲེགས་པ་ཀུན་འདུལ་ལས་གཟའ་ཆོག་གདུག་པ་ཀུན་སྒྲོལ། རོལ་པའི་རྡོ་རྗེ།next

གཏུམ་པོ་དྲེགས་པ་ཀུན་འདུལ་ལས་གཟའ་ཆོག་གདུག་པ་ཀུན་སྒྲོལ། རོལ་པའི་རྡོ་རྗེ།


RTZ047_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ གཟའ་ཆོག་གདུག་པ་ཀུན་སྒྲོལ་བཞུགས་སོ༔


RTZ047_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མཆོག་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ༔ གཟའ་དགྱེས་པའི་ཆོ་ག་བྱ་བ་ནི༔ སྣོད་གཅིག་ཏུ་ས་ལ་མཎྜལ་བྱ༔ པདྨ་འདབ་བཞི་ནང་མ༔ འདབ་བརྒྱད་བར་མ་དང༔ ཉེར་བརྒྱད་ཕྱི་མ་བྱས་པའི་དབུས་སུ་ཟུར་གསུམ་ཆེ་བ་རྩེ་དགུ༔ དེའི་གཡས་སུ་ཟུར་གསུམ་གཡས་དཀྱུས༔ གཡོན་དུ་ཟུར་གསུམ་ཤ་ཁྲག་མེད་པ་ཀླུ་སྨན་གྱིས་སྦགས་པ༔ འདབ་བཞི་ལ་ཟུར་གསུམ་སྨན་ཏིང་བཅས་པ་བཞི༔ འདབ་བརྒྱད་ལ་ཟུར་གསུམ་ར་སྐྱེས་བརྒྱན་པ་བརྒྱད༔ ཉེར་བརྒྱད་ལ་བཤོས་ཕྲན་ཟུར་གསུམ་ཉེར་བརྒྱད་དྲ་མིག་ཅན༔ དེ་རྒྱབ་འབྲང་རྒྱས་ཞེ་བཞི་ཟླུམ་པོ༔ ཟན་ཀོང་དུ་སྐྱེམས་ཕུད་ཞེ་བཞི༔ རཀྟ་ཞེ་བཞི༔ ཤ་དུམ་ཞེ་བཞི༔ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རྣམས་ཞེ་བཞི་རེ་དང༔ དེ་བཞིན་ངར་གླུད་དང་དགྲ་གཟུགས་དང༔ ཆངས་བུ་དང༔ དཀར་མངར་དྲུག་བསྲེས་པ་རྣམས་ཀྱང་ཞེ་བཞི་རེ་བསྐོར༔ གཞན་ཡང་དར་སྣ༔ འབྲུ་སྣ༔ རིན་ཆེན་སྣ་ཚོགས༔ མེ་ཏོག་སྣ་ཚོགས༔ གཟུགས་འགྲོས་སྣ་ཚོགས་ཀྱིས་བསྐོར་ཞིང་ལེགས་པར་བརྒྱན༔ དེ་རྒྱབ་ལྕགས་རི་ལ་ཤིང་རིས་སྤྱན་གཟིགས་དཀོར་ཆ་སྣ་ཚོགས་བྲིས་པ་ཅི་མང་གཟུག༔ གཞན་ཡང་ཡོ་བྱད་གང་དགོས་བསགས་ནས༔ རང་ཉིད་གཏུམ་པོ་ཁྲོས་པར་བསྒོམ་ཞིང༔ མདུན་རྫས་བྱིན་རླབས་སོགས་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ རཾ་ཡཾ་ཁཾ༔ རྫས་


RTZ047_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མ་དག་བསྲེགས་གཏོར་བཀྲུས་ནས་སྟོང༔ དེ་ཡི་ངང་ལས་སྣང་སྲིད་སྣོད་བཅུད་ཚོགས༔ དྲང་སྲོང་གཟའ་རིགས་ཐམས་ཅད་ཅི་དགྱེས་པའི༔ འདོད་ཡོན་ལོངས་སྤྱོད་ཕུན་ཚོགས་འཛད་མེད་གྱུར༔ མཆོག་གསུམ་ལྷ་སྔགས་ཏིང་འཛིན་རྒྱུ་འབྲས་དག༔ བསླུ་མེད་ཆོས་དབྱིངས་རྣམ་དག་བདེན་པ་ཡིས༔ དམིགས་པའི་མཆོད་རྫས་ཟད་མེད་མཁའ་ཁྱབ་ཤོག༔ དྲང་སྲོང་གཟའ་རིགས་འདི་རུ་འདུས་གྱུར་ཅིག༔ ཧཱུྃ༔ བདག་ཉིད་གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཐུགས་སྲོག་འོད་ཀྱིས་སྣང་སྲིད་མ་ལུས་ཁེངས༔ ཡཀ་ཤ་ཛྭ་ལ་རཱ་ཧུ་ཀླུ་མོ་དང༔ གདོང་མོ་བཞི་དང་གཟའ་བརྒྱད་རྒྱུ་སྐར་ནི༔ ཉེར་བརྒྱད་ལ་སོགས་གཟའ་རིགས་མ་ལུས་ཀུན༔ རང་གི་ཆ་ལུགས་ཕྱག་མཚན་བཞོན་པར་བཅས༔ མྱུར་དུ་འདིར་གཤེགས་སྣང་སྲིད་བཀོད་པའི་དབུས༔ རང་རང་མཛེས་གདན་སོ་སོར་བཞུགས་པར་གྱུར༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཧཱུྃ༔ དྲང་སྲོང་གཟའ་སྐར་འཁོར་བཅས་སྙན་གསོན་དང༔ ཕྱི་ནང་གསང་བ་ཡང་གསང་མཆོད་པའི་ཚོགས༔ གང་དགྱེས་སོ་སོར་བཞེས་ལ་རྡོ་རྗེ་འཛིན༔ སྤྱན་སྔར་ཁས་བླངས་མ་འདའ་དམ་ཚིག་སྲུངས༔ ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ༈ ཧཱུྃ༔ ཡཀ་ཤ་ཛྭ་ལ་རཱ་ཧུ་གློག་འགྱུ་མ༔ གདོང་མོ་


RTZ047_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་གཟའ་བརྒྱད་རྒྱུ་སྐར་ནི༔ ཉེར་བརྒྱད་ལ་སོགས་གཟའ་རིགས་སྲིད་ཀུན་ལ༔ དགྱེས་པའི་དམ་རྫས་སོ་སོར་འབུལ་བ་ནི༔ རང་རང་བཤོས་བུ་མཐུན་རྫས་དགྱེས་རྫས་འབུལ༔  ཐུགས་དམ་གཉན་བསྐང་འགལ་འཁྲུལ་ཐམས་ཅད་བཤགས༔ གུས་བསྟོད་དམ་ལས་མ་འདའ་མ་འཁུ་ཞིག༔ བདག་ཅག་སྔོན་ལས་འཕྲལ་རྐྱེན་ངན་རིགས་དང༔ བྱད་གཏད་ནད་ཡམས་མི་མཐུན་ཕྱོགས་ཀུན་ཟློགས༔ བདག་ཅག་འཁོར་དང་མི་ཕྱུགས་བཅས་ཀུན་ལ༔ གཟའ་དང་རྒྱུ་སྐར་ནད་རིགས་སྔར་ཡོད་སོལ༔ ཕྱིན་ཆད་མི་འབྱུང་ཞི་བ་བདེ་ལེགས་གྱུར༔ ཐོག་སེར་སྐར་མདའ་སད་སེར་མི་འབྱུང་མཛོད༔ ཡུལ་ཁམས་འགྲོ་བ་ཀུན་གྱི་ནད་མུག་མཚོན༔ མི་བདེ་ཀུན་ཞི་བདེ་སྐྱིད་ཕུན་ཚོགས་མཛོད༔ གཞན་ཡང་སྡང་དགྲ་གནོད་བྱེད་བྱད་མ་སོད༔ སངས་རྒྱས་བསྟན་པ་སྲུང་མཛོད་བསྟན་བཤིག་ཐུལ༔ ཇི་ལྟར་སྨོན་ཀུན་མཆོག་གསུམ་རྩ་གསུམ་དང༔ ཏིང་འཛིན་ལྷ་སྔགས་རྒྱུ་འབྲས་ཆོས་དབྱིངས་སོགས༔ བདེན་པའི་སྟོབས་ཀྱིས་མྱུར་དུ་འགྲུབ་གྱུར་ཅིག༔༽ འབྲང་རྒྱས་ཞལ་དཀར་རི་ལྟར་བརྗིད་པ་འབུལ༔ ཐུགས་དམ་གཉན་བསྐང་སོགས་འགྲེས་བྱང་གོང་ལྟར་མན་ཆད་ཀུན་ལ་སྦྱར་རོ། །དམར་ཆེན་


RTZ047_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟའི་མཆོད་པ་མཉེས་པར་འབུལ༔ ཐུགས་དམ་གཉན་བསྐང༴ ཤ་ལ་དགྱེས་པར་ཤ་ཡི་རི་བོ་འབུལ༔ ཐུགས་དམ་གཉན་བསྐང༴ ཡོན་ཆབ་ཁྲུས་ཆས་བཤམས་དང་བློས་སྤྲུལ་འབུལ༔ ཐུགས་དམ་གཉན་བསྐང༴ སྤྱན་ཡུལ་ཇི་ལྟར་མཛེས་པའི་མེ་ཏོག་འབུལ༔ ཐུགས་དམ་གཉན་བསྐང༴ ཤངས་ལ་ཞིམ་པའི་བདུག་སྤོས་མཆོག་རྣམས་འབུལ༔ ཐུགས་དམ་གཉན་བསྐང༴ སྣང་བ་ཀུན་ནས་ལེགས་གསལ་མར་མེ་འབུལ༔ ཐུགས་དམ་གཉན་བསྐང༴ ཆུ་སྣ་ཚོགས་པར་དྲི་སྦྱར་བྱུགས་པ་འབུལ༔ ཐུགས་དམ་གཉན་བསྐང༴ རང་རང་དགྱེས་པའི་རོ་མངར་ཞལ་ཟས་འབུལ༔ ཐུགས་དམ་གཉན་བསྐང༴ བདག་ཅག་རྣམས་ལས་གླུད་བཟང་ངར་མི་འབུལ༔ ཐུགས་དམ་གཉན་བསྐང༴ སངས་རྒྱས་བསྟན་བཤིགས་དགྲ་གཟུགས་དབྱེར་མེད་འབུལ༔ ཐུགས་དམ་གཉན་བསྐང༴ ལྔ་བཅངས་ལན་ཆགས་དགྱེས་པར་དེ་བཞིན་འབུལ༔ ཐུགས་དམ་གཉན་བསྐང༴ དཀར་གསུམ་མངར་གསུམ་གང་ལ་གང་དགྱེས་འབུལ༔ ཐུགས་དམ་གཉན་བསྐང༴ དར་སྣ་འབྲུ་སྣ་རིན་ཆེན་སྣ་ཚོགས་འབུལ༔ ཐུགས་དམ་གཉན་བསྐང༴ མི་མཐུན་མ་གཏོགས་


RTZ047_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་འབྲས་མེ་ཏོག་འབུལ༔ ཐུགས་དམ་གཉན་བསྐང༴ སྐྱེ་འགྲོའི་བཀོད་གཟུགས་སྣང་སྲིད་ཀུན་ཚང་འབུལ༔ ཐུགས་དམ་གཉན་བསྐང༴ སྤྱན་གཟིགས་དཀོར་ནོར་འདོད་ཡོན་ལོངས་སྤྱོད་འབུལ༔ ཐུགས་དམ་གཉན་བསྐང་འགལ་འཁྲུལ་ཉམས་ཆག་བཤགས༔ གུས་བསྟོད་དམ་ལས་མ་འདའ་མ་འཁུ་ཞིག༔ བདག་ཅག་སྔོན་ལས་འཕྲལ་རྐྱེན་ངན་རིགས་དང༔ བྱད་གཏད་ནད་ཡམས་མི་མཐུན་ཕྱོགས་ཀུན་ཟློགས༔ བདག་ཅག་འཁོར་དང་མི་ཕྱུགས་བཅས་ཀུན་ལ༔ གཟའ་དང་རྒྱུ་སྐར་ནད་རིགས་སྔར་ཡོད་སོལ༔ ཕྱིན་ཆད་མི་འབྱུང་ཞི་བ་བདེ་ལེགས་གྱུར༔ ཐོག་སེར་སྐར་མདའ་སད་སེར་མི་འབྱུང་མཛོད༔ ཡུལ་ཁམས་འགྲོ་བ་ཀུན་གྱི་ནད་མུག་མཚོན༔ མི་བདེ་ཀུན་ཞི་བདེ་སྐྱིད་ཕུན་ཚོགས་མཛོད༔ གཞན་ཡང་སྡང་དགྲ་གནོད་བྱེད་བྱད་མ་སོད༔ སངས་རྒྱས་བསྟན་པ་སྲུང་མཛོད་བསྟན་བཤིག་ཐུལ༔ ཇི་ལྟར་སྨོན་ཀུན་མཆོག་གསུམ་རྩ་གསུམ་དང༔ ཏིང་འཛིན་ལྷ་སྔགས་རྒྱུ་འབྲས་ཆོས་དབྱིངས་སོགས༔ བདེན་པའི་སྟོབས་ཀྱིས་མྱུར་དུ་འགྲུབ་གྱུར་ཅིག༔ ཀྱཻ༔ རང་རང་དགྱེས་རྫས་མ་འདྲེས་སོ་སོར་བཞེས༔ ཕམ་རྒྱལ་རྩོད་མེད་སོ་སོའི་སྡུག་བསྔལ་


RTZ047_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ༔ དགའ་མགུ་ཡི་རང་ཞི་དུལ་སེམས་ལྡན་ནས༔ གང་བཅོལ་ལས་རྣམས་ཐོགས་མེད་འགྲུབ་པར་མཛོད༔ དེ་ལྟར་སྤྱི་མཐུན་དུ་ཕུལ་ནས༔ སླར་ཡང་སྤོགས་པའི་མཆོད་རྫས་སོ་སོར་བརྒྱ་རྩ་རེ་འབུལ་བ་གལ་ཆེ་བས༔ རྟེན་མདུན་སྣོད་དུ་ཚིགས་བཅད་དང་བཅས་རེ་རེ་བཞིན་འབུལ་བར་བྱའོ༔ ཨོཾ་ཨཱཿཧཱུྃ༔ ཡོན་ཆབ་གཙང་མ་ལྷ་རྫས་ཡིད་དུ་འོང༔ གཟའ་རིགས་རྒྱུ་སྐར་དྲང་སྲོང་ཀུན་ལ་འབུལ༔  འདོད་ཡོན་ཟད་མེད་སྟོང་ཁམས་ཀུན་ཁེངས་ནས༔ ཕམ་རྒྱལ་རྩོད་མེད་སོ་སོར་དགྱེས་ཚིམས་ཤོག༔ བདག་གིས་བཅོལ་བའི་ཕྲིན་ལས་རྣམ་བཞི་སྒྲུབས༔ འགྲོ་ཀུན་གཟའ་ནད་ཀུན་ལས་གྲོལ་བ་དང༔ ནད་མུག་མཚོན་སོགས་མི་དགེ་ཀུན་དང་བྲལ༔ བདེ་སྐྱིད་ཕུན་ཚོགས་དཀར་ཕྱོགས་ཡར་འཕེལ་ཤོག༔ སྟོབས་བཅུ་མངའ་དང་ཞི་བ་ཆགས་བྲལ་བ༔ འཕགས་པའི་དགེ་འདུན་བདེན་པ་བསླུ་བ་མེད༔ བདེན་པ་དེ་ཡིས་སྨོན་པ་ཀུན་འགྲུབ་ནས༔ བདག་སོགས་ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག༔ ཨོཾ་ཨཱཿཧཱུྃ༔ མེ་ཏོག་པདྨ་མདངས་མཛེས་ལྟ་ན་སྡུག༔ གཟའ་རིགས་རྒྱུ་སྐར་དྲང་སྲོང་ཀུན་ལ་འབུལ༔ འདོད་ཡོན་སོགས་འགྲེས་བྱང་གོང་ལྟར་རོ༔ ཨོཾ་ཨཱཿཧཱུྃ༔ དྲི་བཟང་བསྲེགས་པའི་དུད་པ་མཆོག་འདི་ནི༔ གཟའ་


RTZ047_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་རྒྱུ་སྐར་དྲང་སྲོང་ཀུན་ལ་འབུལ༔ འདོད་ཡོན༴ ཨོཾ་ཨཱཿཧཱུྃ༔ མུན་ནག་རབ་གསལ་མར་གྱི་མེ་བོ་ཆེ༔ གཟའ་རིགས་རྒྱུ་སྐར་དྲང་སྲོང་ཀུན་ལ་འབུལ༔ འདོད་ཡོན༴ ཨོཾ་ཨཱཿཧཱུྃ༔ ཆུ་གཙང་ཀུན་དང་དྲི་བཟང་ལེགས་སྦྱར་བྱུག༔ གཟའ་རིགས་རྒྱུ་སྐར་དྲང་སྲོང་ཀུན་ལ་འབུལ༔ འདོད་ཡོན༴ ཨོཾ་ཨཱཿཧཱུྃ༔ སོ་སོར་མཐུན་རྫས་ཞལ་ཟས་རི་རབ་མཚུངས༔ གཟའ་རིགས་རྒྱུ་སྐར་དྲང་སྲོང་ཀུན་ལ་འབུལ༔ འདོད་ཡོན༴ ཨོཾ་ཨཱཿཧཱུྃ༔ རོལ་མོ་སྣ་ཚོགས་འཁྲོལ་བའི་སྒྲ་མཆོག་སྙན༔ གཟའ་རིགས་རྒྱུ་སྐར་དྲང་སྲོང་ཀུན་ལ་འབུལ༔ འདོད་ཡོན༴ ཨོཾ་ཨཱཿཧཱུྃ༔ དཀར་གསུམ་མངར་གསུམ་འབྲུ་དང་རིན་ཆེན་ཚོགས༔ གཟའ་རིགས་རྒྱུ་སྐར་དྲང་སྲོང་ཀུན་ལ་འབུལ༔ འདོད་ཡོན་ཟད་མེད་སྟོང་ཁམས་ཀུན་ཁེངས་ནས༔ ཕམ་རྒྱལ་རྩོད་མེད་སོ་སོར་དགྱེས་ཚིམས་ཤོག༔ བདག་གིས་བཅོལ་བའི་ཕྲིན་ལས་རྣམ་བཞི་སྒྲུབས༔ འགྲོ་ཀུན་གཟའ་ནད་ཀུན་ལས་གྲོལ་བ་དང༔ ནད་མུག་མཚོན་སོགས་མི་དགེ་ཀུན་དང་བྲལ༔ བདེ་སྐྱིད་ཕུན་ཚོགས་དཀར་ཕྱོགས་ཡར་འཕེལ་ཤོག༔ སྟོབས་


RTZ047_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་མངའ་དང་ཞི་བ་ཆགས་བྲལ་བ༔ འཕགས་པའི་དགེ་འདུན་བདེན་པ་བསླུ་བ་མེད༔ བདེན་པ་དེ་ཡིས་སྨོན་པ་ཀུན་འགྲུབ་ནས༔ བདག་སོགས་ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག༔ དེ་ལྟར་ཕུལ་ཞིང་ཕྲིན་ལས་བཅོལ་ནས༔ རྗེས་ཀྱི་ལས་བྱ་ཞིང་རྫས་ལ་སོགས་པ་ཀུན༔ གཟའ་འགྱུ་བ་དང་བསྟུན་ནས་གཙང་སར་བསྐྱེལ་བར་བྱའོ༔ འབད་པས་གཟའ་ནད་གྲོལ་ཞིང་བཀྲ་ཤིས་བདེ་ལེགས་འབྱུང་བར་འགྱུར་རོ༔ གསང་བདག་གི་ལས་ཚོགས་གཟའ་ཆོག་གདུག་པ་ཀུན་སྒྲོལ༔ ཨྠྀི༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ རོལ་པའི་རྡོ་རྗེ་བདག་གིས་ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་གདན་དྲངས་པའི་ཤོག་སེར་ལས་ཞལ་བཤུས་སོ། །ཤུབྷཾ།། །།


previousགཏུམ་པོ་དྲེགས་པ་ཀུན་འདུལ་ལས་གཟའ་ཆོག་གདུག་པ་ཀུན་སྒྲོལ། རོལ་པའི་རྡོ་རྗེ།next