ཐུགས་རྗེ་ཆེན་པོའི་བཀའ་སྲུང་ལྷ་ཆེན་དབང་ཕྱུག་གི་སྒྲུབ་ཐབས། མཆོག་འགྱུར་བདེ་ཆེན་གླིང་པ།


RTZ053_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་བཀའ་སྲུང་ལྷ་ཆེན་དབང་ཕྱུག་གི་སྒྲུབ་ཐབས་བཞུགས་སོ༔


RTZ053_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོར་ཕྱག་འཚལ་ལོ༔ དེའི་ཡང་སྤྲུལ་ལྷ་ཆེན་དབང་ཕྱུག་སྒྲུབ་པ་ལ༔ ས་དམར་པོའི་སྟེགས་བུ་གྲུ་བཞི་པའི་སྟེང༔ མེ་རི་རྡོར་རྭ་སྣ་ཚོགས་པདྨའི་ལྟེ་བར་ཕོ་བྲང་ཟླ་གམ་དམར་པོ་སྒོ་གཅིག་ནང་དུ་པདྨ་འདབ་བཞི་ལྕགས་ཀྱུས་མཚན་པ་བྲི༔ དེའི་སྟེང་དུ་ཐོད་པ་མཚན་ལྡན་མྱོས་བྱེད་དམ༔ ལན་ཚྭ་འབྲུ་དང་མེ་ཏོག་གིས་བཀང་བའི་ཁར་དར་དམར་ལ་བྲིས་པའི་སྐུ་གཟུགས༔ འཁོར་ལོ་རྩིབས་བཞི་པའི་ལྟེ་བར་རྩ་སྔགས། ཨོཾ་མ་ཧཱ་དེ་བ་ཧཱུྃ༔ ཨུ་མཱཿདེ་བཱི་ཧྲིཾ༔ རྩིབས་བཞི་ལ༔ ཧཱ་བཛྲ་ཌཱ་ཀི་ནཱི༔ རི་རཏྣ་ཌཱ་ཀི་ནཱི༔ ནི་པདྨ་ཌཱ་ཀི་ནཱི༔ ས་ཀརྨ་ཌཱ་ཀི་ནཱི༔ ཀུན་གྱི་མཐར༔ པཱ་ཤཾ་ཀུ་རུ་ཧོ༔ མུ་ཁྱུད་ལ༔ ལྷ་ཆེན་དབང་ཕྱུག་འཁོར་དང་བཅས་པ་རྟེན་འདིར་བཞུགས་ནས་དབང་སྡུད་ཀྱི་ཕྲིན་ལས་མཛད་དུ་གསོལ༔ ཞེས་བྲིས་ལ་པདྨ་རཱ་ག་ལ༔ ཧྲཱིཿབྲིས་པ༔ ཟངས་ལས་བྱས་པའི་སྲིད་པའི་ལིངྒ་ཅོང་ཞིས་བཀང་བ༔ མེ་ལོང༔ ལྕགས་ཀྱུ༔ བུམ་པ་སིནྡྷུ་རས་བཀང་བ༔ དཀོར་ཆ་དང་བཅས་ཏེ་ཟངས་ཀྱི་གྭའུར་བཅུག༔ དར་དམར་གྱི་གུར་ཕུབ༔ གཏོར་མ་ཤ་ཆང་སོགས་མཆོད་རྫས་རྒྱས་པར་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་སྲུང་འཁོར་མཚམས་གཅོད་ལ་སོགས་བྱས་ནས་རང་ཉིད་སྤྱན་རས་གཟིགས་སུ་བསྒོམ༔ གཏོར་མཆོད་རྣམས་བྱིན་གྱིས་བརླབ༔ མདུན་དུ་ལྷ་ཚོགས་བསྐྱེད་ཅིང་སྤྱན་དྲང༔ མཆོད་བསྟོད་བྱས་ལ༔ བཟླས་པ་འབུམ་ཕྲག་གཅིག་བྱ་འོ༔


RTZ053_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་རྟགས་བྱུང་ན་གཏོར་མ་རྒྱས་པར་འབུལ༔ ལྷ་རྣམས་རྟེན་ལ་བསྟིམས་ཏེ་མཛོད་ཀྱི་ཕུགས་སུ་བཞག་ལ་རྒྱུན་དུ་མཆོད་བསྟོད་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་སྦྱོར་ནི༔ ཕོ་མོ་ཉལ་པོ་བྱས་པའི་ས་དང༔ སྨད་འཚོང་མའི་འོག་གི་ས་བླངས་ལ་སྟེགས་བུ་ཟླ་གམ་བྱས་པའི་སྟེང་ནས་མར་བྲུབ་ཁུང་ཟླ་གམ་བྲུ༔ སྨད་འཚོང་མའི་ནང་གོས་ལ་བསྒྲུབ་བྱའི་ལིངྒ་བྲིས་པའི་སྙིང་གར་ནྲྀ་དང་མིང་གི་མཐར༔ ཨཾ་ཀུ་ཤ་ཛ༔ པཱ་ཤཾ་ཀུ་རུ་ཧྲིང་ཧྲིང༔ ཞེས་བྲིས་པ་བཅུག༔ དེའི་སྟེང་དུ་ལྷ་ཆེན་གྱི་གཏོར་མ་བཤམ༔ དཀྱིལ་འཁོར་དུ་བསྐྱེད་ཅིང་བཟླས་པའི་མཐར༔ རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་འཕྲོས༔ དབང་ཕྱུག་གི་ཐུགས་ཀར་ཕོག་པར་བསམ་ལ༔ ཧཱུྃ༔ ཁམས་གསུམ་ཀུན་གྱི་ཡིད་འགུགས་པའི༔ ལྷ་ཆེན་དབང་ཕྱུག་ཨུ་མཱར་བཅས༔ ཀུན་ལ་དབང་སྒྱུར་མཐུ་རྩལ་ཅན༔ སེམས་མེད་པ་ཡང་འགུགས་བྱེད་ན༔ ཡིད་དང་ལྡན་པ་སྨྲོས་ཅི་དགོས༔ ཁྱོད་ཀྱི་མཐུ་རྩལ་དུས་ལ་བབ༔ གང་ལ་བྱ་བ་ཁྱེད་ཀྱིས་ཤེས༔ དེ་ཡི་ལུས་ངག་ཡིད་གསུམ་ལ༔ ཁྱོད་ཀྱིས་ཆགས་པའི་འོད་ཞགས་འཕོངས༔ འགུགས་བྱེད་ལྕགས་ཀྱུས་སྙིང་ནས་དྲོངས༔ སྲིད་པའི་རླུང་གི་ཞགས་པས་ཆིངས༔ སྐད་ཅིག་ཡུད་ཙམ་གནས་འདི་རུ༔ ད་ལྟ་ཉིད་དུ་ཁུག་ལ་ཤོག༔ སྒོ་གསུམ་འཁོར་དང་ལོངས་སྤྱོད་བཅས༔ བདག་གི་


RTZ053_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་འདུ་བར་མཛོད༔ ཞེས་བརྗོད་པས་ཐུགས་རྒྱུད་རབ་ཏུ་བསྐུལ་ཏེ་ཆགས་པའི་དབང་གིས་ཡབ་ཡུམ་སྦྱོར་མཚམས༔ ལྕགས་ཀྱུའི་རྩེ༔ རླུང་ཞགས་རྣམས་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་དང་ཞགས་པའི་དབྱིབས་ཅན་འཕྲོས༔ དམིགས་བྱ་ཕོ་ཡི་སྤྱི་བོ་དང༔ མོའི་གསང་གནས་ནས་ཞུགས་དྭངས་མ་གསུམ་དབང་དུ་བསྡུས༔ གནས་འདིར་རྟེན་ལ་ཐིམ་པར་བསམ༔ གཙོ་འཁོར་སྔགས་ཀྱི་མཐར༔ ཆེ་གེ་མོའི་ཙིཏྟ་ཧྲིང་ཧྲིང་པཱ་ཤཾ་ཀུ་རུ་ཧོ༔ ཞེས་དྲག་ཏུ་བཟླས་ལ་དམིགས་བྱ་བྲུབ་ཁུང་དུ་དངོས་སུ་བཀུག་པར་བསམ༔ ཐུན་བཞི་རུ་གཏོར་མ་འབུལ༔ ལས་གྲུབ་ནས་དྲི་བཟང་གི་ཤིང་དམར་པོ་ཟླ་གམ་དུ་བརྩེགས་པའི་ཧོམ་ལ་མེ་སྦར༔ ནང་དུ་ལྷ་ཆེན་འཁོར་བཅས་བསྐྱེད་ལ་བྱིན་གྱིས་བརླབས་པའི་མྱོས་བྱེད་ལན་ཚྭ༔ ཤིང་ཏོག་དར་དམར༔ རིན་པོ་ཆེ་དམར་པོའི་རིགས༔ ཞལ་ཟས་རྣམས་འབུལ་ཞིང༔ རྒྱན་དང་ན་བཟར་གསོལ་བར་བསམ་ལ་མེ་ལ་བསྲེག༔ བསྒྲུབ་བྱ་བདག་ལ་བསྟིམ་ཞིང་མིང་བྱང་མེ་ལ་བསྲེག༔ ཐལ་བ་ལ་སཱཙྪ་དམར་པོ་གདབ་བོ༔ གཏང་རག་འབུལ་ཞིང་ལྷ་རྟེན་ལ་བསྟིམ༔ གཏོར་མ་མེར་བསྲེག༔ སྟེགས་བུ་ཐབ་ཀྱི་ས་ལ་བསྲེ་འོ༔ དེས་གང་བསམ་པ་ཐམས་ཅད་དབང་དུ་འདུ་བས་ཤིན་ཏུ་ཟབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་བཀའ་སྲུང་ལྷ་ཆེན་དབང་ཕྱུག་གི་ཕྲིན་ལས་བཞུགས་སོ༔ སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ དེ་ཡི་ཡང་སྤྲུལ་ལྷ་ཆེན་དབང་ཕྱུག་གི་ཕྲིན་ལས་ལ༔ རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམ༔


RTZ053_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྣམས་བྱིན་གྱིས་བརླབ༔ མདུན་དུ་ལྷའི་ཡུལ་ཉམས་དགའ་བའི་དབུས་སུ་རིན་པོ་ཆེའི་ཕོ་བྲང་ཟླ་གམ་འོད་འབར་བའི་ནང་དུ་པདྨ་འདབ་བཞིའི་ལྟེ་བར་ཉི་མའི་གདན་ལ་ཧྲཱིཿལས་ལྷ་ཆེན་དབང་ཕྱུག་སྐུ་མདོག་དམར་པོ་གཡས་པས་ལྕགས་ཀྱུ་དང༔ གཡོན་ཞགས་པ་འཛིན་པ༔ ཆགས་པའི་ཉམས་ཅན༔ ཨུ་མཱཿདམར་མོ་གཡས་མེ་ལོང་དང༔ གཡོན་བུམ་པ་འཛིན་པ༔ བདེ་བའི་ཉམས་ཀྱིས་འཁྲིལ་བ༔ ཡབ་ཀྱི་སྤྱི་བོར་ཟླ་ཚེས་དང༔ གཉིས་ཀ་དར་དང་རིན་པོ་ཆེ་མེ་ཏོག་གི་རྒྱན་ཅན༔ འདབ་བཞིར་མཁའ་འགྲོ་དཀར་སེར་དམར་ལྗང་བཞི༔ གཡས་པས་རང་རྟགས་དང༔ གཡོན་པས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པ༔ ཆ་ལུགས་གཙོ་བོ་དང་མཐུན་པ༔ ལྷ་བྲན་ཕོ་མོ་བསམ་གྱིས་མི་ཁྱབ་པས་བསྐོར་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས༔ འདོད་ཁམས་ནས་འཁོར་དང་བཅས་པ་སྤྱན་དྲངས༔ ཧཱུྃ༔ ཁམས་གསུམ་ཀུན་ལ་དབང་བྱེད་པའི༔ སྤྱན་རས་གཟིགས་ཀྱི་སྤྲུལ་པ་མཆོག༔ དབང་ཕྱུག་མ་ཧཱ་དེ་བ་དང༔ བཙུན་མོ་ཨུ་མཱཿདེ་བཱི་བཅས༔ འཁོར་གྱི་མཁའ་འགྲོ་སྡེ་བཞི་རྣམས༔ ནམ་མཁའི་དབྱིངས་ནས་འདིར་གཤེགས་ལ༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ ཁྱོད་


RTZ053_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགྱེས་པའི་མཆོད་སྤྲིན་ནི༔ གཙང་མའི་མཆོད་ཡོན་རྒྱ་ཆེན་སྦྲེང༔ ཡན་ལག་བརྒྱད་ལྡན་ཞབས་བསིལ་བལྟམས༔ རབ་མཛེས་མེ་ཏོག་རིན་ཆེན་རྒྱན༔ དྲི་བསུང་བཟང་པོའི་དུད་པའི་སྤྲིན༔ སྣང་གསལ་མར་མེ་ཉི་ལྟར་གསལ༔ བདེ་བ་སྐྱེད་པ་བྱུག་པའི་མཚོ༔ གཟུགས་མཛེས་ལྷ་མོའི་ཟློས་གར་དང༔ ལྷ་ཡི་ཞལ་ཟས་བསམ་མི་ཁྱབ༔ གླུ་དབྱངས་རོལ་མོ་ངོ་མཚར་བ༔ རེག་བྱ་ཡབ་ཡུམ་རོལ་པའི་བདེ༔ ཨ་མྲྀ་ཏ་དང་དམར་ཆེན་པོ༔ དམ་རྫས་གཏོར་མའི་མཆོད་པ་འབུལ༔ ཁམས་གསུམ་དབང་དུ་འདུ་བར་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ རྒྱལ་བ་ཀུན་གྱི་བསྟན་སྲུང་མཐུ་བོ་ཆེ༔ ཁམས་གསུམ་ཀུན་ལ་དབང་སྒྱུར་མྱུར་མགྱོགས་ཅན༔ རཱ་གའི་མདོག་འཆང་ཁྲོ་འཛུམ་ཆགས་པའི་ཉམས༔ ཡིད་འགུགས་ལྕགས་ཀྱུ་དབང་སྡུད་རླུང་ཞགས་བསྣམས༔ ཆེ་བའི་ཡོན་ཏན་ཟླ་ཚེས་ཅོད་པན་ཅན༔ དར་དང་རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱན༔ སྲིད་གསུམ་ཡིད་འགུགས་ལྷ་མོ་ཨུ་མཱཿནི༔ སྣང་སྲིད་གསལ་བའི་ལས་ཀྱི་མེ་ལོང་དང༔ བདུད་རྩིའི་བཅུད་བལྟམས་བུམ་པ་འཛིན་པ་ཡི༔ ཡབ་ཡུམ་མཉམ་རོལ་བདེ་བ་ཆེན་


RTZ053_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཚིམས༔ རྡོ་རྗེ་རིན་ཆེན་པདྨ་ལས་རབ་ཀྱི༔ མཁའ་འགྲོ་སྡེ་བཞི་ལས་ཀྱི་ཕོ་ཉར་འགྱེད༔ ཁྱོད་ནི་ལྷ་ཡི་རྒྱལ་པོ་ཚོགས་ཀྱི་རྗེ༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཙོ་འཁོར་རྣམས་ལ་ཕོག་པས་ཐུགས་དམ་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ༔ ཨོཾ་མ་ཧཱ་དེ་བ་ཛ༔ ཨུ་མཱཿདེ་བཱི་ཧྲིང༔ ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བཟླས་གཏོར་མ་འབུལ་ཞིང༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་བཀའ་སྲུང་བ༔ དབང་ཕྱུག་ཨུ་མཱཿདེ་བཱི་ཡུམ༔ འཁོར་གྱི་མཁའ་འགྲོ་སྡེ་བཞི་བཅས༔ དམ་རྫས་བདུད་རྩིའི་གཏོར་མ་ནི༔ ཤ་ལྔ་བདུད་རྩི་འབྲས་ཆན་དང༔ ཤིང་ཐོག་ལ་དུ་མྱོས་བྱེད་ཆང༔ དཀར་དམར་སྒོག་ཙོང་སྤོད་ཀྱི་རིགས༔ ཞལ་ཟས་ལོངས་སྤྱོད་འདི་བཞེས་ལ༔ ཡིད་ལ་གང་འདོད་དབང་དུ་སྡུས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཞེས་བཅོལ་ཞིང་རྟེན་ལ་བསྟིམ་པའམ༔ གཙྪས་རང་གནས་སུ་གཤེགས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཆོག་འགྱུར་བདེ་ཆེན་གླིང་པའི་གཏེར་མའོ།། །།