Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོའི་བཀའ་གཏད་དབང་གི་ལྕགས་ཀྱུ། པདྨ་གར་དབང་ཕྲིན་ལས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོའི་བཀའ་གཏད་དབང་གི་ལྕགས་ཀྱུ། པདྨ་གར་དབང་ཕྲིན་ལས།next

ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོའི་བཀའ་གཏད་དབང་གི་ལྕགས་ཀྱུ། པདྨ་གར་དབང་ཕྲིན་ལས།


RTZ053_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། ལྷ་ཆེན་དབང་ཕྱུག་ཆེན་པོའི་བཀའ་གཏད་དབང་གི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །


RTZ053_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། ཁམས་གསུམ་དབང་བྱེད་ལྷ་མཆོག་ལ། །བཏུད་ནས་དེ་ཡི་བཀའ་གཏད་ཀྱང་། །བློ་དམན་ངལ་བ་སེལ་ཕྱིར་བཀོད། །དབང་ཕྱུག་ཆེན་པོའི་བཀའ་གཏད་བགྱི་བ་ལ་མཎྜལ་ཟླ་གམ་དམར་པོ་སྒོ་གཅིག་པ་པདྨ་དམར་པོ་འདབ་བཞི་ལྟེ་བར་ལྕགས་ཀྱུས་མཚན་པའི་ཕྱི་རོལ་པདྨ་རྡོར་ར་མེ་རིས་བསྐོར་བ། མ་འཛོམ་ན་མེ་ཏོག་དམར་པོའི་ཚོམ་བུ་དབུས་སུ་ཆེ་ཆུང་གཉིས། ཕྱོགས་བཞིར་བཞི་བཀོད་པའི་སྟེང་ཁྲིའུར་སྐུ་རྟེན། གཡས་གཡོན་དུ་སྔགས་བྱང་ཕྲེང་དམར་དང་ཕྱག་མཚན་ཙཀླི། ཐོད་ཆང་དང་ལི་ཁྲི། མདུན་དུ་མཆོད་གཏོར་ཟས་སྣ་བླུགས་པ་དང་སྨན་རཀ །ཕྱི་མཆོད། ཐུན་གཏོར་དམར་པོ་རྣམས་བཀོད། དེ་ནས་པདྨ་སྒྱུ་འཕྲུལ་དྲྭ་བའི་ཕྲིན་ལས་ལྟར་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། མདུན་གྱི་མཆོད་གཏོར་རྣམས་བྱིན་རླབས་དེ་ལས་འབྱུང་བ་ལྟར་བྱས་ནས། འདི་ཉིད་ཀྱི་ཕྲིན་ལས་བསྐྱེད་ཆོག་ནས་བསྟོད་པའི་བར་བཏང་། དམིགས་གནད་བཅས་སྙིང་པོ་ཅི་འགྲུབ་བཟླས་ལ་གནང་བ་ཞུ། སློབ་མ་ལ་ཁྲུས་བགེགས་བསྐྲད་སྲུང་འཁོར་སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། དེའང་ཐུགས་བསྐྱེད་ཐུགས་རྗེའི་རླབས་རྒྱལ་དང་རྒྱལ་སྲས་ཀུན་ལས་ཁྱད་པར་དུ་འཕགས་ཤིང་། ཕྱོགས་རིས་མེད་པའི་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱིས། ཤིན་ཏུ་གདུལ་བར་དཀའ་བའི་མི་དང་མི་མ་ཡིན་པ་སྤྱི་དང་། ཁྱད་པར་ལོག་སྲེད་ཅན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་ཞུགས་པའི་སྐལ་པས་དམན་པ་རྣམས་ལ་རང་མཐུན་གྱི་རྟགས་དང་ཆ་ལུགས་འཛིན་པའི་ལྷ་ལ་སོགས་པར་སྤྲུལ་པས་


RTZ053_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་ཐར་པའི་ལམ་ལ་དཀྲི་བར་མཛད་པ་ལས། ཁམས་གསུམ་དབང་དུ་མཛད་པའི་ལྷ་མཆོག་དབང་ཕྱུག་ཆེན་པོ་ཡབ་ཡུམ་གཉིས་ཀྱང་། བཅོམ་ལྡན་འདས་པདྨ་གར་གྱི་དབང་པོ་ཡབ་ཡུམ་གྱི་རྣམ་པར་རོལ་པའི་རྩལ་ལས་ཤར་ཏེ་རྒྱལ་བའི་བསྟན་པ་སྐྱོང་ཞིང་དབང་གི་དངོས་གྲུབ་ལྷག་པར་སྟེར་བའི་ཚུལ་གྱིས། ཕྱི་ནང་གཉིས་ཀ་རྗེས་སུ་འཛིན་པར་མཛད་པ་སྟེ། དེ་ཉིད་ཀྱི་སྒྲུབ་ཐབས་ཀྱི་བཀའ་སྲོལ་སྤྱན་རས་གཟིགས་དངོས་པདྨཱཀ་རའི་ཞལ་ལུང་གཙོར་གྱུར་རྒྱས་བསྡུས་དུ་མ་ཞིག་བྱོན་པ་ལས། འདི་ནི་སྤྲུལ་པའི་གཏེར་ཆེན་༧ཨོ་རྒྱན་མཆོག་གྱུར་གླིང་པས་གནས་མཆོག་མཁའ་འགྲོ་འབུམ་རྫོང་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་བཀའ་སྲུང་དུ་བཞུགས་པ་སྟེ། འདིའི་ལུགས་ཀྱི་བཀའ་གཏད་བསྒྲུབ་པར་བགྱི་བ་ལ་སོགས་པས་མཚམས་སྦྱར་ལ་བཀའ་གཏད་ཞུ་བའི་ཡོན་དུ་མཎྜལ་འབུལ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་འདེབས་རྗེས་ཟློས། ཧོ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་མཆོག༔ འགྲོ་བའི་གཙོ་བོ་བླ་མ་ཡིས༔ ཁམས་གསུམ་དབང་དུ་སྡུད་མཛད་པའི༔ ལྷ་ཆེན་དབང་ཕྱུག་བདག་ལ་སྩོལ༔ དམིགས་པའི་གསལ་གདབ་སྤྱི་མཐུན་བྱས་ལ། བདག་བསྐྱེད་ལྟར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་རྗེས་ཟློས་བྱས་ཏེ་རྒྱུད་སྦྱང་། དེ་ནས་དམིགས་པ་འདི་བཞིན་དུ་མཛོད་ཅིག །ས་ཕྱོགས་འདོད་ཁམས་ལྷའི་གནས་ཤིན་ཏུ་ཉམས་དགའ་བའི་དབུས་སུ་ཁྱེད་


RTZ053_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྣམས་གནས་པའི་གོ་སར་པདྨ་དམར་པོ་དང་ཉི་མའི་གདན་ལ་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿཡིག་དམར་པོ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་ལྷ་ཆེན་དབང་ཕྱུག་སྐུ་མདོག་དམར་པོ་ཁྲོ་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་པས་ལྕགས་ཀྱུ་དང་གཡོན་ཞགས་པ་འཛིན་པ། ཟུར་ཕུད་ལ་ཟླ་བ་ཕྱེད་པས་བརྒྱན་ཅིང་འོད་དམར་པོའི་ཀློང་ན་བཞེངས་པའི་པང་དུ་ཡུམ་ཨུ་མཱཿདམར་མོ་མེ་ལོང་དང་བུམ་པ་འཛིན་པས་བདེ་བའི་ཉམས་ཀྱིས་འཁྲིལ་བ། གཉིས་ཀའང་དར་དང་རིན་པོ་ཆེ་དང་མེ་ཏོག་གིས་བརྒྱན་པའི་སྐུར་གྱུར་པར་སྒོམས་ཤིག །མདུན་གྱི་རྟེན་རྣམས་ཀྱང་ལྷའི་ཡུལ་ཉམས་དགའ་བའི་དབུས་སུ་སོགས་མངོན་རྟོགས་ལྟར་ལ། ཧྲཱིཿལས་ཞེས་པ་དོར། ལྷ་བྲན་ཕོ་མོ་བསམ་གྱིས་མི་ཁྱབ་པས་བསྐོར་བར་གསལ་ཐོབས་ཤིག །དེ་ལྟར་གསལ་བའི་དཀྱིལ་འཁོར་གྱི་ལྷ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རང་འདྲའི་སྐུ་གཉིས་པ་འཕྲོས། ཁྱེད་རང་ལ་ཐིམ་ནས་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་གྱི་སྐུའི་སྟོབས་རྩལ་གཟི་བརྗིད་ཀྱི་ཡོན་ཏན་དང་མཉམ་པའི་ཕྲིན་ལས་ཐམས་ཅད་འགྲུབ་པའི་དབང་དམ་པ་ཐོབ་པར་མོས་ཤིག །སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ སྤྱན་རས་གཟིགས་དབང་སྙིང་རྗེའི་གཏེར༔ འགྲོ་བ་མ་ལུས་འདུལ་བའི་ཕྱིར༔ དབང་ཕྱུག་ཆེན་པོའི་སྐུར་བསྟན་པ༔ མ་ཧཱ་དེ་བའི་དབང་ཐོབ་ཤོག༔ འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན༔ འཇིག་རྟེན་ཀུན་ལ་དབང་


RTZ053_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བ༔ ལྷ་མོ་སྒྲོལ་མའི་སྐུར་བསྟན་པ༔ ཨུ་མཱཿདེ་བཱིའི་དབང་ཐོབ་ཤོག༔ སྔགས་ཀྱི་མཐར། སརྦ་ས་མ་ཡ་སཏྭཾ༔ ཡང་དཀྱིལ་འཁོར་ལྷའི་མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་དམར་ཤར་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཞུགས་པས་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་གྱི་བདེན་ཚིག་ནུས་མཐུའི་ཡོན་ཏན་དང་མཉམ་པའི་ཕྲིན་ལས་ཐམས་ཅད་འགྲུབ་པའི་དབང་དམ་པ་ཐོབ་པར་མོས་ལ་འདིའི་རྗེས་ཟློས། སྙིང་པོ་ལན་གསུམ། སྔགས་བྱང་ཕྲེང་དམར་མགྲིན་པར་བཞག་ལ། ཧཱུྃ༔ ཁམས་གསུམ་དབང་དུ་བསྡུ་བ་དང༔ སྲིད་གསུམ་ཟིལ་གྱིས་གནོན་པའི་ཕྱིར༔ འགུགས་པར་བྱེད་པའི་སྔགས་ཀྱི་གདངས༔ སྒྲ་སྐད་སྙིང་པོའི་དབང་བསྐུར་རོ༔ སྔགས་མཐར། སརྦ་ས་མ་ཡ་སཏྭཾ༔ བདུད་རྩི་ཐོད་ཆང་བླུད་ཅིང་དཔྲལ་བར་ལི་ཁྲིའི་ཐིག་ལེ་བྱ། ཡང་དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་ཕྱག་མཚན་གྱི་ཚོགས་འོད་འབར་བ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་གྱི་ཏིང་འཛིན་ཆོ་འཕྲུལ་གྱི་ཡོན་ཏན་དང་མཉམ་པའི་ཕྲིན་ལས་ཐམས་ཅད་འགྲུབ་པའི་དབང་དམ་པ་ཐོབ་པར་མོས་ཤིག །ཕྱག་མཚན་རྣམས་སྙིང་གར་བཞག་ལ། ཧཱུྃ༔ ཐུགས་ཀྱི་ཏིང་འཛིན་ཆོ་འཕྲུལ་གྱིས༔ ལས་ཀྱི་མེ་ལོང་སྲིད་གསུམ་གསལ༔ བུམ་པ་ཚེ་བཅུད་བདེ་བ་འཕེལ༔ ལྕགས་ཀྱུས་ཁམས་གསུམ་ཡིད་འགུགས་ཤིང༔ ཞགས་པས་འགྲོ་བ་འཆིང་ཞིང་སྡུད༔ ཕྱག་མཚན་


RTZ053_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱི་དབང་བསྐུར་རོ༔ སྙིང་པོའི་མཐར། སརྦ་ས་མ་ཡ་སཏྭཾ༔ དེ་རྣམས་ཀྱིས་ཁམས་གསུམ་དབང་བྱེད་ལྷ་ཆེན་པོ་ཡབ་ཡུམ་གྱི་བསྙེན་སྒྲུབ་ལས་སྦྱོར་གྱི་སྦྱོར་བ་མཐའ་དག་བྱ་བ་ལ་དབང་བ་ཡིན་ཞིང་། གཞུང་ལས། འདིས་ནི་ཁམས་གསུམ་ཀུན་གྱི་ཡིད་འགུགས་ཕྲིན་ལས་ཤིན་ཏུ་མྱུར་ཞིང་དངོས་གྲུབ་ཆེ་བས་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱིས་མཆོད་གཏོར་རྒྱུན་དུ་འབུལ་བར་བྱའོ༔ ཞེས་གསུངས་པས་མཚོན་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པར་བགྱི་འོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་རྗེས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཐུན་གཏོར་བྲན་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རིན་པོ་ཆེ་དང་པདྨའི་སྣོད་དུ་བྷྲཱུྃ་ལས་གཏོར་མ་ངོ་བོ་རོ་བརྒྱ་དང་ལྡན་པའི་བདུད་རྩིའི་རང་བཞིན། རྣམ་པ་བཟའ་བཅའ་བཏུང་བ་འདོད་ཡོན་ལྔའི་སྤྲིན་ཕུང་ཟད་མི་ཤེས་པ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ་གྱི་བྱིན་གྱིས་བརླབ། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་འབུལ། ལས་བྱང་ལྟར་ཕྲིན་བཅོལ་དང་། མཆོད་བསྟོད་མདོར་བསྡུས་ནོངས་བཤགས་བྱ། རྟེན་ཡོད་ན་བསྟིམ། མེད་ན་གཤེགས། བདག་བསྐྱེད་བསྡུ་ལྡང་སོགས་མཐར་དབྱུང་ངོ་། །སྙིང་རྗེའི་ལྕགས་ཀྱུས་ཁམས་གསུམ་ཡིད། །ཐར་པ་མཆོག་གི་ལམ་དུ་དྲངས། །མི་འགྱུར་བདེ་ཆེན་ཆགས་པའི་རོས། །ཡེ་ཤེས་དབྱིངས་སུ་མྱོས་གྱུར་ཅིག །ཅེས་པའང་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།


previousཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོའི་བཀའ་གཏད་དབང་གི་ལྕགས་ཀྱུ། པདྨ་གར་དབང་ཕྲིན་ལས།next