Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་ལུས་དཀྱིལ་གྱི་སྐོར་ལས་རྫོགས་པ་ཆེན་པོའི་ཁྲིད་སངས་རྒྱས་ལག་འཆང་། མི་འགྱུར་རྡོ་རྗེ།
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་ལུས་དཀྱིལ་གྱི་སྐོར་ལས་རྫོགས་པ་ཆེན་པོའི་ཁྲིད་སངས་རྒྱས་ལག་འཆང་། མི་འགྱུར་རྡོ་རྗེ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་ལུས་དཀྱིལ་གྱི་སྐོར་ལས་རྫོགས་པ་ཆེན་པོའི་ཁྲིད་སངས་རྒྱས་ལག་འཆང་། མི་འགྱུར་རྡོ་རྗེ།


RTZ057_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་ལུས་དཀྱིལ་གྱི་སྐོར་ལས༔ རྫོགས་པ་ཆེན་པོའི་ཁྲིད་སངས་རྒྱས་ལག་འཆང་ཞེས་བྱ་བ་བཞུགས་སོ༔


RTZ057_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དལ་འབྱོར་ལུས་འདི་ཤིན་ཏུ་རྙེད་པར་དཀའ༔ ཅི་དང་ཅི་ལ་སྐྱེས་ཀྱང་མི་རྟག་འཆི༔ དགེ་བ་ཆོས་ལ་འབད་ན་སངས་རྒྱས་རྒྱུ༔ སྡིག་པ་གང་བྱས་དེ་ལྟའི་རིགས་དྲུག་འཁྱམས༔ ཡི་དྭགས་བཀྲེས་སྐོམ་དུད་འགྲོ་བླུན་པ་དང༔ དམྱལ་བ་ཚ་གྲང་མི་སྐྱེ་རྒ་ན་འཆི༔ ལྷ་མིན་འཐབ་རྩོད་ལྷ་ཡི་སྡུག་བསྔལ་ཡོད༔ ཅེས་པ་དེ་ཡི་རྒྱས་གདམས་འདི་ལྟ་སྟེ༔ དལ་འབྱོར་གྱི་ལུས་འདི་ནི་ཤིན་ཏུ་རྙེད་པར་དཀའ་སྟེ༔ ལན་གཅིག་རྙེད་པ་འདི་ཡང་མི་རྟག༔ ཅི་འདྲ་བ་ཞིག་དང་ཅི་འདྲ་བ་ལ་སྐྱེས་ནས་ཀྱང་མི་རྟག་པར་ལོང་མེད་དུ་འཆི༔ དགེ་བ་སྣ་ཚོགས་ཀྱི་ཆོས་ལ་ཤིན་ཏུ་འབད་ན་ནི་སངས་རྒྱ་བའི་རྒྱུ་ཡིན་ནོ༔ སྡིག་པ་གང་བྱས་དེ་ལྟ་བུའི་འགྲོ་བ་རིགས་དྲུག་ཏུ་འཁྱམས་ཏེ༔ གཏི་མུག་དུད་འགྲོ་སེར་སྣ་ཡི་དྭགས་ལ་སོགས༔ ཡི་དྭགས་ནི་བཀྲེས་ཤིང་སྐོམ་པས་ཤིན་ཏུ་སྡུག་བསྔལ་ལོ༔ དེ་བཞིན་དུ་དུད་འགྲོ་ནི་ཤིན་ཏུ་ནས་ཀྱང་བླུན་ཏེ་གཏི་མུག་པ་དང༔ དམྱལ་བ་ནི་ཚ་གྲང་གི་སྡུག་བསྔལ་དང༔ མིར་སྐྱེས་ན་ཡང་སྐྱེ་བ་དང༔ རྒ་བ་དང༔ ན་བ་དང༔ འཆི་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་སྟེ༔ ལྷ་མིན་དུ་སྐྱེས་ན་ཡང་འཐབ་རྩོད་ཀྱི་སྡུག་བསྔལ༔ ལྷ་ཡི་གནས་སུ་ཕམ་ལྟུང་གི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་དོ༔ མདུན་གྱི་


RTZ057_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་ཀུན་ཏུ་བཟང་པོ་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར༔ ཀུན་བཟང་རྒྱལ་བ་སྲས་བཅས་ཐམས་ཅད་ལ༔ བདག་ནི་རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་མཆི༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ སེམས་ཅན་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ ད་རང་གི་མདུན་གྱི་ནམ་མཁར་ཆོས་སྐུ་ཀུན་ཏུ་བཟང་པོ་བཞུགས་པ་ལ༔ འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་ཁྲོམ་ལྟར་དུ་བསྐོར་བར་བསྐྱེད་དོ༔ ཀུན་ཏུ་བཟང་པོ་རྒྱལ་བ་སྲས་དང་བཅས་པ་བཞུགས་པ་ཐམས་ཅད་ལ༔ བདག་ནི་རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་མཆི་འོ༔ དེ་ལྟར་སྐྱབས་སུ་སོང་བའི་དགེ་བ་དེ་བདག་གི་མ་རྒན་འགྲོ་དྲུག་གི་སེམས་ཅན་ཀུན་ལ་བསྔོ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བྱང་ཆུབ་ཆེན་པོའི་མཆོག་ཏུ་སེམས་བསྐྱེད་པར་བགྱིད་དོ༔ རང་གི་མདུན་གྱི་ནམ་མཁར་ཀུན་བཟང་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར༔ གླིང་བཞིའི་དགེ་ཀུན་བསྡུས་ཏེ་མཎྜལ་འབུལ༔ རང་གི་སྤྱི་བོར་རྡོར་སེམས་སྐུ་མདོག་དཀར༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བཏུལ་ཐབས་འཛིན༔ དེ་ཡི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ལུས་ཀུན་གང་སྟེ་སྡིག་སྒྲིབ་ནག་ནུར་སོང༔ མཐར་ནི་རྡོར་སེམས་རང་ཐིམ་རང་རྡོར་སེམས༔


RTZ057_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མདུན་གྱི་ཐད་ཡར་ནམ་མཁར་དཔལ་ཀུན་ཏུ་བཟང་པོ་ལ༔ འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་པ་ལ༔ རི་རབ་གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པའི་བསོད་ནམས་དགེ་ཚོགས་ཀུན་ཐམས་ཅད་བསྡུས་ཏེ་མདུན་གྱི་ཀུན་ཏུ་བཟང་པོ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་དེ་ལ་མཎྜལ་དུ་འབུལ་སྙམ་དུ་བསམ་མོ༔ རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤིན་ཏུ་དཀར་པོ༔ དེའི་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་བཏུལ་བའི་ཐབས་ཀྱིས་འཛིན་པ༔ དེའི་སྐུ་ལས་བདུད་རྩིའི་རྒྱུན་དཀར་ནར་གྱིས་བབས་པས༔ རང་གི་ལུས་ཀུན་མེར་གྱིས་གང་སྟེ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ནག་ནུར་གྱིས་སོང༔ མཐར་ནི་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པས་རང་ཡང་རྡོ་རྗེ་སེམས་དཔའ་དེ་ལྟ་བུར་གྱུར་པར་བསམ་མོ༔ རང་གི་སྤྱི་བོར་པདྨ་འབྱུང་གནས་ལ༔ སངས་རྒྱས་བྱང་སེམས་ཐམས་ཅད་འདུས་པར་བསམ༔ ཆ་ལུགས་པདྨ་ངོ་བོ་རྩ་བའི་བླ་མ༔ དེ་ལ་གསོལ་བ་རྩེ་གཅིག་བཏབ་པ་ཡིས༔ མཐར་ནི་དེ་རྣམས་རང་ལ་ཐིམ་པར་གྱུར༔ རང་གི་སྤྱི་བོར་ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ལ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་པའི་ངོ་བོར་འདུག་པར་བསམ༔ དེའི་ཆ་ལུགས་


RTZ057_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ནི་པདྨ་འབྱུང་གནས་ཡིན་པ་ལ་ངོ་བོ་རང་གི་རྩ་བའི་བླ་མ༔ དེ་ལ་རང་གིས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཡིས༔ མཐར་ནི་བསྐྱེད་པ་དེ་རྣམས་རང་ཉིད་ལ་ཐིམ་པར་གྱུར་བསམ་མོ༔ སྐུའམ་ཤིང་རྡེའུ་མདུན་དུ་བཞག་ནས་ཀྱང༔ ལྷ་བསྐྱེད་རྣམ་ཤེས་དེ་ལ་འཁོར་བར་བྱས༔ དེ་ངང་རང་སེམས་གནས་སུ་ཅི་ཐུབ་བྱས༔ ཀྱིལ་གནས་ཡུད་འགྱུ་གཉིས་ཀ་རིག༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་འོ༔ ཐུབ་པའི་གསེར་སྐུ་གང་རུང་པདྨའམ་ཡང་ན་ཤིང་ཐུར་རམ་རྡེའུ་སོགས་གང་རུང་གཅིག་མདུན་དུ་བཞག་ནས་ཀྱང༔ ལྷ་ཐུབ་པའམ༔ རྡོར་སེམས་སམ༔ ཀུན་བཟང་ངམ༔ རྡོ་རྗེ་འཆང་ངམ༔ གང་རུང་དུ་བསྐྱེད་ནས་རྣམ་པར་ཤེས་པ་དེ་ལ་འཁོར་བར་བྱས་སོ༔ དེ་ནས་དེའི་ངང་ལ་རང་སེམས་གནས་སུ་ཅི་ཐུབ་ཐུབ་བྱས་སོ༔ ཀྱིལ་ལེར་གནས་པ་ནི་གནས་པའོ༔ ཡུད་ཡུད་འཕྲོ་བ་ནི་འགྱུ་བའོ༔ དེ་གཉིས་ཀ་ཡིད་ཀྱིས་རིག་པ་ནི་རིག་པའོ༔ གནས་པ་ཆོས་སྐུ༔ རིག་པ་ལོངས་སྐུ༔ འགྱུ་བ་སྤྲུལ་སྐུའོ༔ ཅི་བསམ་བསམ་ཞིང་ཅི་དྲན་དྲན༔ ཅི་མཐོང་མཐོང་ཞིང་ཅི་རིག་རིག༔ ངོར་བལྟས་སྟོང་པར་ལྷག་གིས་མཐོང༔ དུག་ལྔ་ཡེ་ཤེས་དུག་གསུམ་ནི༔ སྐུ་གསུམ་ལྷག་གིས་མཐོང་བ་དེ༔ ལྷག་མཐོང་བསམ་པ་འགྲུབ་པ་ཡིན༔ རང་གིས་ཅི་བསམ་པ་བསམ་ཞིང་གང་བསམ་


RTZ057_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཅི་དྲན་ཞིང་གང་དྲན་པ༔ ཅི་མཐོང་བ་མཐོང་ཞིང་ཅི་རིག་པ་རིག་པ༔ ངོ་བོར་བལྟས་པས་ནི་སྟོང་པར་ལྷག་གིས་མཐོང་བ༔ དུག་ལྔ་ངོ་ཤེས་ན་ཡེ་ཤེས་སུ་ལྷག་གིས་མཐོང་བ༔ དུག་གསུམ་ནི་ངོ་ཤེས་ན་སྐུ་གསུམ་དུ་ལྷག་གིས་མཐོང་བ་དེ༔ ལྷག་མཐོང་སྒོམ་མཁན་གྱིས༔ དེ་ལྟར་རྟོགས་ན་བསམ་པ་འགྲུབ་པ་ཡིན༔ ཡང་ནི་ཚུར་ལྟོས་སེམས་ལ་ལྟོས༔ སེམས་ཉིད་སྟོང་པ་དེ་ལ་ལྟོས༔ ཆོས་ཀུན་དེ་འདྲ་སྟོང་པ་འོ༔ རྫོགས་པ་ཆེན་པོ་བསྒོམ་པ་དེ༔ རང་གི་སེམས་ལ་བལྟ་བ་འོ༔ དེ་ལྟར་རྫོགས་པ་ཆེན་པོ་ནི༔ མ་ཡེངས་པ་ཡི་ངང་ནས་བསྒོམ༔ རང་གི་སྤྱོད་པ་གང་བྱེད་ཀྱང༔ མི་བསྒྱུར་སྤྱོད་པའི་ངང་ནས་བལྟ༔ ཡང་ནི་ཚུར་ལྟོས་རང་གི་སེམས་ཉིད་ལ་ལྟོས༔ རང་གི་སེམས་ཉིད་སྟོང་པ་ཉིད་ཡིན་པས་དེ་ལ་ལྟོས༔ ཆོས་ཐམས་ཅད་ཀུན་དེ་དང་འདྲ་སྟོང་པའོ༔ རྫོགས་པ་ཆེན་པོ་བསྒོམ་པ་ཟེར་ཟེར་བ་དེའི་རྩ་བ་ནི་རང་གི་སེམས་ཉིད་ཀྱི་ངོ་བོ་ལ་བལྟ་བའོ༔ དེ་ལྟར་དུ་རྫོགས་པ་ཆེན་པོ་འདི་ནི༔ སྐད་ཅིག་ཀྱང་མ་ཡེངས་པ་ཡི་ངང་ནས་བསྒོམ་དགོས་སོ༔ རང་གི་སྤྱོད་པ་ཅི་དང་གང་བྱེད་ཀྱང༔ སྤྱོད་པ་དེ་མི་བསྒྱུར་ལ་སྤྱོད་པའི་ངང་ནས་བལྟའོ༔ སེམས་ངོ་སྟོང་པ་ཡིན་པར་རྟོགས༔ རང་སེམས་ཆོས་སྐུ་ཡིན་པར་


RTZ057_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས༔ རང་གི་སེམས་ངོ་སྟོང་པ་ཡིན་པར་རྟོགས༔ ཡང་ནི་རང་གི་སེམས་ཀྱི་ངོ་བོ་ཆོས་སྐུ་ཡིན་པར་རྟོགས་པ་ནི་འབྲས་བུ༔ ཐམས་ཅད་སྟོང་པར་ཐག་བཅད་ནས༔ དགེ་སྤང་ལ་སོགས་ཅི་རིགས་པ༔ བྱ་བར་མི་རུང་སྟོང་པ་ཡི༔ དབང་དུ་ཁོ་ནར་མི་གཏོང་ངོ༔ དེ་ནས་དུག་ལྔའི་དབང་མི་གཏོང༔ དགེ་སྡིག་གང་ཡང་དངོས་པོ་རུ༔ མི་འཛིན་ཆོས་ཀུན་གང་མི་འཛིན༔ སེམས་ངོ་བདེ་གསལ་མི་རྟོག་ཉམས༔ གང་ཡང་དངོས་པོར་མི་འཛིན་ནོ༔ ཐམས་ཅད་སྟོང་པ་ཉིད་ཡིན་པར་ཐག་བཅད་ནས༔ དགེ་བ་སྤང་བ་ལ་སོགས་སེམས་ལ་ཅི་རིགས་པ་ནི་བྱ་བར་མི་རུང་ངོ༔ སྟོང་པ་ཉིད་ཡིན་པ་ཡི་དབང་དུ་ཁོ་ནར་ཡེ་ནས་མི་གཏོང་ངོ༔ དེ་ནས་དེ་བཞིན་དུ་དུག་ལྔ་གང་གིའང་དབང་དུ་མི་གཏོང་ངོ༔ དགེ་བ་དང་སྡིག་པ་གང་ཡང་དངོས་པོ་རུ༔ མི་འཛིན་ཞིང་ཆོས་ཀུན་གང་ཡང་དེ་བཞིན་དུ་མི་འཛིན་ནོ༔ རང་གི་སེམས་ཀྱི་ངོ་བོ་བདེ་གསལ་མི་རྟོག་པའི་ཉམས་ནི༔ གང་ཤར་ཡང་དངོས་པོར་ཞེན་ཆགས་སུ་མི་འཛིན་ནོ༔ ༈ སྤྱི་བོ་ནས་གཟུང་རྐང་མཐིལ་བར༔ གནས་དྲུག་རིགས་དྲུག་ས་བོན་ཏེ༔ ཨ་སུ་ནྲྀ་ཏྲི་པྲེ་དུ་འོ༔ སླར་ཡང་གནས་གསུམ་འབྲུ་གསུམ་གྱི༔ ཧཱུྃ་ལས་མེ་འབར་ས་བོན་བསྲེགས༔ སྤྱི་བོ་ནས་གཟུང་སྟེ༔ མགྲིན་པ་སྙིང་


RTZ057_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལྟེ་བ་གསང་གནས་རྐང་མཐིལ་གྱི་བར་དུ༔ གནས་དྲུག་ཏུ་རིགས་དྲུག་གི་ས་བོན་རྣམས་བསམ་སྟེ༔ ཨ་སུ་ནྲྀ་ཏྲི་པྲེ་དུ་དེ་རྣམས་ཡིན་པའོ༔ སླར་ཡང་རང་གི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་འབྲུ་གསུམ་གྱི༔ ཧཱུྃ་ལས་མེ་འབར་ཏེ་རིགས་དྲུག་གི་ས་བོན་དེ་རྣམས་བསྲེགས༔ དཀར་ནག་དམར་ལ་ཟིམ་བུས་བལྟ༔ ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད༔ འོད་མདངས་ཇེ་ལས་ཇེ་ཆེར་གསལ༔ ཆོས་ཉིད་མངོན་སུམ་སྣང་བ་ཡིན༔ ཡིད་ཀྱི་དཔྱོད་འཛིན་སྣང་བ་ནུབ༔ བདེ་དང་གསལ་དང་མི་རྟོག་ཉམས༔ གང་ཅི་ཤར་ཡང་མི་བརྟན་ཞིང༔ ཉམས་སྣང་གོང་དང་གོང་འཕེལ་ཡང༔ ཐུན་མོང་བར་དོར་མངོན་སངས་རྒྱས༔ དཀར་ནག་དམར་ལ་བལྟས་པ་ཡིས༔ ཁ་དོག་ལྷ་སྐུ་ཇེ་ཆེར་གསལ༔ ཡང་ན་ཐིག་ལེ་དཀར་པོའི་ནང༔ རྣམ་པར་སྣང་མཛད་ལ་སོགས་ཤར༔ ཡང་ན་ཐིག་ལེ་རེ་རེ་ལ༔ རྒྱལ་བ་རིགས་ལྔ་གསལ་བར་འཆར༔ རིག་པ་ཚད་ཕེབས་ལོངས་སྐུ་ཟིན༔ དེ་ནས་ཉམས་རྟོགས་འཕེལ་བ་ཟད༔ འཛིན་པ་མེད་པའི་ངོ་བོ་ནི༔ འཁྲུལ་པ་མེད་པར་རྟོགས་འོང་ངོ༔ བྱ་བའི་ཆོས་རྣམས་ཐམས་ཅད་ཟད༔ ཆོས་ཟད་སྣང་བ་བྱ་བྲལ་བའི༔ འབྲས་བུ་ཐོབ་པར་འགྱུར་བ་ཡིན༔ ཟག་བཅས་ཟད་ནས་སངས་རྒྱས་ཏེ༔ མཁྱེན་བརྩེ་ནུས་ཡོན་བསམ་


RTZ057_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཐོབ༔ སྤྲོ་འདོད་རྫོགས་ཆེན་གཞན་དང་མཐུན༔ ཉི་མ་ལ་བལྟ་བ་དཀར་པོ༔ ཟླ་བ་ལ་བལྟ་བ་ནག་པོ༔ མར་མེ་ལ་བལྟ་བ་དམར་པོ༔ དེ་གསུམ་ལ་མིག་ཟིམ་བུས་བལྟའོ༔ འོད་ཐིག་ལེ་དང་ཐིག་ཕྲན་དང་ལུ་གུ་རྒྱུད་རྣམས་ནི༔ འོད་དང་མདངས་རྣམས་ཇེ་ལས་ཇེ་ཆེ་ཇེ་ལས་ཇེ་ཆེར་གསལ་འོང༔ ཆོས་ཉིད་མངོན་སུམ་སྣང་བ་ཡིན༔ ཡིད་ཀྱི་སྤྱོད་པ་འཛིན་པ་རྣམས་ཀྱི་སྣང་བ་ནུབ་པར་འགྱུར་རོ༔ བདེ་བ་དང་གསལ་བ་དང་མི་རྟོག་པའི་ཉམས་ནི༔ གང་དང་ཅི་ཤར་ཡང་མི་བརྟན་ཞིང༔ རང་གི་ཉམས་དང་སྣང་བ་གོང་དང་གོང་འཕེལ་ཡང༔ ཐུན་མོང་གི་ས་ལམ་བར་དོར་མངོན་པར་སངས་རྒྱས་སོ༔ ཡང་ཉི་མ་ལ་བལྟ་བ་དཀར་པོ་དང༔ ཟླ་བ་ལ་བལྟ་བ་ནག་པོ་དང༔ མར་མེ་ལ་བལྟ་བ་དམར་པོ་རྣམས་ལ་བལྟས་པ་ཡི་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད་རྣམས་ཀྱི༔ ཁ་དོག་དང་ལྷ་ཡི་སྐུ་ཇེ་ལས་ཇེ་ཆེར་གསལ་ལོ༔ ཐིག་ལེ་དང་ཐིག་ཕྲན་ཡང་རེས་འགའ་ཕུབ་ཙམ་གྱི་ནང་དུ་ལྷ་ཆེན་པོ༔ རེས་འགའ་ཉུངས་དཀར་འབྲུ་ཙམ་གྱི་ནང་དུ་དེ་ཙམ་གྱི་ལྷ་བཞུགས་པ་འོང་ངོ༔ ཡང་ན་ནི་ཐིག་ལེ་དཀར་པོའི་མཐའ་མ་ཁ་དོག་སྣ་ཚོགས་ཀྱིས་བསྐོར་བའི་ནང་དུ༔ རྣམ་པར་སྣང་མཛད་ལ་སོགས་ཁ་དོག་སོ་སོའི་ཐིག་ལེའི་ནང་དུ་རྒྱལ་བ་


RTZ057_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ་འཆར་འོང་ངོ༔ ཡང་ན་ཐིག་ལེ་ཐིག་ཕྲན་རེ་རེ་ལའང༔ རྒྱལ་བ་རིགས་ལྔ་ཐམས་ཅད་གསལ་བར་ཡང་འཆར་རོ༔ རིག་པ་ཚད་དུ་ཕེབས་ཏེ༔ ལོངས་སྐུ་ངོས་ཟིན་ནོ༔ དེ་ནས་ཉམས་དང་རྟོགས་པ་འཕེལ་བ་ཐམས་ཅད་ཟད༔ འཛིན་པ་ཅི་ཡང་མེད་པའི་ངོ་བོ་ནི༔ ཡེ་ནས་འཁྲུལ་པ་མེད་པར་རྟོགས་འོང་ངོ༔ དེ་ནས་རང་གི་བྱ་བའི་ཆོས་རྣམས་ཐམས་ཅད་ཟད༔ ཆོས་ཐམས་ཅད་ཟད་པའི་སྣང་བ་རྫོགས་པ་ཆེན་པོ་བྱ་བ་བྲལ་བའི་འབྲས་བུ་ཐོབ་པར་འགྱུར་བ་ཡིན་ནོ༔ ཟག་པ་དང་བཅས་པ་ཟད་ནས་སངས་རྒྱས་པ་སྟེ༔ མཁྱེན་བརྩེའི་ནུས་མཐུ་ཡོན་ཏན་བསམ་ལས་འདས་པ་འཐོབ་བོ༔ ཆེར་སྤྲོ་འདོད་ན་རྫོགས་ཆེན་གཞན་དང་འདི་མཐུན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་འདི་ནི་སྤྲུལ་སྐུ་རིན་པོ་ཆེ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་དབོ་ཟླ་བའི་མར་ངོ་ནས་གཟུང་སྟེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱིས་ཉིན་རེ་བཞིན་རྩ་ཚིག་རེ་དང་དེའི་འགྲེལ་པ་རེ་སྦྲགས་ཏེ་ཁྲིད་ཀྱི་ཚུལ་དུ་གནང་། ཞག་བར་བར་དུ་སྔོན་གྱི་དམིགས་པ་སྒོམ་པའི་ཚུལ་དུ་མ་གསུང་བར་ལུས་ཏེ། ནག་པ་ཟླ་བའི་ཚེས་བདུན་ཉིན་རྫོགས་པར་གནང་བའོ། །འདིའི་བཀའ་སྲུང་ནི་གནོད་སྦྱིན་ཤན་པ་དམར་ནག་ཡིན་གསུངས་སྐད་དོ།། །།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་ལུས་དཀྱིལ་གྱི་སྐོར་ལས་རྫོགས་པ་ཆེན་པོའི་ཁྲིད་སངས་རྒྱས་ལག་འཆང་། མི་འགྱུར་རྡོ་རྗེ།next