Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
ཀུན་བཟང་དགོངས་པ་ཀུན་འདུས་ལས་ཞི་ཁྲོ་གསང་འདུས་ཀྱི་ལས་བྱང་ཁྱེར་བདེར་དྲིལ་བ་རིན་ཆེན་སྒྲོན་མེ། བློ་གྲོས་མཐའ་ཡས།
   
   
   
   
   
   
   
   
   
   
   


 
previousཀུན་བཟང་དགོངས་པ་ཀུན་འདུས་ལས་ཞི་ཁྲོ་གསང་འདུས་ཀྱི་ལས་བྱང་ཁྱེར་བདེར་དྲིལ་བ་རིན་ཆེན་སྒྲོན་མེ། བློ་གྲོས་མཐའ་ཡས།next

ཀུན་བཟང་དགོངས་པ་ཀུན་འདུས་ལས་ཞི་ཁྲོ་གསང་འདུས་ཀྱི་ལས་བྱང་ཁྱེར་བདེར་དྲིལ་བ་རིན་ཆེན་སྒྲོན་མེ། བློ་གྲོས་མཐའ་ཡས།


RTZ057_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་དགོངས་པ་ཀུན་འདུས་ལས། ཞི་ཁྲོ་གསང་འདུས་ཀྱི་ལས་བྱང་ཁྱེར་བདེར་དྲིལ་བ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


RTZ057_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤཱནྟ་ཀྲོ་དྷ་དེ་བཱ་ཡ། ཞི་བའི་དབྱིངས་ལས་རིག་པའི་རྩལ། ཁྲག་འཐུང་འཆར་གཞི་གདོད་མའི་མགོན། །རང་ངོར་མཇལ་ཕྱག་འཚལ་ནས་འདི། །དགོད་ལ་ཡེ་ཤེས་དགོངས་བརྒྱུད་སྩོལ། །ཀུན་བཟང་དགོངས་འདུས་ཀྱི་མགྱོགས་དབང་སྐབས་སོགས་ཕྲིན་གཞུང་ལེའུ་ཉེར་བཞི་མ་མི་ལྕོགས་པ་དག་གིས་མདོར་བསྡུ་བའི་ལས་བྱང་དགོད་པ་ལ་གསུམ། སྔོན་འགྲོ། །དངོས་གཞི། རྗེས་སོ། །དང་པོ་ལ། སྦྱོར་བའི་སྔོན་འགྲོ་རྟེན་དང་ཡོ་བྱད་ཕྱི་ནང་གི་མཆོད་གཏོར་རྣམས་སྐབས་སུ་བབས་པ་ཚུལ་བཞིན་བཤམ། ཆོ་གའི་སྔོན་འགྲོ་ལ། ཐོག་མར་བགེགས་བསྐྲད་པ་ནི། བགེགས་གཏོར་བྱིན་བརླབ་སྔགས་རྒྱས་བསྔོ་བ་སྤྱི་ལྟར་བྱས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ རྣམ་རྟོག་གཟུང་འཛིན་འཁྲུལ་པའི་བགེགས༔ སྐྱེ་མེད་ཆོས་ཀྱི་ཀློང་དུ་བསྒྲལ༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ གཉིས་འཛིན་ལོག་རྟོག་རྒྱུན་ཆོད་ཅིག༔ ཨོཾ་སྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཞེས་དང་། ཨོཾ་སུམྦྷ་ནི་བརྗོད་ལ་བསྐྲད། མཚམས་གཅོད་སྲུང་འཁོར་ནི། ཧཱུྃ༔ ཕྱི་དང་ནང་མེད་གཞལ་ཡས་འདིར༔ རང་རིག་ཞི་ཁྲོའི་ལྷ་ཚོགས་ཤར༔ ཕྱི་མཚམས་ཡུལ་སྣང་དབྱིངས་སུ་བཅད༔ ནང་མཚམས་སེམས་ཉིད་རིག་ཐོག་བཅད༔ གསང་མཚམས་གཉིས་མེད་ཀློང་དུ་བཅད༔ ཨེ་ཨ་ཧོ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྐྱབས་འགྲོ་ནི། ན་མོ༔ དག་པ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ ཐིག་ལེ་རང་གསལ་ཚོམ་བུར་རྒྱས༔ རང་རིག་གསལ་བའི་སྙིང་པོ་


RTZ057_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཅན༔ འདུ་འབྲལ་མེད་པ་བུམ་པའི་སྐུ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ སྒོ་གསུམ་དད་པས་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། ཧཱུྃ༔ ཅི་ལྟར་ཐོག་མའི་མགོན་པོ་རྣམས༔ མ་བསྐྱེད་གཞི་ལ་རྫོགས་པའི་སེམས༔ ངང་ངམ་ཤུགས་ལས་གྲོལ་པ་ལྟར༔ དེ་བཞིན་བདག་སོགས་འཇུག་པར་བགྱི༔ སྡོམ་པ་གཟུང་བ་ནི། ཀྱེ༔ འགྲོ་བའི་དཔལ་མགོན་ཐུགས་རྗེ་ཅན༔ ཡང་དག་གདོད་མའི་བྱང་ཆུབ་སེམས༔ སྐུ་གསུམ་ཡེ་ཤེས་བཞི་རྫོགས་ཡུལ༔ ལམ་མཆོག་འདི་བཟུང་མི་གཏང་ངོ༔ ཨོཾ་བཛྲ་གྷཎྜེ་དྷརྨ་ཨཱཿཧཱུྃ། ཞེས་པས་ཕྱག་རྒྱའང་གཟུང་། མཆོད་རྫས་བྱིན་བརླབ་ནི། སྭ་བྷཱ་བས་སྦྱང་། ཧཱུྃ༔ བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔ འོད་ཟེར་སྣ་ལྔ་ཕར་འཕྲོས་པས༔ ཡཾ་ལས་རླུང་གཡོས་རཾ་མེ་སྦར༔ མེ་ཡིས་ཐོད་པའི་བདུད་རྩི་ཁོལ༔ རླངས་པས་རིགས་ལྔའི་ས་བོན་བྱུང༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ འབྲུ་ལྔ་འོད་དུ་ཞུ་བ་ལས༔ རིགས་ལྔ་ཡབ་ཡུམ་བཅུ་རུ་གྱུར༔ སྦྱོར་བ་མཛད་པའི་བྱང་སེམས་ནི༔ ཟླ་བའི་ཁ་ཆོད་རྡོ་རྗེར་གྱུར༔ དེ་ལས་འོད་བྱུང་ཕྱོགས་བཅུར་འཕྲོས༔ རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངས༔ སྨན་རཀ་གཏོར་མ་ཕྱི་མཆོད་དང༔ ནང་མཆོད་གསང་མཆོད་བྱིན་བརླབས་ནས༔ མཆོད་པའི་རོལ་པ་ཆེན་པོར་གྱུར༔ འབྲུ་ལྔ་ལན་གསུམ་བརྗོད་དོ།། །།གཉིས་པ་དངོས་གཞིའི་ཐོག་མར་དཀྱིལ་འཁོར་


RTZ057_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ནི། ཧཱུྃ༔ ཆོས་རྣམས་རང་བཞིན་བདག་མེད་ངང༔ རྟོག་གསུམ་བྲལ་བའི་ངང་ཉིད་ལས༔ སྐད་ཅིག་རིག་པ་ཧཱུྃ་མཐིང་ཤར༔ དེ་ལས་འོད་འཕྲོས་འབྱུང་རིམ་བརྩེགས༔ ཨེ་ཡཾ་རཾ་ཁཾ་སུ་ར་ཀེཾ་བྷྲཱུྃ༔ བྷྲཱུྃ་ལས་རང་བྱུང་ཕོ་བྲང་མཛེས༔ ཕྱི་དང་ནང་མེད་གཞལ་ཡས་ཁང༔ མཁའ་མཉམ་རྒྱ་ཁྱོན་དཔག་ཏུ་མེད༔ འཇའ་ཚོན་འོད་ལྔ་འཁྲུགས་པའི་ཀློང༔ ཐིག་ལེ་པདྨ་རྩིབས་ལྡན་དབུས༔ སྐད་ཅིག་རིག་པ་ཆོས་སྐུ་ཨ༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང༔ ཆོས་དབྱིངས་བཟང་མོ་སྐུ་མདོག་དཀར༔ མཉམ་གཞག་མགུལ་འཁྱུད་ཞལ་ལ་སྟོབས༔ སྐྱིལ་ཀྲུང་ཉི་ཟླ་པད་གདན་བཞུགས༔ མདུན་དུ་རྣམ་སྣང་སྐུ་མདོག་དཀར༔ འཁོར་ལོ་དྲིལ་འཛིན་དབྱིངས་ཕྱུག་འཁྲིལ༔ ཤར་དུ་རྡོར་སེམས་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་འཛིན་མཱ་ཀཱི་འཁྲིལ༔ གཡས་ན་ས་སྙིང་མྱུ་གུ་དཀར༔ མདུན་ན་ལཱ་སྱཻ་མེ་ལོང་དཀར༔ གཡོན་ན་བྱམས་པ་ཀླུ་ཤིང་དཀར༔ རྒྱབ་ཏུ་པུཥྤེ་མེ་ཏོག་དཀར༔ ལྷོ་རུ་རིན་ཆེན་འབྱུང་ལྡན་སེར༔ རིན་ཆེན་དྲིལ་འཛིན་སྤྱན་མ་འཁྲིལ༔ གཡས་ན་ཀུན་བཟང་སྙེ་མ་དམར༔ མདུན་དུ་མཱ་ལྱེ་ཕྲེང་བ་མཐིང༔ གཡོན་ན་ནམ་སྙིང་རལ་གྲི་སྔོ༔ རྒྱབ་ཏུ་དྷཱུ་པེ་སྤོས་མེ་ནག༔ ནུབ་ཏུ་སྣང་བ་མཐའ་ཡས་དམར༔ པདྨ་དྲིལ་འཛིན་གོས་དཀར་འཁྲིལ༔ གཡས་ན་སྤྱན་གཟིགས་པདྨ་དཀར༔


RTZ057_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ན་གཱིརྟཱི་པི་ཝཾ་དམར༔ གཡོན་ན་འཇམ་དཔལ་ཨུཏྤལ་སེར༔ རྒྱབ་ན་ཨཱ་ལོ་མར་མེ་དམར༔ བྱང་དུ་དོན་ཡོད་གྲུབ་པ་ལྗང༔ རྒྱ་གྲམ་དྲིལ་འཛིན་སྒྲོལ་མ་འཁྲིལ༔ གཡས་ན་སྒྲིབ་སེལ་པོ་ཏི་མཐིང༔ མདུན་ན་གནྡྷེ་དུང་ཕོར་དཀར༔ གཡོན་ན་ཕྱག་རྡོར་རྡོ་རྗེ་ལྗང༔ རྒྱབ་ན་ནིརྟཱི་ཞལ་ཟས་ལྗང༔ དེ་ལྟར་ཞི་བའི་ལྷ་ཚོགས་རྣམས༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ སེང་གེ་གླང་ཆེན་རྟ་རྨ་བྱ༔ ཤང་ཤང་དར་ཟབ་ཁྲི་འཕང་མཛེས༔ པདྨ་ཉི་ཟླ་བརྩེགས་པའི་སྟེང༔ ཀུན་བཟང་རིགས་ལྔ་སྲས་འཁོར་བཅས༔ སྐྱིལ་མོ་ཀྲུང་དང་ཕྱེད་སྐྱིལ་བཞུགས༔ གཙོ་བོ་ཀུན་བཟང་ཡབ་ཡུམ་གྱི༔ གཡས་སུ་བརྒྱ་བྱིན་པི་ཝཾ་དཀར༔ གཡོན་དུ་ཆོས་རྒྱལ་མེ་ཆུ་ནག༔ ཤར་ལྷོར་ཐགས་བཟང་གོ་མཚོན་ལྗང༔ ལྷོ་ནུབ་ཤཱཀ་ཐུབ་གསེག་པར་སེར༔ ནུབ་བྱང་སེང་རབ་པོ་ཏི་མཐིང༔ བྱང་ཤར་ཁ་འབར་སྒྲོམ་བུ་དམར༔ སྤྲུལ་སྐུའི་ཆ་ལུགས་བཞེངས་སྟབས་བཞུགས༔ ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་དཀར༔ ལྷོ་སྒོར་གཤིན་རྗེ་ཞགས་པ་སེར༔ ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་དམར༔ བྱང་སྒོར་བདུད་རྩི་དྲིལ་བུ་ལྗང༔ ཁྲོ་རྒྱལ་སྒོ་བ་ཡབ་ཡུམ་བརྒྱད༔ རྔམས་བཞད་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཉི་ཟླ་པདྨ་རོ་གདན་སྟེང༔ གཉིས་མེད་འཁྲིལ་ཞིང་ཞབས་བཞི་བགྲད༔


RTZ057_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མེ་འོད་འབར་བའི་ཀློང་དུ་གསལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་མཱཾ་ལཱཾ་པཱཾ་ཏཱཾ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཀུན་བཟང་རིགས་བཞིའི་སྐུ་རྒྱབ་ཏུ༔ བུདྡྷ་ཧེ་རུ་ཡབ་ཡུམ་སྨུག༔ འཁོར་ལོ་རལ་གྲི་དགྲ་སཏྭ་གཡས༔ དྲིལ་བུ་ཐོང་གཤོལ་བྷནྡྷ་གཡོན༔ བཛྲ་ཧེ་རུ་ཡབ་ཡུམ་མཐིང༔ རྡོ་རྗེ་ཁ་ཊྭཱཾ་དགྲ་སཏྭ་གཡས༔ དྲིལ་བུ་བྷནྡྷ་ཐོང་གཤོལ་གཡོན༔ རཏྣ་ཧེ་རུ་ཡབ་ཡུམ་སེར༔ རིན་ཆེན་ཁ་ཊྭཱཾ་བེ་ཅོན་གཡས༔ དྲིལ་བུ་བྷནྡྷ་ཏྲི་ཤུལ་གཡོན༔ པདྨ་ཧེ་རུ་ཡབ་ཡུམ་དམར༔ པདྨ་ཁ་ཊྭཱཾ་དབྱུག་ཏོ་གཡས༔ དྲིལ་བུ་བྷན་དམར་རྔེའུ་ཆུང་གཡོན༔ ཀརྨ་ཧེ་རུ་ཡབ་ཡུམ་ལྗང༔ རྒྱ་གྲམ་རལ་གྲི་ཁ་ཊྭཱཾ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ ཡབ་རྣམས་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཚུལ༔ ཁྲོ་གཉེར་སྤྱན་གསུམ་སྡང་མིག་བསྒྲད༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ ཞལ་བསྒྲད་མཆེ་གཙིགས་སྨར་སྨིན་འབར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་ཀྱིས༔ བྷན་དམར་སྟོབ་ཅིང་ཁྲོ་མོའི་ཆས༔ བམ་ཆེན་གདན་ལ་བརྗིད་ཅིང་འགྱིང༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཧཱུྃ༔ ཀྲོ་ཏཱི་ཤྭ་རཱི་བྷྲཱུྃ་ཧཱུྃ༔ དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་ལ༔ གནས་ཀྱི་མ་མོ་ཆེན་མོ་བརྒྱད༔ ཤར་དུ་ཀོའུ་རཱི་ཞིང་དབྱུག་


RTZ057_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དཀར༔ ལྷོ་རུ་ཙོའུ་རཱི་མདའ་འགེངས་སེར༔ ནུབ་ཏུ་པྲ་མོ་ཆུ་སྲིན་དམར༔ བྱང་དུ་བེ་ཏཱ་རྡོ་རྗེ་ནག༔ ཤར་ལྷོར་པུཀྐ་རྒྱུ་ཟ་སེར༔ ལྷོ་ནུབ་གྷསྨ་དུང་ཁྲག་ལྗང༔ ནུབ་བྱང་ཙནྡྷ་སྙིང་ཟ་སེར༔ བྱང་ཤར་སྨེ་ཤ་བམ་ཆེན་སེར༔ ཞིང་ཆེན་རློན་པའི་གདན་སྟེང་དུ༔ གར་ཐབས་འགྱིང་བག་ཚུལ་དུ་བཞུགས༔ ཀོའུ་རཱི་ཙོའུ་རཱི་པྲ་མོ་བེ་ཏཱ་པུཀྐ་གྷསྨ་སྨེ་ཤ་ཙནྡྷ་ཧཱུྃ་བྷྲཱུྃ་ཧཱུྃ༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ ཡུལ་གྱི་ཕྲ་མེན་ཆེན་མོ་བརྒྱད༔ སི་ཧཾ་སེང་གདོང་རལ་བསིག་སྨུག༔ བྱཱགྷྲི་སྟག་གདོང་ལག་བསྣོལ་དམར༔ སྲི་ལ་ཝ་གདོང་སྤུ་གྲི་ནག༔ ཤྭ་ན་སྤྱང་གདོང་རོ་བལྟ་མཐིང༔ གྷིདྷ་བྱ་རྒོད་རྒྱུ་འདྲེན་སེར༔ ཀཾ་ཀ་དུར་བྱ་ཞིང་ཕྲག་དམར༔ ཁ་ཁྭ་བྱ་རོག་རལ་བྷན་ནག༔ ཧུ་ལུ་འུག་གདོང་རྒྱལ་མཚན་མཐིང༔ གཅེར་བུ་རལ་བསིག་གར་ཐབས་ཚུལ༔ མིག་བསྒྲད་མཆེ་གཙིགས་རོ་ཡི་གདན༔ རྔམ་བརྗིད་འགྱིངས་བག་ཚུལ་དུ་བཞུགས༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཤར་སྒོར་རྟ་གདོང་ལྕགས་ཀྱུ་དཀར༔ ལྷོ་སྒོར་ཕག་གདོང་རྒྱུ་ཞགས་སེར༔ ནུབ་སྒོར་སེང་གདོང་ལྕགས་སྒྲོག་དམར༔ བྱང་སྒོར་སྦྲུལ་གདོང་དྲིལ་བུ་ལྗང༔ གཅེར་བུ་རལ་བསིག་སྤྱན་མིག་བསྒྲད༔ ཞིང་ཆེན་བསྣོལ་བའི་གདན་ལ་འགྱིང༔ ཛཿཧཱུྃ་བཾ་ཧོ༔ ཤར་དུ་ཞི་བའི་ལས་བྱེད་བདུན༔ ལྷོ་རུ་རྒྱས་པའི་ལས་བྱེད་བདུན༔ ནུབ་ཏུ་དབང་གི་ལས་བྱེད་བདུན༔ བྱང་དུ་དྲག་པོའི་ལས་བྱེད་བདུན༔ རྣལ་འབྱོར་དབང་ཕྱུག་ཉེར་བརྒྱད་


RTZ057_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དང༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས༔ སྣང་ལ་རང་བཞིན་མ་གྲུབ་པ༔ སྒྱུ་མ་འོད་གཟུགས་ཟང་ཐལ་བསྒོམ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ རང་རིག་སྐྱེ་མེད་ཆོས་ཀྱི་སྐུ༔ བླ་མེད་ཞི་ཁྲོའི་ལྷ་ཚོགས་ཤར༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ གཉིས་སུ་མེད་པ་གསལ་སྟོང་སྐུ༔ འོད་ཟེར་ཡེ་ཤེས་ལྔ་ལྡན་དང༔ དཀྱིལ་འཁོར་ལྷ་དང་བདག་གསུམ་པོ༔ དབྱེར་མེད་གཅིག་གི་ངང་དུ་གནས༔ ཨ་ཨ་ཨ༔ བརྡ་སྒོ་དབྱེ་བ་ནི། ཧཱུྃ༔ རང་བྱུང་ཡེ་ཤེས་འཆར་བའི་སྒོ༔ ཤར་ལྷོ་ནུབ་བྱང་སྒོ་བཞིར་གསལ༔ རིག་པ་ཡེ་ཤེས་སྒོ་ཕྱེ་བས༔ མ་བསྐྱེད་ཐིག་ལེའི་ལྷ་ཚོགས་བྱོན༔ ལྷ་དང་དཀྱིལ་འཁོར་གཉིས་མེད་ཅིང༔ ཟང་ཐལ་ཆེན་པོར་རང་གྲོལ་ནས༔ དཀྱིལ་འཁོར་ཐམས་ཅད་རྫོགས་གྱུར་ཅིག༔ ཡེ་ཤེས་པ་སྤྱན་དྲང་བ་ནི། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་བཟང་རིགས་ལྔ་གཤེགས་སུ་གསོལ༔ ཡེ་ཤེས་འོད་ལྔའི་གུར་ཁང་ནས༔ ལོངས་སྐུ་ཞི་ཁྲོ་གཤེགས་སུ་གསོལ༔ རང་བཞིན་རྣམ་དག་གཞལ་ཡས་ནས༔ སྤྲུལ་སྐུ་རིག་འཛིན་གཤེགས་སུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་གཏེར་བདག་གཤེགས་སུ་གསོལ༔ མཆོད་པ་ཆེན་པོའི་དཀྱིལ་འཁོར་འདིར༔ ཐམས་ཅད་ཀུན་འདུས་བྱང་ཆུབ་སེམས༔ བཟང་ངན་མེད་པར་སྲིད་པའི་ཞིང༔ ལྷུན་གྲུབ་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་


RTZ057_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ་བ་ནི། ཧཱུྃ༔ སྣང་སྲིད་རྣམ་དག་བདེ་ཆེན་ཞིང༔ རང་བྱུང་སྤྲོས་བྲལ་གཞལ་ཡས་ཁང༔ ལྔ་ལྡན་ཚོམ་བུ་འོད་ལྔའི་ཀློང༔ བྱོལ་སོང་གཙོ་བརྒྱད་སྣ་ཚོགས་གདན༔ ཉི་ཟླ་པད་གདན་དར་ཟབ་སྟེང༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ ཆོས་སྐུ་རང་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ ལོངས་སྤྱོད་རྫོགས་སྐུ་ཞི་ཁྲོའི་དཀྱིལ་འཁོར་རྒྱས༔ སྤྲུལ་སྐུ་ཉི་མའི་འོད་སྟོང་ཀུན་ལ་ཁྱབ༔ ཞི་ཁྲོ་རང་བཞིན་དཀྱིལ་འཁོར་ཀུན་གྱི་བདག༔ སྣང་སྲིད་རྩ་བ་བདག་འཛིན་དག་པའི་ལྷ༔ སྒོ་གསུམ་དད་པས་བདག་ནི་སྐྱབས་སུ་མཆི༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་འབུལ་བ་ནི། ཧཱུྃ༔ ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་མ༔ མཆོད་རྫས་སྣ་ཚོགས་འཛིན་བྱེད་ཅིང༔ གར་སྟབས་གླུ་ཡིས་དགྱེས་པ་བསྐྱེད༔ སངས་རྒྱས་ཞིང་ཁམས་རབ་འབྱམས་སུ༔ ལྷ་མོ་དྲུག་གིས་ཁེངས་གྱུར་ཏེ༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ཨ་ལ་ལ་སྟེ་མཆོད་པར་བཞེས༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཙ་ཧོ༔ ཨོཾ་བཛྲ་ཨཱརྱ་ཏེ་ཛ་རི་ཧཱུྃ་ཛ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ དུར་ཁྲོད་དྲག་པོའི་ཉེར་སྤྱོད་དང༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔


RTZ057_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ མ་ཧཱ་པཉྩ་པཱུ་ཛ་ཧོ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ བླ་མེད་གསང་མཆོད་འབུལ་བ་ནི༔ བདེ་སྟོང་གཉིས་མེད་བྱང་ཆུབ་སེམས༔ གསལ་སྟོང་དག་པའི་ལྷ་ལ་འབུལ༔ རིག་སྟོང་རོལ་པར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ བདུད་རྩི་སྨན་མཆོད་འབུལ་བ་ནི༔ ཀུན་བཟང་རིགས་ལྔའི་མཁའ་ཀློང་དུ༔ གཉིས་མེད་བྱང་སེམས་འཕྲོ་འདུ་མཛད༔ ཁྱད་པར་རྨད་བྱུང་བདུད་རྩི་འདི༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ ཆོས་དབྱིངས་བྷནྡྷ་ཡངས་པ་རུ༔ དུག་གསུམ་བསྒྲལ་པའི་རཀྟ་ཕབ༔ ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་མཆོད༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ བ་ལིཾ་གཏོར་མཆོད་འབུལ་བ་ནི༔ སྣོད་ཀྱི་འཇིག་རྟེན་བྷནྡྷ་རུ༔ བཅུད་ཀྱི་རིགས་གྱུར་གཏོར་མར་སྦྱར༔ དཔལ་གྱི་མཆོད་གཏོར་དམ་པ་འདི༔ མ་ལུས་འཁོར་བཅས་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ལ་ཁ་ཁ་ཁཱ་ཧི༔ ཛཔ྄་བསྙེན་བཟླ་བ་ནི། སྤྲོ་བསྡུའི་ཏིང་འཛིན་སྤྱི་ལྟར་བྱས་ཀྱང་ཆོག་མོད། གཙོ་བོར། གཟུགས་སྣང་ཐམས་ཅད་ཞི་ཁྲོའི་སྐུ༔ སྒྲ་གྲགས་ཐམས་ཅད་ཡང་སྙིང་སྒྲ༔ དྲན་རྟོགས་ཐམས་ཅད་ཞི་ཁྲོའི་ཐུགས༔ སྣང་སྲིད་ཞི་ཁྲོའི་རོལ་པར་བསམ༔ ཞེས་པའི་དགོངས་པ་སྲོག་ཏུ་བཟུང་ལ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་


RTZ057_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅེས་བཟླ་འོ། །གསུམ་པ་རྗེས་ཀྱི་ལས་རིམ་གྱི་ཐོག་མར་གཞི་བསྟོད་བྱ་བ་ནི། ཧཱུྃ༔ ཆོས་དབྱིངས་ངང་ལས་རང་བྱུང་དབྱེར་མེད་པའི༔ ཀུན་བཟང་ཡབ་ཡུམ་མཉམ་པའི་ཕྱག་རྒྱ་ཅན༔ ཆོས་ཉིད་གདལ་ཁྱབ་ཆེན་པོའི་དབྱིངས་རུམ་དུ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཟུགས་ཕུང་རྣམ་དག་བཅོམ་ལྡན་རྣམ་སྣང་མཛད༔ རྣམ་ཤེས་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས༔ ཚོར་བ་རྣམ་དག་བཅོམ་ལྡན་རིན་ཆེན་འབྱུང༔ འདུ་ཤེས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས༔ འདུ་བྱེད་རྣམ་དག་བཅོམ་ལྡན་དོན་ཡོད་གྲུབ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་སྐུ༔ འབྱུང་ལྔ་རྣམ་དག་ཡུམ་མཆོག་ལྔ་དང་འཁྲིལ༔ རིགས་ལྔ་ཡབ་ཡུམ་བཅུ་ལ་ཕྱག་འཚལ་བསྟོད༔ རྣམ་ཤེས་རྣམ་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ཡུལ་བརྒྱད་རྣམ་དག་མཆོད་པའི་ལྷ་མོ་བརྒྱད༔ རིགས་དྲུག་དོན་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔ ཡེ་ཤེས་སྒོ་བ་ཆེན་པོ་ཡབ་ཡུམ་བརྒྱད༔ ཞི་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཏི་མུག་མཐར་ཕྱིན་བུདྡྷ་ཧེ་རུ་ཀ༔ ཞེ་སྡང་མཐར་ཕྱིན་བཛྲ་ཧེ་རུ་ཀ༔ ང་རྒྱལ་མཐར་ཕྱིན་རཏྣ་ཧེ་རུ་ཀ༔ འདོད་ཆགས་མཐར་ཕྱིན་པདྨ་ཧེ་རུ་ཀ༔ ཕྲག་དོག་མཐར་ཕྱིན་ཀརྨ་ཧེ་རུ་ཀ༔ དབྱིངས་ཀྱི་ཡུམ་ཆེན་ཁྲོ་མོ་ལྔ་དང་སྦྱོར༔ ཁྲག་འཐུང་ཡབ་ཡུམ་བཅུ་ལ་ཕྱག་འཚལ་


RTZ057_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད༔ ཐུགས་རྗེ་ཆེན་པོས་རྣལ་འབྱོར་དོན་མཛད་མ༔ གནས་ཀྱི་མ་མོ་བརྒྱད་ལ་ཕྱག༴ ཡུལ་གྱི་ཕྲ་མེན་བརྒྱད་ལ་ཕྱག༴ སྒོ་སྐྱོང་གདོང་མོ་བཞི་ལ་ཕྱག༴ དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག༴ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མ་ལུས་ཀུན༔ སྔོན་གྱི་དུས་ནས་བདག་དང་གཉིས་སུ་མེད༔ གཉིས་མེད་ལྷ་ཚོགས་རིག་པའི་ཀློང་དུ་བསྟོད༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ བཤགས་པ་བྱ་བ་ནི། བླ་མ་ཀུན་བཟང་ཞི་ཁྲོ་དང༔ དབང་ཕྱུག་རྡོ་རྗེ་དགོངས་སུ་གསོལ༔ ཞི་ཁྲོ་ཡབ་ཡུམ་ཆོས་ཀྱི་སྐུ༔ ཡེ་ནས་བདག་དང་དབྱེར་མེད་ཀྱང༔ མ་རིག་མ་རྟོགས་ལས་དབང་གིས༔ སྣང་སྟོང་གཉིས་སུ་ཨ་འཐས་ནས༔ གཉིས་འཛིན་ལོག་ལྟ་ཐེ་ཚོམ་པས༔ རང་དྭངས་རིག་པའི་ཀློང་དུ་བཤགས༔ རྒྱལ་བ་ཞི་ཁྲོ་མཁའ་འགྲོ་ཆོས་གཏེར་བདག༔ སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས་པ་ཡི༔ ཀུན་གྱི་ཐུགས་དང་འགལ་པ་ཅི་གྱུར་པ༔ མ་ཚོར་མ་རིག་འགལ་འཁྲུལ་ཉམས་ཆག་རྣམས༔ རྣལ་འབྱོར་བདག་གིས་བསྐང་ཞིང་བཤགས་པར་བགྱི༔ ཞེས་དང་ཡིག་བརྒྱ་བརྗོད་དོ། །ཚོགས་བྱ་བ་ནི། ཚོགས་རྫས་ཅི་ལྟར་འབྱོར་པ་བཤམ། ཆུ་ཆང་ནང་མཆོད་ཀྱིས་བྲན་ལ། ཧཱུྃ༔ བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔ རཾ་འཕྲོས་ཚོགས་ཀྱི་དངོས་འཛིན་བསྲེགས༔ ཡཾ་འཕྲོས་ཚོགས་ཀྱི་བག་ཆགས་གཏོར༔ ཁཾ་འཕྲོས་ཚོགས་ཀྱི་གཉིས་འཛིན་བཀྲུས༔ སླར་ཡང་


RTZ057_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་གསུམ་འཕྲོས༔ འོད་ཟེར་ཚོགས་རྣམས་ཀུན་ལ་ཁྱབ༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་གྱུར༔ མཆོད་པའི་ལྷ་མོ་དཔག་མེད་ཀྱིས༔ ཚོགས་ཕུལ་ལྷ་ཚོགས་དགྱེས་པར་གྱུར༔ འབྲུ་གསུམ་ལན་གསུམ་བརྗོད། སྤྱན་འདྲེན་པ་ནི། ཧཱུྃ༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་ཀ་དག་ཕོ་བྲང་ནས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས༔ བླ་མེད་གསང་བའི་དཀྱིལ་འཁོར་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ ཐུགས་དམ་ཉམས་ཆག་གཉན་བསྐངས་ལ༔ གཡར་དམ་སོར་སྩོལ་དངོས་གྲུབ་ཞུ༔ ཚོགས་ཕུད་འབུལ་བ་ནི། ཧཱུྃ༔ སྐྱེ་འགག་འགྱུར་མེད་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཚོགས་བཤགས་བྱ་བ་ནི། སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་དབང་གིས་བདག་ལུས་ངག་སེམས་ཀྱིས༔ ཀུན་བཟང་ཞི་ཁྲོའི་ཐུགས་དང་ཅི་འགལ་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ བསྒྲལ་བསྟབ་ནི། དམིགས་རྟེན་ལ་བཀུག་སྟེ། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ དུག་ལྔ་སྤྱོད་པའི་ལས་རྣམས་ཀུན༔ རིགས་ལྔ་རིགས་ཀྱི་ཕྱག་རྒྱས་བསྒྲལ༔ ཉོན་མོངས་བསྒྲལ་པའི་ཡེ་ཤེས་བཅུད༔ ཟ་བྱེད་མི་འགྱུར་ཆོས་དབྱིངས་


RTZ057_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རོལ༔ མ་ཧཱ་མཱཾ་ས་ཙིཏྟ་རཀྟ་ཀིཾ་ནི་རི་ཏི་གོ་རོ་ཙ་ན་བ་སུ་ཏ་ལ་ཁཱ་ཧི༔ དེ་ནས་བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ། སྨོན་ལམ་ནི། ཧོ༔ ཚོགས་འཁོར་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང༔ ཡེ་ཤེས་སྣང་བ་རང་གསལ་ནས༔ ཀ་དག་ཆོས་དབྱིངས་ཐོབ་པར་ཤོག༔ ཚོགས་ལྷག་བྱིན་བརླབས་ལ། ཧཱུྃ༔ དཔལ་གྱི་ཕམ་ཕབ་ལྷག་གཏོར་བཤམས་པ་འདི༔ ལུས་མེད་ལུས་ལ་ཆགས་ཤིང་ཡིད་དུ་འགྱུ༔ ཟ་འདོད་འབྱུང་པོ་ལྷག་མར་དབང་བ་རྣམས༔ འདིར་འདུས་འབྱུང་པོ་ལྷག་མའི་གཏོར་ཆེན་རོལ༔ ཨ་ཏྲི་ནྲི་སུ་པྲེ་དུ་ཛ༔ ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་སྐུ་བཞེངས་ཤིག༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མཛོད་ཅིག་མཛོད་ཅིག་སེམས་ཅན་དོན་མཛོད་ཅིག༔ ཙིཏྟ་སྙིང་གི་གཞལ་ཡས་ནས༔ ཞི་བ་བཞི་བཅུའི་ཐུགས་དམ་བསྐུལ༔ དུང་ཁང་ཀླད་པའི་གཞལ་ཡས་ནས༔ ལྔ་བཅུ་རྩ་བརྒྱད་སྐུ་བྱོན་ཅིག༔ ཉོན་མོངས་དུག་ལྔ་ལ་སོགས་རྣམས༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་སྦྱོར༔ ཟློག་པ་བྱ་ན་ནི། ཧཱུྃ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ དུག་གསུམ་དུག་ལྔའི་བག་ཆགས་རྣམས༔ སྐུ་གསུམ་ཡེ་ཤེས་ལྔ་རུ་ཟློགས༔ ཕུང་ཁམས་རིགས་ལྔ་


RTZ057_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལྔར་ཟློགས༔ ཉོན་དྲུག་ཐུབ་པ་དྲུག་ཏུ་ཟློགས༔ དབང་ཡུལ་སེམས་དཔའ་སེམས་མར་ཟློགས༔ ཀུན་གཞི་ཆོས་ཉིད་ཀློང་དུ་ཟློགས༔ སྒོ་གསུམ་སྐུ་གསུང་ཐུགས་སུ་ཟློགས༔ རིག་པ་ཀ་དག་ཆེན་པོར་ཟློགས༔ ཞེས་དང་སྙིང་པོ་བརྗོད། གཏོར་མ་བསྐྱང་བ་ནི། བྷྱོ༔ འདས་དང་མ་བྱོན་ད་ལྟའི་མཚམས་ཤེད་ནས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་འཛིན་ཏེ༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་དབང་མོ་མཛད༔ ཀོའུ་རཱི་སིཾ་ཧ་རྟ་གདོང་སྒོ་མ་བཞི༔ དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་ཆོས་སྐྱོང་ཚོགས༔ བརྟན་མ་བཅུ་གཉིས་ཡུལ་ལྷ་གཞི་བདག་དང༔ གིང་དང་ལང་ཀ་འབར་མའི་ཚོགས་རྣམས་དང༔ མ་བདུན་སྲིང་བཞི་ཉུལ་ལེ་ལ་སོགས་རྣམས༔ ཨོ་རྒྱན་ཆེན་པོ་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཁྱེད་རྣམས་འཁོར་བཅས་ཀྱིས༔ དམ་རྫས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ མ་མ་ཧྲིང་ཧྲིང་བ་ལིཾ་ཏ་ཁཱ་ཧི༔ བྲོ་བརྡུང་བ་ནི། ཧཱུྃ༔ བདག་ཉིད་རིགས་ལྔ་ཧེ་རུ་ཀ༔ རོལ་པའི་བྲོ་བརྡུང་ཆེམས་སེ་ཆེམ༔ དུག་ལྔའི་རང་གཟུགས་འབྱུང་པོ་རྣམས༔ མནན་ནོ་རི་རབ་རྨང་འོག་མནན༔ བསྟན་འཇིག་དགྲ་བོ་ཐལ་བར་རློག༔ ཨོཾ་སཏྭཾ་བྷ་ཡ་ནན༔ གཏང་རག་མཆོད་བསྟོད་དང་ནོངས་བཤགས་དམིགས་བསལ་མ་གསུངས་ཀྱང་སྤྲོ་ན་སྤྱི་ལྟར་བྱ།


RTZ057_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མགྲོན་རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས། བསྡུ་རིམ་ནི། ཧཱུྃ༔ ཞི་ཁྲོ་སྤྲུལ་འཁོར་ཐམས་ཅད་ཀུན༔ ཡི་གེ་ཧཱུྃ་མཐིང་རྣམ་པར་བསྡུ༔ ཧཱུྃ་ཡང་སྣང་སྟོང་ཐིག་ལེར་བསྡུ༔ ཐིག་ལེ་དམིགས་མེད་ཆེན་པོར་ཡལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ༔ ཀྱིས་སྣོད་བཅུད་དག་པའི་འཁོར་ལོར་ལྡངས། བསྔོ་སྨོན་ནི། བདག་གཞན་འགྲོ་བ་མ་ལུས་རྣམས༔ བླ་མེད་དཀྱིལ་འཁོར་འདིར་འཇུག་ནས༔ ཀུན་བཟང་མི་ཟད་རྒྱན་གྱི་ཀློང༔ ཀ་དག་འབྲས་བུ་ཐོབ་པར་ཤོག༔ བཀྲ་ཤིས་བརྗོད་པ་ནི། ཧཱུྃ༔ འཕོ་འགྱུར་མེད་པ་དོན་གྱི་ཆོས༔ གཞི་འཁྲུལ་པ་མེད་པའི་བཀྲ་ཤིས་ཤོག༔ རྩོལ་བྲལ་ལྷུན་གྱིས་གྲུབ་པའི་ཆོས༔ ལམ་དགག་སྒྲུབ་བྲལ་བའི་བཀྲ་ཤིས་ཤོག༔ རེ་དོགས་སྤང་བླང་བྲལ་བའི་ཆོས༔ ཆོས་ཟད་འབྲས་བུའི་བཀྲ་ཤིས་ཤོག༔ ཅེས་སོགས་བརྗོད་ལ་དམིགས་མེད་ཀ་དག་གི་ལྟ་བས་རྒྱས་གདབ་བོ། ཁྱེར་བདེར་བསྡེབས་ཀྱང་བྱིས་བློས་ནོངས་པ་གང་། །བཤགས་པས་ཚངས་ནས་འདིར་འབྲེལ་མོས་ལྡན་ཀུན། །གློ་བུར་འཁྲུལ་པ་གྲོལ་གཞིར་སྐད་ཅིག་གིས། །སངས་ནས་ཐོག་མའི་མགོན་དང་དབྱེར་མེད་ཤོག །ཅེས་ཟབ་ཆོས་ཁྱད་པར་འཕགས་པ་འདི་ཉིད་ཕྱོགས་འདིར་མཚན་ཙམ་འཛིན་པའང་དཀོན་པས་སྨིན་གྲོལ་ས་བོན་ཙམ་སྤེལ་བའི་ཆ་རྐྱེན་དུ་དམིགས་ནས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་སྒྲུབ་གནས་ཀྱི་རྒྱལ་པོ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།


previousཀུན་བཟང་དགོངས་པ་ཀུན་འདུས་ལས་ཞི་ཁྲོ་གསང་འདུས་ཀྱི་ལས་བྱང་ཁྱེར་བདེར་དྲིལ་བ་རིན་ཆེན་སྒྲོན་མེ། བློ་གྲོས་མཐའ་ཡས།next