Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས་དབང་བཞིའི་བརྡ་ཁྲིད་བཀླག་ཆོག་ཏུ་བཀོད་པ་གནས་ལུགས་གཅེར་མཐོང་། བློ་གྲོས་མཐའ་ཡས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས་དབང་བཞིའི་བརྡ་ཁྲིད་བཀླག་ཆོག་ཏུ་བཀོད་པ་གནས་ལུགས་གཅེར་མཐོང་། བློ་གྲོས་མཐའ་ཡས།next

རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས་དབང་བཞིའི་བརྡ་ཁྲིད་བཀླག་ཆོག་ཏུ་བཀོད་པ་གནས་ལུགས་གཅེར་མཐོང་། བློ་གྲོས་མཐའ་ཡས།


RTZ057_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས། དབང་བཞིའི་བརྡ་ཁྲིད་བཀླག་ཆོག་ཏུ་བཀོད་པ་གནས་ལུགས་གཅེར་མཐོང་ཞེས་བྱ་བ་བཞུགས་སོ།།


RTZ057_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པྲ་ཐ་མཿནཱ་ཐ་ཡ། རང་རིག་རང་ཤར་གདོད་ནས་རྫོགས་སངས་རྒྱས། །རྒྱལ་ཀུན་སྤྱི་མེས་པདྨ་འོད་མི་འགྱུར། ཁྱབ་བདག་བླ་མའི་སྐུར་སྣང་གསང་གསུམ་བྱིན། །སྒོ་གསུམ་མི་ཤིགས་ཐིག་ལེར་དབབ་པར་མཛོད། །རིམ་དགུའི་རྩེར་ཕྱིན་གྲོལ་བ་བཞིའི། ཁྱད་པར་ཆོས་ལྡན་རྫོགས་པ་ཆེའི། །ཡང་བཅུད་ཆིག་ཆོད་ཀུན་གྲོལ་གྱི། །དབང་བཞིའི་བརྡ་ཁྲིད་རྣམ་གསལ་དགོད། །གང་ཟག་དབང་རབ་རྩོལ་མེད་དུ་གྲོལ་བའི་ཟབ་ལམ། ཨ་ཏི་ཆིག་ཆོད་ཀུན་གྲོལ་ཆེན་པོའི་དབང་བཞིའི་བརྡ་ཁྲིད་བགྱི་བ་ལ་གཉིས། གཤོམ་བཀོད་དང་། ཆོ་གའི་རིམ་པའོ། །དང་པོ་ནི། དབེན་པའི་གནས་སུ་སྟེགས་བུའི་ཁར་དཀྱིལ་འཁོར་


RTZ057_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་མཛེས་ཚོན་ཅན་འཇའ་རིས་སྣ་ལྔས་བསྐོར་བའི་སྟེང་དུ། རིན་པོ་ཆེའི་བུམ་པ་དྲི་བཟང་སྦྱར་བའི་ཆུ་དང་སོ་ལྔའི་རྫས་ཀྱིས་བཀང་བ། མེ་ཏོག་འབྲས་བུ་དང་བཅས་པའི་ཤིང་གི་ཁ་རྒྱན་མགུལ་ཆིངས་མཐིང་ག་ཅན་བཀོད། མདུན་ངོས་སུ་མེ་ལོང་གཡའ་མེད་པའི་སྟེང་དུ་ཤེལ་ཟུར་བརྒྱད་པ་དང་རྨ་བྱའི་སྒྲོ་མདངས་གཟུག །མཐའ་སྐོར་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམ། བླ་མ་དང་ཡི་དམ་དང་མཁའ་འགྲོ་ཆོས་སྐྱོང་ལ། རིན་པོ་ཆེ་ལྔ། སྨན་ལྔ། འབྲུ་ལྔའི་མཎྜལ་གསུམ། མ་འཛོམ་ན་འབྲུ་གཙང་མའི་མཎྜལ་བཀོད། སྤོས་ཀྱི་དུད་པ་རྒྱུན་མི་ཆད་པ་བྱ་བར་གསུངས་


RTZ057_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཉིས་པ་ཆོ་གའི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། སློབ་དཔོན་རྫོགས་པ་ཆེན་པོའི་ལྟ་སྒོམ་དང་ལྡན་པ་གཞིར་བྱས་ཏེ་དགོངས་པའི་གདིང་བཟུང་བ་ལས་ཡོ་ག་འོག་མའི་ལུགས་ལྟར་སྤྲོས་བཅས་ཀྱི་ཆོ་ག་ལ་ལྟོས་མི་དགོས་ཀྱང་། གཞུང་དུ་སྔོན་འགྲོའི་རིམ་པ་བྱ་ཞིང་ཚོགས་གཏོར་འབུལ་བར་གསུངས་པ་དང་། བླ་མ་བརྒྱུད་པའི་ཕྱག་བཞེས་ལྟར། ཡང་ཏི་ནག་པོ་ལས་འབྱུང་བ་སོགས་ཀུན་བཟང་དོན་ཕྲིན་གང་ཡང་རུང་བ་གཏང་། ཚོགས་མཆོད་དང་ཆོས་སྐྱོང་གཏེར་སྲུང་ལ་གཏོར་མ་འབུལ། རང་གཞུང་གི །འོད་གསལ་ཀློང་ཡངས་ནམ་མཁའི་དཀྱིལ་འཁོར་དུ༔ སོགས་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་མཎྜལ་ཚན་གསུམ་དང་ཡན་ལག་བདུན་པ་འབུལ། རྟོག་མེད་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ སོགས་གསོལ་འདེབས་གསུམ་པོ་ལན་གསུམ་གསུམ་བྱའོ། །གཉིས་པ་དངོས་གཞི་ལ་བཞི། སྤྲོས་བཅས་སྣང་བའི་བརྡ་དབང་། སྤྲོས་མེད་སྟོང་པའི་བརྡ་དབང་། གཉིས་མེད་རང་གྲོལ་གྱི་བརྡ་དབང་། ཆིག་ཆོད་ལྷུན་གྲུབ་ཀྱི་བརྡ་དབང་ངོ་། །དང་པོ་ནི། དབང་བཞིའི་བརྡ་ཁྲིད་འདི་ཉིད་ཐུན་མོང་མ་ཡིན་པའི་མཚན་ཉིད་ཚང་བའི་སློབ་མ་དབང་པོ་རབ་ཏུ་གྱུར་པ་མ་གཏོགས། གདུལ་བྱ་ཐུན་མོང་བའི་རིགས་ཅན་ལ་མཚན་ཙམ་བསྟན་པར་བྱ་བ་མ་ཡིན་ཀྱང་། སྙིང་ནས་དད་པ་དང་ལྡན་ཅིང་དོན་དུ་གཉེར་བ་བྱུང་ན་རྗེས་སུ་


RTZ057_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་སྟེ། དེའང་ཉམས་ལེན་ལ་བརྩོན་འདོད་པ་ཡིན་ན་དེ་ཉིད་སྣོད་ལྡན་དུ་གྱུར་པས་ཐོག་མར་ཁྲུས་ནས་དབྱུང་། རྫོགས་ཆེན་དབང་བསྐུར་ཕལ་མོ་ཆེར་ལྟ་བ་ཆོས་ཉིད་མཚམས་མོ་ཆེ་ཡེ་ནས་བཅད་པའི་དབང་དུ་མཛད་ནས་བགེགས་བསྐྲད་སྲུང་འཁོར་གཏེར་གཞུང་དུ་དམིགས་སུ་མ་གསུངས་ཀྱང་། བསྐྲད་སྲུང་ཚན་ཆུང་གོང་དུ་ཡོད་པ་དེའམ། དེང་དུས་གང་ཟག་གི་དབང་དུ་བྱས་ཏེ་གསང་བ་སྤྱི་ལུགས་སྤྲོ་ན་སྤྱི་ལྟར་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དབང་གི་སྤྱི་བཤད་རྒྱས་བསྡུས་གང་ལྕོགས་དང་། འདིར་སྐབས་སུ་བབས་པའི་འཆད་བྱ་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་དེ་ཉིད་ཀྱིས། རྫོགས་པའི་སངས་རྒྱས་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པ་ཐམས་ཅད་ལས་ཀྱང་ཁྱད་པར་དུ་མས་འཕགས་པའི་རླབས་པོ་ཆེའི་ཐུགས་བསྐྱེད་དང་། ཐབས་ལ་མཁས་པའི་ཕྲིན་ལས་ངོ་མཚར་རྨད་དུ་བྱུང་ཞིང་བསམ་བརྗོད་ཀྱི་ཡུལ་ལས་འདས་པས། རྒྱལ་བ་མཐའ་དག་གི་གདུལ་བྱའི་ཡུལ་དུ་མ་གྱུར་པའི་མི་མཇེད་འཇིག་རྟེན་འདི་ཉིད་ཀྱི་རྩོད་དུས་སྙིགས་མ་ལྔ་ལྡན་གྱི་འགྲོ་བ་སྐལ་པ་ཆེས་དམན་པ་རྣམས་འདུལ་བའི་ཕྲིན་ལས་ཐུགས་རྗེའི་རྩལ་ཤུགས་ཕྱུང་སྟེ། རྡོ་རྗེ་ཐེག་པའི་གསང་བ་མ་ལུས་པའི་རྩེ་མོ་རྫོགས་པ་ཆེན་པོ་གྲོལ་བ་བཞི་ལྡན་གྱི་བསྟན་པའི་ཉིན་བྱེད་སྣང་བར་མཛད་ནས།


RTZ057_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཐུན་མོང་གིས་འདུལ་དཀའ་བའི་སྐྱེ་དགུ་མཐའ་ཡས་པ་གདོད་མའི་ས་ལ་དབུགས་ཆེན་འབྱིན་པར་མཛད་པའི་ནང་ཚན། སངས་རྒྱས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་རིག་འཛིན་ཤྲཱི་སིཾ་ཧ། དེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སྙན་དུ་བརྒྱུད་པའི་རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་གྱི་གདམས་པ་ཟབ་མོའི་སྐོར་རྣམས། གུ་རུ་རིན་པོ་ཆེ་ཉིད་གངས་ཅན་གདུལ་བྱ་སྐལ་ལྡན་རྣམས་ཀྱི་བསོད་ནམས་ཀྱི་མགྲོན་དུ་ཕེབས་པའི་ཚེ། ཐུགས་སྲས་ལས་ཅན་རྗེ་འབངས་འགའ་ཞིག་ལ་ཐུགས་དམ་གསང་བའི་མནོག་ཆོས་སུ་བསྩལ། ཕྱི་རབས་གདུལ་བྱའི་དོན་ལ་དགོངས་ཏེ་གསང་བའི་བདག་མོ་དབྱིངས་ཕྱུག་མཚོ་རྒྱལ་མ་སོགས་ཉིད་ལས་མི་གཞན་པའི་སྡུད་པ་པོ་རྣམས་ཀྱིས་མཁའ་འགྲོ་བརྡའི་ཡི་གེར་བཀོད་ནས་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་ཁ་ར་ཏིར་ཕ་ཝཾ་རུ་སྦལ་ནག་པོར་མི་འཇིག་པའི་རྒྱས་བཏབ་པ། ཕྱིས་རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་ཀྱི་ཡང་སྲིད་མཆོག་གི་གླིང་ཆེན་ལྔའི་ཡ་གྱལ་ཆོས་རྒྱལ་རིན་ཆེན་གླིང་པས་སྤྱན་དྲངས་ཏེ་གདུལ་བྱ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་པ་ལགས། ཕྱིས་སུ་དཔེ་ཙམ་མ་གཏོགས་དབང་


RTZ057_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གི་རྒྱུན་ཆད་པ་ན་འདི་ཉིད་ཀྱི་ལུང་ནས་བསྟན་པའི་དོན་མངོན་དུ་གྱུར་ཏེ། བཀའ་བབས་བདུན་གྱི་མངའ་བདག་པཎ་ཆེན་བི་མ་ལ་དང་འཇམ་མགོན་ཁྲི་ལྡེ་ཟུང་འཇུག་གི་རྣམ་རོལ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་སྟོན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་། ཆོས་སྲུང་མ་མགོན་རྣམས་ཀྱིས་ཀྱང་དགྱེས་པའི་མདངས་གསོལ་ཕུལ་བ་ལ་བརྟེན་སྨིན་གྲོལ་གྱི་སྒོ་འཕར་གསར་དུ་དབྱེ་བར་མཛད་པ་འདི་ཉིད་ཀྱི་བརྡ་བསྟན་པས་རྩོལ་མེད་དུ་གྲོལ་བར་བྱེད་པའི་དབང་རིམ་རྣམ་པ་བཞི་ཡོད་པ་ལས། དང་པོ་སྤྲོས་བཅས་སྣང་བའི་བརྡ་དབང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ ཀུན་བཟང་བླ་མ་སྤྲུལ་པའི་སྐུ་མཆོག་ལ༔ བདག་ཉིད་དེང་ནས་གཟུང་སྟེ་གུས་པས་གསོལ་བ་འདེབས༔ སྣང་བ་བདེ་ཆེན་སྤྲོས་བྲལ་དཀྱིལ་འཁོར་དུ༔ རིག་པ་མངོན་སུམ་རྟོགས་པའི་དབང་བསྐུར་ཞུ༔ ལན་གསུམ། དེ་ནས་སྤྲོ་བ་དྲི་བ་ལགས་པས་སྙན་གཏོད་ཅིག །དད་ལྡན་ངེས་པའི་རིགས་ཀྱི་བུ༔ རྫོགས་ཆེན་ཆོས་ལ་འཇུག་སྤྲོ་འམ༔ འཁོར་འདས་དབྱེར་མེད་མངོན་སུམ་གྱི༔


RTZ057_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བསྲུང་བའི་གཞུང་ཐུབ་བམ༔ ཞེས་དྲིས་པའི་ལན་དུ། ཐུབ་ལགས༔ ཞེས་བརྗོད་ཅིག །དེ་ནས་དེ་བཞིན་ཉིད་ལ་དམ་བཅར་གཞུག་པ་ནི༔ བདུད་རྩིའི་མནའ་ཆུ་སྦྱིན་ལ། བུ་ཁྱོད་ཀྱིས་ནི་འཁོར་བ་བློས་བཏང་ནས༔ བྱར་མེད་མངོན་སུམ་དོན་ལ་མ་ཡེངས་པར༔ རང་བྱུང་རིག་པ་བལྟ་བར་དམ་ཆོས་ཤིག༔ དེ་ལས་འགལ་ན་ཁྱོད་ཉིད་བརླག་པར་འགྱུར༔ ཇི་ལྟར་བཀའ་བསྒོས་པའི་དམ་ལས་མི་འདའ་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། དེ་ལྟར་བགྱི་བར་དམ་བཅའ་འོ༔ ཞེས་བརྗོད་དུ་གཞུག །དེ་ནས་བླ་མས། བུ་ཁྱོད་སུ་ཡིན༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། ང་ནི་སྐལ་ལྡན་རིགས་ཀྱི་བུ་ཡིན་ནོ༔ ཅེས་དང་། ཁྱོད་ཀྱིས་སྣང་བ་འདི་བརྡའི་དཀྱིལ་འཁོར་མ་མཐོང་ན་ལྟོས་ཤིག༔ ཁྱོད་ཀྱི་གོས་དང་རྒྱན་འདི་རྣམས་ཅི་ལ་བརྒྱན་པ་ཡིན༔ ཞེས་དྲིས་པའི་ལན་དུ། འདི་ལུས་ལ་བརྒྱན་པ་ཡིན༔ ཞེས་བརྗོད་ཅིག །དེ་བཞིན་དུ་ཕྱི་རོལ་གྱི་སྣང་བ་འདི་རྣམས་ཀྱང༔ སེམས་ཀྱི་རྒྱན་ཡིན་ནོ། ཁྱོད་ཀྱི་གོས་རྒྱན་འདི་རྣམས་དང་པོ་གང་ལ་བརྟེན་ནས་བྱུང༔ ཞེས་དྲིས་པའི་ལན་དུ། འདི་ལུས་ལ་བརྟེན་ནས་བྱུང༔ ཞེས་སྨྲོས་ཤིག །དེ་བཞིན་དུ་སྣང་བ་འདི་ཡང་སེམས་ལ་བརྟེན་ནས་བྱུང༔


RTZ057_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དང་རྒྱན་སྣ་ཚོགས་ཀྱང་ལུས་ལ་བརྒྱན་པར་གཅིག་པ་བཞིན༔ སྣང་བ་སྣ་ཚོགས་ཀྱང་སེམས་སུ་གཅིག་པ་ཡིན༔ དེ་བཞིན་དུ་དཀྱིལ་འཁོར་ཡང༔ ལྟེ་བ་གཅིག་ལ་པདྨ་འདབ་བརྒྱད་བྱུང་བ་ནི༔ སེམས་ཉིད་གཅིག་གི་འཆར་ཚུལ་ལ་རྣམ་ཤེས་ཚོགས་བརྒྱད་བྱུང་བའི་རྟགས་ཡིན༔ ཁ་དོག་སྣ་ཚོགས་སྣང་བ་མ་འགགས་ཅིར་ཡང་ཤར་བའི་བརྡ༔ འཇའ་འོད་ལྔས་བསྐོར་བ་ནི༔ ཐམས་ཅད་སེམས་ཀྱི་དཀྱིལ་འཁོར་ཡིན་པའི་བརྡ༔ དབུས་སུ་བུམ་པ་བྱུང་བ་ནི༔ ཐམས་ཅད་བྱང་ཆུབ་སེམས་ལས་བསྐྱེད་པའི་བརྡ༔ ནང་དུ་བུམ་རྫས་སྣ་ཚོགས་བླུགས་པ་ནི༔ སྣང་བ་ཐམས་ཅད་སེམས་སུ་འདུས་པའི་བརྡ༔ མེ་ཏོག་སྣ་ཚོགས་ཁ་རྒྱན་བཙུགས་པ་ནི༔ རིག་པ་སེམས་ལ་གསལ་འགྲིབ་མེད་པའི་བརྡའ་འོ༔ ཞེས་པས་བརྡའི་དཀྱིལ་འཁོར་སྣང་བ་སེམས་སུ་བསྟན་པའི་དོན་གོ་བར་གྱིས་ཤིག །དེ་ནས་སེམས་ལ་རིག་པའི་རྩལ་དབང་བསྐུར་བར་མོས་ཤིག །བུམ་པ་མགོར་བཞག་ལ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྐྱེ་མེད་ཆོས་སྐུའི་དཀྱིལ་འཁོར་ཀློང་ཡངས་སུ༔ འགག་མེད་བུམ་པ་རིག་པའི་ལྷ་ཚོགས་ཀྱིས༔ མངོན་སུམ་ཞལ་སྟོན་རྡོ་རྗེ་ལུ་གུ་རྒྱུད༔ སྣང་བ་དབང་དུ་འདུས་པར་བྱིན་གྱིས་རློབས༔


RTZ057_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་འདི་ལྷན་ཅིག་ཏུ་ལན་གསུམ་བརྗོད་པར་ཞུ། སྣང་སེམས་རིག་པའི་དབང་བསྐུར་བས༔ མི་ཡི་ལུས་ལ་སངས་རྒྱས་ཐུགས༔ དུས་འདིར་མངོན་གྱུར་ཡེ་ཤེས་ཀྱི༔ འབྲལ་མེད་ཆོས་སྐུའི་དོན་རྟོགས་ཤོག༔ ལན་གསུམ་དཔོན་སློབ་ལྷན་ཅིག་བརྗོད། དེས་སྤྲོས་བཅས་སྣང་བའི་བརྡ་དབང་ཐོབ་པའི་གཏང་རག་དང་། གཉིས་པ་སྤྲོས་མེད་སྟོང་པའི་བརྡ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་མས་སྟོད་གོས་ཕུད་ལ། ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཀུན་བཟང་བླ་མ་ལོངས་སྤྱོད་རྫོགས་སྐུ་ལ༔ བདག་ཉིད་ཁྱེད་ལ་གུས་པས་གསོལ་བ་འདེབས༔ ཆོས་ཉིད་སྐྱེ་བ་མེད་པའི་ཕོ་བྲང་ཆེན་པོ་རུ༔ ཟག་མེད་ཡེ་ཤེས་འོད་གསལ་དབང་བསྐུར་ཞུ༔ ལན་གསུམ། དེ་ནས་སྤྲོ་བ་དྲི་བ་ལགས་པས་སྙན་གཏོད་ཅིག །རིག་པ་དངོས་མེད་སེམས་ཀྱི་བུ༔ ཆིག་ཆོད་དོན་ལ་འཇུག་སྤྲོ་འམ༔ ངེས་དོན་མཐའ་བྲལ་སྟོང་པ་ཡི༔ དམ་ཚིག་བསྲུང་བའི་གཞུང་ཐུབ་བམ༔ ཞེས་དྲིས་པའི་ལན་དུ། ཐུབ་ལགས༔ ཞེས་བརྗོད་ཅིག །དེ་བཞིན་ཉིད་ལ་དམ་བཅར་གཞུག་པ་ནི༔ མནའ་ཆུ་སྦྱིན་ལ། ཁྱོད་ཀྱིས་མཚན་མའི་འཁྲུལ་ཕྱིར་མི་འབྲང་བར༔ རྩོལ་མེད་ཆོས་ཉིད་དོན་ལ་མ་ཡེངས་པར༔ དམིགས་མེད་


RTZ057_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའི་ཉམས་ལེན་དམ་ཆོས་ཤིག༔ དེ་ལས་ལོག་ན་ཁྱོད་ཉིད་བརླག་པར་འགྱུར༔ ཇི་ལྟར་བསྒོས་པའི་དམ་ལས་མི་འདའ་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། དེ་ལྟར་བགྱི་བར་དམ་བཅའ་འོ༔ ཞེས་བརྗོད་དུ་གཞུག །དེ་ནས་བླ་མས། བུ་ཁྱོད་སུ་ཡིན༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། ང་ནི་རིག་པ་སེམས་ཀྱི་བུ་ཡིན་ནོ༔ ཞེས་དང་། ཁྱོད་ཀྱིས་སྟོང་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་ན༔ ཁྱོད་རང་གི་ལུས་ལ་ལྟོས་ཤིག༔ ཁྱོད་ཀྱི་ལུས་འདི་ཅི་ཡིན༔ ཞེས་དྲིས་པའི་ལན་དུ། སྟོད་གཅེར་བུ་སྨད་གོས་ཅན་ཡིན་ནོ༔ ཞེས་བརྗོད་ཅིག །དེ་བཞིན་དུ་སེམས་ཉིད་འདི་ཡང་ཤེས་པར་གྱིས༔ ལུས་ལ་བརྟེན་ནས་གོས་བྱུང་བ་བཞིན་སེམས་ལ་བརྟེན་ནས་སྣང་བ་བྱུང༔ ལུས་གོས་ཀྱིས་བཏུམས་ནས་མི་མཐོང་བ་བཞིན༔ སེམས་སྣང་བ་ལ་ཞེན་ནས་སྟོང་པའི་དོན་མི་རྟོགས༔ སྟོད་ཀྱི་གོས་ཕུད་པ་དེ་གཅེར་བུར་མཐོང་བ་བཞིན༔ སྣང་བ་གང་དག་དེར་ཆོས་ཉིད་དུ་མཐོང་བ་ཡིན་པས༔ དེ་བཞིན་དུ་དཀྱིལ་འཁོར་འདི་ཡང་ཤེས་པར་གྱིས་ཤིག༔ མེ་ལོང་ལ་དཀྱིལ་འཁོར་གསལ་བར་ཤར་ཡང་འཛིན་རྒྱུ་མེད་པ་བཞིན༔ སྣང་བ་སྣ་ཚོགས་ཤར་


RTZ057_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དངོས་མེད་སྟོང་པ་ཡིན་པའི་བརྡ༔ ཤེལ་ལ་སྒྲོའི་འོད་ལྔ་ཤར་བ་འདི༔ སྟོང་པའི་རང་རྩལ་ཅིར་ཡང་ཤར་བའི་བརྡ༔ ཤར་ཡང་དངོས་པོར་མ་གྲུབ་སྟོང་པ་ཡིན་པའི་བརྡ༔ ཞེས་པས་དཀྱིལ་འཁོར་གྱི་བརྡ་བསྟན་པས་སེམས་ཉིད་སྟོང་པའི་བརྡར་བསྟན་པར་གོ་བར་གྱིས་ཤིག །དེ་ནས་སེམས་སྟོང་པར་རྟོགས་པ་ལ་དབང་བ་ཡེ་ཤེས་ཀྱི་རྩལ་དབང་བསྐུར་བར་མོས་ཤིག །སློབ་མའི་མིག་ལ་ཤེལ་རྡོ་བསྟན་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ སྣང་བ་ལོངས་སྐུའི་དཀྱིལ་འཁོར་མཛེས་པ་རུ༔ གསལ་ལ་འཛིན་མེད་ཤེལ་འོད་སྣ་ཚོགས་ཀྱི༔ སྐུ་དང་ཡེ་ཤེས་སྟོང་པའི་སྒྲོན་མ་མཆོག༔ སེམས་ཉིད་སྐྱེ་མེད་གྲོལ་བར་བྱིན་གྱིས་རློབས༔ སྨོན་ལམ་འདི་ལྷན་ཅིག་ཏུ་བརྗོད་པར་ཞུ། རིག་སྟོང་ཡེ་ཤེས་དབང་བསྐུར་བས༔ སྒྱུ་ལུས་སངས་རྒྱས་དགོངས་པ་ཅན༔ དུས་འདིར་རང་བྱུང་ཡེ་ཤེས་སུ༔ འཛིན་མེད་ཆོས་ཉིད་དོན་རྟོགས་ཤོག༔ ལན་གསུམ་དཔོན་སློབ་ལྷན་ཅིག་བརྗོད། དེས་སྤྲོས་མེད་སྟོང་པའི་བརྡ་དབང་ཐོབ་པའི་གཏང་རག་དང་། གསུམ་པ་གཉིས་མེད་རང་གྲོལ་གྱི་བརྡ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་མ་རྣམས་གོས་ཕུད་གཅེར་བུ་འགྲེང་སྟབས་སུ་ལངས་པར་གསུངས་པས་མཚོན་བྱེད་བྱར་གཞུག །


RTZ057_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཐལ་སྦྱར་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཀུན་བཟང་བླ་མ་ཆོས་སྐུ་རང་གྲོལ་ལ༔ དུས་གསུམ་དུས་མེད་གུས་པས་གསོལ་བ་འདེབས༔ སྟོང་གསལ་འགག་མེད་སྤྲོས་བྲལ་དཀྱིལ་འཁོར་དུ༔ རང་གྲོལ་གཉིས་མེད་ཆེན་པོའི་དབང་བསྐུར་ཞུ༔ ལན་གསུམ། དེ་ནས་སྤྲོ་བ་དྲི་བ་ལ་གསན་འཚལ། སྟོང་ཉིད་སེམས་ཀྱི་བུ་གཅིག་པོ༔ རང་གྲོལ་འཇུག་པར་སྤྲོ་ལགས་སམ༔ འཛིན་མེད་རང་གསལ་ཤུགས་འབྱུང་ལ༔ དམ་ཚིག་བསྲུང་བར་གཞུང་ཐུབ་བམ༔ ཞེས་དྲིས་པའི་ལན་དུ། ཐུབ་ལགས༔ ཞེས་བརྗོད་ཅིག །དེ་བཞིན་ཉིད་དུ་དམ་བཅར་གཞུག་པ་ནི༔ མནའ་ཆུ་སྦྱིན་ལ། ཁྱོད་ཀྱིས་སྣང་སྟོང་ཞེན་འཛིན་སྤངས་ནས་སུ༔ སྟོང་གསལ་རང་གྲོལ་ཆོས་སྐུའི་དོན་ལ་ནི༔ རང་བཞིན་ལྷུག་པར་སྤྱོད་པར་དམ་ཆོས་ཤིག༔ དེ་ལས་ལོག་ན་ཁྱོད་ཉིད་བརླག་པར་འགྱུར༔ ཇི་ལྟར་བསྒོས་པའི་དམ་ལས་མི་འདའ་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། དེ་ལྟར་བགྱི་བར་དམ་བཅའ་འོ༔ ཞེས་བརྗོད་དུ་གཞུག །དེ་ནས་བླ་མས། བུ་ཁྱོད་སུ་ཡིན༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། ང་ནི་རང་བྱུང་ཡེ་ཤེས་ཡིན་ནོ༔ ཞེས་དང་། ཁྱོད་


RTZ057_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རང་གྲོལ་དཀྱིལ་འཁོར་མ་མཐོང་ན༔ ནམ་མཁའ་ལ་ལྟོས་ཤིག༔ ཁྱོད་ཀྱི་ལུས་འདི་ཅི་ཡིན༔ ཞེས་དྲིས་པའི་ལན་དུ། གཅེར་བུ་ཡིན་ནོ༔ ཞེས་བརྗོད་ཅིག །ལུས་གཅེར་བུ་གདོད་མ་ནས་ཡིན་པ་ལ༔ དེ་ལ་གོས་བཀོན་རྒྱན་བཟུང་འཛིན་པའི་ངོ་ཚ་འཕྲལ་ལ་བཅོས་པ་བཞིན་དུ༔ སེམས་ཉིད་ཡེ་ནས་སྟོང་པ་ཡིན་ལ༔ སྣང་བར་བཟུང་བས་གློ་བུར་དུ་འཁྲུལ་བའི་བརྡ༔ ལུས་ལ་གོས་མེད་ངོ་ཚའི་འཛིན་པ་ལས་གྲོལ་ནས་གཅེར་བུ་ཇི་ལྟར་ཡིན་པའི་ངོ་བོ་གསལ་བ་བཞིན་དུ༔ སྣང་བའི་ཞེན་འཛིན་གང་ཡང་མེད་པར་གྲོལ་ནས༔ སེམས་ཀྱི་ངོ་བོ་གཅེར་བུ་ཟང་ཐལ་གང་ལྟར་ཡིན་པ་མཐོང་བ་ཡིན༔ དེ་བཞིན་དཀྱིལ་འཁོར་འདི་ཡང་ཤེས་པར་གྱིས་ལ་ལྟོས༔ དཀྱིལ་འཁོར་ཆེན་པོ་ནམ་མཁའ་ཡངས་པ་ཡིན༔ ནམ་མཁའ་གསལ་ཡང་དངོས་པོ་མེད་པ་བཞིན༔ སེམས་ཉིད་སྟོང་གསལ་དངོས་པོ་མེད་པའི་བརྡ༔ ནམ་མཁའ་སྟོང་པ་དབྱིངས་ནས་གསལ་བ་བཞིན༔ སེམས་ཉིད་སྟོང་པ་ཅིར་ཡང་གསལ་བའི་བརྡ༔ ནམ་མཁའ་མཐའ་བྲལ་ཡེ་སྟོང་ཡིན་པ་བཞིན༔ སེམས་ཉིད་སྟོང་པ་མ་བཅོས་རང་གྲོལ་ཡིན་པའི་བརྡ་དོན་གོ་བར་གྱིས་ཤིག༔ དེ་ནས་རང་གྲོལ་ཆོས་ཉིད་ཀྱི་


RTZ057_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དབང་བསྐུར་བ་ཡིན་པས་ཁྱེད་རང་མིག་གི་ལྟ་སྟངས་ནམ་མཁའི་དབྱིངས་སུ་གཏོད་ཅིག །ཧཱུྃ་ཧཱུྃ༔ རང་གྲོལ་ཆོས་སྐུའི་དཀྱིལ་འཁོར་རྣམ་དག་ཏུ༔ གསལ་སྟོང་ནམ་མཁའ་དོན་གྱི་ལྷ་ཚོགས་ཀྱིས༔ རང་བྱུང་ཡེ་ཤེས་རྩོལ་མེད་ཀུན་ཏུ་བཟང༔ མ་བཅོས་རང་སར་གྲོལ་བར་བྱིན་གྱིས་རློབས༔ སྨོན་ལམ་འདི་ལྷན་ཅིག་ཏུ་བརྗོད་པར་ཞུ། གཉིས་མེད་རང་གྲོལ་དབང་བསྐུར་བས༔ ལུས་འདི་སངས་རྒྱས་དགོངས་པ་ཅན༔ དུས་འདིར་རང་གྲོལ་རྣམ་དག་ཏུ༔ རྩོལ་མེད་ཆོས་སྐུའི་དོན་རྟོགས་ཤོག༔ ལན་གསུམ་དཔོན་སློབ་ལྷན་ཅིག་ཏུ་བརྗོད། དེས་གཉིས་མེད་རང་གྲོལ་གྱི་བརྡ་དབང་ཐོབ་པའི་གཏང་རག་དང་། བཞི་པ་རང་གྲོལ་ལྷུན་གྲུབ་ཀྱི་བརྡ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་མ་སྔར་ལྟར་གཅེར་བུར་ཕྱག་འཚལ་ཞིང་འགྲེང་བར་གསུངས་པས་མཚོན་བྱེད་བྱས་ལ། ཕྱག་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཀུན་བཟང་བླ་མ་བདེ་བ་ཆེན་པོ་ལ༔ རང་གསལ་ཆོས་སྐུའི་ངང་ནས་གསོལ་བ་འདེབས༔ ལྷུན་གྲུབ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ༔ ཀུན་མཁྱེན་རྫོགས་སངས་རྒྱས་ཀྱི་དབང་བསྐུར་ཞུ༔ ལན་གསུམ། དེ་ནས་སྤྲོ་བ་དྲི་བ་ལགས་པས་


RTZ057_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གསན་འཚལ། རང་གྲོལ་ལྷུན་གྲུབ་ཆོས་ཉིད་བུ་གཅིག་པོ༔ ལྷུན་གྲུབ་དོན་ལ་འཇུག་སྤྲོ་འམ༔ མ་བཅོས་འཛིན་མེད་བློ་འདས་ལ༔ དམ་ཚིག་བསྲུང་བའི་གཞུང་ཐུབ་བམ༔ ཞེས་དྲིས་པའི་ལན་དུ། ཐུབ་ལགས༔ ཞེས་བརྗོད་ཅིག །དེ་བཞིན་ཉིད་དུ་དམ་བཅར་གཞུག་པ་ནི༔ མནའ་ཆུ་སྦྱིན་ལ། ཁྱོད་ཀྱིས་གྲོལ་བྱ་གྲོལ་འཛིན་ཟད་ནས་སུ༔ ཟག་མེད་སངས་རྒྱས་ལྷུན་གྲུབ་བདེ་བ་ཆེ༔ རྟོག་མེད་མཁྱེན་པའི་དོན་ལ་དམ་ཆོས་ཤིག༔ དེ་ལས་འགལ་ན་ཁྱོད་ཉིད་འཚིག་པར་འགྱུར༔ ཇི་སྐད་བསྒོས་པའི་དམ་ལས་མི་འདའ་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། དེ་ལྟར་བགྱི་བར་དམ་བཅའ་འོ༔ ཞེས་བརྗོད་དུ་གཞུག །དེ་ནས་བླ་མས། བུ་ཁྱོད་སུ་ཡིན༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། ང་ནི་བདག་མེད་ཀུན་གྲོལ་ཡིན་ནོ༔ ཞེས་ལན་གདབ། ཁྱོད་ཀྱིས་ཀ་དག་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སྔར་མ་མཐོང་ངམ༔ ཞེས་དྲིས་པའི་ལན་དུ། མ་མཐོང་ངོ༔ ཞེས་བརྗོད་ཅིག །ཁྱོད་རང་གི་ལུས་ལ་ལྟོས་ཤིག༔ ཁྱོད་ཀྱི་ལུས་འདི་ཅི་ཡིན༔ ཞེས་དྲིས་པའི་ལན་དུ། ངའི་ལུས་འདི་གཅེར་བུ་ཟང་ཐལ་ཡིན༔ ཞེས་བརྗོད་ཅིག །དེ་བཞིན་རང་གི་རིག་པ་འདི་ཡང་ཤེས་པར་གྱིས་ཤིག༔


RTZ057_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལུས་སྔ་ཕྱི་བར་གསུམ་དུ་བཟོ་མ་བཅོས་པར༔ རང་བཞིན་ལྷུན་གྲུབ་གཅེར་བུ་ཟང་ཐལ་འདི་ཀ་ཡིན་པ་བཞིན་དུ༔ སེམས་ཉིད་དུས་གསུམ་དུས་མེད་ཐམས་ཅད་དུ་ངོ་བོ་མ་བཅོས་རང་བྱུང་ཆོས་སྐུ་ཡིན༔ གོས་གོན་ཕུད་བྱས་པ་ངོ་ཚའི་བཅོས་མ་བྱུང༔ གོས་མེད་ལུས་ལ་གོན་ཕུད་གོས་ཀྱི་ངོ་ཚ་མེད༔ ལུས་ལ་གོས་གོན་བཟང་དུ་མ་སོང་མ་གོན་ངན་དུ་མ་སོང༔ རང་བྱུང་ལྷུན་གྲུབ་ལུས་དེ་གཅེར་བུ་ཡིན་པ་བཞིན༔ སེམས་ཀྱི་སྣང་སྟོང་གཉིས་སྣང་བར་འཛིན་རྒྱུ་སྟོང་པར་གྲོལ་རྒྱུ་འཛིན་པ་བྱས་པས་མ་རིག་འཁྲུལ་པས་བཅིངས༔ སྣང་སྟོང་གྲོལ་བྱ་གྲོལ་རྒྱུ་གང་ཡང་མ་གྲུབ༔ འཛིན་མེད་རང་སར་མ་བཅོས་ན༔ ཡེ་ནས་ཡིན་པའི་སེམས་ཉིད་སྐུ་གསུམ་ལྷུན་གྲུབ་རྩལ་རྫོགས་འགྱུར༔ དེ་ལས་འཆར་ཚུལ་སྣ་ཚོགས་ཤར་ཡང༔ ངོ་བོ་བཟང་ངན་གང་དུ་ཡང་འགྱུར་བ་མེད༔ གསལ་འགྲིབ་འཛིན་རྟོག་མེད་པས་མཁྱེན་པའི་ཡེ་ཤེས་ཆེན་པོ་ཡིན༔ དེ་བཞིན་ཉིད་དུ་དཀྱིལ་འཁོར་འདི་ཡང་ཤེས་པར་གྱིས༔ སྒྲིབ་མེད་ཡེ་ཤེས་མ་བལྟས་མཐོང་བ་ཡི༔ བཅོས་པ་མེད་པའི་ལྷུན་གྲུབ་དཀྱིལ་འཁོར་ལྟོས༔ བལྟ་རུ་མེད་པའི་གསལ་བ་འདི་ཀ་ཡིན༔


RTZ057_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་མི་རྟོག་ཆོས་སྐུའི་དཀྱིལ་འཁོར་ལ༔ ཕྱོགས་རིས་མེད་དེ་ཀུན་ཁྱབ་གཟུགས་མ་གྲུབ༔ གསལ་འགྲིབ་མེད་པའི་ཟང་ཐལ་འདི་ཀ་རུ༔ ཐམས་ཅད་ངོ་བོ་ཉིད་དུ་རྫོགས་པ་ཡི༔ མཉམ་ཡངས་ཀུན་མཁྱེན་ལྷུན་གྲུབ་ཡིན༔ ཞེས་ཆོས་ཉིད་དབྱིངས་ཀྱི་དཀྱིལ་འཁོར་དུ་འབྲས་བུ་ལྷུན་གྱིས་འགྲུབ་པར་བརྡས་བསྟན་པ་ཡིན་ནོ། །དེ་ནས་ལྷུན་གྲུབ་མཁྱེན་པའི་རྩལ་དབང་བསྐུར་བ་ཡིན་པས། ཁྱེད་རང་ཆོས་ཉིད་ཡེ་དག་ཡེ་རྫོགས་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ༔ ཀུན་གྲོལ་མཉམ་ཡངས་བདེ་ཆེན་དཀྱིལ་འཁོར་དུ༔ ཀུན་བཟང་མ་བཅོས་ཅིར་མི་དགོངས་པའི་ལྷ༔ ཤུགས་འབྱུང་ཡོན་ཏན་གདོད་ནས་རབ་རྫོགས་པའི༔ འབྲས་བུ་ལྷུན་གྲུབ་བདེ་བ་ཆེན་པོར་བྱིན་གྱིས་རློབས༔ སྨོན་ལམ་འདི་ལན་གསུམ་དུ་ལྷན་ཅིག་བརྗོད་པར་ཞུ། རང་གྲོལ་ལྷུན་གྲུབ་དབང་བསྐུར་བས༔ འདུ་ཤེས་རྣམ་རྟོག་ཀུན་ཟད་ནས༔ མ་བཅོས་ཀུན་གསལ་འཛིན་མེད་དུ༔ མཁྱེན་ལྡན་མངོན་སངས་རྒྱས་པར་ཤོག༔ ཅེས་དཔོན་སློབ་ལྷན་ཅིག་ཏུ་ལན་གསུམ་བརྗོད། དེ་ལྟར་ཡང་རྒྱུད་ལས། སྤྲོས་བཅས་སྣང་བ་སེམས་སུ་དབང༔ སྤྲོས་མེད་སེམས་ཉིད་སྟོང་པའི་དབང༔ གཉིས་མེད་རིག་སྟོང་རང་གྲོལ་དབང༔


RTZ057_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་ལྷུན་གྲུབ་སངས་རྒྱས་དབང༔ དེ་ཕྱིར་རིག་པའི་རྩལ་དབང་ཁྲིད༔ ཐོས་པ་ཙམ་གྱིས་མངོན་སངས་རྒྱ༔ ཞེས་གསུངས་པའི་དོན། ཆོས་རྒྱལ་རིན་ཆེན་གླིང་པའི་ཟབ་གཏེར། ཆིག་ཆོད་ཀུན་གྲོལ་ཆེན་པོའི་མན་ངག །དབང་པོ་རབ་རྩོལ་མེད་དུ་སངས་རྒྱ་བའི་ཐབས། དབང་བཞིའི་བརྡའི་ཁྲིད་ཀྱིས་ཞག་བདུན་ན་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་མན་ངག །ཡིད་བཞིན་གྱི་ནོར་བུ་ལྟ་བུ། རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པའི་ཕྱག་བཞེས་མ་འཁྲུལ་བར་བགྱིས་གྲུབ་པ་ལགས་པས། སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་དང་རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་ལས་འདའ་བར་མི་བྱའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བཅས་ཀྱིས་གྲུབ། སློབ་དཔོན་གྱིས་ཀུན་བཟང་དོན་ཕྲིན་གྱི་རྗེས་རིམ་རྣམས་དང་། ཀུན་བཟང་སྨོན་ལམ་གྱིས་མཚོན་པའི་ཐུན་མོང་མ་ཡིན་པའི་བསྔོ་སྨོན་རྒྱས་པར་བྱའོ། །ཟབ་ཆོས་འདི་ཡང་ཐུབ་བསྟན་ཇི་སྲིད་བར། །མི་ནུབ་དར་ཞིང་རྒྱས་པའི་བཙས་གྱུར་ཏེ། །འབྲེལ་བཅས་འགྲོ་ཀུན་གདོད་མའི་གྲོལ་གཞི་རུ། །འབད་རྩོལ་མེད་པར་དབུགས་དབྱུང་ཐོབ་གྱུར་ཅིག །ཅེས་པ་འདིའང་ཁྱབ་བདག་གདོད་མའི་མགོན་པོ་བཀའ་དྲིན་སུམ་ལྡན་༧པདྨ་འོད་གསལ་མདོ་སྔགས་གླིང་པས་རྗེས་སུ་གནང་བ་བསྩལ་པ་དང་། སྔ་འགྱུར་བསྟན་


RTZ057_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་དཔལ་མགོན་ཛ་ཀ་དང་དགེ་མང་མཆོག་སྤྲུལ་རྣམ་པ་གཉིས་ནས་གསུང་བསྐུལ་གནང་བ་ལྟར། འདུ་གསུམ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གཏེར་གཞུང་སོར་བཞག་ལ་ཁ་གསལ་ཕྲན་ཚེགས་ཀྱིས་བརྒྱན་ཏེ་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།


previousརྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས་དབང་བཞིའི་བརྡ་ཁྲིད་བཀླག་ཆོག་ཏུ་བཀོད་པ་གནས་ལུགས་གཅེར་མཐོང་། བློ་གྲོས་མཐའ་ཡས།next