Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་ཁ་གཉིས་འདུས་རྩ་རླུང་ཐིག་ལེའི་ཁྲིད་ཟིན་མདོར་བསྡུས་ཟབ་དོན་ཀུན་འདུས། པདྨ་གར་གྱི་དབང་ཕྱུག


 
previousགཏེར་ཁ་གཉིས་འདུས་རྩ་རླུང་ཐིག་ལེའི་ཁྲིད་ཟིན་མདོར་བསྡུས་ཟབ་དོན་ཀུན་འདུས། པདྨ་གར་གྱི་དབང་ཕྱུགno next

གཏེར་ཁ་གཉིས་འདུས་རྩ་རླུང་ཐིག་ལེའི་ཁྲིད་ཟིན་མདོར་བསྡུས་ཟབ་དོན་ཀུན་འདུས། པདྨ་གར་གྱི་དབང་ཕྱུག


RTZ057_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་གཉིས་འདུས་རྩ་རླུང་ཐིག་ལེའི་ཁྲིད་ཟིན་མདོར་བསྡུས་ཟབ་དོན་ཀུན་འདུས་ཞེས་བྱ་བ་བཞུགས་སོ།


RTZ057_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ནམཿཤྲཱི་མཱཾ་གུ་ར་བེ། རང་བྱུང་ཡེ་ཤེས་གཏུམ་མོ་རྣལ་འབྱོར་མས། །གཞོམ་མེད་དཔྱིད་ཀྱི་དཔའ་བོ་བསྐུལ་ལས། །བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུར་བཞེངས་པ། །དབང་ཆེན་ཡབ་ཡུམ་དགྱེས་པའི་གར་གྱིས་སྐྱོངས། །རྣལ་འབྱོར་གསང་མཐའི་ལམ་གྱི་སྲོང་སྲོག་རྩོལ་དྷཱུ་ཏིང་བཅིངས་པ་ལས། །འཕོ་བ་བཀག་པའི་ཐབས་ཀྱི་མཆོག ཟབ་ལམ་ཁྲིད་ཚུལ་མདོར་བསྡུས་དགོང་། །འདིར་ས་བཅུའི་དབང་ཕྱུག་བདུད་འདུལ་ནུས་ལྡན་རྡོ་རྗེའི་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་དང་། རིག་འཛིན་ཆེན་པོ་མདོ་སྔགས་གླིང་པའི་ཀློང་གསལ་རྡོ་རྗེ་སྙིང་པོ་སྟེ་སྤྲུལ་


RTZ057_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏེར་ཆེན་ཟུང་གི་ཟབ་གཏེར་བཀའ་གསང་ཆུ་བོ་གཅིག་འདྲེས་ཀྱི་གསང་དབང་ཉམས་ལེན་ཆགས་མེད་རླུང་ལ་བསླབ་པ་དང་། ཤེར་དབང་ཉམས་ལེན་ཆགས་བཅས་ཐིག་ལེ་ལ་བསླབ་པའི་ཁྲིད་མདོར་བསྡུས་འཆད་པ་ལ། འདི་ཉིད་སྒོམ་པའི་གང་ཟག་ཐུན་མོང་བློ་སྦྱོང་གིས་རང་རྒྱུད་འདུལ་བ་དང་། ཆོས་བདུན་གྱིས་ལམ་གྱི་གཞི་ཚུགས་པར་བྱས་ཏེ། བུམ་དབང་གི་ལམ་བསྐྱེད་རིམ་ལ་གསལ་དག་བརྟན་པ་ཚགས་སུ་ཚུན་ནས་གཞི་དོན་ཁྲེགས་ཆོད་ཀྱི་གནས་ལུགས་ཕྱོགས་ལས་རྟོགས་པ་ཞིག་གིས་ལམ་གྱི་ཆ་རྐྱེན་དུ་སྦྱོར་བ་ཡིན་ལ། སྒོམ་པའི་གནས་


RTZ057_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཁྲོད་དང་རི་རྩེ་ཆུ་དོགས་མཐོལ་བསིལ་པ་གནམས་ཆོས་འབྱུང་གི་དབྱིབས་སུ་གྲུབ་པ་ཉིད་དམིགས་སུ་བསྔགས། ཇི་ལྟར་སྒོམ་པའི་ཚུལ་ལ་གསུམ། སྔོན་འགྲོ་དངོས་གཞི། རྗེས་སོ། དང་པོ་ལ་བཞི། ལུས་གནད། སྲུང་འཁོར། དུག་དབྱུང། སྣོད་བྱིན་གྱིས་བརླབ་པའོ། དང་པོ་ནི། ལུས་འཁྲུལ་འཁོར་གྱི་གནད་ཐམས་ཅད་ཀྱི་གཞི་མ་ནང་ཚད་ཅན་གྱི་གདན་ལ་རྣམ་སྣང་ཆོས་བདུན་བཅའ་སྟེ། རྐང་པ་གཡོན་ནང་གཡས་ཕྱི་ནས་བསྡམས་པའི་སྐྱིལ་ཀྲུང་། མཐེ་བོང་གིས་སྲིན་ལག་འཕར་རྩ་མནན་པའི་ཁུ་ཚུར་ཐེར་ཁུག་གྱེན་བསྟན། དཔུང་མགོ་གྱེན་འཐེན་གྲུ་ཚིགས་ཕྱིར་གཅུས་པར་བརྒྱང་། སྒལ་ཚིགས་བསྲང་། ལྕེ་རྐན་ལ་སྦྱར། མགྲིན་པ་ཅུང་བཀུག མིག་སྣ་རྩེ་ཕབ། དེ་ལྟར་ལུས་གནད་མ་འཆུགས་པ་ཚུལ་བཞིན་བཅས་པས་རླུང་རྣམས་དབུ་མར་ཚུད། སོ་སོའི་བྱེད་ལས་འགྲུབ། ཚུལ་མིན་ཏུ་སོང་ན་རླུང་ལོག་པས་གེགས་སུ་འགྱུར་བས་ལུས་གནད་ཤིན་དུ་གལ་ཆེ་ཞིང་། དེ་འང་ལུས་ཀྱི་ཕྱི་གྲིམ། ནང་གློད་པས་སྟེང་འོག་གི་རླུང་ཐམས་ཅད་ཆུན། ཟག་མེད་ཀྱི་དྲོད་བསྐྱེད། ཡུལ་ཉི་


RTZ057_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་བཞིའི་དཔའ་བ་དང་མཁའ་འགྲོ་དབང་དུ་འདུས་པ་འབྱུང་ངོ་། སྤྲུལ་སྐུ་སྙིང་ཐིག་རྩ་རླུང་ལས། གཡོན་ཡོ་ནོར་གནོད་གཡོན་ཡོ་ཚེ་ལ་གནོད༔ དགྱེན་ཁམས་གནོན་རྣམས་རྟོགས་མང་དུ་འཕྲོ༔ སྒུར་ན་བྱིང་རྨུག་འཐིབ་གསུམ་རྣམ་གཡེང་རྒྱུ༔ ཤིན་ཏུ་གལ་ཆེ་དེ་རྣམས་སྤང་བར་བྱ༔ ཞེས་གསུངས་སོ། གཉིས་པ་ནི། རང་ཉིད་སྐད་ཅིག་གིས་པད་ཉི་རོ་གང་ན་ལ་གུ་རུ་དྲག་པོ་ལའམ། རྟ་མགྲིན་སྐུ་མདོག་དམར་ནག་ཁྲོ་ཆགས་བརྗིད་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་རྣོ་དཀར་མཆེ་བཞི་གཙིགས་ཤིང་། སྨར་དང་སྨིན་མ་དམར་སེར་འབར་བ། རག་པ་དམར་སེར་དུ་བརྗེས་པའི་དབུས་སུ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བས་སྲིད་གསུམ་གཡོ་འགུལ་ནུས་བ། ཐོད་སྐོམ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། རིན་པོ་ཆེའི་སྙན་རྒྱན། ཕྱག་ཞབས་ཀྱི་གདུ་བུ་སྦྲུལ་ལས་བྱས་པ། མ་གླང་སྟག་གི་གཡང་གཞི་གསོལ་བ། ཕྱག་གཡས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་དང་། གཡོན་སྡིགས་མཛུབ་ཐུར་དུ་གཏད་པ། ཞབས་འདོར་ཐབས་སུ་བསྒྲད་པ། སྣང་ལ་རང་བཞིན་མ་གྲུབ་པར་ཕྱི་གསལ་ནང་གསལ་ཤེལ་


RTZ057_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་ལྟ་བའི་སྤྱི་བོར་རྩ་བའི་བླ་མ་སྣང་མཐའི་རྣམ་པས་བརྒྱན་པ། ལུས་ཕྱི་ནང་ཐམས་ཅད་མེ་དང་ཁྲོ་ཆུང་སྡིག་མཚོན་གྱིས་གང་བར་བསྒོམ། རླུང་ཕྱིར་འབུད་ཚེ། དེ་དག་ཕྱི་རོལ་ཁམས་ཀུན་ཏུ་ཉི་རྡུལ་འཁྲིགས་པ་ཞིན་འཕྲོས་པས་བགེགས་རྣམས་བསྡིག་བསྐྲད་གཟིར་ནས་མིང་ཡང་མེད་པར་བསམ། སླར་རྡུབ་ཚེ་ནང་དུ་འདུས་ནས་ཕྱི་ནང་ཀུན་ནས་ཞལ་ཕྱིར་གཟིགས་ཏེ་དྲྭ་མིག་བཞིན་གཏམས་པས་བསམ། རྗེས་སུ་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་མི་དམིགས་པར་བཞག་གོ །གསུམ་པ་ནི། བཅུད་བླུགས་པའི་ཐོག་མར་སྣོད་བཀྲུ་བཤལ་བྱེད་པ་བཞིན། རྩའི་ལམ་གསལ་རླུང་རི་དུད་དབྱུངས་ཕྱིར་རླུང་རོ་དགུ་ཕྲུགས་སུ་འབུད་པ་ནི། བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅས་ལུས་རྦད་དྲོང་པོར་སྲངས་པས་རྩ་དྲང་། དེས་ཁམས། དེས་རླུང་སྟེ་དྲང་པོ་བཞིའི་གནད་ཀྱིས་རླུང་སྐྱིལ་ཡུན་པ་སྲིང་མཐར་ལུས་ཚུགས་མ་ཤོར་བར་རྡོ་རྗེའི་ཁུ་ཚུར་བརླ་ནས་པུས་པོའི་བར་གྱེན་བསྟན་དང་། དེ་ནས་སྒང་བསྟན་གྱིས་ལུས་བྱིང་བརྒྱུད་དེ་སྣ་གཡས་པའི་ཐད་ནས་རླུང་འབུད་པ་དང་བཅས་འཕེན། པད་ཀོར་གྱིས་འཕེན་སྟངས་ཅན་ལན་


RTZ057_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱེད། དམིགས་པ་ཚེ་རབ་སུས་བསགས་པའི་སྡིག་སྒྲིབ་དང་པོ་གདོན་གྱི་གནོད་པ་སྟོང་ཕྲག་བརྒྱད་བཅུའི་གདོན་སོགས་སྦུར་མ་རླུངས་གིས་དེད་པ་བཞིན་ན་གཉིས་ཕྱིར་ཐོབ་ཏེ། མདུན་དུ་ཡེ་ཤེས་ཀྱི་མེ་དཔུན་འབར་བའི་ནང་དུ་གཞོབ་ཐུལ་གྱིས་བསྲེགས་པར་བསམ། དེ་བཞིན་གཡོན་འཕེན་སྡུད་གསུམ་གྱིས་ཐོག་མེད་ནས་བསགས་པའི་ཉེས་བུས་བཞི་བརྒྱ་རྩ་བཞིའི་ནད་མོ་གདོན་གྱི་གནོད་པ་ཐམས་ཅད་བསྲེགས་པར་དམིགས། དེ་ནས་ཆོས་བདུན་བཅས་མ་སྣ་བུག་གཉིས་མཉམ་པོར་ལན་གསུམ་དབྱུང་བས་གཟུང་འཛིན་གྱིས་བསྡུས་པའི་བག་ཆགས་ལས་དང་ཉོན་མོངས་ཐམས་ཅད་སྡིག་པ་ནག་པོ་རྭ་ཅན་གྱི་རྣམ་པར་ཐོན་ནས་ཡེ་ཤེས་ཀྱི་མེས་ཚིག ལུས་ཤིན་ཏུ་དག་པ་ཤེལ་དྲི་མ་མེད་པ་ལྟར་བསམ། བཞི་པ་ནི། ལུས་རྩའི་རང་བཞིན་སྐུ་རྡོ་རྗེ། རྩ་ཡི་གེའི་རང་བཞིན་གསུང་རྡོ་རྗེ། ཁམས་བདུད་རྩིའི་རང་བཞིན་ཐུགས་རྡོ་རྗེའི་ངོ་བོར་ལྷུན་གྲུབ་ཏུ་བཞུགས་པའི་སྙིང་པོ་རྩ་གསུམ་དུ་འགྲུ་གསུམ་གྱི་རྣམ་པར་བཞུགས་པས་དག་པ་སྐུ་གསུམ་དང་མ་དག་དུག་གསུམ་གྱི་རྟེན་བྱེད་པས་དེ་ཉིད་ཐབས་ཀྱིས་ཟིན་ན་རྡོ་རྗེའི་བཟླས་པ་སྟེ། ལུས་གནད་ཆོས་བདུན་གྱིས་རྡུབ་


RTZ057_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། རང་མདུན་བདེར་གཤེགས་ཡོངས་ཀྱི་སྐུ་ཡི་ས་བོན་ཡི་གེ་ཨོཾ་དཀར་པོ་ཟླ་བ་ལྟ་བུ་དེ་སྣ་བུག་གཡོན་ནས་བརྒྱུད་དེ་སྟོང་མིད་དང་སྦྲག་ལྟེ་འོག་ཏུ་གསུང་གི་ས་བོན་ཨཱཿདམར་པོར་བསལ་བ་བསྐྱིལ། འབྱིན་པ་ལ་ཧཱུྃ་སྔོན་པོ་གྲངས་མེ་པ་འཕྲོས་སྣ་བུག་གཡས་ནས་ཐོན་ཏེ་སེམས་ཅན་གྱི་དོན་བྱེད་པར་བསམས། སྐབས་སུ་པ་སྤུའི་ཁུང་ནས་རླུང་ཐམས་ཅད་སྔོ་རྒྱང་རྒྱང་གཞིལ་བར་བསམ་མོ། ཡང་རླུང་དེ་ཉིད་སྲུང་མའི་སྐབས་བཞིན་ཏུ་ཡང་བསྒོམ། རླུང་ཐམས་ཅད་སྤྱི་བོ་ནས་ཧཱུྃ་སྔོན་པོའི་རྣམ་པར་སོང་བར་བསམ་པ་ནི་རླུང་ལས་བྱུང་བའི་འཕོ་བའོ། གང་ཡང་རླུང་འབྱིན་དུས་ལྟ་འོག་ཏུ་རིག་པ་གཏད་མིག་ཟིམ་བུར་ལྟ་བ་ནི་རྣལ་འབྱོར་ཚེ་འཛིན་གྱི་དགོས་པ་ཡོད་པས་གལ་ཆེ་བར་གསུངས། སྤྲུལ་སྐུ་སྙིང་ཐིག་ལྟར་ན། རླུང་ཁ་དོག་ལྔ་ལྡན་ཚོན་སྐུད་སྒྲིལ་བ་ལྟ་བུ་སྣ་ནས་སོར་བཅུ་དྲུག་གི་མཚམས་ནས་སྣ་བུག་གཡོན་བརྒྱུད་ལྟེ་འོག་འཇོམས་པར་བསམ། གང་ལྟར་ཡང་མཐྲ་བཅའ་བཤིག་བྱ། གཞན་ཡང་སྤྱོད་ཐམས་ཅད་དུ་དབུགས་འབྱིན་འཇུག་གནས་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་ང་ལམ་དུ་ཁྱེར་བས་ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བས་དེ་སྙེད་ཀྱི་


RTZ057_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་འགྲུབ་པ་སོགས་ཕན་ཡོན་མཐའ་ཡས་གསུངས་སོ། གཉིས་པ་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེད་པ་ལ་གཉིས། གསང་དབང་གི་ལམ་གཏུམ་མོ་དང་། ཤེར་དབང་གི་ལམ་ཐིག་ལེའི་རྣལ་འབྱོར་རོ། དང་པོ་ལ་བཞི། སྟོང་ར་བསྒོམ་པ། རླུང་སྦྱང་བ། གཏུམ་མོ་སྦར་བ། འཁྲུལ་འཁོར་གྱིས་གེགས་བསལ་ཞིང་བོགས་འདོན་པའོ། དང་པོ་ལ། ཕྱི་ལུས་ཀྱི་སྟོང་ར་ནི་ལུས་གནད་གོང་ལྟར་ལ། ཡིད་ཀྱི་གནད་རབ་ཆོས་ཉིད་ཀྱི་དག་པའམ། སྔངས་ཀྱིས་དག་པ་སྭ་བྷཱ་ཝ་སོགས་ཀྱིས་གསལ་གདབ། ནམ་མཁའ་ས་གཞི་ཆོས་འབྱུང་གི་དབུས་སུ་པདྨ་དམར་པོ་འདབ་སྟོང་ལྡན་པ་ཟླ་བ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བམ་རོ་སེར་པོ་མགོ་གཡས་སུ་བསྟན་པ་སྤུར་ཐབས་སུ་གནས་པའི་སྟེང་དུ་རྣམ་ཤེས་ཀྱི་ངོ་བོ་ཨཱཿདམར་པོ་ཚིགས་དྲག་དང་བཅས་གསལ་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ། སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་དམར་གསལ། ནུ་མ་ཟུང་རྒྱས་ཤིང་ཁྲོ་ཆགས་ཀྱི་ཉམས་ཅན་དབུ་གཙུག་ཕག་ཞལ་ནག་པོ་དུར་སྒྲ་སྒྲོགས་པ། དར་དང་རིན་པོ་ཆེའི་རྒྱན་གཟིག་ཤམ་མགོ་ཕྲེང་གིས་བརྒྱན་པ། གཡས་གྲི་གུག་ནམ་མཁའ་ཕུར་བ།


RTZ057_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཐོད་ཁྲག་ཐུགས་ཀར་གཏད་པ། གྲུ་མོ་ན་ཁ་ཊཱཾ་ག་འཛིན་པ། ཞབས་གཡས་བསྐུམ་པའི་རྟིང་བ་བྷ་ག་ལ་གཏད་ཅིང་། གཡོན་བརྐྱང་པ་མི་རོའི་སྙིང་གར་བརྫིས་པ། རང་འོད་མེ་དཔུང་འབར་བའི་གློང་ན་བགེགས་དཔུང་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་ཏུ་བསམ། དེའང་ཕྱི་གསལ་ནང་གསལ་དར་དམར་གྱི་གུར་ཕུབ་པ་ལྟ་བུ་སྣང་སྟོང་ཆུ་ཟླ་འཇའ་ཚོན་དང་འདྲ་བར་གསལ་ཐེབས་ངེས་སུ་སྦྱངས། རླུང་ཁུག་གཅིག་བྱ། ནང་རྩིའི་སྟོང་ར་ནི། དེ་ལྟར་བསྒོམས་པའི་ལུས་ཀྱི་དབུས་དྲང་པོ་ནས་རྩ་དབུ་མ་ཡར་སྡེ་སྤྱི་གཙུག་དང་། མང་སྣེ་ལྟེ་འོག་ཏུ་ཟུག་པ་ཁ་དོག་སྟོ་སྐྱ། ཆི་ཤིག་གི་སྡོང་པོ་ལྟར་དྲང་བ། པདྨའི་འདབ་མ་ལྟར་སྲབ་པ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། རྐྱ་ཚོས་ཀྱི་ཁུ་བལྟར་སྣུབ་པ་སྟེ་མཚན་ཉིད་བཞི་ལྡན། ཤིན་ཏུ་ཕྲ་བ་གཡག་ཟའི་ཉག་མ་གཅིག་ཙམ་དུ་བསྒོམ། ཟེ་ཆེར་སོང་བས་མདའ་སྙུག་ཙམ། སྦ་ལྕག་འགྲིང་པོ་ཙམ། ཤུ་གུ་ཙམ། ལུས་ཧྲིལ་པོ། མཐར་ནམ་མཁས་གང་ཁྱབ་དབུ་མས་ཁྱབ་པར་བསམ། སླར་ཇི་ཕྲང་སོང་ནས་སྦ་ལྕག་ཙམ་དུ་བསྒོམ། དེའི་གཡས་སུ་སོ་མ་དམག་པོ། གཡོན་དུ་རྐྱང་མ་དཀར་མོ་ཡར་སྣེ་སྣ་བུག་དང་མར་སྣེ་ཡི་


RTZ057_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

གེ་ཆའི་དབྱིབས་ཅན་གྱིས་དབུ་མའི་ནང་དུ་སོང་བ། རྩ་གསུམ་པོ་དེ་བསྐྱེད་པའི་ལྷ་རང་ལུས་ཅེམ་ལ་དབུ་མ་མདའ་སྙུག་ཙམ། རེ་རྐྱང་གཉིས་གྲོ་སོག་ཙམ་གསུངས་ཤིང་དེའི་རིགས་འགྲེལ། དེ་གསུམ་ལས་གྱིས་པའི་རྩ་འདབ་ཀྱང་། སྤྱི་བོར་རྩེ་མོ་རྣམ་བཀོད་ཀྱི་འཁོར་ལོ་རྩ་འདབ་སུམ་བརྒྱ་དྲུག་ཅུ། ཆུང་རང་བཞིན་ཁ་དོག་དཀར་པོ། མགྲིན་པ་ར་འདུས་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག མེའི་རང་བཞིན་དམར་པོ། སྙིང་ཁ་དྲན་པ་རྣམ་བཀོད་ཀྱི་འཁོར་ལོན་སུམ་ཅུ་སོ་གཉིས་ནམ་མཁའི་ཁམས་མཐིང་བ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་དྲུག་ཅུ་རྩ་བཞི། སའི་རང་བཞིན་སེར་པོ། གསང་གནས་བདེ་སྐྱོང་འཁོར་ལོ་ན་ཉི་ཤུ་རྩ་བརྒྱད། རླུང་གི་རང་བཞིན་ལྗང་གུ། ཐམས་ཅད་གདུགས་ཀྱི་རྩི་བསམ་བརྒྱད་པ་ལྟར་བསྒོམ། གཉིས་པ་རླུང་སྦྱོང་བ་ནི། སྤྱིར་འབྱུང་བ་ཆེན་པོའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས། དྲུག་བརྒྱ་དང་བདུན་ཅུ་དོན་ལྔ་དབུ་མའི་ཕྱིང་རྒྱུ་ཞིང་ལས་ཀྱི་རླུང་དང་འདྲེས་པས་རྣམ་རྟོག་གི་རྟེན་བྱེད། ཉི་ཁྲི་དང་དགུ་བརྒྱ་ཉེར་ལྔ་ནང་དུ་རྒྱུ་བས་ཨ་ཐུག་མེའི་རྒྱུ་བ་བསྐྱེད་ཅིང་ཡེ་ཤེས་ཀྱི་རྟེན་བྱེད་དོ། ཁ་སྣའི་ལམ་གྱི་རླུང་བཅིངས་ན་


RTZ057_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟ་བྲལ་བའི་དཔེས་སྐྱེ་མེད་ཀྱི་གནས་ལུགས་རྟོགས་ཤིང་ལས་རླུང་གི་རྒྱུན་འགགས་ཡེ་ཤེས་ཀྱི་རླུང་དབུ་མ་ཚུད་པའི་ཕྱིར་སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་ལ་བསླབ་དགོས་ཏེ། ལུས་དྲང་པོ་བསྲང་། རླུང་རོ་དགུ་ཕྲུགས་བསལ། སྣ་ནས་སོར་བཅུ་དྲུག་གི་ཐད་དུ་ཡེ་ཤེས་ཀྱི་རླུང་ཕྱིར་རྒྱུ་བ་དེ་ཁ་དོག་ལྔ་ལྡན་ཚོན་སྐུད་སྒྲིལ་པ་ལྟར་གནས་པ་དེ་དལ་བུས་རྡུབ། དན་གུམ་སེར་ཕྱིར་རྡུབ་ཆུག་བྱ། གྱིན་དུ་དང་སྲོག་འཛིན་སོགས་སྟེང་རླུང་རིགས་གནད་དུ་ཚུད་ཕྱིར། སྟོང་མིད་དང་སྤྲགས་སྟེ་འཛིན། མེ་མཉམ་ཁྱབ་བྱེད་དང་བར་རླུང་རིགས་གནད་དུ་ཚུད་ཕྱིར་ལྟེ་འོག་ཏུ་བསྐྱིལ་ལ་དགའ། ཐུར་སེལ་དང་འོག་རླུང་རིགས་གནད་དུ་ཆུང་ཕྱིར་སྲིན་ཞལ་བསྡམ། སྐྱོན་ཡོན་ཏན་དུ་རིམ་གྱིས་བསྒྱུར་ཕྱིར་གང་ཐུབ་བཟུང་། མི་ཐུབ་པ་དང་བ་སྤུའི་ཁུང་བུ་རྣམས་ནས་སྔོ་སང་སང་སོང་བར་བསམ་ལ་གཞིལ། དེ་ནས་གཡས་སུ་ཕོ་རླུང་ལན་ཅིག གཡོན་དུ་མོ་རླུང་ལན་གཅིག དབུས་སུ་ལན་ཅིག་བཅག སྐྱིལ་ཀྲུང་བཅའ་བ་ཤིག་བྱས་ལ་ལྷག་མ་མེད་པར་སེང་སྒྲ་བཅས་འཕང་ངོ་། སྦྱོར་བ་བཞི་ལྡན་གྱི་རླུང་བཟུང་དུས་ཁབ་མིག་ཏུ་སྐུད་པ་འཛུང་པ་ལྟ་བུའི་ཤེས་པ་འཇུར་ལ་བཅུན་པ་ལས་སེམས་


RTZ057_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་ནས་སྲོག་རླུང་སོགས་ཀྱི་གེགས་ཆེའོ། བུམ་ཅན་ཟིན་པའི་ཚད་ནི། ལག་པས་པུས་མོ་གཡས་གཡོན་དཔྲལ་བ་གསུམ་ལ་རེག་ཙམ་རེ་བྱས་སེ་གོལ་གཏོགས་པའི་བྱ་རྫོགས་ཀྱི་སྐད་ཅིག་མ་སུམ་ཅུ་སོ་དྲུག་ཐམ། དེའི་ཉིས་འགྱུར་བདུན་ཅུ་རྩ་གཉིས་འབྲིང་པོ། སུམ་འགྱུར་བརྒྱ་དང་བརྒྱད་ཆེན་པོ་རུ་བཞེད་དོ། བུམ་ཆེན་གཅིག་གིས་ཞག་བདུན་གྱི་འཆི་བ་འཇོམགས་པར་བཤད་དོ། གསུམ་པ་ནི། རྩ་གསུམ་གྱི་འདུས་མདོར་ཉི་མའི་དཀྱིལ་འཁོར་འཕང་ལོ་ཙམ་གྱི་སྟེང་དུ་མ་ལས་ཐོག་པའི་དམར་ཆ་དྲོད་ཀྱི་རང་བཞིན་ཅན་གྱི་གཏུམ་མོ་ཨ་ཤད་ད་ལོག་གི་མདུག་མ་གྱེན་བསྟན་གྱི་དབྱིབས་ཅན་ཁ་དོག་དམར་པོ། རེག་བྱ་ཚ་བ། ཉུག་ཉུག་འབར་བ། ངོ་བོ་བདེ་བའི་ཡེ་ཤེས་ལ་རྣམ་པ་མེའི་རང་བཞིན་ཅན་ཏེ་མཚན་ཉིད་བཞི་ལྡན། གསལ་འཛིན་མེད་ཀྱི་རྩེ་མོར་ཕག་མོ་ཚོན་གང་བ་རྒྱན་མེད་གཅེར་བུ་བདེ་བ་རྒྱས་པའི་ཉམས་ཀྱི་གར་ཅན་ཕྱག་གཉིས་ཌཱ་དྲིལ་འཁྲིས་བ། དེའི་སྤྱི་བོར་རྩ་བའི་བླ་མ། དེའི་སྤྱི་བོ་ནས་ཐོབ་བརྩེགས་སུ་སྤྲུལ་སྐུ་སྙིང་ཐིག་དང་། ཀློང་གསལ་རྡོ་སྙིང་གཙོ་བོ་གང་བྱེད་ཀྱི་བརྒྱུད་པའི་བླ་མ་རིམ་


RTZ057_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས། གཉིས་པ་ཀློང་གསལ་སྙིང་པོ་བདུད་འདུལ་རྡོ་རྗེ་གཉིས་སྔགས་འཆང་། པདྨ་འབྱུང་གནས་དང་མཚོ་རྒྱལ་འཁྲིལ་སྦྱོར། རྟ་ཕག་ཡབ་ཡུམ། སྣང་མཐའ་ཡབ་ཡུམ། ཀུན་བཟང་ཡབ་ཡུམ་རྣམས་སྤྱི་ལྟར། བརྒྱུད་རིམ་དེ་རྣམས་འཇའ་གུར་མེ་འོད་འཕྲོ་བ་གཅིག་གིས་གཅིག་ལ་མ་རེག་ཙམ་དུ་དབུ་མའི་ནང་ནས་ཡར་བཞུགས་པར་སྒོམ་ལ་གསོལ་བ་ཕུར་ཚུགས་སུ་གང་བ། ཐུན་མཐར་རིམ་གྱིས་འོད་དུ་ཞུ་ནས་རྩ་བའི་བླ་མ་དང་བླ་མ་རྡོ་རྗེ་རྣལ་འབྱོར་མ་ལ། དེ་ཡང་ཨ་ཐུང་ལ་ཐིམ་པས་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་པར་མོས། རྗེས་ཐོབ་སྐབས་མེ་དེ་སྤུ་རྩེ་སུམ་འཁྱོག་ཙམ་ལ་མི་གཡེང་བར་བྱས་པས་རྣམ་པར་མི་རྟོག་པའི་བདེ་དྲོད་བསྐྱེད་དོ། དམ་ཚིག་ཏུ་མེ་ཉི་མི་བདེ། པགས་གོས་མི་གོན། དྲོད་བཅུད་ཀྱི་ཟས་མི་བརྟེན། གཏུམ་མོ་སྒོམ་པ་ལ་བསླབ་བོ། བཞི་པ་ནི་གཏུམ་མོ་ལས་ལ་སྦྱར་བ་སྟེ། དེ་ལ་གཉིས། རྩ་ལ་མཉེན་ཕབ་ཅིང་རླུང་གི་ལམ་གསལ་ཕྱིར་གེགས་སེལ་དང་། རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་བྱ་བའོ། དང་པོ་ལ་གསུམ་ལས་གཅིག་པ་ཕོ་སྐོར་ནི་བུམ་ཅན་བཟུང་། རྡོ་རྗེ་ཁུ་ཚུར་


RTZ057_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

པུས་སྟེང་བཞག་ལ་ཕོ་བ་གཡས་སུ་གསུམ། གཡོན་དུ་གསུམ། མདུན་རྒྱབ་བཅག་ཏེ་བྱས། བཅའ་བཤིག་དང་པོར་བཞིའི་ཚད་ཀྱིས་འབེབས་ཚུང་གསུམ་བརྒྱབ་ལ་རླུང་རོ་དོར། དམིགས་པ་ཨ་ཐུང་གི་མེ་ཕོ་སྐོར་གྱི་འགྲོས་བཞིན་འབར་པས་ལྟེ་བའི་འཁོར་གང་བར་བསམ། དེས་ནི་རྩའི་ལམ་བསལ་བ་དང་། ཁྱད་པར་མ་ཞུ་བ་ལ་ཕན་ནོ། གེགས་སེལ་ལས། ཕོ་སྐོར་རྡེབ་དང་བུག་པ་ཧ་རེར་བསྒོམ། ན་བའི་ས་དེར་བླ་མ་བསྒོམ་པར་བྱ། ཞེས་སོ། འདིས་སྤྲུལ་འཁོར་གྱི་རྩ་བདུད་གྲོལ་ཞིང་སྦས་པའི་རྩ་རྣམས་ཀྱི་མདུད་པ་གྲོལ་བར་འགྱུར་རོ། གཉིས་པ་རྐེད་སྐོར་ནི། ཁུ་ཚུལ་པུས་སྟེང་བཞག་ལ་ལུས་ཚུགས་མ་ཤོར་བར། རྐེད་པ་གཡས་སུ་གསུམ། གཡོན་དུ་གསུམ། གཡས་བཞག །གཡོན་བཞག །མདུན་བཞག །རྒྱབ་བཞག །གམིས་པ་སྔར་དང་འདྲ། དེས་ནི་རྩ་འཆུག་འགྲམ་གས་པ་སོར་ཆུད། རླུང་དང་གྲང་ནད་ལ་ཕན་ནོ། གསུམ་པ་མགོ་སྒྲིལ་ནི། ཆོས་མདུན་གྱི་ངང་ནས་མགོ་གཡས་གཡོན་གསུམ་གསུམ་བསྐོར། མདུ་རྒྱབ་ཏུ་དགྱེ་འགུག་གསུམ། གཡས་གཡོན་བཞག་རེ། བཅའ་བཤིགས་


RTZ057_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

པུས་སྟེང་བཞག་ལ་ཕོ་བ་གཡས་སུ་གསུམ། གཡོན་དུ་གསུམ། མདུན་རྒྱབ་བཅག་རེ་བྱས། བཅའ་བཤིག་དང་པོར་བཞིའི་ཚད་ཀྱིས་འབེབས་ཚུང་གསུམ་བརྒྱབ་ལ་རླུང་རོ་དོར་། དམིགས་པ་ཨ་ཐུང་གི་མེ་ཕོ་སྐོར་གྱི་འགྲོས་བཞིན་འབར་པས་ལྟེ་བའི་རྩ་འཁོར་གང་བར་བསམ། དེས་ནི་རྩའི་ལམ་བསམ་བ་དང་། ཁྱད་པར་མ་ཞུ་བ་ལ་ཕན་ནོ། གེགས་སེལ་ལས། ཕོ་སྐོར་རྡེབ་དང་བུག་པ་ཧ་རེར་སྒོམ། ན་བའི་ས་དེར་བླ་མ་བསྒོམ་པར་བྱ། ཞེས་སོ། འདིས་སྤྲུལ་འཁོར་གྱི་རྩ་བདུད་གྲོལ་ཞིང་སྦས་པའི་རྩ་རྣམས་ཀྱི་མདུད་པ་གྲོལ་བར་འགྱུར་རོ། གཉིས་པ་རྐེད་སྐོར་ནི། ཁུ་ཚུར་པུས་སྟེང་བཞག་ལ་ལུས་ཚུགས་མ་ཤོར་བར། རྐེད་པ་གཡས་སུ་གསུམ། གཡོན་དུ་གསུམ། གཡས་བཞག གཡོན་བཞག མདུན་བཞག རྒྱབ་བཞག དམིགས་པ་སྔར་དང་འདྲ། དེས་ནི་རྩ་འཆུག་འགྲམ་གས་པ་སོར་ཆུད། རླུང་དང་གྲང་ནད་ལ་ཕན་ནོ། གསུམ་པ་མགོ་སྒྲིལ་ནི། ཆོས་བདུན་གྱི་ངང་ནས་མགོ་གཡས་གཡོན་གསུམ་གསུམ་བསྐོར། མདུན་རྒྱབ་ཏུ་དགྱེ་འགུག་གསུམ། གཡས་གཡོན་བཞག་རེ། བཅའ་བཤིགས་


RTZ057_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

འབེབ་ཆུང་གསུམ་བརྒྱབ། མེ་ལྕེས་སྤྱི་དང་མགྲིན་པའི་རྩ་འཁོར་གང་བར་བསམ། དེས་རྩ་འཁོར་དེ་གཉིས་ཀྱི་ངན་གུམ་སེལ་རྩ་མདུད་གྲོལ། དག་པའི་ཞིང་མཐོང་། སྐད་སྙན། མགོ་འཇིང་པ། ལྟག དམིས་པ་མང་དུ་མུ་རུང་། ཚིགས་མིག་རྣ་བའི་ནད་སེལ་ལོ། གཉིས་པ་ལ། རྡོ་རྗེ་ལུས་སྦྱོང་ཡང་ལག་ལྔ་ལས། དང་པོ་ནི་ལུས་ཚུགས་དང་ལྡན་པས། ལག་གཡས་མདུན། གཡོན་པ་རྒྱབ་བྱས་ནས་རྡོ་རྗེ་ཁུ་ཚུར་གྱེན་བསྟན་གྱིས་པད་གོར་རྡེབ་བཅས་དང་། གཡོན་ནས་རྒྱབ་བཤད་བཅས་གསུམ། ཡང་གཡས་རྒྱབ་ཤང་། གཡོན་པ་དཀོར་བཅས་གསུམ། ལག་གཡས་སྦུབ་གཡོན་བཀན་ཏེ་རྐེད་པ་གཡས་གཡོན་དུ་ཐེབ་ཀྱིས་རེག་པས་འབྲོས་འདེད་ཚུལ་དུ་བཤལ་གསུམ། བཅའ་བཤིགས། འབེབ་ཆུང་གསུམ་བརྒྱབ་རང་ངོར་ལྟ། མེས་སྙིང་གའི་རྩ་འཁོན་གང་བར་བསྒོམས་པས། རྩ་འཁོར་དེའི་གེགས་སེལ། སྙིང་རླུང་བརྒྱལ་ནད་པད་ཀན་སྐྲན་སྲིན་སོགས་ལ་ཕན། ཡེ་ཤེས་ཀྱི་མཁྱེན་ཆ་རྒྱས་པར་འགྱུར་རོ། གཉིས་པ་ནི། ལུས་ཚུགས་དང་ལྡན་པས་ལག་གཉིས་མདུན་དྲང་པོར་ཤད་ཀྱིས་བརྐྱང་། པད་སྐོར་


RTZ057_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་རྡེབ། མཐིལ་འཕུར་གསུམ། སྐྲ་མཚམས་ནས་ལག་གཡས་མདུན་སྦུག གཡོན་རྒྱབ་བཀན། གུང་མཛུབ་ཀྱིས་རེག་གཞན་གདེང་གཡོན་ངོས་གསུམ་བྱུགས། གོ་བརྗེས་ནས་གཡས་ངོས་གསུམ་བྱུག ལག་གཉིས་ཀྱིས་སྒྲ་དང་བཅས་ངོ་ལན་གསུམ་བྱུགས། ལུས་ཀྱི་སྟོད་ཐམས་ཅད་མེས་གང་བར་བསྒོམ། བཅའ་བཤིག་འབེབ་ཆུང་གསུམ་རང་ངོ་ལྟ། དེས་ནི་སྟོད་ཀྱི་ནད་དང་སྲིན་དང་བད་རླུང་སེལ། རྩ་ལས་སུ་རུང་བར་འགྱུར་རོ། མང་པོ་མི་རུང་། གསུམ་པ་ནི། ཕྱེད་སྐྱིལ་གྱིས་ལག་གཉིས་མཆན་རྡེབ་བཅས་བརྐྱང་། དཔུང་མགོར་ལན་གསུམ་བརྡེབ། གཡོན་པས་དཔུང་མགོ་ནས་སོར་རྩ་མཆན་འོག་པར་ལ་བྱུགས་པ་གསུམ་སྒྲ་བཅས། གཡོན་པ་གོ་ལྡོག དམིགས་པ་ཡན་ལག་ཐམས་ཅད་མེས་ཁྱབ་པར་བསམ། འབེབ་ཆུང་གསུམ་དང་རང་ངོར་ལྟ། དེས་ལག་པའི་རྩ་ངན་གུམ་སེལ། རླུང་བདེ་བར་རྒྱུ་བ་དང་ནད་སོགས་མི་འཇུག་གོ །གེགས་སེལ་ལས། མིག་དང་པུས་མོ་ཚིག་ནན། མཐིལ་འཕུར་ལག་དྲོད་སྒྱིན་པར་བྱ། ཞེས་གསུངས་སོ། བཞི་པ་ནི། ཕྱེད་


RTZ057_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་གྱིས་རླུང་བཟུང་ལ། པུས་མོ་གཡས་བསླང་སྟེ་ལག་གཡས་གོང་གཡོན་འོག་བྱས་པས་འཁྱུད་དེ། འཕགས་ཆུང་གྱིས་ཕྱེད་འབེབས་དང་། གཡས་མདུན་དུ་བརྐྱང་ལ། གཡས་སྔོན་དང་གཡོན་རྗེས་སུ་བྱས་ཏེ། བརླ་ནས་མཐེ་མོའི་རྩེར་ཡར་སྐོར་ཚུལ་གྱིས་གཡོན་པ་ཁུ་ཚུར་པུས་སྟེང་བཞག གཡས་པ་སྤྱིའི་ཐད་སོར་གདན་ལ་བརྡེག་པ་དང་བཅས་ལན་གསུམ་བྱ། གཡས་གྱི་ཁུ་ཚུར་གཡས་གྱི་པུས་སྟེང་བཞག་སྟེ་བརྒྱད། ལག་གཡོན་གུང་མོས་རྐང་པའི་སྲིན་མཛུབ་ནས་འཇུས་ཏེ་གཡོན་པའི་བརླ་སྟེང་འཐེན་ལ་གཅུས། ཁོག་སྟོད་གཡས་སུ་གཅས་ཏེ་རླུང་དེ་ཕྱོགས་འབུད། ཡང་གཡོན་པ་དེ་གོ་ལྡོག སླར་རྡུབ་ཆུང་གིས་བཟུང་ལ་འབེབས་ཆུང་གསུམ་བྱ། རང་ངོར་བཞག དམིགས་པ་ཡེ་ཤེས་ཀྱི་མེས་ལུས་ཀུན་གང་བར་བསམ། ལུས་སྟོད་སྨད་ཀུན་གྱི་གེགས་སེལ་ལུས་སྦྱོང་ཐམས་ཅད་ཀྱི་སྙིང་པོའོ། ལྔ་པ་ནི། ཕྱེད་སྐྱིལ་ཁུ་ཚུར་པུས་སྟེང་བཞག་རླུང་བཞུང་སྟེ། འཕགས་ཆུང་གིས་ཤད་ཀྱིས་ལངས། གོང་གི་ཁུ་ཚུར་མདུན་རྐྱང་། པད་སྐོར། ཐལ་རྡེབ། མཐིལ་འཕུར། ཐོད་བྱུགས། ངོ་འཕུར། ཕྲག་རྒྱབ་བྱུགས་པ་བཅས་


RTZ057_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསུམ་སོང་མཐར། ལངས་འབེབ་གཅིག མཛུབ་གང་ཚད་ཀྱིས་བར་འབེབ་གསུམ། ཁུ་ཚུར་ནུ་མདོར་བསྣུན་པ་དང་མཉམ་ཧ་སྤྲུགས་གསུམ་བྱ་གཏད་མེད་དུ་བཞག དེ་དག་རླུང་ཁུག་གཅིག་དང་རེ་རེ་ནས་སྦྱང་བ་ཕྱག་སྲོལ་ཡིན། དམིགས་པ་ལུས་ཕྱི་ནང་ཐམས་ཅད་མེས་ཁྱབ། ཡེ་ཤེས་ཀྱི་རྟེན་ལས་མ་དག་པའི་རྩ་འཁོར་རིགས་བསྲེག བ་སྤུའི་ཁུང་ནས་འཕྲོས་པས་ཕྱི་རོལ་ཐམས་ཅད་མེ་ཕྲ་མོ་རི་དྭགས་ཀྱི་སྤུའི་རྩ་མོ་ལྟ་བུར་འབར་འབར་བསམ། ཐུན་བསྡུ་བའི་ཚེ་མེ་ཐམས་ཅད་ཨ་ཤད་ལ་ཐིམ་པས་བསམ། རྗེས་ཐོབ་སྒྱུ་མ་ལྟ་བུའི་ཉམས་དང་མ་བྲལ་བར་བྱ། དེ་རྣམས་ཀྱིས་བྱང་ཁོག་སྟོད་སྨད་ཀྱི་རྩ་ངན་འཁུམ་ཞྭ་རེངས་ཡོ་འཁྲོགས་སྤུབས་སུ་འཐུམས་པ་སོགས་སོར་ཆུད། དེ་ལྟར་ཡང་ཡང་སྦྱངས་པས་ལུས་ལ་གོས་མི་དགོས་པ་སོགས་ཕྱིའི་དྲོད་དང་། བདེ་གསལ་མི་རྟོག་ནང་གི་དྲོད། བདེ་བ་ཆེན་པོའི་ཡེ་ཤེས་གསང་བའི་དྲོད་ཐོབ་པར་འགྱུར་རོ། གཞུང་དོན་གཉིས་པ་ཁམས་ཐིག་ལེ་བྱང་ཆུབ་སེམས་བདེ་བ་ཆེན་པོ་ལམ་དུ་བྱེད་པ་ལ་གསུམ། སྔོན་འགྲོ་གཏུམ་མོའི་མེ་ལས་ལ་སྦྱར་བ། དངོས་གཞི་


RTZ057_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་བསྐྱིལ་ལྡོག་དགྲམ་གྱིས་དགའ་བཞིའི་ཡེ་ཤེས་ངོས་བཟུང་བ་འཁྲུལ་འཁོར་དང་བཅས་པ། རྗེས་ཡོན་ཏན་བསྟན་པ་ལ་སོགས་པའོ། དང་པོ་ནི། དམིགས་པ་རང་ཉིད་སྔར་བཞིན་རྡོ་རྗེ་རྣལ་འབྱོར་མ། རྩ་གསུམ་འཁོར་ལོ་ལྔ་ཉི་གདན་དང་ཨ་ཤད་གསལ། རླུང་རྡུབ་པས་རོ་རྒྱང་ལམ་རླུང་གིས་བསྣུན་པས་མེ་ལ་སྦུང་པ་བརྒྱབ་པ་ལྟར་འབར་ནས། རིམ་པས། ལྟེ་བ། སྙིང་པ། མགྲིན་པ། སྤྱི་བོའི་བར་སླེབ། ལུས་ཐམས་ཅད་བདེ་སྟོང་ཆིལ་ཀྱིས་སོང་བར་བསམ་ལ། ཧཱུྃ་ཧྲཱི༔ གཉིས་མེད་དོན་གྱི་དབུ་མའི་དཀར་ཆ་ཐབས༔ རིག་མདངས་དམར་ཆ་ཤེས་རབ་བདེ་བ་ཆེ༔ ཐབས་ཤེས་རོ་རྐྱང་རྒྱུ་བས་ཆེར་བསྐྱེད་ཅིང་། ནུས་པས་ལམ་མཆོག་རྟེན་དང་དབྱེར་མེད་བསྲེ༔ ཞེས་པའི་ཚིག་གིས་གསལ་གདབ་ལ་བདེ་དྲོད་མ་སྐྱེས་བར་སྦྱང་ངོ་། གཉིས་མེད་དངོས་གཞི་ལ་བདུན། དབབ་པ། བསྐྱིལ་བ། ལྡོག་པ། དེ་དང་གི་རྩལ་འདོན། ངོ་སྤྲོད། དགྲམ་པ་འཁྲུལ་འཁོར་བཅས། གེགས་སེལ་ལོ། དང་པོ་འབེབས་པ་ལ་མཁས་པ་ལུགས་མཁན་ཁལ་པས་ཞུན་བཞུ་བ་ལྟ་བུ་ནི།


RTZ057_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་གོང་དང་འདྲ་ལ། ཨ་ཤད་ཀྱི་རྩེར་མོར་བག་མོ་དམར་མོ་ཚོན་གང་བ་བཅེར་བུ་བདེ་བ་རབ་ཏུ་རྒྱས་པས་གར་སྟབས་ལིང་ལིང་འཁྱུག་པའི་མཁའ་གསང་གནས་བདེ་བའི་རྒྱུན་ཐིག་ལེ་མར་བབ་པ་མེ་ལ་རེག་ལ་ཁད་ཀྱིས་ཡར་སོང་བས་འཐེན་ནས་མེ་གྱེན་དུ་འབར། རོ་རྐྱང་གི་རླུང་གིས་བསྣུན་པས་སྤྱི་བོར་སོན། སྥྱི་བོར་ངོ་བོ་བདེ་བ་ཆེན་པོའི་ཡེ་ཤེས་ལ་རྣམ་པ་ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཟླ་བ་ཧི་ཡིག་མགོ་མཐུར་བསྟན་གྱི་རྣམ་པར་གནས་པ་ལམ་རྒྱུ་དང་གཞི་འཛིན་གྱི་ཐིག་ལེ་བརྒྱད་དངུལ་ཆུའི་ཐིག་པ་ལྟར་ཟག་ལ་ཁད་པ་དེ་ཞུ་ནས་སྤྱི་བོའི་རྩ་འཁོར་ཁེངས། དེར་གཞི་འཛིན་ཐིག་ལེ་བཞི་སྤྲོད་ཅིང་ལམ་རྒྱུ་བཞི་མགྲིན་པར་བབ། རྩ་འཁོར་དང་། མེ་ལྕེ་ཡང་འབྲོས་འདེད་ཀྱིས་དེར་འཁྱིལ་པར་ལུས་སེམས་ལ་དགའ་བདེ་ལྷང་གིས་བྱུང་། དགའ་བའི་ཡེ་ཤེས་སྐྱེས། བུམ་དང་ཐོབ། ལྟ་བ་གསལ་སྟོང་ཟུང་འཇུག་རྟོགས། གཟུང་རྟོག་རགས་པ་དང་། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། ས་ནི་ཉག་རང་གྲུབ་མཐའ་སྙེགས། འབྲས་བུ་སྤྲུལ་སྐུ་ཐོབ། དེར་ཐིག་ལེ་གཅིག་གཞི་འཛིན་སྡོད། གསུམ་མར་


RTZ057_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

བབ་སྙིང་གའི་རྩ་འཁོར་གང་། མེ་འབྲོས་འདེད་ཡིན་པར་རིགས་འགྲེས། བདེ་ཉམས་གོང་ལས་སུམ་འགྱུར་འཕེལ། མཆོག་ཏུ་དགའ་བ་སྐྱེས། གསང་དབང་ཐོབ། ལྟ་བ་བདེ་སྟོང་ཟུང་འཇུག་རྟོགས། གཞན་སྣང་གི་རྟོག་པ་དང་ཞེ་སྡང་གི་རྟོག་བསོ་གསུམ་འགགས། ཤེས་པའི་རང་མདངས་གསལ་བའི་སྣང་ཉམས་སྐྱེས། བྱང་སེམས་གྲུབ་མཐའ་སྙེགས། ལོངས་སྐུ་ཐོབ། དེར་གཅིག་སྡོད། གཉིས་བབ། ལྟེ་བའི་རྩ་འཁོར་གང་། གོང་ལས་ཆེར་བདེ་བས་ཁྱབ། ལྷན་སྐྱེས་དགའ་བ་སྐྱེས། ཤེར་དབང་ཐོབ། ལྟ་བ་གཟུང་འཇག་རྣམ་དག་རྟོགས། འཛིན་པའི་ཤེས་པ་དང་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས། བདེ་བ་ཆེན་པོ་གོང་འཕེལ་གྱིས་མཆེད་པའི་ཡེ་ཤེས་སྐྱེ། གསང་སྔགས་གྲུབ་མཐའ་སྙེགས། ཆོས་སྐུ་ཐོབ། དེར་གཅིག་སྡོད། གཅིག་བབ་གསང་གནས་ཀྱི་རྩ་འཁོར་གང་། བདེ་བ་བརྗོད་འདས་སུ་འཆར། དགའ་བྲལ་གྱི་དགའ་བ། ཚིག་དབང་ཐོབ། བདེ་སྟོང་ལྷན་སྐྱེས་ཀྱི་ལྟ་བ་རྟོགས། ཡིད་བྱེད་མཚན་འཛིན་གྱི་རྟོག་པ་དང་། རང་བཞིན་བརྒྱད་བཅུའི་རྟོག་པ་ཡུད་ཙམ་འགགས། སྤྲོས་བྲལ་བདེ་བ་ཆེན་པོ་འཆར་བ་ནི་


RTZ057_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་ཐོབ་པའི་ཡེ་ཤེས་སོ། རིག་འཛིན་གྱི་གྲུབ་མཐའ་སྙེགས། ངོ་བོ་ཉིད་སྐུ་ཐོབ། དེ་ནི་ཡབ་བབ་ཀྱི་དགའ་བཞི་སྟེ་འོག་སྒོ་ཐགས་ལྡན་གྱི་ཉམས་ལེན་ནོ། གཉིས་པ་བསྐྱིལ་བ་ལ་མཁས་པ་རྫིང་གི་ཐེབ་པུ་བཀག་པ་ལྟ་བུ་ལ། དམིགས་བཅས་དམིགས་མེད་གཉིས་ཀྱི་དང་པོ། ནོར་བུའི་རྩེ་མོར་ཕཊཿལྗང་སེར་མགོ་གྱེན་བསྟན། རྩ་བར་ཧཱུྃ་མཐིང་ནག་གཉིས་ཀྱིས་ཐིག་ལེ་ཟག་མེད་དུ་རྒྱས་བཏབ། བ་སྤུའི་རྩེ་མོ་ཚུན་ཆད་ཟིལ་པ་ཕྲམ་མེར་བསྒོམ། གཉིས་པ་ནི། བདེ་བ་སྐྱེས་པ་དེའི་རྗེས་སུ་མི་ཤོར་བ་རིག་པའི་རང་ངོ་ལ་ལྷན་གྱིས་བཞག་གོ །དེ་ལྟར་རྩལ་འབྱོངས་ན་ལུས་སྟོབས་རྒྱས། མཚོན་གྱིས་མི་ཆོད། སྲིན་བུ་སོགས་ཀྱིས་སོས་བཏབ་ཀྱང་བདེ་བའི་རྣམ་པར་འཆར། རྐྱེན་གང་གིས་ཀྱང་གནོད་མི་ནུས་སོ། གསུམ་པ་ལྡོག་པ་ལ་མཁས་པ་ཁྲོན་ཆུ་གྱེན་ལ་དྲངས་པ་ལྟ་བུ་ནི། ཕཊཿལས་འོད་ཟེར་འཕྲོས་ཧཱུྃ་མཐིང་གཉིས་ལ་ཕོག ལྕགས་བསྲེག་ལ་ཆུ་ཕོག་པ་བཞིན་ཆོག་སྒྲ་དྲག་པོ་དང་བཅས་འོག་རླུང་གིས་ཡར་ཕུལ་ཏེ་ཐིག་ལེ་རྣམས་གསང་གནས་ལྟེ་བར་བཟློག རྩ་འཁོར་གང་། ཡང་ཁྲོན་ཆུ་གྱེན་དུ་དྲང་པ་ལྟར་སྙིང་གར། མགྲིན་པར། སྤྱི་བོར་སོན་པས་ལྟ་གྲུབ་རྣམས་ནི་གོང་བཞིན་ནོ། འདི་ནས་བཟུང་ཉེར་བསྡུའི་ཚེ་ཐིག་ལེ་རྣམས་ཧཾ་ལ། ཧ་ཟླ་ཐིག་ལེ། དེ་ནཱ་དར་རྒྱུར་ནས་མི་དམིགས་པར་


RTZ057_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

བཞག དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེ་ལས་སུ་རུང་བས་དོན་དམ་ཐིག་ལེ་བདེ་ཆེན་ཡེ་ཤེས་གཏན་ལ་ཕེགས་པར་འགྱུར་རོ། མས་བརྟེན་གྱི་དགའ་བཞི་སྟེང་སྒོ་རྣམ་གྲོལ་ཐབས་ཀྱི་ལམ་ཞེས་བྱའོ། བཞི་པ་དེ་དག་གི་རྩལ་འདོན་པ་འཕྲུལ་འཁོར་ལ་ལྔ་ལས། དང་པོ་འབེབས་པའི་འཕྲུལ་འཁོར་རྐྱང་འབེབས་ནི། ཕྱེད་སྐྱིལ་གྱིས་ཁུ་ཚུར་པུས་སྟེང་བཞག་ནས་རླུང་འཛིན། འཕགས་ཆུང་གིས་རྐང་པ་ཤད་ཀྱིས་བརྐྱང་། ལག་གཡས་སྔོན་གཡོན་རྗེས་བྱས་ནས་བརླ་ནས་སོར་རྩེ་དང་། སླར་ལག་གཉིས་སོ་སོར་བརླ་བར་བྱུགས་ཏེ་དབྱིའི་ཐང་དུ་གདན་ལ་བརྡེག་པ་ལན་གསུམ། ཕྱིར་འབེབས་གཅིག འབེབས་ཆུང་གཉིས། རྐྱང་འབེབས་གཅིག ཁུ་ཚུར་པུས་སྟེང་བཞག་ལ་རླུང་དོར། ཁྱད་པར་གླེང་ཆེན་ཨུ་ནུ་ནི། ཁུ་ཚུར་པུས་སྟེང་བཞག་པས་རླུང་དོར། དེ་ནས་ཟློག་པའི་འཁྲུལ་འཁོར་སྟག་སྐྱུགས་ནི། རླུང་གོང་བཞིན་འཛིན་ལ་འཕགས་ཆུང་གིས་ཤད་ཀྱིས་ལངས། ལག་གཉིས་གདེང་ཚུལ་བཅས་གུང་མོས་རྐང་པའི་སྲིན་ལག་ནས་འཇུས་ལ་ཧཱ་ཧ་གཅེས་ཁོང་འདྲེང་གསུམ། བར་འབེབས་གསུམ། ཁུ་ཚུར་པུས་སྟེང་གཏད་ལ། ལུས་གཡོན་དུ་བཅུས་


RTZ057_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རླུང་དེ་ཕྱོགས་འབུད། ཟློག་པའི་འཕྲུལ་འཁོར་གྱིས་ཁོང་འདྲེང་སྐབས་སྦྱོར་བ་ཡང་ལག་དྲུག་ནི། སྒལ་ཚིགས་མདའ་ལྟར་བསྲུང་། མགྲིན་པ་ལྕགས་ཀྱུ་ལྟར་བཀུག ཉི་ཟླ་གྱེན་དུ་བཟློག དར་དམར་དགུང་དུ་ཕྱར། སྦྲུལ་ཚང་བྲག་ལ་བཅའ། གླིང་བཞི་མཐའ་ནས་སྡུད་པར་བྱའོ། ཟློག་དགྲམ་ཟུང་གི་འཕྲུལ་འཁོར་ཝ་མོའི་སྣོལ་ཚུལ་ནི། རྐང་གཡོན་འོག་ཏུ་བྱས་པའི་ཕྱེད་སྐྱིལ་བཅས་རླུང་འཛིན་འཕགས་རླུང་བཅས། ལག་གཉིས་ཀྱི་གུང་མོ་སྦྲེལ་བལྟག་པར་འཁྱུད། གྲུ་མོ་གཉིས་དང་པུས་མོ་གཉིས་སར་ཕག་དང་དཔྲལ་བགྱེན་དུ་བསྟན། རླུང་སྣ་ནས་གསུས་པ་དང་མཉམ་ཕྱིར་འཛིན་རིང་བ་གསུམ་བྱ། བར་འབེབས་གསུམ་བརྒྱབ་བོ། སྐྱིལ་དགྲ་མ་ཟུང་གི་འཕྲུལ་འཁོར་གཡང་མོ་ལུས་སྤྲུགས་ནི། འཕགས་ཆུང་བཅས་ཤད་ཀྱིས་ལང་། ཡན་ལག་བཞི་སར་བཙུགས་སྟེ། མགོ་གཡས་སུ་གསུམ། གཡོན་དུ་གསུམ་གྲིལ། མདུན་རྒྱབ་གསུམ་གསུམ་བཀུག རྐང་རྟིང་གཡས་པས་འཕོང་ལན་གསུམ་བརྡུད། གཡོན་པས་གསུམ་བརྡུང་། ལག་གཡས་ཕྲག་མགོར་ལན་གསུམ་བརྡེག


RTZ057_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གསུམ་བརྡེག ལུས་ལན་གསུམ་སྤྲུགས། བར་འབེབས་གསུམ་བརྒྱབ་ལ་རླུང་དོར་རོ། རྩ་འཁོར་ལྔ་ཡི་དབུས་སུ་ཐུར་སེལ་སོགས་རླུང་ལྔ་དང་གཞི་འཛིན་ཐིག་ལེ་ལྔ་པོ་དྲག་པོ་རིགས་ལྔ་དང་ཡུམ་ལྔར་སྨིན་སྟེ་སྤྱི་བོར་སོན་པ་དང་། ཁྱབ་བྱེད་ཀྱི་རླུང་ངོ་བོ་ཉིད་སྐུར་སྨིན་ནས་རྣམ་ཀུན་མཆོག་ལྡན་དོན་གྱི་ཧེ་རུ་ཀ་ཡི་དམ་ཡབ་ཡུམ་གྱི་གོ་འཕང་མངོན་ཏུ་བྱེད་པའོ། དྲུག་པ་དགྲམ་པ་ལ་མཁས་པ་སྦྱིན་ཤུགས་ཅན་ཡོ་ལང་འགྱེད་པ་ལྟ་བུ་ནི། དབབ་བསྐྱེལ་ལྡོག་གསུམ་གྱིས་བདེ་བ་ཆེན་པོའི་རྣལ་འབྱོར་སྒྲུབ་ཏུ་ཟིན་ཀྱང་། ལུས་ལམ་བཀྲམ་ན་ནད་དུ་འགྱུར་ཏེ། ཇི་ལྟར་དགྲམ་ཚུལ་ལ། དམིགས་པ་དང་འཕྲུལ་འཁོར་གནིས་ལས། དང་པོ་ནི་རིག་པ་བཟོ་བཅོས་དང་དགག་སྒྲུབ་གང་ཡང་མི་བྱེད་པར་གཏད་མེད་ཟང་ཐལ་ལེར་འཇོག མཐར་བུམ་པ་ཅན་གྱི་རྣལ་འབྱོར་དུ་བྱ་བ་སྟེ། འོག་སྒྲོ་བདེ་བ་ཆེན་པོའི་ཁྲིད་ལས། དམིགས་པ་མ་ཡེངས་སྒོམ་རྒྱུ་ཅི་ཡང་མེད༔ སྒོམ་མེད་ངང་ལ་འདུན་པ་སྤྱི་བོར་གཏད༔ དེ་མ་ཐག་ཏུ་བྱང་སེམས་གྱེན་ལ་ལོག༔ བསྐྱིལ་བཟློག་ཁྲོམས་པ་དུས་གཅིག་འབྱུང་བ་ཡིན༔ དེ་རྗེས་བུམ་པ་ཅན་གྱི་རླུང་


RTZ057_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས༔ རིག་པ་ཀ་དག་ངང་ལ་ཡུན་རིང་བཞག༔ དེས་ནི་གེགས་མི་འབྱུང་ཞིང་ལུས་ལ་ཁྱབ༔ ཅེས་གསུངས་སོ། གཉིས་པ་ལ་འདྲེན་དགྲམ་ཟུང་གི་འཕྲུལ་འཁོར་དྲུག་དང་། འདྲེན་དགྲམ་བསྐྱིལ་བཟློག་གི་ཡན་ལག་གཅིག་ལས། དགྲམ་པའི་འཕྲུལ་འཁོར་མིག་མ་བཀབ་ཆོས་འཁོར་ནི། རྡོར་སྒྱིལ་ཁུ་ཚུར་པུས་སྟེང་གི་སུམ་ཆེན་ལྡིར་བ། ལག་གཉིས་མཐེ་བོང་གི་ས་རྣ་བའི་བུ་ག་གཉིས། གུང་མཛུབ་གཉིས་ལ་སྦྱར། སྲིན་ལག་གིས་སྣ། མཐེའུ་ཆུང་ཁ་ཞབས་ནས་བསྡམས་ལ། མགོ་གཡས་སུ་གསུམ། གཡོན་དུ་གསུམ་སྒྲིལ། དགྱེ་འགུག་གསུམ། བར་འབེབས་གསུམ། ཁུ་ཚུར་ཕུས་སྟེང་བཞག་ལ་རླུང་དོར་རོ། འདྲེན་དགྲམ་ཟུང་གི་འཕྲུལ་འཁོར་ལ་གཉིས་ཀྱི་སེང་གེ་ཁྱི་ཚུགས་ནི། འཕགས་ཆུང་གིས་ལངས་ལ། རྐང་སོར་ཕྱིར་བསྒྲད། རྟིང་པ་སྤྲད། པུས་མོ་གུས་པ་ཕྱིར་བསྒྲད་པའི་ཁུ་ཚུར་པུས་མོའི་ནང་ལོགས་སུ་བརྒྱང་། སྣ་ནས་རླུང་ཕྱིར་འཛིན་རིང་པ་གཡས་གསུམ་གཡོན་གསུམ་དབུས་གསུམ། ལུས་སྦུགས་དང་། ལུས་གསུམ་ཁུག་འོང་བའི་དྲག་འབེབས་གསུམ་བརྒྱབ།


RTZ057_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

དགྲམ་པའི་འཕྲུལ་འཁོར་སྐབས་དམིགས་པ་ཐིག་ལེ་སྤྱི་བོར་བཟློག་པ་དེ། ལུས་ཀྱི་བ་སྤུའི་ཁུང་བུ་ཚུན་ཆད་མ་ཁྱབ་པ་མེད་པར་ཁོད་སྙོམས་པར་བསམ་སྟེ། དེ་ཡང་རང་བཞིན་མ་གྲུབ་པར་སྟོང་པའི་རང་གཟུགས་རྨི་ལམ་ལྟར་བལྟའོ། གཉིས་པ་རྐང་བརྐྱང་འཕྲུལ་འཁོར་ནི། རྡོ་རྗེའི་ཁུ་ཚུར་དཔྱིའི་ཐད་གདན་ལ་ཕབ། རྐང་པ་གཡས་གསུམ་གཡོན་གསུམ་བརྐྱང་། པུས་གཏད་ཀྱི་རླུང་དོར། དེ་ནས་དགྲམ་པའི་འཕྲུལ་འཁོར་ཁྱད་པར་གཉིས་ཀྱི་དང་པོ། གྱི་ལིང་སིལ་སྤྲུགས་སམ། སྒལ་འབེབས་ནི་ཁུ་ཚུར་པུས་གཏད་ཀྱིས་རླུང་བཟུང་ལ། འཕགས་ཆུང་གིས་སྒལ་པ་སར་ཕབ་ཡན་ལག་བསྐུམ་སྟེ། ཤད་ཀྱིས་འཕང་ལ་སྒལ་འདེབས་སྒྲ་བཅས་གསུམ། བར་འབེབས་གསུམ་བརྒྱབ། གཉིས་པ་གྱི་ལིང་ག་ན་འདྲིལ་གོང་བཞིན་སྒལ་པ་ཕབ་སྟེ། ཡན་ལག་བཞི་བརྒྱང་ཧག་ཞེས་གཡས་སུ་ལོག གཡོན་དུ་ལོག གཡས་སུ་ལོག བར་འབེབས་གསུམ་བྱ། དེ་ནས་དགྲམ་པའི་འཕྲུལ་འཁོར་གོང་མ་རྣམས་ལས་ཀྱང་ཁྱད་པར་བ། སེང་གེ་རྣམ་རོལ་ནི། སྔར་ཁྱི་ཚུགས་སྐབས་བཞིན་ལས། ལག་གཉིས་རྡོ་རྗེ་འཆང་གི་ཕྱག་


RTZ057_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནུབ་ཐད་བཅའ། རླུང་ཕྱིར་འཛིན་གསུམ་རེ། ལུས་སྤྲུགས་བཅས་གོང་བཞིན་བྱ། ཐོག་འབེབས་གཅིག་བརྒྱབ་བོ། དེ་རྣམས་ཀྱི་ཡན་ལག་གི་འཕྲུལ་འཁོར་ནི། ཚེས་བདུན་གྱིས་མགོ་བསྒྲིལ་གཡས་གཡོན་བཞག་བཅས་དང་། ཁུ་ཚུར་ནུ་སྟེང་། སྙིང་ཐིག་ལྟར་དྲག་འབེབ། གསུམ་གདམ་རླུང་དོར་ལག་པད་སྐོར་ཀྱིས་པུས་མོར་གཏད་ལ་སྐེད་སྐོར་གོང་བཞིན། བར་ཡན་ལག་ལྔ་སྦྱང་ལྟར། འབེབས་གསུམ། ལངས་ཏེ་རྟིང་པས་འཕོང་ལན་གསུམ་རྡུང་། འདུག་ནས་ཁུ་ཚུར་ནུ་སྟེང་ལན་གསུམ་གདབ། འབེབས་ཆེན་ནམ། ཡངས་འབེབས་གཅིག བར་འབེབས་གཉིས། སྟོང་འདྲེན་གསུམ། ཧ་སྤྲུགས་གསུམ་པའོ། བདུན་པ་ནི། འཕྲུལ་འཁོར་དེ་རྣམས་ཀྱིས་ལུས་ཀྱི་འབྱུང་བ་དང་ཐིག་ལེ་གནད་དུ་ཚུད་ཀྱང་བདེ་སྟོང་རྒྱ་ཆུང་རང་རྒྱུད་པར་གྱུར་ནས་སེམས་ཟིང་ཟིང་པོར་གྱུར་ན། གེགས་སེལ་ནི། ལ་ཟླ་བ་ལ་མཁས་པ་ནམ་མཁའ་གཡའ་དག་པ་ལྟ་བུ་ཡིན་ཏེ། རྩོལ་མེད་ཀྱི་ངང་དུ་བར་རླུང་བསྐྱིལ་བས། ཡེ་ཤེས་ཀྱི་རླུང་གིས་ཐམས་ཅད་རང་དབང་ཤུགས་ཀྱིས་བསྒྱུར་བར་འགྱུར་པས་ནམ་བཅོས་རང་ག་མར་


RTZ057_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་ལ་འབད་དོ། ཟབ་བསྡུས་སྙིང་པ་ལས། བདེ་བ་དེ་ཀའི་ངོ་ལ་གཅེར་བལྟས་པས། རྣམ་རྟོག་ཅི་ཡང་མི་མངའ་ལྷན་ནེ་བ། བདེ་གསལ་མི་རྟོག་གསུམ་ཀའི་ཉམས་མྱོག་འཆར། དེ་ཀའི་ངང་ལ་རྒྱུན་ཏུ་ཁྱེར་ཞིང་སྒོམ། ཞེས་དང་། དེ་ཡི་དུས་ཀྱི་ཤེས་པ་གཟོ་མེད་པ། བདེ་བ་ཆེན་པོའི་ཡེ་ཤེས་དེ་ཀ་ཡིན། བླ་མེད་སྔགས་ཀྱི་རྫོགས་རིམ་དེ་ཀ་ཡིན། དུས་གསུམ་རྒྱལ་བའི་དགོངས་པ་དེ་ཀ་ཡིན། ཞེས་གསུངས་སོ། གསུམ་པ་རྗེས་ལ་གསུམ། བསྒོམས་པའི་ཡོན་ཏན། སྤང་བླང་གི་དམ་ཚིག མེ་ལས་ལ་སྦྱར་བའོ། དང་པོ་ནི། རྩ་རླུང་ཐིག་ལའི་རྣལ་འབྱོར་ལ་གོམས་འདྲིས་བརྟན་པ་ཐོབ་པར་བྱས་པའི་ཡོན་ཏན་གནས་སྐབས་སུ་ལུས་ལ་བདེ་བ་འཕེལ། སྐྲ་དཀར་གཉེར་མ་མི་འབྱུང་། ངག་བདེན་ཚིག་འགྲུབ། ཆོས་ཚིག་ཀློང་བརྡོལ། ཡིད་ལ་ཏིང་འཛིན་དང་རྟོགས་པའི་ཡོན་ཏན་འཕེལ། སྤྱན་ལྔ་དང་མངོན་ཤེས་དྲུག་འཐོབ། མཐར་ཐུག་གདིང་བཞིའི་དྲོད་ཚད་བསྙེས་ཏེ་ནང་གསལ་བུམ་པའི་སྐུར་སངས་རྒྱས་ནས་འཁོར་བ་ཇི་སྲིད་པར་ཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ། འཕྲུལ་འཁོར་རྣམས་ཀྱང་རྩེད་མོའི་སྟངས་སྟབས་ལྟ་བུ་མ་ཡིན་ཏེ་སྒོ་གསུམ་གནད་དུ་གཅུན་པའི་ཐབས་དུ་མལ་འབད་པས་གནས་སྐབས་སུ་


RTZ057_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་བརྒྱད། མཐར་ཐུག་རིག་འཛིན་བཞི་ཐོབ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱང་ཆུབ་པ་ལ་ཐེ་ཚོམ་མེད་དོ། དེའང་ཤེས་རབ་ཀྱི་རྩ་རྣམས་རླུང་གི་སྦུབས་སྲ་འཐུམས་པས། རྨུག་པ་ལུང་མ་བསྟན། གསལ་ཆ་མེད་པར་འགྱུར་ལ། ཤེས་རབ་ཀྱི་ཙ་རུ་རླུང་རྒྱུ་བས། སྔོན་ཆད་མེད་པའི་ཆོས་དང་སྔོན་གནས་རྗེས་སུ་དྲན་པར་འགྱུར་སོ། རླུང་བཅུ་དབུ་མར་ཟིན་རྟགས་སུ། རྒྱུད་ལས། དུ་བ་སྨྲིག་རྒྱུ་སྲིན་བུའི་མེ། མར་མེ་མཁའ་གསལ་ཉི་ཟླ་དང་། སྒྲ་གཅན་མུན་ང་དུས་མེ་བཅུ། ས་རླུང་ལ་སོགས་བཅུ་ཟིན་རྟགས། ཞེས་གསུངས་ཤིང་། གཞན་ཡང་ཟིང་ཁམས་དང་སྟོང་གཟུགས་དུ་མར་འཆར་རོ། སྲོག་རླུང་རོ་རྐྱང་དུ་བཅིངས་པས་ཕྱི་རོལ་ཉི་ཟླ་སྒྲ་གཅན་ལས་སྐྱོབས་པ་སོགས་ལམ་རྟགས་ཀྱི་ཡོན་ཏན་དུ་མ་འབྱུང་ངོ་། གཉིས་པ་ནི། དུས་མི་རུང་བ། གུད་གཉིས་འགྲང་ལྟོག་དྲག་ཤུལ་རྡུབ་སྡུག་སྤང་༔ ཐོག་པ་བས་གློ་ཞུགས་ཐུབ་ཆེས་མེ་འཕོབ། ཞེས་གཞུང་ལས་གསུངས་པ་ལྟར་ལ། མེ་འཕོ་བ་ནི་ཕོ་བའི་མེ་དྲོད་ཉམས་པའི་དུས་དང་། རླུང་སྣ་བུག་གཡས་ནས་རྒྱུ་པ་སོགས་སྤར། གནས་མི་རུང་


RTZ057_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྐྱུར་དུད་པ་བད་ཧམ་རུལ་དྲི་ངན་མིན། ཅེས་པ་རྣམས་སུ་རླུང་བཟུང་ན་ཚེ་ལ་གཟན་པས་སྤང་། རྟེན་མི་རུང་བ། བླ་སྤྲུམ་ཤ་རེ་མ་མིང་དིག་ལྐུགས་སྤང་༔ ཞེས་སོ། སྤང་བྱའི་དམ་ཚིག་ཤ་ཆང་སོགས་དྲོད་བཅུད་མི་བསྟེན། མེ་དང་ཉི་མ་མི་འདེ། པགས་གོས་ཀྱི་རིགས་མི་གྱོན། དང་བླང་གི་དམ་ཚིག་ཏུ། དཀར་ཆས་དང་། རས་རྐྱང་བགོ གངས་ཁྲོད་དང་རི་རྩེ་ཆུ་ངོགས་སུ་བོག་འདོན། རྩི་སྨན་སོགས་ཀྱི་བཅུད་ལེན་བརྟེན། ལས་འབྲས་ལ་ཡིད་རྟོན་པ་ལས་སྨྱོ་སྤྱོད་སྤང་། སྣང་མུན་གྱི་རྣལ་འབྱོར་བ་ཡང་བརྩོན་ཏེ། ལྟབས་རྦག་བཅད། སྒོམ་པས་གཉུག་བསྲིད། སྤྱོད་པས་ལ་དོར་བར་བྱའོ། གསུམ་ལ་ལ་གྲང་ཐུབ། ཚ་ཐུབ་གཉིས་དང་། དེའི་ཡན་ལག་གོ དང་པོ་ནི་སྟན་གྱི་སྟེང་དུ་ཐབ་འགལ་དྲུག་པའོ། མེ་ཟབ་དྲུག་ཆིངས་ནི་ཨཾ་ཚུགས་ཀྱི་རྐང་པ་གཡོན་ནང་གཡས་རྒྱབ། ལག་པ་གཡས་རྒྱབ་གཡོན་ནང་བྱས་པའི་པུས་མོར་གཏད་པའི་རྡོ་རྗེ་འཆང་གི་ཕྱག་རྒྱ་པུས་འཁྱུད་ཀྱིས་བསྔམ། བདུད་རྩི་ལྔས་བཀྲུས་ཏེ། རས་དཀར་དྲི་མ་མེད་པ་ཆུ་ལ་བཅུག་ཏེ་གྱོན། དམིགས་པ་ནི་སྟོང་ར་


RTZ057_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་བཞིན་རྡོ་རྗེ་ཕག་མོ་རྩ་འཁོར་བཅས་གསལ་བའི་ལྟེ་བར་ཨ་ཐུང་ནང་གཡས་གཡོན་རཾ་གཉིས་གསལ། དེའི་རྩེར་རྡོ་རྗེ་ཕག་མོ་ཚོན་གང་བ་གསལ་བ་ལས་མེ་ཤེས་ལས་བྱུང་བ་བཞིན་རྩ་འཁོར་བཞི་བཅས་མེས་ཁེངས་ལུས་ཀྱི་ནང་ཐམས་ཅད་དམར་འུར་གྱིས་གང་། མེ་སྟགས་ལྕགས་ཀྱུའི་རྣམ་པ་གྲངས་མེད་པ་གཤང་ལམ་ནས་ཕྱིར་ཐོན། ཕྱི་རོལ་ཐམས་ཅད་མེ་རིའི་གུར་ཁང་དམར་ནག་ཏུ་འཁྲིགས་ཏེ་འུར་ཏི་རི་རི་འབར་བར་བསམ་ལ་དྲག་རླུང་ལ་འབད། ཐུན་འཇོག་ཁར་ཕྱི་ནང་གི་མེ་རི་ཐམས་ཅད་ཕག་མོ་ལ་ཐིམ། ཕག་མ་རཾ་བཅས་ཨ་ཤད་ལ་ཐིམ། རེ་ཉིད་མི་དམིགས་པའི་རྒྱས་གདང་། གཉིས་པ་ནི། དབྱར་ཚད་པ་ཆེ་དུས་དང་ཚད་པའི་ནད་ལ་ཆུ་རླུང་འཛིན་ལ་ལངས་པ་སྦྱར་རོ། གསུམ་པ་ནི། མ་ཞུ་དུག་ཐབས་སོགས་ལ་ཆུ་བཏུང་ཞིང་། ཆུ་རླུང་མང་བས་སྐྱུགས་བཏང་བ་དང་། ཕོ་སྐོར་ཀྱིས་འདྲེན་བཏང་བ་སོགས་བྱའོ། རྗེས་ཀྱི་དམ་ཚིག་ཏུ་ལུས་ལ་བཀུ་མཉེ་བྱའོ། རྩ་བའི་གསུམ་པ་རྗེས་ཀྱི་བྱ་བ་ལའང་གསུམ། དམིགས་རིམ། འཕྲུལ་འཁོར། བསྔོ་སྨོན་ནོ། དང་པོ་ནི་


RTZ057_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་བ་གསུམ། ཕྱི་ནང་གི་གནས་ཡུལ་ཞིང་སྐྱེས་ཀྱི་དཔའ་བོ་མཁའ་འགྲོ། དཀར་ཕྱོགས་ཀྱི་ལྷ་ཀླུ་དགེ་བསྙེན་སོགས་ཀྱི་འཕྲལ་ཡུན་ཀུན་ཏུ་ཤིས་པའི་བདེན་ཚིག་དང་། མེ་ཏོག་མནྡཱ་ར་བའི་ཆར་འབེབས། ལུས་ཀྱི་རྣམ་འགྱུར་སྣ་ཚོགས་པས་གར་བྱེད་པར་མོས། གཉིས་པ་ནི། བཀྲ་ཤིས་པའི་ཚིག་སྣན་ཚོགས་བརྗོད། མེ་ཏོག་འཐོར་ལ། རླུང་བུམ་ཅན་འཛིན་ཏེ། འབེབས་ཆེན་གསུམ། བར་འབེབས་གསུམ། འབེབས་ཆུང་གསུམ། འདི་མཚམས་གདན་སྐོར་བྱེད་པའི་ཕྱག་ལེན་ཡང་ཡོད། ཡང་འབེབས་ཆུང་གསུམ། བར་འབེབས་གསུམ། འབེབས་ཆེན་གསུམ་བྱའོ། གསུམ་པ་ནི། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་རྣམས་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་དང་། བཟང་པོ་བཞི་དང་ལྡན་པའི་སྨོན་ལམ་དྲུན་མོངས་མ་ཡིན་པས་གསང་མཆོག་རྡོ་རྗེ་རྩེ་མོའི་ལས་མཆོག་མཐར་ཕྱིན་པར་སྤེལ་བར་བྱའོ། སྐྱེ་ཀུན་གསང་ཆེན་ཆོས་དང་དེ་སྟོན་པའི། བཤེས་དང་མི་འབྲལ་ནང་གི་ས་ལམ་བགྲོད། སྒོ་གསུམ་རྡོ་རྗེ་གསུམ་སྒྲུབ་པའི། བརྟུལ་ཞུགས་སྤྱོད་པས་


RTZ057_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལས་རྣམ་རྒྱལ་ཤོག །ཟབ་མོའི་ཁྲིད་ཚུལ་ཁྱད་པར་འཕགས་པ་འདི་ཉིད་རིན་པོ་ཆེ་གཏེར་གྱི་མཛོད་དུ་རྒྱུད་སྲོལ་སྤེལ་བའི་དད་བློས་བཞུགས་སུ་གསོལ་པའི་སྐབས་སུ་བརྒྱུད་པ་གོང་མའི་གསུང་རྒྱུན་སྙིང་པོར་བསྡུས་པའི་ཟིན་ཐུན་གྱི་ཚུལ་དུ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བགྱིས་པ་དགེ་ལེགས་འཕེལ། །


previousགཏེར་ཁ་གཉིས་འདུས་རྩ་རླུང་ཐིག་ལེའི་ཁྲིད་ཟིན་མདོར་བསྡུས་ཟབ་དོན་ཀུན་འདུས། པདྨ་གར་གྱི་དབང་ཕྱུགno next