Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ལས་ནོར་བདག་ཨ་པར་ཛཾ་ཏའི་སྒྲུབ་པ། མི་འགྱུར་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ལས་ནོར་བདག་ཨ་པར་ཛཾ་ཏའི་སྒྲུབ་པ། མི་འགྱུར་རྡོ་རྗེ།next

གནམ་ཆོས་ལས་ནོར་བདག་ཨ་པར་ཛཾ་ཏའི་སྒྲུབ་པ། མི་འགྱུར་རྡོ་རྗེ།


RTZ050_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གནམས་ཆོས་ལས་ནོར་བདག་ཨ་པར་ཛཾ་ཏའི་སྒྲུབ་པ་བཞུགས་སོ། རྒྱ་གར་སྐད་དུ༔ ཡཀྵ་ཙིཏྟ་ཨ་ལ་རཱ་སཱ་དྷ༔ བོད་སྐད་དུ༔ གནོད་སྦྱིན་སྙིང་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས༔ གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ༔ ཡང་ཨ་རཱ་ཛི་ཏ་བསྒྲུབ་ན༔ གཏོར་མ་དཔེའུ་རིས་ལྟར་བཅས་ལ༔ དེ་ནས་ཛཾ་མུ་གཉིས་ཀྱིས་བསྐོར༔ དེ་ལ་ནོར་བུ་བཞིས་བསྐོར༔ དེ་ལ་ཨ་པ་རཱ་ཛི་ཏའི་སྐུར་བ་བླུགས༔ འབྲིང་གནས་ཆེན་ས་སྣ་ལས་བཟོ༔ ཐ་མ་ཤིང་ལས་བཟོ༔ ཡང་ཐ་བྲི༔ སྐུ་དེ་རྟེན་རྫས་ལ་བཞག༔ དེ་ནས་སྒྲུབ་པ་ནི༔ རང་ཉིད་རྣམ་སྲས་སེར་པོ་བསྒོམ༔ མདུན་དུ་ཨ་པ་རཱ་ཛི་ཏ་བསམ༔ དེ་ནས་འདི་སྐད་བརྗོད༔ ཨོཾ་བཛྲ་ཏྲིག་ཏྲིག་ཏྲིག་རུཾས་མ་ཡ་སཾ་ཏྭ་སཾ་ས་ཏྭ་ཡེ་སྭཱ་ཧཱ༔ དེ་ཅི་ཐོན་བརྗོད༔ དེའི་རྟགས་ལ་མི་ཆེན་གྱིས་བདག་ལ་འབུལ་བ་གཏང་བ་དང་༔ ནོར་བུ་རིན་པོ་ཆེ་རྙེད་པ་དང་༔ ཐམས་ཅད་ཀྱིས་དང་གུས་བྱེད་པ་དང་༔ དངོས་གྲུབ་སྣ་ཚོགས་འབྱུང་བ་དང་༔ དེ་དངོས་སམ་ཉམས་སམ་རྨི་ལམ་མ་མ་གང་བྱུང་འདྲ༔ དེ་ནས་འདི་སྐད་བརྗོད༔ ཧཱུཾ༔ དཔག་ཏུ་མེད་པའི་གོང་རོལ་ནས༔ ཀུན་ཏུ་བཟང་པོ་ཞེས་བྱ་བའི༔ སྤྲུལ་པ་ཐུགས་རྗེ་ཆེན་པོ་འཁྲུངས༔ དེ་ཡི་སྤྲུལ་པ་ཨ་པ་རཱཿ ཛི་ཏ་ཁྱེད་ལ་ཕྱག་འཚལ་བསྟོད༔


RTZ050_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏི་པུ་ཧོ༔ དེ་ནས་དངོས་གྲུབ་ཅིང་འདོད་འབྱུང་༔ ཞེས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་རྒྱལ་བཟླ་གཅིག་སྔ་དྲོ་ལ་ཨ་པ་རཱ་ཛཾ་ཏ་དམར་པོ་གཡས་ལྕགས་ཀྱུ་གཡོན་ནེའུ་ལེ་གཅེར་བུ་སྟག་ཤམ་དང་རིན་པོ་ཆེའི་རྒྱན་དང་དར་དམར་གྱི་སྟོད་གཡོགས་ཅན་མིག་འབུར་བ་སྤྱན་གཉིས་ཁྲོ་འཛུམ་ཅན་གཅིག་གིས་དངོས་སུ་གསུངས་པའོ༔ གནམས་ཆོས་ལས་ཨ་པ་རཱ་ཛི་ཏའི་སྒྲུབ་ཐབས་གཉིས་པའི་དབུའོ༔ བཅོམ་ལྡན་རིན་ཆེན་མང་ལ་ཕྱག་འཚལ་ལོ༔ ཨ་པ་ཏཱ་ཛི་ཏིའི་སྒྲུབ་པ་ནི༔ རང་ཉིད་རྣམ་ཐོས་སྲས་དམར་པོ༔ གཡས་པས་རྒྱལ་མཚན་ལྕགས་ཀྱུ་དང་༔ གཡོན་པས་ལེའུ་ལེ་མདུང་དར་འཛིན༔ དེ་མདུན་ཨ་པ་རཱ་ཛི་ཏ་ནི༔ སྐུ་མདོག་དམར་སྔོ་ཞལ་གཅིག་པ༔ ཕྱག་གཉིས་ཕྱག་མཚན་འདི་ལྟར་རོ༔ ལྕགས་ཀྱུ་ནགས་པ་ནེའུ་ལེ་འཛིན༔ ཨོཾ་བཛྲ་ཨ་པ་རཱི་ཛི་ཏ་ཧྲཱིང་ཧྲཱིང་ཛཿཛཿ སིདྡྷི་ཕ་ལ་ཧཱུཾ། ས་མ་ཡ༔ རྒྱ་རྒྱ་རྒྱ། འདིའི་ཞལ་ཁྲིད་ནི་རང་རྣམ་སྲས་ཕྱག་གཉིས་པ༔ ཨ་པ་རཱ་ནི་དར་སྔོན་པོའི་སྨད་གཡོགས་དམར་པོའི་སྟོད་གཡོགས༔ རིན་པོ་ཆེའི་རྒྱན་ཅན་ཞབས་ཕྱེད་སྐྱིལ༔ འདི་བསྒྲུབས་


RTZ050_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པས་དངོས་གྲུབ་ཐམས་ཅད་འབྱུང༔ རྒྱལ་བའི་ལས་འཐུབ༔ ཐམས་ཅད་དབང་དུ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་ཐ་སྐར་ཟླ་བའི་ཚེས་བརྒྱད་ནུབ་ཉམས་སྣང་ལ་རྣམ་སྲས་དམར་པོ་ཞལ་གཟིགས་ཏེ་གསུངས་སོ༔ འདིའི་དབང་གཟུངས་དབང་ལྟར་རོ། །


previousགནམ་ཆོས་ལས་ནོར་བདག་ཨ་པར་ཛཾ་ཏའི་སྒྲུབ་པ། མི་འགྱུར་རྡོ་རྗེ།next