Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
ཡེ་ཤེས་རབ་འབར་ལས་ཞི་སྦྱོང་བདུད་རྩིའི་ཆུ་བོ། ཀློང་གསལ་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་རབ་འབར་ལས་ཞི་སྦྱོང་བདུད་རྩིའི་ཆུ་བོ། ཀློང་གསལ་སྙིང་པོ།next

ཡེ་ཤེས་རབ་འབར་ལས་ཞི་སྦྱོང་བདུད་རྩིའི་ཆུ་བོ། ཀློང་གསལ་སྙིང་པོ།


RTZ047_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རབ་འབར་ལས༔ ཞི་སྦྱོང་བདུད་རྩིའི་ཆུ་བོ། ཡེ་ཤེས་དམར་ནག་རབ་ཁྲོས་མཆོག༔ ལྷག་པའི་ལྷ་ལ་ཕྱག་འཚལ་ལོ༔ དུས་མཐའི་འགྲོ་བ་དུག་རླངས་ཀྱིས༔ བག་ཆགས་རང་ལ་སྡིག་པ་དང༔ འཕྲལ་རྐྱེན་གློ་བུར་གདོན་གྱིས་སྐྱེད༔ ཁྱད་པར་གཟའ་ཀླུ་རྒྱལ་གསུམ་གྱིས༔ དུས་མཐའི་འགྲོ་བ་སྡུག་བསྔལ་པའི༔ ནད་པར་བདུད་རྩིའི་གསོ་སྦྱོང་འདི༔ ཡེ་ཤེས་རབ་འབར་ལས་བྱུང་ཞིང༔ སློབ་དཔོན་བཀའ་བཞིན་ཁོ་མོས་གསལ༔ སྐལ་ལྡན་རྣམས་ཀྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ དཀྱིལ་འཁོར་གཞུང་བཞིན་བསྙེན་སྒྲུབ་ཀྱི༔ ལས་བུམ་ཡཀྴ་མེ་དབལ་བསྐྱེད༔ ཁ་རྒྱན་རྨ་བྱར་ཟླ་བ་ཧཱུྃ་གིས་མཚན་པར།་་་ལྷ་བསྐྱེད་དེ༔ བདག་མདུན་གྲུབ་ནས་ལས་སྦྱོར་ནི༔ བག་ཟན་སྡིག་གཟུགས་རྫ་ནང་བཞག༔ ལུས་བསྒྲེས་ཆངས་རྗེས་ངར་མི་བརྒྱ༔ ནད་འདྲེ་བཀུག་ཅིང་དེ་ལ་སྦྱིན༔ ས་མ་ཡཱ༔ བདེན་སྟོབས་ཀྱིས་བཀུག་པ་ནི༔ ན་མོ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ སོགས་བརྗོད། རང་ཉིད་ཡི་དམ་གྱི་བསྐྱེད་རིམ་གསལ་བས༔ གནོད་བྱེད་ཨཾ་གུ་ཤ་ཛཿཛ༔ ཁུག་ཛ༔ ཁུག་པར་བཀུག༔ བྱབ་པ་ནི་རྨ་བྱའི་མདོངས་ཐོགས་ལ༔ ཨོཾ་ཨཱཿཧཱུྃ༔ དྲག་སྔགས་


RTZ047_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་དུ༔ ཨོཾ་ཕུ་ལེ་ཕུ་ལེ་ཕུད་ཕུད༔ ཧ་ལ་ཧ་ལ་ཕུད་ཕུད༔ ནད་དང་སྡིག་སྒྲིབ་ཐམས་ཅད་ཕུད་ཕུད༔ ཤཱནྟིཾ་ཀུ་རུ་ཕུད་ཕུད༔ པུཥྚིཾ་ཀུ་རུ་ཕུད་ཕུད༔ ཝ་ཤཾ་ཀུ་རུ་ཕུད་ཕུད༔ མཱ་ར་ཡ་ཕུད་ཕུད༔ ནད་གདོན་སྡིག་སྒྲིབ་མ་ལུས་ཀུན༔ ངར་གླུད་ལ་བརྟེན་བདུན་བདུན་བྱབ༔ དེ་ལྟར་བརྒྱ་དང་རྩ་བརྒྱད་ཀྱི༔ མཚམས་སུ་ལས་ཀྱིས་ཁྲུས་བྱ་འོ༔ ལྷ་དང་ཚངས་པའི་ནད་ཀྱང་གྲོལ༔ སྡེ་བརྒྱད་ཀུན་ལ་སྨྲོས་ཅི་དགོས༔ ཟབ་ཕྱིར་གསང་བའི་གཏེར་དུ་བསྐུངས༔ སྐལ་ལྡན་རྣམས་ཀྱིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས་སྡེ་བརྒྱད་ལྷ་འདྲེས་བརྩེགས་པའི་ཁྲི་ལ་བཞུགས་པའི་པདྨ་དྲག་པོའི་རྣལ་འབྱོར་པ་ཀློང་གསལ་སྙིང་པོས་གསང་སྔགས་སྒྲུབ་ཁང་རྩེར་བཤུས་ཏེ་དག་པར་ཕབ་པའོ།། །། ༁ྃ༔ ཡེ་ཤེས་རབ་འབར་ལས༔ དྲག་སྦྱོང་སྡིག་པའི་ཁར་འཇུག་ནི༔ ཡེ་ཤེས་རྔམ་པའི་ཧེ་རུ་ཀ༔ ལྷག་པའི་ལྷ་ལ་ཕྱག་འཚལ་ལོ༔ དུས་སྙིགས་ལྷ་འདྲེ་མ་རུངས་ནད༔ ཞི་བའི་སྦྱོང་བས་མ་གྲོལ་ན༔ དྲག་པོའི་མཐའ་བརྟུལ་འདི་ལྟར་བྱ༔ དཀྱིལ་འཁོར་གཏོར་མཆོད་བསྙེན་སྒྲུབ་གསལ༔ རྫ་སོ་བཏང་བའི་སྡིག་གཟུགས་གཅིག༔ ཁ་དགུ་མིག་དགུ་འཇིགས་པར་བྱ༔ རྫ་སོ་དམར་པོའི་ནང་དུ་གཞུག༔ རྫ་སོ་གྲུ་གསུམ་འབར་བ་བསྒོམ༔


RTZ047_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་མེ་དབལ་དབྱེར་མེད་བསྒོམ༔ ཡེ་ཤེས་མེ་དབལ་སྤྱན་དྲངས་བསྟིམ༔ ཡཀྴ་མེ་དབལ་དབྱེར་མེད་ཀྱི༔ སྡིག་པ་རི་རབ་ཙམ་གྱུར་ཅིང༔ ནད་གདོན་ཧབ་ཧབ་ཟོས་པར་བསྒོམ༔ དྲི་ཡི་ངར་གླུད་ཆངས་བུ་བཅས༔ ཨོཾ་ཨཱཿཧཱུྃ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སོགས་ཀྱིས་བྱིན་གྱིས་བརླབ༔ བསྐོར་ཞིང༔ ཨོཾ་ཨཱཿཧཱུྃ༔ དྲག་སྔགས་ཤམ་དུ༔ ཨ་ཝ་ལོ་ཀི་ཏེ་སམ་བྷ་ར་སམ་བྷ་ར་ན་ར་ཡན༔ བྷ་ག་གྷནྡྷེ༔ ཕུ་ར་ཧོ༔ དྲག་པོ་སྡིག་པའི་གཟུགས་ཀྱིས་གནོད་བྱེད་འབྱུང་པོའི་ཤ་ཁྲག་ལ་ཁཱ་ཧི་ཁཱ་ཧི༔ ནད་པའི་ནད་གདོན་ཐམས་ཅད་སྡིག་པས་ཧབ་ཧབ་ཟོས་པར་བསྒོམ༔ ནད་ཚབས་ཆེ་ན་གུ་གུལ་བདུག༔ ཐུན་གྱིས་བྲབ༔ དྲག་ཏུ་བསྐུལ་ཞིང༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱོགས་བཅུའི་སངས་རྒྱས་མཐུ་སྟོབས་མཁྱེན་བརྩེ་ཡིས༔ འགྲོ་བའི་སྡུག་བསྔལ་འདི་ལ་མ་གཟིགས་སམ༔ ཕན་བདེ་མཛད་པའི་སེམས་བསྐྱེད་བོར་ནུས་སམ༔ དུས་གསུམ་ཕྱོགས་བཅུའི་བདེ་གཤེགས་དབྱིངས་ནས་བཞེངས༔ ཧཱུྃ་ཧཱུྃ༔ ཁྱད་པར་པདྨ་དྲག་རྩལ་རབ་ཁྲོས་པའི༔ ཡཀྴ་མེ་དབལ་ཐུགས་རྗེ་གནད་ནས་བསྐུལ༔ རྒྱལ་བའི་མཛད་པ་ཕྲིན་ལས་ནུས་མཐུའི་རྩལ༔ རྔམས་བརྗིད་གདོན་བགེགས་ལོག་འདྲེན་ཟས་སུ་ཟོ༔ ཧཱུྃ་ཧཱུྃ༔ སངས་རྒྱས་རྣམས་ཀྱིས་དབང་བསྐུར་མཐུ་བྱིན་པའི༔ ཡཀྴ་མེ་དབལ་གནམ་ལྕགས་


RTZ047_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་སྐུ༔ དྲག་རྩལ་གཟི་འབར་དྲག་སྔགས་ཐོག་སེར་འཕྲོ༔ གདོན་བགེགས་སྐད་ཅིག་མ་བཞག་མྱུར་དུ་ཟོ༔ ཞེས་ཏིང་ངེ་འཛིན་མ་ཡེངས་པར་བསྐུལ་ཞིང༔ གླུད་མདོས་བགེགས་དང་བཅས་པ་འབུལ༔ སྐབས་སུ་ཐུན་གྱིས་བྲབ༔ ས་མ་ཡཱ༔ ཡེ་ཤེས་སྡིག་པ་དབྱིངས་སུ་གཤེགས༔ རྫ་སྡིག་གླུད་བཅས་མཚོ་ཆུར་བསྐྱལ༔ ཕྱི་མིག་མི་བལྟ་ཕྱི་རྗེས་གཅད༔ ཤིན་ཏུ་གཉན་པས་དམ་པོར་འཛིན༔ བསྙེན་སྒྲུབ་བསྐྱེད་རིམ་གསལ་བ་ཡིས༔ ཡེ་ཤེས་བཀའ་ཆད་ཡིན་ཡང་གྲོལ༔ སྡེ་བརྒྱད་གཞན་ལ་སྨྲོས་ཅི་འཚལ༔ ཟབ་ཕྱིར་གསང་བའི་གཏེར་དུ་བསྐུངས༔ སྐལ་ལྡན་རྣམས་ཀྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ ཞེས་གནམ་ཆེན་བྲག་དཀར་རང་བྱུང་དབང་གི་དཀྱིལ་འཁོར་ནས་སྤྱན་དྲངས་པའི་ཤོག་སེར་ལས་སྡེ་བརྒྱད་དྲག་རྩལ་གདུག་རྩུབ་ཅན་རྣམས་ཀྱིས་བརྩེགས་པའི་ཁྲི་ལ་བཞུགས་པའི་པདྨ་དྲག་པོའི་རྣལ་འབྱོར་པ་ཀློང་གསལ་བས་དག་པར་ཕབ་པའོ།། །།


previousཡེ་ཤེས་རབ་འབར་ལས་ཞི་སྦྱོང་བདུད་རྩིའི་ཆུ་བོ། ཀློང་གསལ་སྙིང་པོ།next