Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་སྙན་བརྒྱུད་ལུས་དཀྱིལ་གྱི་སྐོར་ལས་ཐུགས་རྗེ་ཆེན་པོའི་སྒྲུབ་པ་བྷུ་སུ་ཀུ། མི་འགྱུར་རྡོ་རྗེ།
   
   
   
   
   
   
   


 
previousགནམ་ཆོས་སྙན་བརྒྱུད་ལུས་དཀྱིལ་གྱི་སྐོར་ལས་ཐུགས་རྗེ་ཆེན་པོའི་སྒྲུབ་པ་བྷུ་སུ་ཀུ། མི་འགྱུར་རྡོ་རྗེ།next

གནམ་ཆོས་སྙན་བརྒྱུད་ལུས་དཀྱིལ་གྱི་སྐོར་ལས་ཐུགས་རྗེ་ཆེན་པོའི་སྒྲུབ་པ་བྷུ་སུ་ཀུ། མི་འགྱུར་རྡོ་རྗེ།


RTZ057_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་སྙན་བརྒྱུད་ལུས་དཀྱིལ་གྱི་སྐོར་ལས༔ ཐུགས་རྗེ་ཆེན་པོའི་སྒྲུབ་པ་བྷུ་སུ་ཀུའོ༔


RTZ057_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཐུགས་རྗེ་ཆེན་པོའི་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ རང་ཉིད་ཐུགས་རྗེ་ཆེན་པོ་ནི༔ དཀར་པོ་ཞལ་གཅིག་ཕྱག་བཞི་པ༔ ཐལ་སྦྱར་ཕྲེང་བ་པདྨ་འཛིན༔ སྐྱིལ་ཀྲུང་རཏྣ་དར་གྱིས་བརྒྱན༔ པདྨ་ཟླ་བའི་གདན་ལ་བཞུགས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལྷ་ཡི་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང༔ པི་ཝཾ་པདྨ་ཟླ་བའི་སྟེང༔ སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ༔ ཨོཾ་ཨོཾ་སྭཱ་ཧཱ༔ ལྷ་མིན་འཇིག་རྟེན་དབང་ཕྱུག་ལྗང༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང༔ གོ་མཚོན་པདྨ་ཟླ་བའི་སྟེང༔ སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ༔ ཨོཾ་མ་སྭཱ་ཧཱ༔ མི་ཡི་འཇིག་རྟེན་དབང་ཕྱུག་ཁྲ༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང༔ ཕྲེང་བ་པདྨ་ཟླ་བའི་སྟེང༔ སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ༔ ཨོཾ་ཎི་སྭཱ་ཧཱ༔ དུད་འགྲོའི་འཇིག་རྟེན་དབང་ཕྱུག་དུད༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང༔ པོ་ཏི་པདྨ་ཟླ་བའི་སྟེང༔ སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ༔ ཨོཾ་པད་སྭཱ་ཧཱ༔ ཡི་དྭགས་འཇིག་རྟེན་དབང་ཕྱུག་དམར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང༔ སྒྲོམ་བུ་པདྨ་ཟླ་བའི་སྟེང༔ སྐྱིལ་མོ་ཀྲུང་གིས་བཞུགས་


RTZ057_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ༔ ཨོཾ་མེ་སྭཱ་ཧཱ༔ དམྱལ་བའི་འཇིག་རྟེན་དབང་ཕྱུག་ནག༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང༔ མེ་ཆུ་པདྨ་ཕྱག་ན་འཛིན༔ པདྨ་ཟླ་བའི་གདན་ལ་བཞུགས༔ ཨོཾ་ཧཱུྃ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་མར་གྱི་ཚེས་བརྒྱད་ལ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་འཁོར་དྲུག་དང་བཅས་པས་དངོས་སུ་གསུངས་ཏེ། ཞི་ཁྲོ་ལྟར་མཚམས་བཞི་སྟེང་འོག་གཉིས་དང་དྲུག་ཏུ་འཁོར་དྲུག་འདུག་གསུངས་སོ།། ༁ྃ༔གུ་རུ་དེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཐུགས་རྗེ་ཆེན་པོའི་དབང་བསྐུར་ནི༔ གསོལ་བ་འདེབས་པ་འདི་ལྟ་སྟེ༔ བླ་མ་ཐུགས་རྗེ་ཆེན་པོ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་པ་དེ་ཉིད་ལན་གསུམ་བརྗོད༔ ཁྱོད་ཉིད་སྤྱན་རས་གཟིགས་དབང་བསྒོམ༔ ཇོ་བོ་ཐུགས་རྗེ་ཆེན་པོ་ནི༔ དཔག་མེད་སྤྱན་དྲངས་རང་ལ་ཐིམ༔ སྤྱི་བོར་ཐུགས་ཆེན་རང་ལ་ཐིམ༔ བྱིན་འབེབ་སྐུ་ཡི་རྗེས་གནང་ངོ༔ མདུན་གྱི་ཐུགས་རྗེ་ཆེན་པོ་དང༔ བདག་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀའི་ཧྲཱིཿལས་ཧྲཱིཿགཅིག་མཆེད༔ ཞལ་


RTZ057_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཞུགས་ཏེ་ཧྲཱིཿལ་ཐིམ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ གསུང་གི་རྗེས་སུ་གནང་བ་འོ༔ སློབ་མའི་ཐུགས་ཀའི་ཧྲཱིཿལས་ནི༔ ཧྲཱིཿའཕྲོས་ནམ་མཁར་ཡལ་ནས་སོང༔ འཁོར་རྣམས་རང་ལ་བསྡུས་ནས་ཀྱང༔ རང་ཉིད་སྔགས་འཁོར་སྔགས་འཁོར་ཧྲཱི༔ ཧྲཱིཿཡང་སྟོང་པ་ཉིད་དུ་སོང༔ ཐུགས་ཀྱི་རྗེས་སུ་གནང་བ་འོ༔ ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༔ དེ་རྒྱུ་དེ་བཞིན་གཤེགས་པས་གསུངས༔ དེ་ལ་འགོག་པ་གང་ཡིན་པ༔ དགེ་སྦྱོང་ཆེན་པོས་འདི་སྐད་གསུངས༔ སྡིག་པ་ཅི་ཡང་མི་བྱ་ཞིང༔ དགེ་བ་ཕུན་སུམ་ཚོགས་པར་སྤྱད༔ རང་གི་སེམས་ནི་ཡོངས་སུ་འདུལ༔ གཞན་གྱི་སེམས་ནི་དཀྲུགས་མི་བྱ༔ འདི་ནི་སངས་རྒྱས་བསྟན་པ་ཡིན༔ སློབ་མ་ཡིས་ནི་འདི་སྐད་བརྗོད༔ ཅི་གསུང་བཀའ་བསྒྲུབ་སྣང་སྲིད་ཀྱི༔ དགེ་ཚོགས་བསྡུས་ཏེ་མཎྜལ་འབུལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ཉེར་བཞི་ལ་ཐུགས་རྗེ་ཆེན་པོ་དངོས་ཀྱིས་གསུངས་པའོ། །མཎྜལ་ཚིག་གཅིག་གོང་དུ་སྦྱར་བ་ཞལ་ཤེས་སོ།། བྷུ་སུ་ཀུའི་ལས་ཚོགས་ནི།་་་༁ྃ༔ ཐུགས་རྗེ་ཆེན་པོའི་ལས་ཚོགས་ནི༔ དང་པོ་ཆར་པ་འབེབ་པ་སྟེ༔ རང་གི་ཐུགས་ཀའི་གནས་མཆོག་ནས༔ ཀླུ་བརྒྱད་ནམ་མཁར་


RTZ057_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་ནི༔ ཆར་པ་ཕབ་པར་བསམ་པ་འོ༔ གཉིས་པ་ཁ་བ་བཀག་པ་ནི༔ རང་གི་ཐུགས་ཀའི་གནས་མཆོག་ནས༔ བསྐལ་པའི་མེ་དཔུང་འབར་བ་ཡི༔ གནམ་ལྕགས་རྡོ་རྗེ་ནམ་མཁར་འཕྲོས༔ ཁ་བ་ཐམས་ཅད་བསྲེགས་པར་བསམ༔ གསུམ་པ་སེར་བ་བཀག་པ་སྟེ༔ རང་གི་ཐུགས་ཀའི་གནས་མཆོག་ནས༔ བྱ་ཁྱུང་དམར་པོ་མེ་འབར་བ༔ འཕྲོས་ཏེ་སེར་བསྲེགས་སེར་མཁན་བརླག༔ བཞི་པ་ཐོག་གི་སྲུང་བ་སྟེ༔ རང་གི་ཐུགས་ཀའི་གནས་མཆོག་ནས༔ འོད་ཟེར་འཕྲོས་ནས་སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ནི༔ ནམ་མཁའ་གང་བར་སྤྱན་དྲངས་ཏེ༔ རང་གི་སྤྱི་བོར་བཞུགས་པར་བསམ༔ ལྔ་པ་ནད་པ་བཅོས་པ་སྟེ༔ རང་གི་ཐུགས་ཀའི་གནས་མཆོག་ནས༔ སྨན་གྱི་བླ་ནི་དཔག་མེད་པ༔ འཕྲོས་ཏེ་ནད་པ་ལ་ཐིམ་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་ནག་པ་ཟླ་བའི་མར་གྱི་ཚེས་བཅུ་ལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དངོས་སུ་གནང་བའོ།། །།


previousགནམ་ཆོས་སྙན་བརྒྱུད་ལུས་དཀྱིལ་གྱི་སྐོར་ལས་ཐུགས་རྗེ་ཆེན་པོའི་སྒྲུབ་པ་བྷུ་སུ་ཀུ། མི་འགྱུར་རྡོ་རྗེ།next