Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མངའ་དབང་རིན་པོ་ཆེའི་ལོ་རྒྱུས་བཞུགས་སོ༔ ཟངས་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམངའ་དབང་རིན་པོ་ཆེའི་ལོ་རྒྱུས་བཞུགས་སོ༔ ཟངས་མཛོད།next

མངའ་དབང་རིན་པོ་ཆེའི་ལོ་རྒྱུས་བཞུགས་སོ༔ ཟངས་མཛོད།


RTZ051_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༄༅༔ མངའ་དབང་རིན་པོ་ཆེའི་ལོ་རྒྱུས་བཞུགས་སོ༔ ཟངས་མཛོད།


RTZ051_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་ནོར་བུ་དབང་གི་མཆོག༔ དགོས་འདོད་འབྱུང་བའི་མན་ངག་འདི༔ འགྲོ་བ་དབང་དུ་བསྡུ་བའི་ཕྱིར༔ གནོད་སྦྱིན་ནོར་གྱི་བང་མཛོད་བཅའ༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས༔ རྒྱལ་པོའི་ཁྱིམ་དུ་བཅས་པ་ཡིས༔ རྒྱལ་སྲིད་མངའ་ཐང་རྒྱས་པར་འགྱུར༔ རྒྱལ་ཁམས་བདེ་ཞིང་སྐྱིད་པར་འགྱུར༔ འདི་ཉམས་སུ་ལེན་པ་ལ་གསུམ་སྟེ༔ དབང་བསྐུར་ཏེ་རྒྱལ་པོ་བཀྲ་ཤིས་པའི་མངའ་གསོལ་བ་དང༔ བང་མཛོད་བཅས་ཏེ་བསོད་ནམས་ཀྱི་མཐའ་རྒྱས་པར་བྱ་བ་དང༔ ལས་སྦྱོར་བརྩམས་ཏེ་མངའ་ཐང་སྐྱེད་པའོ༔ རྒྱལ་པོ་ལ་དབང་བསྐུར་བ་མངའ་དབང་རིན་པོ་ཆེ་ཞེས་བྱ་བ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ པདྨ་འབྱུང་གནས་བདག་གིས་ཀྱང༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ སྐྱེས་ཚུལ་སྤྲུལ་པའི་བརྡ་བསྟན་ཚེ༔ ཡར་ངོ་སྐར་མ་རྒྱལ་གྱི་ཉིན༔ གཞུང་ལ་ཉི་མ་ཤར་བའི་ཚེ༔ མཚོ་གླིང་པདྨའི་དཀྱིལ་དུ་གྱུར༔ མཚོ་མཐའ་རྡོ་རྗེའི་བྲག་རིས་གཏམས༔ བར་ཁྱམས་རིགས་བཞིའི་མཁའ་འགྲོ་མ༔ འབུམ་ཕྲག་མང་པོ་སྤྲིན་ལྟར་གཏིབས༔ ཀུན་ཀྱང་རིན་ཆེན་འབར་བ་ཐོགས༔ ཕྱོགས་བཞི་མཚམས་བཞི་རང་གི་མདུན༔ སྲིད་གསུམ་མངའ་དབང་སྲོག་གི་བདག༔ ཞི་མ་ཁྲོ་ཡི་ཆ་བྱད་ཅན༔ སྐུ་མདོག་འབྱུང་བ་


RTZ051_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡི་མདངས༔ ཕྱག་མཚན་རིན་ཆེན་སྣ་ཚོགས་འཛིན༔ ནམ་མཁའི་མཐོངས་ནས་གཏེར་གྱི་བདག༔ སྲིད་གསུམ་དབང་གི་ཌཱ་ཀི་མ༔ ཕྱག་ན་རིན་ཆེན་བུམ་པ་ཐོགས༔ ཞལ་ནས་སྲོག་གི་ཡི་གེ་ལྔ༔ འཇིག་རྟེན་ཕྱོགས་བཅུ་ཁྱབ་པར་འཕྲོ༔ སྲིད་གསུམ་ཚེ་སྲོག་དབང་ཐང་སྡུད༔ ལྷ་རྣམས་མགྲིན་གཅིག་བསྡུས་པ་ཡི༔ དབང་གི་སྒྲ་ཡིས་རིན་པོ་ཆེ༔ བདག་གི་གནས་ཆེན་བཅོ་བརྒྱད་དུ༔ བརྡ་དོན་རྟགས་ཀྱི་དབང་བསྐུར་བྱས༔ དམ་ཚིག་གསུམ་ཕོག་རྒྱ་གསུམ་བཏབ༔ ལྷ་རྣམས་སྟེང་གི་ཡུམ་ལ་ཐིམ༔ ཡུམ་དེ་བདག་གི་སྙིང་གར་ཐིམ༔ ཕྱི་ནང་བདེ་བའི་སྣང་བ་ཤར༔ ཕྱག་ན་རྡོ་རྗེ་མཁའ་ལ་བྱོན༔ རིན་ཆེན་གླེགས་བམ་མཐོ་གང་བ༔ བདག་ལ་གཏད་ནས་བརྡ་གསུམ་གསུངས༔ མཁའ་ལ་སྒྲ་དང་བཅས་ཏེ་གཤེགས༔ ནོར་བུའི་དབང་ཆེན་ཐོབ་པ་དང༔ ཆོས་སྐྱོང་རྒྱལ་པོ་ཡབ་དང་མཇལ༔ ཨོ་རྒྱན་རྒྱལ་པོར་མངའ་གསོལ་ལོ༔ ལོ་དྲུག་འབངས་ཀྱི་སོ་ཚིས་བྱས༔ དེ་ནས་འཛམ་གླིང་ཁྱབ་པར་བཏུལ༔ འགྲོ་འདུལ་རྒྱལ་པོ་པདྨ་ངས༔ ཁྲི་སྲོང་ལྡེའུ་བཙན་བསམ་པ་བསྒྲུབས༔ བོད་ཡུལ་བྱང་ཆུབ་སེམས་ཀྱིས་བཏུལ༔ ཡིད་བཞིན་ནོར་བུ་དབང་གི་མཆོག༔ སྙིང་དང་འདྲ་བའི་


RTZ051_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་འདི༔ འབྱུང་པོ་འདུལ་བྱེད་རྒྱུད་ནས་བཏུས༔ རྒྱུད་ལ་ལེ་འུ་ལྔ་རུ་བསྟན༔ ཆོས་སྐྱོང་རྒྱལ་པོར་མངའ་གསོལ་བའི༔ མངའ་དབང་རིན་ཆེན་འབར་བ་ཡོད༔ ཚེ་དང་བསོད་ནམས་མཐའ་རྒྱས་ཕྱིར༔ གནོད་སྦྱིན་ནོར་གྱི་བང་མཛོད་ཡོད༔ སྣང་སྲིད་དབང་དུ་བསྡུ་བའི་ཕྱིར༔ དབང་བྱེད་རྒྱལ་པོའི་སྒྲུབ་ཐབས་ཡོད༔ མཐའ་ཡི་དགྲ་བཞི་འདུལ་བའི་ཕྱིར༔ དྲེགས་པ་དབང་སྡུད་སྒྲུབ་ཐབས་ཡོད༔ འདུ་འཛི་གཡེང་བས་ལོང་མེད་ན༔ བཅས་ཆོག་ནོར་བུ་འབར་བ་ཡོད༔ ལྷ་དང་བླ་མ་མན་ངག་ལ༔ ཡིད་ཆེས་མོས་གུས་མེད་པའི་རིགས༔ ཁ་གསག་སྟོང་ཞུས་མཁས་པ་ལ༔ མན་ངག་སྤེལ་ན་རྒྱལ་ཁམས་ཕུང༔ དེ་ཕྱིར་དམ་ཚིག་བཀའ་རྒྱ་ཡོད༔ རྒྱུད་གཅིག་མན་ངག་དྲུག་བཅས་པ༔ རྒྱལ་སྲིད་རིན་ཆེན་བདུན་ལྡན་འདིས༔ ཁྲི་སྲོང་ལྡེ་བཙན་བསམ་པ་བསྒྲུབས༔ མ་དང་བུ་ཡིག་གཉིས་སུ་བཀོད༔ གཅིག་ནི་རྒྱལ་པོའི་སྙིང་ལ་ཆོངས༔ རྒྱལ་པོའི་མངའ་དར་བོད་ཁམས་བདེ༔ རྗེ་འབངས་ཐམས་ཅད་མཐོ་རིས་བགྲོད༔ གཅིག་ནི་རིན་ཆེན་གཏེར་དུ་སྦོས༔ དུས་ཀྱི་སྙིགས་མ་ཤར་བའི་ཚེ༔ རྒྱལ་ཁྲིམས་ཁྲེ་འུར་འཐོར་ནས་ཀྱང༔ སྡེ་བ་ནང་འཐབ་འཁྲུག་པ་འོང༔ བསོད་ནམས་ཉམས་པའི་རྟགས་བཅུ་འོང༔ རྒྱལ་པོའི་


RTZ051_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཐང་མ་ནོན་པས༔ འབངས་ཀྱིས་རྗེ་ལ་རྒོལ་བ་ཡོང༔ འདུལ་ཁྲིམས་བསྟན་པ་ཉམས་པ་ཡིས༔ བཙུན་པས་ཉོན་མོངས་བབ་ཆོལ་བྱེད༔ གསང་སྔགས་དམ་ཉམས་མང་བ་ཡིས༔ དཔོན་སློབ་ནང་འཐབ་བྱེད་པ་འོང༔ ཆོས་ལ་ཡང་ཟོར་བྱེད་པ་ཡོང༔ བུད་མེད་སྨད་འཚོང་བྱེད་པ་ཡོང༔ ཟས་སུ་ཤ་ཁྲག་ཟ་བ་འོང༔ ལས་སུ་སྡིག་ལ་རྔམས་པ་འོང༔ ངོ་ཚ་མེད་ཅིང་སྡིག་ལ་རྔམས༔ དེ་ལྟར་སྤྱོད་ངན་སྣ་ཚོགས་བྱས༔ ཡུལ་ཕྱོགས་གྲིབ་ཀྱི་འཚུབས་མས་འགྲིབས༔ འགོ་བའི་ལྷ་ལྔ་ཕྱི་ལ་བྲོས༔ གཞི་བདག་ཆོས་སྐྱོང་བདུད་དུ་བབས༔ སྟེང་འོག་ལྷ་སྲིན་ཐམས་ཅད་འཁྲུགས༔ གཉན་ནད་མེ་ལྟར་འབར་བ་འོང༔ རིམས་ནད་ཆར་ལྟར་སག་པ་འོང༔ མཐའ་དམག་ཆུ་ལྟར་བརྡོལ་བ་འོང༔ སྡུག་བསྔལ་བཟོད་གླགས་མེད་པ་འོང༔ དེ་དུས་བོད་ཁམས་སྙིང་རྗེའི་ཕྱིར༔ ཨོ་རྒྱན་ཐུགས་ཀྱི་གཏེར་མཛོད་འདི༔ ལས་ཅན་གཅིག་དང་འཕྲད་པར་འགྱུར༔ ལས་ཅན་གཏེར་དང་འཕྲད་པའི་དུས༔ བརྩོན་འགྲུས་མྱུར་མགྱོགས་བྱང་སེམས་སྐྱེད༔ བོད་ཀྱི་བདེ་སྡུག་མཚམས་སུ་འོང༔ མཐའ་ཡི་དམག་དྲུག་བརྡོལ་དུ་ཆ༔ བོད་ལ་སྡུག་རེས་བབ་ཏུ་ཆ༔ མཚོན་ཆ་ཆར་ལྟར་འབབ་ཏུ་ཆ༔ སྒྱོགས་དང་མེ་གཏོང་ཡོང་དུ་ཆ༔ བོད་


RTZ051_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཅན་ཟད་དུ་ཉེ༔ དེ་དུས་ང་ཡི་ཐུགས་རྗེ་ལས༔ བོད་ལ་གཅེས་པའི་གཏེར་མཛོད་བཞི༔ མཛོད་བཞིའི་སྙིང་ཁྲག་མན་ངག་བརྒྱད༔ སེམས་བསྐྱེད་བསམ་པ་བཟང་པོ་ཡིས༔ ང་ཡི་བཀའ་བཞིན་བསྒྲུབས་པ་ན༔ བོད་ཡུལ་བདེ་སྐྱིད་ལྡན་པར་འགྱུར༔ ང་ཡི་སྐུ་ཡི་གདུལ་བྱ་ཡིས༔ བོད་དུ་བདེ་སྐྱིད་འབྱུང་འདོད་ན༔ གནས་ཆེན་གངས་རི་བཀྲ་ཤིས་པའི༔ རྩེ་མོ་རྩ་བ་རྐེད་པ་ལ༔ ཐུགས་ཀྱི་ལྷ་གསུམ་རྫོགས་པར་བཞེངས༔ རྒྱལ་པོའི་ཁབ་དང་མི་ཆེན་གནས༔ ཁྲོམ་ཆེན་འདུ་བའི་ཡུལ་དབུས་སུ༔ སྡུག་བསྔལ་སྐྱོབ་བྱེད་ལྷ་བཞི་བཞེངས༔ དབེན་གནས་སྒྲུབ་པའི་ཁང་པ་དང༔ དགེ་འདུན་འདུ་བའི་ཕོ་བྲང་དུ༔ བཀྲ་ཤིས་དཔལ་འབར་ལྷ་ཁང་བཞེངས༔ སོ་སོའི་སྐྱེ་བོའི་གྲོང་གསེབ་དང༔ མཐའ་ཡུལ་སྡིག་སྤྱོད་ཡུལ་མཐའ་རུ༔ སྙིང་རྗེས་འདྲེན་པའི་ལྷ་ཁང་བཞེངས༔ བོད་ཡུལ་སྤྱི་དང་ས་ཕྱོགས་སུ༔ གནོད་པའི་ས་པྲ་ངན་པ་དང༔ ནད་རིམས་ལྷོག་བརྒལ་དར་བའི་ས༔ གཡུལ་བཀྱེ་མི་བསད་འཁྲུགས་པའི་ས༔ ཚེ་ཐུང་ནང་འཁྲུགས་དར་བའི་ས༔ ཤི་ཁ་བྱེ་དང་བཀྲ་མི་ཤིས༔ མི་དགེ་སྡུག་བསྔལ་ཐམས་ཅད་ཀྱི༔ སྲི་མནན་དཔུང་གཞོམ་ཕྱིར་ཟློག་པའི༔ བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞེངས༔


RTZ051_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡི་གསུང་གི་གདུལ་བྱ་ཡིས༔ བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ ཡར་ངོའི་ཚེས་བཅུ་ནམ་ཤར་ཚེ༔ ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང༔ དེ་དུས་ང་ལ་མོས་པ་ཡིས༔ རབ་ཀྱིས་བསྐྱེད་རྫོགས་གནས་ལུགས་ལྟོས༔ ཕྱི་ནང་གསང་བའི་སྒྲུབ་པ་ཚུགས༔ སེམས་བསྐྱེད་བསམ་པ་བཟང་པོ་ཡིས༔ འགྲོ་དྲུག་ཐུགས་རྗེས་འདྲེན་པ་ཡི༔ ལས་དང་སྨོན་ལམ་རྒྱ་ཆེན་ཐོབས༔ འབྲིང་གིས་ལུས་ངག་ཡིད་གསུམ་གྱི༔ སྒྲིབ་སྦྱོང་ལས་ལ་བརྩོན་པར་གྱིས༔ བཀའ་ཡི་གསུང་སྒྲོགས་མཆོད་རྟེན་བཞེངས༔ བསྙེན་པར་གནས་དང་སཱཙྪ་འདེབས༔ སྲོག་བསླུ་ཉེའུ་འདོན་བྱ་བ་དང༔ ལམ་འཕྲང་ཟམ་པ་གཟུག་པ་དང༔ དགེ་འདུན་མཆོད་དང་བསྐོར་བ་བྱ༔ རང་རང་གང་མོས་དགེ་བ་གྱིས༔ བདག་ལ་གུས་པས་གསོལ་བ་ཐོབས༔ ཐ་མ་ཚེས་བཅུ་ནམ་ཤར་ཚེ༔ སྲོག་གཅོད་སྡིག་པའི་ལས་མི་བྱེད༔ རང་གི་སྒོ་ན་འཁོར་བ་ཡི༔ ལོང་སྤྲང་ཁྱི་དང་དུད་འགྲོ་ལ༔ ཅི་འབྱོར་སྦྱིན་པ་སྙིང་བརྩེས་སྦྱིན༔ མདོར་ན་ཡར་གྱི་ཚེས་བཅུའི་ཉིན༔ རབ་འབྲིང་ཐ་མའི་གང་ཟག་གིས༔ སངས་རྒྱས་མཆོད་དང་སེམས་ཅན་གསོ༔ ཡི་གེ་འབྲུ་གཅིག་གུས་པས་འབྲི༔ སྙིང་རྗེའི་སེམས་ཀྱིས་ཆུ་ཕོར་གང༔ སྦྱིན་པ་གཏོང་བ་ཐམས་ཅད་


RTZ051_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན༔ པདྨ་འབྱུང་གནས་དུས་མཆོད་ཡིན༔ དེ་དུས་ང་ཡི་སྨོན་ལམ་གྱིས༔ དགེ་བ་ཅི་འགྲུབ་འབུམ་འགྱུར་འཕེལ༔ ང་ཡི་ཐུགས་རྗེས་རྒྱུན་དུ་སྐྱོབ༔ ང་ཡི་ཐུགས་ཀྱི་གདུལ་བྱ་ཡིས༔ བོད་ཀྱི་བདེ་སྐྱིད་འབྱུང་འདོད་ན༔ རྒྱལ་ཁྲིམས་ཆོས་ཁྲིམས་བཟང་པོ་ཚུགས༔ རྣམ་ཐར་དཔེ་ལུགས་བཟང་པོ་སྐྱོངས༔ བཀའ་དང་རྒྱུད་ལུང་མན་ངག་གི༔ ཕྱི་ནང་གསང་བའི་སྒྲུབ་པ་རྣམས༔ རང་རང་གང་མོས་དམ་ཆོས་རྣམས༔ ཆད་ལྷག་བཅོས་བསླད་མེད་པར་སྒྲུབས༔ དེ་ལྟར་བྱས་པས་བོད་ཡུལ་འདིར༔ བདེ་སྐྱིད་ལྡན་པར་ཐེ་ཚོམ་མེད༔ དེ་དུས་ལས་དང་སྨོན་ལམ་གྱིས༔ མངའ་བདག་བཙན་པོའི་གདུང་རྒྱུད་འདི༔ མང་ཡུལ་སྟོད་དུ་གནས་པར་འགྱུར༔ ཆོས་ཁྲིམས་བསྟན་པའི་སྒྲོན་མ་དང༔ མངའ་བསྐྱེད་ནོར་བུའི་བང་མཛོད་འདི༔ གཞན་ལ་མ་སྤེལ་མ་ཉམས་པར༔ གུང་ཐང་རྒྱལ་པོའི་ཐུགས་ལ་སྟིམས༔ རྒྱལ་པོས་ང་ཡི་བཀའ་བཞིན་སྒྲུབས༔ བདག་དང་ཁྲི་སྲོང་ལྡེ་བཙན་གྱི༔ སེམས་བསྐྱེད་སྨོན་ལམ་འཕྲོ་མཐུད་ནས༔ བོད་ཀྱི་རྗེ་འབངས་བདེ་སྐྱིད་དར༔ དེ་དུས་བློན་པོ་ནག་པོ་ཡིས༔ སྲི་ལངས་སྙན་ཕྲ་ལོག་པའི་ཚིག༔ བར་ཆད་བྱེད་པ་མང་འབྱུང་གིས༔ ཆོས་ཁྲིམས་ཚུགས་པས་སྐྱིད་པར་འགྱུར༔ མངའ་ཐང་མཐའ་ནས་རྒྱས་པར་འགྱུར༔ རྒྱལ་པོའི་མངའ་ཐང་རྒྱས་པ་ཡིས༔ སྨོན་ལམ་


RTZ051_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་བོད་འབངས་སྐྱིད༔ རྒྱལ་ཁམས་བདེ་ཞིང་སྐྱིད་པར་འགྱུར༔ ཞེས་གསུངས་སོ༔ མངའ་དབང་རིན་པོ་ཆེ་གཏེར་གྱི་བང་མཛོད་ཀྱི་ལོ་རྒྱུས༔ ཞལ་ཆེམས་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད༔ ཟངས་མཛོད་དམར་པོའི་ནང་དུ་སྦས་སོ༔ གཏེར་སྟོན་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ༔ ཤོག་སེར་བུ་དངོས་གྲུབ་རྒྱལ་མཚན་གྱི་དཔེ་ལས་བཤུས་སོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༄༅༔ འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་བཞུགས༔ ཟངས་མཛོད། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ རི་རྒྱལ་ལྷུན་པོའི་རྩེ་མོ་རུ༔ ཁམས་གསུམ་སྐྱེ་འགྲོ་འབྱུང་བ་ཡི༔ སྲོག་དང་དྭངས་མ་བཅུད་འདུས་པ༔ འོད་ལྔའི་དབུས་ན་སྲོག་ཡིག་ལྔ༔ ལག་ན་རྡོ་རྗེས་བསྡུས་ཏེ་བླངས༔ འཇིག་རྟེན་ཕྱོགས་བཅུ་ཐམས་ཅད་དུ༔ བསྟན་པ་སྐྱོང་བར་ནུས་པ་ཡི༔ ལས་ཅན་རེ་ལ་འཕངས་པ་ཡིས༔ འགྲོ་འདུལ་སྐྱེས་བུ་རེ་རེ་འབྱུང༔ ཁྱད་པར་ལྷོ་ཕྱོགས་འཛམ་བུ་གླིང༔ ཐུབ་པའི་ཞིང་ཁམས་གནས་ཆེན་འདིར༔ ལོ་རེ་བཞིན་དུ་གདུལ་བྱ་གཟིགས༔ ལས་ཅན་འདུག་ན་སྲོག་ཡིག་འབེབ༔ དེ་ཡང་ཟླ་བ་སྐར་མ་གཉིས༔ རྒྱལ་ལ་བབས་པའི་ནམ་


RTZ051_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ཚེ༔ སྒྲ་དང་འོད་ཟེར་སྣ་ལྔའི་མདངས༔ ནམ་མཁའི་མཐོངས་ནས་ཆས་ཏེ་འབབ༔ དེ་ཕྱིར་དགེ་བའི་འདུན་པ་ཅན༔ རྒྱལ་གྱི་ཟླ་བ་སྐར་མ་གཉིས༔ འཛོམ་པའི་དུས་སུ་གསོལ་བ་ཐོབས༔ རང་གི་བསོད་ནམས་སྟོབས་ཡོད་པ༔ ལོ་རེ་བཞིན་དུ་སུམ་འགྱུར་འཕེལ༔ དམ་ཚིག་དགེ་བ་ཅི་ནུས་སྤྱོད༔ ལས་དང་སྨོན་ལམ་སྟོབས་བསྐྱེད་ནས༔ སྐྱེ་བ་གསུམ་གྱིས་བར་མ་ཆད༔ ཆོས་སྐྱོབ་རྒྱལ་པོའི་ལུས་རེ་ལེན༔ ཨེ་མ་འདི་ནི་ནོར་བུ་ཆེ༔ སྲོག་གི་སྙིང་པོ་བསྡུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས༔ གླེང་གཞིའི་ལེའུ་སྟེ་དང་པོའོ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ འཇིག་རྟེན་སྲོག་ཡིག་དྭངས་མ་དེ༔ བྱང་ཆུབ་སེམས་ཀྱིས་འཕངས་པ་ཡིས༔ སངས་རྒྱས་བསྟན་པའི་དར་རྒྱས་དང༔ སེམས་ཅན་སྐྱེ་འགྲོའི་ལས་དབང་གིས༔ དང་པོ་བསྐལ་པ་ཐོག་མ་ལ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང༔ བར་གྱི་བསྐལ་པ་ཆ་སྙོམས་དུས༔ ཆོས་སྐྱོང་རྒྱལ་པོ་རེ་རེ་བྱུང༔ ལྔ་བརྒྱ་ཐ་མ་ཤར་བའི་དུས༔ དགེ་སྤྱོད་སྐྱེས་བུ་རེ་རེ་འབྱུང༔ དེ་ཡང་དུས་དང་གཟའ་སྐར་རྩི༔ རྒྱལ་གྱི་ཟླ་བ་ཞེས་བྱ་བ༔ ཕོ་ཟླ་སྟག་ལྟར་ངར་ཆེ་བ༔ ཚེས་གཅིག་གཟའ་དར་གཡང་སྐར་ཚེས༔ ཚེས་བརྒྱད་གཟའ་དར་གྲུབ་སྐར་འདུས༔ བཅོ་ལྔ་གཟའ་དར་གཡང་སྐར་


RTZ051_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གང༔ རྒྱལ་དང་ཟླ་བ་གང་བ་འཛོམ༔ དེ་ཕྱིར་རྒྱལ་གྱི་ཟླ་བ་ཡིན༔ དུས་ནི་ཚེས་གཅིག་སྟག་ལྟར་དཔའ༔ ཚེས་བརྒྱད་བྱ་ལྟར་བྱེད་པ་གྲུབ༔ བཅོ་ལྔ་འབྲུག་ལྟར་སྒྲ་ཆེན་སྒྲོག༔ དེ་ལྟར་དུས་དང་གནད་རྩིས་ལ༔ ཐབས་ཆེན་རྟེན་འབྲེལ་བཟང་པོ་བླང་ངོ༔ སྲོག་གི་སྙིང་པོ་བསྡུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས༔ དུས་དང་གཟའ་སྐར་བརྩི་བའི་ལེའུ་སྟེ་གཉིས་པའོ༔ རྒྱལ་གྱི་ཟླ་བའི་ཚེས་གཅིག་གི༔ སྟག་སྐྱ་ཁ་རླངས་འདོན་པའི་ཚེ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ༔ ཁྲུས་བྱས་གཙང་མའི་སྟན་ལ་སྡོད༔ གཙང་མའི་གཞི་ལ་རིན་ཆེན་ལྔས༔ རང་ཕྱོགས་བསྐོར་ལ་སྲོག་ཡིག་བྲི༔ མ་ཡེངས་འཕྲོ་འདུ་ཏིང་འཛིན་སྒོམས༔ བྲིས་ནས་ཚོན་ལྔའི་གོས་ཀྱིས་དགབ༔ རཏྣའི་ཁྲི་ལ་བཞུགས་སུ་གསོལ༔ དང་པོ་སྟོང་པའི་ངང་ཉིད་ལས༔ བདག་ཉིད་ཧཱུྃ་ལས་སྟོབས་ཆེན་ལྷ༔ ཕྱག་ན་རྡོ་རྗེ་གསལ་བར་སྒོམས༔ དེ་ཡི་སྐུ་གསུང་ཐུགས་ཀྱི་འོད༔ ལྕགས་ཀྱུ་ལྟ་བུས་འཇིག་རྟེན་གང༔ སྲིད་པའི་རྩེ་མོ་མན་ཆད་ཀྱི༔ ལྷ་ཀླུ་མི་དང་སྡེ་བརྒྱད་སྲོག༔ ཚེ་བཀྲག་བསོད་ནམས་དབང་ཐང་དང༔ རཏྣ་ནོར་བུ་མངའ་ཐང་གི༔ སྙིང་པོ་དྭངས་མ་འོད་ལྔར་བསྡུས༔ ཡི་གེ་ཉིད་ལ་བསྟིམ་པར་བྱ༔ སྲོག་གི་


RTZ051_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་བསྡུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས༔ སྲོག་གི་ཡི་གེ་བྲི་བར་བྱ་བའི་ལེའུ་སྟེ་གསུམ་པའོ༔ དང་པོ་ཡི་གེ་ཞེས་བྱང་༔ གཞི་མེད་རང་མདངས་མཚོན་པ་སྟེ༔ རྒྱུ་མེད་ངོ་བོ་ཡི་གེར་ཤར༔ དེ་ཡི་གཟུགས་མཐོང་རང་སྒྲ་སྒྲོག༔ དུས་གསུམ་བདེ་བར་གཤེགས་པ་ནས༔ འཇིགས་ཚོགས་དམྱལ་བ་ཡན་ཆད་ཀྱི༔ སྲོག་སྙིང་ཡི་གེའི་རྣམ་པར་ཤར༔ རི་རྒྱལ་ལྷུན་པོའི་རྩེ་མོ་ནས་སྲིད་པ་གསུམ་གྱི་ཚེ་སྲོག་བཅུད༔ ཁ་དོག་ལྔར་གསལ་ཡི་གེ་ཤར༔ རང་བྱུང་ཡི་གེ་རྒྱུད་གཅིག་འདིའོ༔ རི་རབ་ཁ་ཁྱེར་ཐ་མན༔ པདྨའི་འོད་ཟེར་བརྒྱུད་ཀྱི་ནང་༔ ཡོན་ཏན་ཀུན་འདུས་ཡི་གེ་ནི༔ སུམ་ཅུ་རྩ་རེ་འོད་དུ་འཁྱིལ༔ རི་རབ་དབང་རིམ་གསུམ་པ་ལ༔ སྲིད་གསུམ་ནོར་སྡུད་ཡི་གེ་ནི༔ བཅུ་དྲུག་རང་འོད་འབར་ཞིང་འཁྱིལ༔ རི་རབ་བང་རིམ་བར་མ་ལ༔ རྒྱས་པོ་སྲོག་གི་ཡི་གེ་དགུ༔ རང་སར་མདངས་ལྡན་འོད་དུ་འཁྱིལ༔ བང་རིམ་དང་པོ་གནོད་སྦྱིན་གྱི༔ སྲོག་གི་ཡི་གེ་བཅུ་དག་འཕྲོ༔


RTZ051_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་རྨང་གི་ཐ་མ་ལ༔ འདོད་པ་ཚིམ་བྱེད་ཡི་གེ་ནི༔ ལྔ་བཅུ་རྩ་གཅིག་འོད་ཟེར་འཕྲོ༔ གསེར་གྱི་རི་བདུན་འོད་འདུའི་ནང་༔ ནོར་བུ་དབང་གི་ཡི་གེ་ནི༔ ལྔ་བཅུ་རྩ་གསུམ་མདངས་དང་ལྡན༔ རོལ་པའི་མཚོ་བདུན་འོད་ལན༔ ས་མ་ཡ་ཛ་ཛ་བྷྱོ་བྷྱོ༔ ཟེར་ལ༔ སྲོག་མང་ཡི་གེ་བརྒྱད་བཅུ་གཉིས༔ སྲོག་


RTZ051_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གེ་ཡི་གེའི་ངོ་བོ་ཤར༔ ཨོཾ་ཛམ་བྷ་ལ་ཛ་ལེནྡ་ཡེ་བཛྲ་ཡཀྵ༔ མ་ཧཱ་ཀཱ་ལ་ཨ་པ་ར་ཙི་ཏ༔ མ་ར་ཡ་དུ་རྟེ༔ རཏྣ་འུབས་འུབས༔ ཤ་ཀར་ངའི་སྣོད་ཁོང་ཁོང་༔ མ་ཧཱ་ར་ཏི་ཏི་ཡེ་ཙིའི༔ རྦད་ཡ༔ ཨུ་ཙུས་མ་གཞན་ལ་ཆོད་ཆོད༔ གླིང་བཞི་གླིང་ཕྲན་མི་ལ་སོགས༔ བསོད་ནམས་ལྡན་པ་ཐམས་ཅད་ཀྱི༔ སྲོག བྷོ་ཏོ་བྷ་ཤིག༔ ཁྱེ་ཐོངཐུམ་ཐུམ༔ ཁྱེ་སྟོང་སྟོང་༔ ཤམ་བྷ་རྫ་གྱེ་གྱེ༔ ཡཀྴ་ནག་པོ་ས་མ་ཡ་ཧྲི་ཧྲི་ཛཿཛཿབྷྱོ་བྷྱོ༔ དང་ལོངས་སྤྱོད་སྙོང་པོ་ནི༔ ཡི་གེ་བརྒྱ་དང་བདུན་དུ་གནས༔ ཨོཾ་ཙནྡྲ་གྱེར་སྭཱ་ཧཱ༔ ཨོཾ་པཱུཎ་བྷ་དྲ་ཡེ་སྭཱ་ཧཱ༔ ཨཱོཾ་བྷནྡྷ་ན་ཡེ་སྭཱ་ཧཱ༔ ཨཱོཾ་སུབྷ་ན་ནི་ཡེ་སྭཱ་ཧཱ༔ ཨཱོ་ཨཱ་རཱ་ཡེ་སྭཱ་ཧཱ༔ ཨོཾ་བི་ཙི་ཀུམྦྷ་ལི་ཡེ་སྭཱ་ཧཱ༔ ཨཱོ་བུབྷ་ཡེ་སྭཱ་ཧཱ༔ ཨཱོ་མུ་ཁེནྡྲ་ཡེ་སྭཱ་ཧཱ༔


RTZ051_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཁམས་གསུམ་མ་ལུས་པའི༔ སྣོད་ཀྱི་འཇིག་རྟེན་ཐམས་ཅད་དང་༔ ཨཱོཾ་བྷེ་བྷི་ཡེ་སྭཱ་ཧཱ༔ ཨོཾ་ཙ་རེ་ནྻེ་སྭཱ་ཧཱ༔ ཨཱོཾ་བྷ་ར་སྭཱ་ཧཱ༔ ཨཱོཾ་ན་ཏ་རེ་སྭཱ་ཧཱ༔ ཨཱོཾ་མ་ཎི་བྷ་དྲ་ཏེ་སྭཱ་ཧཱ༔ རཏྣ་སིདྡྷི་ཧཱུཾ༔ བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི༔ ཚེ་བཀྲག་སྲོག་དབུགས་དབང་པོའི་གདངས༔ བསོད་ནམས་མངའ་ཐང་ལོངས་སྤྱོད་ཀྱི༔ རྣམས་ཤེས་སྙིང་པོ་ཡི་གེ་ཤར༔ གནད་ཀྱི་ཡི་གེ་འདུས་པ་དེ༔ ཕྱག་ན་རྡོ་རྗེས་འདི་ལྔ་གཟིགས༔ ཐུགས་ཀའི་རཏྣ་ཟུར་བརྒྱད་ནས༔ སྤྲུལ་པའི་འོད་ཟེར་བརྒྱ་ཕྲག་བཀྱེ༔ འོད་ཟེར་དབུས་ནས་དབང་བྱེད་ཀྱི༔ ཡི་གེ་ཉིས་བརྒྱ་བཞི་བཅུ་བཞི༔ བུང་པས་མེ་ཏོག་ལེན་པ་ལྟར༔ ཁམས་གསུམ་ཀུན་དཀྲུགས་སྲོག་ཡིས་བླང་༔ ཨ་མུ་ཁེ་མ་ཀུས་དྷ་ར༔ སྲ་སྟི་མུ་མ་ཧཱ་ཀྵེ་མ་ནེ་མ་ནེ༔ འདུ་ར་ནེ༔ ཨཀྵེ་མཀྵེ་མ་ར་ཀྱེ་མ་དཀེ་བ་ན་སྟི༔ གྷུ་ར་ཡན་སརྦ༔ སི་སྟི༔ བྲུཾ་འབྲུཾ་འབྲུཾ༔ སི་སྟི་སི་སྟི་ཡ་སྤ༔ མེ་ལེ་མེ་ལེ༔ཀྱེ་ཤེ་ཀྱེ་ཤེ༔ ཙུརྣ་ཙུརྣ༔ བྷི་མ་


RTZ051_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཀར་ཀར༔ ཀང་ཀང་༔ ནིར་བྷ་ན༔ ཙ་ནིར་ག་ན་ཙ་ན་སིདྡྷི་སིདྡྷི་ཕ་ལ་ཧཱུཾ༔ རཏྣ་པུ་ནརྣེ་སིད་འདི་སིད་འདི་ཧཱུཾ༔ ཧེ་ལ་སི་ལ་ཡཾ༔ སིད་འདི་སིདྡྷི་ཧཱུཾ་ཛཿཛཿ ནཱ་ནཱ་ལ་ཏེ་སིད་འདི་སིད་འདི་ཧཱུཾ༔ དྷ་ལས་མ་བྷ་སིད་འདི་སིད་འདི་ཧཱུཾ༔ ཛ་ཛཿ ཨཱོཾ་ཙཀྲ་རཏྣ་ཕ་ལ་སིདྡྷི་ཧཱུཾ༔ ཨཱོཾ་མ་ཧཱ་རཏྣ་སིད་ཏི་ཕ་ལ་ཧཱུཾ༔ ཨཱོཾ་བྷ་སྟྲི་རད་ན་སིད་ཉི་ཕ་ལ་ཧཱུཾ༔ ཨཱོཾ་ཧ་སྟི་རད་ན་སིད་ན་མེད་ཏི་ཕ་ལ་ཧཱུཾ༔ ཨཱོཾ་བྷ་རང་ཀ་མ་ཧཱ་རད་ན་སིད་ཏི་ཕ་ལ་ཧཱུཾ༔ ཨཱོཾ་བྷ་ན་རད་ན་སེད་ཏི་ཕལ་ཧཱུཾ༔ འདི་རུ་་བས་ཀེ་ཏ་བྷ་ཏ་ཀེ་ནི་ར་ཧཱུཾ༔ བྷ་ལིན་ན་ཏ་ན་ཀ་ལེ་ནི༔ བྷ་སི་མུ་ཏ་མཾ་བྷ་ཏི་ཧཱུཾ༔ ཨཱོ་ག་སིད་འདི་ཕ་ལ་ཧཱུཾ༔ བྷི་ཙེ་ཡ་བྷི་ཙ་ཡ་ཨུ་ཧ་སི་སྟ་ཛ་ས་ནི༔


RTZ051_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འགུགས་བྱེད་ཡི་གེ་ནི༔ སྲིད་གསུམ་བཅུད་བསྡུས་དབང་སྒྱུར་ཐོབ༔ བཅུད་ཀྱི་སྙིང་པོ་ཐུགས་ཀར་ཐིམ༔ སྲོག་གི་སྙིང་པོ་བསྡུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་སྲས་ནོར་བུ་སྔགས་ཀྱི་ལེའུ་སྟེ་བཞི་བའོ། དེ་ནས་གསང་བའི་བདག་པོ་རྡོ་རྗེ་ཡིས༔ ནོས་བུ་སྔགས་ཀྱི་ཕྲེང་བ་དེ་ཉི་མའི་འོད་ཟེར་ལྟར་འཁྱིལ་ཞིང་འཕྲོས་པ་ལས༔ ཐུགས་ཀྱི་རྒྱ་འདི་ལྟར་དུ་བཏབ་སྟེ༔ སུམ་ཅུ་རྩ་གཉིས་ཡི་གེ་འདིས༔ འཐོར་བ་བསྡུས་ཏེ་རྣོ་ངར་བླུད༔ རིན་ཆེན་མཐིང་གི་ཀ་ལི་ལ༔ བཻ་ཌཱུརྻ་ཡི་ཡི་གེ་བཀོད༔ ནམ་མཁའི་ཀློང་ལྟར་ཟླུམ་པར་བསྐོར༔ རི་རྒྱལ་བྱང་དུ་བཞག་པ་ལས༔ གནོད་སྦྱིན་ལོངས་སྤྱོད་རྒྱས་པ་དེ༔ ནོར་བུ་འདི་ལས་བྱུང་བ་ཡིན༔ ཕྱག་ན་རྡོ་རྗེའི་ཐུགས་རྗེ་ཡིས༔ སྲིད་པའི་འཇིག་རྟེན་ཐམས་ཅད་དུ༔ འགྲོ་འདུལ་བསྟན་པའི་དོན་དུ་ཕབ༔ འཁོར་ལོས་སྦྱར་བའི་རྒྱལ་པོ་དང་༔ ཆོས་སྐྱོང་རྒྱལ་པོ་རེ་རེ་འབྱུང་༔ ནོར་བུ་འདི་ཉིད་སུ་འཆང་བ༔ བསོད་ནམས་ལོངས་སྤྱོད་མཐའ་རྒྱས་ཤིང་༔ ཅི་བསམ་ལྷུན་གྱིས་གྲུབ་པར་འགྱུར༔ རིན་ཆེན་གའུར་བཅུག་ནས་ཀྱང་༔ སྤྱི་བོར་བཞག་ན་མངའ་དབང་ཆེ༔ བང་མཛོད་དངུལ་སུ་འདི་བཅུ་གནས༔ མཆོད་པ་ཕུལ་ན་བསོད་


RTZ051_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་རྒྱས༔ ཟངས་ཀྱི་གྭ་འུར་བཅུག་ནས་ཀྱང་༔ མིར་སྲོག་གཏེགས་ན་དབང་དུ་འདུ༔ ཕྱག་ན་རྡོ་རྗེའི་སྐུ་བཞེངས་ལ༔ དེ་ཡི་འོག་ཏུ་མིང་སྲོག་གཞུག༔ ཐུགས་ཀར་ནོར་བུ་འདི་ཉིད་བཞུགས༔ དགྲ་བོ་དབང་སྡུད་དམངས་སུ་འབེབས༔ རང་ཉིད་གནས་པའི་ཕོ་བྲང་དུ༔ མཆོད་པ་འབུལ་ཞིང་བཞུགས་སུ་གསོལ༔ ཡིད་ལ་ཅི་འདོད་དངོས་གྲུབ་ཐོབ༔ སྲིད་གསུམ་མངའ་དབང་སོག་གི་བདག༔ ལྷ་ཀླུ་མི་དང་སྡེ་བརྒྱད་དང་༔ འབྱུང་བཞི་རིན་ཆེན་ལྔ་ཡི་བཅུད༔ ཀུན་འདུས་ཡི་གེའི་རྣམ་པར་ཤར༔ སྣ་ཚོགས་བརྡ་ཡི་ཡི་གེ་འདི༔ གང་ན་གནས་པའི་ཕྱོགས་སུ༔ བཀྲ་ཤིས་ཡོན་ཏན་ཕུན་སུམ་ཚོགས༔ ནོར་བུ་དབང་གི་རྒྱལ་པོ་ལྟར༔ དགོས་པ་ཀུན་འབྱུང་སྲིད་པ་འཛིན༔ ཡོན་ཏན་བརྗོད་ལས་འདས་པ་འདི༔ ཀུན་གྱིས་འཆང་བར་གལ་ནུས༔ སྐལ་མེད་འདི་དང་འཕྲད་མི་སྲིད༔ ལན་ཅིག་འཛམ་བུ་གླིང་དུ་འབེབས༔ སྐལ་ལྡན་རྣམས་དང་འཕྲད་པར་འགྱུར༔ དུས་ཀྱི་ཐ་མ་ཤར་བའི་ཚེ༔ སྣོད་ངན་རྣམས་དང་འཕྲད་པ་ན༔ ཡིད་ཆེས་མི་འཆང་ཟོང་དུ་ཁྱེར༔ ཕྲག་དོག་ཅན་གྱིས་མན་ངག་སློང་༔ ཐེ་ཚོམ་བྱས་པས་བྱིན་རླབས་ཐམས༔ དེ་ཕྱིར་འདི་ལ་བཀའ་རྒྱ་བཏབ༔ འགྲོ་དོན་རྒྱ་ཆེན་སྤྱོད་ནུས་པའི༔ སྐྱེས་བུ་དེ་ལ་བཀའ་རྒྱ་ཡོད༔ སྤྲུལ་པའི་སྐྱེས་བུ་ཁྱོད་


RTZ051_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཟུང་དུ༔ འགྲོ་འདུལ་རྒྱལ་པོར་མདའ་གསོལ་ལོ༔ རཏྣ་ཕ་ལ་སིདྡྷི་ཧཱུཾ་ཧཱུཾ་ཧཱུཾ༔ ཞེས་ནས་མཁའ་ལ་སྒྲུ་འབུག་ལྟར་གྲགས་པ་དང་༔ ལག་ན་རྡོ་རྗེས་རྒྱལ་བུ་ཐོར་ཅོག་ཅན་ལ་གླེགས་བམ་མཐོ་གང་བ་གཏད་དོ༔ སྲོག་གི་སྙིང་པོ་བསྡུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས༔ གཏད་རྒྱའི་ལེའུ་སྟེ་ལྔ་པའོ༔ དེ་ནས་ཨོ་རྒྱན་རྒྱལ་པོ་ངས༔ འཇིག་རྟེན་གདུལ་བྱ་དབང་དུ་བསྡུས༔ ཐམས་ཅད་དགེ་བའི་ཆོས་ལ་བཀོད༔ སྔོན་གྱི་ཡས་ཀྱི་འཕྲོ་མཐུད་ནས༔ ཁྲི་སྲོང་ལྡེའུ་བཙན་བསམ་པ་བསྒྲུབས༔ སྙིགས་མའི་སེམས་ཅན་དོན་བྱའི་ཕྱིར༔ འཛམ་གླིང་སྲོག་གི་བཅུད་བསྡུས་པ༔ བོད་ན་གཅེས་པའི་མན་ངག་འདི༔ རིན་ཆེན་གཏེར་དུ་སྦས་ཏེ་བཞག༔ ལན་གཅིག་བསྟན་པ་སྐྱོང་ནུས་པའི༔ སྐྱེས་བུ་གཅིག་དང་འཕྲད་པར་ཤོག༔ གཉན་ཆེན་ཐང་ལྷས་གཏེར་འདི་སྲུངས༔ ལས་ཅན་བྱུང་ཚེ་གཏད་པར་གྱིས༔ མན་ནག་ཟབ་མོ་འདི་འཆང་གའི༔ བཀའ་ཡི་བྱང་ལེགས་པར་གྱིས༔ བྲག་རི་དུག་སྦྲུལ་སྲུངས་འདྲེའི་སྐེད་ནས། རིག་འཛིན་རྒོད་ཀྱི་ལྡེམ་འབྲུ་ཅན་གྱི་བཏོན་པའོ། མངའ་དབང་རིན་ཆེན་འབང་བ་བཞུགས༔ ཟངས་མཛོད༔ རྒྱ་གར་སྐད་དུ༔ མ་ཧཱ་རཱ་ཙ་ཨ་བྷི་ཥིཉྩ་ནཱ་མ༔ བོད་


RTZ051_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ༔ རྒྱལ་པོ་ཆེན་པོ་ལ་མངའ་གསོལ་བའི་མན་ངག་གཅེས་བྱ་བ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ འདི་ལ་རྣམ་པ་གསུམ་སྟེ༔ དང་པོ་ཕུན་སུམ་ཚོགས་པའི་རྒྱུ་བཙལ་བ་དང་༔ རྟེན་ཅིང་འབྲེལ་བ་རྫས་ཀྱི་ཡོ་བྱད་བསགས་པ་དང་༔ མངའ་གསོལ་དངོས་སོ༔ དང་པོ་ནི༔ སྟོང་འཁོར་ལོས་སྒྱུར་པའི་རྒྱལ་པོ་འམ༔ ས་ལ་དབང་བའི་བྱང་ཆུབ་སེམས་དཔའ་འམ༔ མངའ་ཐང་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཞིག་བསྐུར་དུ་རུང་༔ མངའ་འདི་གསོལ་ཕྱིན་ཆད༔ དེའི་མངའ་ཐང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བོ་བཞིན་རྒྱས་ནས༔ འགྲོ་བ་མང་པོའི་དོན་རྒྱ་ཆེན་པོ་འབྱུང་བར་འགྱུར་རོ༔ བདུད་དང་མུ་སྟེགས་སྡིག་སྤྱོད་དམངས་ཀྱི་རིགས་རྣམས་ལ་བསྐུར་བར་མི་བྱ་སྟེ༔ དེའི་མངའ་ཐང་རྒྱས་ནས་སངས་རྒྱས་ཀྱི་བསྟན་པ་སྣུབ་པར་བྱེད་པས་ཤིན་ཏུ་ཡང་མི་རུང་ངོ་༔ གཉིས་པ་རྟེན་ཅིང་འབྲེལ་བའི་རྫས་བསག་པ་ནི༔ དུས་དང་༔ ཆོས་དང་༔ གཟའ་སྐར་བཟང་པོ་བཀྲ་ཤིས་པའི་གནས་སུ༔ སྨན་དང་རིན་པོ་ཆེས་འབྱུང་བ་ལྔའི་དབྱིབས་དང་ས་བོན་བྲིས་ཏེ༔ ལྷ་ཀླུ་མི་དང་སྡེ་བརྒྱད་དྲེགས་པ་ཅན་གྱི་སྲོག་གི་ཡི་གེ་གྲོག་འམ་ཤོག ཤོག་ཤིང་ཤུན་ལ་བྲིས་ཏེ༔ དེའི་སྟེང་དུ་གདིང་༔ རཏྣའི་ཁྲི་དང་༔ བཀྲ་ཤིས་པར་བྱེད་པའི་གདན་རིམ་པ་གསུམ་དང་༔ བདུན་དང་༔ བཅུ་གསུམ་སྐབས་དང་སྦྱར་ཏེ་གདིང་ངོ་༔ ཕྱོགས་བཞིར་རྡོ་


RTZ051_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྒྱ་གྲམ་གྱི་རྒྱ་བཏབ༔ དབུས་སུ་རྡོ་རྗེའི་གདན་བཀྲ་ཤིས་པའི་རྫས་བཞི་ལ༔ དུང་དང་རྒྱལ་མཚན༔ དར་དང་རྔ་ཆེ་བོའི་རྟགས་དྲུག་ལ༔ རིན་པོ་ཆེའི་གཙུག་གཏོར༔ དར་མེད་སྣ་ལྔའི་ཐོད༔ དར་དཀར་གྱི་ལེའུ༔ ཟབ་ཆེན་གྱི་བེར༔ གསེར་གྱི་སྐ་རགས༔ ཞབས་ལྷ་མ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ༔ ཅི་འདོད་ལོངས་སྤྱོད་ཀྱི་དབང་བསྐུར་བའི་རྫས་ལ༔ ཚངས་པའི་འཇིག་རྟེན་དང་༔ སྲོག་གི་ཡི་གེ་རང་གནས་སུ་བསྐོར་བ་མཐིང་ཤོག་ལ་རིན་པོ་ཆེས་བྲིས་པ༔ གཞན་ཡང་བཀྲ་ཤིས་པའི་རྫས་མང་པོ་དང་བཅས་པ་བསམ་མོ༔ མངའ་གསོལ་དངོས་ནི༔ བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བའི་རྒྱ་བུ་དེ་གཙང་མའི་ཁྲུས་ཀྱིས་དག་པར་སྦྱངས་ཏེ༔ སློབ་དཔོན་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་དུ་གསལ་བས༔ བགེགས་བསྐྲད༔ སྣོད་བཅུད་ཐམས་ཅད་སྒྱུ་མར་སྦྱང་༔ རྒྱལ་པོ་ཡིག་འབྲུ་ཨ་ལ་ནྲི་ཡིག་འབྲུ་བརྒྱད་ཀྱིས་བསྐོར་བ་བཀྲག་མདངས་དང་ལྡན་པར་བསམ༔ དེ་ལས་འོད་འཕྲོས་པས་རྒྱལ་པོ་རང་གི་ཆ་བྱད་ལ་སྤྱི་བོར་འཕགས་པ་འཇམ་དཔལ༔ མགྲིན་པར་ཐུགས་རྗེ་ཆེན་པོ༔ ཐུགས་ཀར་ཕྱག་ན་རྡོ་རྗེ༔ བྱང་ཆུབ་སེམས་དཔའ་གསུམ་གྱིས་ཕྲོ་བྲང་གནས་པར་བསྒྲོམ༔ ཞབས་ལ་མངའ་གསོལ་བ་ནི༔ ཧཱུཾ༔འཇིག་རྟེན་གཡོ་བ་འབྱུང་བའི་དཀྱིལ་འཁོར་ལ༔ མི་གཡོ་བརྟན་པར་བྱེད་པའི་རྒྱ་གྲམ་


RTZ051_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། ཆོས་སྐྱོང་རྒྱལ་པོའི་ཞབས་འདི་གསོལ་བས༔ ཁམས་གསུམ་དྲིལ་གྱིས་གནོད་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་གརྦྷེ་ལམ་ཨ་བྷི་ཥིཉྩ་ཧཱུཾ༔ ཧཱུཾ༔ དར་དཀར་ལྷ་ཡི་པཉྩ་ལི་ཀཱ་འདི༔ ཐུགས་རྗེ་ཆེན་པོ་སྐུ་ཡིན་བཟར་གསོལ༔ རྟག་ཏུ་བྱང་ཆུབ་སེམས་དང་ལྡན་པ་ཡིས༔ དགེ་བཅུ་དཀར་པོའི་ཆོས་ལ་སྦྱོད་པར་ཤོག༔ ཛྙཱ་ན་བི་ཤུདྡྷེ་ཨ་བྷི་ཥིཉྩ་ཧཱུཾ༔ ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་ཅིང་༔ འགྲོ་དྲུག་ཐུགས་རྗེས་བཟུང་ཞིང་གཞན་དོན་མཛད༔ བརྡ་དོན་མཚོན་པའི་གསེར་གྱི་སྐུ་རགས་འདི༔ ཐུགས་རྗེས་ནན་གྱིས་ཆིངས་པ་གཞན་དོན་མཛོད༔ དྷརྨ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ༔ ཧཱུཾ༔ བཀྲ་ཤིས་ལོངས་སྤྱོད་སྣ་ཚོགས་མཚོན་པའི་བརྡ༔ ཟབ་ཆེན་བེར་འདི་སྐུ་ལ་གསོལ་བ་ཡིས༔ ཅི་འདོད་ཕུན་སུམ་ཚོགས་པའི་གཏེར་འཇོམས་ནས༔ འགྲོ་རྣམས་དབུལ་ཕོངས་སྡུག་བསྔལ་སེལ་བར་ཤོག༔ ནཱ་ག་ཨ་བྷྱ་ལི་ཨ་བྷི་ཥིཉྩ་ཧཱུཾ༔ དེ་ནས་སྨོན་ལམ་རྣམ་པར་དག་པ་གདབ༔ རོལ་མོའི་སྒྲ་སྒྲོགས་བཀྲ་ཤིས་བརྗོད༔ རྒྱལ་པོ་རཏྟའི་ཁྲིལ་བཞུགས༔ ཧཱུཾ༔ ཁམས་གསུམ་ཟིལ་གྱིས་གནོད་པའི་རཏྟའི་གདན༔ དབང་ཆེན་འཕྱུང་བ་ལྔ་ཡི་དཀྱིལ་འཁོར་འདིར༔ ཆོས་སྐྱོང་རྒྱལ་པོས་མཐའ་དང་དབུས་ནོད་ཏེ༔ སྲིད་པ་ཆ་སྙོམས་བདེ་སྐྱིད་ལྡན་པར་ཤོག༔


RTZ051_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཡཾ་བཾ་སུཾ་ལཾ་རཏྟ་མཎྜལ་ནན་ཨ་བྷི་ཥིཉྩ་ཧཱུཾ༔ དེ་ནས་རྒྱལ་པོའིདབུས་ཐོད་གསོལ་ཏེ༔ ཧཱུཾ༔ འབྱུང་བ་ལྔ་ཡི་དྭངས་མ་ཁ་དོག་ལྔ༔ རང་གསལ་འོད་ཀྱི་དྭངས་མ་དར་གྱི་ཐོད༔ རིན་ཆེན་འབར་བའི་དབྱིབས་སུ་གསོལ་བ་ཡིས༔ ཀུན་གྱིས་ཐོད་བཞིན་བསྐུར་ཞིང་བཀའ་ཉན་ཤོག༔ ཨོཾ་ཨཱཿཧཱུ་ཨ་བྷི་ཥིཉྩ་ཧཱུཾ༔ ཧཱུཾ༔ ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་འདི༔ ཆོས་སྐྱོང་རྒྱལ་པོའི་སྤྱི་བོར་བཞུགས་པ་ཡིས༔ སེམས་ཅན་ཐམས་ཅད་བསམ་པའི་དོན་འགྲུབ་ནས༔ རྒྱལ་པོས་ཀུན་ལ་ཅི་འདོད་སྦྱིན་པར་ཤོག༔ དྷ་ན་རཏྣ་ཨ་བྷི་ཥིཉྩ་ཧཱུཾ༔ ཚངས་པའི་འཇིག་རྟེན་སྲོག་གི་ཡི་གེས་བསྐོར༔ ཆོས་སྐྱོང་རྒྱལ་པོའི་ཕྱག་ཏུ་ཕུལ་བ་ཡིས༔ བསོད་ནམས་ལོངས་སྤྱོད་མངའ་བྲང་རྒྱས་པར་འགྱུར༔ སྟོང་གསུམ་ཟིལ་གནོད་རྒྱལ་པོར་དབང་བསྐུར་རོ༔ རཏྣ་སིདྡྷི་ཛཿཛཿཨཱ་བྷི་ཥིཉྩ༔ དེ་ནས་བཀྲ་ཤིས་པའི་རྫས་ཀྱིས་མངའ་དབུལ་བ་ནི༔ ཧཱུཾ༔ ནོར་བུ་དུང་ཆེན་གཡས་སུ་འཁྱིལ་བ་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ ཁམས་གསུམ་ཐམས་ཅད་ཆོས་ཀྱི་སྒྲ་ཡིས་གང་༔ སེམས་ཅན་ཐམས་ཅད་དགེ་བཅུ་སྤྱོད་པར་ཤོག༔ ཧཱུཾ༔ རྔ་ཆེན་རོལ་མོ་སྙན་པའི་སྒྲ་ཆེན་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ འཇིག་རྟེན་ཆོས་ཀྱི་སྒྲ་ཡིས་གང་ནས་ཀྱང་༔ སྙན་


RTZ051_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ནམ་མཁའི་འབྲུག་ལྟར་སྒྲོག་པར་ཤོག༔ ཧཱུཾ༔ མི་ནུབ་རྒྱལ་མཚན་བསྟན་པའི་སྲོག་ཤིང་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔ བླ་མེད་ཆོས་ཀྱི་རྒྱལ་མཚན་བསྐྲེང་པར་ཤོག༔ ཧཱུཾ༔ ཁམས་གསུམ་དབང་སྡུད་དར་གྱི་འཕན་ཕྲན་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ རྒྱལ་པོའི་མངའ་ཐང་བསོད་ནམས་དར་ཞིང་རྒྱས༔ སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པར་ཤོག༔ ཅེས་བརྗོད་དོ༔ དེ་ནས་བཀྲ་ཤིས་པར་བྱེད་པའི་རྫས་དང་ཚིགས་སུ་བཅད་པ་གཞན་ཡང་བརྗོད༔ སེམས་བསྐྱེད་དང་ཁ་བརྡ་བཟང་ཞིང་རྒྱ་ཆེ་བ་མང་དུ་བསྒྲིག༔ རིག་པར་ངར་བསྐྱེད༔ རྟེན་འབྲེལ་གནད་ཡིན་ཏེ༔ བརྟུལ་ཞུགས་དང་སེམས་ཀྱི་དཔལ་བསྐྱེད་དོ༔ དེའི་དུས་སུ་རྒྱལ་པོ་ཐེག་པ་ཆེན་པོའི་དབང་གི་སྨིན་པར་བྱ་སྟེ༔ རྣལ་འབྱོར་ཕྱིའི་དབང་བསྐུར་ན་རྒྱལ་ཁམས་སུ་རྒྱུའི་ཆོས་དར་བར་འགྱུར༔ གསང་སྔགས་ནང་གི་དབང་སྐུར་ན༔ ཡང་དག་འབྲས་བུའི་ཆོས་དར་བར་འགྱུར་རོ༔ མཇུག་གི་བྱ་བ་ནི༔ རྒྱལ་པོའི་བཀའ་རྟགས་ཀྱི་ནོར་བུ་དྲུག༔ རིན་པོ་ཆེ་སྲོག་གི་སྙིང་པོ༔ རིན་པོ་ཆེའི་ཕྲེང་བ་དང་བཅས་ཏེ་རྒྱལ་པོའི་ཕོ་བྲང་དུ་བཞུགས་ཏེ༔ ཆོས་སྐྱོང་རྒྱལ་པོ་མ་ཡིན་པ་དམངས་ཀྱིས་ལོངས་སྤྱད་པར་མི་བྱ༔ དུས་རྒྱུན་


RTZ051_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ། མངའ་དབང་རིན་པོ་ཆེ་འབར་བ་འདིས་རྒྱལ་གྱི་ཟླ་བ་ཤར་བའི་ཚེ། ལོ་རེ་བཞིན་རྒྱལ་པོ་ལ་མངའ་གསོལ་ལོ༔ རྒྱལ་པོ་ལ་མངའ་གསོལ་བའི་མངའ་དབང་རིན་པོ་ཆེ་འབར་བ་འདི༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་འབྱུང་པོ་འདུས་བྱེད་ཀྱི་རྒྱུད་ནས་བཏུས་ནས༔ གུང་ཐང་རྒལ་པོའི་དོན་དུ་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནུས་ཟངས་མཛོད་དམར་པོར་སྦས་ཏེ་བཞག་གོ༔ གཏེར་བདག་གཉན་ཆེན་ཐང་ལྷ་ལ་བཅོལ་ལོ༔ བྲག་ཏི་དུག་སྤྲུལ་སྤུངས་འདྲའི་སྐེད་བསེ་སྒྲོམ་སྨུག་པོའི་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ༔ མན་ངག་གསང་བའི་འཕྱངས་དྲུག་བཞུགས་སོ༔ ཟངས་མཛོད༔ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས༔ རབ་གནས་མངའ་གསོལ་མཛད་པའི་དུས་སུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མངའ་བདག་འདི་སྐད་ཅེས་གསུངས་སོ༔ རྒྱལ་པོ་ཆེན་པོ་དུས་ཉིན་གཅིག་ལ་དུས་རིང་པོའི་བདེ་སྡུག་འབྱུང་བས༔ རྒྱན་དང་བཀའ་རྟགས་སྐུ་ལ་ལེགས་པར་གསོལ༔ བོད་ཀྱི་རྒྱལ་ཁམས་བདེ་སྐྱིད་ལྡན་པའི་ཐུགས་དགོངས་བཟང་པོ་མཛོད་ཅིག་གསུངས་སོ༔ རྒྱལ་པོས་དབུལ་དར་སྣ་ལྔའི་ཐོད་བཅིངས༔ སྐུར་དར་དཀར་གྱི་ལའུ་ལ་


RTZ051_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་སྐ་རགས་བཅིངས༔ ཕྱིན་ཟབ་ཆེན་གྱི་བེར་གཡང་ལུགས་སུ་གསོལ༔ ཞབས་ལྷྭམ་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་བསྣམས༔ ཕྱག་ཏུ་གསེར་གྱི་བུམ་པ་རཏྣ་ལྔས་བཀང་བ་ཞིག་བསྣམས་བྱོན་པས༔ མཁན་པོ་བོ་དྷི་ས་ཏྭ་དང་༔ སློབ་དཔོན་པདྨ་འབྱུང་གནས་གཉིས་བཀྲ་ཤིས་གསོལ་བླ་ཕེབས་པས༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་ནས༔ རྒྱལ་པོ་ཆེན་པོ༔ ཕྱིའི་རྟེན་ཅིང་འབྲེལ་བ་ཤིན་ཏུ་ལེགས༔ ད་ནང་ཐུགས་ཀྱི་དགོངས་པ་ཇི་ལྟར་ལགས༔ གསུང་ངོ༔ མངའ་བདག་གིས་འདི་སྐད་ཅེས་ཞུས་སོ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདག་ཆོས་སྐྱོང་བའི་རྒྱལ་པོ་ལགས༔ བོད་ཀྱི་རྒྱལ་ཁམས་སུ་ཆོས་ཀྱི་སྲོལ་འཛུགས་པར་ཞུ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཉོན་ཅིག་མངའ་བདག་བོད་ཀྱི་རྗེ༔ རྒྱལ་པོའི་བར་ཆད་བསྲུང་པའི་ཕྱིར༔ མན་ངག་གསང་བའི་འཕྱངས་དྲུག་བསྟན༔ བསོད་ནམས་ཚོགས་གཉིས་བསགས་པ་ཡིས༔ ཆོས་སྐྱོང་རྒྱལ་པོར་སྐྱེ་བ་བླངས༔ ཟབ་མོའི་མན་ངག་དྲུག་བསྟན་ནས༔ ཁྱེད་ཀྱི་རྒྱལ་སྲིད་སྐྱོང་བར་འགྱུར༔ ལས་ཀྱི་རྒྱུ་འབྲས་མ་ཤེས་ན༔ ཆོས་སྐྱོང་རྒྱལ་པོ་མ་ལགས་སོ༔ དེ་ཕྱིར་རྒྱུ་འབྲས་འདོར་ལེན་བྱ༔ བར་ཆད་བགེགས་རྣམས་མ་བསྒྲལ་ན༔ མངའ་ཐང་ཡུན་དུ་མི་འབྱུང་བས༔ དེ་ཕྱིར་རྡོ་རྗེ་ཕུར་བུ་བསྒྲུབ༔ མངའ་ཙོལ་བྱིན་དབབ་


RTZ051_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤེས་ན༔ མངའ་དབང་མཐའ་ནས་མི་རྒྱས་པས༔ དེ་ཕྱིར་དབང་གི་རྒྱལ་པོ་གསོལ༔ ཆོས་ཁྲིམས་ལེགས་པར་མ་བྱས་ན༔ འཆོལ་བུར་སྤྱད་པས་རྒྱལ་ཁམས་ཕུང་༔ དེ་ཕྱིར་ཤཱཀྱའི་བསྟན་པ་བཟུང་༔ བློན་པོ་ཐབས་ལ་མི་མཁས་ན༔ ཕྱི་ནང་གཉིས་ཀྱི་སྲིད་ལ་གནོད༔ དེ་ཕྱིར་བློན་པོའི་བསྐོས་ལ་གཟབ༔ ལེགས་གྲོས་རང་གིས་མ་བཏབ་ན༔ ཕྱོགས་འཛིན་གྲོགས་ཀྱིས་ཆབ་སྲིད་བཤིག༔ དེ་ཕྱིར་འདུན་མ་རང་གིས་སྤྱད༔ རྒྱལ་པོ་ཁྱེད་ཀྱི་རྟགས་དྲུག་ལ༔ བདག་གི་མན་ངག་དྲུག་ལྡན་ན༔ བཀྲ་ཤིས་བདེ་ལེགས་ཡུན་དུ་འབྱུང་༔ ཞེས་གསུངས་སོ༔ གུ་རུའི་ཞལ་ནས༔ རྗེ་རྒྱལ་པོ་ལགས༔ ཉིད་ཀྱི་ཆ་ལུགས་དང་རྟགས་འདི་རྣམས༔ སྔོན་གྱི་ཡབ་མེས་རྣམས་ཀྱིས་གསུངས་ལགས་སམ༔ སླར་རྟེན་འབྲེལ་ལ་དགོངས་པ་ལགས་གསུངས་སོ༔ མངའ་བདག་གི་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདག་གི་ཡབ་ཁྲི་སྡེ་གཙུག་བརྟན་ཕོ་བྲང་བྲག་དམར་ན་ཞུགས་པའི་མན་ལ་ལམ་དུ༔ ཁྱེའུ་དར་དཀར་གྱི་ལའུ་གོ་ན་པ༔ རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་བྱུང་ནས༔ ཀྱེ་བདག་ནི་ལྷ་དབང་བརྒྱ་བྱིན་ལགས༔ ཕྱི་མའི་ལོ་ཡི་དུས་ཚོད་ན༔ རྒྱལ་པོ་ཁྱེད་ལ་སྲས་གཅིག་བཙའ༔ བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན༔ སྔོན་


RTZ051_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འོད་གསལ་ལྷ་ཡི་རྒྱུད༔ ནོར་བུ་འདི་ནི་སྤྱི་བོར་ཞོག༔ སེམས་ཅན་སྡུག་བསྔལ་སེལ་བའི་རྟགས༔ སྣ་ཚོགས་དག་པའི་ཐོད་འདི་གསོལ༔ ཀུན་གྱིས་སྤྱི་བོར་འཁུང་བའི་རྟགས༔ པཉྩ་ལི་ཀཱ་སྐུ་ལ་གསོལ༔ ཆོས་སྐྱོང་རྒྱལ་པོ་ཡིན་པའི་རྟགས༔ ལྷ་ཡི་བཀའ་རྟགས་གསུམ་བཅངས་པས༔ ཁྱོད་ཀྱི་མངའ་ཐང་རྒྱས་པར་འགྱུར༔ ཅེས་རིན་པོ་ཆེ་དོག་ལྔ་འབར་བ་གཅིག་དང་༔ དར་སྣ་ལྔའི་ཐོད་རྒྱ་གསུམ་བཏབ་པ་དེ་ཡང་རིན་པོ་ཆེ་འབར་བའི་དབྱིངས་སུ་ཡོད་པ༔ དར་དཀར་ཀྱི་ལའུ་དང་བཅས་པ་གཏང་ནས༔ བར་སྣང་འཇའ་ཚོན་དུ་ཁད་དེ་འདུག་པའི་སྣལ་ཆིབས་ཏེ་བཞུད་དོ༔ ཡུམ་གྱི་མ་ཤང་ཨོང་ཇོའི་མནལ་ལམ་དུ༔ ཁྱེའུ་ཆུང་རིན་པོ་ཆེའི་རྒྱན་དང་༔ སྦྲུལ་གྱི་རལ་པ་ཤིག་གི་ཡོད་པ་ཞིག་བྱུང་ནས༔ བདག་ནི་ཀླུ་རྒྱལ་མགྲིན་བཟང་ལགས༔ ཕྱི་མའི་ལོ་ཡི་དུས་ཚོད་ན༔ བྱང་ཆུབ་སེམས་དཔའི་སྤྲུལ་པ་འཁྲུངས༔ ནཱ་ག་ཛཱ་ལི་ཞེས་བྱ་བ༔ སྐུ་ལ་ན་བཟའ་འདི་གསོལ་ཅིག༔ རཏྣའི་ཁང་བུ་ཁ་ཕྱེ་ལྟར༔ ཅི་འདོད་དངོས་གྲུབ་འབྱུང་བའི་རྟགས༔ ཞབས་ལས་ནོད་རྟགས་འདི་ཆོངས༔ རྒྱལ་ཁམས་མཐའ་དབུས་ནོན་པའི་རྟགས༔ རྟགས་འདི་ཆོངས་ཤིག་ཅི་བསམ་འགྲུབ༔ ཅེས་ཟ་འོག་ལྟ་བུའི་བེར་གཅིག་དང་༔ ཟབ་ལྷྭམ་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་རྩ་བ་མཚན་པ་ཞིག་གཏད་པ་རྨིའོ༔


RTZ051_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཕྱི་མའི་ལོ་དུས་ན་བལྟམས་པས་ཡབ་ཡུམ་གྱི་མན་ལ་ལམ་དང་མཐུན་པའི་རྟགས་རྣམས་ལོ་བཅུ་གསུམ་ལོན་པའི་ཆོ་རྒྱལ་སང་བཏོན་ནས་གཏད་པ་ལགས༔ བདག་ལོ་ཉི་ཤུ་ལོན་པའི་ཆོ་རྒྱ་གར་དུ་གཉགས་ཛྙཱ་ན་ཀུ་མཱ་རལ་གསེར་ཕྱེ་བྲེ་གང་དང་བཅས་པ་བསྐུར་བཏང་བས༔ རྒྱ་གར་རྒྱལ་པོས་བདག་ལ་གསེར་གྱི་སྐ་རགས་འདི་དང་༔ བོད་ཀྱི་རྒྱལ་པོ་ཐུགས་དགེ་བ་ཁོ་ན་ལ་འགྱུར་བར་མཚར་ཆེ༔ སྐུ་རགས་འདི་ཆིངས་ལ་འགྲོ་དོན་ལ་བརྩོན་པར་མཛོད༔ བྱ་བའི་ཡི་གེ་བྱུང་བ་ལགས༔ བུམ་པ་རྫས་དང་བཅས་པ་འདི་ནི་བདག་གི་བཀྲ་ཤིས་ཀྱི་རྟེན་འབྲེལ་ལགས་སོ༔ ཞེས་ཞུས་པས་ཤིན་ཏུ་དགྱེས་ཏེ་རྒྱལ་པོའི་རྟགས་དྲུག་དང་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་མཐུན་པར་བྱུང་ནས༔ ཆོས་སྐྱོང་རྒྱལ་པོ་མངའ་བསྐྱེད་པའི་མངའ་དབང་རིན་པོ་ཆེ་འབར་བ་མཛད་ནས་རྒྱལ་པོ་ལ་དབང་བསྐུར་རོ༔ དེ་ནས་བསམ་ཡས་སུ་ལོ་པཎ་སྤྱན་དྲངས༔ དམ་པའི་ཆོས་མང་པོ་བསྒྱུར༔ མངའ་བདག་གི་ཐུགས་དགོངས་རྫོགས་ནས༔ སློབ་དཔོན་པདྨ་འབྱུང་གནས་དང་༔ མཁན་པོ་བོདྡྷིས་ཏྭ་གཤེགས་པར་བྱས་པ་ལ༔ རྒྱལ་པོས་གསེར་གྱི་མཎྜལ་ཕུལ་ཕྱག་དང་བསྐོར་བ་བྱས་ཏེ་ཞུས་པ་ནི༔ ཀྱེ༔ སློབ་དཔོན་ཆེན་པོ་ལགས༔ བདེ་བ་གཤེགས་པའི་ཐུགས་ཀྱི་སྲས༔ དུས་གསུམ་མ་འགགས་ལ་ལེར་གཟིགས༔


RTZ051_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱའི་གདུང་གསོབ་བསྟན་པ་འཛིན༔ བོད་ཀྱི་མུན་སེལ་བཀའ་དྲིན་ཅན༔ ཁྱེད་ལ་གུས་པས་ཕྱག་འཚལ་ལོ༔ སླབ་དཔོན་ཆེན་པོ༔ བདག་ཅག་མངའ་རིས་བོད་ཀྱི་རྒྱལ་ཁམས་འདིར༔ བདག་གི་རྒྱལ་རྒྱུད་དང་བོད་འབངས་ཡོངས་ལ༔ དུས་འདི་ནས་ལྔ་བརྒྱ་ཐ་མའི་བར༔ བདེ་སྡུག་ཇི་ལྟར་མཆིས་ལགས༔ བདག་གི་དོན་དུ་བསྒྱུར་བའི་ཕྱི་ནང་ཟབ་མོའི་འདི་རྣམས་ཀྱིས་འགྲོ་དོན་ཇི་ཙམ་ནུས་ལགས་སམ༔ ཞེས་ཞུས་པས༔ ཉིད་ཀྱི་ཐུགས་དགོངས་བཟང་པོས་བོད་མུན་པ་དང་འདྲ་བ་དཀར་པོར་བྱས་པའི་ཕྱིར༔ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས༔ རྒྱ་བོད་ཀྱི་ལོ་པཎ་མང་པོ་སྤྱན་དྲངས༔ ཐེག་པ་རིམ་པ་དགུའི་ཆོས་དར་ཞིང་རྒྱས་པར་མཛད༔ ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར༔ སྨོན་ལམ་རྣམ་པར་དག་པས་བོད་ཁམས་ཐམས་ཅད་བདེ་ཞིང་སྐྱིད་དོ༔ ཉིད་ནས་གདུང་རབས་བཞིའི་བར་དུ་སངས་རྒྱས་ཀྱི་བསྟན་པ་དང་རྒྱལ་པོའི་མངའ་ཐང་གཉིས་དང་ཞིང་རྒྱས་པར་འགྱུར་རོ༔ བོད་འདི་མཐའ་འཁོར་གྱི་མི་ཤིན་ཏུ་ཅོལ་ཆུང་༔ གསར་འགྲོགས་ཆེ༔ བསམ་པར་པོ་འགྱུར་ཤིན་རུ་མང་༔ དེའི་དབང་གིས་བདེ་བ་བས་སྡུག་བསྔལ་ཤས་ཆེལ་སྤྱོད་པར་འགྱུར་རོ༔ ད་སྟེ་གདུང་རབས་བཞི་སོང་བ་དང་༔ ཉིད་ཀྱི་རྒྱལ་


RTZ051_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་བདུད་ཀྱི་སྤྲུལ་པ་གཅིག་འབྱུང་སྟེ༔ བསྟན་པ་ཐམས་ཅད་བསྒྲུབ་པར་འགྱུར་རོ༔ ཉིད་ཀྱི་ཐུགས་དམ་ཆོས་ཟབ་མོ་འདི་རྣམས་བོད་ལས་ཅན་འགའ་དང་འགའག་ཡིས་སྤྱད་ནས་འགྲོ་བ་མང་པོ་བྱང་ཆུབ་ཐོབ་པར་འགྱུར༔ ཉིད་ཀྱི་གདུང་བརྒྱུད་རྣམས་ཀྱང་ཆ་ལུགས་དང་སྤྱོད་པ་འགྱུར་ཏེ༔ ཕལ་ཆེ་དམངས་སུ་བབ༔ འོན་ཀྱང་མངའ་ཐང་བག་ཙམ་སྐྱོང་བའི་རྒྱལ་ཕྱན་མངའ་རིས་སྟོད་དུ་དར་བར་འགྱུར༔ ཞེས་གསུངས་སོ༔ ཡང་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ ཉིད་དུས་གསུམ་མཁྱེན་པའི་ཐུགས་རྗེ་མངའ་བ་ལགས་པས༔ དུས་སྙིགས་མའི་དུས་སུ༔ བདག་གི་རྒྱལ་བརྒྱུད་རྣམས་ལ་ཟབ་མོའི་ཆོས་འདི་དང་འཕྲད་ནས་རྒྱལ་སྲིད་སྐྱོང་ཞིང་༔ སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱེད་ནུས་པ། བོད་འབངས་ཐམས་ཅད་བདེ་སྐྱིད་དང་ལྡན་པའི་སྨོན་ལམ་དང་༔ རྟེན་འབྲེལ་ཟབ་མོས་མ་འོངས་པའི་སེམས་ཅན་ཐུགས་རྗེས་གཞིགས་ནས་བདག་ལ་ཞལ་ཆེམས་སུ་གནང་བར་ཞུ་ཞུས་པས༔ བཀའ་སྩལ་པ༔ ཉོན་གཅིག་མངའ་བདར་རྒྱལ་པོ་རྗེ༔ ནུས་ངན་སྙིགས་མ་ཤར་ཙ་ན༔ བོད་ཁམས་འགོང་པོས་དབང་བསྒྱུར་པས༔ ང་ཡིས་བཀའ་བཞིན་བྱེད་ཉུང་༔ འོན་ཀྱང་མང་ཡུལ་གུང་ཐང་དུ༔ ཆོས་སྐྱོང་རྒྱལ་པོའི་གདུང་བརྒྱུད་འབྱུང་༔ རྒྱལ་པོའི་མངའ་ཐང་རྒྱས་པའི་ཕྱིད༔


RTZ051_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་དབང་རིན་ཆེན་འབར་བ་བཞག༔ རྒྱལ་པོའི་སྐུ་ཚེ་བསྲིང་པའི་ཕྱིར༔ ཚ་སྒྲུབ་ལྕགས་ཀྱི་སྡོང་པོ་བཞག༔ རྒྱལ་པོའི་དགྲ་བགེགས་འདུས་པའི་ཕྱིར༔ དྲག་པོ་སྔགས་ཀྱི་གྲེང་བ་ཡོད༔ སངས་རྒྱས་བསྟན་པ་དར་བྱའི་ཕྱིར༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ཡོད༔ རྒྱལ་པོའི་སྡུག་བསྔལ་བསལ་བའི་ཕྱིར༔ དུས་ལྔར་གྲོལ་མན་ངག་ཡོད༔ ནམ་ཞིག་བོད་ཀྱི་བསྟན་པ་འདི༔ དུ་རུ་ལྐ་ཡི་དམག་གིས་འཇིག༔ དེ་ཕྱིར་སྦས་ཡུལ་བཙལ་ཐབས་ཡོད༔ ང་ཡི་མན་ངག་འདི་རྣམས་ཀྱང་༔ ནམ་ཞིག་བོད་ལ་དགོས་པའི་ཕྱིར༔ ཉི་མ་ནུབ་བྱང་མཚམས་ཤེང་ན༔ བྲག་རི་དུས་སྦྲུལ་སྤུངས་འདྲ་ཡོད༔ དྲག་པོའི་གནས་བརྒྱད་གཏེར་དུ་སྦེད༔ འོ་སྐལ་འདིར་ཚོགས་ཐམས་ཅད་ཀྱིས༔ སྨོན་ལམ་རྣམ་དག་རེ་རེ་ཐོབ༔ སྙིང་ཐིག་ཞལ་ཆེམས་རེ་རེ་ཞོག༔ ལས་དང་སྨོན་ལམ་འཕྲོ་མཐུད་ནས༔ ཐུགས་རྗེའི་གདུལ་བྱ་མཐའ་རྒྱས་འགྱུར༔ ལན་གཅིག་བོད་ཁམས་བདེ་ཞིང་སྐྱིད༔ གཏེར་བདག་མཐུ་ཆེན་སྡེ་བཞི་ཡིས༔ ང་ཡིས་བཀའ་འདི་ལེགས་པར་སྲུངས༔ ལས་ཅན་བྱུང་ཚེ་གཏད་པར་གྱིས༔ ཅེས་གསུངས་སོ༔ རྒྱ་རྒྱ་རྒྱ༔ བྱང་ཟང་ལྟ་བྲག་གི་རྐེད་ནུས་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏོན་པའོ། ། ཆོས་ཁྲིམས་བསྟན་པའི་སྒྲོན་མེ་བཞུགས།


RTZ051_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ༔ བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ཆོས་སྐྱོང་བའི་ཁྲི་སྲོང་བཙན་སྐུ་འཁྲུངས་ནས་ལོ་བཅུ་གསུམ་ལོན་ནས་རྒྱལ་ས་བཟུང་༔ ལོ་བཅོ་བརྒྱད་པ་ལ་ཐུགས་དགོངས་བཟང་པོ་འཁྲུངས༔ དགུངས་ལོ་ཉེར་གཅིག་ལོན་ནས་དཔལ་བསམ་ཡས་བཞེངས༔ ཉེར་ལྔ་ལོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ༔ ཐོ་རངས་རྨི་ལམ་དུ་ཁྱེའུ་དར་དཀར་ལའུ་གྱོན༔ རིན་པོ་ཆེའི་རྒྱན་མང་པོས་བརྒྱན་ཞིག་འོངས་ནས༔ ཨ་ཧོ་བསོད་ནམས་ལྡན་པའི་སྐྱེས་བུ་ཉོན༔ མུན་པའི་ནང་དུ་ཉི་མ་ཤར༔ བོད་འབངས་བྱོལ་སོང་རིག་ཡིན་པས༔ ཁྱེད་ཀྱིས་ཆོས་ལ་གཟུང་པ་ལེགས༔ བྱོལ་ཉོག་གང་དགའ་བཏང་སྙོམས་འདི༔ ཀུན་གྱི་བར་ཆད་འཁོར་བའི་བཞི༔ ཆོས་ཁྲིམས་བཙུགས་ན་དགེ་བ་དར༔ ཁྱོད་ཀྱིས་བོད་ཀྱི་མུན་པ་ཕྱེ༔ ང་ཡིས་ལྷ་ཡི་ལེ་ལོ་བསྐུལ༔ འོག་མིན་གནས་སུ་མཇལ་བར་སྨོན༔ ཅེས་བར་སྣང་འཇའ་ཚོན་དུ་ཤིག་གེ་འདུག་པའི་གསེབ་ཏུ་ཐིམ་སོང་བ་དང་༔ མན་ལ་སད་ནས་ཉམས་དགའ་ཡལ་ལེ་འདུག་པས༔ ད་ཆོས་ཁྲིམས་འཛུགས་དགོས་དགོངས་ཏེ་ཐམས་ཅད་དགེ་བ་སྤྱོད་དུ་བཙུད་ན་ལེགས་ཏེ༔ སྐྱེ་བཔ་ལས་ངན་བསགས་པ་ཆོས་ལ་བློ་མི་འཇུག༔ བློ་མར་དུ་ཉལ་ན་མཐའི་དགྲ་མི་ཐུལ་ཇི་ལྟར་བྱ་དགོངས་


RTZ051_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཆོས་ཁྲིམས་རྒྱ་གར་ན་དར་བ་ཡིན༔ ང་ལ་རྒྱ་བོད་མཁས་པ་ལོ་པཎ་འདི་ཙམ་བླ་མཆོད་དུ་ཡོད་པས༔ ལེགས་པར་བཀའ་གྲོས་ཞུ་དགོངས་ཏེ༔ གཙུག་ལག་ཁང་ན་ལོ་པཎ་བཞུགས་པའི་སྤྱན་སྔར་གཤེགས་ཏེ༔ གསེར་གྱི་མཎྜལ་རེ་ཕུལ་ནས་ཞུས་པ༔ ཀྱེ་རྒྱ་བོད་མཁས་པའི་ལོ་པཎ་རྣམས༔ བོད་ཡུལ་དཀར་པོར་བསྒྱུར་པའི་ཕྱིར༔ ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུ༔ མཐའ་འཁོར་བོད་འདི་ཆོས་ལ་གནག༔ སྔོན་ལ་བདག་གི་ཆོས་ཁྲིམས་འཛུགས༔ རྒྱ་གར་ཆོས་ཁྲིམས་དར་སན༔ ཁྲིམས་ཀྱི་དཔེ་སྲོལ་ཇི་ལྟར་བ་དོག༔ ཁྲིམས་འདས་ཉེས་པ་ཇི་ལྟར་དབབ༔ ཆོས་ཕྱེད་དགྲ་བྱང་འདུལ་པའི་ཐབས༔ བདག་ལ་ལེགས་པར་གསུང་བར་ཞུ༔ ཞེས་ཞུས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་ལེ་ལས༔ གླེང་གཞིའི་ལེའུ་སྟེ་དང་པའོ༔ དེ་ན་བོ་དྷི་སྭཱ་ཏྭ་དང་༔ པདྨ་འབྱུང་གནས་ཀྱི་དབུ་མཛད་པའི་རྒྱ་བོད་ཀྱི་ལོ་པཎ་ཐམས་ཅད་བཀའ་བགྲོས་ཏེ༔ རྒྱལ་པོ་འདིར་ངོ་མཚར་ཆེ་སྟེ༔ བློན་པོ་ཆོས་ལ་གནག་པས༔ རྒྱ་གར་ཟ་ཧོར་ཁ་ཆེར་ཨོ་རྒྱན་ལི་ཡུལ་ཐམས་ཅད་ན༔ ཆོས་ཁྲིམས་བཅའ་ལུགས་དཔེ་འདྲ་བ་ལ༔ རང་རང་གི་མིའི་རིགས་དང་སྦྱར་བ་རེ་འདུག༔ བོད་འདི་མཐའ་འཁོབ་བ་བྱོལ་སོང་གི་བག་ཆགས་ཤས་ཆེ་བ་འདུག་པས་རྩ་བ་རྒྱ་གར་གྱི་ཁྲིམས་ལ༔ གནོན་ཨོ་


RTZ051_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱི་ཁྲིམས་དང་མཐུན་པ་མཛན་ན་ལེགས་པས༔ གཙུག་གི་ཕྱི་ནང་གི་དོན་ལ་མཁས་པ་སློབ་དཔོན་རྣམ་པ་གཉིས་གསུང་བར་ཞུ་ཞེས་གྲོས་ཕུལ་ཆེ༔ ཆོས་ཁྲིམས་རྩ་བའི་སྲོལ་ཐམས་ཅད་བོ་དྷི་ས་ཏྭས་མཛད་པར་ཞལ་གྱིས་བཞེས༔ ཚར་གཅོག་ཀད་གནོན་པདྨ་འབྱུང་གནས་ཀྱིས་མཛད་པར་ཞལ་གྱིས་བཞེས༔ རྒྱལ་པོ་ལ་མཐའ་ཐང་བསྐྱེད་པའི་མངའ་དབང་རིན་པོ་ཆེ༔ ཕྱི་ནང་དུས་ཀྱི་གནད་བརྩི་བའི་རྟེན་འབྲེལ་ཉི་ཟླ་འོད་འབར་ནི་སློབ་དཔོན་གཉིས་ཀྱིས་བཀའ་བགྲོས་ཏེ་མཛད་དོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ བཀའ་མོལ་བའི་ལེའུ་སྟེ་གཉིས་པའོ༔་འབྱང་པོ་འདུལ་བྱེད་ཀྱི་རྒྱུད་ནས་བཏུས༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱས་པོ་ལ་གསུངས་པ༔ ཀྱེ་མགོ་ནག་སྤྱི་རྗེ་རྒྱལ་པོ་ཆེན་པོ་ལགས༔ སྐྱེ་བོ་སོ་ནམས་དང་༔ ཐབས་ལ་མཁས་པས་བུ་ཚ་དང་འཁོར་གཡོག་སྙིང་རྩེས་སྐྱོང་སྟེ༔ དེ་ཡང་ཆོས་ཀྱི་ཕྱོགས་སུ་ཉེ༔ རང་ཕྱོགས་སུ་བཀོལ་བའི་སེམས་བསྐྱེད་སྙིང་རྗེ་དང་བྱམས་པ་ཡོད༔ ཆོས་སྐྱོང་རྒྱལ་པོ་ཁྲིམས་ལ་མཁས་པ་ཞིག་གིས༔ རང་གི་མངའ་ཐང་བདེ་སྐྱིད་ལྡན་པར་སྐྱོང་ཏེ༔ བདག་གཞན་དགེ་བའི་ལས་ལ་སྤྱོད་བསོད་ནམས་ཚད་མེད་པ་རྒྱས་པ་འགྱུར་རོ༔ སྐྱེ་བོ་ངོ་ཚ་དང་བྲལ་བ་འགའ་ཞིག༔ ཕ་མ་བརྡུང་༔ གྲོགས་


RTZ051_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དང་བུ་ཚ་གསོད༔ གཉེན་ཉེ་བ་འཇོམས་ཏེ། དེ་ལ་ཚེ་འདིར་ཡུལ་མིས་ཡག་འདེབས༔ རང་སེམས་རྒྱུད་འཁྲུག་ཅིང་སྡུག༔ ཕི་མ་དམྱལ་བར་སྐྱེའོ༔ དེ་བཞིན་དུ་མཐའ་འཁོ་བ་སྡིག་སྤྱོད་ཀྱི་རྒྱལ་པོ་རྣམས་ཀྱིས་རང་སྡེ་དྲེགས་པས་དབང་མེད་པར་བཀོལ༔ གཞང་སྡེ་རྔམས་པའི་ཇག་ཆོམ་གྱིས་གསོད་ཅིང་འཇོམས༔ ཆགས་སྡང་མེ་ལྟར་འབར་བའི་བསམ་ངན་གྱིས༔ རང་གཞན་ཐམས་ཅད་སྡིག་པའི་ལས་ལ་སྦྱོར༔ ཚེ་འཕེལ་བའི་དུས་སུ་རི་གཟར་ལས་རྦབ་ལྷུང་བ་ལྟར༔ བསྐལ་པ་གྲངས་མེད་པ་དམྱལ་བར་ལྟུང་སྟེ་ངུ་༔ ཁ་བཟོད་གླགས་མེད་པ་ལ་སྤྱད་དགོས་པར་གསུངས་སོ༔ མངའ་བདག་ལགས༔ བོད་སྲིན་པོ་གདོང་དམར་གྱི་ཡུལ་འདི༔ ཆོས་ཁྲིམས་ཀྱིས་འདུལ་བ་ངོ་མཚར་ཆེ་ལགས༔ རྒྱལ་པོའི་བཀའ་བོད་རྒྱལ་ཁམས་ཐམས་ཅད་དུ་ཁྱབ་པར་ཐོབ༔ དེས་འཁོར་འདུས་པ་དང་རྟེན་འབྲེལ་ཤིན་ཏུ་བཟང་བས༔ མངའ་དབང་བསྐུར་ལགས་ཀྱིས་གསུང་ངོ་༔ དེར་རྒྱལ་པོས་བོད་ཁ་བ་ཅན་གྱིས་ཡུལ་ཡིག་འཕྲིན་གྱིས་ཁྱབ་པར་བཀྱེ་ནས༔ བོད་འབངས་ཀུན་འདུས་པ་དང་༔ ཁམས་གསུམ་ཟངས་ཁང་གླིང་དུ་རཏྣ་དབང་གི་དཀྱིལ་འཁོར་ཞལ་ཕྱེ་ནས་རྒྱལ་པོ་ལ་མངའ་དབང་བསྐུར་རོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ མངའ་དབང་རིན་པོ་ཆེའི་ལེའུ་སྟེ་གསུམ་པའོ༔


RTZ051_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་བོ་དྷི་སཏྭས་རྒྱལ་པོ་ལ་གསུང་པ༔ ཀྱེ་མངའ་བདག་ཆོས་སྐྱོང་རྒྱལ་པོ་ལགས༔ ཆོས་ཀྱི་ཁྲིམས་ལ་རྩ་བ་ལྔ་རུ་འདུས༔ དེ་ཡང་བཞི་བཞིར་ཕྱེ་བས་ཉི་ཤུ་འབྱུང༔ སོ་སོ་སྐྱེ་བོ་ཐ་མལ་དམངས་ཀྱི་ཁྲིམས༔ རྩ་བ་ཁྲེལ་ཡོད་ངོ་ཚ་ཁྲིམས་ཀྱི་གཞི༔ དུས་ཆེན་དགུ་ལ་སེམས་ཅན་བསད་པ་ན༔ སྡིག་པ་འབུམ་འགྱུར་འཕེལ་ནས་དམྱལ་བར་སྐྱེ༔ དེ་ཕྱིར་དུས་ཆེན་སྲོག་གཅོད་རྒྱལ་པོས་སྲུངས༔ དཀོན་མཆོག་དཀོར་དང་མ་ནུས་པ་ཡི་རྫས༔ བརྐུས་ཤིང་ཕྲོགས་ན་སྡིག་པ་འབུམ་འགྱུར་འཕེལ༔ དེ་ཕྱིར་ལྕི་བའི་རྫས་བཞི་རྒྱལ་པོས་སྲུངས༔ རྒྱལ་རིགས་མ་དང་སྲིང་མོ་བུ་མོ་དང༔ རབ་བྱུང་བདག་པོ་ཅན་གྱི་བུད་མེད་ལ༔ མི་ཚངས་སྤྱད་ན་སྡིག་པ་འབུམ་འགྱུར་འཕེལ༔ སྐྱེ་བ་ཕྱི་མ་རོ་མྱག་འདམ་དུ་སྐྱེ༔ དེ་ཕྱིར་རྒྱལ་པོས་བུད་མེད་དྲུག་པོ་སྲུངས༔ རྗེ་འབངས་དཔོན་སློབ་ནང་གཉེན་སྡེ་པ་དང༔ ཕ་ཚན་ནང་འཁྲུག་སྦྱོར་བའི་རྫུན་སྨྲས་ན༔ སྐྱེ་བ་ཕྱི་མ་ཐིག་ནག་དམྱལ་བར་སྐྱེ༔ དེ་ཕྱིར་ལྕི་བའི་རྫུན་ལྔ་རྒྱལ་པོས་སྲུངས༔ ཀུན་གྱིས་ཐོས་པར་རྒྱལ་པོའི་བཀའ་སྒྲོགས་ལ༔ ཐམས་ཅད་ཁམ་པོ་ཆེ་ལ་སྤྱོད་པ་སྲུངས༔ ཁྲིམས་ཀྱི་དཔང་ཚུགས་འགལ་ན་ཚར་གཅོད་མཛོད༔ དེ་ལྟར་བསྲུངས་པས་ཡུལ་ཕྱོགས་བཀྲ་ཤིས་འགྱུར༔


RTZ051_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བསོད་ནམས་མངའ་ཐང་མཐའ་ནས་རྒྱས༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ སོ་སོ་སྐྱེ་བོ་ཐ་མལ་པའི་ཁྲིམས་ཀྱི་ལེའུ་སྟེ་བཞི་པའོ༔ དེ་ནས་ཡང་སློབ་དཔོན་བོ་དྷི་སཏྭས་མི་ཆེན་ཡ་རབས་ཞང་བློན་རྣམས་ཀྱི་ཁྲིམས་གསུང་པ༔ ཀྱེ་མངའ་བདག་ཆོས་སྐྱོང་རྒྱལ་པོ་ལགས༔ ཡ་རབས་མི་ཡི་ཁྲིམས་ནི་རྣམ་པ་བརྒྱད༔ ཐ་མལ་ཁྲིམས་བཞིའི་སྟེང་དུ་འདི་བཞི་སྲུངས༔ ཡ་རབས་མི་ཆེན་མིང་དུ་འདོགས་པ་དེ༔ ངོ་ཚ་ཁྲེལ་ཡོད་དགེ་བ་སྤྱོད་ན་ཟེར༔ མདོར་ན་ཁྱིམ་ལ་བརྟེན་པའི་དགེ་བསྙེན་ཡིན༔ རྒྱལ་བའི་བཀའ་ལ་འབྲི་ཀློག་ཉན་པ་དང༔ དཀོན་མཆོག་གསུམ་ལ་དད་ཅིང་གུས་པ་དང༔ མ་ནུས་སྙིང་རྗེས་སྐྱོང་ན་མི་ཆེན་ལགས༔ ངོ་ཚ་ཁྲེལ་ཡོད་ཁྲིམས་ལ་གནས་པར་མཛོད༔ སྲོག་གཅོད་ལས་དང་གྲོས་ལ་མ་གཏོགས་ཤིག༔ སྐྱེ་བ་ཕྱི་མར་དམྱལ་བར་སྐྱེས་པའི་ཚེ༔ སྐད་ཅིག་ཙམ་ཡང་བཟོད་གླགས་མི་བདོག་གོ༔ ཚེ་འདིར་བདེ་སྐྱིད་བྱས་པས་ཅི་ལ་ཕན༔ དེ་ཕྱིར་སྲོག་གཅོད་ལས་འདི་རྒྱལ་པོས་སྲུངས༔ དཀོར་ལ་འབགས་དང་རྐུ་འཕྲོག་སྡིག་པའི་ནོར༔ ངན་སེམས་སེར་སྣ་མ་གསོགས་མ་སྤེལ་ཅིག༔ སྐྱེ་བ་ཕྱི་མ་ཡི་དྭགས་ལས་མྱོང་ན༔ བཀྲེས་སྐོམ་སྡུག་བསྔལ་བཟོད་གླགས་མི་


RTZ051_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བདོག་གོ༔ ཚེ་འདིར་ནོར་རྫས་ཕྱུག་པས་ཅི་ལ་ཕན༔ དེ་ཕྱིར་ལྕི་བའི་ནོང་སོགས་རྒྱལ་པོས་སྲུངས༔ ཀུན་དང་གྲོས་མཐུན་རང་གིས་དབང་བྱས་པའི༔ བུད་མེད་མ་གཏོགས་བག་མེད་མ་སྤྱོད་ཅིག༔ ངན་སོང་གསུམ་གྱི་སྡུག་བསྔལ་ཐམས་ཅད་ཀུན༔ སུ་བ་འདོད་ཆགས་ཚིམ་མེད་འདི་ཡིས་བསྐྱེད༔ ཕྱི་མ་རོ་མྱག་འདམ་དུ་སྐྱེས་པའི་ཚེ༔ ཤ་རུས་ཟག་པའི་སྡུག་བསྔལ་བཟོད་གླགས་མེད༔ ཚེ་འདིར་བདེ་བ་མྱོང་བས་ཅི་ཕན༔ དེ་ཕྱིར་འདོད་ལོག་སྐྱོད་པ་རྒྱལ་པོས་སྲུངས༔ ཁྲོ་གདུམ་ཁེངས་པ་ཁམ་པོ་ཆེ་ཡི་རྫུན༔ གཞན་སྡེ་རླག་པར་བྱེད་པའི་རྫུན་མ་སྨྲ༔ ལས་ཀྱི་གཤིན་རྗེས་ལྕེ་ཞིང་རྨོད་ཚེ༔ དུས་འདིར་གཡོ་སྒྱུ་མཁས་པས་ཅི་ལ་ཕན༔ ཉེས་ཆེན་རྫུན་གྱི་ལས་འདི་རྒྱལ་པོས་སྲུངས༔ ཀུན་གྱིས་ཐོས་པར་རྒྱལ་པོས་བཀའ་སྒྲོགས་ལ༔ ཡ་རབས་དམན་སྤྱོད་བྱེད་པ་རྒྱལ་པོས་སྲུངས༔ ཁྲིམས་ཀྱི་དཔང་ཚུགས་འགལ་ན་ཚར་གཅོད་མཛོད༔ དེ་ལྟར་བསྲུངས་པར་ཡུལ་ཕྱོགས་བཀྲ་ཤིས་བདེ༔ རྒྱལ་པོའི་བསོད་ནམས་མངའ་ཐང་མཐའ་ནས་རྒྱས༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ ཡ་རབས་ཞང་བློན་གྱི་ཁྲིམས་ཀྱི་ལེའུ་སྟེ་ལྔ་པའོ༔ དེ་ནས་རབ་བྱུང་བཙུན་པའི་ཁྲིམས་འདི་གསུངས་སོ༔ ཀྱེ་


RTZ051_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བདག་རྒྱལ་པོ་ལེགས་པར་ཉོན༔ གྲོང་ཁྱིམ་སྤངས་ནས་རབ་ཏུ་བྱུང་བ་འདི༔ ཤཱཀྱ་ཐུབ་པའི་བསྟན་པའི་རྩ་བ་ཡིན༔ ཀུན་གྱིས་ཐོན་བཞིན་བཀུར་བའི་གནས་ཡིན་པས༔ འདི་ཡི་ཁྲིམས་ལས་འདས་ན་བསྟན་པ་བཤིགས༔ ཁྲིམས་ནི་རྩ་བ་བཞི་དར་མན་ལག་དུག༔ སྲོག་གཅོག་ལས་ནི་ནམ་ཡང་བྱ་བ་མིན༔ བཙུན་པ་ཐབས་ཀྱིས་སྲོག་གཅོག་བྱེད་པ་སྲུངས༔ མ་བྱིན་ལེན་པ་ནམ་ཡང་བྱ་བ་མིན༔ བཙུན་པ་རྐུ་དང་ཁེ་སྤོགས་བྱེད་པ་སྲུངས༔ འདོད་ལོག་གཡེམ་པ་ནམ་ཡང་བྱ་བ་མིན༔ བཙུན་པ་བུད་མེད་གྲོང་གསེབ་ཉུལ་བ་སྲུངས༔ རྫུན་ནི་ནམ་ཡང་སྨྲ་བར་མ་གསུངས་པས༔ བཙུན་པ་ཁ་སྨྲས་གླེང་གཞིའི་ལས་བྱེད་སྲུངས༔ ཆང་ནི་ནམ་ཡང་བཏུང་བར་མ་གསུངས་པས༔ བཙུན་པ་མྱོས་བྱེད་ཆང་ལ་སྤྱོད་ན་སྲུངས༔ ཤ་ཁྲག་སྒོག་པ་བཟའ་བར་མ་གསུངས་པས༔ སྡིག་པའི་ལས་ལ་སྤྱོད་ན་རྒྱལ་པོས་སྲུངས༔ དུས་མིན་ཟས་དང་རྒྱན་འགྱེད་གླུ་གར་རྩེ༔ ཚུལ་ཁྲིམས་བསླབ་པ་ཁས་བླངས་མུ་སྲུང་ན༔ རྒྱལ་པོས་ལེགས་པར་རྟོགས་ཚར་ཆོད་ཅིག༔ ཀུན་གྱིས་ཐོས་པར་རྒྱལ་པོས་བཀའ་སྒྲོག་ཅིག༔ བཙུན་པས་བསྟན་པ་བཤིགས་པའི་ལས་བྱེད་སྲུང་༔ ཁྲིམས་གྱི་དཔང་ཚུགས་འགལ་བྱེད་ཚར་བཅད་མཛོད༔ དེ་ལྟར་བསྲུངས་བས་བསྟན་པ་དར་


RTZ051_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཁམས་བཀྲ་ཤིས་རྒྱལ་པོ་མངའ་ཐང་དར༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ རབ་བྱུང་བཙུན་པའི་ཁྲིམས་ཀྱི་ལེའུ་སྟེ་དྲུག་པའོ༔ དེ་ནས་ཡང་ཐེག་པ་ཆེན་པོ་གསང་སྔགས་སྤྱོད་པའི་སྐྱེས་བུ་རྣམས་ལ་ཁྲིམས་འདི་གསུངས་སོ༔ ཀྱེ་རྒྱལ་པོ་ཁྱོད་ཀྱི་བོད་ཀྱི་རྒྱལ་ཁམས་འདིར༔ གསང་སྔགས་འབྲས་བུའི་བསྟན་པ་དར་བར་འགྱུར༔ དེ་ནི་སངས་རྒྱས་ཐུགས་ཀྱི་གདུལ་བྱ་ཡིན༔ མཐོང་ཐོས་རེག་པས་ཡོན་ཏན་དཔག་ཏུ་མེད༔ བཀའ་བཞིན་བསྒྲུབས་ན་ཚེ་འདིར་སངས་རྒྱས་ཐོབ༔ ཐོ་ཅོ་རས་གཅོད་ཅན་དང་འཕྲད་པ་ན༔ དུག་ལྔ་རང་གར་སྤྱོད་པས་ཆོས་སྐུར་གོ༔ བློ་ཆུང་ཉན་ཐོས་སྤྱོད་པའི་བློར་མི་ཤོང༔ འབྲས་བུའི་ཆོས་ལ་སྨད་ན་དམྱལ་བར་སྐྱེ༔ དེ་ལས་འགལ་བ་བྱས་ན་མནར་མེད་ལྟུང༔ དེ་ཕྱིར་ཆོས་ཁྲིམས་ལེགས་པའི་གཞི་འདི་ཚུགས༔ གསང་སྔགས་སྤྱོད་པ་ཞིབ་ལ་ལྟ་བ་ཡངས༔ དེ་ཡི་མཚན་ཉིད་མ་རྟོགས་ཐོ་ཅོ་ཅན༔ མི་ནག་སྐྱེ་བོའི་གསེབ་ཏུ་བབ་ཆོལ་བྱེད༔ རང་གཞན་རྡོ་རྗེ་དམྱལ་བར་སྐྱེ་བས་སྤོངས༔ གསང་སྔགས་པ་ལ་ཁྲིམས་གཞི་གཟུག་པ་ནི༔ གསང་སྔགས་ངེས་ཚིག་གསང་དགོས་ཡིན་པ་ལ༔ ཁྲོམ་གསེབ་གང་དགར་གསང་སྔགས་ཆོས་འཆད་སྲུངས༔ དམ་རྫས་སྤང་བླང་མེད་པའི་


RTZ051_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལ༔ འདོད་སྲེག་ཤ་ཁྲག་ཆང་ལ་རྔམས་པ་སྲུངས༔ མ་མོ་མཁའ་འགྲོ་དམ་རྫས་མཆོད་པའི་རྫས༔ ཕྱིར་ན་སྒེག་ཆོས་ངོ་མན་རྒྱལ་པོས་སྲུངས༔ གསུངས་པའི་ཏན་ག་ཎའི་དམ་ཚིག་དེ༔ ཀུན་ལ་ཆ་ཡོད་སྤྱོད་ངན་རྒྱལ་པོས་སྲུངས༔ མདོར་ན་ཁྲོམ་གསེབ་མི་ནག་སྡིག་སྤྱོད་སར༔ གསང་བའི་དབང་བསྐུར་དམ་རྫས་དངོས་སུ་སྟོན༔ དམ་མེད་རྣམས་ལ་གསང་བའི་ཆོས་བཤད་སྲུངས༔ གསང་སྔགས་ཚུལ་བཞིན་མི་སྤྱོད་འཆོལ་བ་ཀུན༔ རྒྱལ་པོས་ལེགས་པར་རྟོགས་ཚར་ཆོད་ཅིག༔ ཀུན་གྱིས་ཐོས་པར་རྒྱལ་པོས་བཀའ་སྒྲོགས་ལ༔ གསང་སྔགས་དམ་ཉམས་འཆོལ་བར་སྤྱོད་པ་སྲུངས༔ ཁྲིམས་ཀྱིས་དཔང་ཚུགས་འགལ་བྱེད་ཚར་ཆོད་ཅིག༔ དེ་ལྟར་བསྲུངས་པས་བསྟན་པ་དར་ཞིང་རྒྱས༔ ཡུལ་ཁམས་མཁའ་འགྲོ་ཆོས་སྐྱོང་གཉན་པོས་སྐྱོང་༔ རྒྱལ་པོའི་མངའ་ཐང་མཐའ་ནས་རྒྱས་པར་འགྱུར༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྦྲོན་མེ་ལས༔ ཐེག་པ་ཆེན་པོའི་གནང་བཀག་གི་ཁྲིམས་ཀྱི་ལེའུ་སྟེ་བདུན་པའོ༔ དེ་ནས་ཆོས་སྐྱོང་རྒྱལ་པོ་རང་གིས་དམ་བཅའ་བའི་ཁྲིམས་རིན་པོ་ཆེའི་འབར་ཞེས་བྱ་བ་འདི་གསུངས་སོ༔ ཀྱེ་རྒྱལ་པོ་ཆེན་པོ་ལེགས་པར་གསོན༔ རྒྱལ་པོ་དབང་ཆེ་གྲོས་ལ་མི་མཁས་ན༔ མཚོན་ཆའི་འཁོར་ལོ་གཡང་ལ་ལྷུང་བ་འདྲ༔ རང་ཆག་གཞན་


RTZ051_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བསད་ཕྱིས་ནས་ནོར་མི་ཉན༔ དེ་ཕྱིར་སྡིག་སྤྱོད་རྒྱལ་པོ་དབང་པོ་ཆེ༔ དེ་ཡི་འཁོར་དུ་ཉེ་ཚད་དམྱལ་བར་སྐྱེ༔ རྒྱལ་པོ་རང་ཐར་མེད་བཙོན་ཁང་སྙོག༔ དེ་ཕྱིར་ཆོས་སྐྱོང་རྒྱལ་པོས་ཁྲིམས་བཞི་སྲུངས༔ བསོད་ནམས་ལྡན་པ་ཆོས་སྐྱོང་རྒྱལ་པོ་ལགས༔ གཙུག་ལག་ཁང་དང་གླེགས་བམ་དགེ་འདུན་ལ༔ མོས་གུས་དད་པ་རྒྱུན་ཆད་མེད་པར་མཛོད༔ བློན་པོ་ཐུགས་ཆེས་བློ་བརྟན་སྤྱི་ཆིས་མཁས༔ ཡང་ཡང་རྟོགས་ལ་རྒྱལ་སྲིད་བྱ་བ་བསྐོས༔ ཁོང་ཡངས་སྤྱི་སྙོམས་མཛོད་ལ་སྙིང་རྗེ་གཟིགས༔ ཕྲ་མ་མི་གསན་སྙན་ཁུང་འཐུག་པར་མཛོད༔ ཞི་འདོད་སྐྱུངས་ལ་རང་སྡེ་བུ་བཞིན་སྐྱོངས༔ གཞན་སྡེ་བྱམས་པས་ཐུག་ལ་དམག་འཁྲུགས་སྤོངས༔ གཞན་ལ་རྒོལ་དང་བཀྱོན་དབབ་དགོས་པའི་ཚེ༔ ཕྱེད་ཙམ་རང་ལ་དཔེ་བླངས་བསམ་ཡིས༔ དྲག་ཐལ་ཁམ་པོ་ཆེ་ཡིས་ལས་མི་གསོག༔ ཡང་ཡང་བསམ་གྱིན་བྱ་བ་ཐམས་ཅད་མཛོམ༔ དེ་ལྟར་མཛད་པས་ཆབ་སྲིད་རྒྱས་པར་འགྱུར༔ སྡིག་སྤྱོད་ལས་ངན་མིག་སོག་དགེ་བར་འགྱུར༔ བཀའ་ཡི་ཆོས་ཁྲིམས་ཚུགས་ལ་བྱ་ར་བསྐོས༔ འགལ་བ་ཚར་བཅད་དྲག་པོ་མ་བྱས་ན༔ རྒྱལ་པོའི་ཁྲིམས་ལས་འདས་ནས་རྒྱལ་ཁྲིམས་འཇིགས༔ ཆོས་ཁྲིམས་ཞིག་ན་རྒྱལ་པོ་གྱ་བ་ཡིན༔ དེ་ཕྱིར་ཆོས་ཁྲིམས་ཚུགས་ལ་མངའ་ཐང་


RTZ051_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོངས༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ རྒྱལ་པོ་ལ་དགོངས་པའི་ཁྲིམས་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ དེ་ནས་ནན་ཏན་གྱི་ཞལ་ཆེམས་འདི་གསུངས་སོ༔ བོད་ཀྱི་རྗེས་འབནས་ཐམས་ཅད་ལེགས་པར་གསོན༔ རིགས་དྲུག་འཁོར་བའི་གཡངས་བོ་པས༔ ལྷ་མིའི་ལུས་ཐོབ་བདེ་སྐྱིད་ལྡན་པ་འདིས༔ སྔོན་ཚེ་བསོད་ནམས་རྒྱ་ཆེན་བསགས་པས་ཐོབ༔ འདི་ལ་རྟག་པར་མ་འཛིན་དགེ་བ་སྦུབས༔ ཁྲིམས་མེད་འཆོད་པོ་གྱོལ་སོང་དུད་འགྲོ་ཡིན༔ ངོ་ཚ་ཁྲེལ་ཡོད་སྡོམ་དམ་ཚིག་རྣམས༔ རྩ་བ་གཅིག་ཏུ་འདུས་པ་ཁྲིམས་སྲུངས་ཤིག༔ ལུས་ངག་ཡིད་གསུམ་དགེ་བའི་ལས་ལ་སྦྱོར༔ དེ་ལ་ཁྲིམས་ཀྱི་རྩ་བ་འདུས་པ་ཡིན༔ སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད༔ རྫུན་དུ་སྨྲ་བ་སྤངས་པ་ཁྲིམས་ཀྱི་གཞི༔ རྩ་བཞིའི་ཁྲིམས་འདི་བསྲུངས་ན་བདེ་སྐྱིད་འབྱུང་༔ རྒྱལ་བའི་བཀའ་དང་རྒྱལ་པོའི་ཁྲིམས་འདི་ལས༔ ཚིག་གཅིག་ཙམ་ཡང་འདའ་བར་མ་བྱེད་ཅིག༔ རྒྱལ་བའི་གསུང་ཡང་ལེགས་པར་མཉན་པ་ལས༔ ཉེས་པ་མི་སྲིད་དགེ་ལེགས་བཀྲ་ཤིས་འབྱུང་༔ ཅི་བསམ་ལྷུན་གྱིས་གྲུབ་བོ་རྗེ་འབངས་རྣམས༔ ཞེས་གསུངས་སོ༔ སློབ་དཔོན་བོ་དྷི་ས་ཏྭས་ནན་ཏན་ཞལ་ཆེམས་གསུངས་པའི་ལེའུ་སྟེ་དགུ་པའོ༔


RTZ051_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་པདྨ་འབྱུང་གནས་ཀྱི་ཆོ་ཁྲིམས་འགལ་བ་ཚར་བཅད་པ་དང་༔ གནང་བགག་དབྱེ་བ་འདི་རྒྱལ་པོ་ལ་གསུངས་སོ༔ ཀྱེ་མངའ་བདག་ཆོས་སྐྱོང་རྒྱལ་པོ་ལགས༔ བཀའ་བརྒྱུད་ལུང་དང་མན་ངག་སྣ་ཚོགས་ལ༔ རྒྱལ་བས་འགྲོ་བའི་དོན་དུ་གསུངས་པ་རྣམས༔ རྩ་བ་ཉོན་མོངས་དུག་ལྔའི་གཉེན་པོ་ཡིན༔ དེ་ཡང་ཧྲིལ་གྱིས་བསྡུ་ན་རྩ་བ་བཞི༔ དེ་ཕྱིར་རྒྱལ་པོའི་ཐུགས་དགོངས་བཟང་པོ་འདི༔ ཉིད་ཀྱི་བཀའ་བརྟན་འབངས་རྣམས་ཀུན་ལ་སྟོན༔ དང་པོ་ཕོ་ཉའི་ཚུལ་དུ་ལེགས་པར་ཤོག༔ བར་དུ་སློབ་དཔོན་ཡིན་པས་དམ་བཅའ་བསྡམ༔ རྒྱལ་པོ་ཡིན་པས་འགལ་བྱེད་ཚར་ཆོད་ཅིག༔ རྒྱལ་པོ་ཆེན་པོ་འཇིག་རྟེན་ཀྱི་ཁམས་འདི་དང་༔ དག་པའི་ཞིང་ཁམས་བཞི་མ་ཡིན་པ༔ ཕྱོགས་བཅུའི་འཇིག་རྟེན་གྱི་ཞིང་ཁམས་ཐམས་ཅད་དམ་པའི་ཆོས་ཚིག་གཅིག་མེད་དོ༔ སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པའི་གདུལ་བྱ་ལྟོ་འཛམ་བུ་གླིང་འདི་ཉིད་དང་༔ སངས་རྒྱས་ཀྱིས་གདུལ་བྱར་མ་གྱུར་པའི་ཡུལ་དཔག་ཅིང་བགྲང་བར་མི་ནུས་སོ༔ བོད་ཁ་བ་ཅན་གྱི་ཡུལ་འདི༔ བོ་དྷི་ས་ཏྭ་པདྨ་འབྱུང་གནས་ཁྲི་སྲོང་ལྡེ་བཙན་དང་གསུམ་གྱི་གདུལ་བྱ་ཡིན་པས་ཐམས་ཅད་ཆོས་ལ་གཟུང་༔ ཆོས་ཀྱི་བཀའ་ཁྲིམས་ཚུགས༔ ལན་གཅིག་ཆོས་དར་བར་འགྱུར་རོ༔


RTZ051_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་སེམས་ཅན་ཐམས་ཅད་ཉོན་མོངས་པ་ལྔའི་རྦ་ལ་བརྒལ་བས༔ སྟོན་བསྐལ་པ་གྲངས་མེད་པ་སྔ་རོལ་ནས༔ དུས་འདིའི་བར་དུ་འཁོར་བར་འཁྱམས་པ་ཡིན༔ ད་ཡང་ཉོན་མོངས་པའི་གཉེན་པོ་མ་ཤེས་ན༔ ངན་སོང་གསུམ་དུ་ཐར་བ་མེད་པར་འཁྱམས་པ་ཡིན་པས༔ རྒྱལ་པོ་ཉིད་ཀྱི་མངའ་འོག་ཏུ་འདུ་བའི་སེམས་ཅན་ལ་དམ་པ་ཆོས་ཀྱི་ཆར་དབབ་པར་བགྱིའོ༔ དང་པོ་རྒྱུ་འབྲས་ཀྱི་ཆོས་ལེགས་པར་བཤད་ནས་ལེགས་པར་གོ་བ་དང་༔ ཁྲིམས་ཀྱི་བྱར་རྩ་བ་བཞིའི་ཆོས་རང་བསྲུང་ངེས་པ་རེ་རེད་པང་དུ་གཟུག༔ སེམས་ཅན་རབ་འབྲིང་ཐ་མ་གསུམ་ལ་དམ་པ་ཆོས་ཀྱི་ཁྲིམས་བཅའ་ལུགས་གསུམ་བསྟན་ཏེ༔ སོ་སོ་སྐྱེ་བོ་ཐ་མལ་པད་མན་པའི་རིགས་བུད་མེད་དང་བཅས་པ་རྣམས་ལ་དུས་ཆེན་དགུའི་ཁྲིམས་བཅའོ༔ ཆོས་གཅིག་བརྒྱད་དང་བཅུ་བཞི་དང་༔ བཅོ་ལྔ་བཅོ་བརྒྱད་ཉེར་གསུམ་དང་ཉེར་བཞི་ཉེར་བརྒྱད་གནམ་སྟོང་ལ༔ སྡིག་པ་ཅི་བྱས་འབུམ་འགྱུར་འཕེལ༔ ཚེ་འཕོས་དམྱལ་བར་སྐྱེ་བས་འཇོམ༔ དུས་ཆེན་དགུ་ལ་སྲོག་བཅད་ན༔ སེམས་ཅན་དེ་ཡི་རིན་ཐང་གཅིག༔ དཀོན་མཆོག་གསུམ་ལ་མཆོད་པ་ཕུལ༔ མཚམས་མེད་ལས་དང་མི་བསད་ན༔ མཐའ་ཡི་ཡུལ་དུ་སྤྱུགས་པ་དང་༔ དྲག་པོས་ཚར་གཅོད་བྱས་པ་དང་༔ ཡང་ན་ཅི་རིའི་སྟོང་གླུད་བཅོལ༔ དུས་ཆེན་དགུ་ལ་


RTZ051_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རྐུ་འཕྲོག་དང་༔ དཀོར་དང་སྙིང་རྗེའི་རྫས་བླངས་ན༔ རྒྱལ་པོའི་དཀོར་ལ་བརྒྱ་འགྱུར་བླང་༔ དཀོན་མཆོག་དཀོར་ལ་བརྒྱད་ཅུ་འགྱུར༔ སྙིང་རྗེའི་ནོར་ལ་ལྔ་བཅུ་འགྱུར༔ འཕྲོག་བའི་ནོར་ལ་སུམ་ཅུ་འགྱུར༔ བརྐུས་པའི་ནོར་ལ་བཅུ་འགྱུར་བླང་༔ དེ་རྣམས་སུམ་ཆ་སྡིག་སྤྱོད་ཕྱིར༔ དཀོན་མཆོག་གསུམ་གྱི་རྫས་སུ་དབུལ༔ བུད་མེད་དྲུག་ལ་སྤྱད་པ་རྣམས༔ བུད་མེད་རེ་ལ་འབུམ་གྲངས་རེ༔ བདག་པོ་མེད་པ་མ་སྲིད་དང་༔ བུ་མོའི་གླུད་དེ་རྒྱལ་པོས་བླངས༔ བདག་ཡོད་གསུམ་ནི་བདག་པོས་བླངས༔ ལྕི་བའི་རྫུན་ལྔ་སྨྲས་པ་ལས༔ ཉེས་པ་བྱུང་ན་མཐའ་ལ་སྤྱུགས༔ སྨྲས་མ་ཐག་ནི་རྒྱལ་པོ་དང་༔ བྱ་ར་ཕ་རོལ་གསུམ་བསགས་ལ༔ བཤགས་ཤིང་བཟོད་པ་གསོལ་བར་བྱ༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ འབངས་ཐ་མལ་བའི་ཁྲིམས་སྲུང་བའི་ཐབས་འགལ་བ་ཚར་བཅད་པའི་ལེའུ་སྟེ་བཅུ་པའོ༔ དེ་ནས་ཡ་རབས་ཞང་བློན་ཕོ་མོ་རྣམས་ཀྱི་ཁྲིམས་ལ་གནང་བཀག་གསུངས་པ༔ བོད་ཀྱི་མི་ཆེན་ཞང་བློན་ཐམས་ཅད་ལ༔ ལེགས་པའི་ཁྲིམས་འདི་སྟོན་ལ་གཅེས་པར་སྲུངས༔ ཁྲིམས་མེད་ངོ་ཚ་བོར་བའི་མི་རྣམས་ལ༔ མི་ཆེན་ཡ་རབས་བྱ་བའི་ཡུལ་མིན་ནོར༔ ལེགས་ཉེས་རྩི་བ་ཤེས་ན་མི་ཆེན་ཡི༔


RTZ051_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་མཁས་གཞུང་བཟང་འཛངས་པ་མི་ཆེན་ཡིན༔ ཤ་ཚ་འདུན་མ་སྤྱི་ཆིས་ཆེ་བ་དང་༔ དགྲ་བོས་བས་ཀྱིས་འདུལ་ན་ཡ་རབས་ཡིན༔ མཐོ་ཁུར་དམའ་སྐྱོང་རངས་འཛིན་པ་དང་༔ ཐབས་ཀྱིས་སྡིག་ལས་སྤོང་བ་མི་ཆེན་ཡིན༔ རང་གཞན་སྡིག་པའི་ལས་ལ་སྦྱོར་བ་ཡི༔ རྒྱུད་གྱོང་ཁྲོ་སྐྱོན་ཕྲ་མ་ཟོང་དུ་ཁྱེར་༔ ཆགས་སྡང་ཆེ་ལ་ཆོས་ལ་གནག་པ་རྣམས༔ མ་རབས་ཐན་ངན་ཚད་པའི་མི་ཡིན་པས༔ ཕ་མ་བཟང་ཞིང་ཟས་ནོར་ལྡན་གྱུར་ཀྱང་༔ རྒྱལ་ཁྲིམས་བཤིག་པའི་ལས་བྱེད་མི་ངན་ཡིན༔ དེ་ལྟར་མ་ཡིན་ཡ་རབས་ཚུལ་འཛིན་རྣམས༔ འདིར་སྐྱིད་ཕྱི་མ་བདེ་བའི་གྲོས་འདི་ཉོན༔ རྒྱལ་སྲིད་བཤིག་དང་རང་གི་སྲོག་ལ་རྒོལ༔ ལམ་འཕྲང་འཇོམས་པའི་ཙོར་ཇག་པ་རྣམས༔ གལ་ལ་ཐུག་ན་སྤྱི་ཆེན་ཡིན་པས་ཐུལ༔ དེ་ལྟར་མ་གཏོགས་སྲོག་གཅོད་ལས་མི་བྱ༔ གསོད་པའི་གཡོ་དང་གྲོས་ལ་མ་གཏོགས་ཤིག༔ གལ་ཏེ་བསད་ན་ཚར་བཅད་གོང་ལྟར་མཛོད༔ སོ་ནམས་ཞིང་དང་ཚོང་དང་སྡིག་མེད་གྱིས༔ འཕྲོག་འཇོམས་བརྐུ་བ་དཀོར་ལམ་སྤྱོད་ཅིག༔ གལ་ཏེ་སྤྱད་ན་ཉེས་པ་གོང་ལྟར་བཅད༔ རང་གིས་དབང་བྱས་མ་གཏོགས་བུད་མེད་ལ༔ འདོད་གཡེམ་པ་ནམ་ཡང་མ་བྱེད་ཅིག༔ གལ་ཏེ་སྤྱད་ན་ཉེས་པ་གོང་ལྟར་བཅད༔ ཕྲ་མ་རྫུན་ནི་ནམ་


RTZ051_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་སྨྲ་ཞིག༔ གལ་ཏེ་སྨྲས་ན་ཉེས་པ་གོང་ལྟར་བཅད༔ ཡ་རབས་དམན་སྤྱོད་བྱེད་པ་ཐམས་ཅད་ནི༔ རྒྱལ་པོས་ལེགས་པར་ཁྲིམས་ལམ་སྦྱར་ན༔ ཉོན་མོངས་རང་དགར་ཤོར་ནས་ཀུན་ཕུང་བས༔ དེ་ཕྱིར་ཁྲིམས་ལ་སྦྱོར་ཅིག་མངའ་བདག་རྗེ༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ ཡ་རབས་ཞང་བློན་ཁྲིམས་ལ་འག་བ་ཚར་གཅོད་པའི་ལེའུ་སྟེ་བཅུ་གཅིག་པའོ༔ དེ་ནས་རབ་འབྱུང་བཙུན་པའི་ཁྲིམས་ཀྱི་འགལ་བར་ཚར་བཅད་པ་འདི་གསུངས་སོ༔ ཀྱེ་རྒྱལ་པོ་ཆེན་པོ་ལེགས་པའི་ཁྲིམས་ལ་གཟབ༔ དང་པོ་རབ་བྱུང་བྱེད་འདོད་སྐྱེ་བོ་རྣམས༔ ངེས་པར་དད་པས་འཇུག་པ་ཡིན་མིན་རྟོག༔ མ་རབས་མཐོ་སྙེགས་བྱེད་པ་ཞུགས་པ་ནི༔ ཤཱཀ་ཐུབ་བསྟན་པ་དམོད་པའི་དགྲ་ཡིན་ནོ༔ དེ་ཕྱིར་རབ་བྱུང་རྒྱུ་ལ་ངེས་པར་རྟོག༔ རབ་ཏུ་བྱུང་ནས་ཁྲིམས་ལ་གནས་པ་རྣམས༔ ཤཱཀྱའི་བསྟན་འཛིན་ཡིན་པས་སྤྱི་བོར་ཁུར༔ རྒྱལ་པོ་ཆེ་མཉམ་མངས་ན་རྒྱལ་ཁམས་ཕུང་༔ རབ་བྱུང་སྡེ་སྡེར་ཆད་ན་ནང་འཁྲུགས་དར༔ ཆོས་མེད་ཅོ་བྲེགས་མང་ན་བསྟན་པ་བཤིག༔ དེ་ཕྱིར་ཆོས་སྐྱོང་རྒྱལ་པོའི་མངའ་འོག་ཏུ༔ རབ་བྱུང་གནས་དགོན་ཁྲི་དང་འབུམ་དར་ཡང་༔ ཐབས་ཀྱི་དབུ་སྡི་གཅིག་གི་འོག་ཏུ་བསྡུ༔ རྟེན་འབྲེལ་ཡིན་པས་རྒྱལ་ཁམས་བདེ་སྐྱིད་ལྡན༔ ཁྲིམས་མེད་དགོས་སེར་གོན་པའི་སྡེ་གཅིག་པས༔ འདུལ་ཁྲིམས་ལེགས་པར་སྲུང་བའི་སྐྱེས་བུ་གཅེས༔


previousམངའ་དབང་རིན་པོ་ཆེའི་ལོ་རྒྱུས་བཞུགས་སོ༔ ཟངས་མཛོད།next