Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་དབང་གི་ཟིན་བྲིས་གོ་བདེ་བར་བཀོད་པ། རཱ་ག་ཨ་སྱ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་དབང་གི་ཟིན་བྲིས་གོ་བདེ་བར་བཀོད་པ། རཱ་ག་ཨ་སྱ།next

དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་དབང་གི་ཟིན་བྲིས་གོ་བདེ་བར་བཀོད་པ། རཱ་ག་ཨ་སྱ།


RTZ048_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་དབང་གི་ཟིན་བྲིས་གོ་བདེ་བར་བཀོད་པ་བཞུགས་སོ། །


RTZ048_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཛ་ཡ་པཉྩ་ཡེ༔ རང་ཉིད་བཅོམ་ལྡན་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ་ཕྱག་གཉིས་ཀྱིས་བུདྡྷ་རིགས་ཀྱི་ཕྱག་རྒྱ་མཛད་པ༔ དར་དང་རིན་པོ་ཆེས་བརྒྱན་པ་སེང་གེའི་ཁྲི་ལ་བཞུགས་པའོ༔ ཤར་དུ་རྡོར་སེམས་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ་གླང་ཆེན་གྱི་ཁྲི་ལ་བཞུགས་པའོ༔ ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་རྟའི་ཁྲི་ལ་བཞུགས་པའོ༔ ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རྨ་བྱའི་ཁྲི་ལ་བཞུགས་པའོ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཤང་ཤང་གི་ཁྲི་ལ་བཞུགས་པའོ༔ ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པར་བསྐྱེད་ལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསྭཱ་ཧཱ༔ ཞེས་བཟླའོ༔ དེ་ནས་རྡོ་རྗེ་སྤྱི་བོར་བཞག༔ རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧཱུྃ་སྭཱ་ཧཱ༔ རིན་པོ་ཆེ་སྤྱི་བོར་བཞག༔ རིན་ཆེན་འབྱུང་ལྡན་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཏྲཱཾ་སྭཱ་ཧཱ༔ པདྨ་སྤྱི་བོར༔ སྣང་བ་མཐའ་ཡས་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔


RTZ048_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿསྭཱ་ཧཱ༔ རྒྱ་གྲམ་སྤྱི་བོར་བཞག༔ དོན་ཡོད་གྲུབ་པ་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཨཱཿསྭཱ་ཧཱ༔ དེ་ནས་ཕྱག་མཚན་བཞི་ཀ་བསྡུས་འཁོར་ལོའི་ཚུལ་དུ་བྱས་ལ༔ བཅོམ་ལྡན་ཀུན་རིག་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཨོཾ་སྭཱ་ཧཱ༔ ཞེས་སྤྱི་བོར་བཞག༔ དེ་ནས་མཎྜལ་ཕུལ་ལོ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་དགོངས་གཏེར་ལས་ཕྱུང་བའོ༔ ༄༅། །ཨོཾ་ན་མོ་སརྦ་བིད་ཡ། དགོངས་གཏེར་འདི་རང་གིས་ཉམས་སུ་ལེན་ན་སྔགས་དང་དམིགས་པ་ཁོ་ནས་ཆོག །སྤྲོ་ན་རྩ་རིག་ཀྱང་བཟླ། དབང་བསྐུར་ན་མདུན་བསྐྱེད་རྟེན་དབུ་རྒྱན་ནམ་ཚོམ་བུ་ལྔ་བཀོད། བུམ་པ་དང་དབང་རྫས་དངོས་སམ་ཙཀ་ལི་འཛོམ་པར་བྱས་ལ། སྐྱབས་སེམས་གནམ་ཆོས་ལྟར་རམ་སྤྱི་ལྟར་ད་ནངས་ཚར་ན་འཐུས། མངོན་རྟོགས་གཅིག་གིས་བདག་མདུན་བུམ་གསུམ་དུས་གཅིག་ལྷ་སོ་སོར་བསྐྱེད། དམ་ཡེ་དབྱེར་མེད་དྲན་རྫོགས་སུ་བསྒོམས་པ་ལ་བཟླས་པ་བྱ། ཧ་ཅང་སྤྲོས་པ་ལ་དགའ་ན། མ་ལུས་སེམས་ཅན་སོགས་སྤྱན་འདྲེན་བཞུགས་གསོལ། རབ་འབྱམས་རྒྱ་མཚོ་མ། ཁ་དོག་དབྱིབས་ལེགས་མ། མཉམ་མེད་མའི་སྤྱི་བསྟོད་རྣམས་བྱས་ཀྱང་རུང་ངོ་། །སློབ་མ་འདུས་ལ་ཁྲུས་


RTZ048_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དང་མེ་ཏོག་བཀྱེས་ནས་མཎྜལ་ཕུལ་ལ། འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དབང་བསྡུས་པ་གཅིག་བསྐུར་བ་ལ། ལོ་རྒྱུས་ཟུར་ཙམ་ཞུ་ན། ལྷའི་ངོ་བོ། རྒྱུད་ཀྱི་གསུང་ཚུལ། མན་ངག་བྱུང་ཚུལ། ཕན་ཡོན་དགོས་ཆེད་དང་བཞི་ལས། དང་པོ་རྣམ་སྣང་མངོན་བྱང་ལ་སོགས་པ་ནས་གསུངས་པའི་འོག་མིན་འཐུག་པོ་བཀོད་པ་ན་ལོངས་སྤྱོད་རྫོགས་སྐུ་ངེས་པ་ལྔ་ལྡན་དུ་བཞུགས་པའི་རྣམ་པར་སྣང་མཛད་ཆེན་པོ་ཞེས་སམ། ཀུན་རིག་དང་ཐུབ་པ་གང་ཆེན་མཚོ་ཞེས་ཀྱང་བྱ་བ་ཡིན་ལ། དོན་ལ་འཕགས་པ་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པའི་སྐུའི་བཀོད་པ་ཆ་གཅིག་ཡིན་པར་གསུངས་སོ། །གཉིས་པ་དེའི་རྒྱུད་གསུངས་ཚུལ་ནི། བཅོམ་ལྡན་འདས་སྤྲུལ་སྐུ་ཤཱཀྱ་ཐུབ་པ་སུམ་ཅུ་རྩ་གསུམ་ལྷའི་གནས་དགའ་བའི་ཚལ་ན་འཁོར་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་པའི་ཚེ། ལྷའི་བུ་ནོར་བུ་དྲི་མ་མེད་པ་ཤི་ནས་ངན་སོང་དུ་སྐྱེས་པ་དེ་ཐར་བའི་ཆེད་དུ། བརྒྱ་བྱིན་གྱིས་ཞུས་པའི་ངོར་སྦྱོང་རྒྱུད་བརྟག་པ་དང་པོ་གསུངས་པས། ལྷའི་བུ་དམྱལ་བ་ནས་ཐར་ནས་དགའ་ལྡན་གྱི་གནས་སུ་


RTZ048_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཏེ། བཅོམ་ལྡན་འདས་དང་བརྒྱ་བྱིན་ལ་དྲིན་ལན་གྱིས་མཆོད་པ་དང་བསྟོད་པ་ཆེད་དུ་བརྗོད་པར་བྱས་སོ། །བརྟག་པ་ཕྱི་མ་ནི་ཕྱག་ན་རྡོ་རྗེས་གསུངས་ཞིང་སླར་ཡང་ཕྱག་རྡོར་ཉིད་རྡོར་སེམས་སུ་བཞེངས་ནས་མེ་ལྟར་འབར་བའི་དཀྱིལ་འཁོར་གསུངས་པས། ལྷ་རྣམས་ཀྱིས་མཆོད་ཅིང་མཚན་བརྒྱའི་བསྟོད་པས་ཀྱང་བསྟོད་དོ། །དེ་ནས་རྒྱུད་འདི་ལྷ་ཡུལ་དུ་བཞུགས་པ་ལ་སངས་རྒྱས་འདས་རྗེས་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབས་པ་ནས་རྒྱུད་འདི་བྱུང་སྟེ། ཕྱག་ན་རྡོ་རྗེས་རྒྱལ་པོ་ཉིད་ལ་དབང་ལུང་གནང་ནས་རིམ་པར་བརྒྱུད་དེ། པཎྜི་ཏ་ཡོ་ག་མཁས་པ་མི་གསུམ་གྱི་ནང་ནས་ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་ཞེས་ཀྱང་བྱ། བྲམ་ཟེ་ཆེན་པོ་པྲ་ཆེན་ཧསྟི་ཞེས་ཀྱང་བྱ་བ་དེ་ལ་ཨོ་རྒྱན་རིན་པོ་ཆེས་གསན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་པཎྜི་ཏ་ཤཱནྟཱིཀ་ར་དང་། ལོཙྪ་བ་ཛ་ཡ་རཀྵི་ཏས་བསྒྱུར། ཁྲི་རལ་གྱི་དུས་ཨ་ཙརྱ་རིན་ཆེན་མཆོག་གིས་ཞུས་དག་མཛད། དེ་ཕྱིན་གསར་དུ་བསྒྱུར་བ་མེད་པས། སྦྱོང་རྒྱུད་འདི་ནི་རྙིང་མ་ཡིན་ནོ་ཞེས་རཏྣ་གླིང་པས་གསུངས། འོན་ཀྱང་སྔ་དར་


RTZ048_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་གི་བརྒྱུད་པ་ནི་མ་བྱུང་བས། ལོ་ཆེན་རིན་ཆེན་བཟང་པོས་ཤྲདྡྷཱཀ་ར་སོགས་པཎྜི་ཏ་མང་པོ་ལ་ཞུས་ནས་གསར་མ་ལུགས་ཀྱི་ཆོ་ག་དང་དབང་རྒྱུན་རྒྱས་བསྡུས་མང་དུ་རྒྱ་ཆེར་འཕེལ་ལོ། །འོན་ཀྱང་དེ་དག་ནི་ཧ་ཅང་བརྒྱུད་པ་རིང་དྲགས་པས་བཤད་པའི་ཆོས་ལྟར་གྱུར་པ་ན། ཉུང་བསྡུས་བརྒྱུད་པ་ཉེ་བས་བྱིན་རླབས་ཆེ་བ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་བདུན་པ་ལ། དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ཞེས་བྱ་བའི་གཏེར་ཁ་ནས་བྱོན་པ་སྟེ། ལུང་སྐོར་དགུ་པའི་ལེའུ་བརྒྱད་པ་ནས། ཆོས་ཀྱི་དབྱིངས་ཀྱི་གབ་གཏེར་འབྱུང་། །སྐུ་གསུམ་བསྟན་པ་དར་ཞིང་རྒྱས། །བདེ་གཤེགས་རྒྱལ་བའི་དགོངས་གཏེར་འབྱུང་། །ཆོས་སྒོ་མཐའ་ཡས་བསྟན་པ་རྒྱས། །རིག་འཛིན་བླ་མའི་ཐུགས་གཏེར་འབྱུང་། །མན་ངག་རྒྱ་མཚོའི་བསྟན་པ་རྒྱས། །ཡིད་བཞིན་ནོར་བུའི་གཙུག་གཏེར་འབྱུང་། །དགོས་འདོད་ཡིད་བཞིན་བསྟན་པ་རྒྱས། །ཞེས་དང་། རིག་པ་རྒྱལ་པོའི་རྒྱུད་ལས་ཀྱང་། །དུས་གསུམ་རྒྱལ་བའི་ཐུགས་གཏེར་ཡིན། །རྫ་ཤིང་སྣོད་ལ་ཡང་མ་བརྟེན། །


RTZ048_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ནོ། །སྤྱིར་སྦྱོང་རྒྱུད་རྣལ་འབྱོར་རྒྱུད་ཡིན་ཡང་། རྡོ་རྗེ་གདན་པའི་རྡོ་རྗེ་ཕྲེང་བ་དང་། མི་ཏྲ་ཛོ་ཀིའི་མི་ཏྲ་བརྒྱ་རྩ་རྣམས་ཀྱང་བྱ་སྤྱོད་རྣལ་འབྱོར་རྒྱུད་བླ་མེད་ལྟར་ཉམས་སུ་ལེན་རུང་བར་མཛད་པ་དང་། བི་མ་ལས་རྣལ་འབྱོར་བླ་མེད་ལྟར་ཉམས་སུ་ལེན་ཚུལ་མཛད་པ་དང་མཐུན་པར་འདི་ཡང་བླ་མེད་ལུགས་ཡིན་ལ། བླ་མེད་ལུགས་ལ་སྤྲོས་བཅས་ཆོ་ག་རྒྱས་པ་དང་། སྤྲོས་མེད་དྲན་རྫོགས་སུ་སྒོམ་པ་ཡིན་ཏེ། སྡོམ་འབྱུང་ལས། རྣོན་པོས་སྐད་ཅིག་རྣམ་པ་ཡི། །བསམ་གཏན་ཉིད་ཀྱི་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་དང་། གྲུབ་ཆེན་དྲིལ་བུ་པས། བརྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ས་བོན་མེད་པར་རྣམ་པར་བསྒོམ། །ཞེས་གསུངས་པས། འདི་ནི་ཟབ་མོ་བསྐྱེད་རིམ་དང་། བརྟགས་པའི་རྫོགས་རིམ་གཉིས་ཀ་ཡིན་ཏེ། སྡོམ་འབྱུང་དཀའ་འགྲེལ་པདྨ་ཅན་ལས། སྐྱེ་གནས་བརྫུས་ཏེ་སྐྱེ་བ་ཁོ་ན་ལ་ཟབ་མོའི་བསྐྱེད་རིམ་དང་བརྟགས་པའི་རྫོགས་པའི་རིམ་པ་ཞེས་བརྗོད་དོ། །ཞེས་གསུངས་པ་དང་


RTZ048_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའོ། །དེ་ལ་རྗེ་བཙུན་ཆེན་པོ་ས་སྐྱ་པཎྜི་ཏས། བསྐྱེད་རིམ་འབྱོངས་པས་དེ་ལྟར་ཡིན་གྱི་ལས་དང་པོ་པས་ཡི་དམ་ཀྲོང་བསྐྱེད་མི་ཐུབ་པས་མི་རུང་ཞེས་དགག་པ་མཛད་པ་ཡང་། དགོངས་པ་ཅན་ཡིན་གྱི་ངེས་པ་མ་ཡིན་ཏེ། མངོན་བརྗོད་ལེའུ་དྲུག་པ་ལས། ལས་དང་པོ་ཡི་སྒོམ་རིམ་སྟེ། །སྐད་ཅིག་གཅིག་གིས་སྐུ་རྫོགས་པ། །ཞེས་དང་། གྲུབ་ཆེན་པཀྴིས། སྐྱེ་བོ་ཐ་མལ་པ་ལ་སྐད་ཅིག་དྲན་རྫོགས་སུ་བསྒོམ་པས་ཟིན་སླ་བས་ཕན་ཆེ་གསུངས་སོ། །དེ་བཞིན་དུ་རྡོར་ཕྲེང་གི་འཇམ་རྡོར་སྐབས་སུ། འདིར་རྫོགས་པའི་རྣལ་འབྱོར་ལ། མིག་ལ་སོགས་པ་བྱིན་གྱིས་བརླབས་པ་དང་ཡེ་ཤེས་སེམས་དཔའ་དགུག་གཞུག་སོགས་ནི་མ་བཤད་དོ། །ཞེས་གསུངས་པ་དང་། ཨོ་རྒྱན་ཆེན་པོས། དྲན་པ་ཙམ་གྱིས་རྫོགས་པ་ཉིད། །ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་འདི། །སྲུང་བ་ཀུན་གྱི་མཆོག་ཡིན་ནོ། །ཞེས་པ་ལྟ་བུའོ། །དེ་ལྟར་རྒྱུད་གཞུང་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་རྩོད་པ་དང་བྲལ། མན་ངག་བརྒྱུད་པ་ཉེ་ཞིང་གནད་ཟབ་པའི་ཀུན་རིག་གི་དབང་འདིའི་ཕན་ཡོན་ནི། ངན་སོང་སྦྱོང་བའི་རྒྱུད་ཀྱི་རྒྱལ་


RTZ048_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ལྷའི་དབང་པོ་ཉོན་ཅིག །སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཅན་སྡིག་པ་བྱེད་པ་དེ་དག་ཅི་ནས་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་སླ་བས་གྲོལ་བར་འགྱུར་བ་ཉོན་ཅིག །དེ་ནི་དཀྱིལ་འཁོར་བྲིས་ནས་ནི། །དེ་ལྟར་ཡང་ནི་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །དབང་བསྐུར་བ་ནི་རབ་ཏུ་བཏགས། །དེས་ནི་སྡིག་པ་ཀུན་བྱང་སྟེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནི་མྱུར་དུ་རྣམ་པར་ཐར། །སྡིག་ལས་བདག་ཉིད་རྣམ་གྲོལ་ཏེ། །དག་པར་འགྱུར་བའི་ལྷ་རྣམས་ཀྱི། །རིགས་སུ་སྐྱེ་བར་གྱུར་ནས་ཀྱང་། །དེ་ནི་རྟག་ཏུ་སངས་རྒྱས་དང་། །ཆོས་འགྲོ་བ་ནི་ཐོབ་པར་འགྱུར། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་འཐོབ་པར་འགྱུར། །ཞེས་གསུངས་ཤིང་། འདི་ཐོས་པ་ནི་བསོད་ནམས་ཤིན་ཏུ་ཆེ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་རྒྱུད་དེ་ལས། དགེ་བ་བཅུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཐོས་པར་འགྱུར་གྱི་སེམས་ཅན་མ་རབས་རྣམས་ཀྱིས་ནི་མ་ཡིན་


RTZ048_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་མོས་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཉེ་བར་འགྲོ་བར་འགྱུར་གྱི། སེམས་ཅན་ཕལ་པ་རྣམས་ཀྱིས་མ་ཡིན་ནོ། །སེམས་ཅན་བསམ་པ་དག་པ་རྣམས་དང་ཕྱིར་མི་ལྡོག་པའི་ཡོན་ཏན་མང་པོ་ལ་མངོན་པར་དད་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲགས་པར་འགྱུར་ཏེ། མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བསྟེན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲགས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་སློབ་མ་ཁྱོད་ཀྱིས་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། ཁྱད་པར་བཅོམ་ལྡན་ཀུན་རིག་ལ། །གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །ལན་གསུམ་ཞུ། དེ་ཡང་སྦྱོང་རྒྱུད་ལས། འགྲོ་ལ་ཕན་ཕྱིར་མྱུར་དུ་བྱང་ཆུབ་པར། །དེ་དག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་གཞུག །ཅེས་གསུངས་པས། སློབ་དཔོན་བཅོམ་ལྡན་འདས་ཀུན་རིག་དངོས་ཡིན་བསམ་པའི་མོས་གུས་དང་མདུན་གྱི་དབང་རྫས་རྣམས་འདི་ལྟར་གསལ་ཐོབས་ཤིག །དཀྱིལ་འཁོར་བསྡུས་པ་ཚོམ་བུའི་དཀྱིལ་འཁོར་འདི་ཉིད་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་


RTZ048_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ་ཕྱག་གཉིས་བུདྡྷ་རིགས་ཀྱི་ཕྱག་རྒྱ་མཛད་པ༔ དར་དང་རིན་པོ་ཆེས་བརྒྱན་པ་སེང་གེའི་ཁྲི་ལ་བཞུགས་པའོ༔ ཤར་དུ་རྡོར་སེམས་མཐིང་ག་རྡོ་རྗེ་དང་དྲིལ་བུ་བསྣམས་པ་གླང་ཆེན་གྱི་ཁྲི་ལ་བཞུགས་པའོ༔ ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་རྟའི་ཁྲི་ལ་བཞུགས་པའོ༔ ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རྨ་བྱའི་ཁྲི་ལ་བཞུགས་པའོ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཤང་ཤང་གི་ཁྲི་ལ་བཞུགས་པའོ༔ ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པ༔ འཁོར་ཡུམ་བཞི་སེམས་དཔའ་དང་སེམས་མ་ཉན་རང་ཁྲོ་བོ་དང་བཅས་པ་སྤྲིན་གཏིབས་པ་ལྟར་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ཞུ་བའི་ཕྱིར་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཀུན་རིག་ལའང་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །


RTZ048_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སྦྱོང་རྒྱུད་ཉིད་ལས། དེ་ནས་སྔགས་པ་བླ་མེད་བྱང་ཆུབ་ཀྱི། །གནས་སུ་སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་གསུངས་པའི་དོན་སྨིན་བྱེད་ཀྱི་དབང་དངོས་ལ་ཡང་། མོས་པ་བརྟན་དང་ལྡན་པས་བཅས་ནས་ནི། །སརྦ་བིད་ཀྱིས་ཅི་ལྟར་དབང་བསྐུར་ཏེ། །ཞེས་གསུངས་པའི་དོན་སྔགས་ཀྱི་དབང་ནི། མདུན་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཡིག་འབྲུ་གསེར་བཙོ་མའི་ཁ་དོག་ཅན་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་ཡིག་འབྲུས་གང་བས་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་པར་སྒོམས་ཤིག །རྒྱས་པར་སྤྲོ་ན་རྡོ་རྗེ་སྤྱི་བོར་བཞག་ལ་རྩ་རིག་ཚར་གཅིག་བརྗོད། དེ་ནས་རྡོ་རྗེ་སྤྱི་བོར་དབུས་དང་ཕྱོགས་བཞིར་རེག་ཅིང་


RTZ048_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དང་བཅས་པས། ཨོཾ་སྭཱ་ཧཱ༔ ཧཱུྃ་སྭཱ་ཧཱ༔ ཏྲཱཾ་སྭཱ་ཧཱ༔ ཧྲཱིཿསྭཱ་ཧཱ༔ ཨཱཿསྭཱ་ཧཱ༔ རྒྱུད་ལས། བུམ་པ་ལ་སོགས་ཅི་ཕྱེད་མང་ཐོགས་ཏེ། །བཅུ་པོ་རྣམས་ཀྱི་དབང་ནི་ཅི་དགར་བསྐུར། །ཅེས་གསུངས་པས། ཅི་དགར་གསུངས་པའི་དབང་དོན་གཅིག་ཏུ་དབང་བཅུའི་ངེས་པ་མེད་པའི་ཕྱིར། འདིར་དབང་བཅུ་བསྡུས་པ་རིགས་ལྔའི་ཕྱག་མཚན་གྱིས་བརྡ་དབང་ཁོ་ན་ལས་མ་བྱུང་ཡང་། དེ་ལ་ཕྱག་ལེན་གྱིས་བརྒྱན་ཏེ་བུམ་དབང་རྐྱང་པའམ། འཁོར་བཅས་ཅོད་པན། ཕྲེང་བ། མཐའ་རྟེན་རྒྱལ་སྲིད་སྦྱར་ཀྱང་ལེགས་པའི་ཕྱིར། བུམ་པ་འདིའི་ནང་ན་བཅོམ་ལྡན་འདས་ཀུན་རིག་ལྷ་ཚོགས་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས། སྤྱི་བོ་ཚངས་བུག་ནས་ཞུགས་ཏེ་སྡིག་སྒྲིབ་ཐམས་ཅད་ཆུ་སྣས་སྦུར་མ་ཁྱེར་བ་ལྟར་ནག་ཉི་ལི་ལི་ཁ་སྤུ་དང་འོག་སྒོ་རྐང་མཐིལ་ནས་ཕྱིར་ཐོན། ལུས་ཡེ་ཤེས་ཀྱི་བདུད་རྩིས་ལྟེམ་གྱིས་གང་བར་སྒོམས་ཤིག །ཧཱུྃ། བུམ་པ་འདི་ནི་རིན་ཆེན་ཁང་། །ཀུན་རིག་འཁོར་བཅས་བཞུགས་པ་ཡིས། །བུ་ཁྱོད་ལ་ནི་དབང་བསྐུར་བས། །དབང་བཞི་ཡོངས་རྫོགས་


RTZ048_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་ཤོག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀ་ལཱ་ཤ་ཨ་བྷི་ཥིཉྩ་མཱཾ། དེ་ནས་རྒྱས་པར་སྤྲོ་ན། དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཨོཾ་བྷུདྡྷ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿསྭཱ་ཧཱ༔ ཙམ་པ་ཀའམ་མེ་ཏོག་ཕྲེང་བ་བྲིས་པ་གཏད་ལ། རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །བསམ་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཨོཾ་རཏྣ་མ་ལཱ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསྭཱ་ཧཱ༔ ཅོད་པན་དར་རམ་བྲིས་པ། མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་། །འགྲོ་བའི་དོན་ལ་མཐུ་དབང་ཐོབ་པར་ཤོག །ཨོཾ་བཛྲ་ཝསཏྲ་ཨ་ཝ་ལམ་པ་ན་ཨ་བྷི་ཥིཉྩ་ཏྲཱཾ། དེ་ནི་ཡོ་ག་རྒྱལ་པོ་དང་ཆོས་བསྟུན་ནས་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་ལྟར། བུམ་ཆུས་བཀྲུ་ཞིང་དབུ་རྒྱན་དང་ཅོད་པན་གསོལ་བ་འོ། །དེ་ནས་དངོས་གཞི་དོན་གྱི་དབང་ནི་རྡོ་རྗེ་སྤྱི་བོར་


RTZ048_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་ཙམ་གྱིས་མངོན་པར་དགའ་བ་ལ་སོགས་པ་ཤར་ཕྱོགས་ཀྱི་ཞིང་ཁམས་ཐམས་ཅད་ནས། རྡོ་རྗེ་སེམས་དཔའ་དང་སྦྱོང་བའི་རྒྱལ་པོ་ལ་སོགས་པ་ཐུགས་རྡོ་རྗེ་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཐམས་ཅད་ཆར་ལྟར་བབས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །དབྱངས་དང་བཅས་པས་རྡོ་རྗེ་ཐོགས་ལ། རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧཱུྃ་སྭཱ་ཧཱ༔ འོ་དེ་ལྟར་རྡོ་རྗེས་དབང་བསྐུར་པས། ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པའི་དོན་འགྲུབ་པ་ཡིན་ནོ། །ད་རིན་པོ་ཆེ་འདི་སྤྱི་བོར་བཞག་པ་ཙམ་གྱིས་དཔལ་དང་ལྡན་པ་ལ་སོགས་པ་ལྷོ་ཕྱོགས་ཀྱི་ཞིང་ཁམས་ཐམས་ཅད་ནས། འཁོར་ལོས་སྒྱུར་བ་རིན་ཆེན་འབྱུང་ལྡན་དང་རྒྱལ་མཆོག་རིན་ཆེན་ལ་སོགས་པ་ཡོན་ཏན་རིགས་ཀྱི་ལྷ་ཚོགས་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཐམས་ཅད་ཆར་ལྟར་དུ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །རིན་ཆེན་འབྱུང་ལྡན་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་


RTZ048_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར༔ ཏྲཱཾ་སྭཱ་ཧཱ༔ འོ་དེ་ལྟར་རིན་པོ་ཆེས་དབང་བསྐུར་པས། བསོད་ནམས་དང་ཡེ་ཤེས་འཕེལ་ཞིང་རྒྱས་ནས་འཁོར་ལོས་སྒྱུར་བའི་འདོད་པའི་དོན་རྣམས་འགྲུབ་པའོ། །ད་པདྨ་འདི་སྤྱི་བོར་བཞག་པ་ཙམ་གྱིས་ནུབ་ཕྱོགས་བདེ་བ་ཅན་སོགས་ཀྱི་ཞིང་ཁམས་ཐམས་ཅད་ནས། སྣང་བ་མཐའ་ཡས་ཚེ་དཔག་ཏུ་མེད་པ་དང་ཤཱཀྱ་རིག་དབང་ལ་སོགས་པ་པདྨ་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཆར་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག །སྣང་བ་མཐའ་ཡས་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧྲཱིཿསྭཱ་ཧཱ༔ དེས་འཁོར་བའི་སྐྱོན་གྱིས་མ་གོས་ཤིང་། དག་པའི་ཞིང་ཁམས་བགྲོད་པའི་དོན་རྣམས་འགྲུབ་པ་ཡིན་ནོ། །དེ་ནས་རྒྱ་གྲམ་སྤྱི་བོར་བཞག་པའི་ཚེ་ལས་རབ་རྫོགས་པ་སོགས་སངས་རྒྱས་ཀྱི་ཞིང་བྱང་ཕྱོགས་རྣམས་ནས། དོན་ཡོད་གྲུབ་པ་དང་མེ་ཏོག་ཆེར་རྒྱས་ལ་སོགས་པ་ཕྲིན་ལས་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཆར་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །དོན་ཡོད་གྲུབ་པ་ཁྱོད་ཀྱིས་ཟུངས༔ འདོད་པའི་


RTZ048_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྣམས་འགྲུབ་པར་འགྱུར༔ ཨཱཿསྭཱ་ཧཱ༔ དེས་ཕྲིན་ལས་བཞི་ལ་མངའ་བརྙེས་ནས། རང་གཞན་གྱི་དོན་སྒྲུབ་པ་ལ་ཐོགས་པ་མེད་པའི་དོན་འགྲུབ་པའོ། །ད་ཕྱག་མཚན་བཞི་ཀ་གཅིག་ཏུ་བསྡུས་པ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཕྱག་རྟགས་འཁོར་ལོའི་ཚུལ་དུ་བྱས་པ་འདི་སྤྱི་བོར་བཞག་པ་ཙམ་གྱིས། འོག་མིན་འཐུག་པོ་བཀོད་པ་ལ་སོགས་པ་དབུས་ཕྱོགས་ཀྱི་ཞིང་ཁམས་ཐམས་ཅད་ནས། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་བུདྡྷ་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཆར་ལྟར་བབས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །བཅོམ་ལྡན་ཀུན་རིག་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཨོཾ་སྭཱ་ཧཱ། དེས་རྒྱུ་དང་འབྲས་བུའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་འདོད་དོན་འགྲུབ་པ་ཡིན་ནོ། །འོ་དེ་ལྟར་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་དག་ནས་ཐ་མལ་པའི་ལུས་མ་ཡིན་པར་སློབ་མ་ཁྱེད་རང་། བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ། ཕྱག་གཉིས་བུདྡྷ་རིགས་ཀྱི་ཕྱག་རྒྱ་


RTZ048_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་དར་དང་རིན་པོ་ཆེས་བརྒྱན་པ་སེང་གེའི་ཁྲི་ལ་བཞུགས་པའི་སྐུར་ལམ་གྱིས་གྱུར་པར་སྒོམས་ཤིག །དེ་ནས་སྔགས་ཀྱི་བཟླས་ལུང་གི་དོན་དུ་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་བའི་མོས་པས་རྗེས་ཟློས་མཛོད། བཅོམ་ལྡན་ཀུན་རིག་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱོན་ཏེ། ཞལ་ནས་ཐོན་ཅིང་ཁྱེད་རང་གི་ཞལ་དུ་ཞུགས་ནས་ཐུགས་ཀར་ཧཱུྃ་དཀར་པོའི་མཐར་ཟླ་བའི་གདན་ལ་གཡས་སུ་འཁོར་བར་སྒོམས་ལ་རྗེས་ཟློས་དང་ཕྲེང་བ་བགྲོང་། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿསྭཱ་ཧཱ༔ རྒྱས་པར་སྤྲོ་ན་རྩ་རིག་ཚར་གཅིག་བརྗོད། དེ་ནས་སྔགས་ཕྲེང་མེ་ཏོག་གི་ཕྲེང་བར་གྱུར་ནས་སྤྱི་བོར་བཅིངས་པར་སྒོམས་ཤིག །ཙམ་པ་ཀའམ་ནས་སམ་ཕྲེང་བ་བཞག་ལ། བཅོམ་ལྡན་ཀུན་རིག་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། སྤྲོ་ན་ཚིག་རྗེས་མ་གསུམ་ཡང་བརྗོད། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱཿ ཞེས་བརྗོད། དེ་ནས་མེ་ཏོག་གཏོར་བས་བརྟན་ཅིང་རབ་ཏུ་གནས་པར་བྱ། རྒྱས་པར་སྤྲོ་ན་རྒྱལ་སྲིད་སོ་སོར་བྲིས་པ་ཐོགས་ལ། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་


RTZ048_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའི་ས་གནས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཱཾ། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་སཏྲཱི་རཏྣ་ཨ་བྷི་ཥིཉྩ་མཱཾ། གང་ཡང་རྒྱལ་ལ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་དོན་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་པུ་རུ་ཥ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་


RTZ048_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་རོ། །ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ཡང་ལྡོག་གྱུར་པ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཏུ་རཾ་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ། འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇིགས་པར་བྱེད་པ་སྟེ། །དཔལ་ལྡན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཁངྒ་རཏྣ་ཨ་བྷི་ཥིཉྩ་མཱཾ། དེ་ལས་བསྡུ་ན་རྒྱལ་སྲིད་ཙཀ་ལི་ཕྱོགས་གཅིག་བྲིས་པ་ཐོགས་ལ། ད་དབང་གི་མཐའ་རྟེན་ནི། ཡོ་ག་རྒྱལ་པོ་དང་ཆོས་ལུགས་བསྟུན་ཏེ། རྒྱལ་སྲིད་སྣ་བདུན་གྱིས་དབང་བསྐུར་བས་འཕགས་པའི་ནོར་བདུན་དང་ལྡན་ནས་སྐྱེ་བ་ཀུན་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་དང་། མཐར་ཐུག་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པར་འགྱུར་བའི་རྟེན་འབྲེལ་དུ་གྱུར་པར་སྒོམས་ཤིག །འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། །མི་ཡི་དབང་ཕྱུག་འཁོར་ལོ་ཐོབ་པ་དང་། །སྡིག་པ་གཞོམ་ཕྱིར་


RTZ048_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ནི་བསྐུར་བར་བྱ། །ཨོཾ་དྲ་བྱ་རཏྣ་ཨ་བྷི་ཥིཉྩ་མཱཾ། རྒྱས་པར་སྤྲོ་ན་གསར་མ་ལྟར་རྒྱལ་སྲིད་སོ་སོར་ཚིགས་བཅད་དང་སྔགས་ཀྱི་དབང་བསྐུར་ཏེ། ཚིག་ལྷུག་པ་ནི་མི་སྦྱར་རོ། །དེ་ལྟར་བཅོམ་ལྡན་འདས་ཀུན་རིག་གི་བརྡ་དབང་ཟབ་མོ་ཐོབ་པ་ཡིན་པས། དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་བསྲུང་ཞིང་སྐྱོབ་པ་སོགས་ཚེ་འདིའི་ཕན་ཡོན་དང་། ངན་སོང་དུ་ནམ་ཡང་མི་ལྟུང་ཞིང་བྱང་ཆུབ་ཐོབ་པ་སོགས་ཕན་ཡོན་མཐའ་ཡས་ཏེ། ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་མིའི་བདེ་བ་སྨྲོས་ཅི་དགོས། །ཞེས་པས། ད་ལྟ་ཡང་ལྷ་དང་བླ་མ་མི་སྤང་ཞིང་རིམ་གྱིས་རྟོགས་པ་ན་འཕོས་པ་ན་གསང་སྔགས་ཀྱི་དམ་ཚིག་ཐམས་ཅད་ཀྱང་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ་སོགས། མཎྜལ་འབུལ་ལོ། །དེ་ལྟར་དབང་རྒྱས་པ་གཅིག་ཚར་རྗེས་བརྒྱ་རྩ་སོགས་བྱེད་ན། གསོལ་འདེབས། དུས་གསུམ་སངས་རྒྱས་སོགས་ཚིག་གསུམ་དང་། རྩ་ཚིག་གིས་ཚིག་གཉིས་རེ་དང་སྔགས་བཅས་གསུམ་ཁོ་ནས་ཕྱག་མཚན་ལྔ་རྫོགས་པ་


RTZ048_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རེ་ལ་བརྩི་ཞིང་ཡང་མཇུག་ཏུ་རྒྱས་པ་གཅིག་བསྐུར་རོ། །རྗེས་ཆོག་སེམས་ངོ་སྐྱོང་བས་འཐུས་ཀྱི་བསྡུ་ཆོག་གཤེགས་གསོལ་མི་དགོས་ཏེ་མི་དམིགས་པའོ། །ཅེས་པ་འདི་སྤྱིལ་བུ་དགོན་གྱི་བླ་མ་གཉིས་ཀྱིས་བསྐུལ་ཕྱིར། རཱ་ག་ཨ་སྱས་སྦྱར་བ་ལ་ཉེས་འགལ་མཆིས་ན་རྩ་བ་གསུམ་ལ་བཤགས་ཤིང་དགེ་བས་སེམས་ཅན་ལ་ཕན་པ་རྒྱ་མཚོ་ལྟར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousདགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་དབང་གི་ཟིན་བྲིས་གོ་བདེ་བར་བཀོད་པ། རཱ་ག་ཨ་སྱ།next