Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་རྒྱས་པ་བསྐུར་ཐབས་འགྲོ་དོན་ཀུན་ཁྱབ། རཏྣ་དྭཱི་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་རྒྱས་པ་བསྐུར་ཐབས་འགྲོ་དོན་ཀུན་ཁྱབ། རཏྣ་དྭཱི་པ།next

ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་རྒྱས་པ་བསྐུར་ཐབས་འགྲོ་དོན་ཀུན་ཁྱབ། རཏྣ་དྭཱི་པ།


RTZ048_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་རྒྱས་པ་བསྐུར་ཐབས་འགྲོ་དོན་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །


RTZ048_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མའི་དབྱིངས་སུ་ཀུན་ཁྱབ་ཆོས་ཀྱི་སྐུ །མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་སྐུར་སྣང་། །མོས་པ་དེར་སྣང་བླ་མ་ཐུགས་རྗེ་ཅན། །འཁོར་བ་དོང་ནས་སྤྲུག་ལ་ཕྱག་འཚལ་ནས། །དེ་ཡི་གོ་འཕང་ཉེ་བར་བགྲོད་པའི་ལམ། །འཇུག་པའི་དང་པོ་སྨིན་བྱེད་དབང་གི་རིམ། །ལེགས་པར་བཤད་ཀྱིས་ཚུལ་དང་ལྡན་བཞིན་པས། །མོས་ལྡན་ཐམས་ཅད་འདི་ལ་ཞུགས་པར་གྱིས། །དེ་ལ་སློབ་དཔོན་རང་ཉིད་དབང་དང་དམ་ཚིག་ལྡན་ཞིང་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱིས་རང་དོན་མཐར་ཕྱིན་ནས། སྣོད་དང་ལྡན་པའི་སློབ་མ་སྨིན་གྲོལ་བགྱི་བའི་ཚེ། གང་དུ་བྱ་བའི་གནས་ཁང་དེ་ཉིད་ཕྱག་དར་བྱས་ལ་སྤོས་ཆུས་ཆག་ཆག་གདབ། རྒྱན་གྱིས་བརྒྱན་ཏེ། སྟེགས་གཙང་མ་ཁེབས་ལྡན་གྱི་ཁར་མེ་ཏོག་སིལ་མ་དགྲམ། མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཧྲཱིཿདམར་པོ་བྲིས་པའི་ལྟེ་བར་མཉྫིའི་ཁར་བུམ་པ་ཡན་ལག་བརྒྱད་ལྡན་ཆུ་དང་སྤོས་སོགས་སོ་ལྔའི་རྫས་ཀྱིས་བུམ་པའི་སུམ་གཉིས་བཀང་བ་མགུལ་ཆིང་དང་ལྡན་པ། ཐོད་བཟང་ལ་ཨ་མྲྀཏ་སྦྱར་བའི་ཆང་གིས་བཀང་བའི་ཁ་གཅོད། མེ་ལོང་དྭངས་གསལ་ཧྲཱིཿདམར་པོ་བྲིས་པས་བཀབ་ལ་སྟེང་ནས་དར་གུར་དམར་པོ་ཕུབ། མྱོང་གྲོལ་གྱི་དབང་བསྐུར་ན། ཉེ་ལོགས་སུ་མཉྫིའི་ཁར་རིལ་བུའི་བུམ་པ་དར་གྱིས་མགུལ་ཆིངས་དང་ལྡན་པ་བཞག །མདུན་ནས་ཉེར་སྤྱོད་རྣམས་སྦྲེང་ཚར་དང་། རྒྱབ་ཏུ་དཔལ་གཏོར་དམར་པོ་པད་འདབ་ཅན་མུ་རན་ནག་པོ་ལ་དཀར་ཐིག་གིས་སྤྲས་པ་ལྔ་རྒྱན་


RTZ048_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉི་ཟླ་མེ་རིས་མཚན་པ་ལ་དར་དམར་གྱི་གདུགས་དང་སྐུ་རྟེན་གཟུག་ལ་ཟས་སྣས་གཏམས་པ། དེ་ཡི་གཡས་སུ་ཨ་མྲྀཏ་ཆང་དང་སྦྱར་བའི་སྨན། གཡོན་དུ་སོ་ལྔ་སྦྱར་བའི་རཀྟ། ཚོགས་ཀྱི་ལོངས་སྤྱོད་རྣམས་བཤམ། རང་ཉིད་སྟན་བདེ་བར་གནས་པའི་མདུན་དུ། ནང་མཆོད། རྡོར་དྲིལ། ཌཱ་མ་རུ། གུལ་ཡུངས་རྣམས་འདུ་བྱ། གཏེར་གཞུང་སྒྲུབ་ཐབས་སྐྱབས་འགྲོ་ནས་བརྩམ་བུམ་བཟླས་ཀྱི་མཐར། འགྲོ་དོན་ཆོས་དྲུག་ནང་གི་མྱོང་གྲོལ་རྫས་སྒྲུབ་ལས་སྦྱོར་གྱི་བཟླས་པའི་མཐར། ཡེ་ཤེས་ལྷ་ཚོགས་སོགས་སྟོང་ཚིགས་ཀྱི་མཆོད་པ་བྱ། ལས་ཆུ། ཨོཾ་བཛྲ་ཨ་མྲྀཏ་སོགས་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབ། དབང་ཆོག་བཞིན་བདག་འཇུག་བླངས་ནས་སློབ་མ་རྣམས་མདུན་དུ་དགུག །ཨོཾ་བཛྲ་ཨ་མྲྀཏ་སོགས་ཀྱིས་ཁྲུས་བྱ། བགེགས་གཏོར། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སརྦ་བིགྷྣན་ཨངྐུ་ཤ་ཛཿས་བགེགས་བཀུག །ཨོཾ་སརྦ་བིགྷྣན་ན་མཿསརྦ་སོགས་ཀྱིས་གཏོར་མ་བསྔོ། ཧཱུྃ༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ གུ་གུལ་བདུག །ཡུངས་དཀར་གྱིས་བྲབ། དྲག་སྔགས་བརྗོད་ཅིང་བགེགས་བསྐྲད། སྲུང་འཁོར་བསྒོམ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་ནོད་དེ་གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སྒོ་


RTZ048_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་གསན་འཚལ། དེ་ཡང་རྒྱལ་བ་སྐུ་གསུམ་གྱི་བདག་ཉིད་ཅན་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པས། སེམས་ཅན་གྱི་ཁམས་ཀྱི་ཉོན་མོངས་པ་བསམ་གྱིས་མི་ཁྱབ་པའི་གཉེན་པོར་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསུངས་པ་དེ་དག །ཕུང་པོར་བསྡུ་ན་བརྒྱད་ཁྲི་བཞི་སྟོང་། སྡེ་ཚན་དུ་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས། དབང་པོ་དང་འཚམ་པར་བསྟན་པ་ཐམས་ཅད་ཆ་མཐུན་རགས་པ་ཙམ་དུ་བསྡུ་ན་ཐེག་པ་རིམ་པ་དགུ། དེ་ཡང་མདོར་བསྡུ་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་བ་སྟེ། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པ་འོ། །ཞེས་གསུངས་པ་ལྟར་རྣམ་པ་གཉིས་ལས། ད་ལམ་འབྲས་བུ་སྔགས་ཀྱི་ཐེག་པ། དེ་ལའང་རྒྱ་གར་དུ་མ་གྲགས་ཀྱང་བོད་ལ་འགྱུར་སྔ་ཕྱིའི་དབང་གིས་གསར་མ་དང་རྙིང་མ་གཉིས་ལས། འདིར་ཆེ་བ་དྲུག་ལྡན་གྱིས་འཕགས་པ་རྙིང་མ། དེ་ལའང་། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་སྟེ་བཀའི་བབས་སོ་གསུམ་ལས། འདི་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་གསུམ་ཀ་ལའང་རང་སྐད་ཐུན་མོང་མ་ཡིན་པར། ཕྱི་


RTZ048_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀའ་ཐུབ་དང་། ནང་པ་ཐབས་རྒྱུད་གཉིས་ལས། འདི་ནི་ནང་པ་ཐབས་ཁྱད་པར་དུ་འཕགས་པ་ཡིན། དེ་ལ་བསྐྱེད་རིམ་གཙོ་བོར་སྟོན་པ་ཐབས་ཕའི་རྒྱུད་མ་ཧཱ་ཡོ་ག །རྫོགས་རིམ་གཙོ་བོར་སྟོན་པ་ཤེས་རབ་མའི་རྒྱུད་ཨ་ནུ་ཡོ་ག །གཉིས་ཀ་ཟུང་འཇུག་སྟོན་པ་གཉིས་མེད་རྒྱུད་ཨ་ཏི་ཡོ་ག་དང་གསུམ་ལས། འདི་ནི་མ་ཧཱ་ཡོ་ག །འདི་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་དབྱེ་བ་ལས། འདི་ནི་སྒྲུབ་སྡེ་བརྒྱད་ཀྱི་ཡ་གྱལ་པདྨ་གསུང་གི་སྐོར་ཡིན། དེ་ཉིད་ལ། ཞི་བ་ཚེ་དཔག་མེད་དང་སྤྱན་རས་གཟིགས། ཁྲོ་བོ་རྟ་མགྲིན་དམར་ནག་སོགས་ཀྱི་རྒྱུད་དང་སྒྲུབ་ཐབས་ཆེས་ཆེ་བར་ཡོད་པ་ལས། སྐབས་འདིར། གུ་རུ་རིན་པོ་ཆེའི་ལོ་རྒྱུས་ཤེལ་ཕྲེང་ལས། ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ ཞེས་པ་ནས། བོད་འབངས་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་པས། ཟབ་ལ་འདྲིལ་བའི་སྒྲུབ་ཐབས་འདི་ནི་མདོ་ཁམས་ཟླ་སྲིབ་གནས་མཆོག་ཀརྨའི་འབུམ་རྫོང་པདྨ་དབང་ཕུག་ནས་ཀུན་གྱིས་མཐོང་བར་སྤྱན་དྲངས་པ་གོང་དུ་ལོ་རྒྱུས་ལས་གསུངས་པ་བཞིན། སྒྲུབ་ཐབས་དང་སྨིན་བྱེད། ལས་ཚོགས་དང་ལོ་རྒྱུས་བཅས། ཆོས་ཚན་བཞི་ཡོད་པ་ལས། ད་ལམ་སྨིན་བྱེད་དབང་བསྐུར་ཏེ་དེ་ལའང་རྒྱས་བསྡུས་གཉིས་ལས་


RTZ048_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་མྱོང་གྲོལ་རྫས་ཀྱི་དབང་བསྐུར་བ་དང་བཅས་པ་བགྱིད་པའི་སྐབས་སུ་བབས་ཤིང་། དབང་ལའང་། ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི་ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིས་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་པས་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པའོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་ཞིང་བླུག་པ་སྟེ། སྒོ་གསུམ་གྱི་དྲི་མ་འཁྲུད་ཅིང་འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་འཇོག་པས་ན་དབང་ངོ་། །དབྱེ་བ་ནི། དཔལ་གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་བཞིར་དབྱེ་བའོ། །དེ་ལྟ་བུའི་དོན་དང་ལྡན་པའི་དབང་བསྐུར་བ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན་ནས། སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་ཕུལ། ཅེས་མཎྜལ་རྒྱས་བསྡུས་གང་རིགས་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཧོ༔ འཁོར་བ་དོང་ནས་སྤྲུག་


RTZ048_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཕྱིར༔སོགས། དེ་ལྟར་གསོལ་བ་བཏབ་ནས། རྒྱུད་ཡོངས་སུ་དག་པའི་ཕྱིར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ཡན་ལག་བདུན་པ་རྣམས་ཀྱི་ཚིག་དོན་ཡིད་ལ་དྲན་བཞིན་པའི་སྒོ་ནས་རྗེས་ཟློས་གྱིས། ཧཱུྃ༔ རང་རིག་རྩ་བ་གསུམ་གྱི་དངོས༔སོགས། དེ་ལྟར་རྒྱུད་ཡོངས་སུ་དག་པར་བྱས་ནས། དངོས་གཞི་དབང་བསྐུར་བ་ལ། དཀྱིལ་འཁོར་དུ་མ་ཞུགས་པ་ལ་དབང་བསྐུར་བ་མ་ཡིན། བསྐུར་ཀྱང་རྒྱུད་ལ་དབང་གི་ཡོན་ཏན་མི་ཆགས་པས་ན། དཀྱིལ་འཁོར་དུ་བཅུག་པ་དངོས་ནི་ཡེ་ཤེས་པ་དབབ་པ་ཡིན་པས། དེ་ལ་སྦྱོར་བ་དམ་ལ་བཞག་པ་ནི། གསང་སྔགས་ཀྱི་འཇུག་པའི་སྒོ་ནི་དབང་། དབང་གི་རྩ་བ་ནི་དམ་ཚིག་ཡིན་པས་གསང་ཆེན་རྨད་དུ་བྱུང་བའི་ཐེག་པ་འདི་དག་གི་དམ་ཚིག་རྣམས་སྲོག་བཞིན་དུ་བསྲུང་སྙམས་པའི་སྒོ་ནས་ཁས་ལེན་པ་འདི་ཡི་རྗེས་ཟློས་གྱིས། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ཞེས་སྡོམ་པ་གཟུང་། ཡེ་ཤེས་པ་དབབ་པ་ནི་ལུས་གནད་ཆོས་བདུན་ལྡན་པ་བཅའ།


RTZ048_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གནད་རླུང་ཁ་སྦྱོར་དུ་འཆིང་། དམིགས་པའི་གནད་འདི་ལྟ་བུ་སྒོམས་ཤིག །ཧཱུྃ༔ སྣང་སྲིད་འཁོར་འདས་སོགས་ནས། པདྨ་ཟླ་བའི་གདན་དུ་གསལ༔ དེ་ཡི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསལ་བ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས། ཞེས་དམིགས་པ་འབོགས་ལ། སྤོས་བསྲེག་རོལ་མོ་བསྒྲག་དབྱངས་དང་བཅས་པས། ཧཱུྃ༔ ཤར་ཕྱོགས་པོ་ཏ་ལ་ཡི་ཞིང༔སོགས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཡེ་ཤེས་པ་དེ་དག་མི་ཉམས་ཤིང་བྱང་ཆུབ་བར་དུ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། སྤྱི་བོར་རྡོ་རྗེ་བཀོད། དེ་ནས་དབང་དངོས་གཞི་བསྐུར་བ་ལ། མཎྜལ་སྔོན་དུ་སོང་ནས་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས་པས་མཆོད། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་


RTZ048_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་མཛོད། ཧཱུྃ༔ རིན་ཆེན་བུམ་པ་སོགས། སྐུ་ཡི་དབང་བསྐུར་ཡོངས་རྫོགས་ཤོག༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ལ། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། དེ་ལྟར་བུམ་པའི་དབང་བསྐུར་པས། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསང་དབང་ནི། དབང་ལྷ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་པར་མོས་མཛོད། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་གྷནྡྷ་རུ༔ རྒྱལ་བ་ཐམས་ཅད་མཉམ་སྦྱོར་བས༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་༔ འཁོར་བ་དོང་སོགས།


RTZ048_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་དབང་བསྐུར་ཡོངས་རྫོགས་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་གྱུར། དེ་ལྟར་གསང་བའི་དབང་བསྐུར་པས། ངག་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་རླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སྣང་སྟོང་དབྱེར་མེད་དམ། མེ་ལོང་སྟོང་པ་ཉིད་ཡུམ་གྱི་མཁའ་དབྱིངས་དང་། ཧྲཱིཿཡིག་རིག་པ་བདེ་བ་ཆེན་པོ་ཡབ་ཀྱི་རྡོ་རྗེ། གཉིས་ཀ་ལྷན་ཅིག་གནས་པ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མཚོན་པ་ཤེས་པར་གྱིས་ཤིག །མེ་ལོང་སྙིང་གར་བཟུང་། ཧཱུྃ༔ མེ་ལོང་སྟོང་པ་སོགས། ཐུགས་ཀྱི་དབང་རྣམས་ཡོངས་རྫོགས་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་བཞི་པ་སྣོད་བཅུད་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་དབྱིངས་རྣམ་པར་དག་པ་འོད་ཀྱི་ཐིག་ལེར།


RTZ048_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་རིག་པ་བྱང་ཆུབ་ཀྱི་སེམས་ཐུགས་རྗེ་ཆེན་པོར་གསལ་བའི། རང་རྩལ་གང་ཤར་སྣ་ཚོགས་འགག་མེད་དུ་འཆར་བའི་སྐུའི་ཆ་རྣམས་ནས། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཆར་བབ་པ་བཞིན་དུ་ཁྱེད་རང་ལ་ཐིམ་ཞིང་། མཐར་གཏོར་མའི་ལྷ་ཡང་ཁྱེད་རང་གི་གཉུག་མའི་སེམས་དང་དབྱེར་མེད་འདྲེས་པས། བྱ་རྩོལ་དང་བྲལ་བའི་ངང་ལ་མཉམ་པར་ཞོག་མཛོད། ཧཱུྃ༔ གཏོར་མ་རིན་ཆེན་སོགས། འབྲེལ་ཚད་གྲོལ་བར་བྱིན་གྱིས་རློབས༔ ཡིག་དྲུག་དང་། གཟུངས་རིང་མཐར། ཀ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེ་ལྟར་དབང་བཞི་པ་བསྐུར་པས། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །མྱོང་གྲོལ་དམ་རྫས་ཀྱི་དབང་བསྐུར་བ་ལ། སྣོད་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་རིལ་བུ་རེ་རེ་བཞིན་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་སྐུ་གཟི་བྱིན་འབར་བཞིན་བཞུགས་པའི་ཕོ་བྲང་། ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པ་ཙམ་གྱིས་རང་གི་རྒྱུད་གྲོལ། གཞན་དོན་འཁོར་བ་དོང་ནས་སྤྲུག་པའི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་དང་མཉམ་པའི་དབང་ཐོབ་པར་གྱུར་སྙམ་པའི་མོས་འདུན་མཛོད། ཅེས་


RTZ048_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུའི་སྣོད་སྤྱི་བོར་བཀོད་ལ། ཧཱུྃ༔ རང་བྱུང་ཐུགས་རྗེའི་ལྷ་ཚོགས་རྣམས༔སོགས། རིལ་བུ་ཁར་སྦྱིན་ལ། རིལ་བུ་འཁོར་བ་དོང་སྤྲུག་སྐུ༔སོགས་དང་། རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར། དེ་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁའ་གང་བར་བྱོན་ནས། མེ་ཏོག་མནྡྷཱ་ར་བའི་ཆར་བསྙིལ་ཞིང་བཀྲ་ཤིས་པའི་ཚིགས་སུ་བཅད་པས་མངའ་གསོལ་བའི་མོས་འདུན་རྩེ་གཅིག་ཏུ་མཛོད། སྟོན་མཆོག་དམ་པ་ལྷ་མིའི་སོགས་དང་། བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་སོགས། གཞན་ཡང་ཤིས་བརྗོད་སྟོན་པའི་ཞལ་ནས་གསུངས་པའི་རིགས་ཇི་སྙེད་བརྗོད་ཅིང་མེ་ཏོག་འཐོར་ལ་རོལ་མོའི་སྒྲ་བསྒྲག །དེ་ལྟར་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་བཞི་ལེགས་པར་ཐོབ་པ་ཡིན་པས། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བ་དང་ལུས་ཐུགས་རྗེ་ཆེན་པོར་རྟག་ཏུ་བསྒོམ་ཞིང་། ངག་ཡི་གེ་དྲུག་པ་རྒྱུན་དུ་བཟླ། སེམས་བྱམས་སྙིང་རྗེ་དང་མི་འབྲལ་བར་བྱ་སྙམ་པའི་སྒོ་ནས་ཁས་ལེན་པ་འདི་ཡི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་སོགས། དེ་ལྟར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་མཎྜལ་ཕུལ། མཎྜལ་རྒྱས་བསྡུས་གང་རུང་འབུལ་དུ་གཞུག །དེར་མ་ཟད་ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དམིགས་ནས་བླ་མ་དང་དཀྱིལ་འཁོར་གྱི་དྲུང་དུ་འབུལ་ན། ཆ་ཤས་ཤིག་ལོངས་


RTZ048_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་དུ་གསོལ་སྙམ་པས། དེང་ནས་བརྩམ་སྟེ་བདག་བྲན་སོགས། དེ་དག་ལ་བརྟེན་ཏེ་འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །བསོད་ནམས་འདི་ཡིས་སོགས། སློབ་མ་རྣམས་སོ་སོར་གྱེས། རྗེས་མཆོད་བསྟོད། ལྷ་གཤེགས་བསྡུ། ལྡང་བ། བསྔོ་བ་སྨོན་ལམ། བཀྲ་ཤིས་རྣམས་བྱ། ཞེས་པ་འདི་ནི་གནས་མདོ་བླ་མ་དྷརྨ་ཀཱིརྟི་ཤྲཱི་བྷ་དྲས་བསྐུལ་ངོར། རཏྣ་དྭཱི་པས་ཐུན་མཚམས་སུ་སྦྱར་བའི་ཡི་གེ་པ་ནི་ལྔ་རིག་སྨྲ་བ་པདྨ་མ་ཏིས་བགྱིས་པ་འགྲོ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་འཇུག་པར་གྱུར་ཅིག། །།


previousཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་རྒྱས་པ་བསྐུར་ཐབས་འགྲོ་དོན་ཀུན་ཁྱབ། རཏྣ་དྭཱི་པ།next