Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
སློབ་དཔོན་པདྨ་སཾ་བྷཱ་བས་མཛད་པའི་མི་ཁ་དགྲ་སྒྱུར་གྱི་གཏོ། རྟ་ནག་གི་གུ་རུ་རྣོན་རྩེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསློབ་དཔོན་པདྨ་སཾ་བྷཱ་བས་མཛད་པའི་མི་ཁ་དགྲ་སྒྱུར་གྱི་གཏོ། རྟ་ནག་གི་གུ་རུ་རྣོན་རྩེ།next

སློབ་དཔོན་པདྨ་སཾ་བྷཱ་བས་མཛད་པའི་མི་ཁ་དགྲ་སྒྱུར་གྱི་གཏོ། རྟ་ནག་གི་གུ་རུ་རྣོན་རྩེ།


RTZ054_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་པདྨ་སཾ་བྷཱ་བས་མཛད་པའི་མི་ཁ་དགྲ་སྒྱུར་གྱི་གཏོ་བཞུགས་སོ། །


RTZ054_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་གསུམ་ལ་ཕྱག་འཚལ་ལོ། །སྐྱེས་བུ་གང་ཞིག་མི་ཁ་སྨྲ་མཆུ་བབས་པས། ཆག་ཆེ་བ། ཉམ་ང་བ། གློ་བུར་གྱི་རྐྱེན་དང་གོད་ཁ་སྡང་བ་སོགས་ལ་གཏོ་བཅོས་ཟབ་མོས་སྒྱུར་བའི་མན་ངག་ནི། གཡང་གཞི་ནག་པོའི་སྟེང་དུ་འབྲུ་ནག་བྲ་བོ་བཀྲམ། དེའི་དབུས་སུ་མི་ཁ་བྱ་མཆུ་ནག་མོ་དར་ནག་གཡབ་པའི་གཟུགས་བྱ། དེའི་ཁོག་པར། ཨོཾ་མ་ཧཱ་ཀཱ་ལ་ཡ་སྭཱ་ཧཱ། སྲིད་པའི་གནས་ཁ། འབྱུང་པོའི་བབ་ཁ། གནོད་པའི་འདྲེ་ཁ། སྡང་བའི་སེམས་ཁ། བྱུང་བའི་བབ་ཁ། བྱམས་པའི་གཉེར་ཁ། ཁྲོམ་ཉེས་ཁ། མི་མང་གི་སྨྲ་ཁ་རྣམས་སྣོད་སྒྱུར་ཧྲིལ་སྭཱ་ཧཱ། ཞེས་བྲིས་པ་བཅུག །བྱ་སྤུ་སྣ་ཚོགས་ཀྱིས་བརྒྱན། མདུན་དུ་འབྲང་རྒྱས། མཐའ་སྐོར་དུ་ཚྭ་སྒོག་རམ་པ། གཡེར་མ། བྲ་བོ། ཟྭ་ལོ། སྦང་མ། སྲན་མ། ལ་ཕུག །བཙོད། ཚོས། བུལ་ཏོག ཆང་སྐྱེམས། གསེར་གཡུ་དུང་གསུམ། འགྲོན་བུ་མིག་མེད། ཁྲབ་བྱང་མིག་དགུ། སྲེ་ལོང་། ཡོས་ཚིག །ར་ལུག་གི་རུ་ཅོ། གོ་མགལ། གཞན་ཡང་ཆག་དགུ །གོག་བཅུ་ཐམས་ཅད་ཀྱིས་བསྐོར། མཐར་སྟག་པ་དང་གླང་མའི་ཤིང་ལ་དར་ཚོན་དང་བལ་ཚོན་སོགས་ཀྱིས་བརྒྱན་པ་བཙུགས། དེ་ནས་རང་ཉིད་ཡི་དམ་གང་བྱེད་ཀྱི་གཞུང་བསྲང་། གཏོར་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ་འདི་སྐད་གྱེར་བར་བྱའོ། །བྷྱོ༔ མི་ཁའི་རྒྱལ་མོ་བྱ་མཆུ་མ༔ ཁྱོད་ཀྱི་ལག་ཏུ་རྫོངས་བསྐུར་རོ༔ ཡས་དང་སོག་ལ་གཤེགས་སུ་གསོལ༔ རྒྱུ་


RTZ054_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཡོན་གྱི་བདག་པོ་ལ༔ དང་པོ་མི་ཁ་ག་ནས་བྱུང༔ བར་དུ་མི་ཁ་གང་དུ་བབས༔ མཐའ་མར་མི་ཁ་གང་ན་གནས༔ སྔོན་ཚེ་སྔོན་གྱི་དུས་འདི་རུ༔ ཆོས་རྒྱལ་རྒྱལ་པོ་དོན་གྲུབ་ལ༔ ལྷ་སྦྱིན་ལ་སོགས་བདུད་རྣམས་ཀྱིས༔ མི་ཁ་བྲ་མཆུའི་དམོད་བཏང་བས༔ ཐབས་ལ་མཁས་པའི་འཇམ་དཔལ་གྱིས༔ ལོ་བརྒྱད་ལོན་པའི་ཁྱེ་འུར་སྤྲུལ༔ མི་ཁ་སྣ་ཚོགས་ཡས་བསགས་ཏེ༔ མི་ཁ་སྣ་ཚོགས་བདེ་བྱས་པས༔ རྒྱལ་པོ་དོན་གྲུབ་འཁོར་བཅས་ཀྱང༔ མི་ཁ་དག་ལས་ཐར་པ་བཞིན༔ དེ་རིང་རྒྱུ་སྦྱོར་ཡོན་བདག་ཀྱང༔ མི་ཁ་དག་ལས་ཐར་གྱུར་ཅིག༔ དང་པོ་མི་ཁ་དེ་ལྟར་བྱུང༔ བར་དུ་མི་ཁ་གང་དུ་བབས༔ རྒྱལ་པོ་ཨིནྡྲ་བོ་དྷི་ལ༔ སྐྱེ་བོ་ཡོངས་ཀྱི་མི་ཁ་འདུས༔ རྨི་ལྟས་མཚན་ངན་སྣ་ཚོགས་བྱུང༔ རྒྱལ་པོ་ཆེན་པོ་ཐུགས་ཁྲོས་ཏེ༔ ཐབས་ལ་མཁས་པའི་སློབ་དཔོན་དང༔ མཁན་པོ་བོ་དྷི་སཏྭ་ཡིས༔ མི་ཁ་བྲ་མཆུའི་ཡས་བསགས་ཏེ༔ ལམ་གྱི་བཞི་མདོར་བོར་བྱས་པས༔ རྒྱལ་པོ་ཨིནྡྲ་བོ་དྷི་ཡང༔ མི་ཁ་དག་ལས་ཐར་པ་བཞིན༔ དེ་རིང་རྒྱུ་སྦྱོར་ཡོན་བདག་ཀྱང༔ མི་ཁ་དག་ལས་ཐར་གྱུར་ཅིག༔ དེ་ནས་མི་ཁ་གང་དུ་བབས༔ པ་གོར་བཻ་རོ་ཙ་ན་ལ༔ རྒྱ་གར་ཡོངས་ཀྱི་མི་ཁ་འདུས༔ མཚན་ལྟས་ངན་པ་སྣ་ཚོགས་བྱུང༔ སློབ་དཔོན་ཤྲཱི་སིཾ་ཧ་ཡིས༔


RTZ054_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁ་བྲ་མཆུའི་ཡས་བསགས་ཏེ༔ ལམ་རྒྱའི་བཞི་མདོར་བོར་བྱས་པས༔ པ་གོར་བཻ་རོ་ཙ་ན་ཡང༔ མི་ཁ་དག་ལས་ཐར་པ་བཞིན༔ དེ་རིང་རྒྱུ་སྦྱོར་ཡོན་བདག་ཀྱང༔ མི་ཁ་དག་ལས་ཐར་གྱུར་ཅིག༔ དེ་ནས་མི་ཁ་གང་དུ་བབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ བློན་པོ་རྣམས་ཀྱི་མི་ཁ་འདུས༔ མཚན་གསུམ་མི་ཁ་སྣ་ཚོགས་རྨིས༔ ཉིན་གསུམ་རྒྱལ་པོ་ཐུགས་མ་དགྱེས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མི་ཁ་སྣ་ཚོགས་ཡས་བསགས་ཏེ༔ ལམ་གྱི་བཞི་མདོར་བོར་བྱས་པས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡང༔ མི་ཁ་དག་ལས་ཐར་པ་བཞིན༔ དེ་རིང་རྒྱུ་སྦྱོར་ཡོན་བདག་ཀྱང༔ མི་ཁ་དག་ལས་ཐར་གྱུར་ཅིག༔ དེ་ནས་མི་ཁ་གང་དུ་བབས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ༔ མི་ཁ་བྲ་མཆུ་འདུས་སོ་ཟེར༔ དེ་ལ་སྔགས་འཆང་བདག་གིས་ནི༔ མི་ཁ་བྲ་མཆུའི་ཡས་བསགས་ཏེ༔ ལམ་གྱི་བཞི་མདོར་བོར་བྱས་པས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱང༔ མི་ཁ་དག་ལས་ཐར་གྱུར་ཅིག༔ ཅི་བསམ་ཐམས་ཅད་འགྲུབ་པར་ཤོག༔ ཐ་མར་མི་ཁ་གང་དུ་བབས༔ བྱ་རུ་མི་བཏུབ་བཀྲ་མི་ཤིས༔ འདྲེ་ངན་ཡོད་པའི་ས་ལ་གནས༔ ཁ་མཆུ་བཀྲ་མི་ཤིས་པ་གཏོང༔ ཡ་ཆ་གཏམ་ཤོལ་སྣ་ཚོགས་བྱེད༔ མི་ཁ་བྲམ་ཆུ་མཐུ་རྩལ་


RTZ054_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཅན༔ བྲག་དང་ཐུག་ན་རྨང་ནས་དྲལ༔ མཚོ་དང་ཐུག་ན་གཏིང་ནས་སྐེམ༔ མི་དང་ཐུག་ན་ཡ་བྲལ་གཏོང༔ མི་ཁ་གཏམ་རྡོལ་སྣ་ཚོགས་གཏོང༔ སྐྱེ་འགྲོའི་སྲོག་ལ་རྒོལ་བར་བྱེད༔ རྡོ་རྗེ་ལྟ་བུའི་སྲ་མཁྲེགས་ཀྱང༔ མི་ཁས་མྱུར་དུ་འཇིག་པར་བྱེད༔ དེ་བས་མི་ཁ་མཐུ་རྩལ་ཅན༔ འདི་རུ་མ་འདུག་གཞན་དུ་དེངས༔ ༈ དེ་ནས་མི་ཁ་གང་དུ་བྷྱོ༔ བཀྲ་མི་ཤིས་དང་བྱར་མ་བཏུབ༔ མོ་ལོ་ངན་པའི་སྟེང་དུ་བྷྱོ༔ མཁའ་ལྟར་བྷྱོ་ལ་སེར་ལྟར་འགྲིམ༔ སྔགས་འཆང་བདག་གི་བཀའ་མ་གཅོག༔ དཀོན་མཆོག་གསུམ་གྱི་དམ་མ་འདའ༔ དེ་ནས་མི་ཁ་གང་དུ་བྷྱོ༔ ཁྱིམ་སྒོ་ལམ་སྲང་འདི་ཉིད་དུ༔ ཕ་དང་བུ་ཡི་བདུད་ལངས་ཏེ༔ ཕ་ཚན་ནང་གི་རྒྱ་འདྲེ་ལངས༔ ཕ་ཚན་གཞན་ལ་བྷྱོ་སྟེ་གཏོང༔ ཕ་ཚན་གཞན་ལ་མི་བྷྱོ་རུ༔ དང་པོ་མི་ཁ་གཅིག་གི་བུ༔ ད་ལྟ་ཁྱིམ་གཅིག་བཞིན་དུ་འགྲོགས༔ ཕ་དང་བུ་ལ་བཟང་ངན་མེད༔ དེ་བས་ཕ་ཚན་གཞན་ལ་བྷྱོ༔ ད་ནི་བྷྱོ་བ་གང་དུ་བྷྱོ༔ ཁྱིམ་སྒོ་ལམ་སྲང་འདི་ཉིད་དུ༔ འབངས་ལ་རྗེ་ཡི་བཀའ་བྱུང་ཏེ༔ ཡུལ་མི་ཡོ་ཞལ་བྱུང་བ་དང༔ ཡུལ་མིའི་ཟླ་ལ་བྷྱོ་སྟེ་གཏོང༔ ཡུལ་མི་ནང་དུ་མི་བྷྱོ་རུ༔ དང་པོ་རྗེ་བོ་གཅིག་གི་འབང༔ སྨྲེང་དང་གྲོས་རྣམས་གཅིག་ཏུ་བྱེད༔ རྗེ་གཅིག་འབངས་ལ་ཉེ་རིང་མེད༔ དེ་བས་ཡུལ་མའི་ཟླ་ལ་བྷྱོ༔ ད་ནི་བྷྱོ་བ་གང་དུ་བྷྱོ༔ ཁྱིམ་སྒོ་ལམ་སྲང་འདི་དག་


RTZ054_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ༔ ཡུལ་བདག་ཕུང་འདྲེའི་ནད་བྱུང་སྟེ༔ སྲིད་སྡེ་རྒྱ་འདྲེ་བྱུང་བ་ན༔ སྲིད་སྡེ་རང་གི་ཡུལ་དུ་བྷྱོ༔ སྲིད་སྡེའི་ཡུལ་དུ་མི་བྷྱོ་རུ༔ དང་པོ་ཐ་ཚིག་གཅིག་ཏུ་བྱས༔ ད་ལྟ་བློ་གྲོས་གཅིག་ཏུ་བྱེད༔ གྲོས་གཅིག་མི་ལ་བཟང་ངན་མེད༔ དེ་བས་སྲིད་སྡེའི་ནང་དུ་བྷྱོ༔ ད་ནི་བྷྱོ་བ་གང་དུ་བྷྱོ༔ ཁྱིམ་སྒོ་ལམ་སྲང་འདི་དག་ཏུ༔ གྲོང་པའི་བུ་ཚ་མི་ཁ་ལངས༔ སྨྲ་མཆུ་ཡོ་ལངས་བྱུར་ཆག་ཆེ༔ ཁྱིམ་མཚེས་རང་གི་སྟེང་དུ་བྷྱོ༔ ཁྱིམ་མཚེས་རང་ལ་མི་བྷྱོ་རུ༔ ཆུ་དང་རྫས་རྣམས་གཅིག་ཏུ་བྱེད༔ འགྲོ་འདུག་མལ་སྟབས་གཅིག་ཏུ་བྱེད༔ མི་གཅིག་མི་ལ་སྔ་ཕྱི་མེད༔ དེ་བས་ཁྱིམ་མཚེས་རང་ལ་བྷྱོ༔ ད་ནི་བྷྱོ་བ་གང་དུ་བྷྱོ༔ ཁྱིམ་སྒོ་ལམ་སྲང་འདི་དག་ཏུ༔ ཆེ་དང་ཆུང་གི་སྲི་ལངས་པས༔ ན་མཉམ་དེ་ཡི་བྱོལ་སོ་བྱུང༔ ན་མཉམ་དེ་ཡི་ནང་ལ་བྷྱོ༔ ན་མཉམ་ནང་དུ་མི་བྷྱོ་རུ༔ མཐུན་པའི་ལོ་ནི་གཅིག་ཏུ་སྐྱེས༔ སྡོད་པའི་རྩེ་སྲོགས་སྡོང་སྟབས་གཅིག༔ ཆེ་སྐྱེད་ཀུན་ཚང་གཅིག་ཏུ་བྱེད༔ ཚང་གཅིག་མི་ལ་རྒན་གཞོན་མེད༔ དེ་བས་ན་མཉམ་ནང་ལ་བྷྱོ༔ ད་ནི་བྷྱོ་བ་གང་དུ་བྷྱོ༔ ས་བདག་རྒྱལ་པོ་དེ་ལ་བྷྱོ༔ ཞང་བློན་དྲག་པོ་དེ་ལ་བྷྱོ༔ ཕུང་ཁྱིམ་སྲིད་སྡེ་རྣམས་ལ་བྷྱོ༔ བྲན་དང་ཕས་རྒོལ་དེ་ལ་བྷྱོ༔ ཡང་ན་འོག་གི་རྟ་ལ་བྷྱོ༔ ཡང་ན་སྒོ་ཡི་ཁྱི་ལ་བྷྱོ༔ ཡང་ན་ཞིང་གི་མུ་ལ་བྷྱོ༔ ༈ ད་ནི་ཟློག་པ་གང་ཞིག་


RTZ054_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ ཡས་ཀྱི་བདུད་གཡོས་ཐམས་ཅད་ཀྱང༔ མི་ཁ་བྲ་མཆུ་འདི་ཡིས་ཟློགས༔ དྲང་སྲོང་གཟའ་ཡི་ཀི་ཀཾ་ཡང༔ མི་ཁ་བྲ་མཆུ་འདི་ཡིས་ཟློགས༔ མ་མོའི་ཁྲག་ནད་ཐམས་ཅད་ཀྱང༔ མི་ཁ་བྲ་མཆུ་འདི་ཡིས་ཟློགས༔ ཐེའུ་རང་སྲིས་ལ་རྐུ་བ་ཡང༔ མི་ཁ་བྲ་མཆུ་འདི་ཡིས༴ ཐོ་རངས་སྒོ་ཁྱི་ངུ་བ་ཡང༔ མི་ཁ་བྲ་མཆུ་འདི་ཡིས༴ ནམ་ཕྱེད་འོག་རྟ་འཚེར་བ་ཡང༔ མི་ཁ་བྲ་མཆུ་འདི་ཡིས༴ སྲོད་ལ་བྱ་ཕོ་འཚེར་བ་ཡང༔ མི་ཁ་བྲ་མཆུ་འདི་ཡིས༴ ལོ་ཀེག་ཟླ་ཀེག་ཞག་ཀེག་དང༔ བུད་མེད་དམོད་ངན་འདེབས་པ་ཡང༔ མི་ཁ་བྲ་མཆུ་འདི་ཡིས༴ མི་ཡི་ནད་དང་འཚེ་བ་དང༔ ཕྱུགས་ཀྱི་གོད་སྲི་ཐམས་ཅད་ཀྱང༔ མི་ཁ་བྲ་མཆུ་འདི་ཡིས༴ གཟའ་སྐར་ལམ་ལྟས་མཚན་མ་ངན༔ མོ་དང་པྲ་ངན་ཐམས་ཅད་ཀྱང༔ མི་ཁ་བྲ་མཆུ་འདི་ཡིས་ཟློགས༔ ཟློགས་ཤིག་སྡང་བའི་དགྲ་ལ་བྷྱོ༔ སྒྱུར་ཅིག་གནོད་པའི་བགེགས་ལ་སྒྱུར༔ ༈ ད་ནི་བྷྱོ་ལམ་གཏད་པ་སྟེ༔ བྷྱོ་ནི་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་ནི་གནོད་པའི་བགེགས་ལ་བྷྱོ༔ སྡང་བའི་དགྲ་ལ་བྱོལ་བའི་ཚེ༔ ཡུལ་མཁར་ཁྱིམ་ཡང་རྒྱ་གྲམ་འཇིག༔ ཞིང་གི་ལོ་ཡང་གཏན་མི་སྐྱེ༔ བུ་ཚ་རིགས་རྒྱུད་རྩད་ནས་ཆད༔ གནོད་པའི་བགེགས་ལ་བྱོལ་བའི་ཚེ༔ གནམ་ལྷ་དཀར་པོ་ཁྲག་ཏུ་སྐྱུག༔ བྱིས་པ་ཡཀྵ་འདར་ཞིང་བརྒྱལ༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ ཕུ་ན་ཤ་ཕོ་རུ་འཛིངས་བདུད་ཀྱི་བྱོལ༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ བྱ་རོག་སྡེར་འཛིངས་


RTZ054_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་བྱོལ༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ གཡག་པོ་རུ་འཛིངས་དམུ་ཡི་བྱོལ༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ གོང་ཤ་སྣ་བཞི་ཀླུ་ཡི་བྱོལ༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ སྲོད་ལ་སྲིན་བྱ་ཀྱུང་ཀྱུང་ཟེར༔ གཤིན་རྗེའི་མཐུ་ཁ་ཟུག་པ་ཡིན༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ སྒོ་རྩར་གླ་བ་སྦར་གྱིས་འདེབས༔ རོག་པོ་བཙན་གྱི་ལྟས་ངན་ཡིན༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ ཐོ་རངས་འུག་པ་གད་མོ་རྒོད༔ འགོང་པོ་ཀུན་གྱི་ལྟས་ངན་ཡིན༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ དུར་བྱ་སྲེག་པ་ཁྱིམ་དུ་བྱུང༔ གཟའ་བདུད་ཀུན་གྱི་ལྟས་ངན་ཡིན༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ བྱི་འུ་ཞང་ཞུང་གོ་ཁར་སླེབས༔ བདུད་གཅོད་ཕོ་མོའི་ལྟས་ངན་ཡིན༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ མི་སྲིད་ཕྱུགས་ལ་མཚེ་མ་བྱུང༔ མ་མོའི་ཁྲག་ཟོར་ལངས་པ་ཡིན༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ ཝ་མོ་སྐད་ངན་འདོན་པ་ཡང༔ བཙན་གྱི་ཕྲིན་ངན་བྱུང་བ་ཡིན༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ བྷྱོ་ཟློག་སྒྱུར་རོ་མི་ཁ་སྒྱུར༔ ཕོ་བརྒྱས་གཡས་སུ་མདའ་འཕེན་ཟློགས༔ མོ་བརྒྱས་གཡོན་དུ་དུག་གཡོས་ཟློགས༔ བྱིས་པའི་གདོན་ཆེན་བཅོ་ལྔ་ཟློགས༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློགས༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློགས༔ བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློགས་ཤིག༔ ཞེས་བརྗོད་ཅིང་དྲག་སྔགས་བཟླ། ཐུན་གྱིས་


RTZ054_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བྲབ། ཡས་སྟགས་རྣམས་ཁང་མགོ་མི་མཐོང་བའི་སར་བསྐྱལ། ཕྱི་མིག་མི་བལྟ་བར་ལོག །སྲུང་འཁོར་བསྒོམ་ཞིང་བཀྲ་ཤིས་བརྗོད་དོ། །ཞེས་སློབ་དཔོན་པདྨ་སཾ་བྷཱ་བས་མངའ་བདག་རྒྱལ་པོའི་དོན་དུ་མཛད་ཅིང་། རྟ་ནག་གི་གུ་རུ་རྣོན་རྩེས་་་་༼པདྨ་བཀའ་ཐང་ལས། ཨ་ཡ་བོན་པོ་ལྷ་འབུམ་ཞེས་གསུངས་པ་དེའོ།་་་༽གཏེར་ནས་སྤྱན་དྲངས་པ་བཀླག་ཆོག་ཏུ་བྲིས་པའོ། །མངྒ་ལཾ།། །།


previousསློབ་དཔོན་པདྨ་སཾ་བྷཱ་བས་མཛད་པའི་མི་ཁ་དགྲ་སྒྱུར་གྱི་གཏོ། རྟ་ནག་གི་གུ་རུ་རྣོན་རྩེ།next