Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
མནན་གཏད་ཀྱི་སྦྱོང་བ་བཤིག་པའི་མན་ངག ས་སྐྱབ་པ་ཀུན་བློ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམནན་གཏད་ཀྱི་སྦྱོང་བ་བཤིག་པའི་མན་ངག ས་སྐྱབ་པ་ཀུན་བློ།next

མནན་གཏད་ཀྱི་སྦྱོང་བ་བཤིག་པའི་མན་ངག ས་སྐྱབ་པ་ཀུན་བློ།


RTZ054_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མནན་གཏད་ཀྱི་སྦོང་བ་བཤིག་པའི་མན་ངག་བཞུགས་སོ། གཏད་ཉུལ་ཟངས་གླིང་མའི་ཟུར་འདེབས་བཀའ་རྒྱ་ཅན་དགེ


RTZ054_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཇིག་རྟེན་མགོན་པ་ལ་ཕྱག་འཚལ་ལོ། མ་འོངས་དུས་ཀྱི་སྙིགས་མ་ལ་དྲག་སྔགས་སྦྱོར་བ་རྦོད་གཏོང་གི་སྐམ་གཏད་རློན་གཏད་གང་ཡང་རུང་། བཤིག་པའི་འཁོར་ལོ་འདི་བྱའོ། གདམས་པ་ནི་ཐེབ་ལྡོག་བརྩིས་ལ། ཐེམ་པའི་དུས་སུ་སྐམ་ལ་བཅུག་པས། མནན་གཏད་སྐམ་ལ་བཅུག་པ་ཐམས་ཅད་དམ་ཚིག་གཅིག་པས་སྐམ་གཏད་ཀྱི་དུས་ལ་བཤིག་གོ། རློན་ལ་བཅུག་པས། ཀླུ་དང་བདུད་མོ་སོགས་གང་དུ་གནས་པར་བཅུག་པས་མནན་གཏད་དང་དམ་ཚིགས་གཅིག་པས། རློན་གཏད་ཀྱི་ནུབ་པ་ཐམས་ཅད་བཤིག་གོ །འདི་བཟློག་པའི་མཆོག་སྟེ། ཕ་རོ་ལ་གཤེད་འབེབས་སུའང་འགྲོའོ། ལན་གསུམ་དང་ལྔ་ལ་སོགས་པ་བསྐྱར་ཀྱང་རུང་ངོ་། འདིས་རྒྱུས་མེད་དུ་མནན་པ་བྱས་པ་ཐམས་ཅད་འདིས་བཟློག་པར་འགྱུར་རོ། གདམ་པ་འདི་ཡི་བཅའ་གཞི་ལ། གྲོ་ཤོག་གླུ་སྨན་གྱིས་བསྐུལ་བ་ལ་འཁོར་ལོ་གཉིས་བྱས་ཏེ། ཕོ་འཁོར་ནི་རུ་སྦལ་ལྟོ་བར་འཁོར་ལོ་རྩིབས་བརྒྱད། དེའི་ཕྱི་མ་མུ་ཁྱང་དང་བཅས་པའི་ལྟེ་བར། ཕུ་ཕུ། སྤུ་ཏ་སྤུ་ཏ། ཆེ་གེ་མོ་ལ་རྦོད་གཏོང་དང་མནན་འདྲེ་ཡོད་པ་ཟློག རྩིབས་བརྒྱད་ཀྱི་རྩིབས་རེ་རེ་ལ་ཕུ་ཕུ་གཉིས་གཉིས་བྲིའོ། རྩིབས་མཆན་


RTZ054_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཕ་རོལ་གནོད་བྱེད་ཀྱི་རྦོད་གཏོང་སྤུ་ཏ་སྤུ་ཏ། མནན་འདྲེ་མ་ཧཱ་ཀྲོ་ཏ་ཡ་ཧཱུྃ། སི་ཏི་སི་ཏི་ཏ་ཡ་ཧཱུྃ། མུ་ཁྱུད་ལ། ཕུ་མ་ནི་ས་ནི་ཨ་ལོ་གན་ཏེ་ཉེ་ས་ནི་ས་ཁེའི་ཁི་ནག་ལེ་ནག་ལེ། ཨ་གེ་ཨ་གེ། ནཱ་ག་རཱ་ཙ། ནཱ་ག་རཱ་ཙ། ཅོ་ཅོ། ཛི་ཙི། འདུ་ཤེ་འདུ་ཤེ། དུས་ཡ། དུས་ཡ། ནཱ་ག་རཱ་ཙ་ཆེ་གེ་མོ་ལ་རྦོད་གཏོང་དང་མནན་འདྲེ་ཡོད་པ་ཟློག་ཟློག ཅེས་བྲོ་མོ་འཁོར་ནི། རུ་སྦལ་ལྟོ་བར་པདྨ་འདབ་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར། ཆེ་གེ་མོ་ལ་རྦོད་གཏོང་དང་མནན་འདྲེ་ཟློག པདྨ་ལ་ཕུ་ཕུ་སི་ཏི་སི་ཏི། ཕུ་ཕུ་ཕཊ། ཕུ་ཕུ་ཟློག་ཟློག ཕུ་ཕུ་སི་ཏི་སི་ཏི། ཕུ་ཕུ་སྦོ་ཏ་སྦོ་ཏ། ཕུ་ཕུ་ཧཱུྃ། ཕུ་ཕུ་སྤོ་ཏ་ཡ། ཕུ་ཕུ་བྷད་ཏི། མུ་ཁྱུད་ཀྱི་སྔགས་ཕོ་དང་མཚུངས་པ་ལ། ཕོ་རྣལ་མ། མོ་བ་ཟློག་པར་འབྲིའོ། རུ་སྦལ་གཉིས་གན་རྐྱལ་སྐྱེ་མཆེད་དོད་པར་བྲིའོ། སྔགས་བྱང་དབུ་ཅན་ཆད་ལྷག་མེད་པར་གཅེས་སོ། སྔགས་རྣམས་ཀླུ་སྨན་དྲི་བཟང་པོས་བྱུག འདི་འཇུག་པའི་དུས་སུ་ཀླུ་ལ་གཏོང་མ་བཏང་མ་ཉེས་པའི་དབང་གཟུག བདེན་པ་བ་དང་ཞིང་གསེར་སྐྱེམས་ཀྱིས་མཆོད། བདག་ལ་གཞན་ཀྱིས་མནན་གཏད་ཕུང་ཤིག་གི་སྦྱོར་བ་ངན་པ་བྱས་པ་ཐམས་ཅད་


RTZ054_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཤིག་ཅིག དེ་དག་གི་སྦྱོར་བའི་འབྲས་བུ་མེད་པར་གྱིས་ཤིག ཀླུ་གཉན་ཡུལ་བདག་དྲེགས་པ་ཅན་ཁྱེད་རྣམས་དང་། བདག་གཉིས་འཁོན་མེད་ཅིང་བསྡུས་པར་བྱས་པ་ཡིན་ནོ། གཤེད་དང་བདུད་དུ་མ་མཛད་པར་ལྷ་དང་དཔལ་མཛོམ་ལ་ཞི་བ་དང་བདེ་ལེགས་སུ་མཛོད་ཅིག ཅེས་དམོད་བཅོལ་གང་ཤེས་བྱའོ། འཁོར་ལོ་གཉིས་ཞལ་སྦྱོར་དུ་བསྡེབ་ལ་འབྲུ་སྨན་དང་ཟབ་རཏྣ་དང་བཅས་གླང་རུར་བཅུག ཆུས་མི་འཇིག་པའི་བཅའ་ག་ལ་ཆས་ཁ་བསྡམ། གཏིང་རྡོ་དང་བཅས་ཆུར་བསྐྱུར་རོ། སྐམ་ལ་ཡང་གླང་རུར་བཅུས་པ་སྐམ་ལ་རྦད། དེ་ལྟར་བྱས་པས་སྦྱོར་བ་ངན་པ་ཐམས་ཅད་ཀྱི་ནུས་པ་འཇིག་པ་དང་རུལ་པ་དང་མེད་པར་འགྱུར་རོ། སྔགས་པ་ནང་རྒྱས་བྱུང་བའི་ཚེ། མཁས་པ་ཟངས་གླིང་དབང་ཕྱུག་གིས། ཌཱ་ཀི་མ་ཡི་བཀའ་དང་བསྟུན། མི་མཐུན་ཕྱོགས་རྣམས་བཟློག་པའི་ཕྱིར། བཤིག་འཁོར་ཞེས་སུ་གྲགས་པ་སྟེ། བཅས་ཆོག་མན་ངག་ཡིན་པའི་ཕྱིར། །བསྒོམ་དང་བཟླས་པ་འདིར་མི་དགོས། །འདི་ཉིད་སྤིར་གྱི་ཁ་བཞིན་དུ། །གཞན་དུ་མ་སྤེལ་ཁ་ཐམ་རྒྱ། རུ་དྲ་རྣམས་ཀྱིས་འདི་མཐོང་ན། །མཐུ་ལ་མི་འཇིགས་དཔའ་བོར་འགྱུར། །དེ་ཕྱིར་བསྟན་དགྲ་


RTZ054_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ལ་སྦ། ས་མ་ཡཱ། ཨྠྀི། གདར་ཧྲུལ་གྱི་ཞལ་ཤེས་ནི། དང་པོ་འཁོར་ལོ་ལེགས་པར་བྲིས་ལ་ཕོ་འཁོར་སྟེང་དང་མོ་འཁོར་འོག་ཏུ་བྱས་ལ་མགོ་ནས་བསྒྲིལ། ལྟེབ་ཚིགས་གང་བྱུང་ཕྲ་སེ་བྱས་པ་དེ། ཞེང་ཆེན་ལྟེ་བ་མ་ཆགས་པར་གཡས་གཡོན་གཉིས་ནས་བཀུག །ཚོན་སྐུད་སྔོ་དམར་གྱིས་རིམ་པ་གསུམ་དཀྲིས་ལ་བཅད། དེ་ནས་ཡང་རྒྱས་ཏུ་གསུམ་དཀྲིས་ལ་བཅད། དེ་ཡུགས་མའི་ཞབས་མ་འམ་རས་ནག་གིས་དྲིལ། ཚོན་སྐུད་གང་ལྟར་དཀྲིས། ལ་ཆས་མི་མངོན་པར་བསྟུ་མས། སྐྱེས་པ་དུ་ཡོད་ཀྱི་སྒྱིད་པ་ལ་ཕྱི་སྐོར་ལན་གསུམ་དྲང་། བུད་མེད་དུ་ཡོད་ཀྱི་སྒྱིད་པ་གཡས་ལ་ལན་གསུམ་བསྐོར། དེ་ནས་ཁྱིའི་རྐང་པ་གཡོན་ལ་ཕྱི་སྐོར་ལན་གསུམ། རང་འཐག་གི་ཡ་ཁེབས་ཟུར་བསླང་ནས་བུག་པ་ལ་ཕྱི་སྐོར་ཐང་གསུམ། དེ་གླང་རུར་བཅུག་ལ། གཡམ་པའམ་འདམ་གྱིས་ཁ་བཅད། དེ་སྟེང་ལ་ཆས་བཅད། དེ་རེ་བས་ཕུར། གྲེས་ཐག་གིས་བཅིང་། རང་ལ་རྣམ་རྟོག་ཡོད་པའི་མཚོ་ལ་ཅི་མང་བསྐྱུར། སྐམ་ལ་ཡང་ཁྱི་མགོ་གས་ཆག་མེད་པའམ། གླང་རུ་གང་རུར་དུ་གོང་བཞིན་བཅུག་ལ། ལ་བཙས་ལྷ་ཚུགས་མགོན་ཁང་གི་འགྲམ་སོགས་དོགས་པ་ཟ་


RTZ054_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སར་མནན། འཁོར་ལོའི་སྤེལ་ཚིག་ལ་རང་དང་སྦྱིན་བདག་གི་མིང་འབྲི་དགོས་ན་དེ་ཐར་བླ་རྩིས་བྱུགས། མ་བྲིས་ན་མི་བྱུགས། བསྐྱུར་དུས་རླུང་གཡས་ནས་རྒྱུ་བ་བྱུང་ན་བཟང་མ་བྱུང་ན་སྣ་གཡོན་བཀའག་ནས་གཡས་ལ་བསྒྱུར་བར་བྱ། འཁོར་ལོ་འབྲི་བ་དང་བསྐྱུར་བ་གཉིས་ཀ་གནམ་སྟོང་ལ་བྱ། སྒྲ་གཅན་བརྩི་ཚུལ་གཏོར་ཟློག་བཞིན། དཔང་གཟུ་བརྗོད་པར་གསུངས་པ་ནི་འདི་སྐད་བྱ་སྟེ། སྐྱགས་གནས་དམ་པ་རྣམས་དང་ཁྱད་པར་ས་ཕྱོགས་འདི་ན་གནས་པའི་ལྷ་ཀླུ་བདུད་བཙན་མ་མོ་ལ་སོགས་པ་དྲགས་བྱེད་ཅི་མཆིགས་ཐམས་ཅད་ཐུགས་མ་ཡེངས་པར་དགོངས་ཤིག བདག་དང་སྦྱིན་བདག་རྣམས་ནས་གནས་སྐབས་ཀུན་ཏུ་མཆོད་འོས་གཙུག་ཏུ་ཁུར། བསྐྱང་འོས་སྤུན་ཟླ་ལྟར་བསྐྱངས། །བྱམས་འོས་འགྲོ་བ་ཀུན་ལ་བརྩེ་སེམས་རྒྱུན་མི་ཆད་པར་བསྒོམས་པ་ཡིན་ཀྱང་། རྦོད་གཏོང་བྱང་མ་འཁོར་བཅས་ཀྱིས་གནོད་ཅིང་ལན་ཆགས་ནས་འདུག་ཏུ་མི་ལྟེར་བར་འདུག་གོ །བདག་དང་སྦྱིན་བདག་འཁོར་བཅས་ནས་བྱང་མ་རྣམས་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕོག་འགླ་དུ་འགྲོ་བ་སྤུ་ཙམ་བྱས་མིན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། འདིར་འདུས་དྲེགས་བྱེད་འཁོར་བཅས་ཀྱིས་ཟག་


RTZ054_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བྲག་མེད་མངོན་ཤེས་ཀྱིས་དགོངས་ཤིག གཟིགས་ཤིག བྱད་མ་རྣམས་ནས་ལུས་ཀྱི་བརྫས་བསོགས་ལུགས་སམ། ངག་གི་སྔགས་བཟླས་ལུགས་སམ། སེམས་ཀྱིས་དམིགས་པ་ཞེ་ངན་ཅི་བྱས་ཐམས་ཅད་ཁྱེད་རྣམས་གྱིས་མི་མཁྱེན་ཅིང་མི་གཟིགས་པ་སྐད་ཅིག་ཀྱང་མེད་པས། བདག་དང་སྦྱིན་བདག་འཁོར་བཅས་བདེན་པ་བདེན་ཐོག་ཏུ་ཐོན་ལ་མགོན་སྐྱབས་དཔུངས་གཉེན་མཛོད་ཅིག གདུག་ཅན་བྱད་མ་རྦད་འདྲེ་བཅས་པ་འཕྲལ་དུ་ཚར་གཅོད་རྗེས་བཟུང་མ་མཛད་ན་རང་གཞན་ཀུན་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་ཐར་དུས་མེད་པར་མ་ཟད་ལྷ་འདྲེ་དྲེགས་པ་ཅན་ཁྱེད་རྣམས་ཀྱང་ཉེས་མེད་སེམས་ཅན་གྱི་སྲོག་དབུགས་ལ་རྔམས་པ་ལས། གདུག་ཅན་འདི་དག་མྱུར་དུ་ཟོས་ན་ཟ་བའི་ཟ་གོ་དང་། བཏུང་བའི་བཏུང་གོ་ཆོད་པར་འདུག་པས་བྱད་མ་འཁོར་བཅས་ཀྱི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཀྱེད་རྣམས་ཀྱི་ཞལ་དུ་བསྟབ་པོ། གང་བཅོལ་ཕྲིན་ལས་ཐམས་ཅད་མྱུར་དུ་སྒྲུབས་ཤིག རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྲུང་ནོར་ལྷ། ལྷ་སྲིན་སྡེ་བརྒྱད། ཡུལ་ལྷ་གཞི་བདག བདག་དང་སྦྱིན་བདག་ལ་འགོ་བའི་ལྷ་ལྔ་འཁོར་དང་བཅས་པའི་


RTZ054_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བདེན་པ་དང་། རྒྱུ་འབྲས་བསླུ་བ་མེད་པའི་བཀའ༴ རྫས་སྔགས་ཏིང་ངེ་འཛིན་གྱིས་བཀའ༴ བདག་དང་སྦྱིན་བདག་འཁོར་བཅས་ཀྱི་ལུས་ངག་ཡིད་གསུམ་གྱི་སྟེང་ན་ཉེས་པ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་བྱད་མ་གདུག་ཅན་རྣམས་ནས་རྫས་སྔགས་ཏིང་ངེ་འཛིན་རྦད་འདྲེ་རྦོད་གཏོང་ན་གཡོ་འཕྲུལ་གསུམ་ཅི་དང་ཅི་བགྱིས་པ་ཐམས་ཅད་ལོ་ཟླ་ཞག་དང་ཟ་མ་མ་འགྱངས་པར་བྱད་མ་ལྷ་སྲུང་འཁོར་དང་བཅས་པ་ཐམས་ཅད་ཀྱི་སྟེང་དུ་ཟློག་ཅིག ཅེས་བརྗོད་ལ་ཐལ་མོ་ལན་གསུམ་བརྡབ། གསེར་སྐྱེམས་བཤམས་ལ་རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ། གསེར་སྐྱེམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་ཉིད་འབུལ་ཞིང་མཆོད་པའི་ཡུལ་དུ་གྱུར་པ་ནི། རྩ་བརྒྱུད་ཅེས་རྩི་འདིས་ཚིམས་ཤིང་མཉེས་ནས་བདག་དང་སྦྱིན་བདག་འཁོར་བཅས་ཀྱི་མགོན་སྐྱབས་དཔུར་གཉེར་མཛོད་ལ་ཡིད་ལ་བརྣག་པའི་བྱད་མ་རྦད་འདྲེ་འཁོར་བཅས་ཐལ་བའི་རྡུལ་དུ་བརླག་པའི་ཕྲིན་ལས་


RTZ054_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག ཅེས་བརྗོད་ལ་གསེར་སྐྱེམས་གཏོར། བདག་དང་སྦྱིན་བདག་འཁོར་བཅས་ལ་གཞན་ཀྱི་མནན་གཏད་ཕུང་ཤིས་སྦྱོར་བ་ངན་པ་ཤིག་ཅིག དེ་དག་གི་བསམ་སྦྱོར་འབྲས་བུ་མེད་པར་གྱིས་ཤིག ཀླུ་གཉན་དྲེགས་པ་ཅན་ཁྱེད་རྣམས་དང་བདག་དང་སྦྱིན་བདག་འཁོར་བཅས་འཁོན་མེད་ཅིང་བསྡུམ་པར་བྱས་པ་ཡིན་ནོ། གཤེད་དང་བདུད་དུ་མ་མཛད་པར་ལྷ་དང་དཔལ་དུ་མཛོད་ལ་ཞི་བ་དང་བདེ་ལེགས་སུ་མཛོད་ཅིག ཅེས་བརྗོད་ནས། རྭ་རྩེ་ཕར་བསྟན་ལ་མཚེར་བསྐྱུར་བའམ་ས་ཁུང་དུ་བཅུག ཕུ་མ་ནི་སི་ནི་ཨ་ལོ་ག་ན་ཏེ་སེ་ཁའི་ནག་ལེན་ག་ལེ་ཨ་གེ་ཨ་གེ་ནཱ་ག་རཱ་ཙ་ན་ག་རཱ་ཙ། ཙི་ཙི་ཛི་ཙི། འདུ་ཤེ་འདུ་པ་ཡ་འདུལ་ཡ། ན་ག་རཱ་ཙ། ཕ་རོལ་གྱི་རྦོད་གཏོང་མནན་གཏད་ཟློག་ཟློག ཅེས་བརྗོད་ལ་ས་ཁུང་མི་མངོན་པར་བྱའོ། ཞེས་མཁས་པ་ཟངས་གླིང་དབང་ཕྱུག་གི་གཏེར་གཞུང་ཉིད་གོང་དུ་སྨོས་ཤིང་སྤྱི་འགྲོའི་ཕྱག་ལེན་གྱི་མཐར་དབང་གཟུག་མན་ས་སྐྱབ་པ་ཀུན་བློས་གསར་རྩོམ་བགྱིས་པ་དགེ །ཡི་གེ་པ་ནི་གཞུ་ལུང་པའོ། འདི་ནི་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཀྱི་ཕྱིར་དུ་སྤར་གསར་དུ་བསྒྲུབས་པས་དབང་ལུང་གོ་གལ་དགོས་པ་ཡོད་དོ། སི་ཏུ་པདྨ་དབང་ཆེན་གྱིས་སོ།


previousམནན་གཏད་ཀྱི་སྦྱོང་བ་བཤིག་པའི་མན་ངག ས་སྐྱབ་པ་ཀུན་བློ།next