Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་ཆེན་སྡེ་གསུམ་གྱི་བསྐྱེད་རྫོགས་གནད་དྲིལ། མཁྱེན་བརྩེའི་དབང་པོ།
   
   
   


 
previousརྫོགས་ཆེན་སྡེ་གསུམ་གྱི་བསྐྱེད་རྫོགས་གནད་དྲིལ། མཁྱེན་བརྩེའི་དབང་པོ།next

རྫོགས་ཆེན་སྡེ་གསུམ་གྱི་བསྐྱེད་རྫོགས་གནད་དྲིལ། མཁྱེན་བརྩེའི་དབང་པོ།


RTZ055_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་སྡེ་གསུམ་གྱི་བསྐྱེད་རྫོགས་གནད་དྲིལ་བཞུགས། །དོན་དམ་སྐྱབས་སེམས་ཡན་བདུན་འབུལ༔ ཏིང་གསུམ་བསྒོམ་པའི་ཧྲཱིཿཡིག་ལས༔ འབྱུང་བཞི་གཞལ་ཡས་ཁྲི་གདན་བསྐྱེད༔ ཤྲཱི་སིཾ་ཧ་དཀར་སྨུག་མདོག༔ གྲུབ་པའི་ཆ་ལུགས་རྡོར་དྲིལ་འཛིན༔ རིན་ཆེན་དར་སྟག་རུས་པས་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་འཁྱུད་བསྒོམ༔ དབང་བསྐུར་འགུག་བསྟིམ་བཞུགས་ཕྱག་མཆོད༔ བསྟོད་ལ་ཐུགས་དབུས་ཟླ་ཧྲཱིཿའི་མཐར༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཚོགས་འཁོར་རྗེས་བསྡུ་རྒྱུན་སྤྱོད་བྱ༔ འདི་ནི་མན་ངག་སྤྱི་ལ་གཅེས༔ ཀུན་གྱི་སྤྱི་དྲིལ་ཆེན་པོ་འོ༔ བྱང་བུ་རྣམས་ཀྱིས་བརྒྱན་བྱས་ཏེ༔ ཕྲིན་ལས་ནར་མར་བརྩོན་པར་བྱ༔ བསྐྱེད་རིམ་སྤྱི་ལ་གཅེས་པ་འོ༔ ས་མ་སྟྵཧྱ༔ ཤྲཱི་སིཾ་ཧའི་སྙིང་ཐིག་འདི༔ གུ་རུ་རྗེ་ལ་ལུང་ཞུས་ཏེ༔ ལས་ཅན་དོན་དུ་ཁོ་མོས་བརྗོད༔ ཟུར་མཁར་མེ་ཏོག་སྒྲོན་གྱིས་བྲིས༔ ལ་བསེའི་སྒྲོམ་དུ་བཞག་ནས་སུ༔ བོད་ཀྱི་ཤོད་བཞིའི་ཡ་གྱལ་སྟོད༔ གུ་རུ་པདྨའི་སྒྲུབ་གནས་མཆོག༔ འཛོམ་གྱི་བྲག་ལ་ཨ་ཐཾ་རྒྱ༔ ལྷ་སྲས་ཡེ་ཤེས་རྩལ་ལ་སྤྲོད༔ ༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཤྲཱི་སིངྷའི་མན་ངག་གནད་གདམས་བཞུགས་སོ༔ ན་མོ་གུ་རུ༔ ཨེ་མ་ཁོ་མོ་མཚོ་རྒྱལ་གྱིས༔ གུ་རུ་རྗེ་ལ་གདམས་པ་ཞུས༔ བོད་ཤོག་རང་གི་རཀྟས་


RTZ055_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས༔ བོད་ཡིག་བྲིས་ནས་སྒྲོམ་དུ་བཞག༔ འཛོམ་བྲག་ལ་སྦས་མ་འོངས་དུས༔ ལས་ཅན་བུ་ལ་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ ཤྲཱི་སིཾ་ཧས་པདྨ་ལ༔ ཡང་ཟབ་སྙིང་ཐིག་འདི་འདྲ་བསྟན༔ ནམ་མཁའ་ལྟ་བུའི་སེམས་ཉིད་འདི༔ གསལ་རིག་རྒྱུན་ཆད་མེད་ཅིང་རྟག༔ འདི་ཡིན་མེད་པ་མྱོང་བ་ཅན༔ ངེས་པ་ཕྱག་རྒྱ་གཞོན་ནུ་ལ༔ སྦྱོར་བའི་བདེ་བའི་ཐ་མར་མཐོང༔ སྤྲོས་བཅས་སྤྲོས་མེད་ཤིན་ཏུ་དང༔ རབ་ཏུ་སྤྲོས་མེད་དབང་བཞི་ཞུ༔ རྒྱུད་སྦྱོང་ཚོགས་གསག་དངོས་གཞི་བསྒོམ༔ འབྲས་བུ་གཞི་ལ་སྨིན་པར་ངེས༔ གདམས་པའི་མཐར་ཐུག་འདི་འདྲ་བ༔ ལས་ཅན་བུ་དང་འཕྲད་པར་ཤོག༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་འོ། །ཤུ་བྷཾ། ཞུས་སོ།། །།


previousརྫོགས་ཆེན་སྡེ་གསུམ་གྱི་བསྐྱེད་རྫོགས་གནད་དྲིལ། མཁྱེན་བརྩེའི་དབང་པོ།next