Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་ལུང་བསྟན་གཅེས་པའི་ལྡེའུ་མིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་ལུང་བསྟན་གཅེས་པའི་ལྡེའུ་མིགnext

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་ལུང་བསྟན་གཅེས་པའི་ལྡེའུ་མིག


RTZ068_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ལུང་བསྟན་གཅེས་པའི་ལྡེའུ་མིག་བཞུགས། ཨོཾཿ ན་མོ་གུ་རུ༔ བྱ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ༔ ཨོ་རྒྱན་ཆེན་པོ་པདྨ་ཡིས༔ བསམ་ཡས་དབུ་རྩེའི་བར་ཁང་དུ༔ ལས་ཅན་རྗེ་འབངས་ཐམས་ཅད་ལ༔ འབྱུང་འགྱུར་ལུང་བསྟན་འདི་འདྲ་སྩལ༔ ས་མ་ཡ་རྒྱ་རྒྱ༔ རང་བྱུང་པདྨ་བདག་ཉིད་ཀྱིས༔ དུས་གསུམ་ཐམས་ཅད་ས་ལེར་མཐོང་༔ ང་ཉིད་བླ་མའི་སྒྲུབ་པ་འདི༔ ད་ལྟ་སྤེལ་ཕོངས་གཏེར་དུ་སྦས༔ ཁམས་ཤོད་བཞི་ཡི་ཡ་གྱལ་ནི༔ སྟོད་ལ་གངས་རིས་བསྐོར་བའི་དབུས༔ སྨད་ན་མཚོན་ཆ་གཟིངས་འདྲའི་གནས༔ བར་དུ་པདྨ་ཁ་བྱེའི་ཡུལ༔ སྟོད་ཀྱི་པདྨ་ཤེལ་ཕུག་ཏུ༔ ངེས་པར་གཏེར་དུ་སྦས་བར་བྱ༔ མ་འོང་བོད་ཁམས་འདི་ཉིད་དུ༔ སུམ་ཅུ་ཁ་རལ་དུས་ཀྱི་ཚེ༔ བྱི་ལོར་བསམ་ཡས་མོ་ཡིས་འཇིག༔ བཟློག་ཐབས་མེད་པ་འདྲེས་མའི་ལས༔ སྟག་ལོར་ས་གཡོ་འཇིགས་པ་འབྱུང་༔ ཁྱད་པར་རུ་དམ་ལུང་པ་འཇིག༔ ཕག་ལོར་ས་གཡོ་བྲག་ཆད་འབྱུང་ཀློང་ཐང་སྒྲོལ་མ་ཉམས་པའི་དུས༔


RTZ068_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ལ་སྟེང་ན་རྗེ་མེད་ཅིང་༔ འོག་ན་འབངས་མེད་སིལ་བུར་མཐོར༔ ཆེ་དགུའི་རིགས་ལ་ཁྲིམས་མེད་ཅིང་༔ རྒྱལ་ཁམས་འབངས་ལ་ཁྲེལ་མེད་ལ༔ ལོ་རེ་བཞིན་དུ་ཆ་ལུགས་འགྱུར༔ སྤྱོད་པ་ལྷ་མིན་ཡུལ་དང་མཚུངས༔ དེ་ཡི་དུས་སུ་ལྷོ་ཟླའི་ཕྱོགས༔ རཏྣའི་མིང་ཅན་སྟགས་མ་གླང་༔ མཆོག་གི་མིང་གྱུར་སྐྱེས་བུ་ཞིག༔ དེ་ནི་སྔོན་དུས་ལྷ་སྲས་འབྲིང་༔ ད་ལྟ་ངན་ལམ་ཡེ་ཤེས་མཆོག༔ དེ་ལྟ་བུ་རུ་སྐྱེ་བ་ལེན༔ འབྲུག་གི་ལོ་ལ་གདམས་པ་འདི༔ ས་ཡི་སྟེང་དུ་དེས་འབྱིན་བྱེད༔ རྗེ་འབངས་ཡིད་ལ་ངེས་པར་གྱིས༔ ཞེས་གསུངས་པས་སླར་ཁོ་མོས་ཞུས་པ༔ དེ་དུས་གཏེར་སྒོ་འབྱེད་ཚུལ་ཇི་ལྟ་བུ༔ འབྱེད་ནས་ཆོས་འཁོར་བསྐོར་ཚུལ་ཇི་ལྟ་བུ༔ མ་ཧཱ་གུ་རུས་བདག་ལ་གསུང་དུ་གསོལ༔ ཞེས་ཞུས་པས༔ བཀའ་སྩལ་བ༔ ཉོན་ཅིག་ཇོ་མོ་མཚོ་རྒྱལ་མ༔ དེ་དུས་གཏེར་སྒོ་འབྱེད་ཚུལ་ནི༔ འབྲུག་གི་ལོ་ལ་འདོན་གྱེད་ཅིང་༔ སྐྱེས་བུ་གནས་འདིར་གློག་ལྟར་འཁྱུགས༔ འགྲོ་བ་ཐམས་ཅད་སྤྲོ་སྐྱེད་བྱེད༔ འབྱང་ནས་ཆོས་འཁོར་བསྐོར་


RTZ068_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ནི༔ དང་པོ་བཀའ་བརྒྱད་ཕྱི་དབང་དེ༔ ཀུན་ལ་སྤྲོ་བ་བསྐྱེད་ཕྱིར་བསྐུར༔ དེ་ཡང་བསྙེན་སྒྲུབ་བཞི་ལྡན་པས༔ དམ་རྫས་མྱོང་གྲོལ་འབྲེལ་ཚད་གྲོལ༔ ཤྲཱི་སིཾ་ཧ་ལོ་གཅིག་སྒོམ༔ དེ་ནས་ཚོད་དང་སྦྱར་ཏེ་བྱ༔ གདམས་པ་སྡེ་གསུམ་ཆ་ལགས་བཅས༔ རིམ་བཞིན་སྦྲུལ་དུག་ལྕེ་ལྟར་སྤེལ༔ གནམ་མཚོའི་ཕྱོགས་སུ་ང་སྤྲུལ་འབྱུང་༔ ཀུན་བཟང་མིང་དང་འཕྲད་པར་གཅེས༔ ཁྲི་སྲོང་ལྡེའུ་བཙན་དབང་པོའི་མིང་༔ དེ་ལ་རྫོགས་པ་འཐོབ་པར་འགྱུར༔ བཻ་རོའི་ཡང་སྤྲུལ་བློ་གྲོས་མིང་༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ གཉག་ཆེན་སྐྱེས་མཐར་རབ་རྒྱས་མིང་༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ གཙང་སྟོད་ཕྱོགས་སུ་གྲོལ་ཞེས་པ༔ བློ་གྲོས་མང་ཅན་དག་ལ་སྤྲོད༔ ཡར་འབྲོག་ཕྱོགས་སུ་པདྨའི་མིང་༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ ལྷོ་ཟླར་རྟ་ལ་ཐེག་མཆོག་མིང་༔ རྒྱལ་བ་མཆོག་དབྱངས་བག་ཆགས་ཅན༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ བྱང་གི་ཕྱོགས་ན་རཱ་ཛའི་མིང་༔


RTZ068_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཡང་དག་འཕྲོད་པར་གྱིས༔ སྤུ་བོའི་ཕྱོགས་སུ་པདྨའི་མིང་༔ ཀཿཐོག་ཕྱོགས་སུ་ཀུན་གྱི་མིང་༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ འོན་ཀྱང་ཆོས་བདག་དེ་རྣམས་ལ༔ སྤེལ་དུ་མཁའ་འགྲོའི་ལུང་དང་བསྟུན༔ འོལ་ཚོད་མི་བྱ་བར་ཆད་འབྱུང་༔ དེ་བས་ཤིན་ཏུ་ཞིབ་པར་བརྟགས༔ གཞན་ཡང་དེ་ཡིས་དུས་དག་ཏུ༔ སྟོད་ནས་མཐའ་དམག་མེ་ལྟར་འབར༔ སྨད་ཀྱི་འཁྲུགས་པ་ཆུ་ལྟ་ཁོལ༔ རཱ་ཛ་ཞིག་པོ་མཚོ་ལ་ལྡེང་༔ ཞྭ་མོ་སྐྱི་ཟླུམ་ནུབ་པར་འགྱུར༔ རྨ་ཡི་ཕྱོགས་ནས་འུར་སྐད་སྒྲོག༔ དམག་དཔོན་བོད་ལ་ཆེས་ཆེར་སླེབ༔ ལྷོ་དང་བྱང་རྒྱུད་འཁྲུགས་པར་འགྱུར༔ བོད་ཀྱི་རྣམས་ཐམས་ཅད་ཀྱི༔ རལ་བའི་ཅོད་པན་འགྲེང་བའི་ཚུལ༔ བྱ་ནག་འཕུར་བཞིན་ལྡེང་བར་འགྱུར༔ རེས་འགར་ལེགས་ལ་རེས་འགར་ཉེས༔ ཕྱོགས་འགར་ཕན་ལ་ཕྱོགས་འགར་གནོད༔ སྤྱི་ཆོས་ལ་ནི་བཏང་སྙོམས་ཏེ༔ རྡོ་ལ་གསེར་འགྱུར་རྩི་བཏབ་བཞིན༔ ཕན་པའི་བྱ་བ་འདི་ལྟ་སྟེ༔ སྟོན་ཀྱི་བྱང་རོང་གཉིས་པོའི་མདོ༔ གནས་ཀྱི་མཆོག་གྱུར་བྱིན་འབེབས་བྱ༔


RTZ068_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱི་སྐྱི་ཤོང་མདོ་དག་ཏུ༔ གནས་ཀྱི་མཆོག་རྒྱུ་བྱིན་འབེབས་བྱ༔ ཤོད་ཆེན་བཞི་ལ་གཏེར་ཆེན་སྦ༔ རོང་ཆེན་བཞི་ལ་མཆོད་རྟེན་བཞེངས༔ བྱང་ཆེན་བཞི་ལ་སྒྲུབ་ཆེན་བཙུག༔ ལྡན་གྱི་བིར་ཏེ་བྲག་དམར་ནས༔ དབང་གི་མིང་ཅན་ཟབ་གཏེར་སྤྱོད༔ རབ་སྒང་ཕྱོགས་ཀྱིས་བར་དུ༔ སྦྲུལ་ཁྲ་ལྟ་བུའི་ལས་ཞིག་འབྱུང་༔ དཀར་ལ་སྒྱུར་བ་ཙམ་གྱིས་ཤེས༔ ལྕགས་སྤྲེལ་ལོ་ལ་མུ་གེ་འབྱུང་༔ འབྲས་དྲུག་གཏེར་ཞིག་བརྟན་མར་སློང་༔ སྔོན་དུ་ལྷ་སྲིན་དམ་འདོགས་མཛོད༔ ཉེ་བའི་གནས་མཆོག་རྣམས་ལ་ཡང་༔ ས་ལུག་ལོ་རུ་བྱིན་འབེབས་མཛོད༔ དེ་ཡིས་བོད་ཡུལ་དབུགས་དབྱུང་བྱེད༔ འདི་ཉིད་ཐོས་པའི་སྐྱེས་བུ་ཡང་༔ ལོ་གསུམ་བྲག་ལ་འདམ་སྦྱར་མཛོད༔ དེ་ཉིད་མྱང་ངན་འདས་འོག་ཏུ༔ མོན་གྱི་དཀར་མོ་བྲག་དཀར་འདབས༔ དཔལ་གྱི་མིང་ཅན་ཁྱི་ལོ་པ༔ ཤ་ལུག་སྟག་སྒོའི་གཏེར་སྒོ་འབྱེད༔ དེ་ཉིད་མྱ་ངན་འདས་འོག་ཏུ༔ གཙང་གི་ཕུག་མོར་ལྷ་ཁང་འབྱུང་༔ བུ་ཤང་སྲས་པའི་གཏེར་ཁ་ཡང་༔


RTZ068_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྔོག་གི་ཕྱོགས་ནས་གླང་ལོ་བ༔ བཻ་རོའི་སྐྱེས་མཐའ་རྡོ་རྗེའི་མིང་༔ ཟབ་པའི་གཏེར་ཆེན་སྒོ་འབྱེད་བྱེད༔ དེ་ཉིད་མྱ་ངན་འདས་འོག་ཏུ༔ ཆབ་རོང་དུ་འཁྲུགས་པ་འབྱུང་༔ རྒྱ་བོད་སྟག་གི་ལོ་ལ་འཁྲུགས༔ མེ་ཉག་ཕྱོགས་སུ་མེ་ཡིས་འཇིག༔ གཏམ་ངན་ལྷ་ཡུལ་གྲགས་པ་ན༔ སེང་གེ་རྫོང་གི་གཏེར་ཁ་དེ༔ འདོན་པའི་དུས་ལ་བབ་པ་ན༔ འདོན་མཁན་མངའ་བདག་སྤྲུལ་བ་ཞིག༔ འབྲི་ཀླུང་ཕྱོགས་ནས་ལྕགས་རྟ་ལོ༔ དཔལ་གྱི་མིང་ཅན་སྐྱེས་བུ་འབྱུང་༔ ཞེས་གསུངས་སོ༔ ས་མ་ཡ་རྒྱ་རྒྱ༔ ལུང་བསྟན་གཅེས་པའི་ལྡེའུ་མིག་འདི༔ མ་འོངས་སྐལ་ལྡན་ལས་ཅན་གྱིས༔ གསང་རྒྱ་ཤིན་ཏུ་དམ་པར་གྱིས༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་རྩེའི་དབང་པོས་བྲིས་པ་དགེ། །།


previousདམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་ལུང་བསྟན་གཅེས་པའི་ལྡེའུ་མིགnext