Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
རིན་ཆེན་གཏེར་གྱི་མཛོད་ལ་ཆེད་དུ་བརྗོད་པ་ངོ་མཚར་རྣ་བའི་རྒྱན། ཀརྨ་བཀྲ་ཤིས་ཆོས་འཕེལ།
   
   
   
   
   


 
previousརིན་ཆེན་གཏེར་གྱི་མཛོད་ལ་ཆེད་དུ་བརྗོད་པ་ངོ་མཚར་རྣ་བའི་རྒྱན། ཀརྨ་བཀྲ་ཤིས་ཆོས་འཕེལ།next

རིན་ཆེན་གཏེར་གྱི་མཛོད་ལ་ཆེད་དུ་བརྗོད་པ་ངོ་མཚར་རྣ་བའི་རྒྱན། ཀརྨ་བཀྲ་ཤིས་ཆོས་འཕེལ།


RTZ063_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་གཏེར་གྱི་མཛོད་ལ་ཆེད་དུ་བརྗོད་པ་ངོ་མཚར་རྣ་བའི་རྒྱན་ཞེས་བྱ་བ་བཞུགས་སོ། །


RTZ063_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་ཞིང་ཀུན་ཆོས་འཁོར་རྒྱ་མཚོ་རྟག་གནས་པའི། །རྒྱལ་བ་ཀུན་གྱི་གསུང་གི་རྡོ་རྗེ་གཅིག་ཉིད་དུ། །ལྗོངས་འདིར་རྡོ་རྗེ་སློབ་དཔོན་མཆོག་གི་གར་རོལ་པ། །གངས་ཅན་མགོན་པོ་མཚོ་སྐྱེས་བླ་མས་འགྲོ་འདི་སྲུངས། ༡ །གསུང་གི་རྡོ་རྗེ་རྒྱལ་བ་གཉིས་པ་དེས། །འཕགས་བོད་འཛམ་གླིང་ཀུན་ཏུ་ཆོས་ཀྱི་སྒོ། །དུས་གསུམ་རྒྱུན་དུ་བསྟན་པས་སྐྱེ་རྒུ་ཀུན། །གདོད་མའི་གྲུབ་མཐའ་ཆེན་པོར་དབུགས་དབྱིན་མཛད། ༢ ཁྱད་པར་གདོང་དམར་མུན་པའི་གླིང་ཆེན་འདིར། །རིགས་གསུམ་རྣམ་འཕྲུལ་ཆོས་རྒྱལ་ཆེན་པོ་ཡི། །ཐུགས་བསྐྱེད་ཁྱུང་སྔོན་སྐྱེས་ཀྱིས་མདུན་བསུས་པས། །དམ་ཆོས་ཁྲི་གདུགས་ཁོར་ཡུག་བར་དུ་བརྡལ། ༣ །སྤྲུལ་པའི་ལོ་པན་བརྒྱ་རྩའི་གཙོར་གྱུར་པ། །མཁན་ཆེན་ཞི་འཚོ་པན་ཆེན་བི་མ་ལ།


RTZ063_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཨོ་རྒྱན་སངས་རྒྱས་གཉིས་པ་ཡི། །བཀའ་དྲིན་སྲིད་པའི་མཐར་ཡང་རྫོགས་མ་གྱུར། ༤ །དེ་ཚེ་མདོ་སྔགས་སྤྱི་དང་ཁྱད་པར་དུ། །འོད་གསལ་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི། །བསྟན་པ་འཕགས་ཡུལ་ལས་ཀྱང་གསལ་ལོ་ཞེས། །མཉམ་མེད་ཨ་ཏི་ཤ་སོགས་བསྔགས་པར་མཛད། ༥ །མདོ་སྒྱུ་སེམས་ཕྱོགས་སྒྲུབ་ཆེན་སྡེ་དྲུག་སོགས། །རྨ་གཉགས་གནུབས་སོ་ཟུར་གྱི་སྐྱེས་མཆོག་ལས། །སྨིན་གྲོལ་མཁའ་མཐར་བརྡལ་བའི་བསྟན་པའི་གཞུག །འགྱུར་མེད་རྡོ་རྗེའི་རྩལ་འཆང་དེ་ཡིས་བསྐྱངས། ༦ །དེ་དུས་སྤེལ་བའི་སྐབས་སུ་མ་བབས་ཤིང་། །མ་འོངས་སྐལ་ལྡན་དོན་དུ་དགོངས་པ་ཡི། །པདྨའི་ཐུགས་ཀྱི་གཅེས་མཛོད་མཐར་ཐུག་རྣམས། །ཕྱོགས་བཞི་དབུས་ལྔའི་གཏེར་ཁར་ཕྱག་རྒྱས་


RTZ063_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། ༧ །དུས་ལ་བབས་ཚེ་པདྨའི་ཞལ་སློབ་ཀྱི། །རྣམ་པར་འཕྲུལ་པ་ལ་ལས་གཏེར་འབྱིན་ཅིང་། །ལ་ལས་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་བརྩོན། །ཀུན་ཀྱང་བསྟན་འགྲོ་སྐྱོབ་པའི་དཔལ་མགོན་ཉིད། ༨ །སྔོན་ཆད་གཏེར་ཆེན་གཏེར་ཕྲན་དུ་མ་བྱོན། །ད་དུང་བྱམས་མགོན་བསྟན་པ་མ་ཤར་བར། །ཡུལ་ཆེན་གཏེར་ཆེན་ཡུལ་ཕྲན་གཏེར་ཕྲན་རེས། །གསང་སྔགས་སྟོན་ཅེས་ལུང་མང་རྣམས་སུ་འབྱུང་། ༩ །འོན་ཀྱང་བོད་འགྲོ་གསར་ངས་ཆེ་བ་དང་། །རྟེན་འབྱུང་དབང་གིས་གསར་ཆོས་བརྡོལ་ཙམ་ནས། ཁུངས་བཙུན་བྱིན་རླབས་གཟི་ལྡན་གཏེར་རྙིང་སོགས། །ཕལ་ཆེར་ཞི་བའི་དབྱིངས་སུ་མནལ་བར་གྱུར། ༡༠ །སྐྱེས་མཆོག་རིག་འཛིན་རྩལ་འཆང་དེ་རྣམས་ཀྱི། །མཚན་ཙམ་ཐོས་ཀྱང་འཁོར་བ་དོང་སྤྲུགས་ན། །གཏེར་ཆོས་རེ་རེའི་སྨིན་གྲོལ་རྒྱུན་གནས་ཀྱང་། །བསྟན་འགྲོར་ཕན་བདེ་སྐྱེད་པ་སྨྲོས་ཅི་དགོས། ༡༡ །དེང་སང་དུས་ཀྱིས་ཕལ་ཆེར་སྡིག་ལ་བརྩོན་འགྲུས་སྤྱོད། །གལ་ཆུང་ཆོས་ལ་བྱེད་ཅིང་འདུན་མ་ཚེ་འདི་གཉེར། །བླུན་རྣམས་སྐྱོ་མ་སྔས་བཙན་ཕ་ཕོར་གཙང་ལ་ཞེན། །ཟབ་ཆོས་བཤད་སྒྲུབ་ཀ་དག་ཟད་སར་འཁྱོལ་ལ་ཉེ། ༡༢ །འདི་འདྲའི་དུས་སུ་བསྟན་ལ་སེམས་ཁྲལ་དང་། །དམ་ཆོས་


RTZ063_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ་སྐྱོ་བ་མི་མངའ་ཞིང་། །ལོག་སྒྲུབ་བཟོད་པའི་གོ་ཆ་གྱོན་པ་གང་། །རྒྱལ་བའི་སྲས་སུ་རྒྱལ་བས་ལུང་བསྟན་ཏོ། ༡༣ །ཟབ་པའི་གསང་མཛོད་མཐའ་དག་བསྡུ་བ་ནི། །རྡོ་རྗེ་ཆོས་སོགས་ས་བཅུའི་དབང་ཕྱུག་གི །སྤྱོད་ཡུལ་ཡིན་མོད་ནུས་པ་དང་འཚམ་པར། །གསང་བ་འཛིན་པའི་གསང་ཆེན་བསྟན་པའི་བཙས། ༡༤ །དེ་ཕྱིར་རྡོར་འབུམ་ཆོས་ཀྱི་གྲགས་པ་ནས། །མཆོག་གྱུར་བདེ་ཆེན་གླིང་པའི་བར་བྱོན་པའི། །མཆོག་ཆེན་རྣམ་གསུམ་གླིང་པ་ཉི་ཤུ་དང་། །དྲི་མེད་སྡེ་ལྔ་ནུས་ལྡན་ཉི་ཤུ་གཅིག ༡༥ །གཙོར་གྱུར་གསར་རྙིང་ཀུན་ལ་ཚད་ཐུབ་ཏུ། །གྲགས་པའི་གཏེར་ཆོས་རྣམས་ཀྱི་སྨིན་གྲོལ་དང་། །གདམས་ངག་ཉེར་མཁོའི་ཡིག་སྣ་ཚང་བ་བཅས། །རིན་ཆེན་རིགས་འདུས་གཏེར་གྱི་མཛོད་འདི་གྲུབ། ༡༦ །ཨོ་རྒྱན་ཆེས་བསྟན་ཟབ་མོའི་ཆོས་རྣམས་ལ། །གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན། །ཀུན་གྱིས་བཀུར་སྟི་ཕུ་དུད་བྱ་བའི་ཡུལ། །ང་སྤྲུལ་ཡིན་ཅེས་ཚད་མའི་ལུང་ལས་འབྱུང་། ༡༧ །པདྨའི་ཆོས་ལ་མོས་ཀུན་གུ་རུ་ཡི། །ཞལ་མཇལ་སྨོན་ལམ་ཐེབས་པའི་ལས་འཕྲོ་ཅན། །འབྲེལ་ཚད་དོན་ལྡན་ཡིན་ཅེས་ཡེ་ཤེས་ཀྱི། །མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་ཞལ་ནས་གདམས། ༡༨ ཁྱད་


RTZ063_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསང་མཛོད་འདི་བསྐྲུན་རིག་པ་འཛིན། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་སྡེ། །རྒྱལ་བའི་སྲས་པོ་བློ་གྲོས་མཐའ་ཡས་པ། །པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ། ༡༩ །རིགས་ཀུན་ཁྱབ་བདག་པདྨ་ཉིན་བྱེད་ཀྱིས། །སྡོམ་པ་གསུམ་ལྡན་མཚན་གྱིས་དབང་བསྐུར་ཏེ། །འགྱུར་མེད་རྡོ་རྗེའི་རྣམ་རོལ་ཞལ་གྱིས་བཞེས། །སྐྱེས་ཆེན་མཆོག་གཟིགས་གཞན་ཡང་དགོངས་པ་མཐུན། ༢༠ །དེ་མཚུངས་ཤེལ་ཕུག་གསང་བའི་ལུང་བྱང་ལས། །ཕན་ཚུན་གབ་སྤྲད་བཻ་རོའི་སྐྱེ་བ་ནི༔ བློ་གྲོས་མིང་ཅན་དེ་ལ་བདག་པོ་སྤྲོད༔ ཞེས་སོགས་གཏེར་གསར་ཤོག་སེར་ཕལ་མོ་ཆེར། ༢༡ །བཻ་རོའི་རྣམ་འཕྲུལ་འཆད་རྩོམ་བཀའ་བབས་པར། །ལུང་བསྟན་གཏེར་ཆེན་རྗེ་ཡིས་བླ་མར་བཀུར། །ཟབ་ཆོས་ཆོག་བསྒྲིག་དབང་བར་རྗེས་སུ་གནང་། ཁོ་བོས་ཀྱང་ནི་དེ་མཚུངས་གཟེངས་བསྟོད་བྱས། ༢༢ །ཐུན་མོང་རྣམས་ཀྱི་མཐུན་སྣང་གྲུབ་པར་ཡང་། །བསྟན་བཅོས་རྩོམ་ལ་དབང་བའི་མཚན་ཉིད་ཚང་། །ལྷག་པར་དད་ལྡན་རེ་མདུན་པད་འབྱུང་རེ། །དངོས་སུ་བཞུགས་ཞེས་ལུང་ཉིད་མི་བསླུ་བས། ༢༣ །རྩོད་བྲལ་དུས་བབས་སྤྲུལ་པའི་གཏེར་སྟོན་ཆེ། །མཆོག་གྱུར་བདེ་ཆེན་གླིང་པ་གམ་ཉིད་དུ། །བྱོན་ནས་གང་གིས་སྔར་ཕན་མ་


RTZ063_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་པའི། །གཏེར་རྙིང་མང་པོའི་ཉེ་བརྒྱུད་ཐོས་པ་དང་། ༢༤ །སྔོན་ཆད་གཏེར་ཁ་ཀུན་ལ་མ་གྲགས་པའི། །མདོ་སྒྱུ་སེམས་ཀློང་རྒྱུད་སྡེའི་སྐོར་ལ་སོགས། །སོ་ཟུར་གནུབས་རྣམས་སླར་ཡང་བྱོན་འདྲ་བའི། །ངོ་མཚར་གཞུང་གདམས་མང་པོའི་མཛོད་སྒོ་འབྱེད། ༢༥ །གཏེར་ཆེན་གང་གིས་ཚོགས་མཆོད་རྒྱ་ཆེར་བཅས། །ཨོ་རྒྱན་དངོས་ལ་གནང་བ་ཞུས་པར་ཡང་། །ལས་འཕྲོ་སྐལ་ལྡན་སྨོན་ལམ་ཤུགས་ཡིན་པས། །ཅི་འདོད་བསྡུ་བར་རུང་བའི་བཀའ་ལུང་ཐོབ། ༢༦ །དེ་ཕྱིར་དབང་རབ་སྐལ་ལྡན་རྣམས་ཀྱི་ངོར། །རིན་ཆེན་གཏེར་མཛོད་འདི་རུ་གང་བཞུགས་པ། །ཨོ་རྒྱན་དངོས་ལ་ཉེ་བརྒྱུད་འདེད་རུང་བས། །བརྒྱུད་ཚུལ་སོགས་ཀྱི་བརྟག་དཔྱད་མ་དགོས་མོད། ༢༧ །སྣང་ཚུལ་དུ་ཡང་བརྒྱུད་པ་ཡོད་ངེས་ཤིང་། །དམ་སེལ་བསླད་མེད་ཁུངས་བཙུན་ལེགས་བསྡུས་པ། །འདི་ནི་རྫོགས་ཆེན་བསྟན་པའི་བཙས་གསུམ་བཞིན། །ཟབ་གཏེར་བསྟན་པའི་བཙས་སུ་ཤེས་པར་གྱིས། ༢༨ །དེ་ཕྱིར་ཨོ་རྒྱན་རྗེས་འཇུག་སྐལ་བཟང་རྣམས། །འདི་ཉིད་འབྲི་དང་འཆད་ཉན་སྒོམ་སྒྲུབ་སོགས། །བློ་ནུས་འཚམ་པར་འཛིན་སྐྱོང་བྱེད་པ་ལ། །ཨོ་རྒྱན་མཁའ་འགྲོའི་ཚོགས་བཅས་དགྱེས་པར་ངེས། ༢༩ །དུས་


RTZ063_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བསྟན་ལ་ཕན་པའི་གཞུང་ལུགས་དང་། །ལེགས་བཤད་འབྱུང་ཀུན་སངས་རྒྱས་མཐུ་ཡིན་ཕྱིར། །ངོ་མཚར་གཏེར་མཛོད་འདི་ཡང་བསྐལ་པ་བརྒྱར། །འཚོ་གཞེས་འཇིག་རྟེན་ཀུན་ཏུ་དར་རྒྱས་ཤོག ༣༠ །འདི་མཛད་པོ་ཡང་སྐུ་ཚེ་རྡོ་རྗེར་བརྟན། །ཆོས་མཐུན་མཛད་པའི་ཚོགས་ཀུན་མཐའ་རུ་ཕྱིན། །འོད་གསལ་རྡོ་རྗེ་ཐེག་ལ་དབང་སྒྱུར་བའི། །འགྱུར་མེད་རིག་འཛིན་རྩལ་འཆང་ཉིད་གྱུར་ཅིག ༣༡ །ཟབ་ཆོས་འདི་ལ་སྣ་གཅིག་འབྲེལ་རྣམས་ཀྱང་། །ཚེ་དབང་འཆི་མེད་པདྨས་རྗེས་བཟུང་སྟེ། །གནས་སྐབས་ཚེ་བསོད་ཉམས་རྟོགས་དཔལ་གྱིས་འབྱོར། །བདེ་ཆེན་ཞིང་སྐྱེས་རིགས་ཀྱི་བདག་པོ་མཇལ། ༣༢ །མཐར་ཐུག་གློ་བུར་འཁྲུལ་པ་བཙན་ཐབས་སུ། །སད་ནས་གདོད་མའི་གྲོལ་ས་ཆེན་པོ་རུ། །ནང་གསལ་གཞོན་ནུ་བུམ་སྐུར་སངས་རྒྱས་ཏེ། །ནམ་མཁའ་ཇི་སྲིད་གཞན་དོན་ལྷུན་གྲུབ་ཤོག ༣༣ །ཅེས་པའང་རིན་པོ་ཆེ་གཏེར་གྱི་མཛོད་ལ་ཆེད་དུ་བརྗོད་པ་ངོ་མཚར་རྣ་བའི་རྒྱན་ཞེས་བྱ་བ་འདི་ནི། དཔལ་རྒྱལ་དབང་ཀརྨ་པའི་སྐྱེས་རབས་ཀྱི་ཕྲེང་བ་བཅུ་བཞི་པའི་མཚན་འཛིན་ཐེག་པ་མཆོག་གི་རྡོ་རྗེས། མདོ་ཁམས་ཀརྨ་དགོན་གྱི་ཆོས་གྲྭ་ཆེན་པོར་ལྕོགས་པར་བྲིས་པ་དགེ་ལེགས་ཀྱིས་ས་ཆེན་ཁྱབ་པར་གྱུར་ཅིག། །།


RTZ063_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭསྟི་སརྦ་སིདྡྷི། འོད་དཔག་མེད་མགོན་གང་འདུལ་རོལ་རྩེད་ལས། །རྡོ་རྗེ་སློབ་དཔོན་གར་དུ་སྐུར་བསྟན་པ། །གངས་ཅན་སྟོན་པ་པདྨ་ཀཱ་ར་རྗེ། །ཡབ་ཡུམ་སྤྲུལ་པར་བཅས་ལ་གུས་ཕྱག་འཚལ། །ཟབ་གསང་ཐེག་པའི་ཀླུང་ཆེན་བདུད་རྩིའི་དཔལ། །གངས་ལྗོངས་བསྟན་འགྲོའི་གསོས་སུ་མགོན་དེ་ཡི། །རྨད་བྱུང་མཁྱེན་བརྩེའི་མ་དྲོས་ལས་འོངས་པ། །དབྱིངས་ཀྱི་མཁའ་འགྲོའི་ཕྱག་རྒྱའི་ཡོལ་གོར་གཏམས། །འགྲོ་འདུལ་དུས་བབས་སྤྲུལ་པའི་སྐྱེས་མཆོག་རྣམས། །སྨོན་ལམ་སྟོབས་ཀྱི་ཁོ་ལག་རྫོགས་པ་ལས། །ངོ་མཚར་སྒྱུ་འཕྲུལ་རོལ་པས་མངོན་སུམ་དུ། །སྣང་མཛད་ཚད་མ་ཚར་དུ་དངར་བྱོན་པའི། །ཟབ་གཏེར་ཚད་མ་མཆིས་སོ་ཅོག་ཀུན་གྱི། །རིན་ཆེན་དབྱིག་གི་མཆོག་རྣམས་གཅིག་བསྡུས་པ། །སྔ་འགྱུར་པདྨའི་རིང་ལུགས་སྐྱོང་རྣམས་ཀྱི། །དགོས་འདོད་འཇོ་བའི་གཏེར་མཛོད་ཆེན་པོར་བསྐྲུན། །པདྨའི་མཆོག་བསྟན་རྒྱས་པའི་གྲིབ་བསིལ་དུ། །འགྲོ་མང་ངལ་འཚོ་སྟེར་ལ་མཐུ་ཐོབ་པ། །འཇམ་མགོན་མཆེད་ཞལ་མཆོག་གྱུར་གླིང་པ་སྟེ། །གང་དག་ཕྲིན་ལས་འདི་ལ་སུ་མི་རངས། །གསང་བ་ལས་ཀྱང་གསང་བ་ཟབ་མོའི་ཆོས། །ཡོ་ག་རྣམ་གསུམ་དགོངས་པའི་ཆུ་ཀླུང་


RTZ063_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ཆོས་མཛོད་རྒྱ་མཚོ་འདིར་འདུས་འདིར་ཚང་བ། །སྔ་འགྱུར་སྐྱེས་མཆོག་ཀུན་མཐུ་བཟླུམས་པ་བཞིན། །པདྨའི་ཞལ་སྐྱིན་ཟབ་ཆོས་ནོར་བུའི་མཛོད། །འདི་ལ་སྔ་འགྱུར་སྐྱེས་བུ་ཀུན་ཞུགས་ཏེ། །ཟབ་གསང་བསྟན་པའི་ནོར་གྱིས་ཕོངས་མེད་དུ། །ཕྱོགས་མཐས་གཏུགས་པའི་འགྲོ་ལ་བརྡལ་གྱུར་ཅིག །འདི་ལ་རང་བློའི་སྐྱོན་གྱིས་བསླད་པ་ཡིས། །མི་གུས་བློ་གྲོས་དྲི་མ་དང་བཅས་པ། །སྨུག་ནག་ཁྲོས་མས་དོན་སྙིང་ལོས་ཀྱང་ལེན། །དེ་ཕྱིར་རྩོད་མེད་ས་གསུམ་ཀུན་ཁྱབ་ཤོག །གངས་ཅན་བསྟན་དང་འགྲོ་ལ་རྣམ་འཚེ་བའི། །ནག་ཕྱོགས་ཀླ་ཀློའི་འཚུབས་འགྱུར་གྱིས་མཚོན་པའི། །མི་མཐུན་འགལ་རྐྱེན་མུན་པའི་ཕྲེང་བ་ཡང་། །ལེགས་བྱས་ཉི་མའི་མཐུ་འདིས་འཇོམས་གྱུར་ཅིག །ཨོ་རྒྱན་དངོས་བྱོན་སྤྲུལ་པའི་སྐྱེས་བུ་མཆོག །འཇམ་མགོན་བླ་མ་རྣམ་གཉིས་ཀྱིས་མཚོན་པའི། །བསྟན་འཛིན་སྐྱེས་ཆེན་གང་ན་སུ་བཞུགས་པ། །ཞབས་བརྟན་མཛད་ཕྲིན་ལྷུན་གྱིས་གྲུབ་གྱུར་ཅིག །འདིར་འབྲེལ་ཀུན་ཀྱང་རྒྱལ་དབང་ཐོད་ཕྲེང་གིས། །རྗེས་གཟུང་བྱིན་རླབས་ཞུགས་པའི་སྣོད་འགྱུར་སོགས། །ཀུན་མཁྱེན་བླ་མ་རྣམ་གཉིས་བདེན་ཚིག་གི །གངྒཱར་བདག་སྨོན་ཟེེགས་མའང་སིམ་གྱུར་ཅིག །ཅེས་པའི་ཆེད་དུ་བརྗོད་པའི་སྨོན་ཚིག་གི་ཕྲེང་བ་ཉུང་ཟད་


RTZ063_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བསྟར་བ་འདིའང་རྩོད་དུས་ཀྱི་ཐུབ་དབང་གཉིས་པ་འཇམ་མགོན་རྡོ་རྗེ་འཆང་རྣམ་པ་གཉིས་ཀྱི་ཞལ་སྔ་ནས་གཙོ་བོར་སྨྲོས་པའི། དཔལ་ལྡན་བླ་མ་མཁས་ཤིང་དངོས་གྲུབ་བརྙེས་པ་དུ་མའི་བཀའ་དྲིན་གྱིས་མདོ་སྔགས་རིག་གནས་དང་བཅས་ལ་ཅུང་ཟད་བལྟ་བའི་བློ་གྲོས་ཡངས་པ་ཀརྨ་བཀྲ་ཤིས་ཆོས་འཕེལ་ལམ། མིང་གཞན་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་འཇམ་དཔལ་དགྱེས་པའི་བློ་ལྡན་ཞེས་བྱ་བས་ཆོས་མཛོད་ཆེན་མོ་འདི་སྤར་ལ་འཁོད་པར་ཉེ་བའི་སྐབས་༧་འཇམ་མགོན་ཆོས་རྗེའི་བཀའ་བཞིན་འབྲུ་དག་གི་སྲི་ཞུ་ཕུལ་བའི་བྱེད་པོར་མཆིས་པའི་སྐབས་ཤིག་ཏུ་གུས་པས་བརྗོད་པ་ཡཱ་ཐ་སིདྡྷི་རསྟུ།། །།


previousརིན་ཆེན་གཏེར་གྱི་མཛོད་ལ་ཆེད་དུ་བརྗོད་པ་ངོ་མཚར་རྣ་བའི་རྒྱན། ཀརྨ་བཀྲ་ཤིས་ཆོས་འཕེལ།next