Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ།next

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ།


RTZ068_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་བཞུགས་སོ༔ ན་མོ་གུ་རུ༔ གསང་སྐོར་བླ་མའི་གླུའི་སྡེ་ཚན་ལས༔ རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་རྡོ་རྗེའི་གླུ༔ བདེ་ཆེན་རང་བྱུང་མཁའ་དབྱིངས་རྣམ་དག་པ༔ གནྡྷོ་ལ་ཡི་མཁའ་འགྲོའི་གྲོང་ཁྱེར་དུ༔ ཨིནྡྲ་བྷཱུ་ཏིའི་བླ་མེད་དོན་རྟོགས་ཏེ༔ ཨ་ཧོ༔ ཆོས་དབྱིངས་རང་བྱུང་རང་ཤར་དགོངས་པ་འདི༔ ལྟ་བ་མཐའ་བཞིའི་དྲི་མ་རང་སངས་ཉིད༔ སྒོམ་པ་བློ་ལས་འདས་ཤིང་འོད་གསལ་བ༔ སྤྱོད་པ་བྱར་མེད་ངང་དུ་ལྷུག་པར་བཞག༔ འབྲས་བུ་རང་ལས་རྙེད་པ་ངོ་མཚར་ཆེ༔ ༈ སློབ་དཔོན་བི་མ་མི་ཏྲའི་རྡོ་རྗེའི་གླུ༔ ཡེ་ཤེས་དབྱིངས་སུ་རྣམ་པར་དག་པ་ཡི༔ བདེ་ཆེན་བརྩེགས་པར་མཁའ་འགྲོ་དབྱིངས་ཕྱུག་མས༔ སློབ་དཔོན་མཆོད་པས་དེ་ཚེ་འདི་སྐད་གསུངས༔ ཨ་ཧོ༔ བདེ་ཆེན་ནམ་མཁའ་གང་བའི་དབྱིངས་སུ་དག༔ རང་བྱུང་རང་ཤར་རིག་པའི་ཀློང་དུ་ཐིམ༔ དབྱིངས་རིག་གཉིས་མེད་ཟུང་འཇུག་ལ་བཟླས་པས༔ འཁོར་འདས་


RTZ068_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་ཧེ་རུ་ཀཿདཔལ་ལོ༔ ༈ འཆི་མེད་པདྨ་འབྱུང་གནས་རྡོ་རྗེའི་གླུ༔ རང་བྱུང་རང་ཤར་ཆོས་ཉིད་བསྟན་པའི་ཚེ༔ ལྷུན་གྲུབ་བརྩེགས་ཀྱི་བམ་རོའི་ཚལ་ཆེན་དུ༔ པདྨ་འབྱུང་གནས་བརྟུལ་ཞུགས་སྤྱོད་པའི་ཚེ༔ ཨ་ཧོ༔ ཤར་གྲོལ་དུས་མཉམ་རིག་པ་ཐོལ་བྱུང་ནི༔ འཇིགས་མེད་སྣང་མེད་འཛིན་མེད་ངང་དུ་སྤྱོད༔ ཀློང་ལས་ཤར་བའི་ཆོ་འཕྲུལ་ཅིར་བསྟན་ཀྱང༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བ་འོ༔ ༈ སློབ་དཔོན་ཛྙཱ་ན་སཱུ་ཏྲའི་རྡོ་རྗེའི་གླུ༔ བདེ་བ་ཆེན་པོའི་ཡེ་ཤེས་ཆེས་འཕགས་པ༔ ཛྙཱ་ན་སཱུ་ཏྲ་བྲག་དམར་དབེན་རྩ་རུ༔ མཁའ་འགྲོ་རྣམས་དང་ཚོགས་འཁོར་བསྐོར་བའི་ཚེ༔ ཨ་ཧོ༔ བདེ་བ་ནམ་མཁའི་ཀློང་དུ་བསྟིམས་བྱས་པས༔ བདེ་སྟོང་རྒྱ་ཆེ་ཁྱབ་བརྡལ་ནམ་མཁའ་འདྲ༔ ཞེན་པ་མེད་པ་བདེ་བའི་འཁོར་ལོ་ལ༔ ལུས་ངག་ཡིད་གསུམ་བདེ་བ་ཆེན་པོར་ཤར༔ ༈ སློབ་དཔོན་ཧཱུྃ་ཀཱ་ར་ཡི་རྡོ་རྗེའི་གླུ༔ རིག་པ་ཐོག་འབེབ་འཁྲུལ་པའི་ཚང་ཚིང་བསྲེགས༔ བསིལ་བའི་ཚལ་དུ་ཧཱུྃ་ཆེན་


RTZ068_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པར་བཞུགས༔ བྲམ་ཟེའི་བུ་མོས་ཚོགས་ཀྱིས་མཆོད་པའི་ཚེ༔ ཨ་ཧོ༔ རང་བྱུང་རང་ཤར་དཔལ་ཆེན་ཧེ་རུ་ཀ༔ འཁོར་བའི་ཁྲག་འཐུང་སྟོང་ཉིད་དབྱིངས་སུ་སྦྱོར༔ རིག་པ་གཏིང་གསལ་ཆོས་ཉིད་ཀློང་ཡངས་སུ༔ སྣང་བ་ཅི་ཤར་ནམ་མཁར་སྤྲིན་དེངས་འདྲ༔ ༈ སློབ་དཔོན་ཁྲག་འཐུང་ནག་པོའི་རྡོ་རྗེའི་གླུ༔ རང་སེམས་གཉུག་མའི་ངང་དུ་རྫོགས་པ་ལས༔ རྫུ་འཕྲུལ་ཆེར་སྣང་རྩུབ་འགྱུར་ཚལ་ཆེན་པོར༔ བམ་ཆེན་ཚོགས་ཀྱི་འདུ་བར་ལོངས་སྤྱོད་ཚེ༔ ཨ་ཧོ༔ བདག་འཛིན་རྣམ་རྟོག་རྩད་ནས་བཅད་པ་ལས༔ རིག་པའི་སྟོང་སྲོག་འཁོར་ལོ་ནམ་མཁར་བསྐོར༔ ཉོན་མོངས་རྣམ་རྟོག་བྱེ་བ་ཕྲག་བརྒྱ་བསད༔ ཐམས་ཅད་ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ༈ སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་རྡོ་རྗེའི་གླུ༔ སྒྱུ་མ་ལྟ་བུའི་རང་གསལ་རྟོགས་པ་ལས༔ དཔལ་གྱི་རི་ལ་མཁས་པ་ལྔ་བརྒྱའི་དབུས༔ ནཱ་གཱརྫུ་ནས་སྐྱེ་མེད་གླུ་འདི་བླངས༔ ཨ་ཧོ༔ འོད་གསལ་བྱང་ཆུབ་སེམས་འདི་ཀུན་ལ་ཁྱབ༔ རིག་


RTZ068_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་རྩལ་སྣང་སྲིད་དབང་དུ་བསྡུས༔ སེམས་ཀྱིས་སྣང་སྲིད་ཀུན་ལ་ཐལ་ལེར་གསལ༔ སྣང་བ་གང་ཤར་སྐྱེ་མེད་སྒྱུ་མར་ལྟོས༔ ༈ སློབ་དཔོན་པྲ་བྷཱ་ཧསྟིའི་རྡོ་རྗེའི་གླུ༔ འཛིན་པ་རབ་ཏུ་གཞོམ་པ་རྡོ་རྗེའི་ཀློང༔ པདྨ་བརྩེགས་སུ་བདེ་བ་ཆེན་པོ་བརྙེས༔ པྲ་ཆེན་ཧསྟིས་རྡོ་རྗེའི་གླུ་བླངས་པ༔ ཨ་ཧོ༔ རྐྱེན་གྱིས་གཡོ་བ་མེད་པའི་རིག་པ་ལ༔ འཛིན་པ་དུ་མས་བཅིངས་པ་སེམས་ཀྱི་གོས༔ རང་ཤར་ཀློང་དུ་འཛིན་མེད་ཟང་ཐལ་གསལ༔ སེམས་ཉིད་རྣམ་པར་དག་པའི་རིག་པ་ཤར༔ ༈ སློབ་དཔོན་དྷ་ན་སཾསྐྲྀའི་རྡོ་རྗེའི་མགུར༔ བརྗོད་ཚིག་བྲལ་བའི་ཡེ་ཤེས་བརྙེས་པ་ལས༔ རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་དུ༔ གྲུབ་པའི་དབང་ཕྱུག་ཐམས་ཅད་འདུས་པའི་ཚེ༔ དྷ་ན་སཾསྐྲྀས་འཇིགས་མེད་གླུ་འདི་བླངས༔ ཨ་ཧོ༔ བརྗོད་མེད་སེམས་ལ་རིག་པས་བལྟ་མི་འཚལ༔ རྣམ་པར་དག་པའི་རིག་པ་ངང་གིས་རྫོགས༔ རིག་པ་དྭངས་གསལ་རྙོག་པ་མེད་པ་སྟེ༔ རྩ་རླུང་བྱང་ཆུབ་


RTZ068_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྣམས་ཐ་མི་དད༔ ༈ མཁའ་འགྲོ་ལས་ཀྱི་དབང་མོའི་རྡོ་རྗེའི་མགུར༔ མཁའ་དབྱིངས་རྣམ་པར་དག་པ་ཀུན་ཁྱབ་པ༔ ཉི་ཟླའི་ཁང་བུར་ལས་ཀྱི་དབང་མོ་ཆེས༔ ཡེ་ཤེས་མཁའ་འགྲོ་བྱེ་བ་འདུས་པའི་ཚེ༔ ཨ་ཧོ༔ ཆོས་ཀྱི་དབྱིངས་ནི་གཟུང་དུ་མེད་པ་སྟེ༔ ཀུན་ལ་གསལ་ཞིང་དམིགས་པའི་མཐའ་དང་བྲལ༔ བརྗོད་མེད་ཉག་གཅིག་བདེ་བ་ཆེན་པོ་འདི༔ སངས་རྒྱས་ཀུན་གྱི་གོ་འཕང་བླ་མེད་དོ༔ ༈ སློབ་དཔོན་རམྦི་གུ་ཧྱའི་རྡོ་རྗེའི་གླུ༔ ཀློང་ནས་ཅི་ཤར་ཆོས་དབྱིངས་ཀློང་དུ་གྲོལ༔ ནྱ་གྲོ་དྷ་ཡི་མཆོད་རྟེན་ཆེན་མོའི་དྲུང༔ བམ་རོའི་སྒྲུབ་པ་མཛད་པའི་གུང་གསེང་ལ༔ རམྦི་གུ་ཧྱས་རྡོ་རྗེའི་ཚིག་འདི་གསུངས༔ ཨ་ཧོ༔ དམིགས་སུ་མེད་ལ་ཆད་པའི་མཐའ་དང་བྲལ༔ ཅིར་ཡང་འཆར་ཞིང་རྟག་པའི་ཡུལ་ལས་འདས༔ གསལ་སྟོང་ཟུང་འཇུག་དབྱིངས་རིག་གཉིས་སུ་མེད༔ གང་ཡང་ཤར་བ་འདི་ཀ་ཆོས་ཉིད་དོ༔༈ སློབ་དཔོན་ཤཱནྟིཾ་གརྦྷའི་རྡོ་རྗེའི་གླུ༔ རྣམ་རྟོག་ཆོས་ཉིད་ཀློང་དུ་གྲོལ་བ་ལ༔


RTZ068_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་གཟི་འབར་དྲུང་དུ་དྲེགས་པ་ཅན༔ ལྷ་འདྲེ་ཀུན་གྱི་སྟོང་སྲོག་བཅད་པའི་ཚེ༔ ཤཱནྟིཾ་གརྦྷས་ཧཱུྃ་གི་གླུ་འདི་བླངས༔ ཨ་ཧོ༔ རྣམ་རྟོག་ཐམས་ཅད་སྐྱེ་མེད་ངང་དུ་ཧཱུྃ༔ འགགས་མེད་གང་ཤར་རིག་པ་ཧཱུྃ་གིས་སྦྱོར༔ རང་བྱུང་རིག་པའི་ཧཱུྃ་གིས་མ་རིག་གསོད༔ བདག་ཏུ་འཛིན་པ་གཞོམ་པའི་ཧཱུྃ་སྒྲ་ཆེ༔ ཧཱུྃ་ཧཱུྃ་ཧཱུྃ༔ གསང་སྐོར་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ་ཡང་དག་པའོ༔ ས་མ་ཡ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།


previousདམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ།next