Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
གཏུམ་པོ་དྲེགས་པ་ཀུན་འདུལ་ལས་གདོན་ཁྲོལ་ངར་གླུད་ཀྱི་ཆོ་ག་ཁ་སྐོང་སོགས་དང་བཅས་པ། ལ་ལི་ཏ་བཛྲ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏུམ་པོ་དྲེགས་པ་ཀུན་འདུལ་ལས་གདོན་ཁྲོལ་ངར་གླུད་ཀྱི་ཆོ་ག་ཁ་སྐོང་སོགས་དང་བཅས་པ། ལ་ལི་ཏ་བཛྲ།next

གཏུམ་པོ་དྲེགས་པ་ཀུན་འདུལ་ལས་གདོན་ཁྲོལ་ངར་གླུད་ཀྱི་ཆོ་ག་ཁ་སྐོང་སོགས་དང་བཅས་པ། ལ་ལི་ཏ་བཛྲ།


RTZ047_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ གདོན་ཁྲོལ་ངར་གླུད་ཀྱི་ཆོ་ག་ཁ་སྐོང་སོགས་དང་བཅས་པ་བཞུགས་སོ༔


RTZ047_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མཆོག་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ༔ ལས་མཐའ་གདོན་ཁྲོལ་ངར་གླུད་ཀྱི་ཆོ་ག་བྱ་བ་ནི༔ དང་པོ་བུམ་པར་ཆུ་གཙང་དྲི་བཟང་འོ་མ་བསྲེས་པས༔ རྟེན་བཟང་པོ་དང་ལྷ་ཁང་སོགས་ཚབས་ཆེ་ཆུང་བསྟུན་པའི༔ རྟེན་ཁྲུས་རྒྱས་བསྡུས་གང་རིག་བྱ༔ སླར་བུམ་པར་བླུགས་ནས་ཡར་གཞིར་བཞག༔ ཁ་རྒྱན་གཟུངས་ཐག་སོགས་ལེགས་པར་བརྒྱན༔ དེ་དབུས་པདྨ་འདབ་མ་ལྷ་གྲངས་མཉམ་སྟེང་དུ༔ ཕྱག་རྡོར་ནང་སྒྲུབ་ལྟར་བསྐྱེད་ཆོག་བྱ༔ རྩ་སྔགས་མཇུག་དུ་སྤྱི་ཁྱབ་ལ༔ སརྦ་དུཥྚཱཾ་ཨནྟ་ར་བིགྷ་ནཱི་རོ་ག་ཛྭ་ར་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཏགས༔ ལྷ་གདོན་བཀྲོལ་ན༔ ཨ་ལྷ་ཡི་གདོན་དང་གནོད་པ་ནད་རིགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་དང༔ གཟའ་ལ༔ ཨེ་ཡཾ་རཾ་སུཾ་ཀཾ་ཀྵེ་ལ་རམ་གཟའ་རིགས་རྒྱུ་སྐར་གདོན་དང་གནོད་པ་ནད་རིགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཀླུ་ལ། ཕུ་ནཱ་ཕུ་ཕུཾ་ཀླུ་རིགས་ས་བདག་གི་གདོན་དང་གནོད་པ་ནད་རིགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་རྣམས་བཏགས་ལ་གང་མང་བཟླ༔ མཐར་ལྷ་འོད་ཞུ་བུམ་ཆུ་དང་བསྲེ་འོ༔ དེ་ནས་སྣོད་གཅིག་ཏུ་ངར་མི་ལེགས་པ་གཅིག་བྱ༔ མར་མེ་ཏིང་ལོ་གཏོར་ཆུང་ཤ་དུམ་ཆངས་བུ་སོགས་ཡས་རྫས་མང་པོས་བསྐོར༔ དར་དཀར་ལ་གསང་བདག་འཁོར་བཅས་རྩ་སྔགས་ཤམ་བཅས་བྲི༔ མདའ་ཆག་གས་སོགས་མེད་པའི་མགུལ་དུ་གདག་གོ༔ དམིགས་པ་བྱ་བ་ནི་མདའ་དར་གཡབ་དུས༔ རང་གསང་བདག་ཐུགས་


RTZ047_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་འོད་ཟེར་མདུན་བསྐྱེད་ལ་ཕོག༔ དེ་དག་གིས་དམ་ཚིག་གཉན་པོ་སོ་སོར་དྲན་པས་རང་རང་གི་འོད་དང་བཅས༔ དམིགས་བྱ་དེ་ལ་ཕོག་པས༔ ལུས་ངག་ཡིད་གསུམ་གྱི་ནད་གདོན་དང༔ མི་མཐུན་ཕྱོགས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལྟར་བསྡུས་ནས་ངར་མི་དེ་ལ་སིབ་སིབ་ཐིམ་པར་བསམ་མོ༔ ཁྲུས་གྱི་སྐབས་སུ༔ རང་ལྷ་ཡི་ཕྱག་ན་བུམ་པ་ཐོགས་པའི་ནང་དུ༔ གསང་བདག་ལྷ་ཚོགས་དང༔ རྩ་གསུམ་རྒྱལ་བ་ཞི་ཁྲོ་གསལ་བའི་སྐུ་ལས་ཆུ་རྒྱུན་བབས༔ དམིགས་བྱའི་ལས་ངན་སྡིག་སྒྲིབ་དང༔ ལུས་ངག་ཡིད་གསུམ་གྱི་ནད་གདོན་མི་མཐུན་རིགས་ཐམས་ཅད་བཀྲུས་ནས༔ དུད་ཁུའི་རྣམ་པར་དབང་པོའི་སྒོ་དང་བཤང་ལམ་ནས་ཐོན་ནས་ངར་མིར་ཐིམ༔ ལུས་ཤེལ་གོང་ལྟར་གསལ་བར་བསམ་མོ༔ དང་པོ་གླུད་ཟན་ལ༔ ཨོཾ་ཨཱཿཧཱུྃ༔ སྟོང་ལས་རང་མདུན་རིན་པོ་ཆེ༔ སྣ་ཚོགས་ལས་གྲུབ་ངར་གྱི་མི༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ དམིགས་བྱའི་གླུད་མཆོད་བླ་ན་མེད༔ གཅིག་ལས་མང་སྤྲུལ་དགོས་འདོད་འབྱུང༔ དེ་མཐོང་གནོད་བྱེད་རིགས་ཀུན་ཀྱང༔ མི་ལ་ཞེན་ལོག་གླུད་ལ་མགུ༔ མཆོག་གསུམ་བདེན་པས་འབྱུང་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ༔ མང་དུ་བརྗོད་དོ༔ དེ་ནས་འདི་སྐད་དོ༔ ཧཱུྃ༔ ང་ནི་གསང་བདག་རྡོ་རྗེ་འཛིན༔ ང་ཡི་བཀའ་ལ་མི་ཉན་མེད༔ སྣང་ཞིང་སྲིད་པའི་ཡིད་ཅན་ཉོན༔ དམིགས་ཡུལ་ཚེ་ལྡན་འདི་དག་གིས༔ རྒྱལ་བསྟན་འཛིན་པའི་ས་བོན་


RTZ047_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད༔ ལུས་ནི་རྒྱལ་བའི་དཀྱིལ་འཁོར་ཡིན༔ ཕུང་ཁམས་རིགས་ལྔ་ཡབ་དང་ཡུམ༔ ཡིད་དང་སྐྱེ་མཆེད་དཀྱིལ་འཁོར་ལྷ༔ འདི་ལ་འཚེ་ན་རྒྱལ་བ་ཀུན༔ སྲས་དང་བཅས་ལ་གནོད་བྱས་མཚུངས༔ དེ་ཕྱིར་འདི་ལ་མ་གནོད་པར༔ ནད་སོགས་མི་མཐུན་ད་ལྟ་སོལ༔ ཧཱུྃ༔ རིན་ཆེན་འབྲུ་མཆོག་ངར་མི་ཆེ༔ ཕུང་ཁམས་སྐྱེ་མཆེད་ལ་སོགས་ཚང༔ གཅིག་ལས་མང་སྤྲུལ་དགོས་འདོད་འབྱུང༔ མི་ལས་གླུད་བཟང་ངོ་མཚར་ཆེ༔ དམིགས་བྱའི་གླུད་དུ་འདི་འབུལ་གྱིས༔ བཟུང་ཐོངས་བཅིངས་ཁྲོལ་བསྡམས་པ་ལྷོད༔ མནན་ཁྱོགས་ནད་དང་མི་མཐུན་སོལ༔ གདོན་རིགས་གླུད་འདིས་ཚིམ་པར་གྱིས༔ དེ་ནས༔ མདའ་དར་གཡབ་ཅིང་། དམིགས་བྱའི་ནད་གདོན་ཕྱགས་ནས་གླུད་ལ་བསྟིམ་ཚུལ་བྱ་ཞིང༔ ཧཱུྃ༔ ང་ནི་གསང་བདག་རྡོ་རྗེ་འཛིན༔ མདའ་དར་སྐུ་གསུམ་ཡོངས་རྫོགས་ལྷ༔ འོད་འཕྲོས་ཚེ་ལྡན་འདི་ཡི་ནད༔ གདོན་ཀུན་ཁབ་ལེན་ལྕགས་བསྡུས་ལྟར༔ བླངས་ནས་ངར་མི་འདི་ལ་སྟིམས༔ སྣང་སྲིད་མགྲོན་རིགས་མཐུ་འཕྲུལ་གྱིས༔ དེ་བཞིན་བྱོས་ལ་ཚེ་ལྡན་འདིའི༔ ནད་གདོན་མི་མཐུན་ངར་མིར་སྤོས༔ ཧཱུྃ༔ ང་ནི་གསང་བདག་རྡོ་རྗེ་འཛིན༔ མདའ་དར་སྐུ་གསུམ་ཡོངས་རྫོགས་ལྷ༔ འོད་འཕྲོས་ཚེ་ལྡན་ལུས་འདི་ལས༔ གདོན་ཀུན་ཁབ་ལེན་ལྕགས་བསྡུས་ལྟར༔


RTZ047_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ནས་ངར་མི་འདི་ལ་སྟིམས༔ སྣང་སྲིད་མགྲོན་རིགས་མཐུ་འཕྲུལ་གྱིས༔ དེ་བཞིན་བྱོས་ལ་ཚེ་ལྡན་འདིའི༔ ནད་གདོན་མི་མཐུན་ངར་མིར་སྤོས༔ ཧཱུྃ༔ ང་ནི་གསང་བདག་རྡོ་རྗེ་འཛིན༔ མདའ་དར་སྐུ་གསུམ་ཡོངས་རྫོགས་ལྷ༔ འོད་འཕྲོས་ཚེ་ལྡན་ངག་འདི་ལ༔ གནོད་ཀུན་ཁབ་ལེན་ལྕགས་བསྡུས་ལྟར༔ བླངས་པས་ངར་མི་འདི་ལ་སྟིམས༔ སྣང་སྲིད་མགྲོན་རིགས་མཐུ་འཕྲུལ་གྱིས༔ དེ་བཞིན་བྱོས་ལ་ཚེ་ལྡན་འདིའི༔ ནད་གདོན་མི་མཐུན་ངར་མིར་སྤོས༔ ཧཱུྃ༔ ང་ནི་གསང་བདག་རྡོ་རྗེ་འཛིན༔ མདའ་དར་སྐུ་གསུམ་ཡོངས་རྫོགས་ལྷ༔ འོད་འཕྲོས་ཚེ་ལྡན་མི་འདི་ལ༔ གནོད་ཀུན་ཁབ་ལེན་ལྕགས་བསྡུས་ལྟར༔ བླངས་ནས་ངར་མི་འདི་ལ་སྟིམས༔ སྣང་སྲིད་མགྲོན་རིགས་མཐུ་འཕྲུལ་གྱིས༔ དེ་བཞིན་བྱོས་ལ་ཚེ་ལྡན་འདིའི༔ ནད་གདོན་མི་མཐུན་ངར་མིར་སྤོས༔ ཧཱུྃ༔ ང་ནི་གསང་བདག་རྡོ་རྗེ་འཛིན༔ མདའ་དར་སྐུ་གསུམ་ཡོངས་རྫོགས་ལྷ༔ འོད་འཕྲོས་བདག་ཅག་མི་ནོར་ལ༔ གང་གནོད་ཁབ་ལེན་ལྕགས་བསྡུས་ལྟར༔ བླངས་ནས་ངར་མི་འདི་ལ་སྟིམས༔ སྣང་སྲིད་མགྲོན་རིགས་མཐུ་འཕྲུལ་གྱིས༔ དེ་བཞིན་གྱིས་ལ་བདག་སོགས་ཀྱི༔ ནད་གདོན་གདོན་རིགས་ངར་མིར་སྤོས༔ དེ་ནས་དམིགས་བྱ་ལ་ཁྲུས་བྱ་བ་ངར་མའི་


RTZ047_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་འོ༔ ཧཱུྃ༔ ང་ནི་རྡོ་རྗེ་འཛིན་རྒྱལ་སྐུ༔ ཕྱག་གི་བུམ་པར་རྩ་གསུམ་བཞུགས༔ སྐུ་ལས་བདུད་རྩིའི་རྒྱུན་བབ་པས༔ ཚེ་ལྡན་འདི་ཡི་ནད་གདོན་བགེགས༔ མི་མཐུན་ཕྱོགས་ཀུན་ལེགས་བཀྲུས་ནས༔ དུད་ཁུའི་རྣམ་པར་དབང་སྒོ་དང༔ བཤང་ལམ་ནས་ཐོན་གླུད་ལ་ཐིམ༔ དྲི་མེད་ཤེལ་གོང་ལྟར་གསལ་གྱུར༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་བདེན་པ་ཡིས༔ ཚེ་ལྡན་ལུས་ཀྱི་ནད་གདོན་རིགས༔ ཁྲུས་ཆུ་འདི་ཡིས་དག་གྱུར་ནས༔ དུད་ཁུའི་རྣམ་པར་ངར་མིར་སྟིམས༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་བདེན་པ་ཡིས༔ ཚེ་ལྡན་ངག་གི་ནད་གདོན་རིགས༔ ཁྲུས་ཆུ་འདི་ཡིས་དག་གྱུར་ནས༔ དུད་ཁུའི་རྣམ་པར་ངར་མིར་སྟིམས༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་བདེན་པ་ཡིས༔ ཚེ་ལྡན་ཡིད་ཀྱི་ནད་གདོན་རིགས༔ ཁྲུས་ཆུ་འདི་ཡིས་དག་གྱུར་ནས༔ དུད་ཁུའི་རྣམ་པར་ངར་མིར་སྟིམས༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་བདེན་པ་ཡིས༔ ཚེ་ལྡན་ལས་ངན་སྡིག་སྒྲིབ་ཀུན༔ ཁྲུས་ཆུ་འདི་ཡིས་དག་གྱུར་ནས༔ དུད་ཁུའི་རྣམ་པར་ངར་མིར་སྟིམས༔ དེ་ནས་འདི་བརྗོད་དོ༔ ཧཱུྃ༔ བདག་སོགས་ཚེ་ལྡན་འཁོར་བཅས་ལ༔ གནོད་བྱེད་གདོན་བགེགས་གང་ཡིན་རྣམས༔ གླུད་མཆོག་ངར་མི་འདི་ལོངས་ལ༔ ཚིམས་ཤིང་དགའ་མགུ་


RTZ047_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རང་བྱོས༔ གལ་ཏེ་བདག་གི་བཀའ་འདས་ན༔ མཆོག་གསུམ་རྩ་གསུམ་རྡོ་རྗེ་འཛིན༔ བདེན་པས་འདའ་བྱེད་གང་ཡིན་རྣམས༔ མགོ་བོ་ཚལ་པ་བརྒྱར་འགས་ཤིང༔ ལུས་ཀྱང་དུམ་བུ་སྟོང་དུ་འཇིག༔ དེ་བས་ཇི་ལྟར་བསྒོས་བཞིན་སྒྲུབས༔ ཕྱིན་ཆད་མི་གནོད་བདེ་ལྡན་གྱིས༔ རང་རང་སོ་སོའི་སྡེ་ལ་སྡོད༔ དེ་ནས་བསྲུང་བྱ་གཞན་ཕ་ཚད་གཅིག་ཏུ་ཁྲིད་ནས༔ བགེགས་བསྐྲད༔ དྲག་པོའི་རྫས་བདུག༔ ཁོང་དུ་ཡང་གཏང༔ བསྲུང་བར་བྱའོ༔ འདི་ཡི་ལྷ་ཁ་བསྒྱུར་གཞན་དུ་བྱས་ཀྱང་རུང་ལ་ཀུན་ལ་དགོས་པས་ཟབ་བོ༔ ས་མ་ཡ་ཨྠྀི༔ རྒྱཿརྒྱཿརྒྱ༔ ༈ ལས་ཕྲན་རྣམས་གཏང་བའི་སྣ་སེལ་ནི༔ དང་པོ་དཀར་གཏོར་གསེར་སྐྱེམས་ཀྱི་གཏོར་མ་བཤམ༔ དེ་རྒྱབ་གླུད་གཏོར་འདི་དག་བཤམ༔ དེ་རྒྱབ་ཟོར་དང་དྲག་པོའི་ཡོ་བྱད་དམ༔ ཡང་ན་སྣོད་དུ་བསགས་པའི་མཆོད་པ་དེ་བཤམ༔ དེ་རྒྱབ་གང་ཡིན་མདོས་སམ་རྟེན་ཆེ་བ་བཤམ༔ དང་པོ་གསེར་སྐྱེམས་ཕྱོགས་སུ་བཏང་ལ་སྒོ་དབྱེ༔ དེ་ནས་དཀར་གཏོར་བྲན་ནས་འདོན༔ དེ་ནས་ངར་གླུད་ཀྱི་མཐའ་ཡི་ལེའུ་སླར་ཡང་འདོན༔ དེ་ནས་ཟོར་འཕེན་ནི༔ དྲག་བསྐུལ་གཞུང་ལྟར་དང༔ ཁྱད་པར་དམར་གཏོར་ཤིན་ཏུ་ཆེ་བ་གཅིག་ལ་ཐུན་ཟོར་སྣ་ཚོགས་ཀྱིས་བསྐོར༔ གཏོར་མ་རྣམས་དགྲ་ཕྱོགས་བསྟན་ནས་ཞལ་བསྒྱུར་རོ༔ ཧཱུྃ༔ འདི་ལྟར་འཚོགས་པའི་དམག་དཔུང་རྣམས༔ རྡོ་རྗེ་འཆང་གི་བཀའ་བྱུང་བས༔ དགྲ་ལ་རྒྱུག་


RTZ047_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ལ་བབས༔ དམག་ལ་ཆོས་ཤིག་ལས་ལ་ཡཱ༔ སྡང་བར་བྱེད་པའི་དགྲ་བོ་དང༔ གནོད་པར་བྱེད་པའི་བགེགས་རིགས་དང༔ བསྟན་བཤིག་བྱད་མ་ལས་ངན་རྣམས༔ སྲོག་གི་འཕར་ཐག་ཆོད་ལ་ཤོག༔ སེམས་ཉིད་མར་མེ་སོད་ལ་ཤོག༔ ཚེ་དབུགས་དྭངས་མ་འཕྲོག་ལ་ཤོག༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ མོ་རྒྱུད་རྨང་ནས་སྐེམ་ལ་ཤོག༔ རིགས་རྒྱུད་མཐའ་ནས་བསྡུས་ལ་ཤོག༔ སྒོ་ནོར་ཕྱགས་མས་ཐོབ་ལ་ཤོག༔ ཡུལ་མཁར་རླུང་ལ་བསྐུར་ལ་ཤོག༔ ནད་རླངས་དུག་རླངས་ནག་པོ་གཏིབས༔ མཚོན་ཆ་ཐུན་ཟོར་ཐོག་སེར་ཕོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ དམ་ཉམས་ཤ་ལ་རྔམས་ཟས་གྱིས༔ སྐོམ་དུ་ཁྲག་དང་རྐང་ཀླད་འཐུངས༔ པགས་པ་རུས་ཚོགས་དབང་ལྔ་ལ༔ རྒྱན་གོས་ཡོ་བྱད་ལ་སོགས་གྱིས༔ ཕུང་གསུམ་གཡབ་ཀྱིས་ཐོབས་ལ་རློགས༔ དེ་ནས་རང་རང་གནས་གཤེགས་བཞུགས༔ ཞེས་དང་གཤེགས་པ་རང་བཞིན་ཡིན་ན༔ ཧཱུྃ༔ འདི་ལྟར་བོས་པའི་མགྲོན་རིགས་རྣམས༔ གཤེགས་སོ་དེ་ནི་ཤ་ར་ར༔ རང་རང་སོ་སོའི་གནས་མཆོག་ཏུ༔ ཡུལ་མཁར་བཀོད་རྫས་ཕུན་སུམ་ཚོགས༔ དགའ་བདེ་རྒྱུན་ཆད་མེད་པ་ཡིན༔ ཞི་བའི་སེམས་ཀྱིས་དེར་གཤེགས་བཞུགས༔ བདག་ཅག་འགྲོ་བ་ཐམས་ཅད་ལ༔ འཚེ་མེད་སྲུང་


RTZ047_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་བྱ་ར་མཛོད༔ ཞེས་སམ༔ དེ་ནས་དྲག་པོར་བྱ་ན་དགྲ་ཕྱོགས་སུ་རིམ་བཞིན་ཁྱེར༔ རང་བཞིན་ཡིན་ན་རིམ་བཞིན་ཁྱེར་ནས་བསྐྱལ་ལོ༔ གོང་ལྟར་དྲག་པོའི་ཚེ་ཟོར་ཐོགས་ལ༔ བྷྱོ༔ ཆེ་གེ་མོ་འཁོར་དང་བཅས་པ་རྣམས༔ རབ་འཇིགས་དམག་གི་དཔུང་ཆེན་བསྐྱོད་དང་བཅས༔ མི་བཟད་དྲག་པོའི་སྐུར་བཞེངས་དམོད་སྔགས་སྒྲོགས༔ ཁྲོ་གཏུམ་གདུག་པའི་དབལ་ངར་དང་བཅས་ནས༔ དམིགས་བྱ་དགྲ་བགེགས་བྱད་མ་དམ་ཉམས་ཀྱི༔ སྙིང་ལ་མདའ་ཟོར་རྒྱོབ་ཅིག་མཱ་ར་ཡ༔ ངག་ལ་སྔགས་ཟོར་རྒྱོབ་ཅིག་མཱ་ར་ཡ༔ ཡིད་ལ་ནད་དུག་ཟོར་རྒྱོབ་མཱ་ར་ཡ༔ མགོ་ལ་རྡོ་ཟོར་རྒྱོབ་ཅིག་མཱ་ར་ཡ༔ དབུགས་ལ་སྒོང་ཟོར་རྒྱོབ་ཅིག་མཱ་ར་ཡ༔ ཚེ་ལ་ཉུངས་ཟོར་རྒྱོབ་ཅིག་མཱ་ར་ཡ༔ སྲོག་ལ་མཚེ་ཟོར་རྒྱོབ་ཅིག་མཱ་ར་ཡ༔ ཤ་ལ་ཕུར་ཟོར་རྒྱོབ་ཅིག་མཱ་ར་ཡ༔ ཁྲག་ལ་མེ་ཟོར་རྒྱོབ་ཅིག་མཱ་ར་ཡ༔ རུས་ལ་ཐོད་ཟོར་རྒྱོབ་ཅིག་མཱ་ར་ཡ༔ བརླ་ལ་ཁྲག་ཟོར་རྒྱོབ་ཅིག་མཱ་ར་ཡ༔ དྲག་པོའི་ཟོར་ཐུན་སོ་སོར་བརྒྱབ་པའི་ཚེ༔ ཇི་ལྟར་མར་མེ་གཡབ་མོས་བསད་པ་དང༔ རྡོ་རྗེའི་བྲག་གིས་སྒོང་རློན་བཅོམ་པ་དང༔ བྱ་སྒྲོ་མེ་ཡིས་བསྲེགས་པ་ལྟ་བུ་རུ༔ རློགས་ཤིག་མཱ་ར་ཡ་ཡི་དུས་ལ་བབས༔ རྗེས་ཤུལ་ཐལ་བ་རླུང་ལ་བསྐུར་ནས་ནི༔ རྦད་པའི་ཕོ་ཉ་བདག་ལ་མ་ལྡོགས་ཤིག༔ ཅེས་གཏོར་མ་སྔོན་ལ་བསྐྱལ༔


RTZ047_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་འཕང་ངོ༔ མདོས་སོགས་བསྐྱལ་ནས་ཐལ་མོ་གདབ༔ དམོད་བོར༔ གཡབ་མོ་བརྡབ༔ དམིགས་པས་གཟིར༔ དྲག་པོའི་ལས་ཐམས་ཅད་བྱའོ༔ དེ་ནས་བྲོ་བརྡུང༔ ཕྱི་ལམ་བཅད༔ ནང་དུ་ལོག་ནས་སྲུང་འཁོར་བསྒོམ༔ ཚེ་འགུགས་བྱ༔ གཞན་ཡང་རྗེས་ལས་ཅི་རིགས་བྱའོ༔ གཏོར་མ་བསྐྱལ་ཚེ༔ དཀར་གཏོར་སོགས་ལ་དཀར་ལམ༔ བགེགས་གཏོར་ནག་ལམ༔ ཟོར་མདོས་ལ་དམར་ལམ༔ རང་བཞིན་ཞི་བ་བྱ་བ་ཚོན་གྱིས་ལམ་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ སྐོང་སྤྱི་ཡི་སྒོ་དབྱེ་དང་བཅོལ་གཏམ་སོགས་ནི༔ ཀྱཻ༔ ཕྱོགས་བཅུར་གནས་པའི་ཡེ་ཤེས་དང༔ ལས་ལ་གྲུབ་སོགས་ཡིད་ཅན་ཀུན༔ སྔགས་འཆང་བདག་ལ་སྙན་གསན་འཚལ༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་མ་གཏོགས་སྐུ་ཟུར་ཅིག༔ མདོས་སོགས་གཏོར་མ་ལམ་ཕྱེ་འཚལ༔ བདག་གི་གྲོགས་དང་མཐུ་དཔུང་མཛོད༔ ཉེས་བྱེད་མགོན་སྐྱབས་མ་མཛད་ཞུ༔ ཀྱཻ༔ ཤར་ཕྱོགས་ཕྱི་སྒོ་ལེགས་པར་ཕྱེས༔ དཔུང་ཚོགས་འདི་གཤེགས་ལམ་འཕྲང་སོལ༔ གཏོར་མའི་དབལ་ཁ་ཕོག་ལ་རེ༔ སྐུ་ཟུར་ཕྲག་དོག་འགལ་མ་མཛད༔ ཀྱཻ༔ ལྷོ་ཕྱོགས་ཕྱི་སྒོ་ལེགས་པར་ཕྱེས༔ དཔུང་ཚོགས་འདི་གཤེགས་ལམ་འཕྲང་སོལ༔ གཏོར་མའི་དབལ་ཁ་ཕོག་ལ་རེ༔ སྐུ་ཟུར་ཕྲག་དོག་


RTZ047_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་མ་མཛད༔ ཀྱཻ༔ ནུབ་ཕྱོགས་ཕྱི་སྒོ་ལེགས་པར་ཕྱེས༔ དཔུང་ཚོགས་འདི་གཤེགས་ལམ་འཕྲང་སོལ༔ གཏོར་མའི་དབལ་ཁ་ཕོག་ལ་རེ༔ སྐུ་ཟུར་ཕྲག་དོག་འགལ་མ་མཛད༔ ཀྱཻ༔ བྱང་ཕྱོགས་ཕྱི་སྒོ་ལེགས་པར་ཕྱེས༔ དཔུང་ཚོགས་འདི་གཤེགས་ལམ་འཕྲང་སོལ༔ གཏོར་མའི་དབལ་ཁ་ཕོག་ལ་རེ༔ སྐུ་ཟུར་ཕྲག་དོག་འགལ་མ་མཛད༔ ཀྱཻ༔ ནང་གི་སྒོ་བཞི་ལེགས་པར་ཕྱེས༔ དཔུང་ཚོགས་འདི་དག་གར་གཤེགས་ཀྱང༔ དགྲ་ལ་བབས་ན་ཐལ་བར་རློགས༔ བགེགས་ལ་བབས་ན་མྱུར་བར་ཐུལ༔ བྱད་མར་བབས་ན་རྩད་ནས་ཆོད༔ ཉེས་མེད་རྣམས་ལ་མི་གནོད་པར༔ ཞི་བདེའི་དགའ་མགུ་དགྱེས་པར་གྱིས༔ གཏོར་མ་ཟོར་ཐུན་དྲག་པོ་ཡང༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ༔ འཕེན་དང་གཏོང་བའི་ལས་ཀྱི་ཚེ༔ དགྲ་བགེགས་མ་གཏོགས་ཡིད་ཅན་དག༔ མཆོག་དམན་བར་པ་ཞི་དྲག་ཀུན༔ སུ་ལའང་ཕོག་པར་མ་གྱུར་ཅིག༔ ཉམས་པ་ཐམས་ཅད་རེག་ཙམ་རློགས༔ སྨོན་པར་བྱས་ཤིང་བཅོལ་པ་ཀུན༔ མཆོག་གསུམ་བདེན་པས་འགྲུབ་པར་ཤོག༔ ཅེས་མདའ་དར་གཡབ། ཕྱོགས་ཀུན་ཏུ་གསེར་སྐྱེམས་དོར་རོ༔ ཨྠྀི༔ གལ་ཏེ་རྟེན་མདོས་བཅོལ་བར་བྱ་ན༔ ཀྱཻ༔ འདི་ལྟར་བདག་གིས་སྤྱན་དྲངས་པའི༔


RTZ047_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་རྣམས་རང་གི་རྟེན་ལ་བཞུགས༔ རྣལ་འབྱོར་འཁོར་བཅས་སྲུང་སྐྱོབ་མཛོད༔ ཉིན་གྱི་དུས་སུ་བྱ་ར་མཛོད༔ མཚན་གྱི་དུས་སུ་མེལ་ཚེ་མཛོད༔ འགྲོ་བའི་དུས་ན་བསུ་སྐྱེལ་མཛོད༔ རྒྱབ་རྟེན་སྡོངས་གྲོགས་མགོན་མཛོད་ཅིག༔ བདག་གི་ནོར་རྫས་ཡོ་བྱད་སོགས༔ བཅོལ་པས་དགྲ་བགེགས་ལ་མ་སྐུར༔ གལ་ཏེ་ཁྱེར་ན་ར་མདའ་མཛོད༔ མདོར་ན་ཅི་ལྟར་བཅོལ་པ་བཞིན༔ འགྲུབ་པར་མཛོད་ཅིག་ས་མ་ཡཱ༔ ཞེས་པའོ༔ ཨྠྀི༔ ཡང་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ལོག་པར་འདྲེན་པ་བགེགས་ཀྱི་ཚོགས༔ གླུད་དང་གཏོར་མ་འདི་ལོངས་ལ༔ རང་རང་གནས་སུ་ཕྱིར་དེངས་ཤིག༔ ཕྱིན་ཆད་འཁོར་འདིར་གནོད་མ་བྱེད༔ གལ་ཏེ་དེ་ལས་འགལ་གྱུར་ན༔ མཆོག་གསུམ་རྩ་གསུམ་ཐུགས་ཁྲོས་ནས༔ མགོ་བོ་ཚལ་བ་བརྒྱ་རུ་འགས༔ ལུས་ངག་ཡིད་བཅས་རྡུལ་དུ་བརླག༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ༔ ཅེས་བསྐྲད་དོ༔ དེ་ལྟར་གསང་བའི་བདག་པོའི་ལས་ཚོགས་དང་ཟོར་མདོས་ཀྱི་ཁ་སྐོང་ཇོ་མོ་མཚོ་རྒྱལ་གྱིས་གུ་རུ་ལ་ལུང་ཞུས་པ་རྫོགས་སོ༔ ས་མ་ཡཱ༔ ཐུགས་རྒྱ༔ གསུང་རྒྱ༔ སྐུ་རྒྱ༔ དྷ་ཐིམ༔ གུ་ཧྱ༔ ཨྠྀི༔ ༈ བདག་འདྲ་གཏེར་སྟོན་སྔགས་འཆང་ལ་ལི་ཏ་བཛྲ་གྱི་གཏེར་མ་སླད་མེད་པ་དགེའོ།། །།


previousགཏུམ་པོ་དྲེགས་པ་ཀུན་འདུལ་ལས་གདོན་ཁྲོལ་ངར་གླུད་ཀྱི་ཆོ་ག་ཁ་སྐོང་སོགས་དང་བཅས་པ། ལ་ལི་ཏ་བཛྲ།next