Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་བདེ་མཆོག་མཁའ་འགྲོ་གསང་སྒྲུབ་ཀྱི་སྨིན་བྱེད་ཆོག་ཟིན་བལྟས་ཆོ་ག་ཏུ་བཀོད་པ་དབང་ཆེན་འཕྲུལ་གྱི་བཅུད་འབེབ། བློ་གྲོས་མཐའ་ཡས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་བདེ་མཆོག་མཁའ་འགྲོ་གསང་སྒྲུབ་ཀྱི་སྨིན་བྱེད་ཆོག་ཟིན་བལྟས་ཆོ་ག་ཏུ་བཀོད་པ་དབང་ཆེན་འཕྲུལ་གྱི་བཅུད་འབེབ། བློ་གྲོས་མཐའ་ཡས།next

དཔལ་བདེ་མཆོག་མཁའ་འགྲོ་གསང་སྒྲུབ་ཀྱི་སྨིན་བྱེད་ཆོག་ཟིན་བལྟས་ཆོ་ག་ཏུ་བཀོད་པ་དབང་ཆེན་འཕྲུལ་གྱི་བཅུད་འབེབ། བློ་གྲོས་མཐའ་ཡས།


RTZ052_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བདེ་མཆོག་མཁའ་འགྲོ་གསང་སྒྲུབ་ཀྱི་སྨིན་བྱེད་ཆོག་ཟིན་བལྟས་ཆོ་ག་ཏུ་བཀོད་པ་དབང་ཆེན་འཕྲུལ་གྱི་བཅུད་འབེབ་ཅེས་བྱ་བ་བཞུགས་སོ། །


RTZ052_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཙཀྲ་སམྦ་རཿཡེ། བདེ་མཆོག་བདེ་བའི་གཟི་བརྗིད་ཀྱིས། །སྲིད་ཞིའི་དྲྭ་བ་ཡོངས་སུ་སྡོམ། ཁམས་གསུམ་དབང་མཛད་ལྷ་མཆོག་དེས། །སྣང་སེམས་རང་དབང་འདུས་བྱིན་རློབས། །གར་གྱི་དབང་ཕྱུག་གསང་མཛོད་བཅུད། །རྨད་བྱུང་སྒྲུབ་ཐབས་ནོར་བུའི་དབྱིག །ཕྱོགས་ལྷུང་འདམ་དུ་བོར་བ་གང་། །བྱི་དོར་སྐལ་པ་དེང་འདིར་བབས། །དཔལ་བདེ་མཆོག་འཁོར་ལོ་དབང་མཛད་མཁའ་འགྲོ་གསང་སྒྲུབ་ཀྱི་དབང་བསྐུར་བགྱི་བ་ལ་དོན་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། དབེན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དང་གསང་སྒྲུབ་ཀྱི་བླ་རྡོ་ཙཀྲ་སོགས་བཀྲམ་པའི་མདུན་དུ་སྟེགས་བུ་ལ་མཎྜལ་དབུས་ཟླ་གམ་དམར་པོ། དེ་རྒྱབ་པདྨ་འདབ་བརྒྱད་ཕྱོགས་མདོག་ཏུ་བྲིས་པའི་སྟེང་ཁྲིའུའི་ཁར་མོ་ཐོད་མཚན་ལྡན་གྱི་ནང་ཆང་ལ་ཨ་མྲྀཏ་སྨན་སྣ་ཚོགས་ཚད་བཏབ་པའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཟླ་གམ་གྱི་དབུས་སུ། གུ་རུ་པདྨ་དྷཱ་ཀི་ནཱི་སིདྡྷི་ཧཱུྃ་ཧྲཱིཿམ། གྲྭ་རྣམས་ལ་ཧ་རི་ནི་ས་ར་ཙ་ཧྲི་ཡ། དེ་རྒྱབ་མུ་ཁྱུད་ལ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ༔ ཁྱོད་ནི་འདོད་པའི་གཙོ་མོ་སྟེ༔ སྲིད་གསུམ་ཐམས་ཅད་དབང་དུ་སྡུས༔ བདག་ལ་འདོད་པའི་དངོས་གྲུབ་སྩོལ༔ བྱ་བ་བྲིས་པ་བཀབ་པའི་སྟེང་དུ་བྱང་


RTZ052_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཀར་དམར་དང་། བུ་རམ་ཅུ་གང་བསྲེས་པའི་རིལ་བུ་སློབ་མའི་གྲངས་མཉམ་བཞག་ལ་དར་དམར་པོའི་གུར་ཕུབ། མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་གྱི་སྐུ་ཙཀ་བཀོད། རྒྱབ་ངོས་སུ་དབང་གཏོར་ཟླ་གམ་དམར་པོ་རྒྱན་ལྡན་དར་དམར་གྱི་གདུགས་ཕུབ་པ་དང་། མདུན་ངོས་སྨན་གཏོར་རཀྟ། ཕྱི་མཆོད་བསྐོར་བཤམ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་འོག་ཏུ་དགོས་པ་རྣམས་ཉེ་བར་བསྡོག་གོ །གཉིས་པ་དངོས་གཞི་ལ། དང་པོ་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་དང་སྐྱབས་སེམས་ནས་བརྩམ་ལས་གཞུང་བསྲང་། བདག་བསྐྱེད་གསལ་བཏབ་ཟིན་པ་དང་། བདག་ཉིད་ཡི་དམ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་ཨཱོྃ་གུ་རུ་པདྨ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཞེས་མདུན་གྱི་མེ་ལོང་དུ་འཕྲོས་པས་དཔལ་བདེ་མཆོག་ཡབ་ཡུམ་བླ་མ་ཐོད་ཕྲེང་རྩལ་དཔའ་བོ་མཁའ་འགྲོ་རིགས་ལྔ་དང་བཅས་པའི་དཀྱིལ་འཁོར་གསལ་བར་གྱུར། ཅེས་བསྒོམས་ལ། སྤྱན་འདྲེན་ནས་བསྟོད་པའི་བར་ལྷན་ཅིག་ཏུ་བྱ། དེ་ནས་རྩ་བའི་བསྙེན་པ་ནི། བདག་ཉིད་ཡབ་ཡུམ་གྱི་ཐུགས་ཀར་ཧྲཱིཿམ་ལ་རྩ་སྔགས་སོ་སོས་བསྐོར་བ། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་ཡུམ་གྱི་ཞལ་ནས་ཐོན། ཡབ་ཞལ་ནས་ཐུགས་ཀར་བབས། སྲོག་སྔགས་


RTZ052_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འབྲེལ་དབུ་མའི་ནང་ནས་མར་སོང་། ཞལ་ནས་པདྨར་བབས། པདྨ་ནས་དྷཱུ་ཏིའི་ནང་བརྒྱུད་མགལ་མེའི་འཁོར་ལོ་ལྟར་འཁོར་བར་བསམ་ལ། ཨཱོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨཱོྃ་ཛཾ་བྷི་མོ་ཧ་ར་ལ་སྭཱ་ཧཱ༔ ཞེས་པ་སྟོང་ཕྲག་བཟླ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ལྷའི་ཐུགས་ཀར་ཕོག༔ དེ་ལས་འོད་འཕྲོས་འཕགས་པའི་ཚོགས་རྣམས་མཆོད༔ འོད་ཟེར་ཚུར་འདུས་ལྷའི་ཐུགས་ཀར་ཐིམ༔ དེས་ཐུགས་རྒྱུད་བསྐུལ་ནས་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་མེ་ལོང་ཐོད་པར་བབས༔ དེ་ལས་འོད་ཟེར་འཕྲོས་ལྷ་འདྲེ་མི་གསུམ་དབང་དུ་བསྡུས༔ ལོངས་སྤྱོད་ཆར་བཞིན་དུ་བབས་པར་གྱུར༔ ཅེས་བསྒོམ་ལ། ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་ཏྲི་ནྲྀ་ཛ་སིདྡྷི་ཀུ་རུ་སྡུས་པཱ་ཤཾ་ཀུ་རུ་ཧཱུྃ་ཛ༔ ཞེས་ཅི་ནུས་བཟླ། སྟོང་ཚིགས་མཆོད་བསྟོད་བྱ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས། བཀའ་གཏེར་སྲུང་མའི་གཏོར་འབུལ་དང་། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །དེ་ནས་དབང་བསྐུར་བའི་ཐོག་མར་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བྱིན་བརླབས་ལ་བསྔོ། ལས་བྱང་ལྟར་བགེགས་བསྐྲད་མཚམས་བཅད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཇི་ལྟར་རིགས་པ་དང་། ཁྱད་པར། འདིར་


RTZ052_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བབས་པའི་ལོ་རྒྱུས་ཅུང་ཟད་སྙད་ན། དཔལ་བདེ་མཆོག་འཁོར་ལོ་དབང་ཆེན་རྟ་མགྲིན་རྒྱལ་པོ་དང་དབྱེར་མེད་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་ཕེབས་པའི་ཚེ། ཕ་ཝཾ་མཆོད་རྟེན་འདྲ་བ་ནུབ་མོར་དཔའ་བོ་མཁའ་འགྲོས་བསྐོར་བ་བྱེད། དུས་བཟང་རྣམས་སུ་སྲིད་པ་ཕོ་རྒྱུད་མོ་རྒྱུད་མི་དང་མི་མ་ཡིན་མང་པོ་འདུས་ནས་ཕྱག་དང་བསྐོར་བ་བྱེད་པ་གཟིགས་པས་དེར་གདམས་པ་ཁྱད་པར་ཅན་ཞིག་ཡོད་པར་དགོངས་ཏེ། བླ་མ་ཡི་དམ་མཁའ་འགྲོ་ལ་ཚོགས་གཏོར་རྒྱ་ཆེན་པོ་ཕུལ་ནས་བཏོན་པས་བསེའི་གྭའུ་ནང་ནས་བདེ་མཆོག་འཁོར་ལོའི་གསང་སྒྲུབ་འདི་ཉིད་བྱུང་། དེར་ཕྱག་ལེན་མཛད་པས་རྒྱ་གར་བའི་ཡུལ་ལྗོངས་ཐམས་ཅད་དབང་དུ་འདུས། བོད་ཡུལ་དུ་མངའ་བདག་རྒྱལ་པོས་སྤྱན་དྲངས་ཏེ་དཔལ་གྱི་བསམ་ཡས་བཞེངས་གྲུབ་པའི་ཚེ་དབུ་རྩེའི་བྱ་འདབས་སུ་སློབ་དཔོན་ཉིད་དགོངས་པ་ལ་བཞུགས་པའི་དུས་སུ། རྒྱལ་པོས་གསེར་གཡུ་མུ་ཏིག་གི་མཎྜལ་ཕུལ། གསེར་སྐྱེམས་ཞལ་དུ་དྲངས་ནས་མི་ནོར་ཟས་གསུམ་དབང་དུ་སྡུད་པའི་གདམས་པ་ཞིག་གནང་བར་ཞུས་པས། སྔོན་གྱི་ལོ་རྒྱུས་རྣམས་གསུངས་ཤིང་སྲིད་པ་ཕོ་རྒྱུད་ཀྱི་བདག་པོ་བདེ་


RTZ052_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་། སྲིད་པ་མོ་རྒྱུད་ཐམས་ཅད་ཀྱི་རྒྱལ་མོ་རྡོ་རྗེ་ཕག་མོ་མཛེས་མ་རྒྱན་གྱི་འཁོར་ལོ་ཞེས་བྱ་བའི་གདམས་ངག་རྫོགས་པར་གནང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་དཔེ་ཚར་གསུམ་དུ་བྲིས་ཏེ། གཅིག་དང་ལུང་ཕུ། གཅིག་སྲིན་མོ་སྦར་རྗེས་བྲག་ལ་སྦས། ཐམས་ཅད་ཀྱི་མཐར་ཐུག་ཆ་ལག་ཚང་བ་འདི་ཉིད་བསམ་ཡས་དབུ་རྩེའི་སྟེང་ཁང་གི་གདུང་གཡུང་དྲུང་རིས་གསེར་གྱི་པ་ཏྲ་འཁྱིལ་བར་གཏེར་དུ་སྦས་ཤིང་རྒྱལ་པོ་གཡུ་ཕྲེང་ཅན་ལ་གཉེར་དུ་གཏད་པ། ཕྱི་དུས་ལྷ་སྲས་དམ་འཛིན་ཡེ་ཤེས་རོལ་པ་རྩལ་གྱི་སྐྱེ་མཐའ་རིག་འཛིན་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས་གསང་བའི་གཏེར་ནས་ཕྱུང་སྟེ་སྐལ་ལྡན་རྣམས་ལ་སྤེལ་བར་མཛད་པ། བདེ་མཆོག་འཁོར་ལོ་མཁའ་འགྲོ་གསང་སྒྲུབ་ཡིད་བཞིན་ནོར་བུའི་དབང་བསྐུར་བ་སྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་བདེ་མཆོག་ཡབ་ཡུམ་ལ་དཀོན་མཆོག་རྩ་གསུམ་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པ་ལ། བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་ཡི་དམ་


RTZ052_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལས་བྱང་ལྟར་ལན་གསུམ། མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་བདེ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་ཆེན་ཟབ་མོའི་ཉེ་ལམ་བསྒྲུབ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་གིས་དུས་འདི་སོགས་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཡན་ལག་བདུན་ལྡན་གྱི་གསག་སྦྱོང་ཚུལ་བཞིན་བྱ་བའི་འདུན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་སོགས་གསུམ། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་ནི་ལས་དང་སྐལ་པར་ལྡན༔ བདག་གཞན་ཐུགས་རྗེས་བསྐྱབ་པའི་ཕྱིར༔ རྩ་བ་གསུམ་གྱི་དབང་བསྐུར་ཞུ༔ ལན་གསུམ། དེ་ནས་བླ་མས༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་གསོན༔ ཀུན་ནས་བར་ཆད་མི་མངའ་འམ༔ འབྱོར་པ་ཀུན་དང་ལྡན་གྱུར་ཏམ༔ ཡོ་བྱད་རྫས་རྣམས་ཀུན་ཚོགས་སམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ འགྲོ་དོན་རྒྱ་ཆེན་བྱེད་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། བདག་ནི་བླ་མས་ཅི་ལྟར་གསུང་བཞིན་ལྡན༔ དམ་ཚིག་དུས་ལས་འདའ་རེ་ཀན༔ ཞེས་བརྗོད་དུ་གཞུག །


RTZ052_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དམ་ཚིག་གི་མནའ་ཆུ་བླུད་པ་ནི། དུང་ཞལ་གྱི་ཆུ་ནང་མཆོད་སྦྱར་བ་བྱིན་ལ། ཧཱུྃ༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ འདས་ན་སྲེག་ཅིང་དམྱལ་བར་ལྟུང༔ བསྲུངས་ན་དངོས་གྲུབ་ཆེན་པོ་ཐོབ༔ ཅེས་དམ་ཆུ་བླུད༔ དེང་ཕྱིན་ཆད་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་ཚུལ་བཞིན་བསྲུང་བར་བྱ་དགོས་སོ། །ཞེས་གདམས། དེ་ནས་དབང་དོན་གྱི་དངོས་གཞི་ཡེ་ཤེས་པའི་བྱིན་རླབས་རྒྱུད་ལ་འབེབ་པ་ཡིན་པས་ཁྱོད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་རྣམས་དམིགས་མེད་སྤྲོས་དང་བྲལ་བའི་ངང་། །རྟོག་མེད་རོ་གདན་པདྨ་ཉི་ཟླའི་སྟེང༔ རང་རིག་ཧྲཱིཿལས་རྡོ་རྗེ་ཡོངས་གྱུར་པ། ཁྱེད་རྣམས་ཁྲོ་རྒྱལ་བདེ་མཆོག་འཁོར་ལོའི་སྐུ༔ སོགས་མངོན་རྟོགས་ལྟར་བརྗོད། ཞབས་རྣམས་བརྐྱང་བསྐུམ་བརྗིད་ལྡན་ཚུལ་གྱིས་བཞུགས༔ དེ་ལྟར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པ་དང་སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས། རང་རང་ལ་


RTZ052_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད་ཅིག །འབེབ་རྫས་བདུག །ཌཱ་དྲིལ་དབྱངས་ཀྱིས་བསྐུལ་ཏེ་སྤྱན་འདྲེན་དང་། སྙིང་པོ་ཚན་གཉིས་ཀྱི་མཐར། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿབཏགས་པ་དྲག་ཏུ་བརྗོད་ལ་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །དེ་ནས་དངོས་གཞི་དབང་བཞི་རིམ་པར་བསྐུར་བའི་དང་པོ་བུམ་པའི་དབང་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །ཐོད་པ་རང་བྱུང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལུས་དཀྱིལ་དཔའ་བོ་མཁའ་འགྲོ་སྤྱི་བོར་རིགས་བདག་བླ་མ་རྡོ་རྗེ་ཐོད་ཕྲེང་དང་བཅས་པར་གསལ་བའི། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སློབ་མའི་སྤྱི་གཙུག་ཏུ་ཕོག༔ ལུས་ཀྱི་སྡིག་སྒྲིབ་གསུམ་པོ་ལ་སོགས་པ་དག་ནས༔ དཔའ་བོ་དྷཱ་ཀི་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ནས་ལུས་ལ་ཐིམ་པས༔ སྐུའི་དངོས་གྲུབ་ཐམས་ཅད་ཐོབ་སྟེ་གཉིས་སུ་མེད་པར་སྒོམས་ཤིག༔ བྷནྡྷ་སྤྱི་བོར་བཞག་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་རིགས་ལྔ་གསང་བའི་སྐུ༔ བྷནྡྷ་ཟླུམ་པོ་ཡེ་ཤེས་ཕོ་བྲང་ནས༔


RTZ052_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱ་ཀི་ཡབ་ཡུམ་སྐུ་ཡི་དབང་བསྐུར་རོ༔ ཧྲཱིཿམ་ཕ་ལ་སིདྡྷི་གུ་རུ་དྷཱ་ཀི་ནཱི་ཧྲིང་ཧྲིང༔ ཞེས་བརྒྱ་རྩ་བརྒྱད་བརྗོད༔ དེས་ལུས་དག་པར་བྱེད་པ་བུམ་པའི་དབང་ཐོབ༔ སྐལ་པ་བསྐྱེད་རིམ་བསྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ༔ གཟུགས་སུ་གྱུར་པ་ཐམས་ཅད་དབང་དུ་འགྱུར་རོ༔ གཉིས་པ་གསང་བའི་དབང་ལ་དམིགས་པ་འདི་ལྟར་མཛོད། ལྷ་ཚོགས་རྣམས་ཀྱི་གསུང་ལས་འོད་ཟེར་དམར་པོ་འཕྲོས༔ སློབ་མའི་མགྲིན་པར་ཕོག༔ ངག་གི་སྒྲིབ་པ་བཞི་ལ་སོགས་པ་ཐམས་ཅད་དག་ནས༔ དྷཱ་ཀི་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ངག་ལ་ཐིམ་ནས༔ གསུང་གི་དངོས་གྲུབ་ཐོབ་གཉིས་སུ་མེད་པར་སྒོམས་ཤིག༔ མེ་ལོང་མགྲིན་པར་བཞག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ བྱང་སེམས་དཀར་དམར་ཧེ་རུ་ཡབ་ཡུམ་བཅུ༔ བོ་དྷི་ཙིཏྟ་བྱང་ཆུབ་སེམས་ཀྱི་རྒྱུན༔ གསང་བའི་དམ་རྫས་བདུད་རྩིའི་བཅུད་ཆེན་པོ༔ དྷཱ་ཀི་ཡབ་ཡུམ་གསུང་གི་དབང་བསྐུར་རོ༔ ཧྲཱིཿམ་ཨཱརྱ་དེ་ཝ་ཕ་ལ་སིདྡྷི་ཧྲིང་ཧྲིང༔ ཞེས་བརྒྱ་རྩ་བརྒྱད་བརྗོད༔ དེས་ངག་དག་པར་བྱེད་པ་གསང་བའི་དབང་ཐོབ༔ སྐལ་པ་བདུད་རྩི་ལྔ་ལ་སྤྱོད་པ་དང༔ ངག་སྙིང་པོ་བཟླ་བ་ལ་དབང༔


RTZ052_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ལོངས་སྐུ་ཐོབ༔ སྒྲ་གྲགས་སྟོང་དབང་དུ་འདུ་འོ༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་དམིགས་པ་འདི་ལྟར་མཛོད་ཅིག །ལྷ་ཚོགས་རྣམས་ཀྱི་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སློབ་མའི་ཐུགས་ཀར་ཐིམ༔ ཡིད་ཀྱི་སྒྲིབ་པ་གསུམ་པོ་ཐམས་ཅད་ལ་སོགས་པ་བྱང་ནས༔ དཔའ་བོ་དྷཱ་ཀི་མ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ཐུགས་ལ་ཐིམ་ནས༔ ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་སྟེ་གཉིས་སུ་མེད་པར་སྒོམས་ཤིག༔ བྱང་སེམས་རིལ་བུ་སྦྱིན་ལ། ཧཱུྃ༔ ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཡི༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ལས་བྱུང༔ འགྱུར་མེད་ཡེ་ཤེས་ཆོས་སྐུ་བདེ་བ་ཆེ༔ ཕྱག་རྒྱ་ཆེན་པོ་རྫོགས་པའི་དབང་བསྐུར་རོ༔ ཧྲཱིཿམ་ཧ་རི་ནི་ས་ན་མ་ཏི་ཨ་ཨ༔ ན་མ་སིདྡྷི་ཧཱུྃ་ཧཱུྃ་ཧྲིང་ཧྲིང༔ ཞེས་བརྒྱ་རྩ་བརྒྱད་བརྗོད༔ དེས་ཡིད་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ སྐལ་པ་རྫོགས་པའི་རིམ་པ་བསྒོམ་པ་ལ་དབང༔ འབྲས་བུ་ཆོས་སྐུ་ཐོབ༔ སངས་རྒྱས་ཐུགས་གནས་ཆོས་དབང་དུ་འདུ་འོ༔ བཞི་པ་ཚིག་དབང་རིན་པོ་ཆེས་ངོ་སྤྲད་པ་ཡིན་པས་བརྡ་འདི་ཉིད་ཀྱིས་མཚོན་ནས་དོན་གྱི་གནས་ལུགས་རྟོགས་པར་


RTZ052_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཤིག །དཔའ་བོ་མཁའ་འགྲོ་རིགས་ལྔ་ཡབ་ཡུམ་བཅུའི་སྐུ་ཙཀ་མེ་ལོང་ངོས་སུ་ཤར་བར་བྱས་པ་བསྟན་ལ། འདི་ལྟར་སྐུ་སྣང་ལ་རང་བཞིན་མེད་པ་ལོངས་སྤྱོད་རྫོགས་པའི་སྐུར་ངོ་ཤེས་པར་གྱིས་ཤིག །ཐུགས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་ངོ་ཤེས་པར་གྱིས་ཤིག །དྷཱ་ཀི་ཡབ་ཡུམ་ལྔ་ཡང་ཕྱི་ལྟར་ན་སྐུ་ལྔ༔ ནང་ལྟར་ན་མཁའ་འགྲོ་ལྔ༔ གསང་བ་ལྟར་ན་ཡེ་ཤེས་ལྔའོ༔ ཕྱི་ལྟར་ན་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་སྐུ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་སྐུ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་སྤྲུལ་པའི་སྐུ༔ པདྨ་མཁའ་འགྲོ་ཡབ་ཡུམ་ངོ་བོ་ཉིད་ཀྱི་སྐུ༔ ཀརྨ་མཁའ་འགྲོ་ཡབ་ཡུམ་མངོན་པར་བྱང་ཆུབ་པའི་སྐུ༔ ནང་ལྟར་ན༔ བྷུདྡྷ་ཡབ་ཡུམ་གཏི་མུག་རྣམ་པར་དག་པ༔ བཛྲ་ཡབ་ཡུམ་ཞེ་སྡང་རྣམ་པར་དག་པ༔ རཏྣ་ཡབ་ཡུམ་ང་རྒྱལ་རྣམ་པར་དག་པ༔ པདྨ་ཡབ་ཡུམ་འདོད་ཆགས་རྣམ་པར་དག་པ༔ ཀརྨ་ཡབ་ཡུམ་ཕྲག་དོག་རྣམ་པར་དག་པ༔ གསང་བ་ལྟར་ན༔ ཡེ་ཤེས་ལྔ་ནི༔ བུདྡྷ་ཡབ་ཡུམ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ བཛྲ་མེ་ལོང་ཡེ་ཤེས༔ རཏྣ་མཉམ་ཉིད་ཡེ་ཤེས༔


RTZ052_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་སོར་རྟོག་ཡེ་ཤེས༔ ཀརྨ་བྱ་གྲུབ་ཡེ་ཤེས༔ ལྟ་བ་སངས་རྒྱས་དྷཱ་ཀི་ཡབ་ཡུམ་སྟེ༔ གང་ཤར་རང་བྱུང་མ་འགགས་པ༔ རང་བཞིན་མི་འགྱུར་རང་ལ་ཤར་བ་ཡིན༔ སྒོམ་པ་རྡོ་རྗེ་དྷཱ་ཀི་ཡབ་ཡུམ་སྟེ༔ མི་འགྱུར་མི་ཤིགས་རང་གསལ་བསྒོམ་དང་བྲལ༔ སྤྱོད་པ་རིན་ཆེན་དྷཱ་ཀི་ཡབ་ཡུམ་སྟེ༔ ཆགས་མེད་སྐྱོན་བྲལ་ཅིར་ཡང་མཐུན་པར་སྤྱོད༔ འབྲས་བུ་པདྨ་དྷཱ་ཀི་ཡབ་ཡུམ་སྟེ༔ ཆགས་མེད་རང་གྲོལ་ཡེ་ཤེས་ཀུན་ཏུ་བཟང༔ དམ་ཚིག་ལས་ཀྱི་དྷཱ་ཀི་ཡབ་ཡུམ་སྟེ༔ འགྲོ་དོན་ཐབས་མཁས་ཕྲིན་ལས་སྣ་ཚོགས་སྤྱོད༔ ལྟ་སྒོམ་སྤྱོད་པ་འབྲས་བུ་ཡང༔ མཁའ་འགྲོ་ཕོ་མོའི་སྲོག་ལ་ཚང༔ ཧྲཱིཿནི་མི་འགྱུར་ཆོས་དབྱིངས་ངང༔ མ་ནི་ཡེ་ཤེས་རྩལ་ཉིད་དོ༔ ཧྲཱིཿནི་ཐབས་ཆེན་འགྱུར་བ་མེད༔ མ་ནི་བདེ་ཆེན་འགྱུར་མེད་དབྱིངས༔ དབྱེར་མེད་ཉི་མའི་འོད་ཀྱི་ཚུལ༔ ཧ་ནི་སྲ་མཁྲེགས་འབྲས་བུ་སྟེ༔ ཕྱོགས་ལྷུང་མེད་པའི་ནམ་མཁའ་འདྲ༔ རི་ནི་མི་འགྱུར་སྒོམ་པ་ཡིན༔ རི་རབ་བརྟན་ཅིང་མི་འགྱུར་བ༔ ནི་ནི་དབང་སྡུད་གཅོད་པ་སྟེ༔ འབྱུང་བ་ཆེན་པོ་ཀུན་ཏུ་གཡོ༔ ས་ནི་སྲ་མཁྲེགས་འབྲས་བུ་སྟེ༔ རིན་ཆེན་གླིང་དུ་ཕྱིན་པ་འདྲ༔ ར་ནི་རང་བཞིན་ལྟ་བ་ཆུ་ལ་རལ་གྲི་བཏབ་པ་འདྲ༔ ཙ་ནི་


RTZ052_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་ཡེངས་མེད་ཆུ་རྒྱུན་འདྲ༔ ཧྲི་སྤྱོད་པ་ཉམས་མྱོང་རྒྱ་མཚོ་བརྡོལ་བ་འདྲ༔ ཡ་འབྲས་བུ་སྤྱད་ཀྱིས་མི་ཟད་འདྲ༔ ཡི་གེ་བཅུ་པོ་ཡབ་ཡུམ་སྲོག༔ རང་བྱུང་ཆེན་པོ་ཡེ་ནས་གནས༔ བཟླས་པ་ཙམ་གྱིས་མཁའ་འགྲོ་འོང༔ མ་ལ་བུས་འབོད་བྱ་བ་ཡིན༔ སྣང་སྲིད་གྲགས་ཚད་དྷཱ་ཀིའི་སྒྲ༔ གྲགས་པ་གསུང་གི་ཁྱེར་སོ་ཡིན༔ ངག་ཏུ་བཟླས་པས་དྷཱ་ཀི་འོང༔ ཡིད་ཀྱིས་བཟླས་པས་རྟོགས་པ་འཆར༔ སེམས་ཉིད་སྟོང་པ་ཆེན་པོའི་ངང༔ རང་བྱུང་རང་རྩལ་མ་འགགས་གསལ༔ རྣམ་རྟོག་འགྱུ་དྲན་དངོས་པོ་སྟོང༔ ཡེ་ཤེས་ལྷག་གིས་སྐྱེས་པར་གནས༔ ད་གདོད་གསལ་ཞིང་བསྒྲུབ་ཏུ་མེད༔ དེ་ལྟར་དཀྱིལ་འཁོར་གསུམ་བསྒོམས་པས༔ ལུས་ནི་ལྷ་ཡི་དཀྱིལ་འཁོར་ལ༔ བྲེང་ཆད་མེད་པར་རྒྱུན་དུ་གནས༔ ངག་ནི་སྔགས་ཀྱི་དཀྱིལ་འཁོར་ལ༔ གྲངས་ཚད་མེད་པར་རྒྱུན་དུ་གནས༔ སེམས་ནི་ཆོས་ཉིད་དཀྱིལ་འཁོར་ལ༔ མཉམ་རྗེས་མེད་པར་རྒྱུན་དུ་གནས༔ དེ་ལྟར་རྒྱུན་ཆད་མེད་པ་རུ༔ རྟག་ཏུ་དེ་ཉིད་ངང་གནས་ན༔ ལུས་ལ་མཁའ་འགྲོ་དབང་འདུ་བས༔ བུད་མེད་རིགས་ཀུན་འདུ་བར་འགྱུར༔ སེམས་ལ་རྟོགས་པ་ཤར་བ་ཡིས༔


RTZ052_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཤར་རང་གྲོལ་ཆོས་རྣམས་འདུ༔ ཚེ་འདིར་ཐུན་མོང་དངོས་གྲུབ་འབྱུང༔ ཕྱི་མ་ཆོས་སྐུ་སྐྱེ་མེད་ལས༔ ལོངས་སྐུ་སྤྲུལ་སྐུ་འགག་མེད་འཆར༔ མཆོག་གི་དངོས་གྲུབ་སྐུ་གསུམ་འགྲུབ༔ དེ་ལྟར་ངོ་སྤྲད་པས་གོང་གི་དབང་བསྐུར་བྱ་སྐུར་བྱེད་ཀྱི་འཛིན་པ་དག༔ མཁའ་འགྲོའི་དོན་ཆོས་ཉིད་དུ་ངོ་སྤྲད་པ་ནི༔ དབང་བཞི་པ་ཚིག་དབང་རིན་པོ་ཆེ་འོ༔ དེས་ལུས་ངག་ཡིད་གསུམ་གྱི་ཆགས་ཉམས་ཀྱི་འཛིན་སྒྲིབ་དག་ནས༔ སྐལ་པ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་ཞིང༔ འབྲས་བུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་འགྱུར་རོ༔ མཐའ་རྟེན་དུ་དབང་དོན་བརྟན་པར་བྱེད་པ་ནི། དེ་ནས་དྷཱ་ཀི་ཡབ་ཡུམ་གྱི་སྤྱི་བོའི་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པའི་ངང་ལས༔ རང་དྷཱ་ཀི་ཡབ་ཡུམ་གྱི་སྐུ་སྣང་ལ་རང་བཞིན་མེད་པ་ལོངས་སྤྱོད་རྫོགས་པའི་སྐུར་གསལ་བཏབ་ནས༔ ངག་གྲགས་སྟོང་དང༔ སེམས་རིག་སྟོང་དུ་གནས་པར་གྱིས་ཤིག༔ ཅེས་བརྗོད་དོ། །དེ་ནས་དབང་གཏོར་ཐོགས་ལ། གཏོར་མ་འོད་རྣམ་པ་ལྔའི་གཞལ་ཡས་ཁང་དུ་བླ་མ་དྷཱ་ཀི་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པ་རྣམས་ཀྱིས་བྱིན་གྱིས་རློབས་པའི་འདུན་པ་མཛོད་ཅིག །གཏོར་མ་སྤྱི་བོར་བཞག་ལ༔ ཨཱོྃ་


RTZ052_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ༔ གུ་རུ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་བ་ལིཾ་ཏ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ལ་གཏོར་མས་དབང་བསྐུར། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །དེ་རྣམས་ཀྱིས་དངོས་གཞིའི་དབང་བསྐུར་བ་གྲུབ། རྗེས་ཀྱི་དམ་ཚིག་ལ༔ ལུས་དྷཱ་ཀི་ཡབ་ཡུམ་དུ་སྒོམས༔ ངག་བཟླས་པ༔ ཡིད་ཆོས་ཉིད་དང་མ་བྲལ་བར་བྱའོ༔ ཤིས་བརྗོད་གང་འོས་བྱ། མཚམས་སྦྱོར་སྤྱི་འཚམ་བཅས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བ་བསྔོ་བ་རྣམས་བྱས་ལ་སློབ་མ་རང་གནས་སུ་གཏང་། གསུམ་པ་རྗེས་ནི། སློབ་དཔོན་གྱིས་ལས་བྱང་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར། སྐོང་བཤགས་སྤྱི་རྒྱུགས་མདོར་བསྡུས་གཏང་། ཚོགས་ལ་རོལ། ལྷག་མ། ཆད་བརྟན་སོགས་རྗེས་ཀྱི་རིམ་པ་རྣམས་རྒྱལ་འདུས་བླ་མའི་ལས་བྱང་ལྟར་རམ། དཀོན་སྤྱི་ལྟ་བུའི་སྤྱི་འགྲོ་ཉུང་འདུས་སྦྱར་ལ་ས་བཅད་ཀྱི་འགྲིགས་གསང་བ་སྤྱི་ལྟར་བྱས་པས་འཐུས་སོ། །གནས་སྐབས་སྲིད་ཞིའི་དཔལ་འབྱོར་ཀུན། །རང་དབང་འདུས་ནས་གཞན་དོན་འགྲུབ། །མཐར་ཐུག་ཆོས་རྣམས་དབང་བསྒྱུར་པའི། །བདེ་ཆེན་སྣང་


RTZ052_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ་བརྙེས་ཤོག །འདིའང་ཐུན་མོང་དང་མཆོག་སྒྲུབ་པ་ལ་ཟབ་ཅིང་འདྲིལ་བའི་གཞུང་ཉུང་འདུས་ཁྱད་པར་འཕགས་པར་མཐོང་ཡང་རྒྱུན་དཀོན་པས་ཞབས་ཏོག་ཏུ་འགྱུར་བའི་ལྷག་བློས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།


previousདཔལ་བདེ་མཆོག་མཁའ་འགྲོ་གསང་སྒྲུབ་ཀྱི་སྨིན་བྱེད་ཆོག་ཟིན་བལྟས་ཆོ་ག་ཏུ་བཀོད་པ་དབང་ཆེན་འཕྲུལ་གྱི་བཅུད་འབེབ། བློ་གྲོས་མཐའ་ཡས།next