དམ་ཆོས་སྙིང་པོ་སྐོར་ལྔ་ལས་ཞལ་གདམས་སྙིང་པོ་འདུས་པ། བློ་གྲོས་མཐའ་ཡས།


RTZ060_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་སྙིང་པོ་སྐོར་ལྔ་ལས༔ ཞལ་གདམས་སྙིང་པོ་འདུས་པ་བཞུགས༔


RTZ060_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་འདུད༔ དེ་ཡང་གངས་ཅན་ལྗོངས་ཀྱི་གནས་མཆོག་རྣམས་ལས་ཐུགས་གཏེར་ཟབ་མོ་སྦས་པའི་གནས་བརྒྱད་ཀྱི་ནང་ནས་ བསྟན་པའི་བཙས་སུ་བཞག་པའི་མཛོད་ལྔ་སྒྲོམ་གསུམ་གྱི་བཅུད་དང་ལྡན་པ་ཁམས་ཀྱི་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་པདྨ་རྒྱས་པའི་གླིང་དུ༔ བདག་ལྷ་སྲས་ཡེ་ཤེས་རོལ་པ་རྩལ་གྱིས་གུ་རུ་པདྨ་འཁོར་དང་བཅས་པ་སྤྱན་དྲངས༔ རིན་པོ་ཆེའི་ཁྲི་ལ་བཞུགས་སུ་གསོལ༔ སྐུ་ལ་དར་ཟབ་སྣ་ཚོགས་དང༔ ཞལ་ལ་བཟའ་བཏུང་བཟང་པོ་སྣ་ཚོགས་ཕུལ་ནས་གསོལ་བ་བཏབ་པ༔ ཀྱེ་ཧོཿཧོཿསངས་རྒྱས་ཀུན་དང་དགོངས་པ་གཅིག༔ ཡན་ལག་དྲུག་ཅུའི་གསུང་དང་ལྡན༔ ཐུགས་ནི་ཀུན་ཁྱབ་ནམ་མཁའ་འདྲ༔ འགྲོ་དོན་དུས་ལས་མི་ཡོལ་བའི༔ རྗེ་བཙུན་ཨོ་རྒྱན་རིན་པོ་ཆེ༔ བདག་ལ་བརྩེ་བར་དགོངས་སུ་གསོལ༔ ཕྲིན་ལས་རོལ་པ་སྣ་ཚོགས་ཀྱིས༔ འགྲོ་བ་ཡོངས་ལ་བཀའ་དྲིན་ཆེ༔ ཁྱད་པར་བོད་ཡུལ་ཞབས་ཀྱིས་བཅགས༔ ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ གཙུག་ལག་ཁང་བཞེངས་ཟབ་ཆོས་བསྒྱུར༔ མ་འོངས་དོན་དུ་གཏེར་མང་སྦས༔ བཀའ་དྲིན་ཆེ་བ་ཁྱོད་ལས་སུ༔ ལྷ་སྲས་


RTZ060_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་མི་རྙེད་དོ༔ ཡང་ཟབ་བླ་མའི་སྒྲུབ་སྐོར་གསུམ༔ དོན་འདྲིལ་གཅིག་དང་རྣམ་པ་བཞི༔ ཡོངས་རྫོགས་བཀའ་འདུས་སྒྲུབ་ཆེན་དང༔ མཁའ་འགྲོ་ཐུགས་ཀྱི་སྙིང་པོ་སོགས༔ ཁ་ཚང་དོན་འདྲིལ་མན་ངག་རྣམས༔ སྦས་དང་བཏོན་ཚུལ་སྤེལ་བའི་ཐབས༔ དགོས་པའི་དོན་འབྲས་ཇི་ལྟ་བུ༔ ཐུགས་རྗེས་དགོངས་ཏེ་བསྩལ་དུ་གསོལ༔ ཞེས་ཞུས་པས༔ གུ་རུ་རིན་པོ་ཆེ་དགྱེས་པའི་འཛུམ་མདངས་དང་བཅས་ཏེ་བརྩེ་བ་ཆེན་པོས་བཀའ་བསྩལ་པ༔ ཀྱེ་ཧོཿཧོཿགསོན་དང་འོད་གསལ་ལྷ་ཡི་རིགས༔ མཁྱེན་བརྩེའི་བདག་ཉིད་ལྷ་སྲས་ལོ་ཙཱ་བ༔ བདག་གི་ཐུགས་བསྐྱེད་ཟབ་མོའི་མན་ངག་རྣམས༔ ནམ་མཁའ་མཛོད་ལ་སོགས་པའི་སྒྲུབ་གནས་བརྒྱད༔ སོ་སོའི་ཞར་ལས་བྱུང་བཞིན་སྦས་པ་དང༔ འདོན་པའི་སྐྱེས་བུ་ལྷ་སྲས་ཁྱོད་ཉིད་ཀྱི༔ ཐུགས་བསྐྱེད་དག་པའི་སྤྲུལ་པ་སོགས་ཀྱིས་འདོན༔ ད་ལྟའི་ཡབ་སྲས་རྗེ་འབངས་ཕལ་ཆེར་འཛོམས༔ ཟབ་མོའི་གཏེར་རྙེད་དང་པོ་ཉམས་སུ་བླང༔ དེ་ནས་རིམ་པར་ཚོད་དང་སྦྱར་ཏེ་སྤེལ༔ ཟབ་ཆོས་སྤེལ་མ་དྲགས་ལ་སྡོམ་མ་དྲགས༔ དགོངས་པ་ཉམས་སུ་བླངས་པས་དངོས་གྲུབ་ཐོབ༔ བོད་ཁམས་བདེ་བའི་དཔལ་ལ་སྤྱོད་པར་བྱེད༔ ཁྱད་པར་ལུང་བསྟན་མདོ་བྱང་ནང་དུ་བསྟན༔ དོན་གྱི་མཐར་ཐུག་ད་དུང་སྟོན་པར་འགྱུར༔ ཡལ་བར་མ་དོར་ཡབ་སྲས་རྗེ་


RTZ060_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་རྣམས༔ སྤྱི་དང་བྱེ་བྲག་བདག་གི་གདམས་པ་རྣམས༔ ཞིབ་པར་བྲིས་ལ་སོ་སོ་ལྷན་ཅིག་སྦོས༔ མ་འོངས་ལས་ཅན་འཕྲད་དུས་སྙིང་ལ་བརྣག༔ དགོས་པ་མེད་པར་ཕྱོགས་ཙམ་མ་སྨྲ་ཞིག༔ ལྷ་སྲས་ཉིད་ཀྱང་དགུང་ལོ་དྲུག་ཅུའི་མཐར༔ འོད་གསལ་འཕོ་བ་ཆེན་པོའི་སྐུ་བརྙེས་ནས༔ འཆི་བ་མེད་པར་མི་ཡུལ་འགྲོ་དོན་མཛད༔ ས་རྟགས་དུས་བབས་ཟབ་གཏེར་འདོན་པའི་ཚེ༔ སྐལ་ལྡན་རྣམས་ལ་རིག་པ་བཅུག་ནས་སུ༔ སྨོན་ལམ་དབང་གིས་ཟབ་མོའི་གཏེར་དང་འཕྲད༔ ཐུགས་བསྐྱེད་དབང་གིས་འགྲོ་དོན་དཔག་མེད་འགྲུབ༔ ཞིབ་པར་ལུང་བྱང་གཞན་དུ་གསལ་ལྟར་མཛོད༔ ཅེས་བཀའ་བསྩལ་ནས་ཕྱི་ནང་གསང་བའི་ལུང་བྱང་དུ་མ་ཕྱག་བྲིས་སུ་བསྩལ་ཏེ་ལྷ་སྲས་བདག་གི་ཡིད་ཚིམས་པར་གྱུར་ནས༔ ད་དུང་བདག་གིས་བསྐྱང་བའི་བོད་འབངས་རྣམས་ཀྱི་བདེ་སྡུག་བསྟན་པའི་འཕེལ་འགྲིབ་སྤང་བླང་ཕན་ཐབས་དང་བཅས་པ་ཇི་ལྟར་བགྱི༔ ཞེས་གསོལ་བ་བཏབ་པས༔ གུ་རུས་བཀའ་བསྩལ་པ༔ ཨེ་མ་ཧོ༔ ལྷ་ཡི་སྲས་པོ་ཡེ་ཤེས་རོལ་པ་རྩལ༔ ཡབ་མེས་རྣམས་དང་ད་ལྟའི་བར་དག་ཏུ༔ བོད་ཁམས་རྣམས་ལ་བཀའ་དྲིན་ཆེ་བར་མཛད༔ ད་དུང་གདུང་རིགས་རྣམས་ཀྱིས་བོད་ཁམས་སྐྱོང༔ མཐའ་ནས་མཐའ་རུ་ཆོས་རྒྱལ་ཡབ་སྲས་ཀྱིས༔ བོད་འབངས་ཐུགས་རྗེས་མི་གཏང་འགྲོ་དོན་མཛད༔ བརྩེ་བས་དགོངས་ཏེ་བོད་


RTZ060_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་བདེ་སྡུག་སོགས༔ ཐུགས་ལ་བརྣག་ཀུན་ཞུས་པ་ཤིན་ཏུ་ལེགས༔ གདུང་རིགས་བདུད་ཀྱི་རྒྱལ་པོས་རྐྱེན་བྱས་ནས༔ བོད་ཁམས་སྡུག་ལ་སྤྱོད་པའི་འགོ་ཚུགས་པས༔ ད་ལྟའི་དུས་ལྟར་ནམ་ཡང་མི་འབྱུང་ཡང༔ རེས་བདེ་རེས་མི་བདེ་བ་སྣ་ཚོགས་པ༔ འགྲོ་བ་རྣམས་ཀྱི་བཟང་ངན་སྤྱོད་པར་རག༔ ཆོས་རྒྱལ་ཆེན་པོའི་བཀའ་ཡི་གདམས་པ་ལྟར༔ ཕྱི་ནང་གསང་གསུམ་བོད་ཁམས་བདེ་ཐབས་རྣམས༔ ཐུགས་བསྐྱེད་རྣམ་པར་དག་པས་ཞིབ་པར་སྒྲུབས༔ དེ་བཞིན་བསྟན་པའི་འཕེལ་འགྲིབ་འབྱུང་བའི་རྐྱེན༔ རབ་ཏུ་བྱུང་དང་སྔགས་པའི་སྡེ་གཉིས་ཀྱི༔ སྤྱོད་པ་བཟང་ངན་ཅི་བྱེད་དེ་ལ་རག༔ དེ་ཕྱིར་མཁན་སློབ་གཉིས་ཀྱི་བསླབ་བྱ་ལྟར༔ སྤང་བླང་ཚུལ་བཞིན་བགྱིས་ན་བསྟན་པ་འཕེལ༔ བཀའ་ཆེམས་གསུམ་པོ་ཞིབ་པར་ཡི་གེར་བྲིས༔ གཏེར་དུ་སྦོས་ལ་སྨོན་ལམ་ཡང་ཡང་ཐོབས༔ ཞེས་པ་ལ་སོགས་པའི་བོད་ཁམས་བདེ་ཐབས་ཀྱི་ཆོས་བཅུ་མན་ངག་ཕྲ་མོ་དང་བཅས་པ་བསྩལ་ཞིང༔ དེ་ལ་བཀའ་ཆེམས་རྒྱས་བསྡུས་འབྲིང་གསུམ༔ ཤིན་ཏུ་བསྡུས་པ་དང་བཞི་ལས༔ སྙིང་པོར་འདུས་པ་འདི་ལྟ་སྟེ༔ རྟ་ལོ་དཔྱིད་ཟླ་ར་བའི་ཚེས་བཅུ་ལ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་བདག་གི་ཡབ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་


RTZ060_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་གསུམ་བློན་འབངས་རྣམས་བསྡུས་ཏེ་མ་འོངས་པའི་བོད་འབངས་རྣམས་ལ་བཀའ་ཆེམས་ཞིབ་ཏུ་གདམས་ཤིང༔ རྡོ་རིང་གི་ལོགས་སུ་བཏབ་པ་དང༔ ཡི་གེར་བྲིས་ཏེ་གཏེར་དུ་སྦས་པ་ནི༔ མ་འོངས་བདག་གི་གདུང་རྒྱུད་ལ་སོགས་པའི༔ བོད་ཁམས་སྐྱོང་བའི་རྒྱལ་པོ་བྱེད་པ་རྣམས༔ གདུང་རྒྱུད་མ་བསྣོར་ཡབ་མེས་ལུགས་སྲོལ་ཟུངས༔ ཡ་རབས་གཟེངས་བསྟོད་མ་རབས་གཉའ་ནས་ནོན༔ ངན་པ་ཚར་ཆོད་ཕུང་བྱེད་མེད་པར་གྱིས༔ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྗིད་ལ་དྲང༔ ཆོས་ཁྲིམས་དར་གྱི་མདུད་བསྡམ་ཁོང་སློད་ལ༔ རྒས་པར་བཀུར་བསྟི་དྲིན་ལ་ལན་བཟང་གསོས༔ མཛའ་ལ་གཞུང་བཟང་ཉེ་ལ་ཕྱི་ཐག་སྲིངས༔ ཁྱད་པར་དགེ་བ་བཅུ་ཡི་ཁྲིམས་བཅས་པས༔ སྐྱེ་དགུ་འདིར་བདེ་ཕྱི་མར་ཐར་པ་ཐོབ༔ ལོངས་སྤྱོད་སྤེལ་ཞིང་གསོག་པ་ཆོས་ལ་གཏང༔ བྱ་བ་བྱས་དང་ནོར་ཡོད་དོན་ལྡན་འགྱུར༔ རབ་བྱུང་སྔགས་པའི་སྡེ་གཉིས་དབུ་འཕང་བསྟོད༔ འགྲོ་བའི་བདེ་སྐྱིད་རྒྱལ་བའི་བསྟན་ལ་རག༔ ཐུགས་སྒམ་བཀའ་བཙན་རྒྱལ་པོའི་ལུགས་སྲོལ་ཡིན༔ མང་པོར་མི་སྨྲ་གཅིག་གིས་དོན་ཆེན་མཛོད༔ གཡེམ་ལ་མ་དགའ་འཛངས་ལ་སྲིད་སྤེལ་བ༔ རྒྱལ་པོའི་སྲི་ཞུ་བཙུན་མོའི་ཆོས་ལུགས་ཡིན༔ རྒྱལ་པོའི་བཀའ་ཁུར་འབངས་རྣམས་བྱམས་པས་སྐྱོང༔ ཕྱོགས་རིས་མེད་པ་བློན་


RTZ060_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཁས་པ་ཡིན༔ ཆོས་ལ་དད་ཅིང་ཡ་རབས་རྒྱལ་པོར་བསྐུར༔ གང་དུ་གུས་འདུད་མཁས་པ་ལྷ་འབངས་ཡིན༔ དེ་ལྟར་རྒྱལ་པོ་གསེར་གྱི་རི་བོ་བརྗིད༔ སྲས་ཡུམ་བློན་འབངས་རིན་ཆེན་རི་བྲན་བཞིན༔ བཀོད་ལེགས་གཡོ་མེད་མཐའ་གྲུ་ཐབས་ཀྱིས་ནོན༔ དེ་ལྟར་ཚུལ་བཞིན་བགྱིས་ན་བོད་ཁམས་བདེ༔ དེ་ནི་ཕྱི་ཡི་བཀའ་ཆེམས་བཞག་པའོ༔ ས་མ་ཡ༔ བོད་ལ་བཀའ་དྲིན་ཆེ་བ་བདག་ཡིན་པས༔ བྱས་པ་དྲིན་གཟོ་མཆོད་ན་རྟེན་འབྲེལ་ལེགས༔ བང་སོ་མཆོད་པ་ཡབ་མེས་བོན་གྱི་ལུགས༔ ཕྱག་སྲོལ་མ་ནུབ་དཀོར་ཆ་རིམ་པར་སྐྱོལ༔ ད་ལྟ་སོ་སོའི་སྐྱེ་བོའི་ཚུལ་འཛིན་ཀྱང༔ ཕྱི་ལྟར་མངའ་འབངས་སྤེལ་ཞིང་བསྟན་པ་མཆོད༔ ནང་ལྟར་མདོ་སྔགས་གཉིས་ལ་མཁས་པར་སྦྱང༔ གསང་བ་བསྐྱེད་རྫོགས་གཉིས་ལ་དྲོད་ཐོབ་པས༔ ཕྱི་རབས་རྒྱལ་པོས་ཉམས་ལེན་དེ་ལྟར་གྱིས༔ རྟེན་འབྲེལ་ཆེ་བས་སྐུ་གཟུགས་ལེགས་པར་བཞེངས༔ བཀའ་ཆེམས་བསྒྲག་ཅིང་དེ་དོན་ཚུལ་བཞིན་སྤྱོད༔ མཚན་ནས་འབོད་ཅིང་གསོལ་བ་ཡང་ཡང་ཐོབས༔ ང་ཉིད་སྤྱི་བོར་བསྒོམས་པས་བྱིན་རླབས་འཇུག༔ སྙིང་གར་བསྒོམས་པས་ལུགས་གཉིས་བློ་གྲོས་རྒྱས༔ རང་གསལ་བཏབ་པས་སྲིད་ཞིའི་དཔལ་རྣམས་འདུ༔ དེ་ནི་ཟབ་མོ་ནང་གི་ཞལ་གདམས་ཡིན༔ ས་མ་ཡ༔ འཇམ་དཔལ་ངོ་བོ་


RTZ060_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་ང་ཉིད་དང༔ དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་གཉིས༔ ཡབ་ཡུམ་འཁྲིལ་སྦྱོར་བསྒོམས་པའི་ཐུགས་ཀ་རུ༔ འཇམ་དཔལ་ཡབ་ཡུམ་བསྒོམས་པའི་སྤྱི་གཙུག་ཏུ༔ གུ་རུ་པདྨ་ལྷ་ལྕམ་ཡབ་ཡུམ་སྒོམས༔ ཟུང་འཇུག་བདེ་བའི་སྒྲ་དང་འོད་ཟེར་གྱིས༔ སྒྲིབ་པ་ཀུན་སྦྱངས་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་དག་པའི་འཁོར་ལོར་སྒོམས༔ བདེ་ཆེན་འབར་ཞིང་ཤེས་རབ་རྩོལ་མེད་འཆར༔ ཁྱད་པར་ལྷ་སྣང་འོད་གསལ་དབྱིངས་སུ་ཐིམ༔ མ་བཅོས་གཉུག་མའི་ངང་ལ་བཞག་པའི་ཚེ༔ ཡིད་བྱེད་བྲལ་བ་སྟོང་གསལ་ཟབ་མོའི་དོན༔ མངོན་དུ་གྱུར་པས་འཇམ་དཔལ་རྡོ་རྗེ་འགྲུབ༔ དེ་ནི་གསང་བའི་སྙིང་ཐིག་ཟབ་མོ་འོ༔ ས་མ་ཡ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ དཔལ་གྱི་བསམ་ཡས་གཙུག་ལག་ཁང་གི་མདུན་དུ་ཆོས་ཀྱི་ཁྲི་ཆེན་པོ་བརྩིགས་པའི་ཁར་མཁན་པོ་བོ་དྷི་སཏྭ་བཞུགས་ཤིང་གཎྜིའི་སྒྲས་བསྐུལ་ཏེ་དགེ་སློང་དང་དགེ་ཚུལ་གྱི་ཚོགས་འདུས་པ་རྣམས་ལ་ཞལ་ཆེམས་འདི་གསུངས་སོ༔ ཀྱེ༔ ཚེ་དང་ལྡན་པ་ཀུན་ཉོན་ཅིག༔ སྟོན་པའི་སོ་སོ་ཐར་འདི་ནི༔ འགྲོ་བ་རྣམས་ཀྱི་མགོན་དང་སྐྱབས༔ སྟོན་པའི་འདུལ་བ་འཛིན་པ་རྣམས༔ འགྲོ་བ་རྣམས་ཀྱི་མཆོད་པའི་གནས༔ ཚེ་དང་ལྡན་པ་ཉམས་གྱུར་ན༔ སྟོན་པའི་བསྟན་པ་འཇིག་པར་འགྱུར༔ འགྲོ་བ་རྣམས་ནི་བསླུ་བར་འགྱུར༔ ཉམས་པ་དེ་དག་ངན་འགྲོར་འགྲོ༔


RTZ060_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་མདོ་ལས་བསྟན་པ་ལྟར༔ བདུད་ཀྱི་ལས་ནི་འདིར་འབྱུང་བས༔ དེ་ནི་ཀུན་གྱིས་སྤང་བྱ་སྟེ༔ རྒྱལ་སྲིད་དག་ལ་དགའ་བ་མེད༔ དགེ་སློང་རྒྱལ་པོ་བྱེད་གྱུར་ན༔ དེ་ནི་བདུད་ཀྱི་ལས་ཡིན་པས༔ རྒྱལ་བའི་བསྟན་པ་འཇིག་པའི་རྐྱེན༔ ལོངས་སྤྱོད་རྣམས་ལ་རུང་བ་མེད༔ ཞལ་ལྕེ་བྱེད་རྣམས་ཕུང་བར་འགྱུར༔ འདུན་ན་འདོན་པ་བྱེད་གྱུར་ན༔ དགེ་སློང་ཕམ་ཞིང་རྒྱལ་ཁྲིམས་ཉམས༔ སྟོན་པའི་བསྟན་ལ་རྨ་འབྱིན་པའི༔ བདུད་ཀྱི་ལས་ཏེ་སྤང་བར་རིགས༔ བུད་མེད་དག་ལ་རུང་བ་མེད༔ དགེ་སློང་ཁྱིམ་ལ་གནས་གྱུར་ན༔ ཁྱིམ་པ་ཐམས་ཅད་སུན་འབྱིན་ཅིང༔ དགེ་སློང་དེ་ནི་ཉེས་པར་སྤྱོད༔ བདུད་ཀྱི་ལས་ཏེ་སྤང་བར་རིགས༔ སོ་སོ་ཐར་པའི་མདོ་འདི་ནི༔ སྟོན་པ་མྱ་ངན་འདས་འོག་ཏུ༔ དགེ་འདུན་རྣམས་ཀྱི་སྟོན་པར་གསུངས༔ འདི་ལ་ཤིན་ཏུ་གུས་པར་གྱིས༔ བྱ་བ་ཉུང་ལ་དོན་ཉུང་བས༔ སྟོན་པའི་དམ་ཆོས་སྐྱོང་བར་གྱིས༔ དེ་ནི་ཕྱི་ཡི་ཞལ་ཆེམས་སོ༔ ཀྱེ༔ ཚེ་དང་ལྡན་པ་ཀུན་ཉོན་ཅིག༔ མ་འོངས་དུས་སུ་དགེ་སྦྱོང་རྣམས༔ དགེ་སྦྱོང་ཆོས་བཞི་མི་ལྡན་པས༔ ཁྲོ་བ་རྣམས་ལ་སླར་ཁྲོ་བས༔ དགེ་སློང་ཕམ་པའི་རྒྱུ་རུ་བྱེད༔ གཤེ་བ་རྣམས་ལ་སླར་གཤེ་བས༔ རྒྱལ་བའི་བསྟན་པ་རིས་སུ་ཆད༔ རྡེག་པ་རྣམས་


RTZ060_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སླར་རྡེག་པས༔ དགེ་སློང་གཡུལ་དུ་ཆས་ནས་སུ༔ སྟོན་པའི་བསྟན་པ་མྱུར་དུ་བཤིག༔ དེ་ནི་བདུད་ཀྱི་དགེ་སྦྱོང་ཡིན༔ བདུད་ལས་རང་གིས་མི་ཤེས་པས༔ ཞལ་ཆེམས་སྒྲོགས་ཤིང་བག་ཡོད་ཀྱིས༔ བཟོད་པ་དམ་པ་བརྟེན་པ་དང༔ དཀའ་ཐུབ་སྤོང་བའི་བརྟུལ་ཞུགས་ཀྱིས༔ རྟག་ཏུ་དགོན་དུ་གནས་པར་གྱིས༔ མ་འོངས་ཚེ་དང་ལྡན་པ་ལ༔ བར་ཆད་ཁོང་ཁྲོ་འདི་འབྱུང་བས༔ སྤྱོད་ལམ་ཞི་ཞིང་དུལ་བར་གྱིས༔ སྟོན་པའི་བསྟན་པ་རིན་ཆེན་འདི༔ གངས་ཅན་ལྗོང་དུ་ངས་གསལ་བས༔ བདག་གི་རྗེས་སུ་ཞུགས་ནས་ཀྱང༔ སྟོན་པའི་བསྟན་པ་མཆོག་ཏུ་ཟུངས༔ ལྷ་གཅིག་ཁྲི་སྲོང་ལྡེའུ་བཙན་དང༔ རྗེ་བཙུན་པདྨ་སཾ་བྷ་བ༔ ཁོ་བོ་བོ་དྷི་སཏྭ་ཡིས༔ བཀའ་ཁྲིམས་བཅས་པ་ཇི་བཞིན་དུ༔ ཚེ་དང་ལྡན་རྣམས་བྱ་དགོས་སོ༔ རྒྱལ་བའི་བསྟན་པ་ཉམས་དམའ་ཞིང༔ ཚེ་དང་ལྡན་པ་ཉམ་ཐག་ན༔ སྟོན་པའི་ཐུགས་རྗེ་བསྐུལ་བར་གྱིས༔ ང་ལ་གསོལ་བ་ཡང་ཡང་ཐོབས༔ ཕྱི་ལྟར་འདུལ་ཁྲིམས་ལེགས་པར་སྲུངས༔ ནང་ལྟར་བྱང་ཆུབ་སེམས་འབྱོངས་ནས༔ གསང་བ་སྔགས་ཀྱི་གྲུབ་པ་བརྙེས༔ ལྕང་ལོ་ཅན་དུ་མངོན་འཚང་རྒྱ༔ གསང་བའི་བདག་པོར་དབྱེར་མེད་ཅིང༔ སྤྲུལ་པས་བོད་ཀྱི་བསྟན་པ་སྐྱོང༔


RTZ060_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་བྱིན་རླབས་ངེས་པར་འཇུག༔ བདག་གིས་བསླབས་པ་དེ་བཞིན་དུ༔ ཕྱི་ལྟར་འདུལ་ཁྲིམས་མ་ཉམས་ཤིང༔ ནང་ལྟར་བྱང་ཆུབ་སེམས་སྦྱོངས་ལ༔ གསང་བ་སྔགས་ཀྱི་རིམ་གཉིས་སྒོམས༔ སྤྱིིར་ནི་རྒྱལ་བའི་སྐུ་གསུང་ཐུགས༔ ལེགས་པར་བཞེངས་ལ་བཀུར་སྟི་བྱ༔ རྟེན་འབྲེལ་བདག་གི་སྐུ་བཞེངས་ནས༔ བཀའ་ཆེམས་བསྒྲགས་ལ་སེམས་བསྐྱེད་བྱ༔ མདུན་གྱི་ནམ་མཁར་སྤྱན་དྲངས་ལ༔ ཕྱག་འཚལ་མཆོད་བསྟོད་གསོལ་འདེབས་ན༔ རྣམ་དག་ཚུལ་ཁྲིམས་ལེགས་པར་འགྱུར༔ རང་གི་སྙིང་གར་གསལ་བསྒོམས་པས༔ བྱང་ཆུབ་སེམས་མཆོག་འབྱོངས་པར་འགྱུར༔ དབྱེར་མེད་སྐུ་ཡི་ང་རྒྱལ་གཟུང༔ དངོས་གྲུབ་ཐོབ་ཅིང་དགེ་འདུན་འདུ༔ དེ་ནི་ནང་གི་ཞལ་ཆེམས་སོ༔ ཐམས་ཅད་སྟོང་ཉིད་ངང་དུ་གཞག༔ གཟུགས་ནས་རྣམ་མཁྱེན་བར་དག་ཏུ༔ ཐམས་ཅད་རང་བཞིན་མེད་པར་གནས༔ སེམས་ཉིད་གཟུང་འཛིན་གྱིས་སྟོང་པས༔ རིས་མེད་བདག་གཞན་བྲལ་བ་ཡི༔ སྤྲོས་པ་མེད་པའི་ངང་ལ་ཞོག༔ དེ་ནི་གསང་བའི་སྙིང་ཏིག་གོ༔ ས་མ་ཡ༔ ཡར་ལུང་དཔལ་གྱི་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོར་སྔགས་འཆང་པདྨ་འབྱུང་གནས་ཀྱིས་རྗེ་འབངས་རིག་སྔགས་འཛིན་པ་ཐམས་ཅད་


RTZ060_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་བཀའ་བསྩལ་པ༔ ཀྭ་ཡེ༔ གསང་སྔགས་འཛིན་པའི་རིག་འཛིན་རྣམས༔ དབང་གིས་མ་སྨིན་གསང་སྔགས་སྒོར་མ་འཇུག༔ སྨིན་བྱེད་དབང་གི་རྩ་བ་བླ་མ་ཡིན༔ བླ་མ་སངས་རྒྱས་དངོས་སུ་མ་མཐོང་ན༔ དེ་ཡི་རྒྱུད་ལ་ཡོན་ཏན་མི་སྐྱེ་བས༔ གསང་སྔགས་དམ་ཚིག་རྩ་བ་བླ་མ་ཡིན༔ དམ་ཚིག་མེད་པས་བསྒྲུབ་པས་འགྲུབ་མི་འགྱུར༔ གྲུབ་པ་མ་ཐོབ་སྔགས་པའི་གྲུབ་མཐའ་མེད༔ དང་པོ་བླ་མ་མཉེས་པ་གསུམ་གྱིས་བསྟེན༔ བར་དུ་སྒོམ་སྒྲུབ་སྙིང་པོ་བླ་མ་བསྟེན༔ ཐ་མ་འབྲས་བུ་བླ་མའི་གོ་འཕང་ཐོབ༔ བླ་མ་མ་འགྲུབ་ཡི་དམ་འགྲུབ་མི་སྲིད༔ བླ་མ་མ་མཉེས་མཁའ་འགྲོ་ག་ལ་འདུ༔ དགོངས་པ་མ་འགྲུབ་ཆོས་སྐྱོང་ཕྲིན་ལས་གཡེལ༔ ཐུན་མོང་མཆོད་པས་མཉེས་པར་མ་བྱས་ན༔ ཐུན་མོང་དངོས་གྲུབ་ཐམས་ཅད་འཐོབ་མི་འགྱུར༔ ཟང་ཟིང་བདོག་རྒུ་ཚང་སྤྲུགས་བླ་མར་འབུལ༔ བླ་མའི་སྐུ་མཉེས་སྐུ་ཡི་དངོས་གྲུབ་ཐོབ༔ བླ་མའི་གསུང་མཉེས་གསུང་གི་དངོས་གྲུབ་ཐོབ༔ བླ་མའི་ཐུགས་མཉེས་ཐུགས་ཀྱི་དངོས་གྲུབ་ཐོབ༔ བླ་མར་ལོག་ལྟ་རང་ཉིད་དམྱལ་བར་འགྲོ༔ བླ་མར་བརྙས་ན་རང་ཉིད་དམན་སར་འབེབ༔ བླ་མ་སངས་རྒྱས་དངོས་སུ་མཐོང་གྱུར་ན༔ རང་ཉིད་སངས་རྒྱས་ལྟ་བུར་གཞན་གྱིས་བཀུར༔ མོས་གུས་མཐར་ཕྱིན་ས་ལམ་མཐར་ཕྱིན་པས༔ དེ་ཕྱིར་བླ་མའི་རྣལ་འབྱོར་


RTZ060_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་ཟབ༔ བླ་མའི་དམ་ཚིག་མཆོག་ཏུ་དག་གྱུར་ན༔ གསང་སྔགས་དམ་ཚིག་ཐམས་ཅད་ངང་གིས་དག༔ དམ་ཚིག་གཙང་བས་བསམ་པ་ལྷུན་གྱིས་འགྲུབ༔ རིགས་བཟང་རྒྱུད་འཕེལ་ཆོས་ཀྱི་ལོངས་སྤྱོད་རྒྱས༔ རྩོལ་མེད་ཟབ་མོའི་དོན་དམ་མྱུར་དུ་རྟོགས༔ ད་ལྟ་བཞུགས་དང་སླད་ནས་འབྱོན་འགྱུར་རྣམས༔ བླ་མའི་དམ་ཚིག་མཆོག་ཏུ་བསྲུང་བར་གྱིས༔ ཕྱི་ནང་གསང་བའི་གདམས་ངག་འདིར་འདུས་པས༔ འདི་ལས་ཟབ་པའི་ཞལ་ཆེམས་གཞག་རྒྱུ་མེད༔ མངའ་བདག་མཆོག་དང་བོ་དྷི་སཏྭ་དང༔ བདག་གི་ཞལ་ཆེམས་བཟང་པོ་འདི་རྣམས་ནི༔ མ་འོངས་དོན་དུ་ཟབ་མོའི་གཏེར་དུ་སྦོས༔ ས་མ་ཡ༔ དེ་ལྟར་བཀའ་ཡི་ཞལ་ཆེམས་འདི་གསུམ་དང༔ བོད་ལ་བཀའ་དྲིན་ཆེ་བའི་རྗེ་བཙུན་གསུམ༔ སྒྲུབ་པའི་མན་ངག་ལས་ཚོགས་ཟབ་མོ་རྣམས༔ ཟབ་རྒྱས་སྐུ་གསུང་ཐུགས་ཀྱི་གནས་སུ་སྦས༔ བོད་ཁམས་སྤྱི་ཡི་བསོད་ནམས་བཟང་པོར་སྨིན༔ རྟེན་འབྱུང་ལེགས་པས་ས་སྟེང་ཐོན་ནས་ཀྱང༔ གུ་རུ་པདྨའི་ཐུགས་ཀྱི་བྱིན་རླབས་ཀྱིས༔ ཡོན་མཆོད་རྗེ་འབངས་སྐྱེ་སྲིད་སྤྲུལ་པའི་ཚོགས༔ མ་འོངས་གངས་རིའི་ལྗོངས་སུ་དུས་གཅིག་འབྱུང༔ བོད་ཁམས་བདེ་ཐབས་རྒྱ་ཆེར་བརྩོན་པ་ཡིས༔ རྒྱལ་བའི་བསྟན་པ་ཡུན་རིང་གནས་པ་དང༔ མཐའ་བཞིའི་ཀླ་ཀློ་


RTZ060_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ངང་གིས་བཟློག་པ་དང༔ བོད་ཁམས་བདེ་ཞིང་སྐྱིད་པའི་དཔལ་ཐོབ་ནས༔ བདག་གི་རྒྱལ་སྲས་སྤྱོད་པ་རླབས་ཆེན་རྣམས༔ ཟབ་མོའི་ཆོས་འདིར་འཕྲད་ནས་དོན་བསྒྲུབས་པས༔ ཆབས་ཅིག་ལྷུན་གྲུབ་སྨོན་ལམ་མཐའ་བཙན་པ༔ དེ་ཡི་དུས་སུ་འབྱུང་བར་ཐེ་ཚོམ་མེད༔ ཀུན་འདུས་རྒྱས་པ་ནམ་མཁའ་མཛོད་དུ་སྦས༔ མདོ་བྱང་ལུང་བསྟན་ལེའུ་བདུན་པ་བཞིན༔ ཁམས་ཀྱི་ཕྱོགས་སུ་ཆོས་བདག་ཉེར་ལྔ་འདུས༔ དབུས་གཙང་ཕྱོགས་སུ་སུམ་ཅུ་ཐོལ་གྱིས་འབྱུང༔ མངའ་རིས་མོན་གྱི་ཡུལ་ནས་ཉེར་བརྒྱད་རྣམས༔ དུས་གསུམ་གཟིགས་པ་གུ་རུས་ལུང་བསྟན་བཞིན༔ ང་ཡི་སྐྱེ་བའི་ཐ་མ་དེ་ལ་འདུན༔ ཕྲིན་ལས་ཆབ་སྲིད་འཕེལ་ན་སྤེལ་རེ་རན༔ བོད་ཁམས་ཡོངས་ལ་ཕྲིན་ལས་ཁྱབ་གྱུར་པས༔ དེ་ཚེ་བདེ་ཐབས་ཆོས་བཅུའི་དགོངས་དོན་འགྲུབ༔ ཡལ་བར་མ་དོར་དམ་ཚིག་ས་མ་ཡ༔ ཞེས་བཀའི་ནན་ཐག་བཏབ་སྟེ་ཡི་གེ་འདི་བཅས་སྙིང་པོའི་གདམས་པ་ལྔ༔ བོད་ལ་དགེ་བ་བོན་གྱི་ཚེ་གཡང་གི་སྐོར༔ རྩ་གསུམ་སྒྱུ་འཕྲུལ་དྲ་བའི་ཁ་བྱང་གི་ཤོག་དྲིལ་བཅས༔ ལྷ་སྲས་བདག་དང་ཇོ་མོ་མཚོ་རྒྱལ་གཉིས་རྫུ་འཕྲུལ་གྱིས་ཕྱིན་ཏེ༔ ཁམས་ཀྱི་དཀར་མོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་གི་གསང་ཕུག་གོང་མའི་སྒོ་གདོང་དུ་སྦས་པའི་ཚེ༔ གུ་རུ་རིན་པོ་ཆེ་སྐད་ཅིག་གློག་


RTZ060_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུགས་པ་ལྟར་བྱོན་ནས་ཤིས་པ་བརྗོད་དེ་རབ་ཏུ་གནས་ཤིང་མེ་ཏོག་གི་ཆར་བསྙིལ༔ སྨོན་ལམ་རྒྱ་ཆེར་མཛད་པས་དོན་དང་ལྡན་པར་ངེས་སོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་ཀྱི་བྱེ་བྲག་རོང་རྨེ་དཀར་མོ་སྟག་ཚང་གི་གུ་རུའི་གསང་ཕུག་གོང་མའི་གཡས་གདོང་ནས། སྤྱན་དྲངས་པའི་མཆོང་ཤོག་བརྡའི་ཡིག་རིགས་མི་འདྲ་བ་དྲུག་ལས་ཕྲིན་ལས་འགྲོ་འདུལ་དབང་གི་གནས་མཆོག་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་ཆེན་ཕུག་ཏུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།