Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་འདོད་ཆགས་རྡོ་རྗེའི་ཤོག་དྲིལ། གཏེར་སྟོན་མ་ཀུན་དགའ་འབུམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་འདོད་ཆགས་རྡོ་རྗེའི་ཤོག་དྲིལ། གཏེར་སྟོན་མ་ཀུན་དགའ་འབུམ།next

རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་འདོད་ཆགས་རྡོ་རྗེའི་ཤོག་དྲིལ། གཏེར་སྟོན་མ་ཀུན་དགའ་འབུམ།


RTZ055_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ འདོད་ཆགས་རྡོ་རྗེའི་ཤོག་དྲིལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཌཱ་ཀི་ནཱི༔ དཔལ་པདྨ་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ འདོད་ཆགས་ལམ་དུ་ཁྱེར་བ་འདི་ལ་དོན་གཉིས་ཏེ༔ རྒྱུ་དང་རྐྱེན་གཉིས་སོ༔ དེ་ལ་དང་པོ་རྒྱུ་རང་ལ་བརྟེན་པའི་འདོད་ཆགས་ལ་ཡང་གཉིས་ཏེ༔ གཞི་ཉོན་མོངས་ཀུན་གཞིའི་འདོད་པ་དང༔ དེ་ལ་བརྟེན་ནས་འཁྲུལ་པ་མ་རིག་པའི་འདོད་པའོ༔ ཉོན་མོངས་ཀུན་གཞིའི་འདོད་པ་དེ་ནི༔ ཡེ་གདོད་མ་ནས་རང་བཞིན་གྱིས་དག་པ་གཅིག་ཡིན་ཏེ༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ༔ སེམས་ཅན་ཀུན་ལ་ཁྱབ་པ་འདི་ཡིན་ཏེ༔ སངས་རྒྱས་ཀྱིས་མ་བཅོས༔ སེམས་ཅན་གྱིས་མ་བསླད༔ གློ་བུར་གྱི་དྲི་མ་དང་བྲལ་བ་གཅིག་ཡིན་པ་ལ༔ དེ་ངོ་མ་ཤེས་པས་ཉོན་མོངས་པའི་འདོད་པ་སྐྱེས་ནས༔ འཁྲུལ་པ་མ་རིག་པའི་འདོད་པ་ལ་བརྟེན་ནས༔ ཕྱི་རོལ་ཡུལ་སྣང་གི་དངོས་པོ་ལ་འདོད་པ་སྐྱེས་ཏེ༔ དུག་ལྔ་དུག་གསུམ་དུ་ཤར་ཏེ༔ འཁོར་བ་ན་འཁྱམས་པའོ༔ དེ་ལ་དང་པོ་གཞི་རང་ལ་བརྟེན་པའི་འདོད་པའི་མཁན་པོ་རྩད་གཅད་པ་ནི༔ ཕྱིའི་ཡུལ་སྣང་དུ་བུད་མེད་ཡིད་དུ་འོང་བའམ༔ རང་དང་


RTZ055_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མཐུན་པ་ལ་སོགས་དང་འཕྲད་པའམ༔ མཐོང་བའི་དུས་སུ༔ དེ་ཡིད་ལ་འདོད་ན༔ དེ་ལ་ངོ་བོ་ཅི་འདུག༔ གཟུགས༔ ཁ་དོག༔ དངོས་པོ་ཅི་འདུག་ལེགས་པར་ཐག་བཅད༔ དེ་ཐོབ་པ་ལ་ཡོན་ཏན་ཅི་འདུག༔ མ་ཐོབ་པ་ལ་ཤོར་རྒྱུ་ཅི་འདུག༔ འདོད་མཁན་ལ་ཐག་བཅད༔ དེ་ལ་གཟུགས་ཁ་དོག་དངོས་པོ་ཅི་ཡང་མ་རྙེད་པར་དེ་འདོད་པའི་མཁན་པོ་རང་གི་སེམས་སུ་ཐག་ཆོད་ཅིང་ངོ་ཤེས་ཙ་ན༔ ཕྱི་རོལ་གྱི་ཡུལ་སྣང་ལ་འདོད་པ་སྐྱེས་པ་ཐམས་ཅད༔ རང་གི་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ༔ དོན་ལོགས་ན་གཅིག་ཀྱང་མེད་པར་ཤེས་ཏེ༔ ཕྱི་རོལ་གྱི་ཡུལ་སྣང་གིས་ཚུར་ཡོངས་ནས་རང་ལ་གནོད་མ་བསྐྱལ༔ རང་གིས་ཕར་ཕྱིན་ནས་ཡུལ་སྣང་ལ་ཕན་མ་བཏགས༔ ངོ་རང་ཐོག་ཏུ་འཕྲོད་ནས༔ འདོད་པའི་མཁན་པོ་ངོ་བོ་རང་སྟོང་དུ་ངོས་གཟུང་མེད་པར་འཆར༔ དེ་ཙ་ན་འདོད་པའི་མཁན་པོ་རྩད་ཆོད་པ་ཡིན་ནོ༔ མཁན་པོ་རྩད་ཆོད་ཙ་ན༔ ཕྱི་རོལ་དུ་བུ་མོ་ལ་སོགས་པ་ལེགས་པ་ཅི་མཐོང་ཡང༔ རང་སྣང་དུ་ངོ་ཤེས་ཏེ་དབྱེར་མེད་དུ་ཁྲོལ་གྱིས་འགྲོ༔ དེ་ཙ་ན་སྣང་བ་འདོད་ཆགས་པའི་མཁན་པོ་རང་སྣང་དུ་རྟོགས་པས༔ ཕྱིའི་ཡུལ་སྣང་སེམས་སུ་ངོ་འཕྲོད༔ ཡུལ་སྣང་


RTZ055_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སུ་ངོ་འཕྲོད་པས༔ སྤང་བྱ་དང་དགག་སྒྲུབ་རང་སར་དག་སྟེ༔ ཕྱིའི་ཡུལ་རྐྱེན་གྱི་སྣང་བ་ཐམས་ཅད་གྲོགས་སུ་ཤར་ནས༔ རང་ལ་བརྟེན་པའི་འདོད་པ་ངོ་འཕྲོད་པའོ༔ སྤང་བླང་གི་མཐའ་དང་བྲལ་བ་ཡིན་ནོ༔ རྐྱེན་ཡུལ་སྣང་ལ་བརྟེན་ནས་ཆགས་པ་ནི༔ དེ་ལ་དོན་ལྔ་སྟེ༔ དབང་པོའི་སྒོ་ལྔ་ལ་བརྟེན་ནས༔ མིག་གཟུགས་ལེགས་པ་ལ་ཆགས༔ རྣ་བ་སྒྲ་སྙན་པ་ལ་ཆགས༔ སྣ་དྲི་ཞིམ་པ་ལ་ཆགས༔ ལྕེ་རོ་མངར་བ་ལ་ཆགས༔ ལུས་རེག་བྱ་འཇམ་པ་ལ་ཆགས༔ དེ་ལ་ཕྱིའི་རྐྱེན་ལ་བརྟེན་པའི་སྣང་བའི་ཡུལ་ལ་ཆགས་པ་ཐམས་ཅད༔ ནང་སྒོ་ལྔ་རིག་པའི་རྩལ་དུ་ངོ་མ་ཤེས་པས༔ དེ་ལ་ཆགས་པ་སྐྱེས་པས༔ སེམས་ཅན་གྱིས་རིགས་དྲུག་སོ་སོའི་སྡུག་བསྔལ་མྱོང་སྟེ༔ སེམས་ཉིད་འཁོར་བར་འཁྱམས་པའོ༔ དེ་ལ་དང་པོ་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་རང་སེམས་སུ་ཐག་བཅད་དོ༔ སེམས་ཉིད་སྟོང་པ་ཉིད་དུ་ཐག་བཅད་དོ༔ སེམས་སྟོང་པ་ཉིད་དུ་ཐག་ཆོད་ཙ་ན༔ ཕྱི་ཡུལ་རྐྱེན༔ ཡུལ་སྣང་ཐམས་ཅད་སྟོང་པར་ཤེས་སོ༔ དེ་ཙ་ན་ཕྱི་ཡུལ་རྐྱེན་ཐམས་ཅད་སེམས་སུ་ཤེས་པས༔ ཕྱི་ཡུལ་རྐྱེན་ཆགས་པའི་ཡུལ་དུ་ཤེས༔ ཡུལ་སྣང་སེམས་སུ་ཤེས༔ གཉིས་ཀ་གཉིས་


RTZ055_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་ཤེས༔ དེ་ཙ་ན་ཕྱི་རོལ་སྣང་བའི་ཡུལ་ལ་ཆགས་པ་ཐམས་ཅད་རང་གི་རིག་པ༔ སེམས་ཀྱི་རྩལ་དུ་མ་གྱུར་པ་གཅིག་ཀྱང་མེད་དོ༔ འདོད་ཆགས་ཆུ་ལྟར་དུ་གཡོ་ཡང་ཨའུ་ཙི༔ ཐམས་ཅད་ཆོས་ཉིད་ཀྱི་ཡོ་ལང་ཡིན་ནོ༔ དཔེ་ཅི་དང་འདྲ་ན༔ མེ་འབར་བ་ལ་ཤིང་བསྣན་པ་དང་འདྲའོ༔ འདོད་ཆགས་ཀྱི་རང་བཞིན་ཆོས་སྐུ་ཡིན༔ འདོད་ཆགས་ཀྱི་རང་བཞིན་བདེ་བ་ཡིན༔ འདོད་ཆགས་ཀྱི་རང་བཞིན་ཡེ་ཤེས་ཡིན༔ དེ་ཙ་ན་ཕྱི་རོལ་ཆགས་པའི་ཡུལ་སྣང་ལ༔ སྤང་རྒྱུ་གཅིག་ཀྱང་མེད་དོ༔ ནང་རིག་པའི་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་འགག་པ་མེད་པ༔ གསལ་བ་དེ་ཆོས་སྐུ་ཡིན༔ ནང་རིག་པ་ཆོས་སྐུར་ངོ་ཤེས་ཙ་ན༔ ཕྱིའི་ཡུལ་སྣང་དུ་འདོད་ཆགས་སྐྱེས་པ་ཐམས་ཅད༔ ནང་རིག་པ་ཆོས་སྐུའི་རྩལ་ཡིན་ནོ༔ དེ་ངོ་ཤེས་ཙ་ན་འདོད་ཆགས་ལམ་གྱི་ལྷོང་དུ་གྱུར་པ་ཡིན་ནོ༔ དུག་ལྔའི་ནང་ནས་འདོད་ཆགས་འདི༔ འབྱུང་བ་ལྔ་དང་སྦྱར་ན་མེ་ཡིན་ནོ༔ ཁམས་ལྔའི་ནང་ནས་མེའི་ཁམས་ཡིན་ནོ༔ སྐུ་ལྔའི་ནང་ནས་སྣང་བ་མཐའ་ཡས་ཡིན་ནོ༔ སྟོང་པ་ལྔའི་ནང་ནས་གསལ་སྟོང་ཡིན་ནོ༔ ཡེ་ཤེས་ལྔའི་ནང་ནས་སོར་རྟོག་ཡེ་ཤེས་ཡིན་ནོ༔


RTZ055_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལྔའི་ནང་ནས་དམར་པོ་ཡིན་ནོ༔ ཞིང་ཁམས་ལྔའི་ནང་ནས་བདེ་བ་ཅན་ཡིན་ནོ༔ འདོད་ཆགས་ལམ་དུ་ཁྱེར་བའི་གདམས་པ་འདི༔ ལམ་མྱུར་མ་བསྒོམ་པར་སངས་རྒྱ་བ༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་པ༔ གདམས་པའི་ཁྱད་པར་རོ༔ འདོད་ཆགས་རྡོ་རྗེའི་ཤོག་དྲིལ་ཞེས་བྱ་བ་ལགས་སོ༔ ཡུམ་རྡོ་རྗེ་ཕག་མོས་དུར་ཁྲོད་སོ་སའི་གླིང་དུ་ཡེ་ཤེས་མཚོ་རྒྱལ་ལ་གནང༔ མཚོ་རྒྱལ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་གཏེར་དུ་སྦས་སོ༔ བཀའ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའོ། །ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་སོ།། །།


previousརྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་འདོད་ཆགས་རྡོ་རྗེའི་ཤོག་དྲིལ། གཏེར་སྟོན་མ་ཀུན་དགའ་འབུམ།next