cover

རོང་ཟོམ་ཆོས་ཀྱི་བཟང་པོའི་བཀའ་འབུམ།

གླེགས་བམ་དང་པོ། ཀ༽

ལོ་ཙཱ་བ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རོང་ཟོམ་གསུང་འབུམ་དཀར་ཆག་མེ་ཏོག་ཕྲེང་བ།

༄༅། །རོང་ཟོམ་གསུང་འབུམ་དཀར་ཆག་མེ་ཏོག་ཕྲེང་བ་བཞུགས་སོ། །

༄༅། །ཨོཾ་སྭ་སྟི་བི་ཛ་ཡནྟུ། ལྷ་མིའི་སྟོན་པ་མཚུངས་མེད་ཉི་མའི་གཉེན། །རྒྱལ་སྲས་འཇམ་པའི་དབྱངས་དང་རྒྱལ་ཚབ་ཆེ། །འཛམ་གླིང་རྒྱན་མཆོག་རྒྱ་བོད་མཁས་གྲུབ་བཅས། །དངོས་བརྒྱུད་བླ་མའི་ཚོགས་ལ་ཕྱག་བགྱིའོ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི། །རོལ་པ་མཁྱེན་གཉིས་ཉི་མའི་འོད་ཟེར་ཅན། །གངས་ཅན་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །རོང་ཟོམ་ཆོས་ཀྱི་བཟང་པོ་རྒྱལ་གྱུར་ཅིག །རྒྱལ༷་སྲས༷་དཔའ་བོ་སྙིགས་དུས་བསྟན་འགྲོའི་མགོན།།གཞ༷ན་ཕན༷་ཐུགས་བསྐྱེད་ཕྲིན་ལས་མཐའ་ཡས་པའི། །འོད་ཟེར་དྲྭ་བས་ཕྱོགས་ཀུན་རབ་གསལ་བ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་བགྱིས་ནས། །དམ་པ་རྣམས་ཀྱི་ཕྱག་རྗེས་དགེ་མཚན་གྱི། །རི་མོ་བསུབ་ཏུ་མེད་པར་གསལ་བའི་ཕྱིར། །ལེགས་བཤད་འདི་དང་འབྲེལ་བའི་ལོ་རྒྱུས་བཅས། །དཀར་ཆག་ཉུང་ངུ་རྣམ་གསལ་བརྗོད་པར་བྱ། །དེ་ཡང་གངས་ཅན་བོད་ཀྱི་ཡུལ་འདིར་སྤྲུལ་པའི་ལོ་པཎ་ཆོས་རྒྱལ་རྣམས་ཀྱིས་དམ་པའི་ཆོས་མདོ་སྔགས་གཉིས་ཀའི་བཤད་སྒྲུབ་ཀྱི་སྣང་བ་ཆེན་པོ་ཁྱབ་པར་བརྡལ་བའི་རྗེས་སུ་དམ་པའི་སྐྱེས་བུ་དུ་མ་བྱོན་ཅིང་།གསང་སྔགས་སྔ་འགྱུར་དང་ཕྱི་འགྱུར་ཞེས་པའི་མཚན་གྱི་ཐ་སྙད་ཆགས་པའི་མགོ་རྩོམ་པའི་དུས་སྐབས་དེར། འཇམ་དཔལ་གཞོན་ནུ་མི་ཡི་ཟོལ་དུ་བཞེངས་པ་རོང་ཟོམ་པཎྜི་ཏ་ཆེན་པོ་ཞེས་གངས་ཅན་འདི་ན་དུས་གསུམ་དུ་ཡང་འགྲན་ཟླ་དང་བྲལ་པའི་མཁས་པ་ཆེན་པོ་འདི་བྱོན་པ་ཡིན་ཏེ། དེ་ཡང་གཙང་རུ་ལག་སྨད་ཀྱི་སའི་ཆ་སྣར་ལུང་རོང་ཞེས་པར།གྲུབ་པའི་སྔགས་བརྒྱུད་ཁྱད་པར་ཅན་གྱི་རིགས་རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་བྱ་བའི་སྲས་སུ་འཁྲུངས། སྐུ་བལྟམས་པ་ཙམ་ནས་མཁྱེན་པའི་ཡོན་ཏན་ལྷུན་གྲུབ་ཏུ་མངའ་ཞིང་དམ་པའི་མཛད་སྤྱོད་སྒྲིབ་མེད་དུ་གསལ་བའི་རྒྱུ་དེས། ཡབ་སོགས་སྐྱེ་བོ་ཁ་ཅིག་གིས་པཎྜི་ཏ་སྨྲི་ཏི་ཛྙཱ་ནའི་སྐུའི་སྐྱེ་བ་དེ་མ་ཐག་པ་ཡིན་པར་གླེང་། ཁ་ཅིག་གིས་པཎྜི་ཏ་ཕྲ་ལ་རིང་བ་ཞེས་པ་བོད་དུ་བྱོན་པ་དེའི་སྐུ་སྐྱེར་གླེང་། བྱིས་པ་མ་ཡི་པང་དུ་བཞུགས་པའི་དུས་ནས་ཀྱང་ལེགས་སྦྱར་གྱི་སྐད་དང་ཆོས་གཏམ་སྣ་ཚོགས་མཛད་པར་འདུག་པ་དེ། མས་པང་དུ་བཟུང་ཞིང་གཉེན་དག་དང་བཅས་ཇོ་བོ་ཆེན་པོ་མར་མེ་མཛད་ཀྱི་སྤྱན་སྔར་སོང་སྟེ་རོང་གི་ཆུ་ཚན་ཁར་མཇལ་ཞིང་། བྱིས་པ་འདི་སྐྱེས་ཙམ་ནས་རྒྱ་སྐད་དང་ཆོས་གཏམ་སྣ་ཚོགས་སྨྲ་བ་ཞིག་འདུག་པ་འདི་ཇི་འདྲ་ཞིག་ཡིན། ཇོ་བོས་འདི་ལ་ཆོས་གཏམ་ཞིག་མཛོད་ཅེས་ཞུས་པ་དང་། ཇོ་བོས་བྱིས་པ་དེ་སྐུ་པང་དུ་བཞེས་ནས་ཞལ་འཛུམ་པ་དང་ལྡན་པར་ཀི་ན་ཧོ། ཞེས་སོགས་རྒྱ་གར་གྱི་སྐད་ཀྱིས་དྲི་བ་མཛད་པ་ལ་བྱིས་པས་ལན་ཐོགས་པ་མེད་པར་བཏབ་པས། ཇོ་བོའི་ཞལ་ནས། ཨཱ་ཙརྱ་ནག་པོ་སྤྱོད་པ་ཆེན་པོ་དེ་ཉིད་ཚེ་འཕོས་མ་ཐག་པ་འདི་ཡིན་ཏེ། ཁོ་བོས་འདི་ལ་ཆོས་གཏམ་བྱ་ག་ལ་བཏུབ་ཅེས་བསྔགས་ཤིང་གུས་པ་མཛད་པས་སྤྲུལ་པའི་སྐུ་རྩོད་མེད་དུ་ཐམས་ཅད་ལ་གྲགས་པར་གྱུར། དེ་སྐབས་ཁ་ཅིག་གིས་ནག་པོ་སྤྱོད་པ་བར་དོར་སངས་རྒྱས་པས་སྐྱེ་བ་ལེན་པ་མི་འཐད་ཅེས་མ་བརྟག་པར་སྨྲ།ཁ་ཅིག་གིས་ནག་པོ་པ་བར་དོར་མཆོག་གྲུབ་པར་གསུངས་མོད་གལ་ཏེ་སངས་རྒྱས་ཡིན་ན་ཡང་། བཟོ་དང་སྐྱེ་བ་བྱང་ཆུབ་ཆེན་པོའི་སྤྲུལ་པ་ཅི་སྟེ་མི་འབྱུང་ཞེས་གླེང་། བྱིས་པའི་དུས་སུ་རྒྱ་གར་གྱི་ཨ་ཙ་ར་མཐོང་ཚད་ལ་དགྱེས་ཤིང་རང་བཞིན་གྱིས་ཕན་ཚུན་སྐད་བརྡ་འཕྲོད་པར་བྱུང་།སྐུ་ན་ཆུང་ངུའི་སྐབས་སུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་པ་མཛད་པའི་ཚེ། ཆོས་གཏམ་གྱིས་རྩེད་མོའི་བགྲོ་གླེང་གིས་དེར་འཁོད་རྣམས་ཀྱི་སྤོབས་པ་ཟིལ་གྱིས་མནན་པར་གྱུར་པས། རེས་གཅིག་ཡབ་རྒྱགས་སྐྱེལ་དུ་བྱོན་དུས། དེར་འཁོད་ཚོས་གྲྭ་བ་དག་ན་རེ། ཁྱེད་ཀྱི་བུ་ཆུང་ངུ་འདི་ཐོ་ཅོ་ཆེ་བས། ངེད་ཅག་རྣམ་ཀུན་སུན་འབྱིན་ལ་རྣོ་བས་འདི་ཕྱིར་ཁྲིད་ན་འཐད་ཅེས་ཟེར་བ། ཡབ་ཀྱིས་སློབ་དཔོན་ལ་ཞུས་ནས་ཕྱིར་འཁྲིད་དམ་བྱས་པ་ལ། སློབ་དཔོན་གྱིས་དེ་སྐད་མ་ཟེར་ཅིག །ཁོས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་གོ་ནས་ཡོད་པས་ཡིན། དོན་མེད་ཀྱི་སུན་འབྱིན་མིན་གསུངས། ལོ་བཅུ་གཉིས་པ་ལ་མཚན་ཉིད་དང་ཚད་མའི་རིགས་ལམ་སྦྱང་། ཆོས་མཚམས་རྣམས་སུ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱིས་གང་གསུངས་ཚད་ཆད་ལྷག་མེད་པ་སྤར་བཏབ་པ་ལྟ་བུ་ཤར་རེ་གསུངས་པར་མཛད། གང་གསན་པ་ཐམས་ཅད་ཚར་གཅིག་ཁོ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་ཡོངས་སུ་གྲགས་པ་བྱུང་། དགུང་ལོ་བཅུ་གསུམ་ན་གསན་བསམ་མཐའ་དག་རྫོགས་ཏེ་གསར་དུ་དེ་ལ་སུས་ཀྱང་བསླབ་པའི་སྐྱེད་འདོན་དུ་མེད་པ་ལྟ་བུར་གྱུར། བི་བརྟའི་པུས་ཏི་སོགས་ལ་བསླབ་པ་མེད་ཀྱང་གཟིགས་པ་ཙམ་གྱིས་མཁྱེན་པ་ཚེགས་མེད་པར་བྱུང་། སཾ་སྐྲྀ་ཏ་སོགས་སྐད་རིགས་སྣ་ཚོགས་དང་ཐ་ན་དུད་འགྲོ་རྣམས་ཀྱི་བརྡ་དང་སྐད་ཀྱི་རིམ་པ་ཡང་རང་བཞིན་གྱིས་མཁྱེན་པར་གྲགས། བྱིས་པ་ཆུང་ངུའི་དུས་ནས་སྨྲ་སྒོའི་འགྲེལ་པ་སོགས་བསྟན་བཅོས་མང་པོ་མཛད།ཆོས་ལ་མོས་པ་རྣམས་དང་། ཁྱད་པར་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ལ་ལས་དང་དངོས་གྲུབ་སྒྲུབ་པའི་གདམས་པ་སྣ་ཚོགས་ཀྱིས་ཕན་པ་ཚད་མེད་པར་མཛད། ཕྱི་ནང་གི་རིག་གནས་དང་གཙུག་ལག་ཐམས་ཅད་དང་། རིག་བྱེད་དང་། ཚད་མའི་བསྟན་བཅོས་དང་། ཚིགས་བཅད་དང་སྙན་ངག་གི་གཞུང་སོགས་འཕགས་བོད་དུ་ཡོངས་སུ་གྲགས་པ་རྣམས་ལྟ་ཅི་སྨོས་ཀྱི། སོ་སོའི་གཞུང་ཉི་ཙེ་བ་ཙམ་ལ་བརྟེན་པ་མིན་པའི་གཞུང་ལུགས་རྒྱ་ཆེ་མུ་མེད་པའི་རྣམ་བཞག་རང་བཞིན་གྱི་ཐུགས་ལ་མངའ་བས་སོ་སོ་ཡང་དག་རིག་པ་བཞི་ཐོབ་པའི་འཕགས་ཆེན་གྱི་མཚན་ཉིད་དངོས་སུ་གསལ་བར་གྱུར། མདོ་རྒྱུད་བསྟན་བཅོས་ཀྱི་རྒྱ་གཞུང་བརླིང་བ་སྔར་མ་གཟིགས་པ་རྣམས་ཀྱང་ཚར་རེའམ།མང་ཡང་གཉིས་ལས་ལྷག་པར་གཟིགས་མ་དགོས་པར་དེ་དག་གི་ཚིག་དང་དོན་གྱི་ཆ་མ་ལུས་པ་ཐུགས་སུ་ཆུད་ཅིང་། སླར་དཔེ་ལ་ལྟོས་མི་དགོས་པའི་མི་བརྗེད་པའི་གཟུངས་ཐོབ་པར་གྲགས། རྗེ་ཉིད་ཀྱི་ཞལ་ནས། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། བོད་དུ་འགྱུར་བའི་ཆོས་ཐམས་ཅད་མ་ཐོས་པ་མེད་དོ། །ཐོས་པ་ཧ་ཅང་མྱུར་བར་འཛིན་པ་ཡང་མ་ཡིན་ཏེ། ཆོས་ཐོས་པ་ཐམས་ཅད་ཚར་རེ་ལས་མ་དགོས་སོ།།ཞེས་གསུང་སྐད། འདི་ནི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་ཆོས་ཚད་མེད་པ་སྐད་ཅིག་རེ་རེས་འཛིན་མོད་ཀྱི། ཐུན་མོང་གི་ངོར་གསན་བསམ་མཛད་ཚུལ་དང་བསྟུན་པའི་གསུངས་གོ་རྒྱུ་ཅན་ཡིན་པར་སྣང་ངོ་། །རྒྱ་བོད་ཀྱི་སྐད་སྦྱར་ནས་དོན་གྱི་འཇུག་ཚུལ་སྟོན་པའི་བརྡ་ཆད་ལ་འགྲན་ཟླ་མེད་ཅིང་། ཤེས་བྱ་མཐའ་དག་གི་དོན་ལ་རིགས་པའི་ལམ་གྱིས་མཐའ་རྗེན་པར་དཔོགས་པའི་མཁྱེན་རབ་དྲི་མ་མེད་པ། ཟབ་པ་དང་རྒྱ་ཆེ་བ་མྱུར་བའི་སྤོབས་པ་འགྲན་ཟླ་དང་བྲལ་བའི་དབང་གིས། ཕྱོགས་ཀྱི་གླང་པོའི་ཤེས་རབ།ཆོས་ཀྱི་གྲགས་པའི་བརྒལ་བརྟག །དབྱིག་གཉེན་ཞབས་ཀྱི་ཐོས་པ།ཙནྡྲ་གོ་མིའི་བརྗོད་པ། སློབ་དཔོན་དཔའ་བོའི་རྩོམ་པ་ལྔ་གང་ཟག་གཅིག་ལ་འཛོམ་པ་ལྟ་བུ་ཡིན།ཞེས་མཁས་པ་དུ་མས་ཚོགས་ཀྱི་དབུས་སུ་བསྟོད་པའི་འོས་སུ་གྱུར། ཁྱད་པར་སྒྲ་དང་ཚད་མའི་གཞུང་ལ་འདི་ལས་ལྷག་པ་བོད་དུ་མ་ཟད་འཕགས་ཡུལ་དུའང་མེད་ཅེས་དེ་དུས་ཀྱི་མཁས་པ་རྣམས་ཀྱིས་བསྔགས། གཞན་ཡང་དེ་དུས་ཀྱི་སྐྱེ་བོ་དག་གིས། མར་བ་ཚུར་སྟོན་ཡི་གེ་མཁས། །ཆོག་སྒྲིགས་གྲངས་ཀྱི་མེ་གྲགས་མཁས། །སྒྲ་ཚད་འགོས་ལོ་ཁུག་པ་མཁས། །ཐམས་ཅད་འཛོམ་པ་ཆོས་བཟང་ཙམ། །ཞེས་སོགས་དེ་འདྲ་བའི་ཚིགས་བཅད་སྣ་ཚོགས་མཚར་གཏམ་དུ་བྱས་པར་གྲགས།དེ་ལྟ་བུར་ཤེས་བྱ་མཐའ་དག་ལ་མ་རྨོངས་པའི་པཎྜི་ཏ་ཆེན་པོ་འདིས། གཞན་ལ་ཕན་པ་ཁོ་ནའི་ཐུགས་ཀྱིས་མདོ་དང་རྒྱུད་དང་རིག་གནས་དང་ཐ་ན་འཇིག་རྟེན་པའི་ཞིང་ལས་དང་། ཕྱུགས་སྐྱོང་བ།དཀར་ཤེ་ཇི་ལྟར་བསྒྲུབ་པ་ཚུན་ཆོད་ཀྱིས་བསྟན་བཅོས་ཆེས་མང་པོ་མཛད་དེ། སྔར་གྱི་ལོ་རྒྱུས་འགའ་ཞིག་ཏུ་པོ་ཏི་དྲུག་ཅུར་ལོང་བ་ཙམ་ཡོད་ཅེས་དང་། འགའ་ཞིག་དེ་ལས་གྲངས་མང་པོ་ཡོད་པར་བཤད། དེ་དག་ལས་སྔགས་ཀྱི་མན་ངག་ཕལ་ཆེ་བ་མཁའ་འགྲོས་གདན་དྲངས་ནས་སོང་ཞེས་ཀྱང་གྲགས། གདུལ་བྱའི་རྒྱུད་དང་དུས་མཁྱེན་པའི་མངོན་ཤེས་ཐོགས་མེད་མངའ་ཞིང་སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་ཕན་འདོགས་པའི་ཆེད་དུ་བརྩམ་པ་འབའ་ཞིག་ཡིན་ཕྱིར། གང་བརྩམ་པ་དེ་དག་གདུལ་བྱའི་དོན་དུ་འགྱུར་བ་དང་། འདིས་མཛད་པའི་སྔགས་ཀྱི་གདམས་ངག་རྣམས་ཀྱང་སློབ་བརྒྱུད་པ་དག་གིས་ལུང་མ་ཐོབ་ཀྱང་ཡི་གེ་བཞིན་ཉམས་སུ་བླངས་པས་བྱིན་རླབས་ཀྱི་མཚན་མ་མ་བྱུང་བ་མེད་ཅེས་སྔར་ཡོངས་སུ་གྲགས་ཤིང་། སྐུ་གཤེགས་པའི་རྗེས་སུ་ཡང་ཁ་ཅིག་གིས་གསོལ་བ་བཏབ་པས་དངོས་སུ་བྱོན་ནས་གདམས་ངག་རྣམས་ཀྱི་དོགས་པ་བཅད་པ་སོགས་གསུང་རྣམས་བྱིན་རླབས་དང་ཕན་ཐོགས་ཁྱད་པར་འཕགས་པར་གྲགས། གཞུང་ལུགས་གང་རྩོམ་པར་ཞུས་ཀྱང་མི་མཁྱེན་པ་མེད་ལ། རྩོམ་པའི་ཚེ་གླེགས་བམ་བསྡུ་གཟིགས་སོགས་ལ་ཅུང་ཟད་ལྟོས་མི་དགོས་པར་ཐོགས་མེད་དུ་བརྩོམ་པར་མཛད་ཅིང་། དེ་ལྟར་བརྩམ་པ་རྣམས་ལ་ལུང་རྣམས་ཀྱི་ཚིག་ཟུར་ཙམ་ཡང་ཉམས་པ་མེད་ཅིང་། ཚིག་འབྲུ་བཟང་པོ། དོན་བཟང་པོ། རིགས་པ་དང་འབྲེལ་བ།སྒྲོས་གཙང་བ། ཚིག་དོན་གང་ཐད་ནས་ཆོས་དང་མི་མཐུན་པར་སྐྱོན་གདགས་པའི་གཞི་མི་སྲིད་པར་གྱུར་ཅིང་། གོ་བའི་གནད་གཏིང་ཕྱིན་པར་གསལ་བའི་བསྟན་བཅོས་རྣམ་དག་འབའ་ཞིག་ཏུ་བྱུང་བས།སངས་རྒྱས་ཀྱི་གསུང་དང་རྗེས་སུ་མཐུན་པར་མཁས་པ་མཐའ་དག་གིས་དང་དུ་ལེན་པར་གྱུར། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝརྨ་དང་། མཉྫུ་ཤྲཱི་ཛྙཱ་ན་དང་། ཨུ་བཱ་ཡ་ཤྲཱི་མི་ཏྲ་དང་། བུདྡྷ་ཀ་ར་བྷ་དྲ་དང་། དེ་བཱ་ཀ་ར་ཙནྡྲ་དང་། པ་ར་མེ་ཤྭ་ར་དང་། ཨ་ཤོ་ཀ་བཛྲ་ལ་སོགས་པ་རྒྱ་གར་གྱི་པཎྜི་ཏ་མང་པོ་བསྟེན་ནས་དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། རྟོག་པ་གསུམ་པ་དང་། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་དང་། འཇམ་དཔལ་གསང་ལྡན་དང་། བདེ་མཆོག་རྩ་རྒྱུད་དང་། སྔགས་དོན་རྡོ་རྗེ་རབ་འབྱེད་སོགས་བཀའ་དང་བསྟན་བཅོས་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་ནང་ན་ཕུལ་དུ་བྱུང་བའི་ཚད་དུ་འཇོག་པ་བྱུང་།རྒྱ་གར་གྱི་པཎྜི་ཏ་དེ་ཀུན་ན་རེ། ངྷ་རྨ་བྷ་དྲ་ཁྱོད་ཆོས་མང་བ་རྩོམ་ལ་འགྲོ་བ་རྣམས་སྐྱོབས་ཤིག །ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག །སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་མི་ཤེས་པས་ཀྱང་ངེད་རྒྱ་གར་ཕྱོགས་སུ་ཆོས་རྩོམ་པ་མཐོང་ན་ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུངས། སྔར་སྐུ་ན་གཞོན་པའི་དུས་ཤིག །མདོ་སྟོན་སེང་གེ་བྱ་བ་ལས་སྔ་འགྱུར་གྱི་ཆོས་སྐོར་གསན་པའི་ཚེ་མནལ་ལམ་དུ། གསང་བ་སྙིང་པོས་ཟན་བྱས།སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་གསོལ་བ་རྨིས་པ། སློབ་དཔོན་ལ་ཞུས་ཚེ་ཆོས་དེ་དག་ཁོང་དུ་ཆུད་པའི་རྟགས་ཡིན་པས་ཁྱོད་ཀྱིས་དེ་དག་ལ་འགྲེལ་པ་གྱིས་གསུངས་པས་བླ་མའི་བཀའ་བསྒྲུབ་ཕྱིར།སྔགས་ཀྱི་བསླབ་པ་གསུམ་ལ་བརྟེན་པའི་མན་ངག་གསུམ་མཛད་དེ།ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དོན་གྱི་ངེས་བརྗོད་དམ་ཚིག་མདོ་རྒྱས།ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྟོན་སླད། འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་བྱེད་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་གསུམ་དང་། གཞན་ཡང་མཉམ་སྦྱོར་འགྲེལ་པ།ངན་སོང་སྦྱོང་རྒྱུད་འཇིགས་བྱེད་སོགས་གཤེད་སྐོར་གྱི་འགྲེལ་པ་དང་མན་ངག་སྣ་ཚོགས་དང་། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་སོགས་བསྟན་བཅོས་གྲངས་ཤིན་ཏུ་མང་པོ་མཛད་པ་ལ། དུས་དེའི་བོད་རུ་བཞིའི་མཁས་པ་ཕལ་མོ་ཆེ་ལས། ཁ་ཅིག་གིས་གུས་པས་དང་དུ་བླང་།སངས་རྒྱས་དངོས་ཀྱི་སྤྲུལ་པར་གྲགས་པ་ཡང་བྱུང་། ཁ་ཅིག་གིས་བོད་དུ་སྐྱེས་པ་ཞིག་གིས་རྒྱ་གར་མཁས་པ་རྣམས་ཀྱི་བསྟན་བཅོས་ལས་ཀྱང་མང་བ་དེ་ཙམ་རྩོམ་པ་ཇི་འདྲ་བ་ཞིག་ཡིན་ནམ་སྙམ་དུ། ཤབ་ཀྱི་ཡང་ཁྱེད་བླ་མ། མར་བ་དོ་བ། འུ་ཡུག་པ་མདའ་བ་བསམ་གཏན། མདོའི་ཁྱུང་པོ་ཧཱུཾ་སྙིང་། སེ་ཁྲོཾ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། སྤང་ཁ་དར་ཆུང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་སོགས་མཁས་པ་དུ་མས་སུན་འབྱིན་ནུས་སམ་སྙམ་དུ་ཁྱུ་མཆོག་རྭ་བརྡར་བ་ལྟར་རྗེ་འདི་ཉིད་ཀྱི་དྲུང་དུ་ཕྱིན་པ་ན། བདག་ཉིད་ཆེན་པོ་སྨྲ་བའི་སེང་གེ་རྣམ་པར་བསྒྱིང་བ་འདི་ཉིད་ཀྱིས་ལུང་དང་རིགས་པ་དང་། སྒྲ་དང་དོན་གྱི་རྣམ་བཞག་དཔྱིས་ཕྱིན་པའི་གསུང་གདོང་ལྔའི་སྒྲ་དབྱངས་ཐོས་པ་ཙམ་ནས་ཁེངས་པའི་རི་བོ་བསྙིལ་ཏེ་ཞབས་པད་གུས་པའི་གཙུག་གིས་ལེན་པའི་སློབ་མ་ཤ་སྟག་ཏུ་གྱུར་པར་གྲགས། གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་ཐོས་པ་མང་པོའི་གཟུངས་ཐོབ་པར་གྲགས་པ་དེས་ཀྱང་དང་པོར་ཁ་བཏང་བྱས། བར་དུ་ཐེག་ཆེན་ཚུལ་འཇུག་མཐོང་བས་གུས་པ་ཆེན་པོ་སྐྱེས་ནས། མཐར་ཟང་ཟིང་མང་པོས་བསྙེན་བཀུར་བཅས་སྔར་གྱི་རང་ཉེས་བརྗོད་དེ་བཤགས་ཤིང་རྗེས་སུ་བཟུང་བར་གསོལ་བ་བཏབ་སྟེ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ།འཇམ་དཔལ་གསང་བའི་རྒྱུད་སོགས་ཆོས་མང་དུ་གསན། གསང་རྒྱུད་གསན་སྐབས་རོང་ཟོམ་པཎྜི་ཏ་ཆེན་པོའི་ཞལ་ནས། འོ་སྐོལ་ལ་ད་ལྟ་རྒྱ་དཔེ་ཡོད་ན་འགྱུར་འདི་འདྲ་ཞིག་ཐོབ་པ་ཡིན་ཚུལ་གསུངས་པ། གོ་རུབ་ལོ་ཙཱ་བས་ཡིད་ལ་བཟུང་ནས་ཕྱིས་ཇོ་བོ་ཀྲྀཥྞ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་བ་གཟིགས་ཤིང་དེ་ལས་མཉན་པས་རོང་ཟོམ་ཆེན་པོས་ཇི་སྐད་གསུངས་པ་བཞིན་བྱུང་བས་ཤིན་ཏུ་གུས་པ་ཐོབ་ཅིང་རྒྱ་དཔེ་རོང་ཟོམ་པའི་ཕྱག་ཏུ་ཕུལ་ནས་རྒྱུད་ལ་འགྱུར་བཅོས་མཛད་ཅིང་སླར་ཡང་བཤད་པ་གསན་སྐད།ལོ་རྒྱུས་འདི་དག་ངོར་ཆེན་གྱི་སྦྱོང་རྒྱུད་རྣམ་བཞག་དུ་ཡང་གསུངས། ཚུལ་དེ་དང་ཆ་མཚུངས་རོང་ཟོམ་ པའི་ངོ་མཚར་ལོ་རྒྱུས་དུ་མ་གསར་མའི་ལོ་ཙཱ་བ་དག་གི་གསུངས་པ་རྣམས་ན་སྣང་། མར་པ་ཆོས་ཀྱི་དབང་ཕྱུག་སོགས་བོད་ཀྱི་ལོ་ཙཱ་བ་དང་མཁས་པར་གྲགས་པའི་བློ་ལྡན་མཐའ་དག་གིས་ཞབས་ལ་བཏུད་ཅིང་མཁས་པའི་རྣམ་ཐར་རྩོད་མེད་དུ་ཡོངས་སུ་གྲགས། དེང་སང་ཡང་འདིའི་བསྟན་བཅོས་ཆེ་ཕྲ་གང་ཡང་རང་ལ་བློ་མིག་ཡོད་པ་སུས་བལྟས་ཀྱང་འགྲན་ཟླ་མེད་པའི་ཡིད་ཆེས་སྐྱེ་བ་ལ་བསྙོན་དུ་མེད།དེའི་ཕྱིར་བོད་གངས་ཅན་ན་འདི་དང་མཚུངས་པའི་མཁས་པ་ནི་སུ་ཡང་མ་བྱུང་ཞེས་འགོས་ལོ་ཆེན་པོ་སོགས་ཀྱིས་བསྔགས་ཤིང་ཡོངས་སུ་གྲགས་པའོ། །དེ་ལྟར་སུས་ཀྱང་འགྲན་དུ་མེད་པའི་སྨྲ་བའི་དབང་ཕྱུག་ཆེན་པོའི་གོ་འཕང་ཐོབ་ཀྱང་བདག་བསྟོད་དང་ཁེངས་པའི་རྣམ་པ་ཆ་ཙམ་ཡང་མི་མངའ་བར་དམན་ས་འཛིན་ཅིང་ཞི་དུལ་གྱི་སྤྱོད་ལམ་སྐྱོང་བ་སློབ་དཔོན་ཞི་བ་ལྷའི་ངང་ཚུལ་ལ་གནས་ཤིང་། གཞན་ལ་གནོད་སེམས་དང་ཁྱད་གསོད་མེད་པར་ཤིན་ཏུ་བྱམས་ཤིང་བཟོད་པའི་སྟོབས་དང་ལྡན་པའི་ཕྱིར་བདག་ཉིད་ཆེན་པོ་འདིས་ཆོས་ལམ་ལ་ཞུགས་པ་དག་ལ་ཆོས་ཀྱི་སྦྱིན་པ་དང་། ཕལ་པ་དག་ལ་ཟང་ཟིང་གི་སྦྱིན་པ་སེར་སྣས་མ་གོས་པའི་གཏོང་བ་ལྷུག་པར་མཛད་ཅིང་གདུལ་བྱ་མཐའ་དག་སྙིང་རྗེ་ཆེན་པོས་ཡལ་བར་མི་འདོར་བའི་བརྩོན་པ་དང་། སྲུང་སྡོམ་དང་ཐུགས་དམ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་སྤྲས་མཛད་ཅིང་གཞན་ཡང་དེ་ལ་འགོད་པ་སོགས་དམ་པའི་རྣམ་ཐར་རྩོལ་མེད་ངང་གིས་གསལ་བ་དང་། བྲག་མེ་ལོང་གི་ངོས་ལྟ་བུར་མཐོ་ཞིང་ཡངས་ལ་གཟར་བར་བྱ་ལྟར་འཕུར་བ་དང་། བྲག་ལ་ཕུར་པ་བཏབ་པ། ནམ་མཁར་འཕུར་བ། བོད་ཀྱི་ལྷ་འདྲེ་རྣམས་ཀྱི་གནས་དང་སྤྱོད་པ་མཁྱེན་པ།གདུལ་བྱའི་རྒྱུད་མཁྱེན་པ་སོགས་ཐ་མལ་པ་རྣམས་ཀྱིས་ཡ་མཚན་དུ་བྱེད་ཅིང་གྲུབ་པའི་རྟགས་སུ་མངོན་པ་ཚད་མེད་པ་ཡོད་པར་དེ་དུས་ཀྱི་སྐྱེ་བོ་རྣམས་ལ་ཡོངས་སུ་གྲགས་མོད་ཀྱི། སོ་སོ་ཡང་དག་རིག་པ་བཞི་ཐོབ་པའི་འཕགས་ཆེན་འདི་ལྟ་བུ་ལ་དེ་འདྲའི་མངོན་རྟགས་ཕྲ་མོ་བགྲང་བ་ཙམ་ཡ་མཚན་གྱི་གཏམ་དུ་མི་འགྱུར་བས་སྨྲོས་མ་དགོས་སོ། །བདག་ཉིད་ཆེན་པོ་འདི་བོད་གངས་ཅན་དུ་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆེད་དུ་རྟེན་སྔགས་པ་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་པར་བཞུགས་ཤིང་།དགུང་ལོ་བརྒྱ་དང་བཅུ་དགུར་བཞུགས་ཏེ་སྐུ་ལ་སྙུན་མེད་པར་གཤེགས། སྲས་བརྒྱུད་རྣམས་ཕྱི་དུས་བར་བྱོན་ཞིང་ཕུར་པའི་གྲུབ་པ་ཐོབ་པ་ཤ་སྟག་ཏུ་གྱུར། སློབ་བརྒྱུད་ནི་གོ་རུབ་ལོ་ཙཱ་བ། མར་པ་དོ་བ། འགོས་ལ་སོགས་པའི་ལོ་ཙཱ་བ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་སོགས་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་ཅིག་ཞ་མའི་མིང་པོ་རྗེ་དགོན་ཕུ་བ་སོགས་སྒོམ་ཆེན་རྣལ་འབྱོར་དབང་པོ་བརྒྱ་དང་བརྒྱད་ཅུ། ཡོལ་ལྕགས་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་སོགས་གདུགས་ཐོགས་ལྔ་བརྒྱས་མཚོན་པའི་སློབ་ཚོགས་བྱུང་བར་བཤད། ཁྱད་པར་གསང་སྔགས་སྔ་འགྱུར་གྱི་ཆོས་བཀའ་པདྨ་འབྱུང་གནས། བི་མ་མི་ཏྲ། བཻ་རོ་ཙ་ན་སོགས་ཀྱི་གདམས་པ་ཐམས་ཅད་རོང་ཟོམ་ཆེན་པོ་ལ་འདུས་ཤིང་བཀའ་བབས་པས། ཉམས་ལེན་གྱི་གཙོ་བོ་སྔ་འགྱུར་པའི་ཆོས་ལ་མཛད། མ་གཤིན་ཕུར་པའི་བསྙེན་སྒྲུབ་མཐར་ཕྱིན། དེའི་མཐུས་བོད་ཡུལ་གྱི་སྡེ་བརྒྱད་ཀུན་ཀྱང་དབང་དུ་འདུས་ནས་སྲོག་སྙིང་ཕུལ། བོད་ཀྱི་ལྷ་འདྲེ་རྣམས་ཀྱི་སྲོག་སྙིང་དང་མཐུན་རྫས་སོགས་ཀྱི་གདམས་པ་སྣ་ཚོགས་མཛད། སྐུ་ཚེའི་མཇུག་ལ་ཉིད་ཀྱི་སྲས་མོ་ཡེ་ཤེས་མཁའ་འགྲོ་མ་མི་ཡི་བུ་མོའི་ཚུལ་འཛིན་པ་ལེགས་སྦྱར་གྱི་སྐད་འབའ་ཞིག་སྨྲ་བ་དེ་ལ་རོང་ཟོམ་པ་ཉིད་ཀྱིས་ལེགས་སྦྱར་ཁོ་ནའི་སྐད་ཀྱིས་ཆོས་མང་པོ་གསུང་། བུ་མོ་དེ་དགུང་ལོ་བཅུ་དྲུག་བཞེས་དུས་རྡོ་ཁྲི་རྒྱབ་ཡོལ་མར་རྗེ་ཉིད་བཞུགས་ནས་རྒྱུད་བཤད་གནང་བའི་ཚེ། བུ་མོ་དེ་དངོས་སུ་འཕུར་ནས་མཁའ་སྤྱོད་དུ་སོང་། གསང་མཚལ་ཐིགས་པ་ཞིག་ཆོས་ཁྲིའི་མདུན་དུ་ལྷུང་བ་ལས་སྨན་སེ་བའི་སྡོང་པོ་མེ་ཏོག་སྣ་ལྔ་འཆར་བ་ཞིག་མོས་པའི་རྟེན་དུ་བཞག་པ་དེའི་མེ་ཏོག་ལྔ་ཀ་མཐོང་བའི་མི་རྒན་གཉིས་ཙམ་སྣང་ཡང་ད་ལྟ་ནི་དཀར་སེར་གཉིས་ལས་གཞན་མི་སྣང་ཞེས། རོང་ཟོམ་པའི་རྟོགས་བརྗོད་ཡལ་འདབ་བཞི་པ་ཞེས་པ་དབུས་སྤར་དུ་འཁོད་པ་ལས་བཤད། མདོར་ན་རྗེ་འདི་ཉིད་ངེས་པར་འཕགས་ཆེན་གྱི་ས་ལ་བཞུགས་པའི་གང་ཟག་འགྲན་ཟླ་དང་བྲལ་བ་ཡིན་པས་འདིའི་མཁས་པ་དང་གྲུབ་པའི་རྣམ་ཐར་མཐའ་དག་ཕལ་བའི་བློས་དཔག་པར་མི་ནུས་མོད་ཀྱི། ཐུན་མོང་གི་ངོར་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བའི་མཁས་པའི་རྣམ་ཐར་རྩོད་མེད་ཡོངས་སུ་གྲགས་པའི་ཆ་ཤས་འདི་ཙམ་ཞིག་རྗེ་ཉིད་ཀྱི་དངོས་སློབ་ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་ གིས་བྲིས་པ་ལ་བརྟེན་ནས་འགོས་ལོ་ཆེན་པོའི་དེབ་སྔོན་དུ་བཀོད་པ་ལ་གཞི་བྱས།བོད་སྔ་རབས་པའི་མཁས་པ་དག་གི་གསུང་ལས་ཁོལ་བུར་བྱུང་བ་རེ་ཟུང་གིས་བརྒྱན་ཏེ་ཅུང་ཟད་བརྗོད་པ་ཡིན་ལ། དེ་ལྟར་མཁས་པའི་རྒྱལ་པོ་པཎྜི་ཏ་ཆེན་པོ་འདིའི་གསུང་རབ་ངོ་མཚར་ཅན་མང་དུ་བཞུགས་པ་ཕྱིས་སུ་དཔེ་རྒྱུན་དཀོན་པར་གྱུར་ན་ཡང་ཅི་རིགས་མཇལ་དུ་ཡོད་པ་འདི་ནི་རྒྱལ་སྲས་གཞན་ཕན་པའི་ཐུགས་བསྐྱེད་ལས་བྱུང་བ་ཡིན་ལ། དེ་ཡང་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་ཞེས་པ་མཁན་ཆེན་བོ་ངྷི་སཏྭ་དང་། ལོ་ཆེན་བཻ་རོ་ཙ་ནའི་ཐུགས་རྗེའི་རྣམ་འཕྲུལ་གཅིག་ཏུ་བསྡུས་པར་དམ་པའི་ལུང་གིས་ཟིན་པ་འདི་ཉིད་སྐུ་ཆུང་ངུའི་དུས་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་། གསར་རྙིང་ཡོངས་འཛིན་དུ་མ་བསྟེན་ནས་གསན་བསམ་རྒྱ་མཚོའི་མཐར་ཕྱིན། གསང་སྔགས་ལམ་གྱི་དྲོད་རྟགས་མངོན་དུ་གྱུར། ཁྱད་པར་བོད་ཡུལ་འདིའི་དུས་སྐབས་ཀྱི་རྒུད་པ་ཆེན་པོ་སེལ་བའི་གང་ཟག་ཁྱད་པར་ཅན་ཡིན་ཏེ་སྐུ་ན་ཆུང་ངུ་བྱིས་པ་རི་ལ་ཡན་པའི་སྐབས་ཞིག་ཏུ། བསམ་ཡས་མེ་འཇིགས་བཟློགས་ཚུལ་གྱི་ཁ་བྱང་ཕྱག་ཏུ་འབྱོར་ཀྱང་བཏང་སྙོམས་སུ་ལུས་པ།ཕྱིས་བསམ་ཡས་ལ་མེའི་འཇིགས་པ་བྱུང་བ་གསན་ནས་ཐུགས་འགྱོད་ཆེན་པོ་བྱས། ཡང་ལྷ་སར་ཆུས་འཇིགས་བཟློག་པའི་ལུང་བྱང་ཡོད་པ་བཞིན་དེ་དོན་སུ་ལའང་མ་གསུང་བར་སྦས་ཚུལ་གྱིས་ལྷ་ལྡན་དུ་ཕེབས་ཏེ་ཕྱག་རྡོར་དྲེགས་འདུལ་གྱི་སྐུ་མཚམས་སོགས་ལུང་བྱང་ལྟར་མ་ཡོལ་བར་བསྒྲུབ་པས་དེ་སྐབས་ལྷ་སར་ཆུ་གནོད་ཆེན་པོ་བྱུང་ཡང་བཟློག་པར་གྱུར་པ་སོགས་རྒྱལ་དབང་པདྨའི་ཕྲིན་ལས་ཀྱི་བྱེད་པོ་གཏེར་སྟོན་ཆེན་པོའི་སྐལ་བ་ཅན་ཡིན་ཞིང་། སྔ་མར་ཚངས་སྤྱོད་རྣམ་དག་གོས་དཀར་ལྕང་ལོའི་ཆ་བྱད་ཅན་དུ་བཞུགས་ཤིང་། ངེས་མེད་ཀྱི་གནས་སུ་སྒྲུབ་པའི་རྒྱལ་མཚན་འཛུགས་པའི་དགོངས་པ་མངའ་ལ། རྩ་རླུང་དང་བསྐྱེད་རྫོགས་ལ་ནུས་པ་ཐོན་པ་དང་བརྟུལ་ཞུགས་ཆེན་པོ་དང་ལྡན་པའི་རྣལ་འབྱོར་དབང་ཕྱུག་གི་ས་གནོན་ངེས་ཞིག་ཡིན་ན་ཡང་། རེས་གཅིག་སྔར་གྱི་ཇོ་འབྲོམ་ཡབ་སྲས་ཀྱི་དགོངས་བཞེད་ལྟར། རང་རང་སོ་སོའི་ཉམས་ལེན་ལ་གསང་སྔགས་ལས་ཟབ་པ་གང་ཡང་མེད་ཅིང་། གཅིག་པུར་དབེན་པར་བརྟེན་ན་གྲུབ་འབྲས་རེ་མངོན་དུ་འགྱུར་མོད་ཀྱི།བསྟན་འགྲོ་སྤྱི་ལ་མདོ་སྔགས་བཤད་སྒྲུབ་ཞིག་འཛུགས་པས་ཕན་པར་དགོངས་ཞིང་ལྷ་དང་བླ་མ་མཁའ་འགྲོའི་ཚོགས་ཀྱིས་བསྐུལ་བ་ལ་བརྟེན་ནས། རང་དོན་གལ་ཆུང་དུ་བཞག །བསྟན་དོན་ཁུར་དུ་བསྣམས་ཏེ།བསྟན་པ་སྤྱིའི་འཇུག་སྲོལ་གྱི་རིམ་པ་སྔར་ཆོས་རྒྱལ་ཆེན་པོས་བཀས་བཅད་པ་ལྟར་སྤྱོད་པ་མཁན་པོའི་ལུགས་དང་། ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་དང་། ཉམས་ལེན་པདྨ་དང་བི་མའི་ལུགས་ལྟར་གསང་སྔགས་ལ་བྱས་ན་སྔ་འགྱུར་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་དུས་ཀྱི་མཐར་ཡང་ཅུང་ཞིག་དར་རྒྱས་སུ་འགྱུར་སྙམ་པ་ཐུགས་ལ་བཞག་སྟེ། དབུ་རེག་ཞབས་རྗེན་ངུར་སྨྲིག་འཆང་བའི་བརྟུལ་ཞུགས་དང་དུ་བཞེས་ནས་འདུལ་བའི་གནང་བཀག་ལ་ཚུལ་བཞིན་དུ་བསླབ་པས་རང་བཞིན་ངང་གིས་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་འཕགས་པ་ཉེ་བ་འཁོར་དང་མཚུངས་པར་བསྔགས་འོས་པ། གང་ཟག་སུས་མཇལ་ཀྱང་ཐ་མལ་དུ་འཛིན་པའི་བློ་ལོག་སྟེ་འདི་ནི་འཕགས་པའི་གནས་བརྟན་བཅུ་དྲུག་གི་ནང་ནས་གཅིག་ཡིན་སྙམ་པ་ཕལ་ཆེར་ལ་བྱུང་ཞེས་གླེང་། གཞུང་ལུགས་རྣམས་ཀྱི་ཟབ་དོན་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་རླབས་ཆེ་བ་ཐོབ་པས་སྔ་འགྱུར་རིང་ལུགས་ཀྱི་ལྟ་གྲུབ་ཟབ་མོའི་ཁྱད་པར་འཛིན་པ་ལ་རྒོལ་བ་གང་གིས་ཀྱང་གླགས་མི་རྙེད་པའི་སྤོབས་པ་རྡོ་རྗེ་ལྟ་བུ་ཐོབ། ས་དགེ་སོགས་ཀྱི་དགེ་བཤེས་མཁས་པ་དུ་མ་དང་འབེལ་བའི་གཏམ་བྱས་པ་ཙམ་ནས་རྨད་དུ་བྱུང་བའི་མཁས་པ་ཆེན་པོར་ངེས་པ་རྙེད་དེ་ཞབས་ཀྱི་པདྨོ་གུས་པས་དང་དུ་ལེན་པ་བྱུང་། རྟག་ཏུ་བཤད་སྒྲུབ་ཀྱི་བྱ་བ་ལ་ཐུགས་གཞོལ་ཤིང་དབུས་གཙང་ཁམས་གསུམ་ཀུན་ཏུ་རྙིང་མའི་དཔེ་རྙིང་གི་བསྡུ་རྩོལ་མཛད་ཅིང་། འདུལ་བ་ཀ་རི་ཀ་ནས་དཔལ་ལྡན་གསང་བ་སྙིང་པོ་དང་། རྫོགས་པ་ཆེན་པོའི་བར་གྱི་མདོ་རྒྱུད་བསྟན་བཅོས་ཀྱི་བཤད་གྲྭ་རྒྱ་ཆེ་བ་དང་དེའི་ཆ་རྐྱེན་ཡིག་ཆ་སྤར་དུ་འགོད་པ་སོགས་ཀྱི་ཐུགས་ཁུར་བཞེས། རྡོ་གྲུབ་དབང་རིན་པོ་ཆེས་ལུང་བསྟན་པ་ལྟར་རུ་དམ་རྫོགས་ཆེན་གྱི་གནས་འདིར་ཕེབ་པ་དང་། སངས་རྒྱས་དངོས་བྱོན་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་ཀྱང་ཡེ་ཤེས་ཀྱི་གཟིགས་པས་དམ་པ་འདིའི་ཡོན་ཏན་གྱི་ཆེ་བ་བསྔགས་ཤིང་གནས་འདིར་བཞུགས་དགོས་པ་དང་བཤད་སྒྲུབ་ཀྱི་སྲོལ་ཀ་བཏོད་པའི་བཀའ་ལུང་གནང་བ་ལྟར། མདོ་སྔགས་བསྟན་བཅོས་ཀྱི་གཞུང་བཤད་ཅི་རིགས་དང་། བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས། བཀའ་མའི་སྒྲུབ་ཆོག་རྣམས་སྤར་དུ་བཀོད་པ་སོགས་ཀྱི་ཕྲིན་ལས་བསྐྱང་བས་རྙིང་བསྟན་གྱི་གསོས་ཆེན་པོར་གྱུར་ཅིང་། དེང་སང་ཕྱོགས་གང་ནའང་བྱམས་ཆོས་དང་དབུ་མ་སོགས་གཞུང་ལུགས་རྣམས་སྦྱང་བརྩོན་གྱི་སྲོལ་ཅི་རིགས་ཚུགས་པ་དང་། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་ཀྱང་རྙིང་ཕྱོགས་རྣམས་དང་། མདོ་ཁམས་འདིའི་གྲུབ་མཐའ་གཞན་པའི་དགོན་སྡེ་སྔར་དབྱར་གནས་སོགས་མེད་པ་རྣམས་སུ་ཡང་ངང་གིས་ཁྱབ་ཅིང་། བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་ཀྱང་ཇེ་བས་ཇེ་འཕེལ་དུ་ས་སྟེང་ཁྱབ་པར་བྱུང་བ་དམ་པ་མཆོག་འདིའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་ཁོ་ནས་བྱུང་ལ། མཁས་བཙུན་བཟང་པོའི་ཡོན་ཏན་ཕུལ་ཏུ་བྱུང་ཞིང་། སྔ་འགྱུར་བའི་རིང་ལུགས་བཤད་སྒྲུབ་ཀྱི་སྲོལ་རྨང་ནས་གསོ་བའི་ཐུགས་བསྐྱེད་རླབས་པོ་ཆེ་དང་ལྡན་པ་འདི་སྐུ་ཚེ་མཐར་ཕྱིན་པར་བཞུགས་ན་བསྟན་པའི་མངའ་ཐང་དབྱར་མཚོ་ལྟར་རྒྱས་པར་གོར་མ་ཆགས་ཀྱང་། དེ་ལྟ་བུ་འགྲོ་བའི་བསོད་ནམས་ཀྱིས་མི་ཐུབ་པ་དང་། རྗེ་ཉིད་རྟེན་སྔགས་པ་མཛད་ན་སྐུ་ཚེ་མཐར་ཕྱིན་དང་གསང་སྔགས་ཀྱི་ཕྲིན་ལས་ལ་ཕན་པ་འོང་བར་གཟིགས་ནས་དམ་པ་འགས་སྐུལ་ཀྱང་མ་གསན་པར།ཁོ་བོ་སྟོན་པ་མཆོག་དེའི་བརྟུལ་ཞུགས་ཀྱི་རྗེས་སུ་སློབ་པའི་རྟེན་འདི་ལས་མ་འགྱུར་བར་ཤི་ན་རང་དོན་དུ་འགྱོད་པ་གང་ཡང་མེད་ལ།གཞན་དོན་དུ་ནི་ཕྱོགས་གང་ནས་ཀྱང་བསྟན་པའི་བྱ་བ་འདིའི་འཕྲོ་མཐུད་དེ་བརྩོན་པ་མི་ལྷོད་པ་སྨོན་ལམ་གྱི་དབང་གིས་འོང་ཞེས་གསུངས་ཤིང་།སྐུ་འདའ་བའི་ནུབ་མོ་ཁོ་ནར་དེ་བཞིན་གཤེགས་པ་ལ་གནང་བ་ཞུས་ཏེ་སྐུ་ཆིངས་དཀྲོལ་ནས་དྲན་བཞིན་ཤེས་བཞིན་དུ་གཟིམ་པ་ལས་དུས་རྒྱུན་སྐུ་ཆིངས་མི་གྲོལ་ཞིང་ཉལ་སྙེས་འཕྲེས་པ་སོགས་ཀྱི་སྤྱོད་ལམ་འདུལ་བ་དང་མི་མཐུན་པའི་ཉེས་བྱས་ཕྲ་མོ་ཙམ་གྱི་ཀུན་སྤྱོད་ཀྱང་མི་མངའ་བ་ཡིན་ཞེས། སྔར་ཁ་བྱང་བབ་ཚུལ་དང་། གསུང་འཕྲོས་འདི་དག་རྗེ་ཉིད་ཀྱི་སྐུ་ཚེ་སྨད་ཀྱི་ཞབས་ཞུར་རྟག་ཏུ་སྡོད་པ་དགེ་བའི་བཤེས་གཉེན་པདྨ་བཟང་པོ་ལ་ནང་འཕྲོས་སུ་གནང་བ་ཙམ་ལས་གཞན་ཡོངས་གྲགས་སུ་མ་གྱུར་ཀྱང་། བླ་མ་དེ་ལས་བདག་གིས་དངོས་སུ་ཐོས་པ་ལྟར་འདིར་སྒྲོ་འདོགས་རྡུལ་ཙམ་དང་མ་འདྲེས་པར་བྲིས་པ་ཡིན་ནོ། །བདག་ཉིད་ཆེན་པོ་དེའི་དངོས་སློབ་ཀྱང་དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ་སོགས་བདག་ཉིད་ཆེན་པོ་དུ་མ་དང་། བསླབ་པ་གསུམ་གསེར་ལྟར་དག་པའི་མང་ཐོས་དགེ་བའི་བཤེས་གཉེན་ཤིན་ཏུ་མང་པོར་བྱུང་བ་འཕྲོས་དོན་དུ་སྨྲོས་ནས།སྐབས་ཀྱི་བརྗོད་བྱ་སྐུ་ཞབས་གཞན་ཕན་པ་དེ་ཉིད་ཀྱིས། གངས་ཅན་འདི་ན་འགྲན་ཟླ་དང་བྲལ་བ་རོང་ཟོམ་པཎྜི་ཏའི་གསུང་རབ་རྣམས་དབུས་གཙང་གི་ཕྱོགས་ཀུན་ཏུ་འབད་པ་སྣ་ཚོགས་ཀྱིས་བཙལ་ནས་རྙེད་པ་པོད་གཉིས་སུ་ལོང་བ་འདི་དག་སྤར་དུ་བཀོད་པར་མཛད་པའི་ཚེ།གསང་སྙིང་འགྲེལ་པ་ནི་རྗེ་དེའི་དངོས་སློབ་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་གླིང་སྤྲུལ་བའི་སྐུས་རམ་འདེགས་སུ་བསྒྲུབ་ཅིང་དེ་མིན་འཕྲོས་རྣམས་རྒྱལ་སྲས་གཞན་ཕན་པ་ཉིད་ཀྱིས་བསྐྲུན་པར་མཛད་མོད།སྙིགས་དུས་བསྟན་འགྲོ་སྤྱི་སྒེར་བསོད་ནམས་དམན་པའི་སྟབས་ཀྱིས་རྒྱལ་སྲས་གཞན་ཕན་པ་ཉིད་སྐུ་གཤེགས་ནས་མཛད་པ་འཕྲོ་ཅན་དུ་ལུས་པའི་སྤར་ཤིང་རྣམས་ཕལ་ཆེར་ཁ་བྱང་མ་བསྒྲིགས་པ་དང་། ནག་ཐུམ་བཅད་པ་དང་ཞུ་བཅོས་སོགས་མ་གྲུབ་པར་དེ་གར་ལུས་པ་ལ། སླད་ནས་སྐུ་ཞབས་གཞན་ཕན་པ་མཆོག་གི་སྤྲུལ་པའི་སྐུ་གཞན་ཕན་ཆོས་ཀྱི་སྣང་བ་ཉིད་ཀྱིས་སྐུ་ན་ཆུང་བའི་དུས་ནས་སྤར་ཤིང་ཞུ་བཅོས་སོགས་བགྱིད་འདུན་མཛད་ཀྱང་། སྟབས་ཀའི་དབང་གིས་ཕྲལ་དུ་མ་གྲུབ་ལ། ཕྱིས་སུ་ནི་ཁོང་ཉིད་ལོ་མང་པོར་བཅད་རྒྱ་དམ་པོས་བསྙེན་སྒྲུབ་ལ་གཞོལ་བའི་སྐབས་ཀྱིས་རེ་ཤིག་དེ་གར་ལུས་པ་ལ། ཁོ་བོ་མི་ཕམ་མིང་ཅན་པས་ཀྱང་སྔ་ནས་བསྟན་བཅོས་ཆེན་པོ་འདི་དག་གི་སྤར་གྱི་ཞུ་དག་རེ་བསྒྲུབ་འདུན་ཡོད་པ་དང་། གཞན་འགའ་ཟུང་གིས་བསྐུལ་མོད་ཀྱི། ནད་ཀྱིས་མི་ལྕོགས་པའི་ངང་དུ་ཅི་བྱ་མེད་པར་གྱུར་ཀྱང་། རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ལོའི་དབྱར་ཕྱོགས་ཀྱི་ཚེ། མཆོག་གསུམ་གྱི་ཐུགས་རྗེ་དང་དམ་པ་གོང་མ་རྣམས་ཀྱི་ལེགས་སྨོན་གྱི་མཐུས་སྐུ་ཞབས་སྤྲུལ་པའི་སྐུ་དང་གླེང་འཕྲོས་བྱུང་འཕྲལ་ཁོང་གིས་ཀྱང་ལེགས་སོའི་གསུང་དང་དགྱེས་པའི་གནང་སྐྱེས་བཅས་རིང་མོ་ནས་བརྣག་པ་འདི་བཞིན་ཁྱོད་ཀྱིས་སྒྲུབ་ན་ལེགས་ཚུལ་དང་། སྤར་གྱི་མ་ཕྱིའི་དཔེ་རྣམས་ཀྱང་སྐུ་ཞབས་གོང་མའི་ཕྱག་དཔེའི་ཁྲོད་དུ་ཉུལ་བས་རྙེད་ནས་གནང་བ་བཞིན། ཁོ་བོས་ཀྱང་དཔེ་བསྡུར་དང་ཚིག་དོན་ལ་རྟོག་ཞིབ་བཅུག་པས་མ་དཔེ་ཡང་ཅུང་དག་པ་ཞིག་ཏུ་འདུག་པས། ཚིག་འབྲུ་ཕྲན་བུ་ཉམས་པ་དང་། སྐབས་རེར་ཆད་པ་ཅུང་ཟད་བྱུང་སྙམ་པ་དང་། གཞུང་མཆན་འཛུད་མཚམས་བསྣོལ་བ་དང་། སྔགས་རྣམས་རྒྱུད་སོ་སོའི་དཔེ་དང་ཞིབ་བསྡུར་མ་གྲུབ་པས་རིང་ཆ་སོགས་ནོར་བ་ཕྲན་བུ་ལས། ཧ་ཅང་མི་གོ་བའི་ཡིག་སྐྱོན་ཆེན་པོ་རང་མི་སྣང་ཙམ་གྱི་ཞུས་དག་བགྱིས་ཏེ་ཕྱིན་ཆད་སྤར་བཏབ་ལོ་བ་ཉིད་དུ་གྲུབ་པ་འདི་ཡང་བསྟན་པའི་ཞབས་ཏོག་ཏུ་ཅུང་ཟད་འགྱུར་བར་སེམས་ཤིང་།དེང་སང་དུས་དབང་གིས་མི་རྣམས་ཤེས་རབ་ཞན་པའི་སྟབས་ཀྱིས།སྔ་འགྱུར་གྱི་བཀའ་དང་དགོངས་འགྲེལ་ཟབ་མོ་རྣམས་དང་། གཏེར་རྙིང་ཟོལ་མེད་བཅས་ཀྱི་གཞུང་གསེར་ཞུན་མ་ལྟ་བུ་རྒྱ་ཆེར་ཡོད་བཞིན་དུ་དེ་རྣམས་གལ་ཆུང་དུ་བཞག་ནས། མཁས་གྲུབ་ཀྱི་རྣམ་ཐར་ཡིད་ཆེས་སུ་རུང་བ་མི་སྣང་ཡང་། གྲོང་སྔགས་པ་ཕལ་མོ་ཆེ་གཏེར་སྟོན་དུ་བྱས་ཏེ་རྡོལ་ཆོས་པོ་ཏི་ཁ་གྲངས་མང་པོ། ཚིག་དོན་ཟབ་མོ་དང་མན་ངག་གི་གནད་ངོ་མཚར་བ་མ་དམིགས་ལ། སྒྲུབ་པའི་མངོན་རྟགས་ཀྱང་འདི་ཡིན་མེད་པའི་འདོན་ཆ་ཉབ་ཉོབ་དག་ལ། དེའི་རིགས་བརྒྱུད་པ་དག་གིས་རང་གི་ཕ་ཇོའི་ཆོས་ཞེས་དང་། གཞན་དག་གིས་ཀྱང་དེ་ལ་དུས་བབ་ཀྱི་ཟབ་ཆོས་ཞེས་མོས་པ་སོགས་ཀྱིས། སྔར་གྱི་ཆོས་རྙིང་རྣམས་ཀྱི་འགྲོ་དོན་སྒྲིབ་པ་མང་ཞིང་གཏེར་མ་ཡང་དག་དང་ལྟར་སྣང་དཔྱད་པར་དཀའ་བ་དར་བའི་དུས་ན་འདི་འདྲའི་ལེགས་བཤད་ཆེན་པོ་རྣམས་མཁོ་མཁན་ཉུང་མོད། གཞུང་འདི་དག་གི་ཚིག་བཞི་པ་གཅིག་གི་དོན་ཙམ་ཁོང་དུ་ཆུད་ནའང་དོན་ཆེན་པོ་མཚུངས་པ་མེད་པའི་ཕྱིར། འདི་འདྲའི་ཟབ་གནད་ཅན་གྱི་བསྟན་བཅོས་རྣམས་སྐུ་ཞབས་གོང་མས་བཙལ་ཞིང་སྤར་དུ་བཀོད་པ་ནི་བདག་ཅག་རྗེས་འཇུག་རྣམས་ལ་ཐུགས་བརྩེ་བའི་བཀའ་དྲིན་ཟླ་མེད་པ་ཡིན་པར་ཤེས་ནས་ལྟ་རྟོག་ཅི་ནུས་དགོས་པར་མངོན་ལ།སྔ་འགྱུར་པའི་རིང་ལུགས་འཛིན་པ་ལ་མཁས་གྲུབ་དུ་མ་བྱོན་མོད་ཀྱི། ཀུན་གྱི་ནང་ན་ཁྱད་པར་འཕགས་པ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཞེས་ཉི་ཟླ་ལྟར་གྲགས་པ་ཡིན་ཞིང་།བོད་སྔ་རབས་པ་ཕལ་མོ་ཆེས། སངས་རྒྱས་ལ་ཡེ་ཤེས་མི་འདོད་པ་ནི་རྒྱ་གར་ན་སློབ་དཔོན་ཟླ་གྲགས་དང་། བོད་ན་རོང་ཟོམ་ཆོས་ཀྱི་བཟང་པོའོ་ཞེས་རོང་ཟོམ་པའི་གསུང་འོལ་སྤྱི་ཙམ་ལ་བརྟེན་ནས་སློབ་དཔོན་འདིས་སངས་རྒྱས་ལ་ཡེ་ཤེས་གཏན་མི་བཞེད་པར་བཤད་པ་ནི་བདག་ཉིད་ཆེན་པོ་འདིའི་དགོངས་པའི་གཏིང་མ་རྙེད་པ་སྟེ། གང་གི་ཕྱིར་ན་སྤྱིར་འཕགས་ཡུལ་ན་སངས་རྒྱས་ཀྱི་ས་ལ་ཡེ་ཤེས་ཡོད་པར་བཞེད་པ་ནི་ཕལ་མོ་ཆེ་ཞིག་དང་། མི་བཞེད་པ་སློབ་དཔོན་དབུ་མའི་སེང་གེ་སོགས་ཀྱིས་རིགས་པ་དང་། ཇོ་བོ་ཆེན་པོས་ལུང་གི་སྒོ་ནས་བསྒྲུབ་པ་ལྟ་བུ་ཡོད་མོད་ཀྱི་དེ་དག་སོ་སོར་དགོངས་པའི་གནད་རེ་ཡོད་ལ། རོང་ཟོམ་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཐར་ཐུག་པར་རིགས་པས་དགག་པ་བརྗོད་པ་འདི་དག་ནི་གཞན་བྱུང་གི་ཡེ་ཤེས་དགག་པ་ཁོ་ན་ཡིན་ཏེ། གཞན་བྱུང་གི་ཡེ་ཤེས་ནི་རྒྱུ་ལས་སྐྱེས་པའི་འདུས་བྱས་ཀྱི་དངོས་པོ་གང་ཞིག་སློབ་པ་ནས་མི་སློབ་པའི་བར་དུ་རྒྱུན་མ་ཆད་པའི་གང་ཟག་གི་རྒྱུད་ཉི་ཚེ་བས་བསྡུས་པ་ཐེག་པ་ཐུན་མོངས་པའི་འདོད་པ་དེ་ལ་སུན་འབྱིན་གྱི་རིགས་པ་ཡང་དག་ལན་གྱིས་བཟློག་པར་མི་ནུས་པ་བསྟན་པ་འདིས། སངས་རྒྱས་ཀྱི་ཡེ་ཤེས་ནི་རང་བྱུང་འདུས་མ་བྱས་པ་གཞིར་གནས་ཀྱི་ཡེ་ཤེས་དེ་ཉིད་དག་པ་མཐར་ཐུག་དུ་གྱུར་པའི་དབྱིངས་སྒྲིབ་བྲལ་དེ་ལ་བཞེད་པས། དེ་ལྟར་ན་གང་ཟག་གི་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་འདུས་བྱས་ཅན་ཅི་ཡང་མི་མངའ་བར་བཞེད་མོད་ཀྱི་སློབ་དཔོན་འདིས། རང་བྱུང་གི་ཡེ་ཤེས་དང་། གདོད་ནས་འོད་གསལ་བའི་ཆོས་ཀྱི་དབྱིངས་དང་། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རྣམས་མིང་ཐ་དད་ཀྱང་ངོ་བོ་ཐ་མི་དད་པ་ཆོས་ཉིད་ཀྱི་ངོ་བོས་གཞི་ལ་ཡེ་ནས་ཡོད་པ་རྫོགས་པ་ཆེན་པོའི་གཞུང་འཛུགས་པ་ཡིན་པས་ན། ཡེ་ཤེས་འདུས་མ་བྱས་པ་དེ་ལ་གཞི་ལམ་འབྲས་བུའི་སྐབས་ཐམས་ཅད་དུ་འཕོ་འགྱུར་མེད་པའི་ཕྱིར། སློབ་ལམ་དུ་ཡོད་ལ་མི་སློབ་པའི་ཚེ་མེད་པའི་ཐ་སྙད་ཇི་ལྟར་བྱ་སྟེ་དེས་ན་ཡེ་ཤེས་གཏན་མེད་དུ་བཞེད་པ་མ་ཡིན་ནོ། །རྗེ་རོང་ཟོམ་ཉིད་ཀྱི་གསུངས་སངས་རྒྱས་ཀྱི་ས་ཆེན་མོ་ལས། གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བ་མ་ལུས་པ་ཡོངས་སུ་ཟད་པས། ཆོས་ཀྱི་དབྱིངས་མ་ལུས་པ་ཡོངས་སུ་དག་པར་གྱུར་པའི་དབང་ལས་ཀྱང་འབྱུང་སྟེ། རྫས་དང་ཞིང་དག་པའི་དབང་ལས་གཟུགས་བརྙན་འབྱུང་བ་ལྟ་བུའོ། །ཞེས་དང་། ཚོགས་བསགས་ཤིང་སྨོན་ལམ་བཏབ་པ་དང་། ཆོས་དབྱིངས་གློ་བུར་གྱི་དྲི་མ་མཐའ་དག་གིས་དག་པ་འདི་གཉིས་ནི་བདག་པོའི་རྐྱེན་ཡིན་ནོ། །ཞེས་དང་། སངས་རྒྱས་ཀྱི་ས་ནི་ཤིན་ཏུ་རྣམ་པར་དག་པའི་དབྱིངས་འབའ་ཞིག་གོ་ཞེས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དབང་ལས་ཀྱང་གཞན་ལ་སྣང་བའི་རྐྱེན་དུ་འགྱུར་བས། ཕྱོགས་གཅིག་ ལ་རྨོངས་པའང་མ་ཡིན་ཏེ། སྤྲོས་པ་དང་བྲལ་བའི་རྣམ་པར་དག་པར་གྱུར་པ་ཉིད་མ་ལུས་པར་མཁྱེན་པ་ཉིད་ཡིན་ནོ་ཞེས་དང་། ཐམས་ཅད་ཀྱང་ཆོས་དབྱིངས་རྣམ་པར་དག་པ་དང་། སྨོན་ལམ་གྱི་དབང་ངོ་། །ཡང་ན་དེ་དག་གི་སྟེང་དུ་ཡེ་ཤེས་ཆེན་པོའི་དབང་ལས་ཀྱང་གཟུགས་ཀྱི་སྐུ་མེ་ལོང་གི་གཟུགས་བརྙན་བཞིན་དུ་སྣང་བར་གསུངས་པ་དང་། འོན་ཀྱང་བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་པས། ཡེ་ཤེས་རྣམ་པ་གཉིས་པོ་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངོན་པར་འདོད་པའི་གཞུང་འདི་ལ་ངེས་པར་སྐུར་བ་ཡང་མི་བྱ་སྟེ། སྔོན་གྱི་སློབ་དཔོན་གསང་བ་དང་། ཉི་མའི་འོད་འཕྲོ་ལ་སོགས་པས་འདི་ལྟར་བཞེད། ཅེས་དང་། ཤིན་ཏུ་འགལ་བ་ཆེ་བ་ཡེ་ཤེས་ཀྱི་རྒྱུད་ཚོར་བ་ཅན་དང་། སྐྱེས་པའི་གཟུགས་ཅན་དང་། གཞན་ཡང་བུད་མེད་ལ་ལོངས་མི་སྤྱོད་དོ་ཞེས་དང་། བུད་མེད་ལ་ལོངས་སྤྱོད་པའི་བདེ་བ་ཡོད་པ་སོགས་གདུལ་བྱ་ལ་སྣང་བ་ཙམ་མིན་པར་སངས་རྒྱས་ལ་རང་རྒྱུད་པར་མངའ་ན་ངེས་པར་སུན་ཕྱུང་དགོས་པར་གསུངས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། འདི་དག་སྤོང་བའི་གཟུ་བོ་མི་བྱེད་ཀྱི་ཞེས་དང་། རང་རྒྱུད་པའི་ཡེ་ཤེས་དངོས་དང་མཚན་མ་ཅན་དུ་འདོད་པ་རྣམས་ལ་བརྒལ་བ་རྣམས་བསྟན་ནས། རིགས་པས་གཞལ་ན་ཆེས་ཆེ་བ་ཉིད་དུ་གྱུར་པ་འདི་ལ་ང་རྒྱལ་གྱིས་བརྩད་པའི་དོན་མ་མཐོང་ངོ་། །ཞེས་གསུངས་པ་འདི་རྣམས་ཀྱིས་ཤེས་ཏེ། གང་གི་ཕྱིར་ན་རོང་ཟོམ་པ་ཆེན་པོས་ཆོས་ཀྱི་དབྱིངས་སྤྲོས་པ་ལས་འདས་པར་དངོས་སུ་བཞེད་པར་གསལ་གྱི། མེད་དགག་སྟོང་རྐྱང་ཕྱང་ཆད་དུ་ནམ་ཡང་མ་གསུངས་པས་གནད་འདི་ལ་ཐུག་སྟེ། མཁས་པའི་དབང་ཕྱུག་འདིའི་གསུང་ཐམས་ཅད་བདེན་གཉིས་དབྱེར་མེད་པའི་གནས་ལུགས་འབའ་ཞིག་སྒྲུབ་པའི་དོན་དུ་རིགས་པའི་རྣམ་གྲངས་སྣ་ཚོགས་གསལ་བར་བཀོད་པ་བསྙོན་དུ་མེད་པ་འདིས་གྲུབ་བོ། །དབྱིངས་ཟུང་འཇུག་མ་ཡིན་པར་མེད་པ་ཕྱོགས་གཅིག་ཏུ་བཞེད་ན།གཞི་དུས་ན་ཡང་སྣང་བ་སྣ་ཚོགས་འབྱུང་བ་མི་འཐད་ལ། ལམ་གཏན་ལ་འབེབ་དུས་སུ། སྤྲོས་པ་དང་བྲལ་བ་ཡང་མི་སྲིད་དེ། མེད་པའི་སྤྲོས་པ་དང་མ་བྲལ་བར་འགྱུར་ལ། འབྲས་དུས་སུ་མེད་དགག་འབའ་ཞིག་གི་ངང་དུ་བློ་རྒྱུན་ཆད་ན། ཆོས་ཀྱི་དབྱིངས་དག་པ་གཉིས་ལྡན་མ་ལུས་པར་མཁྱེན་པ་དང་ཐུགས་རྗེ་འབྱུང་བའི་རྒྱུ་ཡང་ཅི་ཞིག་ཡོད་དེ་རི་བོང་རྭ་མེད་བཞིན་ནོ། །དེས་ན་ཆོས་དབྱིངས་སྤྲོས་བྲལ་གྱི་དོན་མ་ཤེས་པར་མེད་དགག་ཙམ་ལ་ཆོས་དབྱིངས་སུ་བཟུང་བ་དག་གིས་རོང་ཟོམ་པའི་ལུགས་འདིས་སངས་རྒྱས་ཀྱི་ས་ན་ཡེ་ཤེས་གཏན་ནས་བཀག་གོ་སྙམ་དུ་རང་བློའི་དྲི་མ་བདག་ཉིད་ཆེན་པོའི་ལུགས་དྲི་མ་མེད་པ་ལ་བགོ་བར་ཟད་དོ། །མདོར་ན་གཞི་རིག་སྟོང་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་དབྱིངས་འདི་ནི་འཕོ་འགྱུར་དང་བྲལ་བ་ཡིན་ལ། དག་པ་གཉིས་ལྡན་གྱི་ཆོས་དབྱིངས་འགོག་བདེན་མཐར་ཐུག་མངོན་དུ་མཛད་པའི་སྐབས་ན་ཇི་ལྟ་བ་འབའ་ཞིག་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ལས་ཐ་དད་པར་ཡུལ་ཅན་གྱི་ཚུལ་དུ་ཡོད་པ་དང་། སྤྲོས་པ་སྣ་ཚོགས་པ་གཟིགས་པའི་ཡུལ་ཅན་གྱི་ཡེ་ཤེས་རང་རྒྱུད་པ་མངའ་བ་མཐར་ཐུག་དཔྱོད་པའི་རིགས་པས་མི་འགྲུབ་སྟེ། ཀླུ་སྒྲུབ་ཀྱིས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མི་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་པ་ལྟར། ད་ལྟ་གཞི་སེམས་ཅན་གྱི་དུས་ན་ཡང་། ཡུལ་དང་ཡུལ་ཅན་ལ་སོགས་པ་གཉིས་སུ་སྣང་ཡང་དེ་ལྟར་གྲུབ་པ་མེད་པར་ཆོས་ཀྱི་དབྱིངས་འབའ་ཞིག་གི་རང་བཞིན་དུ་གནས་པར་གཏན་ལ་ཕེབ་དགོས་ན། གློ་བུར་གྱི་བག་ཆགས་ཀྱི་བསླད་པ་མཐའ་དག་ཟད་པའི་སངས་རྒྱས་ཀྱི་ས་ན་ལྟ་ཅི་སྨོས། དེས་ན་ཆོས་ཀྱི་དབྱིངས་ཉིད་གཞི་ཇི་བཞིན་པ་མངོན་དུ་གྱུར་པ་ལས། གཞན་པའི་རྟེན་ཅན་རང་རྒྱུད་པའི་ཡེ་ཤེས་གང་ཡང་མེད་ཅེས་བསྒྲུབ་པ་ཡིན་ཏེ། དེས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཉིད་ཡེ་ཤེས་ཐམས་ཅད་ཀྱི་དངོས་གཞི་ཡིན་ཏེ། སངས་རྒྱས་རྣམས་དེ་ལས་མ་གཡོས་པའི་ཆ་ནས་ཇི་ལྟ་བ་མཁྱེན་པ་དང་། མ་གཡོས་བཞིན་དུ་ཆོས་ཀྱི་དབྱིངས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་རྣམ་རྟོག་མེད་བཞིན་འབད་མེད་ལྷུན་གྲུབ་ཏུ་མཁྱེན་པ་ནི་ཇི་སྙེད་པ་མཁྱེན་པ་ཡིན་ཏེ་དེའི་ཕྱིར་སྟོབས་བཅུ་དང་ལྡན་པའི་མཁྱེན་པའི་ཡེ་ཤེས་ཞེས་སམ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་མདོ་རྒྱུད་ཐམས་ཅད་ལས་གསུངས་པ་ཡིན་གྱི། ཆོས་དབྱིངས་རྣམ་དག་མངོན་དུ་གྱུར་པ་ལས་ལྷག་པའི་ཡེ་ཤེས་རང་རྒྱུད་པ་གང་ཡང་མི་དགོས་སོ། །དེའི་ཕྱིར་ནང་དབྱིངས་ཀ་དག་ཆེན་པོའི་སྦུབས་སུ་གཟུང་འཛིན་གྱི་དྲི་མ་བག་ཆགས་དང་བཅས་པའི་སྒྲིབ་པ་གཏན་མེད་དུ་སོང་བའི་མཉམ་བཞག་སྣང་མེད་ཀྱི་དབང་དུ་བྱས་ཏེ། རྫོགས་ཆེན་གྱི་གཞུང་རྣམས་སུ་ཡང་སྐུ་དང་ཡེ་ཤེས་སོགས་གཉིས་ཆོས་ཐམས་ཅད་མེད་པར་བཤད་པ་དེའི་དབང་དུ་བྱས་ཏེ་བླ་མ་རོང་བས་ཀྱང་མཐར་ཐུག་གི་ས་ལ་སྤྲོས་པ་མེད་ཚུལ་རིགས་པས་བསྒྲུབ་པ་རྩལ་དུ་བཏོན་པ་ཡིན་ཞེས་རྒྱལ་དབང་ཀློང་ཆེན་རབ་འབྱམས་ཀྱིས་གསུངས། བོད་སྟོན་ཕལ་མོ་ཆེས་སངས་རྒྱས་ལ་གཉིས་སུ་མེད་པའི་ཡེ་ཤེས་རྣམ་དག་འབའ་ཞིག་མངའ་བའི། མ་དག་པའི་སེམས་ཅན་གཟིགས་པ་སོགས་ཇི་སྙེད་པའི་ཡེ་ཤེས་སངས་རྒྱས་རང་སྣང་ལ་མི་མངའ་བར་བཞེད་མོད་ཀྱི། རོང་ཟོམ་པ་ཆེན་པོས་ནི་ཆོས་དབྱིངས་རྣམ་དག་འབའ་ཞིག་མ་གཏོགས་པའི་ཇི་ལྟ་བའམ་མི་རྟོག་པའི་ཡེ་ཤེས་ཀྱང་ཇི་ལྟར་ཁྱེད་ཅག་གིས་དག་པ་འཇིག་རྟེན་པའི་ཡེ་ཤེས་མི་མངའ་བར་བཞེད་པ་དེ་དང་འདྲ་བར་མགོ་མཉམ་པར་བསྒྲུབ་པ་འདིས། སངས་རྒྱས་ཀྱི་ས་ན་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་གཉིས་པོ་ཡོད་ན་ཡོད་མཉམ་མེད་ན་མེད་མཉམ་དུ་གྲུབ་པའི་ཕྱིར། སངས་རྒྱས་ཀྱི་ས་ནི་ཆོས་དབྱིངས་རྣམ་པར་དག་པ་ཙམ་དུ་གྲུབ་ཀྱང་ཆོས་དབྱིངས་དེ་ཉིད་ལ་ལྡོག་པས་ཕྱེ་ན་ཇི་་ལྟ་ཇི་སྙེད་མཁྱེན་པ་གཉིས་ཀ་ཡང་བསྒྲུབ་རུང་སྟེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལས་གཞན་དུ་གྱུར་པ་རྡུལ་ཙམ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱལ་དབང་པདྨ་སམ་བྷ་བའི་གསང་སྔགས་ལམ་རིམ་དུ།རྟེན་བཅས་རྟེན་མེད་ངོ་བོ་ཉིད་དོན་བྱེད། །ཅེས་མཐར་ཐུག་སངས་རྒྱས་ཀྱི་ས་ན། གཞན་དོན་འབྱུང་བ་ལ་རྟེན་ཡེ་ཤེས་རང་རྒྱུད་པ་འདོད་པ་སེམས་ཙམ་པ་སོགས་དང་། དེ་འདྲའི་རྟེན་མེད་ཀྱང་སྨོན་ལམ་གྱི་དབང་གིས་གཞན་དོན་འབྱུང་བ་དབུ་མ་པ་རྣམས་དང་། དེ་གཉིས་ཀའི་མཐར་མ་ལྷུང་བ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་རྩོལ་བ་མེད་པ་ངོ་བོ་ཉིད་ཀྱིས་གཞན་དོན་བྱེད་པ་རྫོགས་པ་ཆེན་པོ་སོགས་སྔགས་རྒྱུད་རྣམས་ཀྱི་དགོངས་པ་སྟེ། གསང་སྙིང་ལས།ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་ཀུན་གནས་མ་ལུས་སྣང་།།ཞེས་དང་། རྫོགས་ཆེན་གྱི་རྒྱུད་རྣམས་སུ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཞེས་གསུངས་པ་ལྟར། རོང་ཟོམ་པ་ཆེན་པོས་རྟེན་མེད་ཀྱང་སྨོན་ལམ་གྱི་དབང་གིས་ཇི་ལྟར་འཕངས་པ་ལྟར། ཞིང་དག་པ་དང་མ་དག་པ། སྐུ་ཚད་སྐུ་མདོག་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་། རང་རྒྱུད་ཀྱི་བསྡུས་པའི་རྟེན་རང་མཚན་པ་མེད་པར་བསྒྲུབ་ཀྱང་ཆོས་དབྱིངས་རྣམ་དག་ངོ་བོ་ཉིད་སྐུས་བྱིན་རླབས་ཀྱིས་དོན་བྱེད་པར་བསྒྲུབ་པས་མཐར་ངོ་བོ་ཉིད་ཀྱིས་དོན་བྱེད་པ་སྔགས་རྒྱུད་རྣམས་ཀྱི་དགོངས་པར་ལ་བཟླ་བ་ཡིན་ནོ། །ཧ་ཅང་སྤྲོས་པས་ཆོག་ཀྱང་མདོ་ཙམ་བསྟན་པ་ཡིན་ལ། འདི་ཙམ་ཞིག་མི་བརྗོད་ཀ་མེད་ཡིན་ཏེ། ཆོས་དབྱིངས་ཞེས་པ་སྟོང་རྐྱང་ཙམ་ལ་འཛིན་པ་མཐར་ཐུག་གི་དོན་ལ་ཕྱོགས་སུ་མ་ཕྱིན་པ་དག་གིས་བདག་ཉིད་ཆེན་པོ་འདིའི་གསུང་ཟབ་ཅིང་བརླིང་བ་ཐོས་ན་ཤིན་ཏུ་སྐྲག་ཅིང་མི་མོས་པའི་དོགས་པ་སེལ་བའི་ཕྱིར་ཡིན་ཏེ་གལ་ཏེ་ངེས་པར་སངས་རྒྱས་ལ་མཁྱེན་པ་གཉིས་པོ་མེད་ངེས་སུ་གོ་ན། རྣམ་པ་ཐམས་ཅད་མཁྱེན་པ་ནི་རི་བོང་གི་རྭའི་རྗེས་སུ་སོང་ནས་འབྲས་བུའི་མཆོག་ལ་བསྐུར་བ་འདེབས་པ་དང་། རྣམ་མཁྱེན་མེད་ན་གདུལ་བྱ་རྣམས་ལ་ལམ་མ་ནོར་བ་སྟོན་པའི་སངས་རྒྱས་མེད་ཅིང་། དེ་མེད་ན་ཆོས་དང་དགེ་འདུན་ཡང་ཡོད་པར་དཀའ་བའི་ཕྱིར་ཐེག་པ་ཆེན་པོའི་ལམ་དང་འབྲས་བུ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །དེས་ན་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་དབྱིངས་སྤྲོས་པ་བྲལ་བའི་དོན་གཏན་ལ་ཕེབ་ན་དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་ཉིད་ཡེ་ཤེས་ཀྱི་སྐུ་ཤེས་རབ་ཀྱི་དབང་པོས་མངོན་དུ་བྱས་པ་ཡིན་ཏེ། མགོན་པོ་ཀླུས། དེ་བཞིན་གཤེགས་པ་སྤྲོས་འདས་ཤིང་། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ་། །ཞེས་དང་། མདོ་ལས། གང་དག་ང་ལ་གཟུགས་སུ་མཐོང་།།སོགས་ཀྱི་ལུང་དོན་ལྟར།དེ་བཞིན་གཤེགས་པའི་རང་བཞིན་གཏན་ལ་འབེབ་པ་ལ་རོང་ཟོམ་པ་ཆེན་པོའི་གསུང་དང་མཚུངས་པ་གཞན་མེད་པ་ཡིན་ནོ། །དེས་ན་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ནི་ཐེག་པའི་རྒྱལ་པོ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་དགོངས་པ་བཞིན་དུ་མཐར་ཐུག་དགོངས་པ་དབྱེར་མེད་ཡིན་པ་ཤེས་པར་བྱའོ། །དེ་ལྟར་འཕྲོས་དོན་གལ་ཆེ་བ་ཅུང་ཟད་བརྗོད་ནས། གཞུང་གི་བཞུགས་བྱང་དཀར་ཆག་དངོས་ལ། དང་པོར་གླེགས་བམ་ཨ་པ་ལ།དཔལ་གསང་བ་སྙིང་པོའི་ཊཱི་ཀ་དཀོན་མཆོག་འགྲེལ་དུ་གྲགས་པ་ལྡེབ་ཉིས་བརྒྱ་བཞི་བཅུ་བཞུགས། སྤར་ཤིང་རྣམས་ཁ་བྱང་བསྒྲིག་ཅིང་ལྷན་ཅིག་ཡོད་ན་ལེགས་ཀྱང་འདི་སྐབས་གསང་འགྲེལ་ལོགས་སུ་ཡོད་པས་དཔེ་བདག་པའི་སྟབས་ཀས་ལྷན་ཅིག་མ་བཞག་ལ་ཞུས་དག་ཀྱང་ཞིབ་ཆ་མ་གྲུ་ཡང་འདི་ལ་སྔར་ནས་མ་དཔེ་སྤར་མ་སོགས་ཡོད་པས་དཔེ་ཅུང་དག་འོང་ངམ་སྙམ། འོན་ཀྱང་སྤར་བཏབ་མི་རྣམས་ཀྱིས་པོད་གཉིས་ཁ་ཚང་བར་བྱས་ན་ལེགས། རྒྱུད་ཀྱི་ཁོག་དབུབ་འབྲིང་པོའང་གསང་འགྲེལ་དང་ལྷན་དུ་སྤར་འཁོད་འདུག་ཀྱང་། ཁ་བྱང་བསྒྲིག་སྐབས་མ་མཐོང་བས་དཀར་ཆག་ཏུ་མ་ཐེབ་ཀྱང་། རྒྱུད་འགྲེལ་གྱི་ཀླད་དུ་བཞུགས་པར་བྱོས་ཤིག །རྒྱུད་ཀྱི་ཁོག་དབུབ་ཆུང་ངུ་ལྡེབ་གཅིག འཇམ་དཔལ་མཚན་བརྗོད་ཀྱི་སྤྱི་འགྲེལ་ལྡེབ་སོ་ལྔ། མན་ངག་ལྟ་ཕྲེང་གི་རྩ་བ་སློབ་དཔོན་པདྨས་མཛད་པ་ལྡེབ་བརྒྱད། དེའི་འགྲེལ་པ་རོང་ཟོམ་པ་ཆེན་པོས་མཛད་པ་ལྡེབ་ང་ལྔ། འདི་སྔར་གྱི་ཡིག་རྙིང་ལྟར་སྤར་འཁོད་པས་འ་མཐའ་དང་ད་དྲག་མ་བསྡུས་པ་གི་གུ་ཕྱིར་ལོག་སོགས་སུ་བྲིས་པ་ཉམས་མཚར་དུ་མ་བཅོས་པ་དེ་གར་བཞག །སྔགས་དོན་རྡོ་རྗེ་རབ་འབྱེད་ཀྱི་འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་དཀྱིལ་ཆོག་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ། རོང་ཟོམ་འགྱུར་ལྡེབ་བཅུ་བཞི། རྡོར་སེམས་སྒྱུ་དྲྭའི་ལུགས་ཀྱི་ལས་བཞིའི་སཱཙྪ་གདབ་ཆོག་རོང་ཟོམ་པས་མཛད་པ་ལྡེབ་བཅུ་དྲུག རྡོ་རྗེ་གཙུག་ཏོར་དང་ཚེ་དཔག་མེད་ལྷ་རྒྱུད་ཀྱི་སྒོ་ནས་མཆོད་རྟེན་གདབ་པ་རོང་ཟོམ་གསུང་ལྡེབ་བརྒྱད། རོང་ལུགས་གདུང་བསྲེག་གི་ཐོ་ཡིག་ལྡེབ་གཉིས། ཆེ་མཆོག་གི་སྒོམ་ཁོག་ལྡེབ་བཞི། ཞི་བ་འབྲིང་པོ་དང་སྣང་བ་དམ་པ་རྒྱན་གྱི་སྔགས་རྒྱ་དཔེ་ལ་གཏུགས་ནས་དག་པར་བྱས་པ་ལྡེབ་དགུ་བཅས་སྔ་དུམ་ལ་ལྡེབ་གྲངས་སུམ་བརྒྱ་དང་དགུ་བཅུ་གོ་གཉིས་བཞུགས། པོད་གཉིས་པ་ཨཱ་པ་ལ། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་བསྟན་བཅོས་དཔལ་རོང་ཟོམ་པཎྜི་ཏ་ཆེན་པོས་མཛད་པ་ལྡེབ་བརྒྱ་དང་ཞེ་བརྒྱད། དེ་བཞིན་དུ་གསང་སྔགས་ཀྱི་ཚུལ་གྱི་སྣང་བ་ལྷར་བསྒྲུབ་ཆེན་མོ་ལྡེབ་བཅུ་གཉིས། ལྟ་བའི་བརྗེད་བྱང་ཆེན་མོ་ལྡེབ་ཉེར་བཞི་དང་། དེ་འཕྲོས་གསུང་ཐོར་བུ་སྣ་ཚོགས་ཕྱོགས་བསྡུས་བཅས་ཁྱོན་ལྡེབ་བརྒྱ་དང་སོ་དྲུག་ལ་ལྡེབ་ཉེར་བཞི་པ་གོང་འོག་གཉིས་ཡོད། གསུང་ཐོར་བུ་བ་ལ་ནང་གསེས་སུ། གྲུབ་མཐའ་སོ་སོའི་བདེན་གཉིས་ཀྱི་འཇོག་ཚུལ། རྒྱུ་འབྲས་ཀྱི་ཐེག་པའི་བྱེ་བྲག་ཆེན་མོ།མཆོད་པ། བསྒྲལ་བ། གསང་སྔགས་ལམ་གྱི་མཚན་ཉིད། མདོ་སྔགས་ཀྱི་གྲུབ་མཐའ་མཐུན་མི་མཐུན་མདོར་བསྡུས་ཀྱི་བསྐྱུད་བྱང་། སྦྲུལ་ནག་པོའི་སྟོང་ཐུན། སངས་རྒྱས་ཀྱི་ས་ཆེན་པོ་ཞེས་གྲགས་པ། རྒྱུད་སྤྱིའི་དངོས་པོ་གསལ་བར་བྱེད་པའི་ཡི་གེ །དབང་གི་རབ་བྱེད། དམ་ཚིག་ཉེར་བརྒྱད་ཀྱི་གནང་བཀག་གི་ཡི་གེ །གསང་སྔགས་ཀྱི་བཟླས་བརྗོད་བྱ་ཐབས་ཀྱི་ཡན་ལག །རང་བྱུང་ཡེ་ཤེས་ཆེན་པོ་འབྲས་བུ་རོལ་པའི་དཀྱིལ་འཁོར་དུ་ལྟ་བའི་ཡི་གེ་རྣམས་སུ་ཡོད་དོ། །རབ་གནས་རྩ་བ་ཞེས་པ་ལྡེབ་གཉིས། རབ་གནས་བཤད་སྦྱར་ལྡེབ་སོ་ལྔ། རབ་གནས་ཆོ་ག་ལྡེབ་ཉེར་དྲུག་བཅས་སྔར་སྤར་དུ་བཀོད་ཟིན་དང་། དེ་སྟེང་གྲུབ་མཐའི་བརྗེད་བྱང་ཡིག་རྙིང་འ་མཐའ་ད་དྲག་སོགས་མ་བསྡུས་པ་ཞིག་འདུག་པ་དེང་སང་གི་བརྡ་དག་ལྟར་བཅོས་ནས། ཡིག་སྐྱོན་རྣམས་བསལ་བར་བྱས་པ་གསར་དུ་སྐུ་ཞབས་སྤྲུལ་པའི་སྐུས་སྤར་དུ་བསྒྲུབས་པ་ལྡེབ་སུམ་བཅུ་ཐམ་པ་བཅས་ཁྱོན་ཕྱི་དུམ་འདིར་ལྡེབ་གྲངས་སུམ་བརྒྱ་དང་དགུ་བཅུ་བཅས་བཞུགས་སོ། །ད་དུང་ཡང་མཁས་པའི་དབང་ཕྱུག་ཆེན་པོ་འདིའི་གསུང་ཆེ་ཕྲ་ཅི་རིགས་གང་ཟག་བློ་ལྡན་དག་གིས་བཙལ་ན་དབུས་གཙང་སོགས་སུ།སྔར་གྱི་ཡིག་རྙིང་རྣམས་ཀྱི་ཁྲོད་དུ་རྙེད་པར་སྲིད་ལ་རྙེད་ན་གོ་རིམ་ངེས་པ་མེད་པར་འདིའི་འཕྲོ་མཐུད་དེ་དབྱངས་བཅུ་དྲུག་གི་རིམ་པས་པོད་གྲངས་སུ་བསྒྲིག་པར་བྱ་བའི་རྟེན་འབྲེལ་འཕྲོ་ཅན་དུ་བྱས་པ་ཡིན་ནོ། །ཐེག་ཚུལ་ལ་ཡིག་རྙིང་གི་བརྡ་ལྟར་བྲིས་པ་ཆེས་མང་ཡང་ཅི་རིགས་བཀླག་བདེ་བའི་ཕྱིར་བཅོས་པར་བྱས། ད་དུང་ཡང་གསུང་རྣམས་རྙེད་སྲིད་ན་བརྡ་དག་སྐད་གསར་བཅད་དེང་སང་གི་ལུགས་ལྟར་བཅོས་ན་བཀླག་བདེ་བར་སྣང་། གཞན་ཡི་གེའི་བརྡ་དག་རེ་ཟུང་དག་ཡིག་ལྟར་བཅོས་རྒྱུ་འདུག་ཀྱང་དོན་གྱི་གོ་བ་ལ་མི་གནོད་པ་རྣམས་རང་སར་བཞག །ཚིག་ཕྲད་རེ་ཟུང་ཙམ་རེ་བསྣན་ན་གོ་བདེ་བར་ཕན་ཡང་མ་དཔེ་སོར་བཞག་ལྟར་མ་བཅོས་པར་བཞག་གོ །རོང་ཟོམ་པ་ཆེན་པོའི་གསུང་འདི་རྩོམ་གཤིས་རྒྱ་གཞུང་དང་འདྲ་ཞིང་། དོན་རྒྱ་གཞུང་ཆེན་པོ་རྣམས་མ་གཏོགས་ཕལ་གྱིས་དོ་ཟླ་མེད་པར་གྲུབ་པས་གསུང་རེ་ཟུང་བསྟན་འགྱུར་གྱི་ཁྲོད་དུ་ཡང་མཛད་བྱང་མ་ཕོག་པར་བཞུགས་པ་འདྲ་སྙམ།འདིའི་གསུང་ཆེ་ཕྲ་གང་ཡང་རིགས་པའི་རླབས་དང་ཚིག་གི་ནུས་པ་མཆོག་ཏུ་གྱུར་པས་དོན་གོ་རྒྱུ་གཞན་དང་མི་འདྲ་བ་ཡིན་པ་དེའི་ཕྱིར་གཅེས་སྤྲས་བྱ་བ་དང་། ནན་ཏན་གྱིས་བལྟ་ཞིང་དཔྱད་པ་གཅེས་སོ་ཞེས་བློ་ལྡན་ཀུན་ལ་གསོལ་བ་འདེབས་ཏེ། ཅི་ཡི་ཕྱིར་ན། རྒྱལ་ཚབ་མ་ཕམ་པའི་ཞལ་ནས། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱི་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོག་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་འགྱུར་པའི་ཕྱིར་རོ། །སླར་ཡང་སྨྲས་པ། དམ་པ་རྣམས་ཀྱི་གཞན་ཕན་ཐུགས་བསྐྱེད་དང་། །མཁས་པ་རྣམས་ཀྱིས་ལེགས་པར་བཤད་པའི་གཞུང་། །བསྟན་འགྲོའི་ཕན་བདེ་སྤེལ་བའི་གསོས་མཆོག་སྟེ།།ཚུལ་འདིར་མོས་པར་མི་འགྱུར་བློ་ལྡན་སུ། །མེ་ཁྱེར་མར་མེ་རྒྱུ་སྐར་ཟླ་ཉི་བཞིན། །བློ་ཡི་ནུས་པས་མཁས་རྣམས་ཁྱད་འབྱེད་ཀྱང་། །མཁས་པའི་ནང་ན་མཁས་པ་ཕུལ་བྱུང་དུ། །གྲགས་པའི་གདུགས་དཀར་མངོན་མཐོ་རོང་ཟོམ་པའི། །རིགས་པའི་རལ་གྲིས་ཕ་རོལ་རྒོལ་བའི་དཔུང་། །གཞོམ་པའི་གསུང་རབ་སེང་གེའི་སྒྲ་ཆེན་པོ། །འདི་དང་མཚུངས་པ་གཞན་ན་མ་དམིགས་ཞེས། །བློ་གྲོས་མིག་ལྡན་ཀུན་གྱིས་མཚུངས་པར་བསྔགས། །ད་དུང་དུ་ཡང་མ་འོངས་བློ་ལྡན་རྣམས། །འདི་ཡི་གསུང་རབ་རིགས་པའི་དབལ་རྣོན་པོའི། །ལྕེ་བདུན་གར་གྱིས་འཁྱུག་པ་ལེགས་ལྟོས་དང་།།དེ་ནས་ངོ་མཚར་ཆོས་ཀྱི་ལྟད་མོ་མཐོང་། །དངོས་ཞེན་དྲྭ་བ་མ་ལུས་ཡོངས་གཅོད་པས། །དམན་པའི་ཡིད་ཅན་འཇིགས་པ་བསྐྱེད་པའི་དབྱིངས། །སྤྲོས་མེད་མཉམ་པ་ཉིད་ཀྱི་ཆོས་ཚུལ་ཉིད། །ཆོས་ཀྱི་བཟང་པོས་རིགས་པའི་ལམ་ནས་བསྟན། །དེ་ཕྱིར་ལེགས་བཤད་རིན་ཐང་མེད་པའི་གཏེར།།དུ་མར་འཕྲུལ་པའི་ཆོས་སྦྱིན་འདིར་འབྲེལ་བའི། །ལེགས་བྱས་ཉི་ཟླའི་འོད་ཟེར་རབ་འབར་བས། །ས་གསུམ་སྙིང་གི་མུན་པ་འཇོམས་གྱུར་ཅིག །ཐུབ་བསྟན་པདྨའི་དགའ་ཚལ་རབ་རྒྱས་ཤིང་། །སྐྱེ་དགུའི་བདེ་སྐྱིད་འབྲས་བཟང་གཡུར་དུ་ཟ། །ཐེག་མཆོག་བདུད་རྩིའི་འགྲོ་ཀུན་ལེགས་ཚིམ་ནས། །རྣམ་གྲོལ་མཆོག་གི་གོ་འཕང་འཐོབ་པར་ཤོག །ཅེས་དཀར་ཆག་མདོར་བསྡུས་འདི་ཉིད་རུ་དམ་ཡང་དབེན་དུ་མི་ཕམ་པས་ཤིང་འབྲུག་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་ལྔ་ལ་རྫོགས་པར་བཀོད་པ་མངྒ་ལཾ།། །།

དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་བཟང་པོའི་རྣམ་ཐར།

༄༅། །དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་བཟང་པོའི་རྣམ་པར་ཐར་པ་བཞུགས། །

༄༅། །དགེ་བའི་བཤེས་གཉེན་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོ་ཞེས་བྱ་བ། བོད་ཀྱི་པཎྜི་ཏ་ཆེན་པོར་གྲགས་པ་དེ་ནི། བོད་རུ་བཞིའི་ནང་ནས་རུ་ལག་གཙང་སྨད་ཀྱི་སྣང་ཀླུ་ས་རོང་དུ་སྐུ་འཁྲུངས་ཏེ། དེ་བས་ཅུང་སྔ་བར་ཡུལ་ཁམས་སུ། སློབ་དཔོན་སྨྲི་ཏི་ཛྙཱ་ན་ཀཱིརྟི་སློབ་དཔོན་འདི་སྔོན་རྒྱ་བོད་འགྲུལ་ཆད་ལྟས་བརྙེལ་མའི་བརྗེད་བྱང་དར་ཞིང་། རྟོག་ཆོས་ཀྱི་མགོ་བྱུང་བའི་དུས་སུ་བྱོན་པ་ཡིན་ཏེ། ལོ་ཙཱ་བ་མ་རྙེད་ནས་པོད་ཀློག་བསླབ་ནས་རང་འགྱུར་དུ་མཛད་པ་འདི་ཙམ་གཅིག་ཡིན་ནོ། །དུས་དེ་ཙམ་ན་པྲི་ཀ་མཱ་ལ་ཤཱི་ལའི་གནས་ན་སློབ་དཔོན་ཤནྟི་པ་ལ་སོགས་པ་མཁས་པ་བརྒྱད་བཞུགས་པ་ཡིན་སྐད། ཞེས་བྱ་བའི་པཎྜི་ཏ་དོན་དང་ལྡན་པ་ཞིག་བྱོན་ནས། རྒྱུད་འགའ་ཞིག་གི་འགྱུར་ཡང་བཅོས། ཐ་བ་ན་ལ་སོགས་པའི་གསང་སྔགས་ཀྱི་འགྲེལ་པ་དང་། འཇམ་དཔལ་གསང་ལྡན་ལ་སོགས་པའི་སྒྲུབ་ཐབས་མཚན་བརྗོད་ཀྱི་འགྲེལ་པ་བར་མ་བསྒྱུར་འཇིག་རྟེན་སྣང་བྱེད་ཟླ་བའི་ནོ་པི་ཀ་ལ་སོགས་པ་སྒྲུབ་ཐབས་མང་པོར་བསྒྱུར། སྒྲའི་བསྟན་བཅོས་སྨྲ་སྒོ་མཚོན་ཆ་འགའ་ཞིག་ཀྱང་མཛད་ནས་སྐུ་འདས་ཏེ། དེ་ཉིད་རོང་དུ་འཕོས་པ་དགེ་བཤེས་དེ་ཉིད་ཡིན་པར་ཡང་གྲགས་སོ། །འདི་ལ་ལོ་རྒྱུས་ཅུང་ཟད་ཡོད། ཁ་ཅིག་ན་རེ། ཨ་ཙ་ར་ཕྲ་ལ་རིང་མོ་ཞེས་བྱ་བའི་པཎྜི་ཏ་ཞིག་ཁམས་སུ་བྱོན་ནས། གསང་བ་འདུས་པའི་རྒྱ་ཆེ་འགྲེལ་པ་ཆེན་པོ་ལ་སོགས་པ་བསྒྱུར་ཏེ་བཤད་པ་མཛད་ནས། ཨ་ཙ་ར་དེ་འདས་ཏེ་སྐྱེ་བ་འཕོས་པ་དགེ་བཤེས་རོང་ཟོམ་ལོ་ཙཱ་ཡིན་ཀྱང་ཟེར་རོ། །གཞན་ཡང་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བ་མངོན་པར་ཤེས་པ་དང་ལྡན་པ། ཡོན་ཏན་མང་པོ་མངའ་བའི་པཎྜི་ཏ་དེ་ཉིད། བླ་མ་ཆེན་པོ་འཇལ་བས། ཇོ་བོའི་ཞལ་ནས་རྒྱ་གར་གྱི་ཨཱ་ཙཱརྱ་ནག་པོ་ཞབས་ཆེན་པོ་སྤྱོད་པ་པ་དེ་ཉིད་ཚེ་འཕོས་པ། ཇོ་བོ་འདི་ཁོ་ན་ཡིན་ཏེ། ཁོ་བོའི་འདི་དང་ཆོས་ཀྱི་གཏམ་བྱ་བ་ག་ལ་ཐུབ་ཅེས་ངེས་པར་གསུངས་སྐད། སྐྱེས་བུ་དེ་ནི་གང་ཟག་ལ་ལ་བདེ་བར་གཤེགས་པའི་སྤྲུལ་པ་ཡིན་ཞེས་ཀྱང་གྲགས་ལ། དེ་ཡང་ཕལ་ཆེར་འཕགས་པ་འཇམ་དཔལ་གྱི་སྤྲུལ་པར་གྲགས་ཏེ། འདི་ལྟར་དགུང་ལོ་བཅུ་གསུམ་མན་ཆད་ལ། དགུང་ལོ་བཅུ་གཅིག་པ་ལ་མཚན་ཉིད་གསན་ནས། བཅུ་གཉིས་པ་ལ་ཡབ་ཀྱིས་བསྐྱལ་ནས་འགར་ཚུལ་ཁྲིམས་བཟང་པོ་ལ་སྔགས་གསན། གཞན་ཡང་བཅུ་གསུམ་པ་ལ་མཁས་པ་མདོ་སྟོན་སེང་གེ་རྒྱལ་མཚན་བྱ་བ་ལ་ཡང་གསན་སྐད་གསན་པ་རྫོགས་པ་དང་འདྲ་བར་མཁྱེན་པ་ཆེ་བར་གྱུར་ལ། ཤེས་བྱ་ཐམས་ཅད་ལ་མ་རྨོངས་ཞེས་གྲགས་སོ། །གཞན་ཡང་ཁོང་ཉིད་ཀྱི་ཞལ་ནས་བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་མ་ཐོས་པ་མེད་དོ། །ཐོས་པ་ཆེ་བ་ཡང་མ་ཡིན་ཏེ་ཆོས་ཕལ་ཆེ་ལ་ཚར་རེ་ལས་མ་ཐོས་ཞེས་གསུངས་སྐད་དོ། །རི་དང་བྲག་ལ་སོགས་པར་བཞུགས་ནའང་། དེ་ན་མི་མ་ཡིན་ཡོད་པ་ཐམས་ཅད་མཁྱེན་ཏེ། འདི་ན་འདི་ལྟ་བུའི་མི་མ་ཡིན་པ་ཞིག་སྣང་ཏེ། སྲོག་གི་སྙིང་པོ་ནི་འདི་སྐད་བྱ་བ་ཡིན། དེ་སྒྲུབ་ན་མཐུན་རྫས་འདི་ལྟ་བུ་ཡིན། གྲོགས་འདི་བྱེད། སྐྱོན་འདི་འདྲ་ཡོད་བྱ་བ་གསུངས་སྐད། སྐྱེས་བུ་དེ་ནི་ཟབ་ལ་རྒྱ་ཆེ་བའི་ཤེས་རབ་དྲི་མ་མེད་པ་དང་ལྡན་པས། རྒྱ་གར་ཆོས་བཟང་བ་མདོ་རྒྱུད་དམ་བསྟན་བཅོས་སུ་གཏོགས་པ་སྔར་མ་གཟིགས་པ་མཐའ་དག་ལ་ཚར་རེ་རེ་གཉིས་གཉིས་གཟིགས་པས་མཁྱེན་ཅིང་། ཚིག་དང་དོན་མ་ལུས་པ་ཐུགས་ལ་ཟིན་ཅིང་ཐམས་ཅད་མི་བརྗེད་པའི་གཟུངས་ཐོབ་ཅེས་གྲགས་སོ། །གཞན་ཡང་ཙན་ཀ་ལ་སོགས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་། ཚད་མའི་བསྟན་བཅོས་དང་། རིག་བྱེད་ཀྱི་བསྟན་བཅོས་དང་། དོན་དུ་འགྱུར་བའི་ཚིགས་བཅད་དང་། སྙན་ངག་མང་པོ་མཁྱེན་པ་ཡིན་ལ། ཐུགས་རྗེ་ཡང་ཤིན་ཏུ་ཆེ་བས་ཆོས་ལ་མོས་པའི་མི་རྣམས་དང་། ཆོས་ཀྱི་གང་ཟག་དང་། ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་ཞུགས་པ་དང་། གསང་སྔགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པར་འདོད་པའི་གང་ཟག་དགེ་བ་ཅན་རྣམས་ལ་ཕན་གདགས་པའི་དགོངས་པ་བཟང་པོ་མངའ་བས་ཕྱིན་ཅི་མ་ལོགས་པའི་གདམས་པས་ནན་ཏན་དུ་ཕན་འདོགས་པར་མཛད་པ། མངོན་པར་ཤེས་པའི་ཆ་དང་ལྡན་ཞིང་སེམས་ཅན་འདུལ་བའི་དུས་དང་ཚད་ལ་མཁས་པས། འགྲོ་བ་ཕལ་པ་དང་། ཆོས་ཀྱི་བློ་བསྒྱུར་བ་རྣམས་ཚེ་འདི་དང་ཕྱི་མ་གཉིས་ཀ་བདེ་བ་ལ་འགོད་པའི་ཕྱིར་འཇར་ཞིང་འགྲིག་པའི་བསྟན་བཅོས་ཉིད་ཀྱི་ཞལ་སྔ་ནས་ཕྱུང་སྟེ། དེ་དག་ལ་ཕན་འདོགས་པ་ལ་དུས་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱིས་བློ་མ་བསྒྱུར་བའི་སྐྱེ་བོ་ཕལ་པ་ལ་ཡང་སེར་སྣ་དང་གནོད་སེམས་སྤངས་ནས་ཐུགས་རྗེའི་ཡུལ་དུ་མཛད་དེ་མིག་གི་འབྲས་བཞིན་མཛད་ཅིང་བདེ་བ་ལ་འགོད་པ། སྡོམ་པ་དང་ཐུགས་དམ་ལ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་པར་མཛད་ཅིང་། དེའི་ཕྱིར་དམ་ཚིག་མདོ་རྒྱས་ལ་སོགས་མང་དུ་མཛད། གཞན་ཡང་དེ་ལ་འགོད་པ་དང་། དམ་པའི་ཆོས་རྩོམ་པ་ན་གླེགས་བམ་བསྡུ་ཞིང་གཟིགས་པ་ལ་སོགས་པའི་རྩོལ་བ་མ་མཛད་ཀྱང་ཆོས་ཕྱོགས་མེད་ལ་ཐོགས་རྡུགས་མེད་པར་མཁྱེན་ནུས་པར། དེས་མཛད་པའི་ཆོས་ཐམས་ཅད་ཀྱང་ལུང་དང་རིགས་པ་དང་བླ་མས་ཉེ་བར་བསྟན་པ་དང་མི་འགལ་ཞིང་སྒྲ་སྐྱོན་དང་དོན་སྐྱོན་དང་རྣམ་པར་བྲལ་བས། ཨུ་པ་ཏི་ཀ་ཞེས་བྱ་བའི་སྒྲ་གཏན་ལ་ཕབ་པའམ། ཉེ་བར་བསྟན་པ་སྟེ། དོན་ལ་མན་ངག་ཅེས་པ་ལོ་ཙཱ་བ་རྣམས་ཀྱིས་བརྟགས། གཞན་མཚམས་ནོར་སྒ་པ་དང་། སྤང་ཀ་དང་ཆུ་དང་། ལོ་ཙཱ་བ་འགོས་ལྷས་ཙ་དང་། རྒྱ་རྒྱར་ཚུལ་དང་། ཡང་ཁྱེར་བླ་མ་ལ་སོགས་པ་མཁས་པར་གྲགས་པ་གང་གིས་ཀྱང་རྩོད་པར་མི་ནུས་པར་གྲགས་པའོ། །དེ་ཉིད་ནི་ཐོག་མ་ནས་ཧ་ཅང་མ་འབད་པར་སཾ་སྐྲ་ཏའི་སྐད་ལ་སོགས་པ་རྒྱ་གར་གྱི་སྒྲའི་སྐུ་བྱིས་པ་ཆུང་ངུའི་དུས་ནའང་། ཨ་ཙ་ར་འདུག་ཚད་སྤྲོ་ཞིང་དེ་དག་གི་སྐད་ལ་དགྱེས་སྐད། དེ་ནས་བིས་དའི་པོ་ཏི་ལ་བརྟགས་པས་མཁྱེན་པ་ལ་ཚེགས་མ་བྱུང་སྐད་བྱེ་བྲག་མང་པོ་དང་སྒྲའི་བསྟན་བཅོས་ཀྱི་དོན་ལ་མ་རྨོངས་པར་གྲགས་པ། ཐ་ན་དུད་འགྲོའི་སྐད་དང་བརྡ་ཡང་མཁྱེན་པར་གྲགས་ཏེ། དེའི་ཕྱིར་དེས་ཕྱག་བཞེས་ཀྱི་ཡེ་གེ་ཀླུ་ཆེན་པོ་བརྒྱད་ཀྱི་ཆོ་ག་ལ་སོགས་པ་དང་། མངོན་སྤྱོད་ཀྱི་ཚ་ཚ་གདབ་པ་དང་། ཚེ་སྒྲུབ་དང་། ལས་ཁ་བསྒྱུར་དྲུག་པ་ལ་སོགས་པ། མཛད་པའི་གསང་སྔགས་ཀྱི་ཡི་གེ་རྣམས་ལ་སློབ་པའི་རྒྱུད་དུ་བྱུང་བའི་གང་ཟག་རྣམས་ཀྱིས་ལུང་མ་ཐོབ་པར་ཡི་གེ་ལས་བྱུང་བ་བཞིན་དུ་སྦྱར་བ་ལས་བྱིན་བརླབས་མ་བྱུང་བ་མེད་ཅེས་གྲགས་སོ། །ལོ་ཙཱ་བ་ཆེན་པོ་དེ་ལ་དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་མང་པོས་བཏུད་པར་གྱུར་ཏེ། གུ་རུས་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་བྱ་བ་ཕྱོགས་མེད་ལ་མཁས་པར་གྲགས་པ་ཞིག་གིས། ཐོག་མར་བོད་དུ་སྐྱེས་པའི་གང་ཟག་གིས་ཆོས་མང་པོ་རྩོམ་པ་ཞེས་འཕྱས་སོ། །ཕྱིས་བླ་མ་རོང་ཟོམ་གྱིས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་པུ་སྟི་དེ་མཐོང་ནས་གུས་པ་ཆེན་པོ་སྐྱེས་ཏེ། ཟང་ཟིང་མང་པོས་བསྙེན་བཀུར་བྱས་ནས་ཉེས་པ་བཤགས་ཏེ། བདག་རྗེས་སུ་གཟུང་དུ་གསོལ་ཞེས་བཀའ་ཞུས་པས་གནང་སྟེ། འཇམ་དཔལ་འདིར་ཁྲོ་བོ་རྣམ་པར་རྒྱལ་རྒྱུད་ཀྱང་ཟེར། ཕྲ་ཁོག་གསང་བའི་རྒྱུད་ཀྱང་ཟེར། གསང་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན་ནོ་སྐད། གཞན་ཡང་མར་པ་ཆོས་ཀྱི་དབང་ཕྱུག་འདིར་བསྒྱུར་བའི་དཔལ་བདེ་མཆོག་དང་། མ་ཧཱ་མཱ་ཡ་དང་། གཤིན་རྗེ་གཤེད་དང་། ཀྱྀ་ཡའི་སྒྲུབ་ཐབས་ལ་སོགས་པ་འགྱུར་བཟང་པོ་མང་པོ་སྣང་ངོ་། ལ་སོགས་པའི་ལོ་ཙཱ་བ་དང་། །མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་བཏུད་ཅིང་གསན་པར་གྱུར་ཏེ། གསན་པ་དེ་དག་དང་འདི་ལོ་ཙཱ་བ་ཤིན་ཏུ་མཁས་པ་ཞིག་ཡིན་ཏེ། དེ་དག་གི་སློབ་བརྒྱུད་ཐམས་ཅད་ཀྱང་ཤིན་ཏུ་དད་པར་གྱུར་ནས་བླ་མ་དམ་པར་འཛིན་ཏོ་ཞེས་གྲག་གོ །གསང་རྒྱུད་ཀྱི་སྐབས་ན་མར་དགེ་བཤེས་ཆེན་པོའི་ཞལ་ནས་རྒྱ་དཔེ་ཡོད་པར་གྱུར་ན་འདི་ལྟར་འགྲོ་བ་ཡིན་ཏེ། འོ་སྐོལ་ལ་ད་ལྟ་རྒྱ་དཔེ་མེད་པས་བཅོས་སུ་མེད་གསུངས་པ་ལ། གུ་རུབ་ཀྱི་དེ་དེ་གཟུང་ནས་ཕྱིས་ཇོ་བོ་ཀྲྀཥྞ་ཞེས་པའི་པཎྜི་ཏ་པཎྜི་ཏ་ནག་པོ་ཆུང་ངུ་བ། ལ་རྒྱ་དཔེ་བྱུང་ནས་དེ་ལ་གསན་པས་རོང་པ་ཆེན་པོ་གསུངས་པ་བཞིན་བྱུང་ནས་ཤིན་ཏུ་མོས་ཏེ། ཀྲིཎྜ་ལ་བྱུང་བའི་དཔེ་ཅིག་གུ་རུབ་ཀྱིས། རོང་པ་ཉིད་ལ་ཡང་ཕུལ་ནས་གསན་སྐད། གཞན་ཡང་རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་བརྨྨ་དང་། མཉྫུཤྲཱི་ཛྙཱ་ན་དང་། ཨུ་པ་ཡ་ཤྲཱི་མི་ཏྲ་དང་། བུདྡྷ་ཨཱ་ཀ་ར་བྷ་ར་དང་། རེ་བཱ་ཀ་ར་ཙནྟ་དང་། །པ་ར་མེ་ཤྭ་ར་དང་། ཨ་མོ་གྷ་བཛྲ་ལ་སོགས་པས་པཎྜི་ཏ་མང་པོ་བསྟེན་ནས་དེ་དག་གི་ལོ་ཙཱ་བ་མཛད། ཆོས་ཀྱང་རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་ནག་པོ་དགྲ་རྒྱུད་དང་། འཇམ་དཔལ་སྔགས་དོན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཡང་ཤིན་ཏུ་བཟང་བས་གསར་འགྱུར་མཛད་དེ་ཕན་ཆེ་བར་བཏགས་སོ། །རྒྱ་གར་གྱི་པཎྜི་ཏ་ཀུན་ན་རེ། དྷརྨྨ་བྷ་དྲ། ཁྱོད་ཀྱིས་ཆོས་མང་པོ་རྩོམས་ལ་འགྲོ་བ་རྣམས་སྐྱོབས་ཤིག ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག་གི །སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པ་ཡང་རྒྱ་གར་ན་ཆོས་རྩོམ་པ་ཡིན་ན། ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུང་སྐད། དེ་ལྟར་ཤིན་ཏུ་གཅོད་ཞིང་གཉེན་དེས་ཅན་དུ་གྱུར་ཅིང་། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་བདག་བསྟོད་ལ་སོགས་པའི་དྲི་མ་དང་བྲལ་ཞིང་། གཞན་གྱི་ཆོས་ལུགས་དང་སྤྱོད་པ་དམན་ཡང་དོན་དུ་འགྱུར་བ་མ་གཏོགས་པ་ཕ་རོལ་ཁྱད་དུ་གསོད་པའི་ངག་རྩུབ་ལ་སོགས་པ་ཐམས་ཅད་དུ་མི་གསུང་ངོ་ཞེས་གྲག་གོ། །གཞན་ཚ་ཏིག་ཆོས་འབར་ཞེས་བྱ་བས་ཀྱང་། འབྲས་ཡུལ་ཁམ་བུ་ལུང་ན་མཛད་པ་མཐོང་སྐད། འདི་རྣམས་ལ་ལོ་རྒྱུས་ཅུང་ཟད་ཡོད་སྐད་དོ། །ཡང་བྲག་གཟར་པོའི་ངོས་ལ་གཤེགས་ཤིང་རྩིབས་ལ་སྐོར་བ་མཛད་པ་མཐོང་བ་ལ་སོགས་པ་མང་དུ་སྐྱེ་བ་དཔག་ཏུ་མེད་པ་པཎྜི་ཏ་མཛད་པ་དང་། རོ་ལ་གདོན་ཞུགས་ནས་ལངས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་ཞི་བ་ལ་སོགས་པའོ། །ཡོད་པ་ཐོས་མོད་ཀྱི། ཡི་གེ་ཧ་ཅང་མངས་དོགས་ནས་མ་བྲིས་སོ། །དེ་ཙམ་ཞིག་ཡོན་ཏན་དང་ལྡན་པ་དེའི་བསྔགས་པ་མ་བརྗོད་ན། གང་ཟག་གཞན་ཁ་ཅིག་རྒྱུས་མེད་པར་མ་བརྟགས་བཞིན་དུ་སྒྲོ་སྐུར་སྣ་ཚོགས་སྨྲས་པས་སྒྲིབ་པ་སོགས་པ་རྣམས་ལ་ཕན་པ་ཡང་སྲིད་པའི་ཕྱིར་དང་། བླ་མ་ཆེན་པོ་དེ་ཉིད་དང་། དེའི་ཆོས་ལུགས་ལ་མོས་པར་འགྱུར་བར་བྱ་བའི་ཕྱིར། ཡོལ་སྟག་ཚལ་ཁམ་བུ་པ། དགེ་བསྙེན་རྡོ་རྗེ་དབང་ཕྱུག་གིས། བླ་མ་དམ་པའི་ཡོན་ཏན་གཞན་ལས་ཀྱང་ཡང་དང་ཡང་དུ་ཐོས་པ་རྣམས་ཡི་གེར་བཀོད་པ་སྟེ། དེའི་དགེ་བས་བདག་དང་འགྲོ་བ་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མྱུར་དུ་ཐོབ་པར་གྱུར་ཅིག །སྐུ་ཆེ་བའི་ཡོན་ཏན་ཅུང་ཟད་ཡི་གེར་བཀོད་པ་རྫོགས་སོ། །སྤྲུལ་པའི་སྐུ་གྲགས་པའི་པཎྜི་ཏ་ཆེན་པོ་དེ། སྐུ་བྱིས་པ་གཞོན་ནུ་ལ་ཉང་སྨད་དུ། རྗེ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ཞེས་བྱ་བ་ལ་གསན་པ་མཛད་སྐད། དེ་ཙམ་ན་ཡབ་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱིས་རྒྱགས་སྐྱེལ་དུ་བྱོན་པ་ལ་མཆེད་པོ་རྣམས་ན་རེ། ཁྱེད་ཀྱི་བུ་འདི་ཁོ་རང་ཡང་བློ་འདྲེད། ངེད་ལ་ཡང་ཐོ་ཅོ་ཆེ་བ་གནོད་པར་འདུག་པས་ཁྱེད་ཀྱིས་ད་རེས་ཁྲིད་པ་ལེགས་ཟེར་སྐད། དེ་ཡབ་ཀྱིས་དགེ་བཤེས་འགར་ལ་བསྙད་ནས། ཁོ་དེ་སྐད་ཟེར་ཁྲིད་ལ་འགྲོའམ་ཞུས་པས། སློབ་དཔོན་གྱི་ཞལ་ནས་དེ་སྐད་མ་ཟེར་ཅིག ཁོས་ཆོས་ཐམས་ཅད་གོ་ནས་ཡོད་དོ་གསུངས་སྐད། དེ་ཙམ་ན་དགུང་ལོ་བཅུ་གཉིས་ཙམ་བཞེས་ཏེ། གཞོན་ནུ་དེས་བྱིས་པ་བརྩེ་སར་ཡང་སློབ་དཔོན་གྱིས་གསུངས་ཚད་ཤར་རེ་འོང་ལ། ཆོས་ཐམས་ཅད་ཚར་རེ་གསན་པ་ལ་ཚིག་ཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་སྐད་དོ། །ནམ་ཞིག་ན་ཁོང་གི་རྨི་ལམ་དུ་གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་གསོལ་གྱི་རྨི་བ་བྱུང་ནས་སློབ་དཔོན་ལ་བཤད་པས། རུའི་ཞལ་ནས་དེ་ཤིན་ཏུ་བཟང་། ཆོས་དེ་ཁོང་དུ་ཆུད་པའི་རྟགས་ཡིན་པས་ཕྱིས་ཁྱོད་ཀྱིས་འགྲེལ་རེ་གྱིས་ཤིག་གསུངས་སྐད་དོ། །དགུང་ལོ་བཅུ་གསུམ་ཡན་ཆད་ལ་གསན་པ་རྫོགས་པ་དང་འདྲ་བར་སོང་སྐད་དོ། །ཚར་རེ་ཐོས་པ་ལ་མ་མཁྱེན་པ་མེད་དོ། །དུས་དེ་ཙམ་ན་སྤྱི་གཏམ་དུ་ཡང་། མུལ་བ་མཚུར་སྟོན་ཡི་གེ་མཁས། །ཆོག་ཁྲིག་གྲོང་གི་མེ་གྲགས་མཁས། །སྒྲ་ཚད་འགོས་ལོ་ཁུག་པ་མཁས། །ཐམས་ཅད་འཛོམས་པ་ཨ་འོ་རང་། །ཟེར་སྐད། ཐུན་མོང་དུ་སྒྲ་དང་ཚད་མ་མཁས་པར་གྲགས་པའང་ཡིན། དེ་ནས་དུས་ཕྱིས་བླ་མས་གསུངས་པའི་དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསླབ་པ་རིན་པོ་ཆེ་གསུམ་རྒྱུད་ལ་བསྟེན་པའི་ཆེད་དུ་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་དམ་ཚིག་མདོ་རྒྱས་མཛད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ་མཛད། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་མཛད། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་རྫོགས་པ་ཆེན་པོ་ལྟ་སྒོམ་མན་ངག་ལ་སོགས་པ་འགྲེལ་པ་དང་བསྟན་བཅོས་དུ་མ་མཛད་སྐད་དོ། །དེའི་དུས་སུ་ཤབ་ཀྱི་སྤང་ཁྱེར་བླ་མ། མར་པ་ཆོས་ཀྱི་དབང་ཕྱུག །མདའ་བསམ་གཏན། ཁྱུང་བོ་ཧཱུྃ་སྙིང་། སེ་ཁྲོམ་རྒྱ་མཚོ་འབར་ལ་སོགས་པ་བོད་རུ་བཞིའི་མཁས་པ་ཐམས་ཅད་རྩོད་དེ། བོད་དུ་སྐྱེས་པའི་གང་ཟག་གིས་འདི་ཙམ་པའི་བསྟན་བཅོས་རྩོམ་པ་མི་རིགས་སོ་ཟེར་ཅིང་སུན་འབྱིན་དུ་འོངས་པ་ལ། བསྟན་བཅོས་རེ་མཐོང་ཞིང་གསུང་གླེང་རེ་མཛད་པས་ཐམས་ཅད་ངོ་མཚར་སྐྱེས་ནས་ཞབས་ཏོག་རེ་མཛད། ཆོས་རེ་ཡང་གསན་ནས། ཀུན་གྱིས་བླ་མར་ཁུར་ཞིང་སྤྱི་བོས་འདུད་པར་གྱུར་ཏོ། །གཡག་རྡོ་རྗེ་འཛིན་པ་ཆེན་པོའི་ཕྱག་ནས་ཞུས་ནས། གཉག་སྟོན་ཆེན་པོས་བྲིས་པའི་ཕྱག་དཔེ་ལ། སེའི་ཇོ་སྲས་ཀྱིས་བྲིས་པའོ། །རོང་བན་དཔལ་གྱི་རིན་པོ་ཆེའི་སྲས། རོང་བན་རིན་ཆེན་ཚུལ་ཁྲིམས། དེའི་སྲས་རོང་ཟོམ་ཆོས་ཀྱི་བཟང་པོ་དང་། སྒོམ་ཆེན་ཆོས་འཕགས་གཉིས་སོ། །ཆོས་བཟང་གི་སྲས་གཟི་བརྗིད་འབར་དང་། འབུམ་འབར་གཉིས་སོ། །གཟི་བརྗིད་ཀྱི་སྲས་སྟོན་དར་དང་། སྟོན་སྐྱབས་གཉིས་སོ། །སྟོན་དར་གྱི་སྲས་སྟོན་སེང་། དེའི་སྲས་ཇོ་སྲས་ར་སེ། དེའི་སྲས་འབུམ་དཔའོ། །སྟོན་སྐྱབས་ཀྱི་སྲས་ཇོ་སྲས་འོད་ཟེར། དེའི་སྲས་སློབ་དཔོན་འབུམ་བརྟན་ནོ། །རོང་པ་འབུམ་འབར་གྱི་སྲས་ཆོས་ཀྱི་རྒྱལ་མཚན་དང་། ཇོ་རྩེགས་དང་། ཇོ་བཟང་ལ་སོགས་པའོ། །ཆོས་ཀྱི་རྒྱལ་མཚན་གྱི་སྲས། རུ་ཨཱ་ནནྟ་བཛྲ་སྟེ་རོང་པ་ཀུན་དགའོ། །དེའི་སྲས་སློབ་དཔོན་མེ་དཔུང་ངོ་། །དེའི་སྲས་ཆོས་ཀྱི་བཤེས་གཉེན་དང་། ཆོས་བཞེད་དོ། །རོང་པ་ཇོ་བཟང་གི་སྲས་སློབ་དཔོན་ཇོ་བཀྲའོ། །དེའི་སྲས་དར་བཟང་དང་། རྡོ་རྗེ་བརྟན་པའོ། །དར་བཟང་གི་སྲས་སློབ་དཔོན་གསེར་འོད་དོ། །ཇོ་བརྟན་གྱི་སྲས་ཉི་སེང་། དེའི་སྲས་འོད་ཟེར་འབུམ་དང་འབུམ་དགོད་དོ། །རོང་སྒོམ་ཆོས་འཕགས་ཀྱི་སྲས་སློབ་དཔོན་སྟོན་གཡུང་། དེའི་སྲས་ཇོ་སྲས་ལྷ་སྤུང་། དེའི་སྲས་སློབ་དཔོན་བྱ་ཆོས་པ་ཆེན་པོ་དར་མ་བརྟན། དེའི་སྲས་སྲ་བརྟན་རྡོ་རྗེ་ལགས་སོ། །བཀྲ་ཤིས་སོ།། །།གཞན་ཕན་མཐའ་ཡས་མཆོག་གི་སྤྲུལ་པའི་སྐུ། །གཞན་ཕན་ཆོས་ཀྱི་སྣང་བ་ཞེས་བྱ་བས། །གཞན་ཕན་སླད་དུ་སྤར་འདི་བསྒྲུབས་པའི་དགེ །གཞན་ཕན་ཕྲིན་ལས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པའང་མི་ཕམ་པས་སོ།། །།

རྒྱུད་རྒྱལ་གསང་བ་སྙིང་པོ་དཀོན་ཅོག་འགྲེལ།

༄༅། །རྒྱུད་རྒྱལ་གསང་བ་སྙིང་པོ་དཀོན་ཅོག་འགྲེལ་ཞེས་བྱ་བ་བཞུགས་སོ། །

༄༅། །དཀོན་ཅོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །དེ་སྩོལ་བླ་མ་དེ་རྒྱ་ལྷག་པའི་ལྷ། །དེ་དབང་སྤྲུལ་པའི་དཀྱིལ་འཁོར་བཅས་པ་ལ། །ཕྱག་འཚལ་དེ་གསུང་ལམ་དང་སྒྲུབ་བཅས་ལའོ། །སེམས་ཀྱི་རང་བཞིན་བྱང་ཆུབ་རིན་པོ་ཆེ། །རྒྱལ་དང་འགྲོ་རྣམས་དབྱེར་མེད་ཚུལ་གཅིག་ཀྱང་། །འཁྲུལ་སྣང་དབང་ལ་དོན་ལྟར་མ་གྲུབ་སྟེ། །ཐུགས་རྗེ་སྐྱབས་ལྡན་རྣམས་ཀྱིས་གཟུང་དུ་གསོལ། །དུས་ཀྱིས་མནར་བའི་གང་ཟག་བདག་ལྟ་བུས། །དཀའ་དོན་ཟབ་མོ་གཞིག་པར་མི་འོས་ཀྱང་། །བདག་རྗེས་འབྲང་བའི་དོན་ཕྱིར་གསོལ་བཏབ་པས། །དཔྱད་པར་ཤེས་བཞིན་ནན་གྱིས་བྲིས་པ་ཡིན། །གདམས་ངག་བརྗེད་དང་ལོག་པར་རྟོགས་པ་དང་། །གཞུང་སྒོ་ སོ་སོའི་ལྟ་བ་འཛིན་པ་ཡིས། །སྒྲོ་དང་སྐུར་པའི་གནས་སུ་གྱུར་ཏོ་འཚལ། །འཕགས་དང་མཁས་པས་བཟོད་པ་བཞེས་པར་མཛོད། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། མཚན་ཉིད་དང་རྒྱུད་དང་ལུང་ཐམས་ཅད་ཀྱི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཐམས་ཅད་མ་ལུས་པར་འཕྲོས་ཏེ། འཁོར་ལོ་བསྐོར་བ་དེ་དག་གི་ཚུལ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། ཕྱོགས་བཅུའི་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོའི་ངང་ལས། གཡོ་བའི་རྩོལ་བ་དང་རྣམ་པར་རྟོག་པ་མི་མངའ་བཞིན་དུ། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཤུགས་དང་ཤེས་རབ་ཆེན་པོའི་སྟོབས་ཀྱིས། ཆོས་ཀྱི་དབྱིངས་རྣམ་པར་དག་པར་གྱུར་པའི་དབང་དང་། གདུལ་བྱ་རྣམས་ཀྱི་དཀར་པོའི་ལས་ཀྱི་བག་ཆགས་ཀྱི་རྒྱུ་ལས། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་པ་གདུལ་བྱ་སོ་སོའི་ངོ་གང་ལ་སྣང་བ་ནི། དཔེར་ན་ལྷའི་རྒྱལ་པོ་དབང་སྒྱུར་གྱི་གནས་མན་ཆད་ནས། འཛམ་བུའི་གླིང་ཡན་ཆད། མཐོ་རིས་ཀྱི་གནས་རྣམས་སུ། འདོད་པའི་ཡོན་ཏན་གྱི་རྐྱེན། ཆར་སོ་སོར་འབབ་པ་ཡང་། རྒྱ་མཚོའི་ལྷའི་དབང་དང་། གནས་སོ་སོའི་ནམ་མཁའི་དབང་དང་། འགྲོ་བ་སོ་སོའི་ལས་ཀྱི་རྒྱུ་ལས། ཆར་སོ་སོར་འབབ་པ་འགྲུབ་པ་ཡིན་ཡང་། རྒྱ་མཚོའི་ལྷ་ཡང་འདི་སྙམ་དུ། བདག་གིས་ནི་གནས་འདི་རྣམས་སུ་སོ་སོའི་ལས་ཀྱི་སྐལ་བ་དང་འཚམས་པར་སྤྲིན་འདི་ལྟ་བུ་བསྡུ་བར་བྱའོ། །གློག་འདི་ལྟ་བུ་དབྱུང་བར་བྱའོ། །འབྲུག་འདི་ལྟ་བུ་བསྒྲག་པར་བྱའོ། །ཆར་འདི་ལྟ་བུར་དབབ་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ། ནམ་མཁའ་ཡང་འདི་སྙམ་དུ། བདག་གིས་འགྲོ་བ་འདི་དག་གི་འདོད་པའི་ཡོན་ཏན་འབྱུང་བའི་ཆར་འབབ་པའི་གོ་སྐབས་དབྱེའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ། འགྲོ་བ་སོ་སོའི་ལས་ཀྱི་བག་ཆགས་ཀྱང་འདི་སྙམ་དུ་བདག་གིས་ལས་ཀྱི་སྐལ་བ་དང་འཚམ་པའི་ཆར་དབབ་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ་བཞིན་དུ། རྒྱུ་རྐྱེན་འཚོགས་པའི་དབང་གིས་གནས་དེ་རྣམས་སུ་སོ་སོའི་ལས་ཀྱི་སྐལ་བ་དང་འཚམས་པའི་སྤྲིན་འདུ་བ་ནས་ཆར་འབབ་པའི་བར་དུ་སོ་སོར་འབྱུང་བ་ནི། ལྷའི་དབང་པོ་དབང་སྒྱུར་གྱི་གནས་སུ་གསེར་གྱི་སྙིང་པོ་ལྟ་བུའི་སྤྲིན་འདུ་བ་དང་། དེ་བཞིན་དུ་གློག་དང་འབྲུག་རྣམས་ཀྱང་ཐ་དད་དུ་འབྱུང་ཞིང་ཆར་ཡང་རང་བཞིན་ཐ་དད་དུ་འབབ་པ་ནས། འཛམ་བུ་གླིང་གི་བར་དུ་ཡང་དེ་བཞིན་ཏེ། སྤྲིན་རྣམས་ཀྱང་མུ་ཏིག་དམར་པོ་ལྟ་བུ་ནས། རི་ནག་པོ་བརྩེགས་པ་ལྟ་བུའི་བར་དང་། གློག་ཀྱང་གསེར་ཁ་སྦྱངས་པ་ནས། རིན་པོ་ཆེ་ཨནྡ་རྙིལ་འོད་འཕྲོ་བ་ལྟ་བུའི་བར་དང་། འབྲུག་ཀྱང་ཀ་ལ་པིང་ཀའི་དབྱངས་ལྟ་བུ་དང་། རོལ་མོའི་སྒྲ་དབྱངས་ལྟ་བུ་ནས། རྒྱ་མཚོ་འཁྲུག་པ་ལྟ་བུའི་སྒྲའི་བར་དང་། ཆར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ནས། མཚོན་ཆའི་ཆར་དང་། ཆུ་དྭང་བའི་ཆར་གྱི་བར་དུ་སོ་སོའི་ལས་ཀྱི་སྐལ་བ་དང་འཚམས་པར་སོ་སོ་ཐ་དད་དུ་འབྱུང་བ་བཞིན་དུ། གདུལ་བྱ་སོ་སོའི་ངོ་གང་ལ་བྱིན་རླབས་ཐ་དད་པར་སྣང་ཞིང་། དཀོན་ཅོག་གསུམ་གྱི་རང་བཞིན་ཐ་དད་དུ་མཐོང་བ་ནི་འདི་ལྟ་སྟེ། ཐེག་པ་ཐུན་མོང་དུ་གྲགས་པའི་སངས་རྒྱས་དཀོན་ཅོག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། ཞེས་བྱ་བའི་ཡོན་ཏན་གྱི་རྣམ་གྲངས་ཀྱི་མཚན་གྱིས་བརྗོད་པ། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་སྐུ་དང་། བདག་ཉིད་རྩ་བའི་སྐུ་དང་། འཕྲུལ་པ་སྤྲུལ་པའི་སྐུ་དང་བཅས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ཀྱིས་བསྡུས་པ། རབ་ཏུ་བྱུང་བའི་ཆ་བྱད་འཆང་བ། སྐྱེས་པའི་གཟུགས་སུ་བཞུགས་པ། གཙོ་བོ་གཅིག་པུ་པ། མཛད་པ་ཡོངས་སུ་རྫོགས་པ་དང་། ཡོངས་སུ་རྫོགས་པའི་རྒྱུད་ཀྱིས་བསྡུས་པ་ནི། སངས་རྒྱས་དཀོན་ཅོག་གོ །ཞེས་འདོད་དོ། །ཆོས་དཀོན་ཅོག་ཀྱང་། དམ་པའི་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱིས་ཆོས་འདུལ་བ་ལ་ལེགས་པར་གསུངས་པ། ལམ་དང་བཅས་པ། མྱ་ངན་ལས་འདས་པ་དང་བཅས་པ་ནི། ཆོས་དཀོན་ཅོག །ཅེས་འདོད་དོ། །དགེ་འདུན་ལ་ཡང་། འཕགས་པའི་དགེ་འདུན་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། ལྟ་བ་དང་དད་པ་མི་ཕྱེད་པ། མཆོད་གནས་ཀྱི་དཔལ་ཞིང་། བཀུར་བའི་འོས། ཕྱག་གི་གནས། སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་ཀྱིས་བསྡུས་པ་ཞེས་འདོད་དོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་གཞུང་ལས་གྲགས་པ་ནི། སངས་རྒྱས་དཀོན་ཅོག་ཡོན་ཏན་གྱི་མཚན་གོང་དུ་སྨོས་པ་ལྟ་བུས་བརྗོད་པ། ཡེ་ཤེས་བཞི་དང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དབང་གིས་ཆོས་ལྔའི་བདག་ཉིད་ལོངས་སྤྱོད་རྫོགས་པ་དང་། འཕྲུལ་པ་སྤྲུལ་པའི་སྐུ་དང་བཅས་པ་དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། སངས་རྒྱས་ཞེས་བྱ་བ་དང་། བདེ་བར་གཤེགས་པ་ཞེས་བྱ་བས་བསྡུས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་བྱད་དང་། རབ་ཏུ་བྱུང་བའི་ཆ་བྱད་འཆང་བ། སྐྱེས་པའི་གཟུགས་སུ་བཞུགས་པ། གཙོ་བོ་གཅིག་པུ་པ་དང་། གཙོ་བོ་དུ་མ་པ། སངས་རྒྱས་ཀྱི་ཞིང་ཆེན་པོ་དང་། ཆུང་ངུའི་རྒྱུད་ཀྱིས་བསྡུས་པ་ནི། སངས་རྒྱས་དཀོན་ཅོག །ཅེས་འདོད་དོ། །ཆོས་དཀོན་ཅོག་ཀྱང་ཇི་སྐད་སྨོས་པ་དང་། ཐེག་པ་ཆེན་པོའི་གཞུང་དང་ལམ་དང་མྱ་ངན་ལས་འདས་པ་དང་བཅས་པའོ། །ཞེས་འདོད་དོ། །འཕགས་པའི་དགེ་འདུན་ཡང་། ཉན་ཐོས་ཀྱི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པའོ། །ཞེས་འདོད་དོ། །གཞན་ཡང་། གསང་བ་བླ་ན་མེད་པའི་ཐེག་པ་ཐུན་མོང་དུ་གྲགས་པའི་སངས་རྒྱས་དཀོན་ཅོག །ཇི་སྐད་སྨོས་པའི་ཡོན་ཏན་གྱི་མཚན་གྱིས་བརྗོད་པ། ཡེ་ཤེས་ལྔ་དང་གསུམ་དང་བཞིའི་བདག་ཉིད། ཆོས་ཉིད་དག་པ་དང་། རྣམ་པར་འཕྲུལ་པ་དང་། བྱིན་གྱིས་བརླབས་པའི་ལྷ་དང་བཅས་པ། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་གྱིས་བསྡུས་པ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་ཞི་བ་དང་ཁྲོ་བོའི་ཆ་བྱད་འཆང་བ། རིག་སྔགས་དང་གསང་སྔགས་ཀྱི་གཟུགས་སུ་བཞུགས་པ། གཙོ་བོ་དང་འཁོར་དང་། གཅིག་དང་དུ་མ་དང་། རྩ་བའི་དཀྱིལ་འཁོར་དང་སྙིང་པོའི་དཀྱིལ་འཁོར་ལ་སོགས་པའི་བྱེ་བྲག་གིས་དཀྱིལ་འཁོར་ཆེ་ཆུང་རྣམས་སུ་ཡོངས་སུ་དག་པ་ཆེན་པོའི་ལྷ་རྒྱུད་དུ་གཏོགས་པ་ནི། སངས་རྒྱས་དཀོན་ཅོག་ཅེས་འདོད་དོ། །ཆོས་དཀོན་ཅོག་ཀྱང་ཇི་སྐད་སྨོས་པའང་གསང་བ་བླ་ན་མེད་པའི་གཞུང་དང་ལམ་དང་བཅས་པའོ་ཞེས་འདོད་དོ། །འཕགས་པའི་དགེ་འདུན་ཡང་ཉན་ཐོས་ཀྱི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། རིག་པ་འཛིན་པའི་དགེ་འདུན་དང་བཅས་པའོ་ཞེས་འདོད་དོ། །གཞན་ཡང་། རྣལ་འབྱོར་གྱི་རྒྱུད་ཀྱི་གཞུང་ལས་གྲགས་པའི་སངས་རྒྱས་དཀོན་ཅོག་གོང་དུ་སྨོས་པའི་ཡོན་ཏན་གྱི་མཚན་གྱིས་བརྗོད་པ། ཡེ་ཤེས་ལྔ་དང་སྐུ་གསུམ་དང་བཞིའི་མཚན་ཉིད། ཆོས་ཉིད་དག་པ་དང་། རྣམ་པར་འཕྲུལ་པ་དང་། བྱིན་གྱིས་བརླབས་པའི་དབང་གིས། རང་བཞིན་ཁྱད་པར་ཅན་དང་། ཁྱད་པར་ཅན་མ་ཡིན་པའི་ལྷ་དང་བཅས་པ། དེ་བཞིན་གཤེགས་པ་རྣམས་དང་། དེ་དག་གི་རིགས་དང་། རྡོ་རྗེ་དང་པདྨ་དང་ནོར་བུའི་རིགས་ཀྱི་དབང་གིས་རིགས་བཞིའམ་ལྔས་བསྡུས་པ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་ཞི་བ་དང་ཁྲོ་བོའི་ཆ་བྱད་འཆང་བ། སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་རིག་སྔགས་ཀྱི་གཟུགས་སུ་བཞུགས་པ། གཙོ་བོ་དང་འཁོར་དང་གཅིག་དང་དུ་མ་པ། རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་དཀྱིལ་འཁོར་དང་། ཕྱག་རྒྱ་བཞི་པ་དང་གཅིག་པ་ལ་སོགས་པའི་བྱེ་བྲག་གིས། དཀྱིལ་འཁོར་ཆེན་པོ་དང་ཆུང་ངུ་རྣམས་སུ་ཡོངས་སུ་དག་པ་ཆེན་པོའི་ལྷ་རྒྱུད་དུ་གཏོགས་པ་ནི་སངས་རྒྱས་དཀོན་ཅོག་ཅེས་འདོད་དོ། །ཆོས་དང་དགེ་འདུན་གྱི་ཚུལ་ཡང་གསང་བ་སྤྱིའི་ཚུལ་བཞིན་ནོ། །གཞན་ཡང་རྣལ་འབྱོར་ཆེན་པོའི་ཚུལ་ལ་གྲགས་པའི་སངས་རྒྱས་དཀོན་ཅོག །དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོ། ཞེས་བྱ་བ་ལ་སོགས་པ་ཡོན་ཏན་གྱི་མཚན་གྱིས་བརྗོད་པ། ཡེ་ཤེས་ཆེན་པོ་དྲུག་དང་སྐུ་ལྔའི་བདག་ཉིད། ཟག་པ་དང་བཅས་པ་ཟག་པ་མེད་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པའི་ལྷ་དང་བཅས་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་། བྱང་ཆུབ་སེམས་ཀྱི་དབང་གིས་རིགས་དྲུག་གིས་བསྡུས་པ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་ཞི་བ་དང་ཁྲོ་བོའི་ཆ་བྱད་འཆང་བ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱན་ཆེན་པོ་ལ་རོལ་པ་ཆེན་པོའི་གཟུགས་སུ་བཞུགས་པ། གཙོ་བོ་དང་འཁོར་དང་གཅིག་དང་དུ་མ་དང་སྐུ་དང་གནས་དང་སྤྱོད་ཡུལ་ལྟ་བུ་ལ། ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པ་སངས་རྒྱས་པའི་རང་བཞིན་དབྱེར་མེད་ཅིང་གཅིག་དང་དུ་མ་མེད་པའི་བདག་ཉིད་ཀྱིས་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་ན། སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་པ་ནི་སངས་རྒྱས་དཀོན་ཅོག་གོ །ཞེས་འདོད་དོ། །ཆོས་དང་དགེ་འདུན་གྱི་ཚུལ་ཡང་ཐུན་མོང་དུ་བསྟན་པ་ནི། ཇི་ལྟར་གསང་བ་སྤྱིའི་སྐབས་སུ་བཤད་པ་བཞིན་ནོ། །ཐུན་མོང་མ་ཡིན་པར་བསྟན་པ་ནི། ཇི་ལྟར་སངས་རྒྱས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་ཆོས་ཏེ། དགེ་འདུན་གྱི་རང་བཞིན་ཡང་དེ་ཉིད་དོ། །དེས་ན་རྒྱུ་དང་འབྲས་བུ་དང་ལམ་དང་སྒྲུབ་པ་རྣམས་དབྱེར་མེད་པ་ནི་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཞེས་བྱ་སྟེ། དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་སེམས་དཔའ་གདོད་མ་ནས་སངས་རྒྱས་པ། ཆོས་ཀྱི་སྙིང་པོ། རྣལ་འབྱོར་ཐམས་ཅད་ཀྱི་གཙོ་བོ་ཞེས་གྲགས་པ་གང་ཡིན་པའོ། །རྣམ་པར་འཕྲུལ་པའི་དབང་དུ་བཤད་ན། སངས་རྒྱས་ཆོས་དང་དགེ་འདུན་དུ་སྤྲུལ་པའང་ཡོད་དེ། འདི་ལྟར་ཕྱག་རྒྱར་སྤྲུལ་པ་དང་གང་ཟག་ཏུ་སྤྲུལ་པ་རྣམས་སོ། །ཆོས་དགེ་འདུན་དང་སངས་རྒྱས་སུ་འཕྲུལ་པའང་ཡོད་དེ། ས་དང་ཕ་རོལ་ཏུ་ཕྱིན་པ་དང་གཟུངས་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔར་ལེགས་པར་སྤྲུལ་པ་ལྟ་བུའོ། །དགེ་འདུན་ཆོས་དང་སངས་རྒྱས་སུ་འཕྲུལ་པ་ཡང་ཡོད་དེ། སློབ་པའི་ས་ལ་གནས་པ་དག་གིས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པ་ལྟ་བུའོ། །འདི་ལྟ་བུ་ལ་སོགས་པ་དག་བསྟན་པ་ནི། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་གཞུང་བཟུང་ནས་སངས་རྒྱས་རྣམས་ཀྱི་འཕྲུལ་པ་གདུལ་བྱ་ལ་ཇི་ལྟར་སྣང་བའི་ཚུལ་ཐེག་པ་སོ་སོའི་གཞུང་ལས་གྲགས་པ་མདོ་ཙམ་བསྟན་པའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྤྱིར་སྣང་བ་དེ་དག་གི་གཞི་ཡང་རྣམ་པ་བཞི་སྟེ། དེ་ཡང་གཞུང་ཁ་ཅིག་ནི་རྩོད་གཞི་མེད་པའོ། །ཁ་ཅིག་ནི་རྩོད་གཞི་དང་བཅས་པའོ། །དེ་ལ་གཞི་རྣམ་པ་བཞི་ནི། དང་པོ་དེ་བཞིན་གཤེགས་པ་ཉིད་ལ་གོང་དུ་བསྟན་པའི་ཚུལ་ལྔ་པོ་དེ་དག་ཇི་ལྟར་སྨོས་པ་བཞིན་དུ་ལྡན་པ་ཡིན་ཏེ། གདུལ་བྱའི་དབང་ལ་སྣང་བ་ཙམ་ཡང་མ་ཡིན་ནོ། །ཞེས་འདོད་དོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཉིད་ལ་ནི་ལུས་དང་གནས་དང་སྤྱོད་ཡུལ་དུ་སྣང་བ་ནི་མི་མངའ་འོ། །དེ་དག་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་དག་པ་འཇིག་རྟེན་པའི་ཡེ་ཤེས་མངའོ། །ཞེས་འདོད་དོ། །གསུམ་པ་ནི། དེ་བཞིན་གཤེགས་པ་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་མི་མངའོ། །ཞེས་འདོད་དོ། །དེ་ལ་རྩོད་གཞི་མེད་པ་ནི། ཐེག་པ་ཆུང་ངུའི་གཞུང་འཛིན་པ་རྣམས་ནི། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་ལུས་ནི་བདག་ཏུ་ལྟ་བ་དང་སྲིད་པས་བསྐྱེད་པའི་སོ་སོའི་སྐྱེ་བོའི་ལུས་ཡིན་ལ། དེས་སྲིད་པ་དེ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་མྱ་ངན་ལས་འདའ་བར་འདོད་པས། འདི་ཡང་ཇི་ལྟར་བསྟན་པ་བཞིན་འདོད་པ་ལ་རྩོད་གཞི་མེད་དོ། །ཐེག་པ་ཆེན་པོ་ཉན་ཐོས་དང་ཐུན་མོང་གི་ཚུལ་ལྟར་ན་ཡང་། བྱང་ཆུབ་སེམས་དཔའི་སྲིད་པ་ཐ་མ་པའི་ལུས་ནི་སྨོན་ལམ་གྱིས་བསྒྲུབས་པའི་ལུས་ཡིན་ཏེ། ལུས་འདི་ལྟ་བུ་ལེན་པའི་རྒྱུ་ཡང་བདག་ཏུ་ལྟ་བའི་བག་ཆགས་དང་། གནས་ཀྱི་སའི་མ་རིག་པས་བསྐྱེད་པར་འདོད་པ་ཡིན་པས། ཇི་སྐད་བསྟན་པ་དེ་བཞིན་སངས་རྒྱས་ཉིད་ལ་ལྡན་པར་འདོད་པའི་ཕྱིར་རྩོད་གཞི་མེད་དོ། །རྣལ་འབྱོར་སྤྱོད་པ་རྣམ་པ་དང་བཅས་པར་སྨྲ་བའི་གཞུང་ལྟར་ན་ཡང་། ཕྱི་རོལ་གྱི་དོན་སེམས་ལས་གུད་ན་མེད་ན་ཡང་སེམས་ཉིད་ལུས་དང་གནས་དང་སྤྱོད་ཡུལ་ལྟ་བུའི་རྣམ་པར་སྣང་བར་སྐྱེ་བ་ཡིན་ལ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། ཉོན་མོངས་པ་དང་། མི་ཤེས་པ་དང་། མངོན་པར་ཞེན་པ་དང་བྲལ་བའི་ཡེ་ཤེས་གཟུགས་ཀྱི་སྐུ་དང་། སངས་རྒྱས་ཀྱི་ཞིང་དང་། དེའི་རྒྱན་ལ་སོགས་པར་ཡོད་པར་སྣང་བར་འདོད་པས་འདི་ལ་རྩོད་པའི་གཞི་མེད་དོ། །རྣལ་འབྱོར་སྤྱོད་པ་རྣམ་པ་མེད་པར་སྨྲ་བའི་གཞུང་ལྟར་ན་ཡང་ཁམས་གསུམ་པའི་སེམས་ཀྱང་དོན་ལྟར་སྣང་བའི་རྣམ་པ་དང་བྲལ་བ་ཡིན་ལ། སྣང་བ་ནི་སེམས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཏེ། མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན་བག་ཆགས་ཡོངས་སུ་དག་ནས་ཡེ་ཤེས་རྣམ་པ་དང་བྲལ་བ་སྐད་ཅིག་མའི་མཚན་ཉིད་རྒྱུན་འབྲེལ་བར་སྐྱེ་བར་འདོད་ཅིང་། གཟུགས་ཀྱི་སྐུ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཡང་། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་ཤུགས་དང་། ཡེ་ཤེས་ཆེན་པོའི་དབང་གིས་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་འགྲོ་བའི་དོན་དུ་ཡོན་ཏན་འབྱུང་བར་འདོད་པས་འདི་ལའང་རྩོད་པའི་གཞི་མེད་དོ། །རྩོད་གཞི་དང་བཅས་པ་ནི། གང་དག་དབུ་མ་དང་། གསང་སྔགས་ཀྱི་གཞུང་འཛིན་པ་རྣམས་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་ཞི་བར་ཡང་འདོད་ཅིང་། ཀུན་རྫོབ་ཙམ་དུ་སྒྱུ་མའི་མཚན་ཉིད་མི་འགོག་པར་ཡང་སྨྲ་བས་ཚུལ་འདི་དག་ལ་བརྟེན་ནས། སངས་རྒྱས་སའི་གནས་ལུགས་ཀྱང་ཐ་དད་པར་སྨྲ་སྟེ། དེའི་གཞི་ལའང་ཐ་དད་པར་སྨྲའོ། །དེ་ལ་མདོ་སྡེ་དབུ་མ་པའི་ཚུལ་ནི་ཀུན་རྫོབ་ཉན་ཐོས་མདོ་སྡེ་པ་དང་ཚུལ་མཐུན་པར་སྨྲ་བས་འདིའི་རྩོད་པ་ནི་མི་དཔྱད་དོ། །རྣལ་འབྱོར་སྤྱོད་པའི་དབུ་མ་དང་། གསང་སྔགས་ཀྱི་ཚུལ་འཛིན་པ་དག་གི་རྩོད་གཞི་དང་པོ་ནི། དེ་བཞིན་གཤེགས་པ་རྣམས་ལ་ནི། ཚུལ་ལྔའི་སྐབས་སུ་ཇི་སྐད་བསྟན་པ་བཞིན་དུ་ཉིད་ཀྱི་རྒྱུད་ལ་ལྡན་པ་ཡིན་ཏེ། དེ་ལ་ཁ་ཅིག་ནི། གསང་སྔགས་ལ་གྲགས་པའི་གཞུང་བཟུང་ནས། སངས་རྒྱས་ལ་ཆོས་འདི་ལྟར་ལྡན་པར་སྨྲ་སྟེ། ཇི་སྐད་དུ། བདེ་བ་ཀུན་གྱི་མཆོག་རིགས་མཉམ་མེད་ཡེ་ཤེས་གཟུགས། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་མིན། །བདག་ཉིད་ཀུན་ཏུ་རྟག་གནས་སྲིད་གསུམ་མཆོག་གསུམ་གཟུགས། །དཔལ་ལྡན་ཚད་མེད་བདེ་བའི་རྒྱ་མཚོ་མི་འགྱུར་བས། །བདེ་ཆེན་བདེ་སྐྱེད་རྡོ་རྗེ་སེམས་དཔའ་མགོན་པོ་ལ། །འགྲོ་བ་གསུམ་གྱི་གཉེན་འགྱུར་ཕྱོགས་པས་ཕྱག་བཙལ་ཏེ། །ཞེས་གསུངས་པ་ལྟ་བུར། སངས་རྒྱས་རྣམས་ནི་ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཡེ་ཤེས་ལྔ་དང་དྲུག་གི་བདག་ཉིད་ཅན། རྟག་ཏུ་ད་ལྟར་བྱུང་བ་ལྟ་བུའི་སྐུ་མངའ་བ་ལོངས་སྤྱོད་རྫོགས་པ་ཆེན་པོ་འཕྲུལ་པ་ཐམས་ཅད་ཀྱི་འབྱུང་གནས། རྟག་ཏུ་ཡོངས་སུ་དག་པའི་ཞིང་ཁམས་ན་མི་འགྱུར་བར་བཞུགས། བཙུན་མོའི་འཁོར་དཔག་ཏུ་མེད་པའི་དཀྱིལ་འཁོར་ན་བདེ་བ་ཐམས་ཅད་དང་མི་འབྲལ་བར་བཞུགས་ཏེ། བདེ་བ་དེ་ཡང་འདི་ལྟར་ཆོས་ཀྱི་དབྱིངས་རྟོགས་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་དམིགས་པའི་ཏིང་ངེ་འཛིན་གྱི་དབང་གིས་མཉེས་པའི་བདེ་བ་དང་། ཡིད་བདེ་བ་དང་ལྡན་པ། གཟུགས་ལ་སོགས་པའི་ཕྱི་རོལ་གྱི་འདོད་པའི་བདེ་བ་དང་། གཟུངས་དང་མཉམ་པར་སྦྱོར་བའི་བདེ་བ་ལ་སོགས་ཏེ། འདི་ལྟར་བདེ་བ་མཆོག་དང་ལྡན་པ། བདེ་བ་ཟག་པ་མེད་པ་དང་ལྡན་པ། བདེ་བ་ཚད་མེད་པ་དང་ལྡན་པ། བདེ་བ་མི་འགྱུར་བ་དང་ལྡན་པ། བདེ་བ་ཆེན་པོ་དང་ལྡན་པ། གདུལ་བྱ་ཐམས་ཅད་ལ་བདེ་བ་སྐྱེད་པ་དང་ལྡན་པ་སྟེ། དེ་བས་ན་བདེ་བ་ཆེན་པོ་པ་ཞེས་བྱའོ། །ཞེས་ངེས་པར་འཛིན་ནོ། །ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པའི་གཞུང་བཟུང་ནས། བཙུན་མོའི་འཁོར་ལ་ལོངས་སྤྱོད་པ་ནི་སྨད་པའི་གནས་ཡིན་པས་སངས་རྒྱས་རྣམས་ལ་མི་མངའ་ཡི། བསོད་ནམས་ཀྱི་ཚོགས་ཚད་མེད་པ་ལས་བསྒྲུབས་པའི་རྣམ་པར་སྨིན་པའི་སྐུ་ཡེ་ཤེས་ཆེན་པོའི་རྟེན་གྱི་བདག་ཉིད། ཡོངས་སུ་དག་པའི་ཞིང་དང་བཅས་པ་ཉིད་རྫོགས་པར་ལོངས་སྤྱོད་པའི་བདེ་བ་དང་བཅས་པ། ཇི་ལྟར་འདུལ་བའི་འཁོར་གྱི་དཀྱིལ་འཁོར་ན་བཞུགས་པ་འདི་ལྟ་བུ་ངེས་པར་འཛིན་ཏོ། །འདི་གཉིས་ཀ་ཡང་ཀུན་རྫོབ་ཏུ་རྣལ་འབྱོར་སྤྱོད་པ་བ་རྣམ་པ་བདེན་པར་སྨྲ་བའི་གཞུང་ལ་བརྟེན་པ་ཡིན་ཏེ། འདི་ལྟར་སེམས་ཅན་གྱི་དུས་ན་ཡང་ཕྱི་རོལ་གྱི་ཡུལ་ལ་སྐྱེ་བའི་དོན་གྱི་གཟུང་འཛིན་མེད་ཀྱང་། སེམས་ཉིད་གཟུང་བ་དང་འཛིན་པ་ལྟ་བུའི་རྣམ་པར་སྐྱེ་བ་ཡོད་པས། དེ་བཞིན་དུ་གནས་འགྱུར་པའི་གནས་སྐབས་ན་ཡང་ཡེ་ཤེས་རང་སྣང་བའི་སྐུ་དང་ཞིང་གི་བཀོད་པ་དག་ཡོད་དོ། །སྙམ་དུ་རྟོག་གོ །རྩོད་གཞི་གཉིས་པ་ནི། དེ་བཞིན་གཤེགས་པ་རྣམས་ལ་གཟུགས་ཀྱི་སྐུ་དག་ནི་མི་མངའ་སྟེ། འོན་ཀྱང་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་གྱི་ཡེ་ཤེས་རྣམ་པ་གཉིས་མངའ། ཞེས་རྟོག་གོ །ཁ་ཅིག་ནི་ཡེ་ཤེས་དེས་ཀྱང་ཏིང་ངེ་འཛིན་གྱི་བདེ་བའི་བདག་ཉིད་ཉམས་སུ་མྱོང་ངོ་། །ཞེས་ཀྱང་འདོད་དོ། །ཚུལ་འདི་རྣལ་འབྱོར་སྤྱོད་པ་བ་རྣམ་པ་བརྫུན་པར་སྨྲ་བའི་གཞུང་ལ་བརྟེན་པ་ཡིན་ཏེ། འདི་ལྟར་སེམས་ཅན་གྱི་དུས་ན་ཡང་སེམས་གཟུང་འཛིན་གྱི་རྣམ་པར་སྐྱེ་བའི་དེ་ལྟར་བདེན་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་གནས་སྐབས་ན་ཡང་དག་པ་འཇིག་རྟེན་པའི་ཡེ་ཤེས་མངའ་ཡང་དེ་ལྟར་བདེན་པ་ནི་མ་ཡིན་ནོ། །ཞེས་རྟོག་གོ །གསུམ་པ་ནི། སངས་རྒྱས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་སྟེ། ཡོན་ཏན་སྣང་བ་ཐམས་ཅད་དེའི་དབང་གིས་འབྱུང་ངོ་། །ཞེས་ངེས་པར་འཛིན་ཏེ། ཚུལ་འདི་ཡང་རྣལ་འབྱོར་སྤྱོད་པ་བ་རྣམ་པ་མེད་པ་ལ་བརྟེན་པ་ཡིན་ནོ། །དེ་ལྟར་རྩོད་གཞི་གསུམ་པོ་འདི་དག་ནི། ཆོས་ཐམས་ཅད་ལ་བདེན་པ་གཉིས་ཀྱི་མཚན་ཉིད་དུ་འཛིན་པ་ལས་འབྱུང་བ་ཡིན་ཏེ། འདི་ལྟར་སེམས་ཅན་གྱི་དུས་ན་སྣང་བའི་དངོས་པོ་རྣམས་ཀྱང་བདེན་པ་གཉིས་ཀྱི་མཚན་ཉིད་ཙམ་ཡིན་ལ། སངས་རྒྱས་ཀྱི་ས་ན་ཡང་བདེན་པ་གཉིས་ཀྱི་ཚུལ་དང་ལྡན་ནོ། །ཞེས་རྟོག་གོ །བཞི་པ་ནི། སངས་རྒྱས་ཀྱི་ས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་སྟེ། སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ཐམས་ཅད་ནི་སྔོན་གྱི་སྨོན་ལམ་དང་། ཐུགས་རྗེ་ཆེན་པོའི་ཤུགས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པར་གྱུར་པའི་དབང་དང་། གདུལ་བྱ་རྣམས་ཀྱི་དཀར་པོའི་བག་ཆགས་ཀྱི་ས་བོན་གྱི་དབང་ལས་བྱུང་བ་རྟེན་མེད་པར་འབྱུང་སྟེ། དཔེར་ན་དྲང་སྲོང་སྨོན་ལམ་གྲུབ་པས་མ་འོངས་པའི་དུས་ན་སྨོན་ལམ་བཏབ་པ་རྣམས། དྲང་སྲོང་ཤི་ནས་དུས་ཡུན་རིང་མོ་འདས་ཀྱང་སྨོན་ལམ་གྲུབ་པར་གྱུར་པ་ལ་བརྟེན་མི་དགོས་པ་བཞིན་ནོ། །ཞེས་འདོད་དོ། །ཚུལ་འདི་ཡང་བདེན་པ་རྣམ་པ་གཉིས་དབྱེར་མེད་པར་འདོད་པའི་གཞུང་ཐུན་མོང་མ་ཡིན་པ་ལ་བརྟེན་པ་སྟེ། འདི་ལྟར་སངས་རྒྱས་ཀྱི་ས་ལ་རྟེན་མེད་པར་མ་ཟད་སེམས་ཅན་གྱི་དུས་ན་ཡང་དངོས་པོ་སྣ་ཚོགས་སུ་སྣང་བ་ལ་རྟེན་མེད་དེ། འདི་ལྟར་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། སྡུག་བསྔལ་གྱི་རྒྱུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་པར་བསྟན་པའི་སྐབས་སུ་དྲིས་པ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་རྒྱུ་གང་ཡིན། སྨྲས་པ། འཇིག་ཚོགས་ལ་ལྟ་བའོ། །སྨྲས་པ་དེའི་རྒྱུ་གང་ཡིན། སྨྲས་པ་འདོད་ཆགས་སོ། །སྨྲས་པ་འདོད་ཆགས་ཀྱི་རྒྱུ་གང་ཡིན། སྨྲས་པ་ཕྱིན་ཅི་ལོག་གི་འདུ་ཤེས་སོ། །སྨྲས་པ་དེའི་རྒྱུ་གང་ཡིན། རྟེན་མེད་པའོ། །སྨྲས་པ་རྟེན་མེད་པའི་རྒྱུ་གང་ཡིན། སྨྲས་པ། བཙུན་པ་རྟེན་མེད་པ་ལ་ནི་རྒྱུའི་གནས་མེད་དོ། །ཞེས་གསུངས་པ་ལྟ་བུ་སྟེ། འཁོར་བའི་ཆོས་ཀྱང་རྟེན་མེད་པར་འབྱུང་ངོ་། །སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང་། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་དེ་འདྲ་ཞེས། །ནམ་མཁའ་གང་ལ་གནས་ཞེས་དོན་འདི་བརྟགས་པར་བགྱི། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་རྟེན་མེད་པ་དེ་ལས་འབྱུང་བ་ནི་དངོས་པོ་ཡོད་པའང་མ་ཡིན་ཏེ། ཇི་ལྟར་སྨིག་རྒྱུའི་ཆུ་སྔོ་བ་དང་གཡོ་བ་དག་ལ་རྟེན་གྱི་འབྱུང་བ་ཆེན་པོ་མེད་པར་མ་ཟད་ཀྱི། ཇི་ལྟར་སྣང་བ་དེ་ལྟ་བུའི་རང་གི་ངོ་བོ་འབྱུང་བའང་ཡོད་པ་མ་ཡིན་ཏེ། ལོང་བ་རྣམས་ཀྱི་མུན་པའང་དེ་དང་འདྲ་སྟེ། དེ་བས་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་སྣ་ཚོགས་སུ་སྣང་བའང་རྟེན་དང་རང་གི་ངོ་བོ་གཉིས་ཀ་མ་གྲུབ་པའི་ཕྱིར། སེམས་ཅན་དང་སངས་རྒྱས་གཉིས་ཀའང་རང་བཞིན་མཉམ་པར་སྨྲའོ། །འདི་ནི་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ཚུལ་ཡིན་ཏེ། དེ་ཡང་མཚན་ཉིད་ཐུན་མོང་མ་ཡིན་པ་ནི། ཆོས་ཐམས་ཅད་རྣམ་པར་བསྒྲུབ་པ་ཉེ་བར་གཞག་པའི་མཚན་ཉིད་ཙམ་དུ་འདོད་དོ། །གང་བདེན་པ་གཉིས་ཀྱི་མཚན་ཉིད་རྣམ་པར་གཞག་པ་དང་། ངོ་བོ་ཉིད་གསུམ་གྱི་མཚན་ཉིད་རྣམ་པར་གཞག་པ་དང་། ཕྱི་དང་ནང་གི་སྐྱེ་མཆེད་རྣམ་པ་གཉིས་ཀྱི་མཚན་ཉིད་རྣམ་པར་གཞག་པ་དང་། བརྫུས་ཏེ་འབྱུང་བའི་སེམས་ཅན་གང་ཟག་གི་མཚན་ཉིད་རྣམ་པར་གཞག་པ་འདི་རྣམས། སྣང་བ་ཙམ་ལ་བརྟེན་ནས་རྣམ་པར་བསྒྲུབ་པ་ཉེ་བར་གཞག་པའི་མཚན་ཉིད་ཙམ་ཡིན་པར་བྱེ་བྲག་མེད་དོ། །ཞེས་འདོད་དོ། །དེ་བཞིན་དུ་རྣམ་པར་གྲོལ་བ་ཡང་ཐུན་མོང་མ་ཡིན་ཏེ། ཉོན་མོངས་པའི་རང་བཞིན་ཉིད་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡང་ཐུན་མོང་མ་ཡིན་ཏེ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཉིད་རང་བྱུང་གི་ཡེ་ཤེས་སོ། །ཞིང་དང་སྤྱོད་ཡུལ་ཡང་ཐུན་མོང་མ་ཡིན་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་ཁམས་ཡོངས་སུ་མ་དག་པ་འདི་ཉིད་ཀྱང་ཡོངས་སུ་དག་པའི་ཞིང་ཁམས་སོ། །དེ་ཡང་ཇི་ལྟར་ཞེ་ན། དཔེར་ན་ཡི་དྭགས་ཀྱིས་ཆུ་ཀླུང་ལ་རྣག་ཏུ་མཐོང་བ་དེའི་ཚེ། ཆོས་ཅན་ས་ཕྱོགས་ནམ་མཁའ་དང་བཅས་པའི་ཕྱོགས་ཤིག་ན་བརླན་ཞིང་གཤེར་བའི་བྱ་བ་བྱེད་པར་སྣང་བའི་ཐུན་མོང་གི་སྣང་བ་མ་ལོག་པར་མཚུངས་མོད་ཀྱི། འོན་ཀྱང་སྣང་བ་དེ་དག་པ་དང་མ་དག་པའི་ཚུལ་སོ་སོར་སྣང་བ་སྟེ། འདི་ལྟར་ཡི་དྭགས་རྣམས་ལ་ནི་ཤིན་ཏུ་མ་དག་པར་སྣང་སྟེ། བརླན་པའི་བྱ་བ་ཡང་བྱེད་ལ་དབང་པོའི་རྒྱུན་ཉམས་པར་བྱེད་པའི་དྲི་དང་རོ་ཡང་སྣང་ངོ་། །མི་ལ་སོགས་པ་ལ་ནི་ཅུང་ཟད་མ་དག་པར་སྣང་སྟེ། བརླན་པའི་བྱ་བ་ཡང་བྱེད་ལ་དབང་པོའི་རྒྱུན་ལ་ཡང་མི་གནོད་དོ། །ཞིང་དག་པ་ན་གནས་པའི་གང་ཟག་རྣམས་ལ་ནི་དག་པར་སྣང་སྟེ། བརླན་པའི་བྱ་བ་ཡང་བྱེད་ལ་དབང་པོའི་རྒྱུན་རྒྱས་པར་བྱེད་པའི་དྲི་དང་རོ་དང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་བདུད་རྩིའི་བཏུང་བར་ཡང་སྣང་ལ། ཁ་ཟས་ཀྱི་བྱ་བ་ཡང་བྱེད་ཅིང་དམ་པའི་ཆོས་རྒྱུད་ལ་སྐྱེད་པར་ཡང་བྱེད་དེ་སངས་རྒྱས་ཀྱི་མཛད་པ་ཡང་བྱེད་དོ། །ཆོས་ལ་དབང་ཐོབ་པའི་རིག་འཛིན་དག་ལ་ནི་ཤིན་ཏུ་དག་པར་སྣང་སྟེ། ཆུ་དེ་ཉིད་ཡུམ་མཱ་མ་ཀཱིའི་སྐུར་སྣང་སྟེ། དེ་ལ་རེག་པས་བརླན་པས་ཚིམ་པའི་བྱ་བ་ཡང་བྱེད་ལ། རོལ་པའི་བདེ་བ་ཡང་ཉམས་སུ་མྱོང་བར་བྱེད་ཅིང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་པར་ཡང་བྱེད་དོ། །བག་ལ་ཉལ་ཡོངས་སུ་ཟད་པ་རྣམས་ལ་ནི། སྣང་བ་ཐམས་ཅད་དང་བྲལ་ཏེ་སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བར་ཡང་འགྱུར་རོ། །དེ་བས་ན་འདི་དག་ཀྱང་རྣམ་པར་སྒྲུབ་པ་ཉེ་བར་གཞག་པའི་མཚན་ཉིད་ཙམ་ཡིན་ཏེ། རང་རང་གི་བྱ་བ་བྱེད་པར་སྣང་བ་ཙམ་ཡང་མི་བསླུ་ལ། གཟུ་བོའི་བློས་གཞལ་ན་སྣང་བ་དེ་དག་ཀྱང་ཇི་ལྟ་ཇི་ལྟར་དག་པ་དེ་ལྟ་དེ་ལྟར་བདེན་པར་ཤེས་པར་བྱའོ། །དོན་འདི་དག་ལ་འཇུག་པའི་གང་ཟག་གི་བློ་ཡང་ཐུན་མོང་མ་ཡིན་ཏེ། ཁ་ཅིག་ནི་ཉན་ཐོས་ཆེན་པོ་རྣམས་ཀྱི་བསླབ་ལུགས་བཞིན་རྗེས་སུ་སློབ་བོ། །ཁ་ཅིག་ནི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་བོ། །ཁ་ཅིག་ནི་སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ་སྟེ། འདི་ལྟར་གཉིས་སུ་མེད་པའི་ཚུལ་ལ་འཇུག་པར་བྱེད་དོ། །དེ་དག་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཆོས་རྣམས་ལ་སློབ་ཅིང་སྦྱོང་བ་ཚུལ་བཞི་པ་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་དཀོན་ཅོག་གི་ཚུལ་ལྔ་བསྟན་པའི་གཞིའི་རྣམ་པ་བཞི་བརྗོད་པ་ཡིན་ནོ། །ད་ནི་འཁོར་ལོ་བསྐོར་བ་དེ་དག་ཉིད་བརྗོད་པར་བྱ་སྟེ། དེ་ལྟར་ཚུལ་སྣ་ཚོགས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དག་ཀྱང་། འདུལ་བའི་དབང་གིས་ཐེག་པ་ལྔ་ཡི་སྒོ་ནས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཤིང་གསུང་བར་འགྱུར་ལ། དེ་དག་ལས་ཀྱང་གྲུབ་པའི་མཐའ་ལྔ་ཞིག་སྟོན་ཏེ། དེ་དག་གི་མཐར་ཐུག་པ་ནི། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་འདི་ཉིད་ཡིན་ནོ། །ཞེས་ཤེས་པར་བྱའོ། །དེ་ལ་འདུལ་བའི་དབང་གིས་གསུང་གིས་འདུལ་བའི་བྱེ་བྲག་གོ །ཐེག་པ་ལྔ་ནི། ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། གསང་བ་བླ་ན་མེད་པའི་ཐེག་པའོ། །དེ་ལ་མི་དང་ལྷའི་ཐེག་པ་ནི། འདི་ཉིད་ཀྱི་རྒྱུད་ཕྱི་མ་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་གསུངས་པ་འདི་ཉིད་ཡིན་ནོ། །དེ་ལ་མི་ཞེས་བྱ་བའི་ངེས་ཚིག་ནི། མ་ནུ་ཤ་ཞེས་བྱ་བ་བསྐལ་པ་དང་པོའི་མི་ལྷ་ལས་བབས་པའི་ཚེ། སྐྱེ་རྒུའི་བདག་པོ་མ་ན་ཞེས་བྱ་བ་ཞིག་བྱུང་སྟེ། གཞན་རྣམས་ཀྱང་དེའི་དབང་གིས་བྱུང་བས་མ་ནུ་ཤ་ཞེས་བྱ་སྟེ། ཚུལ་འདིས་ན་ཤེད་ལས་སྐྱེས་པའི་ཕྱིར་མི་ཞེས་བྱའོ། །རྣམ་པ་གཅིག་ཏུ། ཤ་མ་ན་ཀ་ར་ཞེས་བྱ་སྟེ། ཚུལ་བཞིན་དུ་སྤྱོད་པར་བྱེད་པ་ལ་བྱ། ཡང་ན། ཤ་མ་ནི་དུལ་བའམ་དེས་པ། ན་ནི་ཚིག་གི་རྐྱེན་ཏེ་ངེས་པའི་ཕྱིར་མི་ཞེས་བྱའོ། །ཡང་། མ་ན་ནི་རློམ་སེམས་པའི་བདག་ཉིད་དེ་ང་རྒྱལ་དང་བཅས་པའམ་ང་རྒྱལ་འདུལ་བར་བྱེད་པས་མི་ཞེས་བྱའོ། །ལྷ་ཞེས་བྱ་བའི་ངེས་ཚིག་ནི། དེ་བ་ཞེས་བྱ་བ་དེ་བ་ས་སྟེ་ཉིན་པར་གྱི་མཚན་མ་རིང་བས་ལྷ་ཞེས་བྱ། དེ་བཞིན་དུ་སྒྲ་དེ་ཉིད་ཀྱིས། ཞི་བ་དང་། སྣང་བ་ཆེན་པོའི་སྒྲོན་མེར་གྱུར་པ་དང་། བཀྲ་ཤིས་པ་དང་། ཉི་མ་སྟེ། དེའི་ཕྱིར་ལྷ་ཞེས་བྱའོ། །ཡང་། དེ་བྷི་ཧ་ཡ་སྟེ། ནམ་མཁའ་ལ་བྱ་བས་མཐོ་རིས་པའི་ལྷ་རྣམས་ཕལ་ཆེར་གྱི་ཁྱིམ་ནམ་མཁའ་ལ་གནས་པའི་ཕྱིར་ལྷ་ཞེས་བྱའོ། །གཞན་ཡང་། ཨ་མ་ར་སྟེ། བདུད་རྩིའི་ཟས་ལ་ལོངས་སྤྱོད་པས་བར་མ་དོའི་འཆི་བའི་རྐྱེན་ཉུང་བ་དང་། ཚེ་རིང་བར་ཡང་འདྲེན། སུ་ར་ཞེས་བྱ་སྟེ། ལྷ་མ་ཡིན་ལ་སོགས་པ་བགེགས་ཀྱི་རིགས་ཀྱིས་ཐུབ་པར་དཀའ་བས་དཔའ་བོ་ཞེས་ཀྱང་འདྲེན། ཏྲིང་ཤི་ཁ་ཞེས་བྱ་སྟེ། ལྷ་རྣམས་ལོ་སུམ་ཅུའི་ཚད་ལས་རྒན་པར་མི་འགྱུར་བས་སུམ་ཅུ་པ་ཞེས་བྱའོ། །ལྷག་པར་བསྟན་པའི་ཚིག་ལ་སོགས་པ་དེ་དག་གིས་ལྷ་ཞེས་བྱ་བའི་ངེས་པའི་ཚིག་བཤད་པར་བྱའོ། །ཉན་ཐོས་ཀྱི་ཐེག་པ་ནི། དེ་ཉིད་ལས། བདེན་བཞི་དོན་རྟོགས་རབ་ཏུ་སྤོང་བ་ཡི། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བའི། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཞེས་གསུངས་པའོ། །འདི་ལ་ཡང་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ལྟ་བ་ནི། དབང་པོ་དང་ཡུལ་ཕྲད་པ་ལས་སྐྱེས་པའི་བློ་རྣམ་པ་མེད་པར་སྐྱེ་བར་འདོད་ཅིང་། དབང་པོ་དང་དོན་ཡང་གོང་དང་མཐུན་པའི་རྡུལ་ཕྲ་རབ་རྫས་སུ་ཡོད་པ་དང་། འདུས་བྱས་ཐམས་ཅད་བདག་མེད་ཅིང་མི་རྟག་པ་དང་། མྱ་ངན་ལས་འདས་པ་རྟག་པར་ཡོད་པར་ལྟ་བ། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པའི་གཉེན་པོ་ལམ་བསྒོམས་པས། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམ་པ་བཞི་འགྲུབ་སྟེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགྱུར་བར་འདོད་དོ་ཞེས་འབྱུང་ངོ་། །མདོ་སྡེ་པ་ནི་དབང་པོ་དང་ཡུལ་ལས་བྱུང་བའི་བློ་རྣམ་པ་དང་བཅས་པར་སྐྱེ་བར་འདོད་ལ། དབང་པོ་དང་ཡུལ་ཡང་ཁ་དོག་དང་མཐུན་པའི་རྡུལ་ཕྲ་རབ་རྫས་སུ་འདོད་ལ། འདུས་མ་བྱས་རྣམས་ཀྱང་མོ་གཤམ་གྱི་བུ་དང་འདྲ་བར་འདོད་ཅིང་། ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་པས་རྫས་སུ་འདོད་པའི་ཆོས་ཕལ་ལ་རྫས་མེད་པར་རྟོགས་སོ་ཞེས་འབྱུང་ངོ་། །ཅིའི་ཕྱིར་ཉན་ཐོས་ཞེས་བྱ་ཞེ་ན། པྲ་བ་ཀ་ཞེས་བྱ་བ། པྲ་བ་ནི་ཉན་པའི་ཚིག་སྟེ། རང་སངས་རྒྱས་ལྟར་དགེ་བའི་བཤེས་གཉེན་གྱི་བཀའ་ལ་མི་བརྟེན་པ་མ་ཡིན་གྱི། འབྲས་བུ་ཐོབ་ཀར་ཡང་སངས་རྒྱས་ཀྱི་ལུང་ལ་བརྟེན་ཅིང་ཉན་པར་བྱེད་པས་ན་པྲ་བ་ཀ་ཞེས་བྱའོ། །ཡང་པྲ་བ་ཀ་ནི་སྒྲོག་ཅིང་ཐོས་པར་བྱེད་པའི་ཚིག་སྟེ། རང་སངས་རྒྱས་ལྟར་ངག་གི་སྒོ་ནས་ཆོས་མི་སྟོན་པ་མ་ཡིན་གྱི། རང་གིས་ཐོབ་པའི་འབྲས་བུ་གཞན་ལ་སྒྲོག་ཅིང་ཐོས་པར་བྱེད་པས་པྲ་བ་ཀ་ཞེས་བྱ་སྟེ། འདི་ལྟར་དོན་གཉིས་མིང་གཅིག་ལ་འདུ་རུ་མི་རུང་བས་མིང་གཉིས་ཀྱི་སྒོ་ནས་གཞག་སྟེ། ཉན་ཐོས་ཞེས་བྱའོ། །རང་སངས་རྒྱས་ཀྱི་ཐེག་པ་ནི། དེ་ཉིད་ལས། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་ཤིང་། །དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་སར་འགྲོ་ཡིད་བཞིན་བདེ་བའི་མཆོག །ཅེས་འབྱུང་ངོ་། །འདི་ཡང་ལྟ་བ་ནི། ཉན་ཐོས་ལས་ཁྱད་པར་དུ་གཟུགས་ཀྱི་ཕུང་པོ་ལས་བདག་མེད་པར་རྟོགས། ཚུལ་ཁྲིམས་ཀྱི་གཞི་ནི་མཐུན། འབྲས་བུ་ནི་ཚོགས་ན་སྤྱོད་པ་དང་། བསེ་རུ་ལྟ་བུར་ཞུགས་པ་དང་འབྲས་བུར་བཅས་པའི་བྱེ་བྲག་འཐོབ་བོ་ཞེས་འབྱུང་ངོ་། །ཅིའི་ཕྱིར་རང་སངས་རྒྱས་ཞེས་བྱ་ཞེ་ན། པྲ་ཏ་ཀ་བུདྡྷ་ཞེས་བྱ་བ། པྲ་ཏ་ཀ་ནི་སོ་སོ་རང་རང་ལ་བྱ། བུདྡྷ་ནི་སངས་རྒྱས་ཏེ། དེའི་ཕྱིར་ཉན་ཐོས་ལྟར་དགེ་བའི་བཤེས་གཉེན་ལ་མི་བརྟེན་གྱི། རང་གི་བྱང་ཆུབ་རང་གིས་རྟོགས་པས་རང་སངས་རྒྱས་ཞེས་བྱ། ཡང་ན་ཉན་ཐོས་ལྟར་རང་གིས་ཐོབ་པའི་འབྲས་བུ་གཞན་ལ་ཐོབ་པར་མི་བྱེད་ཀྱི། ངག་གི་སྒོ་ནས་ཆོས་མི་སྟོན་པས་རང་སངས་རྒྱས་ཞེས་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའི་ལྟར་སེམས་ཅན་མང་པོའི་དོན་དུ་བྱང་ཆུབ་ཏུ་སེམས་མི་བསྐྱེད་ཀྱི། རང་འབའ་ཞིག་ཐར་བར་བྱ་བའི་ཕྱིར་སེམས་བསྐྱེད་པས་དེ་སྐད་ཅེས་བྱའོ། །ཡང་རྣམ་པ་གཅིག་ཏུ་པྲ་ཏ་ཡ་ནི་རྐྱེན། བུདྡྷ་ནི་རྟོགས་པའི་ཚིག་སྟེ། རང་སངས་རྒྱས་བསྐལ་པ་དུ་མར་ཚོགས་བསགས་པའི་ལས་ཀྱི་མཐའ་ལ་བབས་པ་ན། རྐྱེན་ཞིག་གི་དབང་གིས་བྱང་ཆུབ་རྟོགས་པར་འགྱུར་བ་དང་། དེས་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་རྐྱེན་རྣམས་རྟོགས་པར་འགྱུར་བས་རྐྱེན་རྟོགས་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། དེ་ཉིད་ལས། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་འབྱོར་པ། །སངས་རྒྱས་སར་འགྲོ་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར། །ཞེས་གསུངས་པའོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞེ་ན། བོ་ངྷི་སཏྭ་ཞེས་བྱ་བ། བོ་ངྷི་ནི་ཨ་བ་བོ་ངྷི་སྟེ། ཁོང་དུ་ཆུད་ཅིང་རྟོགས་པའི་ཚིག་གོ །ཡང་བོ་ངྷི་ནི་སྐྱོན་དག་ཅིང་བྱང་བ་ལ་ཡང་བྱ་བས་དོན་དེས་ན་བྱང་ཆུབ་ཞེས་བྱའོ། །སཏྭ་ནི་སྒྲ་དོན་དྲུག་ལ་འཇུག་སྟེ། སྙིང་སྟོབས་ཏེ་ཞེ་སྡང་དང་། དཔའ་ཞིང་བརྟན་པ་དང་། འདུན་པ་དང་། ཤེས་རིག་དང་། སྲོག་ཆགས་དང་། བསྡུས་པ་རྣམས་ལ་འཇུག་གོ །དེ་ལས་འདིར་ཡང་བྱང་ཆུབ་ཀྱི་ཕྱིར་བསམ་པ་བརྟན་ཞིང་མི་ནུར་བ་ཡོད་པས་བྱང་ཆུབ་འདོད་པ་དང་། བྱང་ཆུབ་དང་སེམས་ཅན་ལ་དམིགས་པ་ཡོད་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི། སེམས་ཅན་བྱང་ཆུབ་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གསང་བ་བླ་ན་མེད་པའི་ཐེག་པ་ནི། དེ་ཉིད་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང་། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས་པ་སྟེ། འདིར་ནི་མཉམ་པ་ཉིད་རྟོགས་པའི་བློ་དང་། དེ་སྟོན་པའི་གཞུང་གི་ཚིག་གཉིས་ཀ་ལ་ཐེག་པའི་སྒྲར་བཤད་དོ། །སྤྱིར་ཐེག་པ་ཞེས་བྱ་བའི་ངེས་ཚིག་ནི། ཡ་ན་ཞེས་བྱ་བ་འགྲོ་བའི་བྱ་བ་སྟོན་པའི་ཚིག་ཡིན་པས་ཚིག་གཟུགས་པོར་ལམ་ལ་བྱའོ། །བརྒྱུད་ནས་ནི་མྱ་ངན་ལས་འདས་པ་དང་། གཞུང་གི་ཚོགས་དང་། བརྗོད་བྱ་ལྟ་བུ་ལ་ཡང་འཇུག་པར་ཤེས་པར་བྱའོ། །ཐེག་པ་ལྔར་རྣམ་པར་གཞག་པ་འདི་ནི། དཔལ་གསང་བའི་སྙིང་པོ་འདི་ཉིད་ཀྱི་དབང་དུ་བཤད་པར་ཟད་ཀྱི། བཀའ་སྤྱིའི་གཞུང་ལ་གྲགས་པ་ལྟར་ན་ཐེག་པ་ལ་ནི་གྲངས་ངེས་པ་ཁོ་ན་གཟུང་དུ་ཡོད་པ་མ་ཡིན་ཏེ། འདི་ལྟར་འཕགས་པ་རྟོགས་ཆེན་ཕྱག་རྒྱ་པ་ལས། ཐེག་པ་ནི་གཅིག་ཏུ་བས་ཏེ། གཉིས་དང་གསུམ་དུ་མ་མཆིས་སོ། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་ཁོ་ནའོ། །ཐེག་པ་གཉིས་སུ་ཡང་བསྟན་ཏེ། ཐེག་པ་ཆུང་ངུ་དང་། ཆེན་པོའོ། །ཡང་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་། རྡོ་རྗེའི་ཐེག་པ་གཉིས་སོ། །ཐེག་པ་ནི་གསུམ་དུ་ཡང་བསྟན་ཏེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བླ་ན་མེད་པའི་ཐེག་པའོ། །ཐེག་པ་བཞིར་ཡང་བསྟན་ཏེ། གསང་བའི་ཐིག་ལེ་ནོར་བུའི་རྒྱུད་ལ་སོགས་པའི་པདྨའི་རིགས་ཀྱི་སྡོམ་པ་གཟུང་བའི་སྐབས་ལས། ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་རབ་ཏུ་གཟུང་། །ཞེས་གསུངས་པ་ལྟ་བུ་སྟེ། ཕྱིའི་ཐེག་པ་ནི། མཚན་ཉིད་ཀྱི་ཐེག་པར་བསྡུས་པ་མཐའ་དག་གོ །གསང་བའི་ཐེག་པ་གསུམ་ནི། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དེ། འདི་གསུམ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་བསྟན་པ་ཡིན་ཏེ། འདི་དག་གི་དོན་ནི་འོག་ནས་རྒྱུད་ཀྱི་དབྱེ་བ་བསྟན་པའི་སྐབས་སུ་འཆད་པས་དེར་རིག་པར་བྱའོ། །ཐེག་པ་ནི་རྣམ་པ་དགུར་བསྟན་པ་ཡང་ཡོད་དེ། མན་ངག་ལྟ་བའི་ཕྲེང་བ་ལས་གསུངས་པ་ལྟར། མཚན་ཉིད་སྡེ་གསུམ་དང་། ཕྱི་རྒྱུད་སྡེ་གསུམ་དང་། ནང་རྒྱུད་སྡེ་གསུམ་མོ། །ཐེག་པ་མཐའ་ཡས་པར་བསྟན་པ་ཡང་ཡོད་དེ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་གསང་སྔགས་ཀྱི་གཞུང་ལས་ཀྱང་། འདི་ཉིད་ལས། སྲིད་གསུམ་འགྲོ་བ་ཇི་སྙེད་པའི། །རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོ། །ཞེས་གསུངས་པ་ལྟ་བུ་དང་། མདོ་སྡེ་ལངྒར་གཤེགས་པ་ལས་ཀྱང་། ཇི་སྲིད་སེམས་འཇུག་གནས་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས་པ་ལྟ་བུའོ། །ཐེག་པ་མེད་པར་ཡང་བསྟན་ཏེ། མདོ་སྡེ་དེ་ཉིད་ལས། འདུ་ཤེས་མེད་པར་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་གསུངས་པ་ལྟ་བུ་དང་། ཡང་མདོ་སྡེ་དཀོན་ཅོག་བརྩེགས་པ་ལས། དེ་བཞིན་གཤེགས་པ་དགེ་ཆོས་ཟག་མེད་ནི། །ཆོས་ཀྱི་སྐུ་མཆོག་ཡིན་ཏེ་དེ་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་དག་ན་གཟུགས་བརྙན་ཀུན་ཏུ་སྣང་། །ཞེས་གསུངས་པ་ལྟ་བུ་དང་། གསང་སྔགས་ཀྱི་གཞུང་ལས་ཀྱང་། བགྲོད་དུ་མེད་པ་ལམ་གྱི་མཆོག །ཅེས་གསུངས་པ་ལྟ་བུ་སྟེ། ཚུལ་འདི་ལྟ་བུའི་དོན་གྱིས་ན། ཐེག་པ་དང་། འགྲོ་བ་པོ་དང་། བགྲོད་པར་བྱ་བའི་གནས་རྣམས་ཐ་དད་དུ་གཞག་ཏུ་མེད་དོ། །ཚུལ་འདིས་ནི་ཐེག་པ་མེད་པར་ཡང་འདོད་པའོ། །ད་ནི་ཐེག་པའི་ཁྱད་པར་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་སྤྱིའི་ཁྱད་པར་ནི། གོང་དུ་ཐེག་པ་ལྔའི་སྐབས་སུ་ཅུང་ཟད་སྨོས་པར་ཟད་དོ། །ཕྱིའི་ཐེག་པ་ལས་གསང་བའི་ཐེག་པ་ཅིས་འཕགས་པའི་ཁྱད་པར་ནི། མདོར་བསྡུ་ན་ཚུལ་རྣམ་པ་གཅིག་གིས་འཕགས་ཏེ། འདི་ལྟར་རྡོ་རྗེ་ཐེག་པའི་ཚུལ་ཉིད་དོ། །ཇི་ལྟར་ཞེ་ན། མཚན་ཉིད་ཀྱི་ཐེག་པ་ནི། ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བ་དང་ཇི་སྙེད་པ་དག་གཙོ་བོར་སྒྲུབ་ཅིང་བྱེ་བྲག་ཕྱེད་པར་སྟོན་ཏོ། །ཚུལ་གཉིས་ཀྱིས་འཕགས་པར་ཡང་བསྟན་ཏེ། ལྟ་བ་ཕུལ་དུ་བྱུང་སྟེ་གཏན་ལ་དབབ་པ་དང་། མཛད་སྤྱོད་རྨད་དུ་བྱུང་བའོ། །ཡང་གཉིས་ཏེ་ཤེས་རབ་ཆེན་པོ་དང་ཐབས་ཆེན་པོའོ། །ཡང་གཉིས་ཏེ་ཐབས་ཆེ་བ་དང་སྒོ་ཡངས་པའོ། །ཡང་གཉིས་ཏེ་རྒྱུས་འཕགས་པ་དང་། འབྲས་བུས་འཕགས་པའོ། །དེ་ལ་རྒྱུ་ནི་མཚན་ཉིད་ཀྱི་ཐེག་པ་ཡུན་རིང་པོར་བསྒྲུབ་པ་ལས་འཕགས་སོ། །འབྲས་བུ་ནི་ཉན་ཐོས་དགྲ་བཅོམ་པའི་འབྲས་བུ་ཙམ་ལས་མི་འགྲུབ་པ་ལས་འཕགས་སོ། །ཚུལ་འདི་དག་ནི་འཕགས་པ་ཐབས་ཀྱི་ཞགས་པ་ལས་གསུངས་པ་ལྟ་བུའོ། །གསུམ་གྱིས་འཕགས་པར་བསྟན་པའི་ཚུལ་ཡང་སྣང་སྟེ། འདི་ལྟར་ཐེག་པ་གསུམ་རྣམ་པར་གཞག་པ་ལས། དམིགས་པ་རྣམ་པར་དག་པ་དང་། །གྲོགས་ཀྱི་མཐུ་དང་སྤྱོད་པའི་ས། །བློ་ལྡན་རྣམས་ཀྱི་ཐེག་པ་ནི། །ཆེན་པོའི་ཆེན་པོ་ཉིད་དུ་དེཡོངས་སུ་བསྒྲགས། །ཞེས་གསུངས་པ་ལྟ་བུ་དང་། ལྷ་རྒྱུད་ཀྱི་རྟོག་པ་ལས། དབུ་གསུམ་དུག་གསུམ་སྐུ་གསུམ་ལྷུན་གྱིས་གྲུབ། །ལྟ་སྤྱོད་རྣམ་པ་གསུམ་གྱིས་གྲུབ་པའི་རྟགས། །ཞེས་གསུངས་པ་ལྟ་བུ་སྟེ། ལྟ་སྤྱོད་གསུམ་ནི། དེའི་གྲོགས་དང་གསུམ་མོ། །དེ་ལྟར་ན་ཁྱད་པར་རྣམ་པ་གསུམ་ནི། དམིགས་པའི་སྒོ་ནས་ཆོས་ཐམས་ཅད་དབྱེར་མེད་པར་དཀྱིལ་འཁོར་གསུམ་གྱི་རང་བཞིན་ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པར་ལྟ་བས་དམིགས་པ་རྣམ་པར་དག་པར་ལྟ་བ་དང་། དེའི་གྲོགས་ཐུན་མོང་མ་ཡིན་པའི་དམ་ཚིག་གི་སྡོམ་པ་དང་ལྡན་པའི་མཐུ་དང་། དེ་བཞིན་གཤེགས་པའི་མཛད་སྤྱོད་ཉམས་སུ་ལེན་པས་འཕགས་པར་བསྟན་ཏོ། །ཡང་རྣམ་པ་བཞིའི་ཚུལ་གྱིས་འཕགས་པ་ཡོད་དེ། ཚུལ་གསུམ་པའི་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་ཕྱིར་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟ་བུའོ། །ཡང་རྣམ་པ་བཞིའི་ཚུལ་གྱིས་འཕགས་པ་ཡོད་དེ། འཕགས་པ་ཐབས་ཀྱི་ཞགས་པ་ལས། དམིགས་པ་ཆེན་པོའི་ཡང་ཆེན་པོ་དང་། དེ་བཞིན་དུ་སྒྲུབ་པ་དང་། ཡེ་ཤེས་དང་། ཐབས་རྣམས་ཆེན་པོའི་ཡང་ཆེན་པོར་གྱུར་པས་འཕགས་པར་སྟོན་ཏེ། དེ་ལ་དམིགས་པ་ཆེན་པོའི་ཡང་ཆེན་པོ་ནི། དོན་དམ་པ་རྒྱུར་བལྟ་བ་དང་། ཀུན་རྫོབ་འབྲས་བུར་བལྟ་བ་དང་། རྒྱུ་གནས་སུ་བལྟ་བ་དང་། འབྲས་བུ་རོལ་པའི་དཀྱིལ་འཁོར་དུ་བལྟ་བ་དང་། བྱེད་སྤྱོད་ཚོགས་སུ་བལྟ་བ་དང་། དོན་བསྡུས་ནས་རྒྱུ་འབྲས་དབྱེར་མེད་པར་བལྟ་བའོ། །སྒྲུབ་པ་ཆེན་པོའི་ཡང་ཆེན་པོ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུའི་སྒོ་ནས་བདག་དང་གཞན་གྱི་དོན་སྒྲུབ་པ་དེ་ཡང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དབྱེར་མེད་པར་སྦྱོར་བས་ཚུལ་ཆེན་པོ་དང་། རིག་པ་སྐད་ཅིག་མ་ལ་ཚང་བར་སྤྱོད་པས་དུས་ཆེན་པོ་དང་། ཆེད་དུ་མ་སྤྱད་པར་ཡང་ལྷུན་གྱིས་གྲུབ་པར་སྦྱོར་བས་རྫོགས་པ་ཆེན་པོའོ། །ཡེ་ཤེས་ཆེན་པོའི་ཡང་ཆེན་པོ་ནི། ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་རྟོགས་པ་དེ་ཡང་། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་དུ་ཡང་མི་བལྟ་ཞིང་བླང་དོར་མེད་པས་ཡེ་ཤེས་ཀྱི་ཡུལ་ཆེན་པོ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་དབྱེར་མེད་པར་དུས་གཅིག་ཏུ་མཉམ་པ་ཉིད་དུ་སྦྱོར་ཞིང་འཇོམས་པས་ཡེ་ཤེས་ཀྱི་ལས་ཆེན་པོའོ། །ཐབས་ཆེན་པོའི་ཡང་ཆེན་པོ་ནི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་མཐའ་རྣམ་པ་གཉིས་གང་ལའང་མི་གནས་པའི་ཐབས་དང་ལྡན་པ་དེ་ལ། འདིར་ཐབས་མཁས་པ་དང་། ཐབས་དཀའ་བ་མེད་པ་དང་། ཐབས་མང་བ་དང་། ཐབས་མྱུར་བ་རྣམས་ཀྱིས་འཕགས་སོ། །དེ་ཡང་མི་དགེ་བཅུ་དང་མཚམས་མེད་པ་ལྔ་ལ་རོལ་ཡང་། བདག་ཉིད་ལ་མི་གོས་པར་འགྲོ་བ་འདྲེན་པས་ཐབས་མཁས་པའོ། །དཀའ་ཐུབ་དང་སྡོམ་པ་རྣམས་ཀྱིས་མི་གཟིར་བས་ལུས་དང་སེམས་ཇི་ལྟར་བདེ་ཞིང་དགའ་བས། བདག་དང་གཞན་གྲོལ་བར་བྱེད་པའི་ཐབས་ཡོད་པས་དཀའ་བ་མེད་པའོ། །ཐེག་པ་འོག་མ་ལྟར་མི་དགེ་བ་ནི་མི་རུང་ཞེས་སྒོ་དོགས་པ་ལྟ་བུ་མ་ཡིན་གྱི། རང་རང་གི་ཞེན་པའི་སྤྱོད་པ་ལ་གནས་བཞིན་དུ་དེ་ཉིད་ལ་ཐབས་ཀྱི་སྤྱོད་པས་ཟིན་པས་གྲོལ་བའི་ཐབས་ཡོད་པས་མང་བའོ། །དུས་ཡུན་རིང་མོ་ལྟ་བུར་བསྒྲུབ་དགོས་པ་མ་ཡིན་གྱི། མཐོང་བའི་ཆོས་ལ་སོགས་པར་མྱུར་དུ་བསྒྲུབ་པའི་ཐབས་ཡོད་པས་ཐབས་མྱུར་བའོ། །དེ་ཡང་དམིགས་པ་དང་སྤྱོད་པས་མྱུར་ཏེ། དེ་ལ་དམིགས་པ་ཡོངས་སུ་དག་པས་བསམ་པ་མྱུར་བ་ནི། ཐོགས་པ་མེད་པར་སྤྲོས་པའི་བག་ཆགས་ཀྱི་རྒྱུན་མྱུར་དུ་ལྡོག་པར་ནུས་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལྡོག་པར་ནུས་པ་དང་། བསོད་ནམས་ཀྱི་ཚོགས་ཆེན་པོ་སྐྱེ་བ་དང་། ཆོས་མཉམ་པ་ཉིད་ལ་རང་བཞིན་གྱིས་བློ་འཇུག་པར་ནུས་པའི་ཕྱིར་རོ། །སྤྱོད་པའི་སྒོ་ནས་ཀྱང་དཀའ་ཐུབ་དང་སྡོམ་པས་མ་གཟིར་བས་བསམ་པ་ལས་སུ་རུང་བར་གྱུར་པ་དང་། མཉམ་པ་དང་མཐུན་པའི་སྤྱོད་པ་བརྟུལ་ཞུགས་ཀྱི་སྤྱོད་པས་བསམ་པ་མི་མཉམ་པའི་གཉའ་གནོན་དུ་འགྱུར་བ་དང་། ཆོས་སྤྱོད་ཀྱི་སྒོ་འདུས་པ་ལ་སྤྱོད་པས་གཅིག་ལ་གཅིག་མི་སྒྲིབ་པ་དང་། ཆོ་ག་ལྷག་ཆད་ལ་སྐྱོན་དུ་མི་ལྟ་བས་ཐེ་ཚོམ་གྱི་གེགས་མི་ལྡང་སྟེ། དེ་དག་ལྟ་བུའི་ཕྱིར་ན་ཐབས་མྱུར་བ་ཞེས་བྱ་བ་ཡིན་ནོ། །ད་ནི་ཐེག་པ་སྣ་ཚོགས་ཀྱི་སྒོ་ནས་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་དེ་ཡང་། གྲུབ་པའི་མཐའ་ལྔར་འདུས་པར་བསྟན་པ་དེའི་ཚུལ་དུ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་གྲུབ་པའི་མཐའ་ཁ་ཅིག་ནི་གཟུང་བ་དང་འཛིན་པར་སྣང་བའི་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། ས་བོན་ནས་འབྲས་བུའི་བར་གྱིས་བསྡུས་པ་ལྟ་བུར་སྣང་བ་དང་། ནང་རྟེན་ཅིང་འབྲེལ་བར་འབྱུང་བ་མ་རིག་པ་ནས་རྒ་ཤིའི་བར་གྱིས་བསྡུས་པ་ལྟ་བུར་སྣང་བ་ནི། སེམས་ལས་གུད་ན་ཡོད་པ་མ་ཡིན་ཏེ། རང་གི་སེམས་ཉིད་འཁྲུལ་པའི་དབང་གིས་གཟུང་བ་དང་འཛིན་པ་གཉིས་སུ་སྣང་བ་ལ། གཟུང་བ་དང་འཛིན་པའི་དངོས་པོར་འདོགས་སོ། །ཞེས་སྟོན་ལ། དེ་ཡང་འདི་ལྟར་རྣལ་འབྱོར་སྤྱོད་པ་བ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གོ །གྲུབ་མཐའ་གཉིས་པ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་དང་། མི་གཡོ་བའི་ལས་དག་གི་རྣམ་པར་སྨིན་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་ནི་ངན་སོང་གི་གནས་དང་། མཐོ་རིས་ཀྱི་གནས་དང་། ཡོངས་སུ་དག་པའི་ཞིང་ཁམས་དག་ན་ཡང་ཆུད་མི་ཟ་བར་ཡོད་དེ། དེ་ཡང་སེམས་དང་སེམས་ལས་བྱུང་བ་ཉིད་མ་ཡིན་ནོ། །ཞེས་སྟོན་པ་སྟེ། དེ་ཡང་འདི་ལྟར། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། མདོ་སྡེ་དབུ་མ་པ་དག་གོ །གསུམ་པ་ནི། ལས་དང་ལས་ཀྱི་འབྲས་བུ་དང་། འཁྲུལ་པ་སྣང་བའི་དབང་དག་མེད་པར་སྐུར་པ་གདབ་ཏུ་རུང་བ་མ་ཡིན་མོད་ཀྱི། འོན་ཀྱང་རིག་སྔགས་དང་གསང་སྔགས་མཉེས་པར་བྱ་བའི་ཐབས་བྱང་ཆུབ་ཀྱི་སེམས་དང་། དེ་ཉིད་གསུམ་དང་ལྡན་པ་དག་ལ་དེ་དག་གིས་མི་གོས་སོ་ཞེས་སྟོན་པ་སྟེ། དེ་ཡང་འདི་ལྟར་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་ཕྱི་པ་ཐུབ་པ་རྒྱུད་ཀྱི་གཞུང་འཛིན་པ་དག་གོ །བཞི་པ་ནི་ལས་ཉིད་ཡེ་ཤེས། སྡུག་བསྔལ་ཉིད་བྱང་ཆུབ། ཉོན་མོངས་པ་ཉིད་གྲོལ་བ་ཆེན་པོའི་རང་བཞིན་ལ། དེ་དག་གོས་པར་ལྟ་ག་ལ་འགྱུར་ཏེ་གོས་པར་མི་འགྱུར། ཞེས་སྟོན་པ་སྟེ། འདི་ལྟར། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་གཞུང་འཛིན་པ་དག་གོ ། ལྔ་པ་ནི། སྡུག་བསྔལ་དང་བྱང་ཆུབ་ལ་སོགས་པ་ཆོས་ཐམས་ཅད་གདོད་མ་ནས་མཉམ་པ་ཆེན་པོའི་རང་བཞིན་དབྱེར་མེད་པར་ལྷུན་གྱིས་གྲུབ་པ་ལ། གང་ཞིག་གིས་གང་ཞིག་ལ་བསྒོམས་པས་གང་ཞིག་འགྲུབ་པར་འགྱུར་ཏེ། འདི་ལྟ་བུའི་གནས་མེད་པར་སྟོན་པ་སྟེ། གྲུབ་མཐའ་ཐམས་ཅད་ཀྱི་མཐའ་འདིར་ཐུག་པའོ། །དེ་ཡང་འདི་ལྟར་དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་གཞུང་དཔལ་གསང་བ་སྙིང་པོ་འདི་ཉིད་དོ། །དེ་བས་ན་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཐམས་ཅད་མ་ལུས་པར་འཕྲོས་ཏེ་འཁོར་ལོ་བསྐོར་བ་དེ་དག་གི་ཚུལ་བརྗོད་པ་འཕྲུལ་པའི་འཁོར་ལོ་སྤྱིའི་ཚུལ་དང་། གསུང་གི་འཁོར་ལོ་ཐེག་པ་སྣ་ཚོགས་ཀྱི་སྒོ་ནས་གྲུབ་མཐའ་སྣ་ཚོགས་སུ་བསྟན་པ་དེ་དག་གི་འབྲས་བུའི་མཆོག་ནི་འདི་ཉིད་དོ། །ཞེས་ཤེས་པར་བྱའོ། །དེ་ལ་རྒྱུད་ཐམས་ཅད་བཤད་པའི་སྒོ་དང་ཚུལ་རྣམ་པར་གཞག་པ་མང་ན་ཡང་། རྟོགས་པར་བདེ་བའི་ཕྱིར་མདོར་བསྡུས་ན། སྤྱི་དང་། ཁྱད་པར་གྱི་རྒྱུད་ཀྱི་མཚན་བསྟན་པ་དང་། དེ་བཞིན་དུ་རྒྱུད་ཀྱི་དབྱེ་བ་དང་། ལྡང་ཚད་དང་། དངོས་པོ་དང་། དགོས་འབྲེལ་རྣམས་ཀྱིས་དོན་རྒྱས་པར་བསྟན་པ་མཐའ་དག་བསྡུས་པར་ཤེས་པར་བྱའོ། །གཞུང་འཆད་པའི་སྐབས་མ་ཡིན་པ་རྒྱུད་ཅེས་བྱ་བའི་མཚན་ཙམ་སྟོན་པའི་ཚེ་ནི། དངོས་པོ་དང་། ངོ་བོ་ཉིད་དང་། དབྱེ་བ་དང་། ངེས་ཚིག་དང་། ལྡང་ཚད་ལྟ་བུའི་སྒོ་ནས་བསྟན་ན་ཚིག་འབྲེལ་བར་འགྱུར་རོ། །འདིར་ནི་གཞུང་འཆད་པས་དང་པོར་མཚན་བསྟན་པར་བྱ་སྟེ། དེ་ཡང་སྤྱིར་ནི་སྒྲར་སྣང་བའི་བདག་ཉིད་ནི་རྒྱུད་དོ། །ཞེས་གྲགས་སོ། །དེ་ཡང་། སྟོན་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོའི་སྔོན་གྱི་སྨོན་ལམ་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པའི་དབང་དང་། གདུལ་བྱའི་དཀར་པོའི་བག་ཆགས་ཀྱི་རྒྱུ་ལས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲུལ་པ་སྣང་བ་ན། སྒྲར་སྣང་བའི་བདག་ཉིད་ནི་རྒྱུད་དུ་འདོད་དོ། །དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་བསླབ་པར་གྱུར་པ། དཀྱིལ་འཁོར་ལ་སོགས་པའི་དངོས་པོ་རྣམས་སྟོན་པས་ཁྱད་པར་དུ་བྱས་པ་ཡིན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སོགས་པ་བཟུང་བར་མི་བྱའོ། །དེ་ལ་རྒྱུད་ཅེས་བྱ་བའི་སྒྲ་བཤད་པ་ནི། ཏན་ཏྲ་པྲ་བན་ཏ་ཞེས་བྱ་སྟེ། སྔགས་ཀྱི་རྒྱུད་རྣམས་ཞི་བ་ལ་སོགས་པའི་ལས་ཕྲ་མོ་བསྒྲུབ་པའི་ཆོ་ག་དང་། མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཆེན་པོ་བསྒྲུབ་པའི་ཆོ་ག་དང་། ཐར་པ་མི་གནས་པའི་མྱ་ངན་ལས་འདས་པ་བསྒྲུབ་པའི་ཆོ་གའི་བྱེ་བྲག་ཏུ་གྱུར་པ། རྩ་བ་དང་སྙིང་པོ་ལ་སོགས་པའི་སྔགས་དང་། སྔགས་དེ་དག་གི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། མཆོད་པ་དང་། སྦྱིན་སྲེག་དང་། ལས་སྦྱོར་དང་། བརྟུལ་ཞུགས་ལ་སོགས་པ་ཆོ་ག་སྣ་ཚོགས་འབྲེལ་བར་བསྟན་པས་རྒྱུད་ཅེས་བྱའོ། །དེ་ནི་རྒྱུད་ཐམས་ཅད་ཀྱི་སྤྱིའི་མཚན་བསྟན་པའོ། །ཁྱད་པར་གྱི་མཚན་བསྟན་པ་ནི། འཕགས་པ་རྟོག་པའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ་ཡིན་ཏེ། དེ་ལ་འཕགས་པ་ནི་ཐབས་ཀྱི་ཐེག་པའི་གཞུང་འདི་ཉིད་ཡིན་ཏེ། གང་ལས་ཅིས་འཕགས་པ་ནི། གོང་དུ་བསྟན་པའི་ཐེག་པའི་ཁྱད་པར་ལས་ཤེས་པར་བྱའོ། །རྟོག་པའི་རྒྱལ་པོ་ཡང་ཐབས་ཀྱི་ཐེག་པ་འདི་ཉིད་ཡིན་ཏེ། དེ་ལ་རྟོག་པ་ཞེས་བྱ་བའི་སྒྲ་འཇུག་པ་ནི། རྣམ་པར་མི་རྟོག་པའི་དོན་མཚོན་པའི་མཚན་མའི་ཐབས་ལ་བྱ་སྟེ། དེ་ཡང་རྒྱལ་བ་རྣམས་ཀྱིས་རྟོག་པའི་ཐབས་ཀྱི་མཚན་མར་སྤྲུལ་པའི་ཕྱིར་རོ། །དེས་ན་རྒྱུད་དང་། ལྷ་དང་། དངོས་གྲུབ་དང་། དེའི་ཐབས་རྣམས་ལ་འཇུག་པ་ལས། འདིར་ནི་གཞུང་ཉིད་རྟོག་པ་ཡིན་ནོ། །གཞུང་རྣམས་ཀྱི་ནང་ན་གོང་དུ་བསྟན་པ་ལྟར་འབྲས་བུ་མཆོག་འདི་ཉིད་ཡིན་པས་རྟོག་པའི་རྒྱལ་པོའོ། །རྡོ་རྗེ་སེམས་དཔའ་ནི། བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་ཏེ། དེ་ཡང་རིགས་ཀྱི་སེམས་དང་། རྒྱུའི་གནས་སྐབས་ཀྱི་སེམས་དང་། འབྲས་བུའི་ངོ་བོ་རྣམས་དབྱེར་མེད་པར་བྱང་ཆུབ་ཀྱི་རང་བཞིན་ཡིན་པས། ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་དཔའ་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུར་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་ཏོ། །དེ་ཡང་རྡོ་རྗེ་ནི་མི་ཕྱེད་པའི་བདག་ཉིད་ཡིན་ལ། སེམས་དཔའི་སྒྲ་གོང་དུ་བསྟན་པ་བཞིན་དུ་དུ་མ་ལ་འཇུག་ཀྱང་། འདིར་བརྟན་པ་དང་། རྟོགས་པ་དང་། བསྡུས་པ་ལ་འཇུག་སྟེ། དེ་ལ་བརྟན་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟར་བརྟན་པས་རྡོ་རྗེ་སེམས་དཔའ་སྟེ། དེ་ཡང་རིགས་ཀྱི་སེམས་ཀྱི་གནས་སྐབས་སུ་དེ་ལྟར་གསུངས་པ་ནི། སེམས་ཅན་ཀུན་གྱི་སེམས་གང་ནི། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །བརྟན་པའི་ཕྱིར་ན་སེམས་དཔར་བརྗོད། །ཅེས་པ་ལྟ་བུའོ། །འབྲས་བུའི་དུས་ན་ཡང་དེ་ལྟར་བསྟན་པ་ནི། རྣམ་པ་ཀུན་མཁྱེན་ཡེ་ཤེས་ནི། །དེང་འདིར་རྡོ་རྗེ་སེམས་དཔའ་སྟེ། །བརྟན་པའི་ཕྱིར་ན་དཔའ་ཞེས་བྱ། །ཞེས་གསུངས་པ་ལྟ་བུའོ། །རྒྱུ་དང་འབྲས་བུ་དབྱེར་མེད་པར་རང་བཞིན་དེ་ལྟ་བུ་ཡིན་པར་བསྟན་པ་ནི། སེམས་དཔའ་སྔོན་དང་མཐའ་མེད་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །ཞེས་གསུངས་པ་ལྟ་བུའོ། །རྡོ་རྗེ་ལྟར་བརྟན་པ་དེ་ཡང་སེམས་ཉིད་རྡོ་རྗེ་ལྟ་བུར་བརྟན་པ་ཡིན་པར་གསུངས་ཏེ། ཆོས་ཉིད་ཆོས་ཅན་དུ་ཕྱེ་ནས་ཕྱོགས་གཅིག་གི་ཚུལ་ནས་བརྟན་པར་གསུངས་པ་ནི་མ་ཡིན་ནོ། །དེ་ཡང་འདི་ལྟར། སེམས་བརྟན་ཉིད་ཀྱིས་སེམས་དཔའ་སྟེ། །སེམས་དཔའ་བརྟན་པ་རང་བྱུང་ངོ་། །ཞེས་གསུངས་པ་ལྟ་བུའོ། །རྡོ་རྗེ་ལྟ་བུར་རྟོགས་པས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི། འདི་ལྟར། རྡོ་རྗེ་ནི་འདུས་མ་བྱས་པའི་དོན། སེམས་དཔའ་ནི་སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་པ་སྟེ། ཞེས་གསུངས་པ་ལྟ་བུའམ། སྐྱེ་མེད་ཡེ་ཤེས་རང་གི་དབྱིངས། །མི་འགྱུར་མི་ཤིགས་རྡོ་རྗེའི་དོན། །སེམས་དཔའ་ཡེ་ཤེས་རྡོ་རྗེ་སྟེ། །ཞེས་གསུངས་པ་ལྟ་བུ་སྟེ། ཆོས་ཐམས་ཅད་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་དོན་རྟོགས་པའི་ཡེ་ཤེས་དེ་ཡང་རྡོ་རྗེ་ལྟར་གཉིས་སུ་མེད་པར་གྱུར་པའོ། །འདི་ནི་རེ་ཞིག་འབྲས་བུའི་ཚུལ་བཟུང་སྟེ་བཤད་པའོ། །སེམས་དཔའི་སྒྲ་བསྡུས་པ་ལ་འཇུག་པའི་ཚུལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྡོ་རྗེ་ལྟར་དབྱེར་མེད་པར་བསྡུས་པས་རྡོ་རྗེ་སེམས་དཔའ་སྟེ། འདི་ལྟར། རྡོ་རྗེ་སེམས་དཔས་བསྡུས་པས་ན། །ཞེས་གསུངས་པ་ལྟ་བུའམ། མི་ཕྱེད་རྡོ་རྗེ་ཞེས་བརྗོད་དེ། །སེམས་དཔའ་སྲིད་གསུམ་གཅིག་པའོ། །འདི་ནི་ཤེས་རབ་ལྡན་པ་ཡིས། །རྡོ་རྗེ་སེམས་དཔའ་ཞེས་སུ་བཤད། །ཅེས་གསུངས་པ་སྟེ། འདི་དག་ལྟ་བུ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་གྱི་རང་གི་ངོ་བོ་ཡིན་པར་ཤེས་པར་བྱའོ། །དེའི་རྟགས་ཀྱི་ཕྱག་རྒྱར་སྣང་བ་ནི། རྣལ་འབྱོར་ཆེན་པོའི་གཞུང་ལས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོ། རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ནི། སྤྱོད་ཡུལ་ཡོངས་སུ་དག་པའི་དཀྱིལ་འཁོར་ཆེན་པོ་ན་རྟག་ཏུ་ད་ལྟར་བྱུང་བ་ལྟ་བུའི་སྐུ་ངོ་བོ་ཉིད་ཀྱིས་འདའ་བར་དཀའ་བ། ཡེ་ཤེས་ཀྱི་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་ན་ལོངས་སྤྱོད་ཆེན་པོའི་ལྷུན་ལ་རོལ་པ་མཛད་ཅིང་། ཐུགས་རྗེ་ཆེན་པོས་གདུལ་བྱ་ཐམས་ཅད་ཇི་ལྟར་འདུལ་བ་བཞིན་དུ་ཆུད་མི་གསོན་པ། སངས་རྒྱས་ཐམས་ཅད་ཀྱི་བདག་པོ། ཆོས་ཐམས་ཅད་ཀྱི་རང་བཞིན་འདི་ལྟ་བུ་ནི་རྡོ་རྗེ་སེམས་དཔའི་སྐུའོ། །ཞེས་འདོད་དོ། །རྣལ་འབྱོར་གྱི་རྒྱུད་ཀྱི་ཚུལ་ལས་ནི། སྲས་ཀྱི་དང་པོ་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་ཕྱག་ན་རྡོ་རྗེ་དེ་ཉིད། བྱང་ཆུབ་སེམས་ཀྱི་རང་བཞིན། སངས་རྒྱས་ཀྱི་བདག་ཉིད། ཆོས་ཀུན་གྱི་རང་བཞིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་འཛིན་པ་འདི་རྡོ་རྗེ་སེམས་དཔའི་སྐུ་ཡིན་ནོ། །ཞེས་འདོད་དོ། །བྱ་བའི་རྒྱུད་ལས་ནི། བཅོམ་ལྡན་འདས་ཀྱི་པདྨའི་དྲུང་པ་ལས་སྤྲུལ་པའི་ཁྲོ་བོ་རྡོ་རྗེའི་རིགས་གནོད་སྦྱིན་གྱི་བུ་ཀུན་ཏུ་བཟང་པོ་ལ་ཕྱག་ན་རྡོ་རྗེར་དབང་བསྐུར་བ་གང་ཡིན་་པ་དེ་ཉིད་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་དབང་བསྐུར་བར་དུས་ལ་བབ་པར་མཁྱེན་ནས་བསྐུལ་བའི་ཚེ། འདི་སྐད་དུ། དུས་གསུམ་མཉམ་པ་ཉིད་ལ་རྟག་གནས་པ། །རྡོ་རྗེ་སེམས་དཔའ་རྡོ་རྗེ་མཆོག་ཚུར་ཤོག །ཅེས་མཚན་ནས་བོས་པ་གང་ཡིན་པ་ལྟ་བུའོ། །དེ་བཞིན་དུ་མཚན་ཉིད་ཀྱི་ཐེག་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེར་གྲགས་སོ། །དེ་ལས་འདིར་ནི། ཐབས་ཀྱི་ཐེག་པའི་གཞུང་འདི་ཉིད་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། གང་གི་ཕྱིར་དོན་གང་སྟོན་པའི་གཞུང་དེ་ཉིད་ཀྱང་དེའི་སྒྲར་བཤད་དོ། །ཞེས་སྤྱིར་གྲགས་པས་སོ། །ཐུན་མོང་མ་ཡིན་པའི་ཚུལ་དུ་ནི། གསང་བ་བླ་ན་མེད་པའི་ཐེག་པའི་གཞུང་གིས་རྒྱུད་དང་སྟོན་པའི་མཚན་ཐུན་མོང་དུ་བསྟན་པར་བཞེད་དོ། །གང་གི་ཕྱིར་དང་། སྟོན་པ་རང་བཞིན་དབྱེར་མེད་པ་ཡིན་པ་དེའི་ཕྱིར་སྒྲ་གཅིག་གིས་བརྗོད་དོ། །དབྱེར་མེད་པ་ཡང་། རང་བཞིན་དབྱེ་བ་མི་དམིགས་པ་དང་། སྒྱུ་མ་ཙམ་དུ་ཡེ་ཤེས་ཆེན་པོ་དེ་ཉིད་གསུང་གི་ཕྱག་རྒྱར་བྱིན་གྱིས་བརླབ་པ་ཡིན་པའི་ཕྱིར་རོ། །སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ་ནི། སྤྱིར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ལ་འཇུག །བྱེ་བྲག་ཏུ་ཡི་གེ་སྒྱུ་འཕྲུལ་ལ་ཡང་འཇུག །འཇིག་རྟེན་གྱི་གཙུག་ལག་ལས། སྒྱུ་ཐབས་ཀྱི་རིག་བྱེད་ལ་ཡང་། མ་ཡ་ཛ་ལ་ཞེས་ཟེར་ཏེ། སྤྱིར་མ་ངེས་པའི་འཕྲུལ་པ་སྣ་ཚོགས་སུ་སྟོན་པ་ལ་བྱ་བར་བཤད་དོ། །འདིར་ནི་ཐབས་དང་ཤེས་རབ་ཐུན་མོང་མ་ཡིན་པའི་ཟུང་དུ་འབྲེལ་བའི་སྒྲར་བཤད་དོ། །དེ་ཡང་ཆོས་ཐམས་ཅད་ཅི་ཡང་མ་ཡིན་པ་ལས་འགྲོ་བའི་དོན་དུ་བདག་ཉིད་ཆེན་པོ་རྣམས་ཀྱི་ཐབས་ཀྱི་འཕྲུལ་པ་ཅིར་ཡང་མ་ངེས་པ་ལྟར་སྣང་བ་ནི་སྒྱུ་འཕྲུལ་ལོ། །དེ་ཉིད་དྲྭ་བ་ཡིན་ཏེ་བསླུ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ། ཐུགས་རྗེ་ཆེན་པོས་འགྲོ་བ་འཛིན་ཅིང་མི་གཏོང་སྟེ་འབྲེལ་བའི་ཕྱིར་རོ། །གཞུང་སྤྱིར་གྲགས་པ་ནི། ཇི་ལྟར་དྲྭ་བ་འབྲེལ་བ་ཡིན་པ་བཞིན། ཐབས་ཀྱི་འཕྲུལ་པ་ཇི་སྙེད་པ་ཡང་མཚན་མ་མེད་པའི་ཤེས་རབ་ཀྱིས་མ་ཟིན་ཅིང་མ་འབྲེལ་བ་མེད་པས་སྒྱུ་འཕྲུལ་དྲྭ་བ་ཞེས་བྱའོ། །དེ་ལས་ཀྱང་རྟོག་པ་སྒོའི་མཚན་དུ་སྨོས་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་སྟེ། དེ་ལ་གསང་བའི་དོན་ནི། སྤྱིར་རྟོགས་པར་དཀའ་བ་དང་། རྟོགས་སུ་མི་རུང་བ་ལའང་འཇུག་སྟེ། འདིར་ཡང་དེ་བཞིན་ནོ། །དེ་ལ་རྟོགས་པར་དཀའ་བ་ནི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་དགོངས་པ་ནི་དམ་པར་གྱུར་པ་འདི་ལྟ་བུ། གང་ཟག་སྐལ་བ་མེད་ཅིང་བློ་མ་སྦྱངས་པ་རྣམས་ཀྱི་བློས་རྟོགས་པར་དཀའ་བས་གསང་བ་ཞེས་བྱའོ། །རྟོགས་སུ་མི་རུང་བ་ནི། འདི་ལྟ་བུའི་དོན་དང་། རྨད་དུ་བྱུང་བའི་སྤྱོད་པ་དག་འཇིག་རྟེན་པ་དང་ཐེག་པ་འོག་མ་རྣམས་ཀྱི་སྤྱོད་ཡུལ་དུ་མི་རུང་བས། གསང་བར་བྱ་བ་ཡིན་པའི་ཕྱིར་ཡང་གསང་བའི་ཐེག་པ་ཞེས་བྱའོ། །དེ་བས་ན་གསང་བ་ཐམས་ཅད་འདི་དག་ཙམ་དུ་འདུས་པ་ལས། གསང་བ་ནི། གབ་པའི་གསང་བ་དང་། སྦས་པའི་གསང་བ་རྣམ་པ་གཉིས་ཡིན་ཏེ། དེ་ལྟར་ཡིན་པས་གཞུང་འདི་ཉིད་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་གབ་པའི་གསང་བ་ཡང་ཕུལ་དུ་བྱུང་བའི་ལྟ་བ་ཡིན་ལ། སྦས་པའི་གསང་བ་ཡང་རྨད་དུ་བྱུང་བའི་སྤྱོད་པའི་སྒོ་ཡིན་པར་མངོན་ཏེ། འདི་ཉིད་ལས། གབ་པའི་གསང་བ་མ་རྟོགས་པར། སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། ཞེས་གསུངས་པའི་ཕྱིར་རོ། །སྔོན་གྱི་མཁན་པོ་རྣམས་ཀྱིས་གསུངས་པའི། རང་བཞིན་གྱི་གསང་བ་དང་། གབ་པའི་གསང་བ་དང་། སྦས་པའི་གསང་བ་དང་། གཞན་ལ་མི་བསྟན་པའི་གསང་བ་ཞེས་བྱ་བ་རྣམ་པ་བཞིར་ཕྱེ་ནས་གསུངས་པའང་དེར་འདུས་པའི་ཕྱིར་རོ། །རང་བཞིན་གྱི་གསང་བ་ལ་ཡང་། ཡེ་ནས་གསང་བ་དང་། ངོ་བོ་ཉིད་ཀྱི་གསང་བ་དང་། གུད་ན་མེད་པའི་གསང་བ་རྣམས་སུ་ཕྱེ་སྟེ། གབ་པའི་གསང་བ་ལ་ཡང་། དཔོན་སློབ་ཀྱི་དགོངས་པ་དང་། ཡི་གེ་དཀྱུས་ཀྱི་དབང་གི་སྒོ་གཉིས་སུ་ཕྱེ་བ་དང་། སྦས་པའི་གསང་བ་ལ་ཡང་། ཚིག་སྦས་དང་། ཡིག་སྦས་ཀྱི་ཚུལ་རྣམ་པ་གཉིས་དང་། གཞན་ལ་མི་བསྟན་པའི་གསང་བ་ལ་ཡང་། གསང་བའི་ཡུལ་དམ་མེད་པ་དང་། དམ་མ་འདྲེས་པ་དང་། དམ་ཉམས་པ་རྣམས་ལ། གསང་བའི་དམིགས། སྤྱི་གསང་བཞི། བར་གསང་བཞི་སྟེ་བརྒྱད། གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་གཉིས་ཏེ་རྣམ་པ་བཅུ་པོ་འདི་དག་མི་བསྟན་པ་སྟེ། འདི་དག་ནི་གཞན་ལ་མི་བསྟན་པའི་གསང་བའོ། །ཞེས་གསུངས་པ་དག་སྟེ། དེ་དག་དོན་ལ་འགལ་བ་ཡོད་པ་མ་ཡིན་ན་ཡང་། བསྡུས་ན་གབ་སྦས་གཉིས་སུ་འདུས་པར་སྣང་ལ། འདི་ཉིད་ཀྱི་གཞུང་ལས་ཀྱང་དེ་ལྟར་འབྱུང་བ་དང་། བླ་མས་ཀྱང་དེ་ལྟར་གསུངས་པས་དེ་དག་ཙམ་དུ་ཤེས་པར་བྱའོ། །སྙིང་པོ་ཞེས་བྱ་བ་ནི། སྤྱིར་ན། གརྦྷ་ས་ར་སྟེ། འཕྲོ་བའི་གཞིར་གྱུར་པས་སྙིང་པོ་ཞེས་བྱ། གརྦྷ་ཧྲི་ད་ཡ་སྟེ། དཀྱིལ་ན་གནས་པའམ་བཅུད་དུ་གྱུར་པས་སྙིང་པོ་ཞེས་བྱ། གརྦྷ་པ་ར་མ་པྲ་སྟེ། དམ་པའམ་༼ཀཿཐོག་ཕྱག་དཔེ་མཆན་ཅན་ལྟར་བཅོས། ༽མཆོག་ཏུ་གྱུར་པས་སྙིང་པོ་ཞེས་བྱའོ། །དེ་ལས་འདིར་ཡང་ཚུལ་དེ་དག་དང་མཐུན་པའི་སྒྲར་བཤད་དེ། དེ་ལས་འཕྲོ་བའི་གཞིར་གྱུར་པས་སྙིང་པོའི་དོན་དུ་བཤད་པ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་དགོངས་པ་རྫོགས་པ་ཆེན་པོའི་དོན་འདི་ནི། སྐུ་གསུང་ཐུགས་ཀྱི་འཕྲུལ་པ་ཐམས་ཅད་ཀྱི་གཞིར་གྱུར་ཅིང་། གསུང་གི་འཕྲུལ་པ་ཐམས་ཅད་ཀྱི་འཕྲུལ་པ་ཐེག་པ་ཐམས་ཅད་ཀྱི་འཕྲོ་བའི་གཞིར་གྱུར་པར་བསྟན་ཏེ། དེའི་ཚུལ་༼ཀཿཐོག་ཕྱག་དཔེ་མཆན་ཅན་ལྟར་བཅོས། ༽ཡང་གོང་དུ་ཇི་སྐད་བསྟན་པའི་ཚུལ་བསྟན་པ་དང་། དེ་དང་མཐུན་པར་རྒྱུད་འདི་ཉིད་ལས་ཀྱང་། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚུལ་ལྟ་བུར། འཕྲུལ་པ་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་པ་ལས་ཀྱང་སྙིང་པོའི་དོན་ཡིན་པར་རིག་པར་བྱའོ། །དཀྱིལ་ན་གནས་པའམ་བཅུད་དུ་གྱུར་པའི་དོན་ནི། ཡོངས་སུ་མཉམ་པ་ཆེན་པོའི་དགོངས་པའི་དོན་འདི་ལྟ་བུ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཀུན་ལ་ཁྱབ་པས། དཀྱིལ་ན་གནས་པ་ལྟ་བུའང་ཡིན་ལ། དེ་ཉིད་ཆོས་རྣམས་བཅུད་དུ་གྱུར་པའང་ཡིན་ཏེ། འདི་ལྟར་གཞུང་གཞན་ལས་ཀྱང་། ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུ་ཉིད། །ཅེས་གསུངས་པའམ། གཞན་ལས་ཀྱང་། ཀུན་ཁྱབ་གདལ་བའི་སྙིང་པོར་འདུས། །ཞེས་གསུངས་པ་ལྟ་བུའམ། འདི་ཉིད་ལས། མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། །ཞེས་གསུངས་པའོ། །དམ་པའི་མཆོག་ཏུ་གྱུར་པའི་དོན་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་དམ་པའམ་མཆོག་ནི་ཆོས་མཉམ་པ་ཉིད་ཡིན་ལ། དེ་སྟོན་པར་བྱེད་པའི་གཞུང་ཡང་བསྟན་པ་རྣམས་ཀྱི་མཆོག་ཡིན་ནོ། །དེའི་ཚུལ་ཡང་གཞུང་འདི་ཉིད་ལས། རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་གསུངས་པའམ། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་གསུངས་པ་ལྟ་བུའོ། །དེ་ཁོ་ན་ཉིད་ཅེས་པ་ནི། སྤྱིར་དོན་ལ་ཕྱིན་ཅི་མ་ལོག་པས་དེ་ཁོ་ན་ཉིད་ཅེས་བྱ་སྟེ། དེ་ཡང་མི་འགྱུར་བ་དང་། དོན་ལ་མི་བསླུ་བའོ། །དེ་ལ་མི་འགྱུར་བའི་སྒོ་ནས་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་རྟག་ཏུ་ཇི་ལྟ་བ་བཞིན་ཉིད་དེ། འདི་ལ་འགྱུར་བ་མེད་པས་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་རྟོགས་པའི་ཡེ་ཤེས་ཀྱང་དོན་མཐུན་པར་སྐྱེ་སྟེ། འདི་ལ་བསླུ་བ་མེད་པས་དེ་ཁོ་ན་ཉིད་ཅེས་བྱའོ། །དེའི་དབང་གིས་བྱུང་བའི་སྐུ་ལ་སོགས་པའི་འཕྲུལ་པ་རྣམས་ཀྱང་། ནམ་ཡང་འགྲོ་བ་རྣམས་ཆུད་མི་གསོན་ཏེ། དོན་ཆེན་པོ་ལ་བརྒྱུད་ནས་སམ། གཟུགས་པོར་སྦྱོར་བར་བྱེད་པས་དེ་ཁོ་ན་ཉིད་ཅེས་བྱ་སྟེ། སྐབས་སྐབས་སུ་རང་རང་གི་དོན་ལ་ཕྱིན་ཅི་མ་ལོག་ཅིང་མི་བསླུ་བ་ཙམ་ལ་ཡང་དེ་ཁོ་ན་ཉིད་ཅེས་པའོ། །གཞུང་འདི་ཉིད་ཀྱི་རང་སྐད་ནི། རྒྱུའི་དེ་ཁོ་ན་ཉིད་དང་། འབྲས་བུའི་དེ་ཁོ་ན་ཉིད་དང་། རྒྱུ་འབྲས་རོ་གཅིག་པའི་དེ་ཁོ་ན་ཉིད་དོ། །དེ་ལ་རྒྱུའི་དེ་ཁོ་ན་ཉིད། ཐུན་མོང་མ་ཡིན་པའི་གཞུང་བསྟན་པ་ལྟར། ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅིང་གཞི་མ་གྲུབ་པ་ལས་ཅིར་ཡང་འཕྲུལ་པ་འབྱུང་བའི་ངོ་བོ་ཉིད་མེད་པ་འདི་ཉིད་རྒྱུའི་དེ་ཁོ་ན་ཉིད་དོ། །འབྲས་བུའི་དེ་ཁོ་ན་ཉིད་ནི། དེ་ལས་ཆོ་འཕྲུལ་སྣ་ཚོགས་སུ་སྣང་བ་ཡང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་དེ། འདི་ལ་ཕྱིན་ཅི་ལོག་དོར་ཞིང་བསལ་དུ་མེད་པས་འབྲས་བུའི་དེ་ཁོ་ན་ཉིད་དོ། །རྒྱུ་འབྲས་རོ་གཅིག་པའི་དེ་ཁོ་ན་ཉིད་ནི། དེ་ལྟར་རྒྱུ་དང་འབྲས་བུར་རྣམ་པར་གཞག་པ་དེ་ཡང་མ་སྐྱེས་པ་ཉིད་ཆུ་ཟླ་ལྟར་སྒྱུ་མ་སྣ་ཚོགས་སྣང་ཞིང་བྱ་བ་བྱེད་ལ། སྒྱུ་མ་ཉིད་ལ་ངོ་བོ་ཉིད་མེད་དེ་མ་སྐྱེས་པས་བདེན་པ་གཉིས་ཀྱི་མིང་ཙམ་ཡང་བརྗོད་དུ་མེད་དེ་དབྱེར་མེད་པའི་ཚུལ་འདི་ལ་ཕྱིན་ཅི་ལོག་མེད་པས་རྒྱུ་འབྲས་རོ་གཅིག་པའི་དེ་ཁོ་ན་ཉིད་ཅེས་བྱའོ། །ངེས་པ་ཞེས་བྱ་བ་ངེས་པའི་དོན་ཏེ། འདི་ལྟར་རྒྱལ་བ་རྣམས་ཀྱི་དགོངས་པ་བརྒྱུད་དེ་དྲང་བའི་ཚུལ་གྱིས་འགྲོ་བ་ཆུད་མི་གསོན་པའི་ཐབས་སུ་གསུངས་པ་ལྟ་བུ་ཙམ་མ་ཡིན་གྱི། ཉིད་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པའི་དོན་སྐལ་བ་དང་ལྡན་པ་རྣམས་ལ་ཚིག་གཟུགས་པོར་བསྟན་པ་ཡིན་པས་ངེས་པ་ཞེས་བྱའོ། །དེ་ལྟར་ཚིག་རྣམ་པ་བཞི་པོ་འདིའི་ཡུལ་ཡང་གཅིག་གམ་ཐ་དད། ཚིག་སྔ་མ་དང་ཕྱི་མ་དང་བར་མ་དག་གང་རུང་གཅིག་གི་དོན་སྟོན་ནམ། ཐམས་ཅད་སྟོན་ནམ། དོན་གཞན་ཞིག་སྟོན་པར་བྱེད་སྙམ་པ་ལ། འདི་ནི་དེ་དག་ཀུན་ཀྱང་མ་ཡིན་ཏེ། གཞི་གཅིག་ཡོན་ཏན་གྱི་སྒོ་སོ་སོ་ནས་བསྟན་པས་ཡུལ་གཅིག་དང་ཐ་དད་པར་ཡང་མི་འགྱུར་རོ། །གཞིའི་དོན་གང་ཡང་རུང་བ་གཙོ་བོར་ཆེད་དུ་བསྟན་པར་བྱ་བ་མ་ཡིན་པས་ཚིག་སྔ་མའམ་ཕྱི་མའམ་བར་མ་དག་གི་དོན་གཅིག་སྟོན་པ་མ་ཡིན་ནོ། །ཕྱིའི་གཞི་ཆོས་ཅན་ཐ་དད་མི་སྟོན་པས་དོན་སོ་སོ་བ་མ་ཡིན་ནོ། །མིང་འདི་དག་གིས་བསྟན་པར་བྱ་བ་བརྒྱུད་ནས་དོན་གཞན་ཞིག་སྟོན་པ་མ་ཡིན་པས། དོན་གཞན་སྟོན་པ་མ་ཡིན་ནོ། །ཚུལ་འདི་ནི་དཔེར་ན་ལྷའི་དབང་པོ་ལ། བརྒྱ་བྱིན་དབང་པོ་གྲོང་ཁྱེར་འཇིག་ཅེས་བསྟན་ན། འདི་ནི་ལྷའི་དབང་པོ་གང་ཟག་གཅིག་སྟོན་པའི་མིང་ཡིན་པས་དོན་ཐ་དད་པར་སྟོན་པ་མ་ཡིན་ནོ། །འོན་ཀྱང་བརྒྱ་བྱིན་ཞེས་བྱ་བས་སྦྱིན་བདག་ཏུ་སྟོན། དབང་པོ་ཞེས་བྱ་བས་ནི་རྒྱལ་པོར་སྟོན། གྲོང་ཁྱེར་འཇིག་ཅེས་བྱ་བས་ནི་དམག་དཔོན་དུ་སྟོན། དེའི་ཕྱིར་མཚན་ཉིད་གཅིག་སྟོན་པའང་མ་ཡིན་ནོ། །མིང་དེ་གསུམ་གང་ཡང་རུང་བ་ཅིག་སྟོན་པའང་མ་ཡིན་ནོ། །ཚ་བ་དང་གྲང་བ་ལྟར་སོ་སོར་སྟོན་པ་ཡང་མ་ཡིན། ཤིང་ལ་བྱ་ལྡིང་ཞེས་སྟོན་པ་ལྟར་བརྒྱུད་ནས་གཞན་བསྟན་པ་ཡང་མ་ཡིན་ནོ། །འདི་ནི་ལས་ཀྱི་གཞིར་བསྟན་པ་ཞེས་བྱ་སྟེ། ལས་དང་ཡོན་ཏན་སོ་སོར་བསྟན་པར་བྱ་བའི་གཞི་ཆོས་ཅན་གཅིག་ཏུ་བསྡུས་པའོ། །དེ་བས་འདི་སྐད་བསྟན་པར་འགྱུར་ཏེ། དཔལ་ཀུན་ཏུ་བཟང་པོའི་དགོངས་པའི་དོན་མཐར་ཐུག་པ་འདི་ནི། གསང་བའམ་སྙིང་པོའང་ཡིན། དེ་ཁོ་ན་ཉིད་ཀྱང་ཡིན། ངེས་པའང་ཡིན་ནོ། །ཞེས་སྟོན་པར་ཤེས་པར་བྱའོ། །འདི་དག་ཙམ་ནི་རྒྱུད་ཀྱི་མཚན་སྤྱི་དང་ཁྱད་པར་གྲགས་པ་བསྟན་པ་སྟེ། འདི་དག་ནི་གང་ཟག་མགོ་སྨོས་པས་གོ་བ་རྣམས་ཀྱི་དོན་ཡིན་པར་གྲགས་པ་ཡིན་ལ། ཕལ་པ་རྣམས་ལ་ཡང་སྤྱིའི་དོན་ཁོང་དུ་ཆུད་པར་ཕན་པ་ཡིན་ནོ། །རྒྱུད་རྣམས་ཀྱི་དབྱེ་བ་ནི། མིང་གི་སྒྲ་འཇུག་པའི་ཡུལ་གྱི་སྒོ་ནས་དབྱེ་བ་ནི། དོན་དང་ཚིག་གི་སྒོ་ནས་དངོས་པོ་དྲུག་ལ་འཇུག་སྟེ། དེ་ལ་དོན་གྱི་སྒོ་ནས་ནི། གཞིའི་རྒྱུད་ཅེས་བྱ་བ་རིགས་ལ་འཇུག་པ་དང་། ཐབས་ཀྱི་རྒྱུད་ཅེས་བྱ་བ་སྔགས་དང་ཕྱག་རྒྱ་ལ་སོགས་པ་བསླབ་པའི་དངོས་པོ་ལམ་གྱི་མཚན་ཉིད་དང་། འབྲས་བུའི་རྒྱུད་ཅེས་བྱ་བ་ཐུན་མོང་བ་དང་མཆོག་གི་དངོས་གྲུབ་ཀྱི་མཚན་ཉིད་རྣམས། གང་ཟག་གཅིག་གི་ཤེས་པའི་རྒྱུད་ལ་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འབྲེལ་བར་གནས་པས། རྒྱུད་ཅེས་བྱ་བ་འབྲེལ་པའི་དོན་དུ་གྲུབ་པ་ཡིན་མོད་ཀྱི། འོན་ཀྱང་སྤྱི་མིང་ཡན་ལག་ལ་འཇུག་པས་དངོས་པོ་གསུམ་དུ་འགྱུར་རོ། །རྗོད་པར་བྱེད་པའི་སྒོ་ནས་ནི། གོང་དུ་བསྟན་པའི་སྒྲར་སྣང་བ་དང་། དེ་ཉིད་སྐལ་བ་མཉམ་པའི་རྒྱུར་བྱས་པ་སྒྲར་གྲགས་པའི་མཚན་ཉིད་དང་། དེའི་བརྡར་གྱུར་པ་གླེགས་བམ་དུ་གཏོགས་པ་རྣམས་ཏེ། དེ་བས་ན་མིང་གདགས་པའི་ཡུལ་རྣམ་པ་དྲུག་ཡིན་ནོ། །ལྟ་སྤྱོད་ཀྱི་ཁྱད་པར་གྱི་སྒོ་ནས་རྣམ་པར་དབྱེ་བ་ནི། རྣམ་པ་གཉིས་ཏེ། བྱ་བའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དོ། །དེ་ལ་བྱ་བའི་རྒྱུད་ལ་ཡང་། རྒྱུད་ཁ་ཅིག་ལས་དང་བྱ་བ་ཅུང་ཟད་སྨད་དེ་སྟོན་པས་བྱེ་བྲག་གི་རྒྱུད་ཅེས་ཀྱང་གྲགས། གཉིས་ཀའི་རྒྱུད་ཅེས་ཀྱང་གྲགས་སོ། །དེ་ལ་བྱ་བའི་རྒྱུད་ཅེས་བྱ་བ་ནི། བྱ་བ་གཙོར་སྟོན་པའོ། །ཞེས་བཤད་དེ། ཕྱི་རོལ་གྱི་ལུས་ཀྱི་བྱ་བ། ཁ་ཟས་བསྐྱུང་ཞིང་སྨྱུང་བ་ལ་གནས་པ་དང་། དུས་ཀྱི་ཁྲུས་ཆེན་པོ་གསུམ། ཁྲུས་ཕྲ་མོ་དང་བཅས་པ་དང་། གོས་གསུམ་བརྗེ་བ་དང་། དཀྱིལ་འཁོར་གྱི་བྱ་བ་ལ་སོགས་པ་གཙང་སྦྲ་དང་། དཀའ་ཐུབ་དང་བརྟུལ་ཞུགས་དྲག་པོ་སྤྱད་པ་ལས། རིག་སྔགས་དང་གསང་སྔགས་རྣམས་བྱིན་གྱིས་རློབ་པར་འགྱུར་རོ། །ཞེས་འདོད་པའི་ཕྱིར། ལུས་ཀྱི་བྱ་བ་གཙོར་ལེན་པ་དང་། བྱ་བ་ཆེ་བས་བྱ་བའི་རྒྱུད་ཅེས་བྱ་བ་ནི། ༼བའོ། །ཞེས་གྲགས་སོ། །སྤྱོད་པའི་རྒྱུད་ཅེས་བྱ་བ་ནི། ཞེས་ཆད་བསབ་ལྟ་བུའི་མཆན་ཞིག་ཀཿཐོག་ཕྱག་དཔེ་མཆན་ཅན་ཞིག་ལས་འབྱུང་། ༽ ཙ་རྱ་ཞེས་བྱ་བ། སན་ཙ་ར་སྟེ། གཞི་ལས་འཕགས་པ་ལ་བྱ་བས། སྤྱིའི་རྒྱུད་ལས་བྱེ་བྲག་ཏུ་གྱུར་པ་ཉིད་ལ་བྱའོ། །ཞེས་ཀྱང་བཤད། ཨུད་ཙ་ར་སྟེ་ངག་ལ་བྱ་བས་ལུས་ཀྱི་བྱ་བ་རྣམས་ཀྱི་གོ་ངག་གི་གསང་སྔགས་ཀྱིས་བྱེད་པར་ཡང་བཤད་དེ། སྤྱིར་ན་བྱ་བ་ཅུང་ཟད་ཤས་ཆུང་བས་སྤྱོད་པའི་རྒྱུད་ཅེས་བྱའོ། །རྣལ་འབྱོར་གྱི་རྒྱུད་ནི། ཕྱི་རོལ་གྱི་བྱ་བ་ལ་མ་བརྟེན་པར་གྱུར་ཡང་། སེམས་ཀྱི་རྣལ་འབྱོར་དང་ལྡན་པས་གྲུབ་པར་སྟོན་པའོ། །རྣལ་འབྱོར་གྱི་རྒྱུད་འབའ་ཞིག་ལ་ཡང་། དབྱེ་བ་རྣམ་པ་གཉིས་སམ་གསུམ་དང་བཞི་ལ་སོགས་པར་གྲགས་ཏེ། དེ་ལ་གཞུང་ཁ་ཅིག་ལས་ནི་རྣལ་འབྱོར་ཕྱི་ནང་ཞེས་ཀྱང་གྲགས། ཁ་ཅིག་ལས་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་ཞེས་གྲགས་སོ། །དེ་ལ་ཕྱི་པ་ནི། ཚངས་པར་སྤྱོད་པའི་དཀའ་ཐུབ་དང་བཅས་པ་ཡིན་ལ། ནང་པ་ནི། མཉམ་པ་ཆེན་པོའི་དཀའ་ཐུབ་དང་ལྡན་པས་སྤྱོད་པས། བྱེ་བྲག་ཏུ་ཕྱེ་བས་བདག་གི་དེ་ཁོ་ན་ཉིད་སྒྲུབ་པ་དང་མི་སྒྲུབ་པའི་སྒོ་ནས་དམིགས་པས་བྱེ་བྲག་ཏུ་ཕྱེ་བའོ། །ཞེས་གྲགས་སོ། །རྣལ་འབྱོར་ཆེན་པོའི་ཚུལ་འབའ་ཞིག་ལ་ཡང་། བསྐྱེད་པ་དང་རྫོགས་པའི་རིམ་པའི་ཚུལ་གཉིས་སུ་གྲགས་པ་དང་། བསྐྱེད་པ་དང་རྫོགས་པ་དང་རྫོགས་པ་ཆེན་པོའི་ཚུལ་ཞེས་གསུམ་དུ་གྲགས་པའང་། དཔལ་གསང་བ་འདུས་པ་དང་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པའི་རྒྱུད་ཀྱི་གཞུང་ལ་ཡང་སྣང་ལ། མཁན་པོ་རྣམས་ཀྱིས་མཛད་པའི་སྒྲུབ་ཐབས་རྣམས་སུ་ཡང་དེ་བཞིན་དུ་གྲགས་སོ། །ཚུལ་འདི་ཉིད་ལ་རྣལ་འབྱོར་གྱི་རྒྱུད་ཀྱི་དབྱེ་བར་གྲགས་པ་རྣམས་ཀྱང་འདུས་པར་ཤེས་པར་བྱའོ། །རྩ་བ་དང་ཡན་ལག་གི་སྒོ་ནས་དབྱེ་བ་ནི། རྣམ་པ་བཞི་སྟེ། འདི་ལྟར་རྩ་བའི་རྒྱུད་དང་། ཕྱི་མའི་རྒྱུད་དང་། བཤད་པའི་རྒྱུད་དང་། རྟོག་པའི་རྒྱུད་དོ། །དེ་ལ་དང་པོ་ཉིད་དུ་གཞན་ལ་མ་བརྟེན་པར་གཞུང་ཚུགས་པ་ནི་རྩ་བའི་རྒྱུད་ཅེས་བྱའོ། །དེའི་དཀའ་བ་གཅོད་པ་དང་། མ་ཚང་བ་ཁ་བསྐང་བ་དང་། དོན་བསྡུས་པ་དང་། དེ་དག་གི་བྱེ་བྲག་མཆོག་བཤད་པ་ནི། ཕྱི་མའི་རྒྱུད་ཅེས་བྱ་སྟེ་འདི་ལྟར། ཨུད་ཏ་ར་ཏན་ཏྲ་ཞེས་བྱ་བ། རྩེ་མོའི་དོན་དང་བླ་མར་གྱུར་པ་ལྟ་བུ་ལ་ཡང་སྙེག །ཕྱིས་འབྱུང་བ་ལ་ཡང་བྱ་སྟེ། དོན་གྱི་གནས་སྐབས་ཀྱིས་རྒྱུད་ཕྱི་མ་ཞེས་པའམ། རྒྱུད་བླ་མ་ཞེས་སྦྱར་རོ། །བཤད་པའི་རྒྱུད་ནི། རྒྱུད་གང་གིས་རྒྱུད་དག་བཤད་པ་གང་ཡིན་པའོ། །རྟོག་པའི་རྒྱུད་ནི། དེ་དག་དུ་མ་བསྟན་པའི་ལས་དང་དངོས་གྲུབ་ཀྱི་ཆོ་ག་ཞིབ་མོ་བཤད་པའོ། །ཁ་ཅིག་ན་རེ་རྒྱུད་ནི་མདོར་བསྡུས་ཏེ་བསྟན་པའི་ཚུལ་ཡིན་པས་རྟོག་པ་ཞིབ་མོ་རྣམས་ནི་རྒྱུད་དུ་མི་བསྡུའོ། །ཞེས་ཟེར་རོ། །ཁ་ཅིག་ན་རེ། གཞི་དེ་ལྟར་གྲགས་པ་ཡིན་མོད་ཀྱི། དཔེར་ན་ཤིན་ཏུ་རྒྱས་པའི་མདོ་སྡེ་ཞེས་བརྗོད་པ་བཞིན་རྟོག་པ་ཞིབ་མོ་རྣམས་ལ་ཡང་རྒྱུད་ཅེས་བྱས་པ་ལ་ཉེས་པ་མེད་དོ། །ཞེས་ཟེར་རོ། །དེ་དག་ནི་རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་ལས། དཔལ་གསང་བ་སྙིང་པོ་འདི་ནི་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གཏོགས་སོ། །དེའི་ཚུལ་ལས་ཀྱང་རྫོགས་པའི་ཚུལ་གཙོ་བོར་སྒྲུབ་པར་བྱེད་པ་རྩ་བའི་རྒྱུད་དུ་གྲགས་སོ། །ད་ནི་གཞུང་གི་ལྡང་ཚད་བསྟན་པར་བྱ་སྟེ། དེ་ཡང་གླེང་གཞི་དང་། གླེང་བསླང་བ་དང་། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། ཡོངས་སུ་གཏད་པ་རྣམས་ཚང་བ་ནི། སྤྱིའི་གཞུང་ཚད་དོ། །འདིར་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། དེ་ལ་གླེང་གཞི་ནི། ཕུན་སུམ་ཚོགས་པ་ལྔའི་ལོ་རྒྱུས་བརྗོད་པ་སྟེ། གཞི་ཅི་ལས་གླེང་བསླང་བའི་བཅས་རྒྱུད་སྟོན་པས་གླེང་གཞི་ཞེས་བྱའོ། །ཡང་རྣམ་པ་གཅིག་ཏུ་ནི། ད་ན་ཞེས་བྱ་སྟེ། ངེས་པ་སྦྱིན་པར་བྱེད་པ་སྟེ། གང་དག་ཕྱིར་གྱུར་པ་རྣམས་བཀའ་མ་ཡིན་པར་ཐེ་ཚོམ་ཟ་བ་དག་ལ། དཔང་པོ་དང་། དོན་རྟགས་བརྗོད་པས་ཡིད་ཆེས་པར་འགྱུར་ཞིང་བློ་ལ་ངེས་པ་སྦྱིན་པར་བྱེད་པས་དེ་སྐད་ཅེས་བྱའོ། །དེ་ལ་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་དང་། གནས་དང་། འཁོར་དང་། དུས་དང་། རྒྱུད་རྣམས་རང་རང་གི་ཡོན་ཏན་རྫོགས་པའམ། སྤྱིར་རྒྱུ་རྐྱེན་ཚང་བའི་ཕྱིར་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ཡང་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྒོ་རྣམ་པ་གཉིས་ཡིན་ཏེ། དེ་ལ་ཐུན་མོང་དུ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྟོན་པ་གང་ཞིག །གནས་གང་ན། འཁོར་གང་དང་གང་བཞུགས་པ་དེའི་ཚེ་ཐོས་སོ། །ཞེས་མཚམས་སྦྱོར་བར་བྱེད་དོ། །རྒྱུད་འདིར་ནི་ཐུན་མོང་མ་ཡིན་པའི་གླེང་གཞི་སྟོན་ཏེ། དེ་ལ་སྟོན་པ་ཐུན་མོང་མ་ཡིན་པ་ནི། དཔལ་ཀུན་ཏུ་བཟང་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོན་པར་འདོད་ཀྱི། གང་ཟག་གི་རྒྱུད་གཅིག་མངོན་པར་རྫོགས་པ་སངས་རྒྱས་པའི་ཡེ་ཤེས་ཀྱི་རྒྱུད་ཀྱིས་བསྡུས་པའི་གཟུགས་ཀྱི་སྐུ་ལྟ་བུ་གཅིག་སྟོན་པར་འདོད་པ་ནི་མ་ཡིན་ནོ། །གནས་ཐུན་མོང་མ་ཡིན་པ་ནི། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་གནས་སུ་འདོད་ཀྱི། དག་པ་དང་མ་དག་པའི་ཞིང་ཁམས་ཕྱོགས་ཀྱི་ཆས་ཕྱེ་བ་ཞིག་གནས་སུ་འདོད་པ་ནི་མ་ཡིན་ནོ། །འཁོར་ཐུན་མོང་མ་ཡིན་པ་ནི། ཡེ་ཤེས་ཆེན་པོ་རང་སྣང་བའི་འཕྲུལ་པ། གང་ཟག་པ་དང་བཅས་པའི་ཆོས་དང་། ཟག་པ་མེད་པའི་ཆོས་དབྱེར་མེད་པའི་རང་བཞིན་བྱང་ཆུབ་ཆེན་པོ་ལས་མི་གཞན་པ་གང་ཡིན་པ་དེ་ཉིད་འཁོར་དུ་འདོད་ཀྱི། རང་གི་རྒྱུད་དག་པའམ་དད་པས་འདུས་པ་ལ་སོགས་པ་ལྟ་བུ་ནི་མ་ཡིན་ནོ། །དུས་ཐུན་མོང་མ་ཡིན་པ་ནི། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་ན་སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་པ་ཉིད་ཡིན་གྱི། སྐད་ཅིག་ཐང་ཅིག་ལ་སོགས་པའི་དུས་ཀྱི་ཕྱེ་བའམ། བསམ་པའི་དུས་དང་། མི་བསམ་པའི་དུས་དང་། བསམ་པ་ལས་འདས་པ་ལ་སོགས་པའི་དུས་ཀྱིས་ཕྱེ་བ་ནི་མ་ཡིན་ནོ། །རྒྱུད་ཀྱི་གཞུང་ཕུན་སུམ་ཚོགས་པ་ཐུན་མོང་མ་ཡིན་པ་ནི། འཁོར་བ་དང་། མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་དབྱེར་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་ཡིན་པར་སྟོན་གྱི། རིགས་དང་བཤེས་གཉེན་གྱི་སྟོབས་ལ་བརྟེན་ནས། རྒྱུ་སྒྲུབ་པས་འབྲས་བུ་འབྱུང་བའི་དུས་ལ་ལྟོས་པ་ནི་མ་ཡིན་ནོ། །འདི་དག་ཀྱང་། འདི་སྐད་བཤད་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལས་ཤེས་པར་བྱའོ། །རྒྱུད་འབྱུང་བའི་རྐྱེན་ནི། གླེང་བསླང་བ་ཡིན་ཏེ། དེ་ཡང་སྤྱིར་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྒོ་ནས་རྣམ་པ་གཉིས་སོ། །དེ་ལ་ཐུན་མོང་ནི། རྒྱུད་དང་མདོ་སྡེ་སྤྱི་ལས་འབྱུང་བ་བཞིན་སྟོན་པས་གླེང་བསླང་བ་ཞིག་ན་ཡང་། འོད་ཟེར་འགྱེད་པ་དང་། ཞལ་འཛུམ་པ་དང་། ལྗགས་ཀྱི་དབང་པོ་བརྐྱང་བ་ལ་སོགས་པའི་སྒོ་ནས་བསྐུལ་བར་མཛད་པ་དང་། གཞན་ལ་ཆེད་དུ་བརྗོད་པ་ལྟ་བུ་དང་། འཁོར་གྱི་གླེང་བསླང་བ་ཞིག་ན་ཡང་། ཞུ་བའི་སྦྱོར་བ་དང་། ཞུས་པའི་ཚིག་དག་གི་སྒོ་ནས་གླེང་སློང་བར་བྱེད་དོ། །ཐུན་མོང་མ་ཡིན་པ་ནི། འདིའི་སྐབས་སུ་ཆོས་ཐམས་ཅད་ཡེ་ནས་དཀྱིལ་འཁོར་ཆེན་པོའི་རང་བཞིན་མི་ཟད་རྒྱན་གྱི་འཁོར་ལོའི་གནས་ཆེན་པོར་སངས་རྒྱས་པའི་དོན། སངས་རྒྱས་ཉག་གཅིག་གི་དགོངས་པ་ལ་གསལ་བའི་དོན་གང་ཡིན་པ་དེར་ངམ་ཞིང་ངོ་མཚར་བའི་ཚུལ་གྱིས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པའི་ཚུལ་གྱིས་གླེང་བསླང་བའོ། །དེ་ཡང་སྐུ་དང་ཡེ་ཤེས་སྤྲུལ་པའི་བདག་ཉིད་ཀྱིས་མངོན་པར་སངས་རྒྱས་པའི་ཆེ་བ་དང་། དེ་ཉིད་མཚན་མ་མེད་པའི་ངང་དུ་ལྷུན་གྱིས་གྲུབ་པས་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བའི་སྒོ་ནས། ཀུན་ཏུ་བཟང་པོས་གླེང་བསླང་བ་དང་། ཀུན་ཏུ་བཟང་མོས་གླེང་བསླང་བ་གཉིས་སུ་བསྟན་ནོ། །ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི། སྤྱིར་རྒྱུད་ཐམས་ཅད་ཀྱིས་བསྟན་པར་བྱ་བའི་དངོས་པོ་མདོར་བསྡུ་ན་རྣམ་པ་དགུ་ཡིན་ཏེ། འདི་ལྟར། དཀྱིལ་འཁོར་དང་། དམ་ཚིག་དང་། སྒྲུབ་པ་དང་། དབང་དང་། ཕྲིན་ལས་ཏེ་གཞི་རྣམ་པ་ལྔ། སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་། མཆོད་པ་སྟེ། དེ་ལྟར་ཡན་ལག་བཞིའོ། །དེ་ལ་དཀྱིལ་འཁོར་གྱི་སྒྲ་འཇུག་པའི་ཡུལ་ནི། སྐབས་ཀྱི་བྱེ་བྲག་གིས་མང་མོད་ཀྱི། རྒྱུད་ཀྱི་དངོས་པོ་སྟོན་པའི་སྐབས་འདིར་ནི་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཕོ་བྲང་འཁོར་དང་བཅས་པ་ལ་བྱའོ། །དེ་ལ་དེ་སྐད་ཅེས་ཅིའི་ཕྱིར་བྱ་ཞེ་ན། མཎྜལ་ཞེས་བྱ་བ། མཎྜལ་ནི་སྙིང་པོའི་ཉིང་ཁུའམ་དཀྱིལ་འཁོར་ལྟ་བུ་ལ་བྱ་ལ། ལ་ནི་ལེན་ཅིང་འཛིན་པ་སྟེ་གཞིའི་དོན་ནོ། །དེ་བས་ན་ཆོས་ཀྱི་རྒྱལ་སྲིད་བསྒྲུབ་པར་བྱ་བ་ལ་སྙིང་པོ་གཞི་འཛིན་དུ་གྱུར་པའི་ཕྱིར་སྙིང་པོ་ལེན་པས་དཀྱིལ་འཁོར་ཞེས་བྱའོ། །རྣམ་པ་གཅིག་ཏུ་ཡི་གེ་འབྲེལ་བར་བརྗོད་ན། ཀུན་ནས་ཟླུམ་ཞིང་ཡོངས་སུ་བསྐོར་བའི་དོན་ཏེ། དེ་ལྟ་ན་ཡང་གང་ན་གཙོ་བོ་ལ་འཁོར་གྱི་དཀྱིལ་འཁོར་གྱིས་བསྐོར་བའི་དོན་གྱིས་དཀྱིལ་འཁོར་ཞེས་བྱའོ། །ཡང་། མ་ད་ནི་མཛེས་པའི་དོན། ལ་ནི་བརྒྱན་པའི་དོན་ཏེ། འདི་ལྟར་བཅོམ་ལྡན་འདས་ལ་གནས་དང་འཁོར་ལ་སོགས་པས་བརྒྱན་པའི་ཕྱིར་ཡང་དེ་སྐད་ཅེས་བྱའོ། །ཡང་ན། མ་ད་ནི་མནན་པའམ་བརྗིད་ཕབ་པ། ལ་ནི་གཞི་འཛིན་པ་སྟེ། དོན་འདིས་ན་བཞུགས་པའི་གནས་ཉིད་ལ་ཡང་དཀྱིལ་འཁོར་ཞེས་བྱའོ། །དཀྱིལ་འཁོར་གྱི་དབྱེ་བ་བསྟན་པ་ནི། གཞུང་སོ་སོ་ནས་གྲགས་པ་རྣམས་ནི་རང་རང་གི་སྐབས་བཞིན་དབྱེ་བར་བྱའོ། །གཞུང་འདིར་གྲགས་པ་ནི། འདི་ཉིད་ཀྱི་རྒྱུད་ཕྱི་མ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་དཀྱིལ་འཁོར་གསུམ། །ཏིང་འཛིན་ལྷག་པའི་དཀྱིལ་འཁོར་དག །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་གསུངས་ཏེ། དེ་ལྟར་ན་དཀྱིལ་འཁོར་བདུན་དུ་དབྱེ་བར་བསྟན་ཏོ། །དེ་ལ་རང་བཞིན་གྱི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པ་ཇི་ལྟ་བ་ཡིན་པ་དང་། དོན་དེ་ལྟ་བུ་དགོངས་པ་ལྷུན་གྱིས་གྲུབ་པར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་གོང་དུ་དཀོན་ཅོག་བསྟན་པའི་སྐབས་སུ་ཇི་སྐད་བཤད་པ་ལྟ་བུའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ནི། སེམས་ཅན་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་ཇི་ལྟར་སྣང་བ་ཐམས་ཅད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འདོད་དོ། །ལྷག་པ་གཟུགས་བརྙན་ནི། དེ་ལས་ཀྱང་ཁྱད་པར་དུ་གཟུགས་སྐུ་དང་མཆོད་རྟེན་ལ་སོགས་པ་ཕྱག་རྒྱའི་མཚན་མར་གྱུར་པ་གང་ཡིན་པའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་རྟོགས་ནས་དེ་ཉིད་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་པའོ། །ལྷག་པ་ཏིང་ངེ་འཛིན་ནི། གཞི་དེ་ལས་བྱེ་བྲག་ཏུ་ལྷ་སོ་སོའི་རིགས་དང་། སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་སོ་སོར་གསལ་བར་བྱས་པའོ། །གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཉིད་དཀྱིལ་འཁོར་གྱི་དམ་པ་ཡིན་ཏེ། དེ་ཉིད་རྟོགས་པ་དང་སྒོམ་པའི་མན་ངག་སྟོན་པའོ། །ཚོགས་ཀྱི་དཀྱིལ་འཁོར་ནི་འདི་ལྟར། ལྷ་རྣམས་ཐམས་ཅད་འཚོགས་པ་དང་། །སྐྱེ་བོ་དམ་པ་ཀུན་འཚོགས་པས། །ཚོགས་ཀྱི་དཀྱིལ་འཁོར་དམ་པ་ནི། །དེ་བཞིན་མཛའ་བ་འདུས་པར་གསུངས། །ཞེས་འབྱུང་བ་ལྟ་བུའོ། །རྩ་བའི་རྒྱུད་འདིར་ནི། ལྷག་པར་དཀྱིལ་འཁོར་གྲངས་ཀྱིས་ཕྱེ་བའང་མེད་ལ། དོན་གྱིས་ན་རང་བཞིན་གྱི་དཀྱིལ་འཁོར་དང་། དེ་བཞིན་དུ་ཏིང་ངེ་འཛིན་དང་། གཟུགས་བརྙན་དང་། ཚོགས་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྣམས་བསྟན་ཏོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དང་འཕྲུལ་པ་སྟོན་པ་རྣམས་ནི་རང་བཞིན་གྱི་དཀྱིལ་འཁོར་ཡིན་པར་མངོན་ནོ། །གང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པར་གསུངས་པ་ནི་ཏིང་ངེ་འཛིན་ནོ། །གང་རྡུལ་ཚོན་ལ་སོགས་པ་མཚན་མའི་ཕྱག་རྒྱར་གྱུར་པ་ནི་གཟུགས་བརྙན་ནོ། །གང་སྐྱེ་བོ་དམ་པ་འདུས་ནས་དཀྱིལ་འཁོར་ཚང་བར་སྤྱོད་པ་ནི་ཚོགས་སོ། །གང་བྱང་ཆུབ་སེམས་བདེ་བ་ཆེན་པོའི་མན་ངག་ཏུ་སྟོན་པ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །ཅིའི་ཕྱིར་རྒྱུད་རྣམས་སུ་ཕལ་ཆེར་དཀྱིལ་འཁོར་གཙོར་སྟོན་པར་མཛད་ཅེ་ན། བདག་ཉིད་ཆེན་པོ་རྣམས་ཀྱི་ཆོས་ཀྱི་རྒྱལ་སྲིད་བསྒྲུབ་པར་བྱ་བ་ལ་རྒྱུའི་གཙོ་བོ་ཆོས་ཀྱི་རྒྱལ་པོ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་དམ་ཚིག་ནི། བདག་ཉིད་ཆེན་པོ་རྣམས་ཀྱི་བཀའ་བཞིན་བྱེད་པའི་མཚན་ཉིད་དེ། དེ་ཡང་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད་ཡིན་ནོ། །དེ་ཡང་རྒྱལ་བ་རྣམས་ཀྱིས་བཀས་བཅད་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་བསླབ་པར་གྱུར་པ་དང་། འདའ་རུ་མི་རུང་བའི་མཚན་ཉིད་གསུམ་དང་ལྡན་པ་སྟེ། འདི་དག་གིས་ནི་ཐ་མལ་བའི་ལེགས་པར་སྤྱད་པ་དང་། ཐེག་པ་ཐུན་མོང་གི་སྡོམ་པ་དང་། འདས་པར་གྱུར་ཡང་ཉེས་པ་ཆེན་པོ་མེད་པར་གྱུར་པ་རྣམས་ལས་བྱེ་བྲག་ཏུ་བྱས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལ་ཅིའི་ཕྱིར་དམ་ཚིག་ཅེས་བྱ་ཞེ་ན། ས་མ་ཡ་ཞེས་བྱ་བའི་སྒྲ་སྤྱིར་དོན་དུ་མ་ལ་འཇུག་སྟེ། རེ་ཞིག་ཅུང་ཟད་བསྡུས་ནས་ཚིགས་སུ་བཅད་པ། ཀུན་ཐོབ་འགྲོ་དང་རྟོགས་པ་དང་། །ཡང་དག་ཐོབ་སོགས་གསུམ་དེ་བཞིན། །རྫོགས་ཐོབ་དུས་དང་མཉམ་པར་སྦྱོར། །གསང་བ་བསྟེན་པ་བཟའ་བ་དང་། །མནའ་དང་སྡོམ་པ་ཡལ་གམ་བཅས། །དམ་པར་གྱུར་དང་དམ་པ་མཚོན། །དམ་པར་གསུངས་དང་དམ་དུ་འཛིན། །འདས་ན་སྲེག་པར་བྱེད་པ་དང་། །ཀུན་ཀྱང་འདའ་བ་མ་ཡིན་པས། །ས་མ་ཡ་ཞེས་བྱ་བ་ཡིན། །ཞེས་ཤེས་པར་བྱའོ། །དེ་ལས་འདིར་ནི་མཉམ་པར་སྦྱོར་བར་བྱེད་པ་དང་། མཉམ་རྫོགས་ཆེན་པོ་ཐོབ་པ་དང་། འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་ཅེས་བྱའོ། །རྒྱུད་ཕྱི་མ་ལས་ནི། རྣམ་གྲངས་གོང་དུ་བསྟན་པ་ལྟ་བུར་ཕྱོགས་གཞན་ཡང་གསུངས་སོ། །དམ་ཚིག་གི་དབྱེ་བ་ནི། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ཅེས་སྤྱིར་གྲགས་ཏེ། དེ་ལ་སྤྱིའི་སྡོམ་པ་ནི། ཐེག་པ་ཐུན་མོང་གི་སྡོམ་པར་གྲགས་པའི་སོ་སོར་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དག་ཀྱང་གསང་སྔགས་ཀྱི་སྡོམ་པའི་གཞིར་གྲགས་སོ། །ལྷ་སྤྱིའི་སྡོམ་པར་གྱུར་པ་རིགས་ལྔའི་སྡོམ་པ་ལྟ་བུའང་རིགས་གཅིག་གི་ལྷ་མཉེས་པར་བྱེད་པའི་ཚེའང་གཞན་ཐུན་མོང་གི་བསྲུང་བྱར་གྲགས་སོ། །རྣལ་འབྱོར་པ་རྣམས་ཀྱིས་དུས་དང་གནས་སྐབས་སྤྱིར་བསྲུང་བར་བྱ་བའི་སྡོམ་པ་ནི། རྩ་བ་དང་ཡན་ལག་གི་གཏོགས་པའི་༼རྫོགས་ཆེན་ཤིང་པར་མ་ལ་རྟོགས་ཞེས་ཡིན།༽སྤྱད་པར་བྱ་བའི་དམ་ཚིག་རྣམས་དང་། བརྟུལ་ཞུགས་ཀྱི་དམ་ཚིག་དང་། རྒྱུན་གྱི་དམ་ཚིག་ལ་སོགས་པའོ། །དེ་དག་ནི་སྤྱིའི་དམ་ཚིག་ཏུ་གཏོགས་པའི་དབྱེ་བའོ། །ཁྱད་པར་གྱི་དམ་ཚིག་ནི། རྣལ་འབྱོར་པ་རྣམས་ཀྱི་བློ་རྩལ་གྱི་ཁྱད་པར་ལས་སོ་སོའི་བསྲུང་བའི་དམ་ཚིག་དང་། སྤྱོད་པའི་དམ་ཚིག་དང་། ལྟ་བའི་དམ་ཚིག་དང་། ཡེ་ཤེས་ཀྱི་དམ་ཚིག་དང་། དེ་བཞིན་དུ་ཚོགས་དང་། སངས་རྒྱས་ཀྱི་ས་དང་། ཕྲིན་ལས་དང་། སྒྲུབ་པ་དང་། རིག་འཛིན་གྱི་ས་དང་། ཆད་པའི་གནས་རྣམས་ཁྱད་པར་རིམ་པ་བཞིན་གནས་ཏེ། འདི་ལྟ་བུ་ནི་ཁྱད་པར་རྩལ་འཕང་གི་དམ་ཚིག་ཅེས་བྱའོ། །ལྷག་པའི་དམ་ཚིག་ནི། སྤྱིའི་སྡོམ་པ་ལ་གནས་པའི་རྣལ་འབྱོར་པས་སྒྲུབ་པ་ཆེན་པོ་ལ་སོགས་པའི་དུས་སྐབས་སུ་བསྲུང་བ་ལྷག་པར་བསྟན་པ་སྟེ། འདི་ལྟར་སེང་གེའི་ཁོག་པ་མི་བཤིག་པ་དང་། སྟག་གཟིག་གོལ་བའི་གོད་ལྷག་མི་བསྡུ་བ་དང་། གངས་ཀྱི་ཞུན་ཆུ་མི་བཏུང་བ་དང་། རྡོ་རྗེའི་གོ་ཆགས་མི་གདལ་བ་ལ་སོགས་པ་གཞུང་སྤྱི་ལས་གྲགས་པ་རྣམས་སོ། །དེ་ལས་རྒྱུད་འདིར་ནི། བསྲུང་བ་དང་སྒྲུབ་པར་གྱུར་བའི་རྩ་བའི་དམ་ཚིག་ལྔ་དང་། མི་སྤང་བ་མི་དོར་བར་གྱུར་པའི་ཡན་ལག་བཅུ་སྟེ། དེ་ལྟར་དམ་ཚིག་བཅོ་ལྔའོ། །འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་དགོས་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ། བསླབ་པ་ཐམས་ཅད་ཀྱི་གཞི་འཛིན་པའི་ས་གཞི་ལྟ་བུ། དགེ་བའི་དབང་པོ་ཐམས་ཅད་ཀྱི་སྲོག་ལྟ་བུར་བཤད་དོ། །གང་གི་ཕྱིར་རྒྱུད་རྣམས་སུ་རྒྱལ་བ་རྣམས་ཀྱིས་དམ་ཚིག་བསྟན་ཅེ་ན། བདག་ཉིད་ཆེན་པོ་རྣམས་ཀྱི་ཆོས་ཀྱི་རྒྱལ་སྲིད་བསྒྲུབ་པར་བྱ་བ་ལ་གཞི་འཛིན་པ་ཡིན་པའི་ཕྱིར་དེ་བསྟན་ཏོ། །ཞེས་ཤེས་པར་བྱའོ། །སྒྲུབ་པ་ནི། སྔགས་ཀྱི་ལྷ་རྣམས་མཉེས་པར་བྱེད་པའི་མཚན་ཉིད་ཀྱི་སྒོ་ནས། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐབས་སུ་གྱུར་པ་བསྙེན་སྒྲུབ་གཉིས་དང་ཡན་ལག་བཞིས་བསྡུས་པའོ། །སྒྲུབ་པར་བྱེད་པས་སྒྲུབ་པ་སྟེ། དོན་ལེན་ཅིང་ཐོབ་པར་བྱེད་པ་ལ་བཤད་དོ། །འདིའི་དབྱེ་བ་ནི། ཏིང་ངེ་འཛིན་དང་། བཟླས་བརྗོད་དང་། སྦྱིན་སྲེག་ལ་སོགས་པ་ཐབས་ཀྱི་ཆོ་གའི་དབྱེ་བ་དང་། རྟེན་གྱི་བྱེ་བྲག་དམ་ཚིག་གི་ཕྱག་རྒྱ་དང་། ཕྱི་རོལ་གྱི་ཕྱག་རྒྱ་ཆེན་པོ་དང་། ནང་གི་གཟུངས་མ་དང་། དམ་ཚིག་གི་རྫས་ལ་སོགས་པའི་སྒོ་ནས་རྟེན་གྱི་དབྱེ་བ་དང་། ལས་ཕྲ་མོ་དང་། ཐུན་མོང་གི་དངོས་གྲུབ་ཆེན་པོ་དང་། མཆོག་གི་དངོས་གྲུབ་ཀྱི་སྒོ་ནས་དབྱེ་བ་ལ་སོགས་པ་རྣམས་ནི་རྒྱུད་སྤྱིར་ཤེས་པར་བྱའོ། །འདིར་ནི་ཡི་གེ་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་སྒོ་ནས་ལས་ཕྲ་མོ་དང་། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐབས་དང་། ཚོགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་འདོད་པའི་ཡོན་ཏན་ལྔ་ལ་རོལ་ཅིང་དངོས་གྲུབ་བསྒྲུབ་པའི་ཐབས་རྣམས་གསུངས་ཏེ། དེར་ནི་ནང་གི་གཟུངས་ཀྱི་ཕྱག་རྒྱ་ལ་བརྟེན་པ་དང་། དམ་རྫས་བདུད་རྩི་ལ་བརྟེན་པའང་འདུས་པར་ཤེས་པར་བྱའོ། །རྒྱུད་ཕྱི་མ་ལས། འཇིག་རྟེན་གྱི་ལྷ་ཆེན་པོ་བསྒྲུབ་པ་དང་། ཚེ་བསྒྲུབ་པ་དང་། རོ་ལངས་བསྒྲུབ་པ་དང་། པྲ་དབབ་པ་ལྟ་བུ་འཇིག་རྟེན་གྱི་བསྒྲུབ་པ་ཕྲ་མོའང་གསུངས་སོ། །ཅིའི་ཕྱིར་བདག་ཉིད་ཆེན་པོ་རྣམས་ཀྱིས་རྒྱུད་རྣམས་སུ་སྒྲུབ་པ་རྣམས་བསྟན་ཅེ་ན། དཀྱིལ་འཁོར་དང་དམ་ཚིག་རྣམས་ཀྱི་དགོས་པ་ཡང་འགྲོ་བ་རྣམས་ཀྱི་ཐར་པ་དང་བདེ་བ་བསྒྲུབ་པའི་ཕྱིར་ཡིན་ནོ། །དབང་བསྐུར་བ་ནི། བཀའ་ཐོབ་པར་བྱེད་པའི་མཚན་ཉིད་དེ། དེ་ཡང་དབང་ཐོབ་པའི་རྒྱུ་དང་ལྡན་པ། དཀྱིལ་འཁོར་ལ་བརྟེན་ནས་གོ་འཕང་གི་ཆོས་གཞན་གྱི་རྒྱུད་ལ་འགོད་པར་བྱེད་པའི་ལས་ཀྱི་བདག་ཉིད་དོ། །འདི་ནི་གསང་བའི་རྒྱུད་ཀྱི་སྐབས་སུ་སྦྱིན་པ་རྣམ་པ་བཞིར་གྲགས་པ་ལས། དབང་བསྐུར་བ་སྦྱིན་པ་ཞེས་བྱ་བ་རིན་པོ་ཆེའི་རིགས་ཀྱི་དམ་ཚིག་ཏུ་གཏོགས་པའོ། །དེ་ལ་ཅིའི་ཕྱིར་དབང་བསྐུར་བ་ཞེས་བྱ་ཞེ་ན། ཨ་བྷི་ཥིཉྩ་ཞེས་བྱ་བའི་སྒྲ་མངོན་པར་གཏོར་བའམ་ཆུས་བརླན་པར་བྱས་པའི་ཚིག་སྟེ། སྒྲ་འདི་དངོས་སུ་ན་དྲི་མ་དག་པར་བྱེད་པ་ཙམ་ལ་འཇུག་ལ། བརྒྱུད་ནས་ནི་གོ་འཕང་གི་ཆོས་ཐོབ་པར་བྱེད་ཅིང་དབང་བསྐུར་བ་ལ་འཇུག་སྟེ། ཅིའི་ཕྱིར་ཞེ་ན་འཇིག་རྟེན་དུ་འཁོར་ལོས་སྒྱུར་པའི་རྒྱལ་པོ་བྱུང་བ་ན། ས་སྲུངས་ཀྱི་བུས་སུམ་ཅུ་རྩ་གསུམ་གནམ་གྱི་གནས་ནས་རིན་པོ་ཆེའི་སྣོད་བདུད་རྩིའི་ཆུས་བཀང་བ་བླངས་ཏེ། རྒྱལ་པོའི་སྤྱི་བོར་བླུག་ཅིང་ཁྲུས་བྱས་པས་འཁོར་ལོས་སྒྱུར་བའི་རྒྱལ་པོར་དབང་ཐོབ་པར་བྱས་པས་དེ་ལ་ཨ་བྷི་ཥིཉྩ་ཞེས་གྲགས་སོ། །དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་འབྱུང་བ་ན། ལྷ་དང་ཀླུའི་རྒྱལ་པོ་རྣམས་ཀྱིས་དག་པ་ལྷའི་ཆུས་ཁྲུས་གསོལ་བས་ཆོས་ཀྱི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཁྲུས་དེ་ལ་ཨ་བྷི་ཥིཉྩ་ཞེས་གྲགས་སོ། །དེ་བཞིན་དུ་ཕྱིས་རྗེས་སུ་འབྱུང་བ་རྣམས་ཀྱང་ནམ་གོ་འཕང་བསྒོ་བར་བྱེད་པའི་ཚེ་བུམ་པ་ལ་བརྟེན་ནས་ཁྲུས་གསོལ་བས་དབང་ཐམས་ཅད་ཀྱི་རྒྱ་རྟགས་ཡིན་པའི་ཕྱིར། མངོན་པར་གཏོར་བའི་ཕྱིར་དབང་བསྐུར་བ་ཞེས་བྱའོ། །འདིའི་དབྱེ་བ་ནི། ཕྱི་ནང་གི་རྒྱུད་སོ་སོ་ལས་རང་རང་གི་གཞུང་སོ་སོར་གྲགས་མོད་ཀྱི། འདིར་ནི་ཕན་པའི་དབང་དང་། ནུས་པའི་དབང་གཉིས་སུ་གྲགས་སོ། །ཕན་པ་ནི་དབུ་རྒྱན་འཕྲེང་བ་ཅོད་པན་ལ་སོགས་པ་རྒྱུད་ལས་གསུངས་པའི་དབང་བཅུ་པོ་དག་ད་ལྟ་ཉིད་ནས་ནུས་པ་སོ་སོ་ལ་བསྒོ་བ་མེད་པས་དེ་སྐད་ཅེས་བྱའོ། །གསང་བ་ཉན་པའི་དབང་དང་། དངོས་གྲུབ་བསྒྲུབ་པའི་དབང་དང་། ལས་རྣམ་བཞི་སྤྱོད་པའི་དབང་དང་། གསང་བ་འཆད་པའི་དབང་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་རྣམས་ཕན་པའང་ཡིན་ལ། ད་ལྟ་ཉིད་དུ་ནུས་པ་སོ་སོ་ལ་བྱ་བར་གནས་པས་བསྒོས་པ་ཡིན་པས་དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་བདག་ཉིད་ཆེན་པོ་རྣམས་ཀྱིས་རྒྱུད་རྣམས་སུ་དབང་བསྟན་ཅེ་ན། གོ་འཕང་གི་ཆོས་རིམ་པར་ཐོབ་པར་བྱ་བ་འདི་ལ་རག་ལས་པའི་ཕྱིར་རོ། །འཕྲིན་ལས་ནི། སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་འགྲོ་བའི་དོན་སྤྱོད་པའི་མཚན་ཉིད་དེ་ཚད་མེད་པ་བཞིའི་རྒྱུ་ལས་བྱུང་བ་ཡིན་ནོ། །བྱེད་པ་པོ་རྣམས་ཀྱི་ཉེ་བར་འདོད་པ་ནི་ལས་ཞེས་ཟེར་ཏེ་སྒོ་གསུམ་གྱི་བྱ་བའི་མཚན་ཉིད་དོ། །འདིའི་དབྱེ་བ་ནི། རིགས་ཀྱི་སྒོ་ནས་ཚར་གཅོད་པ་དང་། ཕན་འདོགས་པ་གཉིས་ཀྱི་བྱེ་བྲག་ལས། ཞི་བ་ལ་སོགས་པའི་ལས་རྣམ་པ་བཞི་ལྟ་བུ་ལས་རབ་ཏུ་དབྱེ་བའི་སྤྲོས་པ་གྲངས་ཆད་པ་དང་། གྲངས་ཆད་པ་མེད་པར་གསུངས་པ་རྣམས་སོ། །ཐབས་ཀྱི་སྒོ་ནས་དབྱེ་བ་ནི། རྫས་ལ་བརྟེན་པ་དང་མ་བརྟེན་པའི་བྱེ་བྲག་གིས། བསམ་གཏན་དང་། བཟླས་བརྗོད་དང་། སྦྱིན་སྲེག་ལ་སོགས་པའི་སྒོ་ནས་ཐབས་ཀྱི་ཆོ་ག་ཇི་སྙེད་གསུངས་པ་རྣམས་སོ། །ཅིའི་ཕྱིར་བདག་ཉིད་ཆེན་པོ་རྣམས་ཀྱིས་རྒྱུད་རྣམས་སུ་ཕྲིན་ལས་བསྟན་ཅེ་ན། སངས་རྒྱས་ཀྱི་མཛད་པ་བསྒྲུབ་པ་ལ་ཐབས་འདི་དག་ཙམ་ཡིན་པའི་ཕྱིར་རོ། །འདི་དག་ནི་གཞི་ལྔ་ཞེས་བྱ་སྟེ། སྔགས་ལ་སོགས་པའི་ཡན་ལག་བཞིའང་འདི་དག་གི་བྱ་བ་བསྒྲུབ་པའི་ཐབས་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ། །དེ་བས་ན་དངོས་པོ་དེ་དག་གང་གཙོ་བོར་བྱེད་ཀྱང་སྔགས་ལ་སོགས་པའི་ཡན་ལག་བཞི་པོ་འདི་ལས་ཐབས་ལྷག་པ་གཞན་མེད་དེ་བྱ་བ་ཐམས་ཅད་ལ་འདི་དག་ཚང་བའི་ཕྱིར་རོ། །དེ་ལ་སྔགས་ཞེས་བྱ་བ་ནི། སྤྱིར་ཤེས་པ་དང་དཔུང་གཉེན་དུ་ལྡན་པའི་དོན་ལ་བཤད་དེ། འདི་ལྟར། མན་ཏྲ་ཞེས་བྱ་བའི་སྒྲ། མ་ནཱ་ཨ་བཱ་བོ་ད་ན་ཞེས་བྱ་སྟེ། རྟོགས་ཤིང་ཁོང་དུ་ཆུད་པ་ལ་བྱ་བར་སྐད་ཀྱི་བྱིངས་ལས་བཤད། ཏྲ་ནི་སྐྱོབ་པ་སྟེ། སྐྱབས་དང་དཔུང་གཉེན་དུ་གྱུར་པ་ལ་འཇུག་པས། སྤྱིར་ན་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའམ། འབྲས་བུ་དང་བཅས་པ་ལ་འཇུག་པར་གཞུང་ཕལ་མོ་ཆེ་ན་གྲགས་སོ། །གཞུང་སོ་སོ་ནས་གྲགས་པ་ནི། སྤྲོས་པ་མེད་པའི་དོན་ལ་ཡང་གསང་སྔགས་ཞེས་བྱ་སྟེ། འདི་ལྟར། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་འདི་སྐད་དུ། སྤྲོས་པ་མེད་པའི་དོན་གསང་སྔགས་ཀྱི་དངོས་པོ་དེ་ཉིད་ཚུལ་སྣ་ཚོགས་ནས། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟ་བུའོ། །གཉིས་སུ་མེད་པའི་ཡེ་ཤེས་ལ་ཡང་གསང་སྔགས་ཞེས་གསུངས་ཏེ། དེ་ཉིད་ལས། གཉིས་མེད་ཡེ་ཤེས་འདི་ཉིད་ནི། །ཐུབ་པས་སྔགས་ཞེས་གསུངས་པ་ཡིན། །ཞེས་གསུངས་པ་ལྟ་བུ་དང་། གཞན་ལས། གཉིས་མེད་ཡིད་ནི་སྐྱོབ་པ་ན། །གལ་ཏེ་དེ་ལྟ་ན་ཡང་སྔགས། །ཞེས་གསུངས་པ་ལྟ་བུ་སྟེ། ཚུལ་འདི་དག་གིས་ན། ཤེས་པ་ཉིད་སྐྱོབ་པ་ཡིན་པས་ཤེས་སྐྱོབ་ཅེས་བཤད་དོ། །དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ནི། སེམས་སྐྱོབ་པས་ཤེས་སྐྱོབ་ཅེས་བཤད་དེ། འདི་ལྟར་གསང་སྔགས་ཀྱི་སྤྱོད་པ་བཤད་པའི་སྐབས་ནས། གང་གང་རྟེན་ཅིང་འབྲེལ་འབྱུང་བ། །ཡུལ་དང་དབང་པོ་རྣམས་ཀྱི་སེམས། དེ་ནི་མན་ཞེས་བཤད་པ་ཡིན། །ཏྲ་ཞེས་བྱ་བ་སྐྱོབ་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བའི། །སྡོམ་པ་ཀུན་ནས་གང་གསུངས་པ། །སྐྱོབ་པ་རྡོ་རྗེ་ཐམས་ཅད་ཀྱིས། །སྔགས་ཀྱི་སྤྱོད་པར་བསྟན་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དོན་དེ་ལྟ་བུའི་རྟགས་སུ་གྱུར་པ་ལྷ་རྣམས་ཀྱི་སྐུ་ལ་ཡང་སྔགས་ཞེས་བྱའོ། །དེ་ཉིད་ལས། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། །རྨད་དུ་བྱུང་བའི་གཏོར་མ་དབུལ། །བཤང་གཅི་ཤ་དང་འབྲུ་མར་དང་། །སེམས་ལས་བྱུང་བའི་ཙནྡན་དང་། །ཁུ་བ་དག་གིས་སྔགས་རྣམས་ཀུན། །ཚིམ་པར་འགྱུར་བར་ཀུན་ཏུ་བཤད། །ཅེས་གསུངས་པ་ལྟ་བུའོ། །དེ་དག་གི་སྒོར་གྱུར་པ་ཨོཾ་དང་ཧཱུཾ་ལ་སོགས་པའི་ཡི་གེའི་སྔགས་ཚིག་དང་། །གཞུང་གི་ཚོགས་དང་། སྦྱིན་སྲེག་ལ་སོགས་པའི་ཐབས་ཀྱི་ཆོ་ག་རྣམས་ལ་ཡང་སྔགས་ཞེས་བྱའོ། །དེ་བཞིན་རིག་པ་དང་གཟུངས་རྣམས་ལ་ཡང་སྦྱར་བར་བྱ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ནི་རིག་སྔགས། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ལ་ནི་གཟུངས་སྔགས་ཞེས་བྱ་སྟེ། དེ་གཉིས་ཀྱི་རྟགས་སུ་གྱུར་པ་ནི་ལྷ་མོའི་དབྱིབས་དང་གཟུགས་སུ་གྱུར་པ་དག་གོ །སྒོ་ནི་སྔ་མ་བཞིན་ཤེས་པར་བྱའོ། །སྤྱིའི་མཚན་ཉིད་འདི་ལྟ་བུ་ལ་འཇུག་པ་ལས། ཡན་ལག་བཞི་བསྟན་པའི་སྐབས་འདིར་ནི། ངག་གི་བརྗོད་པའི་མཚན་ཉིད་ལ་སྔགས་ཞེས་བྱ་སྟེ། འདི་ལྟར། དེ་ཉིད་འདུས་པ་ལས། །འདའ་བར་བྱ་བ་མ་ཡིན་ཞིང་། །དབྱེ་བར་དཀའ་ལ་གསང་བ་ཉིད། །གསང་སྟེ་བསྒྲུབ་ཕྱིར་བརྗོད་པས་ན། །དེ་ཕྱིར་སྔགས་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་ལྟ་བུ་སྟེ། གསང་བའི་དངོས་གྲུབ་བསྒྲུབ་པའི་ཕྱིར་བརྗོད་པའི་གསང་ཚིག་ལྷ་དང་བགེགས་རྣམས་ཀྱིས་ཀྱང་བཟླར་མི་རུང་ཞིང་མི་ཕྱེད་པའི་མཚན་ཉིད་ཀྱི་ཕྱག་རྒྱ་གསང་སྟེ་ངག་ཏུ་བསྔགས་ཤིང་བརྗོད་པར་བྱ་བ་ཡིན་པའི་ཕྱིར་གསང་སྔགས་ཞེས་བྱའོ། །འདིའི་ལས་ནི། མཚན་མ་དང་མཚན་མ་མེད་པའི་ཏིང་ངེ་འཛིན་ཐམས་ཅད་རྒྱུད་ལ་སྐྱེད་པར་བྱེད་པ་དང་། ལྷ་ལ་སོགས་པ་ཐམས་ཅད་ཀྱི་མཚན་མའི་སྤྲུལ་པ་ཐམས་ཅད་ཀྱི་ས་བོན་དང་། རྐྱེན་གྱི་བྱེད་པ་དང་། ཐུན་མོང་དང་མཆོག་གི་དངོས་གྲུབ་ཀྱིས་བསྡུས་པའི་འདོད་པའི་དོན་ཐམས་ཅད་གྲུབ་ཅིང་ཐོབ་པར་བྱེད་པ་དང་། ཆོས་ཀྱི་ཕྱག་རྒྱར་གྱུར་པས་ལྷ་རྣམས་མཉེས་པར་བྱེད་པ་སྟེ། འདི་ལྟ་བུའི་ནུས་པ་དང་ལྡན་པའི་ཕྱིར། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་དོན་ཐམས་ཅད་སྒྲུབ་ཅིང་། དེ་ཡང་ལྷ་རྣམས་ཉིད་གསང་སྔགས་ཀྱི་གཟུགས་སུ་སྤྲུལ་ཞིང་བྱིན་གྱིས་བརླབས་པའོ། །ཞེས་ཀྱང་གྲགས་སོ། །འདི་ལྟ་བུ་ལ་ནི་བརྟགས་པ་གཞན་ཡང་སྣང་སྟེ། ཕྱག་རྒྱའི་སྐབས་སུ་མགོ་དྲིལ་ཏེ་བཤད་པར་བྱའོ། །ཕྱག་རྒྱ་ཞེས་བྱ་བ་ནི། བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་མཚོན་པའི་མཚན་མར་གྱུར་པ་ལ་བྱ་སྟེ། འདི་ལས་བརྒྱུད་ནས་ནི། མཚན་མ་མེད་པའི་དོན་དང་། བདག་ཉིད་ཆེན་པོ་ཉིད་ཀྱི་སྐུ་གསུང་ཐུགས་ལ་ཡང་ཕྱག་རྒྱ་ཞེས་བྱ་བའི་སྒྲ་འཇུག་གོ ། མཚོན་པའི་ཕྱག་རྒྱ་དེ་ཡང་མཚོན་པའི་མཚན་ཉིད་བཞི་དང་ལྡན་པ་སྟེ། བདག་ཉིད་ཆེན་པོ་རྣམས་ཀྱི་མཚན་མར་གྱུར་པ་དང་། གང་གིས་ཀྱང་འདའ་ཞིང་གཞིག་ཏུ་མི་རུང་བ་དང་། ཆོས་ཀྱི་རྒྱལ་པོ་ཉག་གཅིག་གིས་ཡིན་གྱི་ཐུན་མོང་མ་ཡིན་པ་དང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བསྒྲུབ་པར་ནུས་པའོ། །ཡང་གསུམ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། ཡེ་ཤེས་ཆེན་པོའི་གཟུགས་བརྙན་དུ་གྱུར་པ། རྣམ་པར་ཐར་པའི་སྒོ་མཐའ་ཡས་པ་མཚོན་པའི་གནས་སུ་གྱུར་པ་ལས་དང་དངོས་གྲུབ་ཐམས་ཅད་པའོ། །དེ་ལ་ཅིའི་ཕྱིར་ཕྱག་རྒྱ་ཞེས་བྱ་ཞེ་ན། མུ་དྲ་ཞེས་བྱ་བ། མུ་དྲ་ན་ད་མུ་དྲ་སྟེ། འདེབས་ཤིང་མཚོན་པས་ན་ཕྱག་རྒྱ་ཞེས་བྱའོ། །གང་ལ་ཇི་ལྟར་འདེབས་ཤེ་ན། རྣལ་འབྱོར་ཕྱི་པའི་ཚུལ་ལས་ནི། ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོ་གཙིགས་ནི་བཏབ་པ་ལྟར། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །སྐྱེ་བོ་ཀུན་ལ་དེ་བཞིན་འདེབས། །ཞེས་གསུངས་ཏེ། བདག་གི་དེ་ཁོ་ན་ཉིད་ལ་ལྷའི་མཚན་མས་གདབ་བོ། །ཞེས་འབྱུང་ངོ་། །རྣལ་འབྱོར་ཆེན་པོའི་ཚུལ་ལས་ནི། ཐམས་ཅད་ཀུན་ལ་དེ་བཞིན་འདེབས། །ཞེས་གསུངས་ཏེ། ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ལས་ལྷག་པའི་ཕྱག་རྒྱ་འཕྲུལ་པ་ཙམ་ལ་བྱ་བར་བཞེད་དོ། །རྒྱུ་ཅིའི་ཕྱིར་འདེབས་པ་ནི། བདེ་བར་གཤེགས་པ་དང་འགྲོ་བ་ཐམས་ཅད་དབྱེར་མེད་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་སྙིང་ལ་གནས་པ་དང་། མངའ་དབང་ཆེན་པོ་བརྙེས་པའི་ཕྱིར་དང་། འགྲོ་དོན་དུས་ལ་བརྩོན་པ་རྣམས་ཀྱི་ཕྱིར་འདེབས་པར་བྱེད་དོ། །ཞེས་ནང་པའི་ཚུལ་ལས་བཞེད་དོ། །རྣམ་པ་གཅིག་ཏུ། མུ་དྲ་ན་ད་མུ་དྲ་སྟེ། དགྱེས་པ་བསྐྱེད་པས་ན་ཕྱག་རྒྱ་ཞེས་བྱ་སྟེ། བྱ་བ་དང་རྣལ་འབྱོར་ཕྱི་པའི་ཚུལ་ལྟར་ན་ཡང་། ཕྱག་རྒྱ་ནི་མོའི་རྟགས་དང་ཡང་ལྡན་པ་ཡིན་པས། ལྷ་མོ་རྣམས་སྦས་པའི་སྐུ་སྟེ། གང་ཞིག་ལ་འདི་བསྟན་པར་གྱུར་ན་དམ་ཚིག་གི་ངོ་བོ་ཉིད་ཀྱིས་དགྱེས་པ་བསྐྱེད་པར་བཤད་དོ། །རྣལ་འབྱོར་ཆེན་པོའི་ཚུལ་ལྟར་ན་ཡང་། བུད་མེད་ཉིད་ལ་ཕྱག་རྒྱའི་སྒྲར་བཤད་དེ། དེ་ལྟར་ན་ཕྱག་རྒྱ་བུད་མེད་ཀྱི་སྒྲར་བཤད་པ་དང་། འདི་གཉིས་ལ་དགྱེས་པ་བསྐྱེད་པའི་མཚན་ཉིད་དུ་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་དེ། འོན་ཀྱང་འཇིག་རྟེན་ན་ས་བླ་དང་ས་སྟེང་ན་གནས་པའི་ཚུལ་བཟུང་ནས། ཕྲ་བ་དང་དྭངས་མ་ལ་སྤྱོད་པ་དང་། རགས་པ་དང་སྙིགས་མ་ལ་སྤྱོད་པའི་ཚུལ་བཟུང་ནས་བསྟན་པ་ཙམ་དུ་ཟད་དོ། །ཡང་། མུ་ནི་གྲོལ་བ་དང་། ད་ར་ནི་བཅིངས་པ་སྟེ། བདག་དང་གཞན་འཆིང་བ་དང་གྲོལ་བའི་ལས་བྱེད་པའམ། སོ་སོར་བཅིངས་པ་ལས་འགྲོལ་བར་བྱེད་པའི་ལས་བྱེད་པས། བཅིང་གྲོལ་གྱི་དོན་གྱིས་ཕྱག་རྒྱ་ཞེས་བྱའོ། །ཡང་། མུ་ནི་ཆེན་པོ། ངྷ་ར་ནི་འཇོམས་པ་སྟེ། དོན་ཆེན་པོ་ལ་གེགས་བྱེད་པ་རྣམས་འཇོམས་པའམ། བགེགས་ཆེན་པོར་གྱུར་པ་མི་ཤིགས་པའི་གྲོང་ཁྱེར་ཆེན་པོ་འཇོམས་པར་བྱེད་པས། འཇོམས་པས་ན་ཕྱག་རྒྱ་ཞེས་བྱའོ། །ཡི་གེ་གསུམ་པོ་སོ་སོར་ཕྲལ་ཏེ་བཤད་ན། མུ་ནི། མུ་ལ་སྟེ་རྩ་བ་ལ་འཇུག་པས་ཕྱག་རྒྱས་བསྲུང་ན་དམ་ཚིག་མི་ཉམས་པས་དམ་ཚིག་གི་རྩ་བ་ཞེས་བཤད་དོ། །ད་ནི། ཧེ་དུ་སྟེ་དབུ་རྒྱན་ལ་སོགས་པའི་རྒྱས་བཏབ་ན་དབང་དང་ལྡན་པར་འགྱུར་བས་དབང་བསྐུར་བའི་རྒྱུ་ཞེས་བཤད་དོ། །ར་ནི། སྠི་ར་སྟེ་བརྟན་པའི་དོན་ལ་འཇུག་པས་ཕྱག་རྒྱས་བྱིན་གྱིས་བརླབས་ན་ལུས་བརྟན་ཞིང་བགེགས་ལ་སོགས་པས་མི་ཕྱེད་པར་འགྱུར་བས་ལུས་བརྟན་པར་བྱེད་པའི་ཕྱིར་ཕྱག་རྒྱ་ཞེས་བྱའོ། །དེ་ལྟར་ཡང་གསུངས་པ། འདི་ནི་དམ་ཚིག་རྩ་བ་སྟེ། །དབུ་རྒྱན་བཅིངས་པ་རྒྱུ་ཡི་མཆོག །གང་གི་ལུས་ཀུན་བརྟན་པས་ན། །ཕྱག་རྒྱ་ཞེས་ནི་བྱ་བ་ཡིན། །ཞེས་གསུངས་པ་ལྟ་བུའོ། །འདི་ནི་ཕྱག་རྒྱ་སྤྱིའི་ངེས་པའི་ཚིག་གོ །།དབྱེ་བ་ནི། མཚོན་པར་བྱ་བ་དང་བྱེད་པའི་སྒོ་ནས་དབྱེ་བ་བྱས་ན་ནི། དམ་ཚིག་དང་། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་ཞེས་བྱ་བར་ཕྱེ་བ་ནི། མཚོན་པར་བྱེད་པའི་སྒོ་ནས་རྣམ་པར་གཞག་པའོ། །རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱ་ཞེས་པའམ། ལས་ཀྱི་ཕྱག་རྒྱ་ཞེས་བྱ་བར་གྲགས་པ་བུད་མེད་ཀྱི་ལུས་ལ་འཇུག་པ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཡིད་ཀྱིས་སྤྲུལ་པའི་ལྷ་མོ་ལ་གྲགས་པ་དང་། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཆོས་ཀྱི་དབྱིངས་མཚན་མ་མེད་པ་ལ་འཇུག་པ་རྣམས་ནི། མཚོན་པར་བྱ་བའི་སྒོ་ནས་རྣམ་པར་གཞག་པའོ། །དེ་ལ་སོ་སོའི་ངེས་པའི་ཚིག་ནི། དམ་ཚིག་གི་ཕྱག་རྒྱ་ཞེས་པའམ། དམ་ཚིག་ནི། བདག་ཉིད་ཆེན་པོ་རྣམས་ཀྱི་ཐུགས་གསང་བ་ཡེ་ཤེས། ཕྱག་རྒྱ་ནི། དེའི་མཚན་མར་གྱུར་པ་རྣམས་ཏེ། དེ་བས་ན་འདི་ནི་ཕན་ཚུན་ཐ་དད་པའི་དོན་དུ་བཤད་པའོ། །ཡང་ན་འདི་ལ་ལྷ་མི་འདའ་བའི་མཚན་ཉིད་ཀྱི་དམ་ཚིག་དང་ལྡན་པ་ཡིན་པས། འདི་གཉིས་ཆོས་དང་ཆོས་ཅན་དུ་བཤད་པའོ། །ཡང་། ཕྱག་རྒྱ་གང་ཡིན་པ་དེ་ཉིད་མི་འདའ་བའི་མཚན་ཉིད་ཀྱང་དེ་ཡིན་པས་དེ་སྐད་ཅེས་བྱ་སྟེ། བདག་ཉིད་གཅིག་པར་བཤད་པའོ། །ཚུལ་འདི་ལྟར་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དབྱེ་བ་གཞན་ཡང་། མཚན་མ་མེད་པའི་ཕྱག་རྒྱ་དང་། མཚན་མ་དང་བཅས་པ་ཞེས་བྱ་བའམ། ཇི་སྐད་དུ་གྲགས་པའི་ཕྱག་རྒྱ་རྣམས་དང་། ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཞེས་པའམ། ཀུན་ཏུ་བཟང་པོ་ཞེས་བྱ་བར་གྲགས་པའི་ཕྱག་རྒྱ་རྣམས་ཀྱང་གཞུང་སོ་སོའི་སྐད་དུ་དབྱེ་བར་བྱའོ། །ཅིའི་ཕྱིར་བདག་ཉིད་ཆེན་པོ་རྣམས་ཀྱིས་རྒྱུད་རྣམས་སུ་ཕྱག་རྒྱ་བསྟན་པར་མཛད་ཅེ་ན། སངས་རྒྱས་ཀྱི་མཛད་པ་བསྒྲུབ་པ་ལ་སངས་རྒྱས་བས་ཀྱང་ཕྱག་རྒྱ་ལྷག་པར་བསྟན་པའི་ཕྱིར་རོ། །སྔགས་དང་ཕྱག་རྒྱ་ཞེས་བྱ་བ་རྣམ་པ་འདི་གཉིས་ཀྱང་གཅིག་གིས་ཁྱབ་པར་བསྟན་པ་ཡིན་མོད་ཀྱི། ཁྱད་པར་ཅུང་ཟད་ཙམ་དུ་ན། ཕྱག་རྒྱ་ནི། གཟུགས་ཀྱི་མཚན་མ་གཙོར་བྱེད་པ་ཡིན་ལ། གསང་སྔགས་ནི། ངག་གི་བདེན་ཚིག་གཙོར་བྱས་ཏེ་བསྟན་པ་ཡིན་ནོ། །འདི་གཉིས་ཀ་ལ་ཡང་གཞུང་དང་གང་ཟག་སོ་སོའི་རྟོག་པའི་དབང་གིས་བརྟག་པ་རྣམ་པ་དུ་མ་ལ་འཇུག་པར་བསྟན་ཏེ། དེ་ལ་དང་པོ་ནི། རྣམ་པར་སྨིན་པའི་ལུས་དང་ངག་གི་ཕྱེ་བའི་བྱེ་བྲག་ཞིག་གོ །ཞེས་བརྟག་པ་འཇུག་ཏུ་རུང་ངོ་། །དེ་བཞིན་དུ་གཉིས་པ་ནི། རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཚན་མ་དང་བརྡར་གྱུར་པའོ། །ཞེས་བརྟག་པ་འཇུག་ཏུ་རུང་ངོ་། །གསུམ་པ་ནི། མཚན་མ་འདི་ཉིད་ལས་དང་དངོས་གྲུབ་ཐོབ་པར་བྱེད་པའི་ནུས་པ་ཅན་ནོ། །ཞེས་བྱའོ། །བཞི་པ་ནི། འདི་ཉིད་ལ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་འཕྲུལ་པ་དང་། ལས་ཀྱི་དབང་གིས་སྣང་བ་གཉིས་འདྲེས་ནས་སྣང་བའོ། །ཞེས་བྱའོ། །ལྔ་པ་ནི། མཚན་མ་བྱིན་རླབས་དང་ལྡན་པ་འདི་ཉིད་ལ་དམ་ཚིག་ཅན་གྱི་སྐྱེ་བོ་རྣམས་ཀྱིས་ལྷ་ཉིད་དུ་ཀུན་ཏུ་བརྟག་པ། ཞེས་བྱའོ། །དྲུག་པ་ནི། རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཆེན་པོ་དེ་ཉིད་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་མཚན་མར་བྱིན་གྱིས་བརླབས་ཤིང་གྱུར་བ་སྟེ། དཔེར་ན་བག་ཆགས་ཀྱི་དབང་གིས་སེམས་ཉིད་ཡུལ་དང་ལུས་སུ་སྣང་བ་ལྟ་བུ། ཞེས་བྱ་བའི་བརྟག་པ་འཇུག་ཏུ་རུང་ངོ་། །ཚུལ་འདི་ལྟ་བུ་རྣམས་ལས་མཆོག་ཏུ་གྱུར་པ་ནི་དྲུག་པ་འདི་ཉིད་ཡིན་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་ནི། སྔགས་ཀྱི་སྐབས་སུ་ལྷའི་རྣལ་འབྱོར་བསྒོམ་པ་ལ་བྱ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། དོན་ལ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་། དེ་དག་གི་དབང་གིས་སྣང་བའི་གཟུགས་ཀྱི་སྐུ་ཆ་ཤས་དང་བཅས་པ་ལ་ལྷ་ཞེས་བྱ་བའི་སྒྲར་བརྗོད་པ་ཡིན་ལ། དེ་ལྟ་བུའི་དོན་ལ་སེམས་རྩེ་གཅིག་ཏུ་བྱེད་པའི་མཚན་ཉིད་ནི་ཏིང་ངེ་འཛིན་ཏེ། དེ་བས་ན་མཚན་མ་མེད་པའི་དོན་ལ་སེམས་རྩེ་གཅིག་པའང་རུང་། མཚན་མ་དང་བཅས་པའི་དོན་ལ་རྩེ་གཅིག་ཀྱང་རུང་། ལས་དང་དངོས་གྲུབ་འགྲུབ་པར་འགྱུར་བའི་རྒྱུའི་གཙོ་བོ་ཡིན་པར་བཤད་དོ། །མཚན་མ་དང་བཅས་པའི་རྣལ་འབྱོར་ཡང་དོན་བསྡུ་ན། བྱིན་གྱིས་བརླབས་པའི་རྣལ་འབྱོར་དང་། ཡོངས་སུ་བརྟགས་པའི་རྣལ་འབྱོར་དང་། རྫོགས་པའི་རྣལ་འབྱོར་དང་གསུམ་དུ་འདུས་པར་བཤད་དེ། འདི་གསུམ་ཡང་ལྷ་རྒྱན་གཅིག་པའི་རྣལ་འབྱོར་ཅིག་ལ་ཡང་ཚང་ལ། རྒྱུད་སོ་སོའི་གྲུབ་པའི་མཐའ་ཡིས་དམིགས་པ་སོ་སོར་འདོད་པ་ཡིན་ནོ། །དེ་ལ་བྱིན་གྱིས་བརླབས་པའི་རྣལ་འབྱོར་ནི། བདག་གི་དེ་ཁོ་ན་ཉིད་ལ་ལྷའི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང་བསྒོས་ན། ལྕགས་ཀྱི་རིགས་ལ་གསེར་འགྱུར་གྱི་རྩི་བཏང་བ་བཞིན་དུ་འགྱུར་རོ། །ཡོངས་སུ་བརྟགས་པའི་རྣལ་འབྱོར་ནི། གསེར་ལ་སོགས་པ་ལེགས་པར་བཞུ་བ་ལས་སྐུ་གཟུགས་ལ་སོགས་པ་བྱེད་པ་བཞིན། བྱང་ཆུབ་ཀྱི་སེམས་དག་པ་ལས་གཟུགས་ཀྱི་སྐུར་བསྐྱེད་པར་འདོད་དོ། །རྫོགས་པའི་རྣལ་འབྱོར་ནི། ཆུ་དྭངས་པའི་ནང་དུ་གཟུགས་བརྙན་འཆར་བ་བརྩལ་བ་མེད་པ་བཞིན། རང་བཞིན་དག་པར་རྟོགས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་སྐད་ཅིག་མས་རྫོགས་པར་འཕྲུལ་ལོ། །རྣལ་འབྱོར་འདི་གསུམ་གྱིས་ནི་གསང་སྔགས་མཐའ་དག་བསྡུས་པར་ཤེས་པར་བྱའོ། །འདིའི་གཞིས་ནི་མཚན་ཉིད་ཀྱི་ཐེག་པ་གསུམ་ཡང་བསྡུས་པ་ཡིན་ཏེ། འདི་ལྟར་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་ལས། དང་པོ་དམ་ཚིག་བྱིན་བརླབ་པ། །བརྟགས་པ་རྣལ་འབྱོར་སྤྱོད་པའོ། །དབུ་མ་རྫོགས་པར་བྱ་བ་དག །འདི་ནི་རྣལ་འབྱོར་ཆོ་གར་བཤད། །ཅེས་གསུངས་སོ། །དེ་ལ་དང་པོའི་ཚིག་ནི། གཞུང་ལུགས་ལ་འཇུག་པས་གཞུང་ལུགས་དང་པོ་སྟེ། ཉན་ཐོས་པའི་གཞུང་ངོ་། །དེ་དང་མཐུན་པ་བྱིན་གྱིས་བརླབས་པའི་རྣལ་འབྱོར་ཏེ། ཇི་ལྟ་ཞེ་ན། འདིར་བདག་གི་དེ་ཁོ་ན་ཉིད་ལ། བདག་ནི་ཕུང་པོ་ལྔ་བློས་རྣམ་པར་མ་ཕྱེ་བའོ། །དེ་ཁོ་ན་ཉིད་ནི་མུ་སྟེགས་ཅན་གྱིས་བདག་དང་བདག་གི་ལ་སོགས་པ་ཀུན་ཏུ་བརྟགས་པས་སྟོང་པ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཙམ་མེད་པར་སྐུར་པ་གདབ་ཏུ་མི་རུང་བ་འདི་ནི་བདག་གི་དེ་ཁོ་ན་ཉིད་དོ། །དེ་ནི་བྱིན་གྱིས་བརླབ་ཏུ་རུང་བའི་གཞི་སྟེ། དེ་ལ་བྱིན་གྱིས་རློབ་པར་བྱེད་པ་ནི་ལྷའི་དངོས་པོའོ། །དེ་ཡང་ཆོས་ཉིད་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་དང་། སྒྲ་དང་། ཡི་གེ་དང་། གཟུགས་ལ་སོགས་པའི་ལྷར་རྟོགས་པ་རྣམས་སོ། །འདིར་ཕྱི་རོལ་གྱི་གཟུགས་ཀྱི་བློ་མི་གཏོང་བས་གཞུང་ལུགས་དང་པོ་ཉན་ཐོས་དང་མཐུན་པ་ཡིན་ཏེ། དེ་ལྟ་བུས་འདུལ་བའི་གང་ཟག་གི་དབང་དུ་གསུངས་པའི་ལྷའི་རྣལ་འབྱོར་སྒོམ་པའི་ཐབས་ཡིན་ནོ། །ཡོངས་སུ་བརྟགས་པའི་རྣལ་འབྱོར་ནི། རྣལ་འབྱོར་སྤྱོད་པ་པ་དང་སྒོ་མཐུན་པ་ཡིན་ཏེ། འདི་ལྟར་བདག་གི་དེ་ཁོ་ན་ཉིད་ཀྱང་། གཟུང་བ་དང་འཛིན་པར་ཀུན་ཏུ་བརྟགས་པས་སྟོངས་པ། སེམས་དང་སེམས་ལས་བྱུང་བ་རང་རིག་པ་གང་གིས་ཀྱང་གཟུང་བར་བྱ་བ་མ་ཡིན་པ་གང་ལ་ཡང་འཛིན་པར་བྱེད་པ་མ་ཡིན་པ། སྐད་ཅིག་མ་རྒྱུན་འབྲེལ་པར་གནས་པ་འདི་ཙམ་མེད་པར་སྐུར་བ་གདབ་ཏུ་མི་རུང་སྟེ། དེ་ཡང་འདི་ལྟར་གྱུར་ན་ནི་འཕགས་པ་ཉིད་དང་ཁྱད་མེད་པ་ཡིན་མོད་ཀྱི། འོན་ཀྱང་སོ་སོའི་སྐྱེ་བོའི་སྐབས་སུ་ཡང་འདི་ལྟར་རྟོགས་ཤིང་གོམས་པ་ལས་རིམ་གྱིས་ལྷའི་སྐུར་བསྐྱེད་པར་བྱའོ། །འདི་ནི་སེམས་དང་ཡེ་ཤེས་རང་སྣང་བ་མ་གཏོགས་པར་ཡུལ་གུད་དུ་མི་དམིགས་པས་རྣལ་འབྱོར་སྤྱོད་པ་དང་མཐུན་པ་སྟེ། དེ་ལྟར་འདུལ་བའི་དབང་དུ་གསུངས་པ་ནི་སྔ་མ་བཞིན་ནོ། །རྫོགས་པའི་རྣལ་འབྱོར་ནི། དབུ་མ་དང་སྒོ་མཐུན་པ་སྟེ། བདག་གི་དེ་ཁོ་ན་ཉིད་ཀྱང་བརྟགས་པ་ཙམ་སྟེ། དེ་ལ་བདག་ནི་ཕུང་པོ་ལྔ་ལ་བློས་མ་ཕྱེ་བ་ཙམ་མོ། །དེའི་དེ་ཁོ་ན་ཉིད་ནི་སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བ་ཙམ་སྟེ། འདི་ལྟར་རྟེན་གང་ཡང་དམིགས་པ་མེད་དོ། །དེ་ལས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣ་ཚོགས་སུ་འཕྲུལ་ཡང་རྟེན་མེད་ཅིང་ངོ་བོ་ཉིད་མེད་པ་སྟེ། འོན་ཀྱང་གདུལ་བྱ་རྣམས་ཀྱི་དབང་ལ་སྣང་བ་ནི་ཆུ་ཟླ་དང་འདྲ་སྟེ། ཆུ་ཟླ་ནི་ཆུ་ལ་ཟླ་བའི་རང་བཞིན་ཡོད་པ་མ་ཡིན་ཡང་། ཟླ་བ་ཉིད་ལས་འོངས་པ་མ་ཡིན་ཏེ། འོན་ཀྱང་འཇིག་རྟེན་པའི་མིག་གི་བློ་ལ་ཆུ་དྭངས་པར་སྣང་བ་དང་། ནམ་མཁའ་ལ་ཟླ་བ་གསལ་བ་གཉིས་ཡོད་ན། དེའི་དབང་གིས་ཆུའི་ནང་ན་ཟླ་བ་ཡོད་པ་དང་འདྲ་བར་སྣང་ངོ་། །དེ་བཞིན་དུ་གདུལ་བྱ་རྣམས་ཀྱི་བློ་ལ་འཁྲུལ་བའི་བག་ཆགས་མ་ཟད་ཀྱི་བར་དུ་སྣང་བ་མི་ལྡོག་སྟེ། དེའི་དབང་གིས་དཀར་པོའི་བག་ཆགས་སྒྲིབ་པ་རིམ་གྱིས་དག་པའི་མཚན་ཉིད་རྒྱུད་དྭངས་པ་དང་། དད་པས་དཀོན་ཅོག་བསྟེན་པར་སྣང་བའི་དབང་དང་། རྒྱལ་བ་རྣམས་ཀྱིས་ཀྱང་སྨོན་ལམ་དང་ཐུགས་རྗེ་ལྷུན་གྱིས་གྲུབ་པར་མཛད་པར་སྣང་བ་མངའ་བའི་དབང་གིས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཇི་ལྟར་འཚམས་པ་བཞིན་དུ་སྣང་བ་འབྱུང་ངོ་། །འདི་ལྟར་ལྷུན་གྱིས་གྲུབ་ན་ནི་སངས་རྒྱས་ཉིད་དང་ཁྱད་པར་མེད་པར་གྱུར་པ་ཡིན་མོད་ཀྱི། འོན་ཀྱང་ལས་དང་པོ་པའི་རྣལ་འབྱོར་པས་ཀྱང་དོན་འདི་ལྟ་བུ་རྟོགས་ཤིང་བསྒོམས་པའི་ངང་ལས་སྤྲུལ་པ་སྣ་ཚོགས་འགྲོ་བའི་དོན་དུ་ཇི་ལྟར་འཚམས་པ་བཞིན་དུ་སྤྲུལ་བར་བྱ་སྟེ། དེ་ལ་རྟེན་དང་ངོ་བོ་ཉིད་གང་ཡང་གཟུང་བར་མི་བྱའོ། །འདི་དག་ནི་གྲུབ་པའི་མཐས་ཕྱེ་བའི་ཏིང་ངེ་འཛིན་གྱི་བྲེ་བྲག་ཡིན་ནོ། །དགོས་པ་སོ་སོའི་སྐབས་ཀྱི་དབྱེ་བ་ནི། ཚུལ་བཞིན་དུ་བསྒྲུབ་པའི་གང་ཟག་གཅིག་ལ་ཡང་སྤྱོད་པ་གསུམ་གྱིས་བསྡུས་པ་དང་། ཐ་མལ་པའི་སྤྱོད་ལམ་གྱི་བྱེ་བྲག་གིས་དེ་དག་གི་ཏིང་ངེ་འཛིན་ཡང་སོ་སོ་ཡིན་ཏེ། དེ་ལ་སྤྱོད་པ་གསུམ་ནི་དང་པོ་འཇུག་པའི་སྤྱོད་པ་དང་། བར་དུ་དངོས་གྲུབ་སྒྲུབ་པའི་སྤྱོད་པ་དང་། མཐའ་མར་གྲུབ་པའི་སྤྱོད་པའོ། །དེ་ལ་འཇུག་པའི་སྤྱོད་པ་ནི། དང་པོ་རྡོ་རྗེ་སློབ་དཔོན་ཡོངས་སུ་གཟུང་བ་དང་། དེས་བསྟན་པའི་གསང་བའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ནོད་པ་དང་། དེའི་ཚེ་ཐེག་པ་ཆེན་པོའི་དམ་ཚིག་གི་སྡོམ་པ་བཟུང་སྟེ་དམ་ཚིག་ཅན་དུ་བྱས་པ་དང་། ཇི་ལྟར་བསྒོམ་ཞིང་བསྒྲུབ་པ་ལ་སོགས་པའི་མན་ངག་ཐམས་ཅད་མནོས་ཏེ་མན་ངག་ཅན་དུ་བྱ་བ་དང་། དེ་ནས་ཀྱང་བརྩོན་པ་མི་འདོར་བར་བཀའ་བཞིན་བྱེད་པའི་མཚན་ཉིད་རྣམས་ཡིན་ནོ། །སྒྲུབ་པའི་སྤྱོད་པ་ནི་བསྙེན་སྒྲུབ་ཀྱི་ཡན་ལག་ཏུ་གཏོགས་པ་རྣམས་སོ། །གྲུབ་པའི་སྤྱོད་པ་ནི་ལས་ཀྱི་སྤྲོས་པ་ཐམས་ཅད་དོ། །དེ་དག་གི་དབང་གིས་ཕྱེ་བའི་ཏིང་ངེ་འཛིན་སྣ་ཚོགས་སུ་ཤེས་པར་བྱའོ། །ངེས་པའི་ཚིག་ནི། ས་མ་ངྷི་ཞེས་བྱ་བ་མཚུངས་པའི་བློ་སྟེ་སེམས་རྩེ་གཅིག་པའི་མཚན་ཉིད་དོ། །མཆོད་པ་ཞེས་བྱ་བ་ནི། བཀུར་བའི་གནས་སུ་གྱུར་པ་རྣམས་ལ་སྒོ་གསུམ་ནས་བཀུར་ཞིང་མཆོད་པ་དང་། རྫས་ཀྱི་སྒོ་ནས་ཀྱང་མཉེས་པར་བྱས་པའི་ལས་ཀྱི་བདག་ཉིད་དེ། འདིའི་དབྱེ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའམ། དོན་དམ་པ་དང་ཀུན་རྫོབ་བམ། བླ་ན་ཡོད་པ་དང་བླ་ན་མེད་པའམ། རང་གི་ཡན་ལག་ཏུ་གཏོགས་པའི་ཕྱི་རོལ་གྱིའམ། ནང་དང་ཕྱི་ལ་སོགས་པའི་དབྱེ་བས་སྤྱིར་དུ་མར་གྲགས་མོད་ཀྱི། རྒྱུད་འདི་ལས་ནི། རྫས་ཀྱི་མཆོད་པ་དང་། ལས་རྣམ་བཞིའི་སྦྱིན་སྲེག་གི་མཆོད་པ་དང་། ཏིང་ངེ་འཛིན་དང་། སྦྱོར་སྒྲོལ་བདུད་རྩི་དང་བཅས་པའི་མཆོད་པ་དང་། རྡོ་རྗེ་གླུའི་སྒོ་ནས་བསྟོད་པའི་མཆོད་པ་ཙམ་དུ་གསུངས་ཏེ། དེ་དག་འདིར་བསྟན་པའི་ནང་དུ་འདུས་པར་ཤེས་པར་བྱའོ། །ངེས་པའི་ཚིག་ནི། པཱུ་ཛ་ཞེས་བྱ་བ། པཱུ་ར་ན་ར་པཱུ་ར་ན་ར་པྲི་ཡང་ཛ་ཏ་སྟེ། ཡང་དང་ཡང་དགྱེས་པ་བསྐྱེད་པས་མཆོད་པ་ཞེས་བྱའོ། །པུ་ར་བ་ཛ་ཏ་སྟེ་སྔོན་དུ་བསྐྱེད་པར་བྱ་བའི་དོན་ཏོ། །དེ་ནི་དགེ་བའི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་རོ། །པུ་ཛརྦ་གོ་ར་རྦརྠ་སྟེ། མཆོད་པའི་དོན་ནི་བཀུར་བའི་དོན་ནོ། །དེ་ལྟར་བསྟན་པའི་དངོས་པོ་དགུ་པོ་འདི་དག་གིས་ནི་རྒྱུད་ཐམས་ཅད་ཀྱང་བསྡུས་པ་ཡིན་ལ། འདི་ནས་ཀྱང་འདི་དག་ཙམ་སྟོན་པར་ཤེས་པར་བྱའོ། །མཐའ་མ་རྒྱུད་ཡོངས་སུ་གཏད་པ་ནི། རྒྱུད་ཡུན་དུ་གནས་པར་བྱ་བའི་ཕྱིར་ཏེ། དེ་ལྟར་ན། གླེང་གཞི་ནི་རྒྱུ། གླེང་བསླང་བ་ནི་རྐྱེན། གང་བཤད་པའི་ཆོས་ཀྱི་དངོས་པོ་ནི་འབྲས་བུ། ཡོངས་སུ་གཏད་པ་ནི། དེ་ཡོངས་སུ་མི་ཉམས་པར་ཡོངས་སུ་བསྲུང་བའི་མཚན་ཉིད་དེ་འདི་ཙམ་གྱིས་གཞུང་ཡོངས་སུ་རྫོགས་པའི་ཕྱིར་རྒྱུད་ཀྱི་ལྡང་ཚད་བསྟན་པ་ཡིན་པར་ཤེས་པར་བྱའོ། །ད་ནི་རྒྱུད་ཀྱི་དགོས་འབྲེལ་བཤད་པར་བྱ་སྟེ། དེ་ཡང་ཉན་པ་པོ་རྟོག་པའི་བློ་སྔོན་དུ་གཏོང་བ་དག །དགོས་འབྲེལ་ཡོད་པར་མཐོང་ན་ནི་ཉན་ཅིང་བསྒྲུབ་པའི་ཡན་ལག་ཏུ་འགྱུར་ལ། མ་མཐོང་ན་ནི་མི་འགྱུར་རོ། །དེ་ཡང་ལེགས་པར་བསྒྲུབས་པས་ཁོང་དུ་ཆུད་པར་འགྱུར་ཏེ། དེ་བས་ན་དེ་དག་ལེགས་པར་བསྙད་པར་བྱའོ། །དེ་ཡང་འབྲེལ་བ་བསྒྲུབ་པར་བྱ་བ་ཡང་། སྒྲུབ་ཐབས་ལ་སོགས་པ་གཞུང་ཚད་མ་ཡིན་ནམ་མ་ཡིན་ཐེ་ཚོམ་ཟ་བ་རྣམས་ལ་ནི། བཀའ་དང་འབྲེལ་བར་བསྒྲུབ་པར་བྱ་བ་ཡིན་ནོ། །གཞུང་གིས་དགོས་པ་བསྒྲུབ་པར་མི་ནུས་སམ་ཞེས་ཐེ་ཚོམ་ཟ་བ་རྣམས་ལ་ནི། དགོས་པ་དང་འབྲེལ་པ་བསྒྲུབ་པར་བྱ་བ་ཡིན་ནོ། །དོན་གྱི་ནུས་པ་ལ་ཐེ་ཚོམ་ཟ་བ་རྣམས་ལ་ནི། དོན་གྱི་དགོས་འབྲེལ་བསྒྲུབ་པར་བྱ་བ་ཡིན་ནོ། །གཞུང་དབུ་ཞབས་ཀྱིས་དོན་ཇི་ལྟར་སྟོན་ཅིང་བསྒྲུབ་པ་ལ་ཐེ་ཚོམ་ཟ་བ་རྣམས་ལ་ནི། རྒྱུད་ཀྱི་འབྲེལ་པ་བསྒྲུབ་པར་བྱ་བ་ཡིན་ནོ། །གཞུང་ཉིད་ཐམས་ཅད་མཁྱེན་པས་གསུངས་པའི་བཀའ་ཡིན་ནམ་མ་ཡིན་ཐེ་ཚོམ་ཟ་བ་རྣམས་ལ་ནི། གཞུང་སྤྱིའི་འབྲེལ་བ་བསྒྲུབ་པར་བྱ་བ་ཡིན་ནོ། །སྟོན་པ་དང་དེའི་ཞལ་ནས་གསུངས་པའི་རྒྱུད་གཉིས་གཅིག་པའམ་ཐ་དད་པ་ལ་ཐེ་ཚོམ་ཟ་བ་རྣམས་ལ་ནི། སྟོན་པ་དང་རྒྱུད་དུ་འབྲེལ་བ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་འབྲེལ་པ་དེ་རྣམས་ཀྱིས་དོན་ཕྱིན་ཅི་མ་ལོག་པའི་བློ་བསྐྱེད་པ་ནི་དེ་དག་རང་རང་གི་དགོས་པ་ཡིན་ནོ། །མཐར་ཕྱིན་པའི་འབྲས་བུ་ནི། དགོས་པའི་ཡང་དགོས་པ་ཡིན་ཏེ། དེ་དག་གིས་དགོས་འབྲེལ་ལེགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་བཀའ་དང་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པའི་ཚེ་ནི། དེ་ཉིད་ཀྱི་ཁུངས་སུ་གྱུར་པའི་ལུང་གང་ཡིན་པ་དང་མཐུན་པར་བཤད་ཅིང་ངོ་བསྟན་པས་ཐེ་ཚོམ་སེལ་བར་འགྱུར་རོ། །དགོས་པ་དང་འབྲེལ་པ་བསྒྲུབ་པའི་ཚེ་ན་ནི། གཞུང་གི་བརྗོད་བྱ་དང་གཞུང་ནི་བརྗོད་བྱ་རྗོད་བྱེད་ཀྱིས་འབྲེལ་བ་ཡིན་ལ། བརྗོད་བྱའི་དོན་རྟོགས་པ་ནི་བརྗོད་པའི་དགོས་པ་ཡིན་པས་དེས་མི་ནུས་པ་ལ་ཐེ་ཚོམ་ཟ་བ་སེལ་ལོ། །དོན་རྟོགས་པའི་སྒོ་ནས་འབྲས་བུ་ཇི་ལྟར་སྒྲུབ་པར་བྱེད་པ་བསྒྲུབ་པའི་ཚེ་ན་ནི། ཕྱིན་ཅི་མ་ལོག་པར་དོན་རྟོགས་པ་ཤེས་པའི་མཚན་ཉིད་ནི་འབྲེལ་བ་སྟེ་རྒྱུའོ། །ཤེས་ནས་གོམས་པར་བྱེད་པ་ནི་དགོས་པ་སྟེ་འཇུག་པའི་མཚན་ཉིད་རྐྱེན་ནོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི། དགོས་པའི་ཡང་དགོས་པ་སྟེ་འབྲས་བུའི་མཚན་ཉིད་དོ། །འདི་དག་ནི་དོན་གྱི་དགོས་འབྲེལ་བཤད་པའོ། །རྒྱུད་ཀྱི་འབྲེལ་བ་ནི། གསང་བ་འདུས་པ་ལས། ལེའུ་བཅུ་བདུན་པ་ནི་བསྙེན་སྒྲུབ་ཡན་ལག་བཞིས་བསྡུས་ནས་གང་ཟག་གཅིག་གི་ཆ་རྐྱེན་དུ་རུང་བར་འབྲེལ་བར་བཤད་ལ། དེ་ཡང་སློབ་དཔོན་སྤྱིའི་ལས་སུ་གྱུར་བ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་བྱ་བ་ཡོངས་སུ་རྫོགས་པ་དང་། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐབས་ཀྱི་ཆོ་ག་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་དང་། ལས་ཀྱི་སྤྲོས་པ་རྣམས་ལ་བསྙེན་སྒྲུབ་བཞིར་འབྲེལ་ཏེ་གསུངས་སོ། །རྒྱུད་ཀྱི་འབྲེལ་པ་དངོས་སུ་བཤད་པའི་རྒྱུད་གཞན་ལས་ཀྱང་། དང་པོར་འཇུག་པའི་སྤྱོད་པས་བསྡུས་པ་གཞན་གྱི་དོན་དུ་གཏོགས་པ། སློབ་དཔོན་སྤྱིའི་ལས་སུ་གྲགས་པ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སློབ་མ་དབང་བསྐུར་ཞིང་དམ་ཚིག་དབོག་པའི་ཆོ་གས་བསྡུས་པའི་འབྲེལ་བ་བསྒྲུབ་པ་དང་། དངོས་གྲུབ་བསྒྲུབ་པའི་སྤྱོད་པས་བསྡུས་པ་རང་གི་དོན་དུ་གཏོགས་པ། སློབ་དཔོན་དང་སློབ་མ་སྤྱིའི་ལས་སུ་གྲགས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ཡང་རུང་མ་བརྟེན་ཡང་རུང་སྟེ། བསྙེན་སྒྲུབ་ཀྱི་ཡན་ལག་གི་སྒོ་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐབས་ཀྱི་ཆོ་གས་བསྡུས་པའི་འབྲེལ་བ་བསྒྲུབ་པ་དང་། གྲུབ་པའི་སྤྱོད་པས་བསྡུས་པ་ཕལ་ཆེར་གཞན་གྱི་དོན་དུ་གཏོགས་པ། སློབ་དཔོན་དང་སློབ་མ་གང་ཡང་རུང་བ་སྟེ། ཚུལ་བཞིན་དཔྱོད་པ་རྣམས་ཀྱི་མཐའི་ལས་སུ་གྱུར་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་སྤྱོད་དང་། ལས་རབ་ཏུ་སྤྲོས་པ་ཇི་ལྟར་བསྒྲུབ་པའི་འབྲེལ་བ་རྣམས་སྟོན་ཏེ། དེར་མ་གཏོགས་པའི་འབྲེལ་པ་གཞན་བསྒྲུབ་པ་ནི་མེད་དོ། །རྒྱུད་འདི་ཉིད་ལས་ཀྱང་འབྲེལ་བ་འདི་དག་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་དག་ཇི་ལྟར་བསྒྲུབ་པར་བྱ་བ་ནི། འོག་ནས་དེ་དག་སོ་སོའི་སྒོམ་ཁོག་དང་། ལས་ཀྱི་གོ་རིམ་སྟོན་པའི་སྐབས་ནས་ཤེས་པར་བྱའོ། །ད་ནི་གཞུང་ཉིད་ཐམས་ཅད་མཁྱེན་པས་གསུངས་པའི་བཀའ་མ་ཡིན་པར་ཐེ་ཚོམ་ཟ་བ་རྣམས་ལ་ལུང་སྤྱིའི་འབྲེལ་པ་བསྒྲུབ་པར་བྱ་སྟེ། དེ་ལ་དང་པོ་ཉིད་དུ་མུ་སྟེགས་ཅན་ཕྱི་རོལ་གྱི་རིག་བྱེད་དཔྱོད་པ་བ་རྣམས་ན་རེ། དགེ་སྦྱོང་གཽ་ཏ་མས་བཤད་པའི་ཆོས་ནི་ཐམས་ཅད་མཁྱེན་པས་གསུངས་པ་ཡིན་པར་ངེས་པ་མེད་དོ། །ཞེས་རྒོལ་བར་བྱེད་དོ། །དེ་ལ་དཔང་པོ་རྣམ་པ་གསུམ་བརྗོད་པར་བྱ་སྟེ། འདི་ལྟར་ལུང་བསྟན་པའི་དཔང་པོ་དང་། གང་ཟག་གི་དཔང་པོ་དང་། ལུང་འབྲེལ་བ་ཞེས་བྱ་བའི་སྒོ་ནས་རིགས་པའི་དཔང་པོའོ། །དེ་ལ་སྤྱིར་དཔང་པོ་ཞེས་བྱ་བ་ནི། ཡིད་ཆེས་པའི་གང་ཟག་གི་སྒོ་ནས་བརྗོད་པ་ཡིན་མོད་ཀྱི། འོན་ཀྱང་གཏན་ཚིགས་གཞན་ཡང་ཡིད་ཆེས་པར་བྱེད་ནུས་ན་དཔང་པོའི་སྒྲས་བརྗོད་པ་ལ་ཉེས་པ་མེད་དོ། །དཔང་པོ་དེ་དག་ཀྱང་རྒོལ་བ་ཉིད་ལ་གྲུབ་པ་ཡིན་ཏེ། དེ་བས་ན་ཡིད་ཆེས་པའི་རྒྱུར་རུང་བ་ཉིད་དོ། །དེ་ལ་དང་པོ་ལུང་བསྟན་པའི་དཔང་པོ་ནི། བྲམ་ཟེ་རྣམས་ཀྱི་རིག་བྱེད་ལས། ཨུ་དུམ་ཝཱ་རའི་མེ་ཏོག་དང་འདྲ་བར་རྒྱ་ལམ་རྒྱ་ལམ་ན། ལྷ་དང་མི་རྣམས་ཀྱི་སྟོན་པ་ཐམས་ཅད་མཁྱེན་པ་འཇིག་རྟེན་དུ་རྒྱལ་རིགས་དང་བྲམ་ཟེའི་རིགས་ལས་འབྱུང་བར་བསྟན་ཏེ། དེའི་ཚེ་ཡུམ་གྱི་ལྷུམས་སུ་འཇུག་པའི་ཚེ་ན་ནི། གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་པ། སྲོག་ཆགས་ལྷམ་བུ་ཆུར་གཤེར་བ་ལྟར་མགོ་དམར་ལ་འདྲིལ་བ་ཅིག་ཡུམ་གྱི་གློ་གཡས་ནས་འཇུག་པར་ཡུམ་གྱི་རྨི་ལམ་དུ་བྱུང་ལ། བལྟམས་ནས་ཀྱང་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་ཞིག་བྱུང་སྟེ། དེ་རབ་ཏུ་མ་བྱུང་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ལ། གལ་ཏེ་རབ་ཏུ་བྱུང་ན་ནི་ལྷ་དང་མི་རྣམས་ཀྱི་སྟོན་པ་ཐམས་ཅད་མཁྱེན་པར་འགྱུར་རོ། །ཞེས་ལུང་བསྟན་པའི་དཔང་པོ་ཡོད་པ་ཡིན་ནོ། །དགེ་སྦྱོང་གཽ་ཏ་མ་ཡང་དེ་བཞིན་དུ་བྱུང་བ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཡིན་ནོ། །གང་ཟག་གི་དཔང་པོ་ཡང་ཡོད་པ་ཡིན་ཏེ། དེ་ཡང་ལྷ་དང་བདུད་ལ་སོགས་པ་རྫུ་འཕྲུལ་ཆེ་བ་རྣམས་ལ་ནི། དེ་དག་གི་ཡིད་བརྟན་དུ་རུང་བའི་ཚད་མ་སའི་ལྷ་མོ་བསྟན་མས་དཔང་པོ་བྱས་པ་ཡིན་ལ། དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་མཐུ་དང་རྫུ་འཕྲུལ་ཆུང་བ་རྣམས་ཀྱི་དཔང་པོ་ནི། དེ་དག་ཡིད་ཆེས་པའི་ཚད་མར་གྱུར་པ། རིག་བྱེད་སྤྱོད་པའི་བྲམ་ཟེ་དམ་པ་རྣམས་ཀྱིས་བྱས་ཏེ། འདི་ལྟར་བལྟམས་པའི་ཚེ་མཚན་རྟགས་ནི་འདི་སྐད་དུ། རྟོག་གེ་པ་རྣམས་ཐམས་ཅད་བློ་འཁྲུལ་ཏེ། རྩོད་པའི་དུས་སུ་འཁོར་ལོས་སྒྱུར་མི་འབྱུང་། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ངེས། །ཞེས་སྨྲས་ཏེ། དེའི་ཕྱིར་གང་ཟག་གི་དཔང་པོ་ཡོད་ངེས་ཉིད་དོ། །ལུང་འབྲེལ་བའི་དཔང་པོ་ནི། མུ་སྟེགས་ཅན་རིག་བྱེད་སྤྱོད་པ་ཁྱེད་རང་གི་གཞུང་ལས་ཀྱང་། གང་ཟག་གི་བདག་རྫུས་ཏེ་སྐྱེས་པའི་སེམས་ཅན་གང་ཡིན་པ་དེ། ཡོངས་སུ་དག་པར་བྱ་བའི་ཕྱིར། བློ་གྲོས་དང་། བསམ་གཏན་དང་། སྙོམས་པར་འཇུག་པའི་ཏིང་ངེ་འཛིན་དང་། དེའི་གྲོགས་སུ་གྱུར་པ་ལུས་ངག་གི་ཚངས་པར་སྤྱོད་པའི་སྒོ་ནས་གང་ཟག་ཡོངས་སུ་དག་པར་བྱས་ཏེ། ཐར་པ་བསྒྲུབ་པར་འདོད་པ་མ་ཡིན་ནམ། ཁོ་བོ་ཅག་བྱེ་བྲག་ཏུ་སྨྲ་བ་དང་པོའི་ལྟ་བ་ཡང་། གང་ཟག་ཡོངས་སུ་དག་པར་བྱ་བའི་ཕྱིར། ཤེས་རབ་དང་། ཏིང་ངེ་འཛིན་དང་། དེའི་གྲོགས་ཚུལ་ཁྲིམས་དག་གིས་ཐར་པ་བསྒྲུབ་པར་འདོད་པ་ཡིན་པས། རང་བཞིན་འབྲེལ་བ་སྟེ། ཁྱེད་གང་ཟག་རྟག་པར་འདོད་པ་དང་། ཁོ་བོ་ཅག་མི་རྟག་པར་འདོད་པའི་བྱེ་བྲག་ནི་དེ་དང་འདྲ་བ་ཁྱེད་ཀྱི་ལྟ་བའི་བྱེ་བྲག་ནང་མི་མཐུན་པ་ཡོད་པ་དང་འདྲའོ། །དེ་ནི་དཔེར་ན། དཔག་བསམ་ནི་ཤིང་དུ་འདྲ་བའི་ཕྱིར། ཤ་པ་ལ་སོགས་པ་ཤིང་གཞན་བཞིན་དུ་རྐང་པས་འཐུངས་པས་བསྐྱེད་པ་ཡིན་པར་གདོན་མི་ཟའོ། །དཔག་བསམ་འབྲས་བུ་དང་ལོ་མ་དང་དྲི་ལ་སོགས་པ་ཅུང་ཟད་མི་འདྲ་བ་ནི་ནང་གི་བྱེ་བྲག་སྟེ། ཤ་བ་དང་ད་བ་དང་ཁ་ཏེ་ར་ལ་སོགས་པ་ཡང་ནང་གི་བྱེ་བྲག་ཅུང་ཟད་མི་མཐུན་པ་བཞིན་ནོ། །དཔང་པོ་འདི་དག་གིས་བསྒྲུབས་ན་མུ་སྟེགས་ཅན་གྱིས་སངས་རྒྱས་པའི་ཆོས་ཐམས་ཅད་མཁྱེན་པས་མ་གསུངས་པར་བསྒྲུབ་པའི་རིགས་པ་གཞན་ཡང་མི་རྙེད་ལ། དཔང་པོ་འདི་རྣམས་ཁོ་བདག་ཉིད་ལ་གྲུབ་པས་ཐེ་ཚོམ་ཟ་བའི་གནས་ཀྱང་མི་རྙེད་དོ། །འདི་ནི་ལུང་འབྲེལ་བའི་དཔང་པོ་བསྒྲུབ་པ་ཡིན་ནོ། །ཡང་ཉན་ཐོས་པ་ན་རེ། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པའི་ངེས་པ་མེད་དོ། །ཞེས་རྒོལ་བར་བྱེད་དོ། །དེ་ལ་ཡང་སྔ་མ་བཞིན་དུ་བརྗོད་པར་བྱ་སྟེ། འདི་ལ་ལུང་བསྟན་པའི་དཔང་པོ་ནི། ཁྱེད་ཉིད་ཀྱི་མདོ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་སྣ་ཚོགས་སྤྱད་ཅིང་སེམས་སྟོབས་ཆེན་པོ་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་དོན་ཉམས་སུ་ལེན་པ་དང་། ཤེས་རབ་ཆེ་བས་སློབ་དཔོན་རྒྱུད་དུ་བྱུང་བ་དང་། མཐར་སངས་རྒྱས་སུ་འགྱུར་བར་གསུངས་པ་མ་ཡིན་ནམ། ཐེག་པ་ཆེན་པོ་ཡང་དེ་བཞིན་དུ་བྱུང་བ་ཡིན་ཏེ། དེ་ཇི་ལྟར་བསྒྲུབ་པ་འབྲས་བུ་དང་བཅས་པ་ལེགས་པར་གཏན་ལ་ཕབ་སྟེ་བསྟན་པ་ཙམ་དུ་ཟད་དོ། །དེའི་ཕྱིར་ལུང་བསྟན་པའི་དཔང་པོ་དང་བཅས་པའོ། །གང་ཟག་གི་དཔང་པོ་ཡང་ཡོད་པ་ཉིད་དེ། འདི་ལྟར་འཕགས་པ་ཉན་ཐོས་ཆེན་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ལམ་བསྟན་པ་མཛད་དོ། །ལུང་དུ་འབྲེལ་པའི་དཔང་པོ་ཡང་ཡོད་པ་སྟེ། འདི་ལྟར་ཁྱེད་ཀྱི་ལུང་ལས་བདེན་པ་བཞི་ལ་དམིགས་ནས་ཤེས་རབ་ཀྱིས། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པར་རྟོགས་པ་དང་། བསམ་གཏན་དང་རྣམ་པར་ཐར་པ་ལ་སོགས་པའི་ཏིང་ངེ་འཛིན་དང་། དེའི་གྲོགས་སུ་གྱུར་པ་སོ་སོར་ཐར་པའི་སྡོམ་པའི་སྒོ་ནས་ཐར་པ་མྱ་ངན་ལས་འདས་པ་བསྒྲུབ་པར་འདོད་པ་མ་ཡིན་ནམ། ཐེག་པ་ཆེན་པོ་ཡང་དེ་དང་མཐུན་པར་འབྱུང་སྟེ། ཆོས་ལ་བདག་མེད་པར་སྨྲ་བ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་སོགས་པ་ཅུང་ཟད་མི་འདྲ་བ་ནི་ནང་གི་བྱེ་བྲག་སྟེ། འདི་ལྟ་བུ་ནི། ཁྱེད་ཅག་ཉིད་ལ་ཡང་། མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་དང་། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་། ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་དང་། སྡེ་པ་སོ་སོར། ལྟ་བ་དང་། སྡོམ་པ་ནང་མི་མཐུན་པ་ཡོད་པ་དང་འདྲའོ། །དེ་བས་ན་ཁྱེད་རྣམས་ཀྱིས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་ཐེ་ཚོམ་ཟ་བར་མི་བྱའོ། །འདི་ནི་ལུང་འབྲེལ་བ་གཉིས་པ་བསྒྲུབ་པའོ། །ཡང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་འཛིན་པ་རྣམས་ན་རེ། གསང་སྔགས་ཀྱི་ཐེག་པ་ཐམས་ཅད་མཁྱེན་པའི་བཀའ་ཡིན་པའི་ངེས་པ་མེད་དོ། །ཞེས་ཟེར་རོ། །དེ་ལ་ཡང་སྔ་མ་བཞིན་དུ་བརྗོད་པར་བྱ་སྟེ། དེ་ལ་ལུང་བསྟན་པའི་དཔང་པོ་ནི། ཁྱེད་ཉིད་ལ་གྲུབ་པའི་མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ལྷོ་ཡི་ཕྱོགས་ངོས་ཀྱི། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །ལག་ན་རྡོ་རྗེས་སྣང་བར་བྱེད། །ཅེས་ལུང་བསྟན་པ་ཡིན་ཏེ། ལུང་བསྟན་པ་དང་མཐུན་པར་ཐུན་མོང་དུ་གྲགས་པ་ནི། གསང་སྔགས་ཀྱི་ཐེག་པ་ཡིན་པའི་ཕྱིར། ལུང་བསྟན་པའི་དཔང་པོ་དང་བཅས་པའོ། །གང་ཟག་གི་དཔང་པོ་ནི། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་རྟག་ཏུ་བཅོམ་ལྡན་འདས་ཀྱི་མདུན་དུ་འགྲོ་ཞིང་། ཐེག་པ་ཆེན་པོ་ཐམས་ཅད་ཀྱི་སྡུད་པ་པོ་ཡིན་པར་མདོ་སྡེ་ཉིད་ལས་གྲགས་ལ། དེ་ཡང་ལྷོ་ཕྱོགས་གྱད་ཀྱི་ཡུལ་ལྷ་མ་སྲིན་སྡེ་བརྒྱད་དང་བཅས་པའི་འཁོར་གྱི་དཀྱིལ་འཁོར་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དབང་བསྐུར་བར་ཐུན་མོང་དུ་གྲགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཀྱང་གསང་སྔགས་ཐམས་ཅད་བསྡུས་ནས། མཁན་པོ་ཀུ་ཀུ་ལ་སོགས་པ་སྐལ་བ་དང་ལྡན་པ་རྣམས་ལ་བཤད་པས་གང་ཟག་གི་དཔང་པོ་དང་བཅས་པའོ། །ཕྱག་ན་རྡོ་རྗེ་མཐོང་བའི་སྐལ་བ་དང་མི་ལྡན་པ་རྣམས་ལ། མཁན་པོ་ཀུ་ཀུ་ཡང་གསང་སྔགས་ཐུན་མོང་དུ་མ་གྲགས་པའི་གོང་དུ་སྡེ་སྣོད་གསུམ་པོ་འཛམ་བུ་གླིང་ན་ཤེས་ཉེན་ཆེ་བར་ཐུན་མོང་དུ་གྲགས་པ་སྟེ། དེས་དཔལ་ཕྱག་ན་རྡོ་རྗེའི་ཞལ་མཐོང་ནས་དངོས་གྲུབ་ཆེན་པོ་ཕུལ་དུ་བྱུང་བ་བརྙེས་པ་ཡང་ཐུན་མོང་དུ་གྲགས་པ་ཡིན་ནོ། །དེའི་ཕྱིར་གང་ཟག་གི་དཔང་པོ་དང་བཅས་པའོ། །ལུང་འབྲེལ་བའི་དཔང་པོ་ཡང་ཡོད་དེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ཉིད་ལས། བདག་དང་སངས་རྒྱས་རང་བཞིན་མཉམ་པར་གནས་པ་དང་། ཕུང་པོ་ལྔ་གྲངས་མེད་པའི་དེ་བཞིན་གཤེགས་པ་ཡིན་པ་དང་། ཉོན་མོངས་པ་དེ་བཞིན་གཤེགས་པའི་རིགས་ཡིན་པ་དང་། ཉོན་མོངས་པའི་རང་བཞིན་རྣམ་པར་གྲོལ་བ་ཡིན་པ་དང་། སེམས་ཅན་གྱི་སེམས་རང་བྱུང་གི་ཡེ་ཤེས་ཀྱི་སྙིང་པོ་ཅན་ཡིན་པ་དང་། ཆོས་ཐམས་ཅད་རྣམ་པར་བསྒྲུབ་པ་ཉེ་བར་གཞག་པའི་མཚན་ཉིད་ཅན་ཡིན་པ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་ཁམས་ཡོངས་སུ་མ་དག་པར་སྣང་བ་འདི་ཉིད་ཀྱང་ཡོངས་སུ་དག་པའི་ཞིང་ཁམས་ཡིན་པ་དང་། འཇུག་པ་དམ་པ་གཉིས་སུ་མེད་པའི་ཚུལ་ལ་འཇུག་པ་ཡིན་པ་དང་། དེ་བཞིན་གཤེགས་པ་མཆོད་པའི་དམ་པ་བུད་མེད་ཀྱིས་མཉེས་པར་བྱས་པ་ལ་སོགས་པ་ཡིན་པ་ནི། ཁྱེད་ཀྱི་ལུང་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་མདོ་སྡེ་ཉིད་ཀྱིས་གསུངས་པ་ཡིན་ལ། གསང་སྔགས་ཀྱི་ཚུལ་ལས་ཀྱང་། དོན་དེ་དག་ཉིད་ཇི་ལྟར་བསྒྲུབ་པའི་ཐབས་ལེགས་པར་གཏན་ལ་ཕབ་པ་ཙམ་དུ་ཟད་པས་ལུང་འབྲེལ་བའི་དཔང་པོ་གྲུབ་པ་ཡིན་ནོ། །དོན་དེ་དག་ཉིད་མདོ་གང་ལས་ཇི་སྐད་གསུངས་པ་ལ་ཐེ་ཚོམ་ཟ་བ་རྣམས་ལ་ཁུངས་ཅུང་ཟད་བསྟན་པ་ནི། བདག་དང་སངས་རྒྱས་མཉམ་པར་གནས་པ་དང་། ཕུང་པོ་ལྔ་སངས་རྒྱས་སུ་སྟོན་པའི་ཁུངས་ནི། སྡོང་པོ་བཀོད་པའི་མདོ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པས་གསུངས། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཉོན་མོངས་པ་དེ་བཞིན་གཤེགས་པའི་རིགས་དང་། རང་བཞིན་ཡིན་པ་ལ་སོགས་པ་ནི། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། ཉོན་མོངས་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་བྱ་བ་དང་། གང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་བྲལ་བས་རྣམ་པར་གྲོལ་བའོ། །ཞེས་བྱ་བ་ནི་ང་རྒྱལ་བ་རྣམས་ལ་བསྟན་པ་སྟེ། ང་མེད་པ་རྣམས་ཀྱིས་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་རྣམ་པར་གྲོལ་བའོ། །ཞེས་བྱ་བ་དང་། གསོག་དང་གསོབ་དང་སྙིང་པོ་མེད་པ་ཡིན་ཡང་། བསོད་ནམས་གསོག་མ་ཡིན་པ་དང་། ཡེ་ཤེས་གསོབ་མ་ཡིན་པ་དང་། རང་བྱུང་གི་ཡེ་ཤེས་སུ་དབང་བསྐུར་བའི་སྙིང་པོ་མེད་པ་མ་ཡིན་པར་གསུངས་པ་ལྟ་བུ་དང་། ཆོས་ཐམས་ཅད་རྣམ་པར་བསྒྲུབ་པ་ཉེ་བར་གཞག་པའི་མཚན་ཉིད་དུ་གསུངས་པ་དང་། གང་ཉི་མ་དང་ཟླ་བ་ཡོངས་སུ་མ་དག་གམ། དམུས་ལོང་རྣམས་ཀྱིས་མི་མཐོང་། དེ་བཞིན་དུ་ངའི་སངས་རྒྱས་ཀྱི་ཞིང་འདི་ནི། སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་དུ་རྟག་ཏུ་འདི་འདྲ་སྟེ། ཁྱེད་རྣམས་ཀྱིས་ནི་མི་མཐོང་ངོ་། །ཞེས་ཤཱ་རི་བུ་ལ་གསུངས་པ་ལྟ་བུ་དང་། གཉིས་སུ་མེད་པའི་ཚུལ་ལ་འཇུག་པ་གསུངས་པ་ལྟ་བུའོ། །བུད་མེད་ཀྱི་ལུས་ཀྱིས་སངས་རྒྱས་མཉེས་པར་བྱ་བ་ཡང་མདོ་གཞན་ལས། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་རང་གི་ལུས་བུད་མེད་ཀྱི་ལུས་སུ་མངོན་པར་སྤྲུལ་ནས་དེ་བཞིན་གཤེགས་པའི་མདུན་དུ་རྟག་ཏུ་གནས་སོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དཔང་པོ་དང་བྲལ་བར་གཟུགས་ཀྱི་སྐུ་མི་སྟོན་ཤིང་། དམ་པའི་ཆོས་མི་སྟོན་ཏེ། ཐེ་ཚོམ་གྱི་གནས་མི་སྟོན་ཏོ། །གང་དག་ཐེ་ཚོམ་ཟ་བ་རྣམས་ནི། ང་རྒྱལ་གྱི་དབང་གིས་གང་ཟག་ཁྱད་པར་ཅན་ལ་ཡང་མོས་པ་མི་སྐྱེད་ལ། གཏི་མུག་གིས་དཔང་པོ་ཚོལ་བའི་བློ་ཡང་མི་སྐྱེ། ཐོས་པ་ཆུང་བས་རྒྱལ་བས་དཔང་པོ་རྣམ་པ་གསུམ་གཞག་པ་ཡང་མ་ཐོས་པའི་བླུན་པོ་མ་རབས་རྣམས་ཡིན་ཏེ། འབྲེལ་བ་བསྒྲུབ་པ་འདི་ལྟ་བུ་ཡང་དེ་ལྟ་བུ་དག་སྲིད་པའི་ཕྱིར་ཡིན་ནོ། །གཞན་ཡང་ཁ་ཅིག་འདི་སྐད་ཟེར་ཏེ། གསང་སྔགས་ཀྱི་རྒྱུད་དུ་གྲགས་པ་འདི་དག་ལ་ཡང་། ལྡབ་བུ་དང་ཟློས་བུར་བསྟན་པ་མང་དུ་བསྟན་ཏེ། དེ་བས་ན་འདི་དག་རྒྱུད་ཡིན་པར་ཁུངས་ཕྱུང་ཡང་། ཁ་ཅིག་སྔོན་གྱི་མཁན་པོ་རྣམས་ཀྱིས་གཞུང་ལས་བསྡུས་པ་ལ་སོགས་པ་རང་གིས་སྦྱར་བ་ཡིན་པར་ཐེ་ཚོམ་ཟ་སྟེ། དེ་བས་ན་དད་པའི་ཡུལ་དུ་མི་འགྱུར་བ་དང་། ལས་དང་དངོས་གྲུབ་ཀྱི་རྒྱུར་ཡང་མི་རུང་ངོ་། སྙམ་དུ་ཐེ་ཚོམ་ཟ་བ་སྟེ། འདི་ལྟར་གསང་བ་འདུས་པ་ལས་གསུངས་པའི་བྱང་ཆུབ་སེམས་ཀྱི་ལེའུ་དང་། རིགས་ཀྱི་ཡུམ་དང་ཁྲོ་བོ་བཅུའི་སྔགས་དང་། ལས་དང་དྲག་པོའི་ལས་ཀྱི་བརྟུལ་ཞུགས་དང་ཕུར་པ་བྱིན་གྱིས་བརླབ་པའི་ཆོ་ག་ལྟ་བུ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་ཀྱང་། དེ་བཞིན་དུ་ཟློས་བུར་གསུངས་པ་དང་། གསང་བ་སྙིང་པོ་དང་། བརྒྱད་ཅུ་པ་ལྟ་བུ་མང་ཉུང་ཟློས་བུར་གསུངས་པ་དང་། དེ་བཞིན་དུ་རྡོ་རྗེ་གདན་བཞི་ཆེ་ཆུང་དང་། ཀྲིཥྞ་ཡ་མ་རི་ཆེ་ཆུང་ལ་སོགས་པ་འདི་དག་སྟོན་པས་དེ་བཞིན་དུ་གསུངས་སོ། །ཞེས་བྱ་བ་ནི། ཟློས་བུར་བཤད་པ་དོན་མེད་པར་འགྱུར་ལ། གལ་ཏེ་གང་ཟག་གཅིག་གིས་སྡེབས་པ་ཞིག་ཡིན་ན་ཡང་། གོང་དུ་བསྟན་པ་ལྟ་བུའི་སྐྱོན་དུ་འགྱུར་ལ། གང་ཟག་གི་དཔང་པོ་ཡང་མེད་དེ། དེ་བས་ན་འདི་ལྟ་བུའི་འབྲེལ་བ་བསྒྲུབ་པར་མི་ནུས་སོ་ཞེ་ན། དེ་ལ་འདི་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་བརླབས། གདུལ་བྱ་རྣམས་ཀྱི་རྒྱུད་ལ་སྣང་སྟེ། ཕན་པ་དང་ཆོས་ཉིད་སྟོན་པ་ན། གཟུགས་ཀྱི་སྐུ་ཁྱད་པར་ཅན་དུ་སྣང་བ་འབའ་ཞིག་ཏུ་རིས་སུ་ཆད་པ་མེད་དེ། འདི་ལྟར་དུ། ཐུན་མོང་དང་ཁྱད་པར་དུ་སྣང་ཡང་རུང་། དམན་པ་དང་དམ་པར་ཡང་རུང་། ཐ་ན་བདུད་བཞི་པོ་དག་དང་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་པོ་དག་གིས་སེམས་ཅན་རྣམས་ཉོན་མོངས་པར་བྱེད་པ་དག་གིས་སངས་རྒྱས་རྣམས་སངས་རྒྱས་ཀྱི་མཛད་པ་མི་བྱེད་པ་གང་ཡང་མེད་དོ། །དེ་བས་ན་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་འབྱུང་བ་ཡང་རྣམ་པར་རྟོག་པའི་སྣང་བ་དང་འདྲེས་ནས་འབྱུང་སྟེ། དེའི་ཕྱིར་གང་ཟག་ལ་ངན་སེམས་མི་བསྐྱེད་དོ། །དད་པ་དང་ཤེས་རབ་དང་ཏིང་ངེ་འཛིན་དང་དེའི་གྲོགས་སུ་གྱུར་པའི་སྡོམ་པ་དང་ལྡན་ན་དགེ་བའི་བཤེས་གཉེན་ཡང་སངས་རྒྱས་ཉིད་དང་འདྲ་སྟེ། མདོ་སྡེའི་གཞུང་ལས་ཀྱང་། སློབ་དཔོན་བརྟགས་པའི་སངས་རྒྱས་སུ་གསུངས་པ་བཞིན་ནོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་ན། སངས་རྒྱས་ལ་བརྟེན་ནས་མཚམས་མེད་པའི་ལས་གསོག་པ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་བཞིན་ནོ། །དེ་བས་ན་ལུང་འབྲེལ་བ་ཡོད་ན་ད་ལྟ་གང་ཟག་གི་དཔང་པོ་མེད་ཀྱང་ཐེ་ཚོམ་གྱི་གནས་སུ་བྱ་བ་ཡང་མ་ཡིན་ན་དངོས་སུ་སྐུར་པ་གདབ་པ་ལྟ་ཅི་སྨོས་ཏེ། འདི་ལྟ་བུ་ལ་སོགས་པ་ནི་ཤིན་ཏུ་བཟོད་པར་དཀའོ། །ལས་དང་དངོས་གྲུབ་ཀྱི་རྒྱུར་མི་རུང་བ་ནི། རྒྱལ་བའི་བཀའ་དམ་པ་ཉིད་ཡིན་དུ་ཟིན་ཀྱང་། སློབ་དཔོན་དམ་ཚིག་ཉམས་པར་གྱུར་པ་དང་། བཀའ་ཆད་ཀྱི་གནས་སུ་གྱུར་པ་རྣམས་ཀྱི་ལག་ནས་བརྒྱུད་པའི་གཞུང་གི་ཚོགས་དང་། ཁ་ལས་བརྒྱུད་པའི་མན་ངག་གི་ཚོགས་ཀྱིས་ལས་དང་དངོས་གྲུབ་འགྲུབ་པར་འགྱུར་བ་ནི། སྐལ་བ་དང་དད་པ་དང་མཉམ་པར་བཞག་པ་རྣམས་ཤིན་ཏུ་ཕུལ་དུ་གྱུར་པ་འགའ་ཞིག་ལས་མ་གཏོགས་པ་གཞན་རྒྱུར་རུང་བ་མ་ཡིན་ནོ། །དེ་བས་ན་ཤེས་བྱ་ལ་ཕྱིན་ཅི་མ་ལོག་པར་སྨྲ་བ་རྣམས་ཀྱི་ཆེད་དུ་ནི་གཞུང་འབྲེལ་པའི་རིགས་པ་གྲུབ་པ་ཁོ་ནས་ཆོག་པར་ཤེས་པར་བྱའོ། །ལས་དང་དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བ་ལ་ནི་བླ་མ་དམ་པ་རྣམས་ཀྱི་བཀའ་ཐོབ་པ་ཁོ་ན་བདག་པོའི་རྐྱེན་ཡིན་ཏེ། འདི་དག་ཙམ་གྱིས་གང་ཟག་གི་བྱ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །གཞན་དུ་རྒྱུད་ཀྱི་གཞུང་ལ་གང་ཟག་གིས་བསླད་པ་ལ་སོགས་པར་ཐེ་ཚོམ་ཟ་བས་ནི་སྐྱོན་གྱི་གཞི་མང་པོར་འགྱུར་ཏེ། དད་པ་ཙམ་གྱིས་རབ་ཏུ་འཇུག་བྱའི་ཕྱིར། །རྣམ་པར་དཔྱད་པ་འདི་ནི་མིང་ཙམ་སྟེ། །གང་ཞིག་སྒོམ་པ་དེ་ནི་ཡང་དག་བྲལ། །ཞེས་གསུངས་པ་ལྟ་བུ་སྟེ། བཀའི་སྤོང་ལེན་བྱེད་པ་ཐེག་པ་ཆེན་པོའི་སྤྱིའི་དམ་ཚིག་ཉམས་པའི་རྒྱུར་བཤད་དོ། །གཞན་ཡང་ཆོས་ལ་བརྟེན་ནས་ལས་ཀྱི་སྒྲིབ་པ་གསོག་པའི་རྒྱུར་འགྱུར་བ་དང་། གང་ཟག་ལ་བརྟེན་ནས་དེ་བཞིན་དུ་འགྱུར་བ་ནི། སངས་རྒྱས་ལ་བརྟེན་ནས་ལས་ཀྱི་སྒྲིབ་པ་གསོག་པ་ཉིད་དང་འདྲའོ། །དེ་བས་ན་རྒྱུད་ཀྱི་གཞུང་ལྡབ་བུ་ལ་སོགས་པར་སྟོན་པ་དང་། གལ་ཏེ་མཁན་པོ་རྣམས་ཀྱིས་བསྡུས་ཤིང་སྦྱར་བ་སྲིད་ན་ཡང་། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་འབྱུང་བ་ལ་ཚུལ་ངེས་པ་མེད་པ་ཡིན་པས་ཐེ་ཚོམ་གྱི་ཡུལ་དུ་བྱ་བ་མ་ཡིན་ནོ། །ཡང་གལ་ཏེ་ལྟ་བ་མཐོ་དམན་ལ་རྩོད་པ་འདི་ནི་སེམས་ཅན་གྱི་དོན་དུ་འགྱུར་བ་ཡིན་པས་རྒྱལ་བས་ཀྱང་གནང་བ་ཡིན་ལ། སྔོན་གྱི་མཁན་པོ་རྣམས་ཀྱིས་ཀྱང་དེ་ལྟར་བཤད་པས། ལྟ་བ་དམན་ལ་སྨད་པ་འདི་ལ་ཉེས་སྐྱོན་མེད་དོ་ཞེ་ན། འདི་ལྟ་བུ་ནི་གོང་དུ་ལུང་སྤྱིའི་འབྲེལ་པ་བསྒྲུབ་པ་དང་འདྲ་སྟེ། མུ་སྟེགས་ཅན་གྱིས་ལེགས་པར་བཤད་པའི་གཞུང་ཡང་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་དང་སྤྲུལ་པས་བཤད་པ་ཡིན་པ། སངས་རྒྱས་ཉིད་ཀྱིས་ལུང་བསྟན་པ་ཡིན་ན། དེ་བཞིན་གཤེགས་པ་ཉིད་དུ་སྣང་བས་གསུངས་པའི་ལུང་ལྟ་སྨོས་ཀྱང་ཅི་དགོས་ཏེ། རྒྱལ་བ་རྣམས་ཀྱིས་འགྲོ་བའི་དོན་དུ་གསུངས་པ་འདྲ་བས། ཐེག་པ་ཆུང་ངུ་རྣམས་ལ་ཡང་སྤང་ཞིང་སུན་དབྱུང་བར་མི་བྱའོ། །ལྟ་བ་མཐོ་དམན་དང་ཐབས་ཆེ་ཆུང་ཡང་ཡོད་པ་ཡིན་པས་ཐེག་པ་གོང་མ་པ་ལ་ཡང་སྐུར་པ་གདབ་ཏུ་ག་ལ་རུང་སྟེ། རང་རང་གི་སྐལ་བ་དང་མོས་པ་ཇི་ལྟར་འཚམས་པ་བཞིན་སོ་སོར་སྤྱད་པར་བྱའོ། །རྒྱུད་འདི་ཉིད་ལས་ཀྱང་། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་སངས་རྒྱས་ཀྱི་བསྟན་པ་རྣམས་ནི། འགྲོ་བ་ཆུད་མི་གསོན་པ་ལ་སོ་སོ་རང་བདེན་པ་ཡིན་པས། ལྟ་བ་མཐོ་དམན་རྩོད་པའི་སྐབས་སུ་ཡང་གཅིག་ལ་གཅིག་སྨད་ཅིང་རྩོད་པའི་ཕྱིར་སྐུར་པ་མི་བྱའི། ངེས་པའི་དོན་ལ་གང་ཉེ་བའི་རིགས་པ་འགྲན་པ་ཙམ་ལ་ཉེས་སྐྱོན་མེད་དོ། །འདི་དག་ནི་གཞུང་འབྲེལ་པ་བཤད་པའོ། །སྟོན་པའི་ཞལ་ནས་གསུངས་པའི་བཀའ་ཡིན་པས་ཡིད་ཆེས་པ་ཡོད་ཀྱང་། སྟོན་པ་དང་རྒྱུད་གཉིས་གཅིག་གམ་ཐ་དད་པར་ཐེ་ཚོམ་ཟ་བ་རྣམས་ལ་སྟོན་པ་དང་རྒྱུད་ཀྱི་འབྲེལ་པ་བསྒྲུབ་པ་ནི། གོང་དུ་སྔགས་དང་ཕྱག་རྒྱ་བཤད་པའི་སྐབས་སུ་བརྟག་པ་རྣམ་པ་དྲུག་ཏུ་བཤད་པ་བཞིན་ཏེ། རྒྱུད་ཉིད་ཀྱང་ཆོས་ཀྱི་ཕྱག་རྒྱའི་ཁོངས་སུ་འདུས་པས་དེ་བཞིན་ཅི་རིགས་སུ་སྦྱར་བར་བྱའོ། །དེ་དག་ནི་རྒྱུད་ཀྱི་དགོས་འབྲེལ་བཤད་པའོ། །དེ་ལྟར་ན་ཏནྟྲའི་མཚན་བཤད་པ་ལ་སོགས་པ་འདི་རྣམས་ཙམ་གྱིས་རྒྱུད་ཐམས་ཅད་ཀྱི་སྤྱི་དོན་ཁོང་དུ་ཆུད་པར་ནུས་པ་ཡིན་ནོ། །ད་ནི་དེ་ལྟར་སྤྱི་དོན་བསྡུས་པ་ཡིན་ཡང་། མཁན་པོ་རྣམས་ཀྱི་མན་ངག་རྣ་བརྒྱུད་རྣམས་ཀྱི་སྒོ་ཅུང་ཟད་ཙམ་གྲུབ་ཅིང་ཤེས་པར་བྱ་བའི་ཕྱིར་བཞེད་པ་སོ་སོ་ཅུང་ཟད་ཙམ་བརྗོད་པར་བྱ་སྟེ། དེ་ལ་སྔོན་གྱི་མཁན་པོ་ཡོངས་གྲགས་པ་ཕྱོགས་གཅིག་ནི། རྒྱུད་ཐམས་ཅད་ཀྱི་དོན་བཤད་ལུགས་རྣམ་པ་གསུམ་དུ་གསུང་སྟེ། འདི་ལྟར་དབང་པོ་རབ་འབྲིང་རྣམ་པ་གསུམ་དང་མཐུན་པར། ཏནྟྲའི་མཚན་བཤད་པ་དང་། རྒྱུད་དབུ་ཞབས་ཀྱི་དབྱེ་བ་བསྟན་པ་དང་། ཚིག་འབྲུ་རེ་རེ་ནས་རྒྱས་པར་བཤད་པ་དང་། གཞན་ཡང་སྒྲུབ་པ་པོ་རྣམས་སྒྲུབ་པའི་ཆ་རྐྱེན་དང་མཐུན་པར། དམིགས་པའི་ཡུལ་དང་། ཐབས་འབྲས་བུ་དང་བཅས་པར་བསྟན་པ་དང་། རྒྱུད་ཀྱི་བབས་དང་མཐུན་པར་རྒྱུད་ཀྱི་འཕྲོས་གཞི་རྩ་བ་དང་ཡན་ལག་ཏུ་བཅས་པར་བཤད་པ་དང་། ཚུལ་རྣམ་པ་གསུམ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་དོན་རྣམ་པར་དབྱེ་བ་བཤད་པའི་སྐབས་སུ་ཡང་། གླེང་གཞི་དང་། གླེང་བསླང་བ་དང་། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། རྒྱུད་ཀྱི་དགོས་འབྲེལ་བསྟན་པ་རྣམས་སུ་འབྱེད་དོ། །དངོས་པོའི་སྐབས་སུའང་། དཀྱིལ་འཁོར་དམ་ཚིག་སྒྲུབ་པ་དབང་ཕྲིན་ལས་ཏེ་གཞི་རྣམ་པ་ལྔར་ཕྱེ་ནས་རྒྱུད་སོ་སོའི་གཞུང་དང་སྦྱོར་བར་བྱེད་དོ། །རྩ་བའི་རྒྱུད་འདི་ཉིད་ཀྱི་སྐབས་སུ་ཡང་། དཀྱིལ་འཁོར་ལ། རང་བཞིན་དང་། ཏིང་ངེ་འཛིན་དང་། གཟུགས་བརྙན་དང་། ཚོགས་དང་། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྣམས་སུ་ཕྱེ་ནས། རང་བཞིན་ལ་ཡང་། སྐུ་རྣམ་པ་ལྔ་ལེའུ་དང་པོ་དང་གསུམ་པས་བསྡུས་པ་དང་། དེ་བཞིན་དུ་ཐུགས་རྣམ་པ་ལྔ་ལེའུ་གཉིས་པས་བསྡུས་པ་དང་། གསུང་རྣམ་པ་ལྔ་ལེའུ་བཞི་པའི་ཡི་གེ་བཞི་བཅུ་རྩ་གཉིས་ཀྱིས་བསྡུས་པ་དང་། གཞན་ཡང་ཏིང་ངེ་འཛིན་སྐུའི་དཀྱིལ་འཁོར་ལེའུ་བཞི་པ་དང་ལྔ་པའི་ཡི་གེ་སྒྱུ་འཕྲུལ་བསྒོམ་པའི་ཐབས་ཀྱིས་བསྡུས་པ་དང་། ལེའུ་དྲུག་པ་དཀྱིལ་འཁོར་གྱིས་བསྡུས་པ་དང་། ཏིང་ངེ་འཛིན་གསུང་དང་ཐུགས་བདུན་པ་དང་བརྒྱད་པའི་སྔགས་དང་ཕྱག་རྒྱས་བསྡུས་པར་བྱེད་དོ། །དེ་བཞིན་དུ་དགུ་པ་གཟུགས་བརྙན་གྱི་དཀྱིལ་འཁོར། བཅུ་པ་ནི་དབང་བསྐུར་བ། བཅུ་གཅིག་པ་དང་བཅུ་གཉིས་པ་ཚོགས་ཀྱི་དཀྱིལ་འཁོར། བཅུ་གསུམ་པ་ནི་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། བཅུ་བཞི་པ་ནི་དཀྱིལ་འཁོར་ལ་བསྟོད་པའོ། །དེ་བཞིན་དུ་ཁྲོ་བོའི་དཀྱིལ་འཁོར་ལ་ཡང་སྦྱར་བར་བྱ་སྟེ། དམ་ཚིག་དང་འཕྲིན་ལས་ནི་ལེའུ་བཅུ་དགུ་པ་དང་ཉི་ཤུ་བས་དངོས་སུ་བསྟན་པར་ཟད། སྒྲུབ་པ་ནི་ཡི་གེ་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་སྒོ་ནས་སྒྲུབ་པ་ལེའུ་བཅོ་ལྔ་པ་ནས་གསུངས་པ་དང་། ཚོགས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པ་རྣམས་སུ་འདུས་པར་སྟོན་ནོ། །སྔོན་གྱི་མཁན་པོ་དབུས་ལུགས་པ་ནི། རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ཀྱང་བཤད་ཐབས་རྣམ་པ་ལྔས་འཆད་དེ། ཆོས་ཐམས་ཅད་འབྲས་བུའི་ཆོས་སུ་སངས་རྒྱས་པའི་ཕྱིར་དོན་སྤྱི་རྒྱ་རླབས་ཀྱིས་བཅད་དེ་འཆད་པ་དང་། གཞུང་གི་འབྲེལ་པ་ཤེས་པར་བྱ་བའི་ཕྱིར་ཚིག་གི་སྡེབ་སྦྱོར་ལེགས་པར་བཤད་པ་དང་། དོན་སྦས་པའི་དགོངས་པ་ཐོན་པར་བྱ་བའི་ཕྱིར་གབ་པའི་སྦས་ཐབས་འབྱིན་པ་ལ་མཁས་པར་བཤད་པ་དང་། ཐེག་པ་ཆེན་པོའི་ལྟ་བ་ཟབ་མོ་དང་། སྤྱོད་པ་རླབས་པོ་ཆེས་གདུལ་བྱ་རྣམས་མི་སྐྲག་པར་བྱ་བའི་ཕྱིར་དོན་མི་འཚམས་པ་འཚམས་པར་བཤད་པ་དང་། གང་ཟག་རྣམས་ཀྱིས་བསྒྲུབ་པ་ཉམས་སུ་ལེན་ཤེས་པར་བྱ་བའི་ཕྱིར་རྒྱུད་དཀྲུགས་པ་རྣམས་སྐབས་སྦྱར་ཏེ་བཤད་པའོ། །དེ་རྣམས་ཀྱང་དཔེ་དང་སྦྱར་ཏེ་ཚིགས་སུ་བཅད་པ། ཁྱུང་ཆེན་ནམ་མཁར་ལྡིངས་པ་སྤྱི་རྒྱ་རླབས་ཀྱིས་གཅོད། །གསལ་ལ་མ་འདྲེས་དོན་གྱི་ཆེ་བ་སྟོན། །ཞེས་བྱ་བ་དང་། ངང་པའི་རྒྱལ་པོ་མི་འགྱོགས་སྟབས་སུ་འགྲོ། །ཚིག་གི་སྡེབ་སྦྱོར་ལེགས་པས་དོན་དམ་བསེགས་སུ་གཅོད། །ཅེས་པ་དང་། རུས་སྦལ་གབ་པ་ལྟ་བུའི་བློ་ཤེས་པ། །གབ་པའི་སྦས་ཐབས་འབྱིན་ཤེས་སློབ་དཔོན་ཡིན། །ཞེས་བྱ་བ་དང་། སྨད་ཀྱི་རྣ་བུ་བྲག་ལ་འཛེག་པ་ལྟར། །མི་འཚམས་འཚམས་བཤད་སྐྱོན་མེད་ཡོན་ཏན་བསྔགས། །ཞེས་བྱ་བ་དང་། ཇི་བཞིན་དོན་གྱི་བསྣོལ་མཚམས་མ་ཤོར་བར། །སྟེང་འོག་འཕེན་སྡུད་འཚོལ་བའི་སྐབས་སྦྱོར་བ། །མན་ངག་ཡོད་པའི་སློབ་དཔོན་དེ་ལྟར་འཆད། །ཅེས་བྱ་བ་རྣམས་ཀྱི་ཁོག་དབུབ་པར་བཞེད་དོ། །དེ་ལ་རྒྱུད་འདིའི་སྐབས་སུ་དོན་སྤྱི་རྒྱ་རླབས་ཀྱིས་གཅོད་པ་ནི། ཕྱག་རྒྱ་ཆེན་པོ་ལྔའི་ཚུལ་གྱིས་ཆོས་ཐམས་ཅད་རིགས་ལྔ་ཡེ་ཤེས་ལྔའི་ངང་དུ་སངས་རྒྱས་པར་སྟོན་པར་བཞེད་དེ། དེ་ལ་ཕྱག་རྒྱ་ཆེན་པོ་ལྔ་ནི། རྡོ་རྗེ་གསོར་བ་ལྟ་བུ་ནས། རལ་གྲི་བསྐོར་བའི་བར་དག་སྟེ། ཇི་ལྟར་ཕྱག་རྒྱ་དེ་དག་ལ་ལས་དང་ཡོན་ཏན་བྱེ་བྲག་མེད་པར་སྣང་བ་བཞིན། རྒྱུད་འདིའི་དབུ་ཞབས་ནས་ཀྱང་ཆོས་ཐམས་ཅད་འབྲས་བུའི་ཆོས་སུ་སངས་རྒྱས་པར་སྟོན་པར་བྱེ་བྲག་མེད་དོ། །ཞེས་གསུངས་སོ། །དེ་ལས་ཀྱང་ཁྱད་པར་དུ་དབུས་ལུགས་བཀའ་ཕྱོགས་པ་ནི། ཕྱག་རྒྱ་སོ་སོ་དང་རིགས་དང་ཡེ་ཤེས་སོ་སོར་སྦྱར་ཏེ་བསྟན་ནོ། །ཚིག་གི་སྡེབ་སྦྱོར་ལེགས་པར་བཤད་པའི་སྐབས་སུ་ཡང་། དབང་པོ་རབ་ཀྱི་དོན་དུ་ཏནྟྲའི་མཚན་བཤད་པ་དང་། དབང་པོ་འབྲིང་གི་དོན་དུ་རྒྱུད་དབུ་ཞབས་ཀྱི་དོན། གླེང་གཞི་དང་། གླེང་བསླང་བ་དང་། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། དེ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བ་དང་། རྒྱུད་ཡོངས་སུ་གཟུང་བ་རྣམས་སུ་ཕྱེ་སྟེ་སྟོན་ནོ། །ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ལ་ཡང་། ལེའུ་ཉི་ཤུ་རྩ་གཉིས་ལ། རེ་རེ་ལའང་། རྒྱུད་ཀྱི་ཆེ་བ་དང་། ལེའུ་རང་གི་མཚམས་སྦྱོར་དང་། ལེའུ་སོ་སོའི་སྒོ་བརྩེགས་ཀྱི་དོན་རྣམས་སུ་ཕྱེ་སྟེ་སྟོན་ནོ། །དེ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བ་ནི། གསང་སྔགས་སྤྱིར་བཏང་བའི་མན་ངག་སྟེ། ཐམས་ཅད་ཀུན་ཏུ་བཟང་པོ་དང་བཟང་མོ་དབྱེར་མེད་པར་ཤེས་པར་བྱ་བར་སྟོན་ནོ། །གབ་པའི་སྦས་པ་འབྱིན་པའི་སྐབས་སུ་ཡང་། ཚིག་བྱིངས་ཆེ་བ་རྣམས་ལ་ཕྱི་ནང་གསང་བ་གསུམ་གྱིས་རྒྱུད་ཀྱི་དགོངས་པ་དབྱུང་བར་སྟོན་ནོ། དོན་མི་འཚམས་པ་འཚམས་པར་བཤད་པའི་སྐབས་སུ་ཡང་། རང་བཞིན་དང་། དགོངས་རྒྱུད་དང་། དོན་རྟགས་ཀྱི་སྒོ་ནས་དོན་མི་འགལ་ཞིང་འཚམས་པར་སྟོན་ནོ། །འཕེན་སྡུད་སྐབས་སྦྱར་ཏེ་བཤད་པའི་སྐབས་སུ་ཡང་། སྒྲུབ་པ་པོ་རྣམས་ཀྱིས་ཉམས་སུ་བླང་བའི་ལས་ཀྱི་གོ་རིམ་འབྲེལ་བར་བཞེད་དོ། །སྤྱིར་སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་པའི་གཞུང་འདི་དག་ཀྱང་དོན་གཅིག་གི་ནང་དུ་གཅིག་འདུས་པར་སྣང་སྟེ། འོན་ཀྱང་གཞུང་སོ་སོར་ཇི་སྐད་གསུངས་པ་བཞིན་བྲིས་པ་ནི་མན་ངག་སྲོལ་མི་ནུབ་པར་བྱ་བའི་ཕྱིར་སྨོས་པ་ཙམ་ཡིན་ནོ། །དེ་ཡན་ཆད་ནི། རྒྱུད་སྤྱི་དང་གཞུང་འདི་ཉིད་ཀྱི་སྤྱིའི་དོན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྤྱིའི་དོན་བརྗོད་པའོ། །ད་ནི་གཞུང་འདི་ཉིད་ཀྱི་ཡན་ལག་གི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གཞུང་གི་ཚོགས་ལ་འཇུག་པར་བྱ་སྟེ། དེ་ཡང་དང་པོ་ཉིད་དུ་གཞུང་འདི་ཉིད་ཀྱི་ལེའུ་དང་འབྲེལ་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གཞུང་གི་བབས་ཁོང་དུ་ཆུད་པར་བྱའོ། །དེ་ལ་སྟོན་པ་དཔལ་ཀུན་ཏུ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཆོས་ཐམས་ཅད་ཀྱི་རང་་བཞིན་ཏེ། གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ཉིད་ལས་མི་གཞན་པའི་འཁོར་གྱི་དཀྱིལ་འཁོར་དང་དབྱེར་མེད་པར་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་ན་སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་ཞུགས་པའི་དགོངས་པ་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟར་ཐུགས་སུ་ཆུད་པའི་དོན་གསལ་བ་ནི། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དབང་སྒྱུར་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐུགས་རྗེའི་ངང་། ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་སེམས་དཔའི་གསང་ཚིག་རྣམས་ཡིན་ནོ། །དེ་ལྟར་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་གྱི་དགོངས་པ་ལ་ཐམས་ཅད་ཆེ་བའི་དཀྱིལ་འཁོར་ཡོན་ཏན་གྱི་ཚོགས་འབྲས་བུའི་ཆོས་སུ་སངས་རྒྱས་པས། ཆོས་བཤད་པར་བྱ་བའི་གནས་གདུལ་བྱ་གུད་དུ་མི་དམིགས་ཀྱང་། ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་ལ་ངམ་པའི་ཚུལ་གྱིས་གླེང་བསླང་བ་ནི། ཀུན་ཏུ་བཟང་པོས་གླེང་བསླང་བ་དང་། ཀུན་ཏུ་བཟང་མོས་གླེང་བསླང་བའོ། །སངས་རྒྱས་ཀྱི་དགོངས་པ་དེ་ལྟར་ཡིན་མོད་ཀྱི། འགྲོ་བ་རྣམས་ཀྱིས་དེ་ལྟར་མ་རྟོགས་པས་དོན་དམ་པ་དང་། ཀུན་རྫོབ་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛད་དོ། །བྱང་ཆུབ་ཀྱི་སེམས་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཐུབ་པ་རྣམ་པ་དྲུག་འཐོན་ནས་འདུལ་བ་རྣམ་པ་བཞིའི་སྒོ་ནས་འགྲོ་བ་ལྔའི་དོན་མཛད་པའི་ཚུལ་ནི་ལེའུ་གསུམ་པ་སྟེ། དེ་ཡན་ཆད་ཀྱིས་ནི་སྟོན་པའི་ཐུགས་རྗེ་དང་བྱིན་རླབས་ཇི་ལྟར་འཆར་བའི་ཚུལ་བསྟན་ནོ། །ལེའུ་བཞི་པ་མན་ཆད་ནི་རྒྱུད་ཀྱི་དངོས་པོ་ལ་འཇུག་པ་སྟེ། དེ་ལ་ཐོག་མ་ཉིད་དུ་ཡི་གེ་སྒྱུ་འཕྲུལ་བསྟན་པ་ནི། སངས་རྒྱས་ཀྱི་འཕྲུལ་པ་འབྱུང་བ་ན་ཆོས་མཚན་མ་མེད་པ་ལས་མཚན་མར་འཕྲུལ་པའི་དངོས་པོ་ཡི་གེ་ཡིན་ཏེ། དཔེར་ན་མི་དང་ལྷའི་གནས་སུ་རིན་པོ་ཆེའི་ཆར་རམ་ཆུ་དྭངས་པའི་ཆར་ལ་སོགས་པ་འབབ་པར་གྱུར་པ་ན། ནམ་མཁའ་དྭངས་པ་ལས་རླུང་གཡོས་པའི་དབང་གིས་སྤྲིན་འབྱུང་བར་འགྱུར་ཏེ། སྤྲིན་ལས་ནི་གོང་དུ་བརྗོད་པ་བཞིན་དུ་གློག་སྣ་ཚོགས་དང་། འབྲུག་སྣ་ཚོགས་དང་། ཆར་སྣ་ཚོགས་འབབ་པར་འགྱུར་རོ། །དེ་བཞིན་དུ་ཆོས་ཀྱི་སྐུ་མཚན་མ་མེད་པ་ལས་ཐུགས་རྗེ་ཆེན་པོའི་རླུང་གིས་བསྐྱོད་ན་སྤྲུལ་པའི་དང་པོ་ཡི་གེའི་སྤྲིན་འབྱུང་བར་འགྱུར་ཏེ། རིན་པོ་ཆེའི་སྤྲིན་དེ་ནི་དགོས་པ་ཐམས་ཅད་ཀྱི་གཞི་བྱེད་པ་དེ་བཞིན་དུ་ཡི་གེ་རིན་པོ་ཆེའི་སྤྲིན་གྱིས་ཀྱང་ལས་དང་དངོས་གྲུབ་ཀྱི་དགོས་པ་ཐམས་ཅད་བསྒྲུབ་པའི་ཕྱིར། ཡི་གེ་སྒྱུ་འཕྲུལ་གྱི་ལེའུ་དང་། སྒྱུ་འཕྲུལ་བསྒྲུབ་པའི་ལེའུ་བསྟན་ཏོ། །དེ་ལྟར་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་དང་ལྡན་པ་རྣམས་ཀྱིས་དངོས་གྲུབ་ཆེན་པོ་བསྒྲུབ་པའི་རྟེན་དང་ཐབས་ཀྱང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱ་ཡིན་པས། ལེའུ་དྲུག་པ་དང་བདུན་པ་དང་བརྒྱད་པས་བསྟན་ཏོ། །སྒྲུབ་པ་པོ་རྣམས་ཀྱི་དང་པོ་འཇུག་པའི་སྒོ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་ཐོབ་པར་བྱས་ན། དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་ཆོ་ག་ཡིན་པས་ལེའུ་དགུ་པ་དང་བཅུ་པས་བསྟན་ཏོ། །འདོད་པའི་ཡོན་ཏན་ལ་ལྷག་པར་སྤྱད་པས་འདུལ་བ་རྣམས་ཀྱི་ལམ་ནི་ཚོགས་ཀྱི་དཀྱིལ་འཁོར་ཡིན་པས། ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པས་བསྟན་ཏོ། །སྤྱིར་རྣལ་འབྱོར་པ་དམ་པ་རྣམས་ཀྱིས་ཐམས་ཅད་མན་ངག་གིས་གདེང་བཅད་དགོས་པས། ལེའུ་བཅུ་གསུམ་པས་སྟོན་ནོ། །ལེའུ་བཅུ་བཞི་པའི་གླུ་ནི་གོང་དུ་བསྟན་པ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་ལ་ངམ་པའི་ཚུལ་གྱིས་བསྟོད་པས་ཏེ། འདི་དག་གིས་ནི་ཞི་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའོ། །ལེའུ་བཅོ་ལྔ་པ་མན་ཆད་ཀྱིས་ནི་ཁྲོ་བོའི་དཀྱིལ་འཁོར་ཕྲིན་ལས་དང་བཅས་པ་དང་། སྤྱིའི་དམ་ཚིག་བསྟན་པའོ། །རྒྱུད་ཀྱི་ཆེ་བ་བསྟན་པ་ནི། སྤྱིའི་ཆེ་བ་ནི་གོང་དུ་བསྟན་པ་ཉིད་དུ་འདུས་ལ། ཡན་ལག་གི་ཆེ་བ་ནི་སྐབས་སྐབས་ཀྱི་དོན་བཤད་པ་ཉིད་ལས་ཤེས་པར་བྱའོ། །དེ་ལ་རྒྱུད་དང་མདོ་སྡེ་ཕལ་མོ་ཆེ་ནས། ཐོག་མར་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་འབྱུང་བ་ལས། རྒྱུད་འདིར། འདི་སྐད་བཤད་པའི་དུས་ན། ཞེས་གསུངས་པའི་དོན་གྱི་དབང་ཅི་ལས་དགོངས་ཤེ་ན། འདི་ནི་ཐུན་མོང་མ་ཡིན་པའི་ཁྱད་པར་ཏེ། འདི་ལྟར་བདག་གིས་ཐོས་པ་ཞེས་སྨོས་པས་ནི། ཡང་དག་པར་སྡུད་པར་བྱེད་པས་རང་གི་བློའི་སྣང་བ་འཛིན་པར་བྱེད་པས་ན། འདི་སྐད་ཅེས་བྱ་བའི་དོན་ཡང་རང་གི་བློའི་སྣང་བ་ལ་འཇུག་གོ །སྟོན་པས་ཇི་ལྟར་གསུངས་པ་ཁས་ལེན་པར་མི་བྱེད་དེ། དོན་འདི་དག་གིས་ན་རང་གི་བློའི་སྣང་བ་འཛིན་པ་དང་། སྟོན་པ་དང་སྡུད་པ་པོའི་ཁྱད་པར་འཛིན་པ་འདིར་འགྱུར་རོ། །དུས་གཅིག་ན་ཞེས་བྱ་བ་ཡང་། རྒྱུད་དང་མདོ་སྡེ་འབྱུང་བར་དཀོན་པའམ། སྟོན་པ་ཐུགས་རྗེ་ཆེ་བའམ། སྡུད་པ་པོ་ཤེས་རབ་མཆོག་ཏུ་གྱུར་པར་སྟོན་པས་དུས་ཡོངས་སུ་ཆད་པར་སྟོན་པར་འགྱུར་རོ། །དེ་བས་ན་དོན་འདིར་འགྱུར་ཏེ། ཡང་དག་པར་སྡུད་པར་བྱེད་པས་རྒྱུད་ཀྱི་དོན་སྒྲོ་སྐུར་དང་བྲལ་བར་བློ་ལ་ཡོངས་སུ་བཀོད་ནས། འདི་སྐད་བདག་གིས་ཐོས་པ་ཞེས་མ་བརྒྱུད་པ་དང་། འཆད་པ་པོ་མ་ཡིན་པར་ཁས་བླངས་ནས་བརྗོད་པ་དང་། དུས་གཅིག་ན་ཞེས་པ་སྟེ། འདི་ལྟར་དུས་གཅིག་གི་ཚེ་འདི་གསུངས་ཤིང་ཐོས། གཞན་དུ་གཞན་གསུངས་ཤིང་ཐོས་ཞེས་སྟོན་པ་ཐུགས་རྗེ་ཆེ་བ་དང་། བདག་ཉིད་ཐོས་པ་མང་བ་དང་། ཡང་གཞན་དུ་འདི་མ་གསུངས་ཤིང་མ་ཐོས་སོ་ཞེས། རྒྱུད་དང་མདོ་སྡེ་འབྱུང་བ་དཀོན་པར་སྟོན་པ་དང་། ཡང་དུས་གཅིག་སྟེ། རིམ་གྱིས་འཇུག་པ་མ་ཡིན་པར་སྐད་ཅིག་གཅིག་ལ་ཐོས་ཤིང་བཟུང་ངོ་ཞེས་ཤེས་རབ་མཆོག་ཏུ་གྱུར་པར་སྟོན་པ་དང་། ཡང་དགའ་བ་ལ་སོགས་པ་སྤྲོས་པའི་དུས་ཀྱི་བློ་དང་། རྨུགས་པ་ལ་སོགས་པ་ཉམ་ཆུང་བའི་དུས་ཀྱི་བློའི་བསམ་པ་གཉིས་དང་བྲལ་བའི་བློ་གྲོས་རྩེ་གཅིག་ཏུ་བྱེད་པའི་དུས་ན་ཐོས་ཞེས། བདག་ཉིད་ཤེས་རབ་དང་ཏིང་ངེ་འཛིན་དང་ལྡན་པས་ཐོས་པར་སྟོན་པ་རྣམས་སུ་འགྱུར་རོ། །རྒྱུད་འདིར་ནི་དོན་འདི་ལྟ་བུ་དག་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་འདི་སྐད་བཤད་པ་སྨོས་པ་ནི་ཡང་དག་པར་སྡུད་པར་བྱེད་པ་སྟོན་པའི་དགོངས་པ་དང་མི་གཉིས་པར་ཁས་བླངས་ནས་འདི་སྐད་བཤད་པའི་ཞེས་སྨོས་ཏེ། དོན་འདི་ཉིད་ཀྱིས་ནི་གཞུང་འདི་ཡང་བཅོམ་ལྡན་འདས་ཀྱི་དགོངས་པ་དམ་པ་ངེས་པའི་དོན་མཐར་ཐུག་པ་བསྟན་པ་ཡིན་པར་གྱུར་ལ། སྡུད་པ་པོ་ཡང་དེ་བཞིན་གཤེགས་པ་ཉིད་ཡིན་པར་ཁས་བླངས་པར་འགྱུར་རོ། །དུས་གཅིག་མ་སྨོས་པས་ཀྱང་དུས་བཞི་མཉམ་པ་ཉིད་དུ་གསུངས་པ་ཡིན་ནོ། །འདི་ཉིད་ཀྱིས་ནི་རྒྱུད་ཀྱི་ཆེ་བ་དང་། ཡང་དག་པར་སྡུད་པར་བྱེད་པའི་ཆེ་བ་དང་། དུས་ཀྱི་ཆེ་བ་རྣམས་བསྟན་པ་ཡིན་ནོ། །སྐབས་འདིར་སྔོན་གྱི་སློབ་དཔོན་དག་ན་རེ། རྒྱུད་གཞན་གྱི་ལུགས་ཀྱིས་ནི། ཡི་གེ་ཨེ་བཾ་མ་ཡཱ་བཞིས་འགྲེལ་པ་ཡིན་ལ། འདིར་ནི་ཡི་གེ་ཨོཾ་གྱིས་བསྡུས་ཏེ་འགྲེལ་བས་འཕགས་སོ་ཞེས་གསུངས་སོ། །རྒྱུད་འདི་ལ་ཡི་གེ་མ་ཡཱ་གཉིས་མེད་པས། འདི་ཉིད་ནས་ནི་བསྡུས་པའི་གཞི་མེད་དོ། །ཡི་གེ་ཨོཾ་གྱི་གཞི་ཡང་འདི་ལས་མི་འབྱུང་སྟེ། དེའི་ཕྱིར་དཀྱུས་ལ་སྦྱར་བ་ནི་མི་བསྙད་དོ། །སྤྱིར་ཤེས་པར་བྱ་བར་འཆད་ན་ནི། ཡི་གེ་ཨ་དང་ཨུ་དང་མ་གསུམ་བསྡུས་པ་ནི། ཨོཾ་ཡིན་ལ་ཡི་གེ་གསུམ་ནི་ལུས་ངག་ཡིད་གསུམ་དང་ལྷ་གསུམ་གྱི་ས་བོན་ཡིན་པར་བྲམ་ཟེ་རྣམས་ཀྱི་རིག་བྱེད་ལས་ཀྱང་གྲགས་ལ། ལྷ་གསུམ་སྐུ་གསུང་ཐུགས་ཀྱི་རང་རིག་ཡིན་པར་ཡང་གསང་སྔགས་ཀྱིས་ཚུལ་ལས་གྲགས་ཏེ། དེའི་ཕྱིར་ཡི་གེ་ཨོཾ་ནི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཡིན་པར་འབྱུང་བས་སྤྱིའི་དོན་དུ་སྦྱར་བ་ལ་ཉེས་སྐྱོན་མེད་དོ། །ད་ནི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡོན་ཏན་གྱི་མཚན་གྱི་ཁྱད་པར་འདི་དག་ནི་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གཉིས་ཀའི་ཐུན་མོང་གི་མཚན་དུ་སྤྱིར་གྲགས་པ་ཡིན་མོད་ཀྱི། འདི་ནི་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་སྟོན་པའི་སྐབས་ཡིན་པས་ཆོས་ཀྱི་སྐུའི་ཡོན་ཏན་གྱི་མཚན་དུ་ཤེས་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་དོན་ཏེ། རྟག་ཏུ་དེ་བཞིན་དུ་རྟོགས་པའམ། ཡང་ན་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱིས་ཚུལ་དེ་ལྟ་བུར་རྟོགས་པས་དེ་སྐད་ཅེས་བྱ་སྟེ། དེ་བཞིན་ཉིད་དང་ཡེ་ཤེས་ཆེན་པོ་གཉིས་ཀ་ལ་འཇུག་པར་ཤེས་པར་བྱའོ། །ཡང་། བྷྱ་ག་ཏ་ནི་གསུངས་པའི་དོན་ཏེ། དེ་བཞིན་གསུངས་པས་དེ་སྐད་ཅེས་བྱའོ། །ཡང་། གྷ་ཏ་ནི་འགྲོ་བའི་དོན་ཏེ་སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་བྱང་ཆུབ་ཀྱི་སྤྱོད་པའི་སྒོ་ནས་གཤེགས་པ་དེ་ལྟར། ལམ་མཐུན་པར་གཤེགས་པས་དེ་སྐད་ཅེས་བྱའོ། །ཡང་གསང་སྔགས་ཀྱི་ཚུལ་གྱི་སྐབས་སུ། དཔེར་ན་ཟངས་ལ་སོགས་པའི་དངོས་པོ་ཞིག་ལ། ཆོལ་ཟངས་སུ་བྱས་པའི་དུས་ན་ནི་སྨེ་བའི་གནས་སུ་བྱེད་ལ། དེ་ཉིད་ལས་གཞོང་བར་བྱས་པའི་དུས་ན་ནི་གཙང་བའི་གནས་སུ་བྱེད། དེ་ཉིད་ལས་སྐུ་གཟུགས་སུ་བྱས་པའི་དུས་ན་ནི་མཆོད་པའི་གནས་སུ་བྱེད་དོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་སྤྱོད་པ་འདི་དག་ཀྱང་། གཟུང་བ་དང་འཛིན་པ་ལ་ཞེན་པའི་བློས་སྤྱད་ན་ནི། སྲིད་པ་འཁོར་བའི་གནས་སུ་འགྱུར་རོ། །དེ་ཉིད་ཐབས་དང་ཤེས་རབ་ཀྱིས་ཟིན་པའི་བློས་སྤྱད་ན་ནི། རྣལ་འབྱོར་གྱི་ལོངས་སྤྱོད་ཀྱི་རྐྱེན་བྱང་ཆུབ་ཀྱི་ལམ་དུ་འགྱུར་རོ། །ཐབས་དང་ཤེས་རབ་ཀྱི་བློ་མངོན་དུ་གྱུར་ན་ནི། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་དངོས་གྲུབ་ཏུ་འགྱུར་རོ། །དེ་བས་ན་སངས་རྒྱས་རྣམས་ཀྱི་ལམ་ནི་ཉོན་མོངས་པ་སྤངས་ཏེ་གྲོལ་བ་མ་ཡིན་གྱི། གནས་སུ་དག་པའི་ཐབས་ཀྱིས་གྲོལ་བས་དེ་བཞིན་གཤེགས་པ་ཞེས་བྱའོ། །རྣམ་པ་གཅིག་ཏུ་སེམས་ཅན་རྣམས་སྐྱེས་པ་དེ་ལྟར་སྐྱེས་པས་དེ་སྐད་ཅེས་བྱའོ། །སེམས་ཅན་རྣམས་ནི་སྐྱེ་བ་རྣམ་པ་བཞིའི་ཚུལ་གྱིས་སྐྱེ་སྟེ། དེ་ལ་སེམས་ཅན་མངལ་ནས་སྐྱེས་པ་དང་མཐུན་པར་སངས་རྒྱས་རྣམས་ཀྱང་ལྷུམས་ནས་བལྟམས་པ་ལ་སོགས་པ་སྟོན་པ་དང་། གཉིས་སུ་མེད་པར་རོལ་པའི་མཁའ་ལས་དཀྱིལ་འཁོར་སྤྲུལ་པ་ལ་སོགས་པ་བསྟན་པའོ། །དེ་བཞིན་དུ་དྲོད་ལས་སྐྱེས་པ་དང་མཐུན་པ་ནི། སྣ་ཡི་དབུགས་རིང་དྲོ་བ་ལས། །རྒྱལ་བས་ཕྱག་རྒྱའི་སྦྱོར་བ་ཕྱུང་། །ཞེས་གསུངས་པ་ལ་སོགས་པ་ལྟ་བུའོ། །སྒོ་ང་ལས་སྐྱེས་པ་ལྟ་བུ་དང་མཐུན་པར། ཡི་གེ་དང་ཐུགས་མཚན་དང་སྐུ་ལ་སོགས་པའི་སྒོ་དུ་མའི་རིམ་པ་མི་འདྲ་བར་གྱུར་ཅིང་སྨིན་པས་རྒྱལ་བའི་སྐུ་གྲུབ་པར་འདོད་དོ། །རྫུས་ཏེ་སྐྱེ་བ་དང་མཐུན་པར་རིག་པ་སྐད་ཅིག་མའི་བྱིན་རླབས་ལས་སྤྲུལ་པར་འདོད་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ལ། སངས་རྒྱས་ནི་སད་པའི་དོན་ཏེ། མི་ཤེས་པའི་གཉིད་ལས་སད་པར་གྱུར་པ་ལ་བྱ། རྣམ་པ་གཅིག་ཏུ་རྒྱས་པའི་དོན་ཏེ། མེ་ཏོག་རྒྱས་པ་ལྟ་བུར་བློ་རྒྱས་པའི་དོན་ཏོ། །དེ་ཡང་གསང་སྔགས་ཀྱི་ཚུལ་ལྟར་ན། འདི་སྐད་དུ། མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་གསུངས་པ་ལྟ་བུ་སྟེ། མི་མཐུན་པ་དང་གཉེན་པོ་དབྱེར་མེད་པའི་དོན་གྱིས་སངས་རྒྱས་པའོ། །སངས་རྒྱས་ཞེས་བྱ་བའི་སྒྲ། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་ཡང་འཇུག་པས་དེ་ལས་དབྱེ་བའི་ཕྱིར། རྫོགས་པའི་སངས་རྒྱས་ཞེས་སྨོས་སོ། །སྒྲ་དེ་ཡང་ས་བཅུ་པའི་ཡེ་ཤེས་མཐར་ཕྱིན་པའི་རྫོགས་པའི་སངས་རྒྱས་ཞེས་བྱ་བར་གྲགས་པའང་ཡོད་དེ། འདི་ལྟར། ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །གཉིས་སུ་མེད་པའི་མཚན་ཉིད་གཅིག །སྟོབས་བཅུ་རྫོགས་པ་སངས་རྒྱས་པ། །དེ་ནི་རྫོགས་སངས་རྒྱས་ཞེས་བྱ། །ཞེས་གསུངས་པ་ལྟ་བུ་དང་། བདུད་སྡིག་ཅན་རྫོགས་པའི་སངས་རྒྱས་སུ་འཕྲུལ་པ་ལྟ་བུའང་ཡོད་པར་གྲགས་པས། དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་བྷ་ག་ནི་བཅོམ་པའི་དོན་ཏེ། སངས་རྒྱས་རྣམས་ཉོན་མོངས་པ་ལ་སོགས་པ་བཅོམ་པའི་ཡོན་ཏན་དང་ལྡན་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་ན་བྷ་ག་ནི་སྐལ་བ་སྟེ། སངས་རྒྱས་རྣམས་དབང་ཕྱུག་ཕུན་སུམ་ཚོགས་པ་ལ་སོགས་པ་དང་ལྡན་པས་ལེགས་ལྡན་ནམ་སྐལ་ལྡན་ཞེས་བཤད་དོ། །ཡང་ན་བྷ་ག་ནི་སྲིད་པར་འགྲོ་བ་སྟེ། དེ་ལས་འདས་པ་ལ་བྷ་ག་ཝན་ནོ། །ཡང་བྷ་ག་ནི་སྲིད་པ་དང་མྱ་ངན་ལས་འདས་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་བྷ་ག་ནི་འཇིགས་པར་འགྲོ་བ་ལས་འདས་པ་སྟེ། སངས་རྒྱས་རྣམས་མི་འཇིགས་པ་བཞི་བརྙེས་པས་འཇིགས་པ་མ་ལུས་པ་ལས་འདས་པའི་ཕྱིར་བྷ་ག་ཝན་ནོ། །གསང་སྔགས་ཀྱི་ཚུལ་ལྟར་ན། བྷ་ག་ནི་རྡོ་རྗེ་བཙུན་མོ་རྣམས་ཀྱི་བྷ་ག་སྟེ། ཆོས་ཀྱི་འབྱུང་གནས་སོ། །ཝན་ནི་ལྡན་པ་སྟེ། དེ་དང་གཉིས་སུ་མེད་པར་བཞུགས་པའི་དོན་ནོ། །མདོར་ན་འདུ་འབྲལ་མེད་པའི་གཟུངས་དང་ལྡན་པའི་ཕྱིར་བྷ་ག་ཝན་ནོ། །ལོངས་སྤྱོད་ཆེན་པོ་ཞེས་བྱ་བ་ལ། ཡོན་ཏན་དུ་བྱ་བའི་ཆོས་ཐམས་ཅད་ལ་བག་འཁུམས་པ་མེད་པར་ལོངས་ཤིང་ཀུན་ལ་སྤྱོད་པས་ལོངས་སྤྱོད་དེ། ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་ལོངས་སྤྱོད་ནི་ལོངས་སྤྱོད་ཆེན་པོའོ། །དེ་ལྟར་ཡོན་ཏན་གྱི་མཚན་རྣམ་པ་བཞིའི་སྒོ་ནས་སྟོན་པ་རང་གི་ངོ་བོ་བརྗོད་ནས། དེའི་མཚན་ཉིད་བསྟན་པའི་ཕྱིར་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་ཅེས་བྱ་བ་སྨོས་ཏེ། འདིས་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་ཏེ། འདི་ལྟར་གོང་དུ་བསྟན་པ་དེ་ནི་སྟོན་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ཡིན་ལ། བྱང་ཆུབ་ཀྱི་སེམས་དེའི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡང་ཡིན་ལ། སྐུ་གསུང་ཐུགས་ཀྱི་བདག་པོ་ཡང་ཡིན་ནོ་ཞེས་བྱ་བ་འདིར་འགྱུར་རོ། །ཡང་དཔལ་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་སངས་རྒྱས་རྣམས་ཀྱི་བདག་ཉིད་ཁོ་ན་ཡིན་ནམ། འོན་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་ཡིན་སྙམ་དུ་རྟོག་པ་ལ། འདི་བསྟན་པའི་ཕྱིར་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་རིགས་ཀྱི་སེམས་དང་། རྒྱུའི་གནས་སྐབས་ཀྱི་སེམས་དང་། འབྲས་བུའི་སེམས་ཀྱི་བར་དུ་དབྱེར་མེད་པར་བྱང་ཆུབ་ཀྱི་རང་བཞིན་ཡིན་པས་ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་སྟེ། དེ་བས་ན་འགྲོ་བ་དང་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་བས་ན་འདི་སྟོན་པ་ཆོས་ཀྱི་སྐུའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གཙོ་བོར་བརྗོད་པ་ཡིན་མོད་ཀྱི། འོན་ཀྱང་དེའི་ཕྱག་རྒྱར་གྱུར་པའི་རིགས་དྲུག་པ་མ་བསྡུས་པའང་མ་ཡིན་ནོ། །དེ་བས་ན་སྟོན་པ་ཕུན་སུམ་ཚོགས་པ་གཟུགས་ཀྱི་སྐུ་འབའ་ཞིག་འཛིན་པར་མི་བྱེད་ཅིང་། འགྲོ་བ་དང་སངས་རྒྱས་གཉིས་སུ་མི་འབྱེད་པས་ཐུན་མོང་མ་ཡིན་པའི་སྟོན་པ་ཡིན་པར་ཤེས་པར་བྱའོ། །གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་ཞེས་སྨོས་ཏེ། དེ་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་ཏེ། འདི་ནི་ངེས་པ་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་ལ། གསང་སྔགས་ཀྱི་ཚུལ་ལས་ཀྱང་བཞེད་དེ། ཞིང་རྣམས་ཀྱི་ཡོན་ཏན་སོ་སོ་སྣང་བ་ཡང་གདུལ་བྱའི་སྐལ་བ་དང་། སངས་རྒྱས་ཀྱི་ཐུགས་རྗེའི་དབང་གིས་ཕྱོགས་དང་རིས་སུ་ཆད་པ་མེད་དོ། །དེ་ཡང་འདི་ལྟར་སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་དབྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་གསུངས་པ་ལྟ་བུ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདིའི་གོང་ན་ཡང་སངས་རྒྱས་གཞན་གྱི་ཞིང་ཁམས་གཞན་མེད་དོ་ཞེས་བརྗོད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱི་ཞིང་འདི་ཉིད་ཀྱང་ཡོངས་སུ་མ་དག་པའི་ཞིང་ཁམས་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། གོང་དུ་བསྟན་པ་བཞིན་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་མ་དག་པ་མ་ཡིན་མོད་ཀྱི། དམུས་ལོང་རྣམས་ཀྱིས་མི་མཐོང་བ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པ་མ་ཡིན་ཀྱང་། སྐལ་བ་མེད་པ་རྣམས་ཀྱིས་དག་པར་མི་མཐོང་བ་དང་། སངས་རྒྱས་ཀྱི་ཐུགས་རྗེའི་སེམས་ཅན་ཁེངས་པ་རྣམས་ལ་ངན་ཅིང་དབུལ་བར་སྣང་སྟེ། དག་པར་སྣང་བས་སངས་རྒྱས་ཀྱི་མཛད་པ་མི་འགྲུབ་པའི་ཕྱིར་རོ། །དེ་བས་ན་འོག་མིན་གྱི་གནས་ཞེས་བྱ་བ་འདི་ཡང་གནས་ཀྱི་ཕྱོགས་བློས་བཙལ་མི་དགོས་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དབང་ལས་ཡོན་ཏན་གྱི་ཁྱད་པར་གང་དུ་སྣང་བ་དེ་ཉིད་རྒྱལ་བའི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །དེ་ལྟ་བུའི་གནས་ན་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་གི་ཁྱད་པར་ཇི་ལྟ་བུ་ཞིག་གི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པར་སྣང་ཞེ་ན། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞལ་ཡས་ཁང་ཡེ་ཤེས་ལས་སྤྲུལ་པའི་རིན་པོ་ཆེའི་རྒྱུ་ལས་གྲུབ་པ། གྲུ་བཞི་གློ་འབུར་མཁར་ཐབས་དང་ལྡན་པ། སྒོ་དང་ཁྱམས་དང་ཕོ་བྲང་དུ་བཅས་པ། རྩེ་མོ་བུམ་པ་ཟླུམ་པོ་ཀུན་ཏུ་འཁྱིལ་བ། ཕྱོགས་ཐམས་ཅད་དུ་ཚད་རྒྱ་ཡོངས་སུ་མ་ཆད་པ། རིན་པོ་ཆེའི་རྒྱན་གྱི་ཁྱད་པར་དང་། འདོད་པའི་ཡོན་ཏན་གྱི་རྟགས་ཀྱི་ལྷ་མོ་ལ་སོགས་པ་རྣམས་ཀྱིས་ཕྱོགས་བཅུ་ཀུན་ནས་འཁྲིགས་པ། ཉིད་ཀྱི་ཆེ་བའི་ཡོན་ཏན་ལས་རང་སྣང་བའི་གདན་གྱི་ཁྱད་པར་དང་ལྡན་པ། ཐེག་པ་ཆེན་པོའི་རང་བཞིན་བྱང་ཆུབ་ཆེན་པོའི་གཟུགས་བརྙན་དུ་གྱུར་པའོ། །དེ་ལས་གཞལ་ཡས་ཁང་གི་སྒོའི་ཡན་ལག་ཏུ་གཏོགས་པ་ལ་ལྷ་དང་མིའི་རྒྱལ་པོ་རྣམས་ཀྱི་ཕོ་བྲང་གི་སྒོ་ཇི་ལྟར་དུ་གནས་པ་དང་། ཡོངས་སུ་དག་པའི་ཞིང་ཁམས་རྣམས་ཀྱི་ཕོ་བྲང་གི་སྒོ་ཇི་ལྟར་གནས་པ་དང་། མདོ་སྡེ་ལས་འབྱུང་བ་མཁན་པོ་རྣམས་ཀྱིས་བཤད་པ་ནི་ཐོག་མར་དུག་སེལ་གསེར་སྒོ་ཞེས་བྱ་བའི་མཆོད་རྟེན་དང་། དེ་ལ་རྟ་བབས་དང་། སྒོ་སྐྱབས་དང་། སྟེགས་བུ་དང་། ཁོར་སྟེགས་དང་། ཕྱི་རོལ་གྱི་སྒོ་བ་གླང་སེང་དང་། ཐེམ་སྐས་དང་། སྒོ་དང་། སྒོ་གླེགས་དང་། སྒོ་ཁང་དང་། སྒོ་ཁྱུད་དང་། ནང་གི་སྒོ་སྲུང་རྣམས་དང་། ཕྱི་རོལ་གྱི་རྩིག་སྐྱབས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་དང་། པུ་ཤུ་དང་། མདའ་ཡབ་དང་། སྒོའི་བསིལ་ཁང་རྣམས་དང་ལྡན་པར་གྲགས་པས། གཞལ་ཡས་ཁང་གི་སྒོ་ཐམས་ཅད་ལ་སྤྱིར་ཤེས་པར་བྱ་བ་ཡིན་ནོ། །དེ་ལ་སྒོ་བཞིའི་དོན་རྣམ་པར་ཐར་པ་བཞི་ཡང་། གསུམ་ནི་ཐུན་མོང་དུ་བསྟན་པ་སྟེ། འདི་ལྟར་དངོས་པོ་ལས་འབྱིན་པར་བྱེད་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་དང་། དེ་བཞིན་དུ་རྣམ་པར་རྟོག་པ་ལས་འབྱིན་པར་བྱེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་དང་། འདོད་ཆགས་ལས་འབྱིན་པར་བྱེད་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་དུ་རྣམ་པར་ཐར་པའི་སྒོ་སྟེ། འདི་དག་མི་མཐུན་པ་དང་གཉེན་པོ་དབྱེར་མེད་པའི་སྦྱོར་བ་ནི་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་སྟེ། འདི་ནི་ཐུན་མོང་མ་ཡིན་ནོ། །དེ་ཉིད་ལ་རང་བཞིན་གྱིས་འོད་གསལ་བའི་སྒོ་དང་། ཐབས་ལ་མཁས་པའི་རྣམ་པར་ཐར་པའི་སྒོ་ཞེས་ཀྱང་གྲགས་སོ། །དེ་ལྟར་ཏིང་ངེ་འཛིན་འདི་དག་ནི་བྱང་ཆུབ་ཆེན་པོར་ལྷུན་གྱིས་འཇུག་པའི་སྒོ་ཡིན་པས་དེའི་ཕྱིར་སྒོ་བཞིར་བསྟན་ཏོ། །རྣམ་པར་ཐར་པ་བརྒྱད་ནི། ཇི་སྐད་དུ་གྲགས་པའི་གཟུགས་ཅན་གཟུགས་ལ་ལྟ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ལ། ཐབས་ལ་མཁས་པའི་རྣམ་པར་ཐར་པས་ཟིན་པར་གྱུར་ན། བྱང་ཆུབ་ཆེན་པོའི་ལམ་སྟེགས་སུ་འགྱུར་བས་དེའི་ཕྱིར་རྟ་བབས་བརྒྱད་དོ། །ཅིའི་ཕྱིར་རྟ་བབས་ཞེས་བྱ་ཞེ་ན། ཏྭ་ར་ན་ཞེས་མངོན་པར་འཕྱང་བ་ཞེས་ཟེར་ཏེ། རྒྱན་འདི་དག་ངོས་ལ་བརྟེན་པ་མ་ཡིན་གྱི་ནམ་མཁའ་སྟོང་པ་ལས་དཔྱངས་པ་ལྟར་གནས་པས། དཔྱངས་པའི་ཕྱིར་རྟ་བབས་ཞེས་བྱའོ། །རྣམ་པ་གཅིག་ཏུ་ཉོན་མོངས་པ་མེད་པ་ཞེས་ཟེར་ཏེ། འདི་དག་ཉོན་མོངས་པ་མེད་པའི་རྟགས་སུ་བསྟན་པའི་ཕྱིར་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་ཏྭ་རིང་ཏ་འགམ་མན་ན་ཞེས་བྱ་སྟེ། རྟ་ལ་བྱ་བས། གང་ཞིག་ཕོ་བྲང་དུ་འཇུག་པ་ན་འདི་དག་རྟ་བབས་པའི་སྟེགས་ཡིན་པས་རྟ་བབས་ཞེས་བཤད་དོ། །གདན་ཁྲིའི་ཁྱད་པར་འདི་དག་ཀྱང་ཐེག་པ་ཆེན་པོའི་རང་བཞིན་དུ་བཤད་དེ། འདི་ལྟར་མདོ་སྡེའི་ཚུལ་ལས་ཀྱང་། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཞེས་བྱ་བ་དང་། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །ཞེས་གསུངས་པ་ལྟ་བུའོ། །གཞུང་ཁ་ཅིག་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལུས་ཀྱི་སེང་གེའི་ཁྲི་ལ་བཞུགས་པར་བསྟན་པ་ཡང་ཡོད་དོ། །སྐབས་འདིར་ནི་ཐམས་ཅད་ཉིད་ལས་མི་གཞན་པའི་དཀྱིལ་འཁོར་དུ་འདོད་པས། གཞུང་དེ་ལྟ་བུར་བསྟན་པའི་སྐབས་མ་ཡིན་ནོ། །ཐེག་པ་ཆེན་པོའི་སྒྲ་ཡང་། ལམ་དང་འབྲས་བུ་དང་དོན་དམ་པ་དང་གཞུང་གི་ཚོགས་དང་བཅས་པ་ལ་འཇུག་པས་རྟགས་ཀྱང་དེ་ལྟ་བུར་སྦྱར་བར་བྱའོ། །དེ་ལ་ཐེག་པ་ཆེན་པོ་ནི། ཐེག་པ་འོག་མ་པ་ཐམས་ཅད་ཟིལ་གྱིས་གནོན་ཞིང་། དེ་དག་གི་རྒོལ་བས་ཉམ་ང་བ་མེད་པས། དེའི་རྟགས་སུ་གྱུར་པ་ནི་མི་འཇིགས་པའི་སེང་གེའི་ཁྲིའོ། །གཞན་ཡང་ཐེག་པ་ཆེན་པོ་ནི་ཐེག་པ་གཞན་དུ་མི་ཚུད་པ་ཐམས་ཅད་འདིར་ཤོང་ཞིང་ཐེག་པར་བྱེད་པས་གླང་པོ་ཆེའི་ཁྲིའོ། །དེ་བཞིན་དུ་འདིས་གདུལ་བྱ་ཐམས་ཅད་མྱུར་མགྱོགས་སུ་སྨིན་ཅིང་གྲོལ་བར་བྱེད་པས་རྟའི་ཁྲིའོ། །འདིས་ཉོན་མོངས་པ་དང་ལས་ལ་སོགས་པ་མ་སྤངས་པར་དབང་དུ་བྱེད་པས་རྨ་བྱའི་ཁྲིའོ། །གདུལ་བྱ་ཐམས་ཅད་འཕྲིན་ལས་སྣ་ཚོགས་ཀྱིས་ཆགས་པ་དང་ཐོགས་པ་མི་མངའ་་བར་འདུལ་བས་ནམ་མཁའ་ལྡིང་གི་ཁྲིའོ། །ཡང་གསང་སྔགས་ཀྱི་ཚུལ་གྱིས་གོ་འཕང་དབང་གིས་བགྲོད་པ་ཡིན་པ་ལ། གོ་འཕང་ཐོབ་ནས་ཀྱང་དབང་རྫོགས་པའི་ངོ་བོར་གནས་ཏེ། དེ་བས་ན་དབང་གི་ཕྱག་རྒྱར་གྱུར་པ་ནི་གདན་ཁྲིའོ། །དབང་བསྐུར་བའི་དུས་སུ་གདན་ཁྲི་རིམ་པར་ཤོམ་པ་དང་། ཚོགས་ཀྱི་དཀྱིལ་འཁོར་གྱི་དུས་སུ་དབང་དང་ལྡན་མི་ལྡན་གྱི་རིམ་པས། ལ་ལ་དག་ལ་སེང་གེ་རྡོ་རྗེས་མཚན་པའི་གདན་དང་། དེ་བཞིན་དུ་རིམ་པས་པདྨ་དང་། རིན་པོ་ཆེ་དང་། ཉི་མ་དང་། ཟླ་བ་ཕྱེད་པ་དང་། གང་ཟག་གི་སྟན་ནང་མ་ལ་སོགས་པ་སྟན་རིམ་པར་གདིང་བར་བཤད་པ་ཡང་། བདག་གི་རིམ་པས་གདིང་བར་གསུངས་པ་དང་། རྣལ་འབྱོར་པ་བདེ་བར་གཤེགས་པ་ཉིད་ཀྱིས་དབང་བསྐུར་བའི་དུས་སུ་ཡང་། འདི་སྐད་དུ། རབ་དགྱེས་རྒྱལ་པོ་བདེ་ཐོབ་ཏུ། །སེང་གེའི་གདན་རབ་འཇོག་བྱེད་ཅིང་། །བཞི་དང་བཞི་ཡི་མཆོག་ཉིད་ཀྱིས། །དེ་ཡི་ཁྲིད་པར་དབང་བསྐུར་རོ། །ཞེས་གསུངས་པ་ལྟ་བུ་དབང་གི་ཕྱག་རྒྱ་གདན་ཁྲིར་བསྟན་ཏེ། དེ་ལ་ཉན་པའི་དབང་ཐོབ་པས་བཀའ་རབ་འབྱམས་ཐོས་པའི་སྐལ་བ་དང་ལྡན་པར་གྱུར་པ་ན། ཐེག་པ་མཐའ་དག་གི་ལྟ་བ་དང་། སྤྱོད་པ་དང་དེའི་གྲོགས་སྡོམ་པ་དག་ལ་མི་སྐྲག་ཅིང་མི་འཇིགས་པ་ཐོབ་པས། དེའི་ཕྱིར་ཕྱག་རྒྱར་གྱུར་པ་ནི་མི་འཇིགས་པ་སེང་གེའི་ཁྲིའོ། །དེ་བཞིན་དུ་སྒོམ་ཞིང་སྒྲུབ་པའི་དབང་ཐོབ་པས། གྲུབ་པར་བྱ་བའི་ཆོས་ཐམས་ཅད་འགྲུབ་པའི་ནུས་པའི་སྟོབས་དང་ལྡན་པས་གླང་པོ་ཆེའི་ཁྲིའོ། །འཆད་པའི་དབང་ཐོབ་པས། གདུལ་བྱའི་རྒྱུད་གྲོལ་བར་བྱེད་ཅིང་ཆོ་འཕྲུལ་དང་ལྡན་པས་རྟའི་ཁྲིའོ། །རྡོ་རྗེ་རྒྱལ་པོའི་དབང་ཐོབ་པས། ཐམས་ཅད་ལ་མངའ་བརྙེས་པའི་ཕྱིར་རྨ་བྱའི་ཁྲིའོ། །ལས་ཀྱི་དབང་ཐོབ་པས། འགྲོ་བའི་དོན་བྱ་བ་ལ་ཐོགས་པ་མེད་པའི་ཕྱིར་ནམ་མཁའ་ལྡིང་གི་ཁྲིའོ། །འབྲས་བུ་ཆེ་བའི་ཡོན་ཏན་གྱི་རྟགས་སུ་བསྟན་པ་ནི། ཇི་སྐད་དུ། སྐུ་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །ཐུགས་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་འགྲོ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་ཕྱུག་མཐར་ཕྱིན་རྒྱལ་བའི་ཚུལ། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་རྣམ་བཞིས་སྐྱེ་བཞི་སྒྲོལ། །དེ་གྲུབ་རྟགས་སུ་མཁའ་ལྡིང་ཁྲི་ལ་བཞུགས། །ཞེས་གསུངས་པ་ལྟ་བུ་སྟེ། དེར་ནི་སྐུ་གཙོ་བོར་བསྟན་པའི་སྐབས་ཡིན་ལ། འདིར་ནི་ཐུགས་གཙོ་བོར་སྟོན་པས་རྡོ་རྗེའི་རིགས་དང་སེང་གེའི་ཁྲིར་སྦྱར་རོ། །འཁོར་ལོ་དང་པདྨ་དང་ཉི་ཟླའི་གདན་དུ་བསྟན་པ་རྣམས་ནི། སྲིད་པའི་འཁོར་ལོ་ཟིལ་གྱིས་གནོན་པ། ཆོས་ཀྱི་འཁོར་ལོ་ཞེས་གཞུང་སྤྱི་ལས་གྲགས་པ་ཡིན་ལ། སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་འབྲས་བུའི་ཆོས་སུ་གྲགས་ཏེ། འཁོར་ལོ་ནི་དཀྱིལ་འཁོར་གྱི་ཕྱག་རྒྱར་གྲགས་སོ། །པདྨ་ནི་འཕགས་པ་ཐམས་ཅད་ལ་འཁོར་བའི་སྐྱོན་གྱིས་མ་གོས་པ་དང་། ཐེག་པ་ཆེན་པོ་པ་རྣམས་ཀྱང་མཐའ་རྣམ་པ་གཉིས་ཀྱི་སྐྱོན་གྱིས་མ་གོས་པའི་ཕྱག་རྒྱར་བཤད་དོ། །ཉི་ཟླ་ནི་ཐབས་དང་ཤེས་རབ་རང་བཞིན་གྱིས་འོད་གསལ་བའི་ཕྱག་རྒྱའོ། །རིན་པོ་ཆེ་ཞེས་བྱ་བ་ནི་གདན་ཁྲི་དེ་ཉིད་ཡེ་ཤེས་རིན་པོ་ཆེའི་རྒྱུ་ལས་གྲུབ་པའི་རང་བཞིན་དུ་བཤད་དེ། རིན་པོ་ཆེའི་གདན་ཉིད་གུད་དུ་བསྟན་པ་ནི་མེད་དོ། །སྒྱུ་འཕྲུལ་ལེ་ལྷག་ལས་ཀྱང་། རེ་བ་ཡིད་བཞིན་སྐོང་བའི་ཕྱིར། །ཡིད་བཞིན་རིན་ཅེན་འབར་བའི་གནས། །ཞེས་བཤད་ཀྱི་གདན་ཞེས་ནི་མ་བཤད་དོ། །མདོ་སྡེ་ལས་ཀྱང་། རྡོ་རྗེ་རིན་པོ་ཆེའི་ཁྲི་ལ་ཞེས་བཤད་དེ། ནོར་བུ་རིན་པོ་ཆེ་ཟུར་དུ་གདིང་བར་ནི་མ་བཤད་དོ། །འདི་དག་ནི་གནས་ཕུན་སུམ་ཚོགས་པ་ཞེས་བཤད་པ་སྟེ། དེ་ཡང་གཞུང་ཕལ་པ་ལྟར་མཐུན་སྣང་ཕྱོགས་གཅིག་གི་དབང་དུ་བྱས་པའི་ལྷ་དང་མིའི་འཇིག་རྟེན་དུ་གྲགས་པའི་ཕྱོགས་ཤིག་བཟུང་བ་མ་ཡིན་གྱི། མཐའ་དང་དབུས་མེད་པ་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། ཆོས་ཀྱི་དབྱིངས་ཀྱི་གཟུགས་བརྙན་དུ་གྱུར་པ་ཡེ་ཤེས་ཆེན་པོའི་འཕྲུལ་པར་སྟོན་པས་ཐུན་མོང་མ་ཡིན་པའོ། །ད་ནི་སྟོན་པ་འདི་ལྟ་བུ་གནས་འདི་ལྟ་བུ་ན་ཚུལ་འདི་ལྟར་བཞུགས་སོ་ཞེས་བསྟན་པའི་ཕྱིར། སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྐབས་འདིར་རིགས་ཐམས་ཅད་ཀྱི་སྤྱིའི་རིགས་དྲུག་པར་གྲགས་པ། ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཀྱི་རིགས་དེ་ཉིད་འགྲོ་བ་འདུལ་བའི་ཐབས་ཀྱིས་རིགས་རྣམ་པ་ལྔ་ལྟ་བུར་སྣང་བར་འདོད་དེ། ཇི་ལྟར་དཔལ་སངས་རྒྱས་མཉམ་སྦྱོར་ལས། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱང་ཆུབ་སེམས་ཀྱི་རིགས་དང་པོར་གསུངས་ནས། དེ་ནས་འགྲོ་བ་འདུལ་བའི་ཐབས་ཀྱིས་དེ་ཉིད་རིགས་ལྔར་སྣང་བ་ཡང་། ཡང་དག་གྲུབ་པ་གཅིག་པུ་ཉིད། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། དེ་བས་ན་གཟུགས་ཀྱི་སྐུའི་མཚན་མ་བསྟན་པའི་སྐབས་འདིར། ཀུན་ཏུ་བཟང་པོའི་སྐུའི་མཚན་མ་ཞིག་མ་སྨོས་པས། སྟོན་པའི་བདག་ཉིད་ཀྱང་རིགས་རྣམ་པ་ལྔ་ཡིན་ནམ་སྙམ་དུ་ཐེ་ཚོམ་ཟ་བར་མི་བྱའོ། །གང་གི་ཕྱིར་སངས་རྒྱས་ཐམས་ཅད་བདག་ཉིད་ཐ་མི་དད་པར་ཡོད་ཀྱང་། ཞིང་དང་སྤྱོད་ཡུལ་ཇི་ལྟར་སྟོན་པ་དེ་ལྟར་སྟོན་པའི་བདག་ཉིད་ཀྱང་མཚན་དང་ཡོན་ཏན་དེ་ལྟར་སྟོན་ཏེ། དཔེར་ན་སངས་རྒྱས་ཀྱི་ཞིང་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་གྲགས་པ་དེ་ཉིད་ཀྱི་མཚན་གྱི་ཁྱད་པར་དོན་ཡོད་གྲུབ་པ་དང་། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པའང་ཡིན་མོད་ཀྱི། གང་གི་ཚེ་སངས་རྒྱས་ཀྱི་ཞིང་སྙིང་པོ་བྱང་ཆུབ་ཀྱི་གཞི་དང་། སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ན་བཞུགས་པར་སྟོན་ཅིང་། སངས་རྒྱས་ཀྱི་ཞིང་གི་བཀོད་པ་རྒྱ་མཚོ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་དེའི་ཚེ། སྟོན་པའི་བདག་ཉིད་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་སྟོན་ནོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔ་དང་། ཀུན་ཏུ་བཟང་པོའི་རང་བཞིན་དབྱེར་མེད་པ་ཡིན་ཡང་། གང་གི་ཚེ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ན་ཐམས་ཅད་ཀྱི་བདག་ཉིད་དུ་བཞུགས་པར་སྟོན་ཅིང་། ཆོས་ཐམས་ཅད་དབྱེར་མེད་པར་འབྲས་བུའི་ཆོས་སུ་སངས་རྒྱས་པར་སྟོན་ཅིང་དེའི་མཛད་པ་སྟོན་པའི་ཚེ། ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རིགས་སྟོན་པའི་བདག་ཉིད་ཡིན་པར་རིག་པས་འོས་ཤིང་བཀའ་ལས་ཀྱང་འབྱུང་བ་ཡིན་ནོ། །དེ་ལ་སྐུ་མདུན་དང་རྒྱབ་མེད་པར་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡང་རྒྱབ་ཀྱིས་ཕྱོགས་པར་མི་བཞུགས་པ་ཡིན་མོད་ཀྱི། འདིར་ནི་ཕྱོགས་དང་དུས་ཆད་པ་མེད་པར་ཀུན་ཏུ་ཞལ་གྱི་རང་བཞིན་དུ་བཞུགས་པའི་དོན་ནོ། །མཚན་དང་དཔེ་བྱད་དུ་བསྟན་པ་ཞེས་བྱ་བ་ནི། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ལ་སོགས་པ་ཐུན་མོང་དུ་གྲགས་པ་རྣམས་དང་། ཡེ་ཤེས་ཆེན་པོའི་རྟགས་སུ་གྱུར་པའི་སེམས་དཔའ་དང་སེམས་མའི་ཕྱག་རྒྱར་སྣང་བའོ། །ཅིའི་ཕྱིར་མཚན་དང་དཔེ་བྱད་ཅེས་བྱ་ཞེ་ན། དགེ་ཤིས་ཀྱི་རྟགས་སུ་གྱུར་པ་དང་། གསལ་བར་སོ་སོར་འབྱེད་པའི་ཕྱིར་རྒྱན་དུ་འགྱུར་བས་དེ་སྐད་ཅེས་བྱའོ། །དེ་ཡང་མེ་ཏོག་དང་ཟེའུ་འབྲུ་ལྟ་བུ་སྟེ། ཟེའུ་འབྲུ་ཉིད་ཀྱང་མེ་ཏོག་གི་ཁོངས་སུ་འདུས་པ་ཡིན་མོད་ཀྱི། མེ་ཏོག་གི་བྱེ་བྲག་ཏུ་གྱུར་པ་ཟེའུ་འབྲུ་དེ་ཉིད་ཀྱིས་མེ་ཏོག་གི་སྤྱི་གསལ་ཞིང་འབྱེད་པར་བྱེད་པ་བཞིན་ནོ། །བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ་ཞེས་བྱ་བ་ནི། སྤྲུལ་པ་ཐམས་ཅད་ཀྱི་འབྱུང་གནས་སུ་སྟོན་པའོ། །ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ནི་བགྲོད་པར་བྱེད་པའི་ཕྱིར་ཞབས་སོ། །དེའི་ཕྱག་རྒྱ་ཡང་ཞབས་གཉིས་ཉིད་ཡིན་ནོ། །བརྟུལ་ཞུགས་ནི་སྐྱིལ་མོ་ཀྲུང་སྟེ་མཉམ་པ་ཉིད་ལ་བཞུགས་པའི་བརྟུལ་ཞུགས་སོ། །ཡེ་ཤེས་དྲུག་གི་ཕྱག་ཅེས་སྨོས་པ་ལ། ཐུན་མོང་དུ་གྲགས་པའི་ཡེ་ཤེས་བཞི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་ལྔ་ནི་སངས་རྒྱས་ཀྱི་སའི་ཆོས་ལྔར་གྲགས་སོ། །རྒྱུད་ཁ་ཅིག་ལས། དབྱིངས་ཉིད་ཀྱང་ཡེ་ཤེས་སུ་གྲགས་པས་ཡེ་ཤེས་རྣམ་པ་ལྔའོ། །རྒྱུད་ཁ་ཅིག་ལས། ཡུལ་དང་ཡུལ་ཅན་གཉིས་དབྱེར་མེད་པའི་ཚུལ་གྱིས་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་དྲུག་ཏུ་གྲགས་སོ། །ཡེ་ཤེས་དེ་དག་ཉིད་དོན་ལ་འཇལ་བར་བྱེད་པའི་ཕྱིར་དང་། བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ཕྱིར་དང་། ཀུན་ཏུ་སྤྱོད་པའི་ཕྱིར་ཕྱག་ཡིན་ཏེ། དེའི་རྟགས་ཀྱང་ཕྱག་ཉིད་དོ། །ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན་ཞེས་བྱ་བ་ནི། ཕྱག་རྒྱ་ནི་མཚོན་པར་བྱེད་པ་སྟེ། ཞིབ་ཏུ་གོང་དུ་ཕྱག་རྒྱ་བསྟན་པའི་སྐབས་སུ་བཤད་པ་བཞིན་ནོ། །དེ་དག་གང་ཡིན་པ་ནི། རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་རིགས་ལྔ་ཡེ་ཤེས་ལྔའི་མཚན་མར་གྱུར་པ་རྣམ་པ་ལྔ་དང་། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་སྟེ་དྲིལ་བུ་རྣམས་སོ། །འདི་དག་ཀྱང་ཡེ་ཤེས་ཆེན་པོ་ཉིད་རིན་པོ་ཆེ་ལས་གྲུབ་པའི་མཚན་མ་རྣམས་སུ་བྱིན་གྱིས་རླབ་པའོ། །སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ་ཞེས་བྱ་བ་ལ། གདུལ་བྱའི་དབང་གིས་རང་བཞིན་སྣ་ཚོགས་སུ་སྣང་བས་བསམ་གྱིས་མི་ཁྱབ་པའོ། །རྣམ་པ་གཅིག་ཏུ་སྐུ་ནི་སྟོང་པ་ཉིད་དང་གསུང་ནི་མཚན་མ་མེད་པ། ཐུགས་ནི་སྨོན་པ་མེད་པ་སྟེ། འདི་དག་མངོན་པར་འདུ་མི་བྱེད་པས་བསམ་པའི་ཡུལ་ལས་འདས་པས་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའོ། །དེ་ཉིད་ཡོན་ཏན་གྱི་དབང་པོ་ཐམས་ཅད་ཀྱི་སྒོ་དང་གཞིར་གྱུར་པས་དབུ་ཡིན་ཏེ། དེའི་རྟགས་སུ་གྱུར་པ་ཡང་དབུ་ཉིད་དེ། དེ་ལྟ་བུ་དང་ལྡན་པ་ཡང་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་རྣམས་སོ། །དེ་ལ་བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པའི་སྒྲ་ནི་སྔར་བཤད་ཟིན་ཏོ། །རྣམ་པར་ཤེས་པའི་རྒྱལ་པོ་ནི། རྡོ་རྗེ་མི་བསྐྱོད་པའོ། །དེ་བཞིན་དུ་གཟུགས་ཀྱི་རྒྱལ་པོ་ལ་སོགས་པ་དང་རྣམ་པར་སྣང་མཛད་ལ་སོགས་པ་ལ་ཡང་ཇི་ལྟར་གྲགས་པ་བཞིན་སྦྱར་བར་བྱའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་ལྔ་པོ་རྣམས་སྟོན་པར་བྱེད་པ་ལ་ཕུང་པོ་ལྔའི་མཚན་ནས་བརྗོད་པ་འདི་ཅི་ཞིག་ཅེ་ན། འདི་ནི་འགྲོ་བ་རྣམས་ཀྱི་ཕུང་པོ་ལྔ་ཉིད་རྒྱལ་བ་རིགས་ལྔ་པོ་ཡེ་ནས་ཡིན་ཏེ། ཆོས་ཀྱི་རང་བཞིན་དེ་ལྟ་བུ་ཡིན་ཡང་ཐུན་མོང་གི་མདོ་རྣམས་སུ་ནི། ཕུང་པོ་སངས་རྒྱས་ཀྱི་རྒྱུ་ཅན་དུ་བཤད་པ་དང་། ཕུང་པོའི་དེ་བཞིན་ཉིད་སངས་རྒྱས་སུ་བཤད་པའོ། །གསང་སྔགས་ཀྱི་ཚུལ་ཁ་ཅིག་ཏུ་ཡང་ཐ་མལ་པའི་རྣམ་པར་རྟོག་པ་བཟློག་པར་བྱ་བའི་ཕྱིར། ཕུང་པོ་སངས་རྒྱས་སུ་ཤེས་ཤིང་བསྒོམ་པར་བྱ་བར་བསྟན་པ་དག་ཀྱང་ཡོད་དོ། །ངེས་པའི་དོན་གྱི་མདོ་སྡེ་དང་གསང་སྔགས་ཀྱི་ཚུལ་ཟབ་མོ་དག་ལས་ནི། སེམས་ཅན་དང་སངས་རྒྱས་དབྱེར་མེད་ཅིང་ཕུང་པོ་ལྔ་སངས་རྒྱས་གྲངས་མེད་པ་ཡིན་པར་བསྟན་ཏེ། ཇི་སྐད་དུ་སྡོང་པོ་བཀོད་པའི་མདོ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་པ་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་བྱ་བ་དང་། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །གསང་སྔགས་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་ལས་གསལ་བར་གསུངས་ཏེ། འདི་ནི་ལུང་དང་མན་ངག་གིས་གྲུབ་པའོ། །རིགས་པས་ཀྱང་ལེགས་པར་གྲུབ་སྟེ། དེ་ལ་རིགས་པ་ཞེས་བྱ་བ་ནི་ནྱ་ཡ་ཞེས་བྱ་བ་ནྱ་ཡ་སྟེ། རང་བཞིན་ནམ་ངང་ཚུལ་ལ་ཡང་འཇུག་པས་དངོས་པོའི་རང་བཞིན་ཇི་ལྟར་གནས་པ་ལ་རིགས་པ་ཞེས་བྱའོ། །ཡང་ཡུག་ཏི་ཞེས་བྱ་བ་ཡང་ཡུག་ཏ་སྟེ། ཆོས་དང་ལྡན་པས་རིག་པ་ཞེས་བྱའོ། །དེ་ལྟར་ན་དོན་རང་རང་གི་ངང་ཚུལ་ཇི་ལྟར་གནས་པ་དང་། དེ་དང་མཐུན་པའི་བློ་གཉིས་ཀ་ལ་ཡང་རིགས་པའི་སྒྲ་འཇུག་པས། ཆོས་རྣམས་ཀྱི་མཚན་ཉིད་དང་དེ་དང་མཐུན་པའི་བློ་གཉིས་ཀ་ལ་ཡང་འཇུག་པར་ཤེས་པར་བྱའོ། །སྐད་ཀྱི་བྱིངས་དང་སྦྱར་ན་ནྱ་ཡ་ནི་ཐོབ་པར་བྱེད་པ་སྟེ། མི་འཇིགས་པ་ཐོབ་པའི་ཕྱིར་རིགས་པ་ཞེས་བྱའོ། །ཡུག་ཏི་ནི་སྦྱོར་བ་ལེགས་པ་སྟེ། ཚིག་གི་སྦྱོར་བ་ལེགས་པའི་དོན་ལ་འཇུག་གོ །ནྱ་ཡ་ནི་གནོད་པ་མེད་པ་ལ་ཡང་འཇུག་པ་སྟེ། པྲ་ཏི་བ་ད་ཅེས་བྱ་བ་ཡང་གནོད་པ་མེད་པའི་དོན་ཡིན་པས། བློ་དང་སྒྲ་གང་ལ་ཡང་དོན་དང་འགལ་བའི་གནོད་པ་མེད་པ་དང་། དོན་ལེགས་པར་སྒྲུབ་པར་བྱེད་པའི་ནུས་པ་དང་ལྡན་པ་གང་ཡིན་པ་དེ་ནི་རིགས་པ་ཞེས་བྱའོ། །དེ་ལྟ་བུ་ཤེས་པ་གང་གི་དོན་གང་མཚན་མ་དང་རྟགས་སུ་བྱས་པ་དེ་ལ་ཡང་རིགས་པ་ཞེས་བྱ་བའི་སྒྲ་འཇུག་སྟེ། འདི་དག་ནི་རིགས་པ་ཐམས་ཅད་ཀྱི་སྤྱིར་ཤེས་པར་བྱའོ། །དེ་ལས་འདིར་ནི་ཆོས་ཉིད་དང་བྱ་བ་བྱེད་པ་དང་ལྟོས་པ་དང་འཐད་པ་བསྒྲུབ་པའི་རིགས་པ་ཞེས་བྱ་བ་རྣམ་པ་བཞི་ཅར་གྱིས་ཀྱང་སྒྲུབ་ཏུ་རུང་བ་ཡིན་མོད་ཀྱི། ཐོས་པ་ཆུང་ཞིང་བློ་དམན་པ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཆོས་ཉིད་དང་མཐུན་པའི་གཏན་ཚིགས་འགའ་ཞིག་བརྗོད་པར་བྱའོ། །དེ་ལ་རིགས་པ་རྣམས་ཀྱི་སྤྱིའི་འཇུག་ཚུལ་ཡང་ཕལ་ཆེར་བརྒྱུད་ནས་འཇུག་པར་ཤེས་པར་བྱ་སྟེ། རྣམ་པར་བཞག་པ་དང་པོ་ཁོ་ནས་གྲུབ་པ་མེད་པར་ཤེས་པར་བྱའོ། །དེ་ཡང་རིག་བྱེད་ཀྱི་གནས་ལས། ཇི་ལྟར་སྐྱེས་བུ་གནས་སུ་བགྲོད་པར་འདོད་པ་ཡིས། །མཁས་པ་གོམ་པ་སྔ་མ་མ་བརྟན་བར་དུ་གཞན་མི་འདོར། །དེ་བརྟན་གྱུར་ནས་དེ་བཞིན་རིམ་པས་བརྟན་བྱེད་པ། །རྣམ་པར་ལྟུང་བར་དཀའ་ཞིང་བདེ་བར་གནས་སུ་ཕྱིན་པར་འགྱུར། །དེ་བཞིན་བློ་ལྡན་རིགས་པ་སྔ་མ་མ་བརྟན་བར་དུ་གཞན་མི་སྒྲུབ། །དེ་བརྟན་གྱུར་ནས་དེ་བཞིན་རིམ་པས་བརྟན་པར་སྒྲུབ་བྱེད་པ། །སྐྱོན་གྱི་གཡང་སར་མི་ལྟུང་བདེ་བར་དོན་རྣམས་རྟོགས་པར་འགྱུར། །ཞེས་བཤད་པ་ལྟ་བུའོ། །དེ་ལ་རིགས་པ་དག་པར་བྱེད་པའང་རིག་བྱེད་ལས། རྫས་ལ་ཆུ་ཡིས་དག་པར་བྱེད། །དེ་ཡང་སྔགས་ཀྱི་རྣམ་པར་དག །དེ་ཡང་དུས་ཚོད་མཉམ་པས་འདག །དེ་བཞིན་རིགས་པ་ལུང་གིས་ཏེ། །ལུང་ནི་ལྟོས་པས་དག་པར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། དཔེར་ན་རྫས་དག་པར་བྱེད་པ་ཆུ་ཡིན་ཡང་། ཆུ་ཉིད་དག་པར་བྱེད་པ་སྔགས་ཡིན་ནོ། །སྔགས་ཉིད་དག་པར་བྱེད་པ་དུས་ཚོད་མཉམ་པ་ཞེས་བྱ་བ་རྫས་ཉིད་ལ་བརྟེན་པའི་ཆོ་ག་ཉམས་པ་མེད་པ་དེ་བཞིན་དུ། དོན་ལ་འཇུག་པའི་བློ་དག་པར་བྱེད་པ་རིག་པ་ཡིན་ཀྱང་། རིགས་པ་དག་པར་བྱེད་པ་ལུང་ཡིན་ནོ། །ལུང་ཉིད་དག་པར་བྱེད་པའང་ལུང་རྣམས་ལྟོས་པ་ལས་གྲུབ་ཅིང་སྐྱེས་པའི་རིགས་པའི་བློ་མ་ཉམས་པ་ཉིད་ཡིན་ནོ། །འདི་ལྟ་བུ་ཡང་རིགས་པ་ཐམས་ཅད་ཀྱི་དག་བྱེད་ཡིན་པར་ཤེས་པར་བྱའོ། །ད་ནི་སྐབས་ཀྱི་གཞུང་ཉིད་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་ཐུན་མོང་དུ་ན་འགྲོ་བ་རྣམས་ཀྱིས་མཐུན་པར་མངོན་དུ་བྱས་པའི་ཆུ་ཀླུང་ཞིག་ལ། གཤེར་བར་འབབ་པར་མཐོང་བར་མཐུན་ཡང་། ཡི་དྭགས་རྣམས་ཀྱིས་ནི་རྣག་ལ་སོགས་པ་ཡོངས་སུ་མ་དག་པའི་ཆུ་ཀླུང་ཞིག་ཏུ་འབབ་པར་མཐོང་ངོ་། །མི་རྣམས་ཀྱིས་ནི་དག་ཅིང་དང་ལ་དྲི་མ་མེད་ཅིང་ལྟོ་བ་དང་མགྲིན་པ་ལ་མི་གནོད་ལ་དབང་པོའི་རྒྱུན་རྒྱས་པར་བྱེད་པ་ཞིག་ཏུ་མཐོང་ངོ་། །ཞིང་དག་པ་ན་གནས་པའི་འགྲོ་བ་རྣམས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་བདུད་རྩིའི་ཆུ་བོ་དབང་པོའི་རྒྱུན་ཤིན་ཏུ་ཡང་རྒྱས་པར་བྱེད་ཅིང་ནད་རྣམས་ཀྱང་མེད་པར་བྱེད་ལ། སྒྲིབ་པ་མ་ཟད་ཀྱི་བར་དུ་འཇུ་བར་ཡང་མི་འགྱུར་ཞིང་། ནམ་སྒྲིབ་པ་ཟད་པར་བྱས་ནས་སངས་རྒྱས་ཀྱི་མཛད་པ་ཡོངས་སུ་གྲུབ་སྟེ་འཇུ་བར་མཐོང་ངོ་། །འདི་རྣམས་རྩོད་པ་འགྱེད་པ་ན། ཀུན་གྱིས་གཤེར་བར་མཐོང་བ་མཐུན་པའི་ཕྱིར་རོ། །ཆུ་ཡིན་ནམ་མ་ཡིན་པའི་རྩོད་པའི་གཞི་མེད་དོ། །མ་དག་པའི་ཆུ་དང་དག་པའི་ཆུ་དང་ཤིན་ཏུ་རྣམ་པར་དག་པའི་ཆུ་རྣམས་མཐོང་བ་ཐ་དད་པས། དེའི་ཕྱིར་སོ་སོ་རང་རང་གི་མངོན་སུམ་གྱིས་གྲུབ་པ་ཚད་མར་བྱས་ནས་མཚན་ཉིད་གཞན་དུ་འགལ་བར་རྒོལ་བར་བྱེད་དོ། །དེ་རྣམས་ལ་གཟུ་བོའི་བློས་གཞལ་བར་བྱས་ན། ཇི་ལྟ་ཇི་ལྟར་མཐོང་བ་དག་པ་དེ་ལྟ་དེ་ལྟར་བདེན་པ་ཡིན་ཏེ། སྒྲིབ་པའི་དྲི་མ་དག་པ་རྣམས་ཀྱི་དབང་པོ་རྣམས་ཀྱི་ཡུལ་ཡིན་པའི་ཕྱིར་དང་། ལྟོས་ཏེ་རྣམ་པར་བཞག་ན་བརྟན་ཞིང་མི་བསླུ་བའི་ཕྱིར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདི་ཡང་བཙུན་པ་ཤཱ་རིའི་བུ་ན་རེ། བདག་གིས་ས་ཆེན་པོ་འདི་མཐོ་དམན་དང་གཡང་ས་དང་ལྗན་ལྗིན་གྱིས་གང་བར་མཐོང་ངོ་ཞེས་ཟེར་རོ། །སངས་རྒྱས་མྱ་ངན་མེད་པའི་ཞིང་ཁམས་ནས་འོངས་པའི་ཚངས་པ་རལ་པ་ཅན་ན་རེ། བདག་གིས་ནི་བཅོམ་ལྡན་འདས་ཀྱི་ཞིང་འདི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ། ཡོངས་སུ་དག་པར་མཐོང་ངོ་ཞེས་ཟེར་ཏེ་དེ་གཉིས་རྩོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ། སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པ་མཛད་པས། ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་ཅེན་རྒྱན་བཀོད་པའི་ཞིང་ཁམས་བཞིན་དུ། ཤིན་ཏུ་རྣམ་པར་དག་པར་མཐོང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཡི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ་ཁྱེད་རྣམས་ཀྱིས་མི་མཐོང་ངོ་ཞེས་གསུངས་སོ། །འདི་ལྟར་རྩོད་པའི་དུས་ན་ཡང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་ཁམས་གླིང་བཞི་པའི་འཇིག་རྟེན་ཡིན་པ་ནི་མཐོང་བ་མཐུན་པས་འདི་ལ་རྩོད་པ་མི་བྱེད་དོ། །ཞིང་དག་པ་ཡིན་པ་དང་མ་ཡིན་པ་ལ་རྩོད་པ་ན། བཅོམ་ལྡན་འདས་ཀྱིས་ཤིན་ཏུ་དག་པ་ཡིན་པར་བསྟན་ཏོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་འདི་ཉིད་དག་ལ་ཡང་། སེམས་ཅན་དམྱལ་བ་ཡན་ཆད་ནས། ས་ཆེན་པོ་ལ་དབང་སྒྱུར་བའི་བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པ་མན་ཆད་ཀྱང་ཐུན་མོང་དུ་ལུས་དང་གནས་དང་སྤྱོད་ཡུལ་དུ་སྣང་བ་མ་ལོག་པར་སྣང་བས། འདི་ལ་ནི་རྩོད་པར་མི་བྱེད་དོ། །མ་དག་པ་དང་དག་པ་དང་ཡོངས་སུ་དག་པ་རྣམས་སུ་སྣང་བ་ལ་མི་མཐུན་པས། རང་རང་གིས་མངོན་སུམ་གྱིས་གྲུབ་པ་ཚད་མར་བྱས་ནས། མཚན་ཉིད་གཞན་དུ་འགལ་བར་རྩོད་པར་བྱེད་དེ། དེ་ཡང་གཟུ་བོའི་བློས་རྣམ་པར་གཞག་ན། ཇི་ལྟར་དག་པ་ལྟར་རིག་པ་ཆེ་བ་ནི་སྔ་མ་བཞིན་ནོ། །དེ་ལ་མ་དག་པའི་ལུས་ནི་ལས་ཀྱི་རྣམ་པར་སྨིན་པའི་ལུས་དང་ངག་དང་ཡིད་དུ་སྣང་བའོ། །དག་པའི་ལུས་ནི་ལས་ལ་དབང་ཐོབ་པ་རྣམས་ཀྱི་སྨོན་ལམ་ལས་གྲུབ་པའི་ལུས་དང་ངག་དང་ཡིད་དུ་སྣང་བའོ། །ཤིན་ཏུ་རྣམ་པར་དག་པ་ནི་རྒྱལ་བ་རྣམས་ཀྱི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བའོ། །འདི་རྣམས་ནི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་དང་མཐུན་པར་རིགས་པ་གཞག་པའོ། །རྣལ་འབྱོར་སྤྱོད་པ་བ་ལ་སོགས་པ་ཐམས་ཅད་སེམས་སྣང་བར་འདོད་པ་དང་མཐུན་པར་བསྒྲུབ་པར་བྱས་ན། ལུས་དང་གནས་དང་སྤྱོད་ཡུལ་དུ་སྣང་བ་ཐམས་ཅད་ཀྱང་དོན་གུད་ན་རྫས་སུ་མེད་དེ། སེམས་ཉིད་སྣང་བ་ཡིན་པར་ཐུན་མོང་དུ་གྲུབ་པ་ཡིན་ནོ། །རིགས་པ་དེ་བརྟན་པར་གྲུབ་པ་རྣམས་ལ་སེམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དོ། །དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ས་བོན་ཐམས་ཅད་པ་རྐྱེན་སྣ་ཚོགས་་དང་མཐུན་པ་ཡིན་པར་གྲུབ་བོ། །དེ་བརྟན་པར་གྲུབ་པ་རྣམས་ལ་དེ་ཡང་ཀུན་གཞི་སྐད་ཅིག་མའི་རྒྱུན་གྱི་དབང་དུ་བྱས་ཏེ། ཆོས་ཐམས་ཅད་དུ་སྣང་བ་དང་ས་བོན་ཐམས་ཅད་པ་ཡིན་པར་བ་སྒྲུབ་པ་ནི་མ་ཡིན་གྱི། ཀུན་གཞི་སྐད་ཅིག་མ་བྱུང་ལ་མ་འགགས་པའི་སྐད་ཅིག་མ་སྣང་བ་ཐམས་ཅད་པ་ས་བོན་ཐམས་ཅད་པ་ཡིན་ཏེ། འདི་ལྟར་གཞུང་ལས་ཀྱང་། རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལ་མཚན་མ་ཐ་དད་འཛིན་པས་ན། །ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གི་རིགས་ལ་དུ་མ་མེད། །དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས། །དེ་ལ་བསམ་པ་ཞེན་ཕྱིར་ཕྱི་མ་དེ་འབྱུང་དེ་ལ་སྣང། །ཞེས་གསུངས་པ་ལྟ་བུ་དང་། དེ་ཉིད་ལས། དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་བདག་གི་ལུས། །བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོའི་ལུས་སུ་རབ་སྣང་ཡང་། །སེམས་དང་བག་ཆགས་གཅིག་མིན་ཐ་དད་མ་ཡིན་བརྟག་པར་རབ་ཏུ་དཀའ། །ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་རྣམ་པར་ཤེས་པ་ཐམས་ཅད་ནི་རིགས་གཅིག་པ་སྟེ། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པའི་རིགས་སོ། །ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་ཐམས་ཅད་རིགས་གཅིག་པ་མ་ཡིན་ན་ནི། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུ་ལས་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་དམིགས་པ་དང་རྣམ་པ་ཡོངས་སུ་ཆད་པའི་རྣམ་པར་ཤེས་པ་ཐམས་ཅད་ཀུན་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་རིགས་ལས་གུད་ན་མེད་པའི་ཕྱིར་ཡུལ་ཡོངས་སུ་ཆད་བའི་སྣང་བ་ཐམས་ཅད་ཀྱང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའི་ཀུན་གཞིའི་རྣམ་པར་ཤེས་པའི་སྣང་བ་ལས་གུད་ན་མེད་དོ། །ཕྱོགས་དང་དུས་ཡོངས་སུ་ཆད་པར་སྣང་བ་རྣམས་ཀྱང་། དཔེར་ན་མེ་ལོང་གི་གཟུགས་བརྙན་ཡུལ་ཕྱོགས་ཡོངས་སུ་ཆད་པར་སྣང་བ་དང་། རྨི་ལམ་གྱི་དུས་སྔ་ཕྱི་ཡོངས་སུ་ཆད་པར་སྣང་བ་བཞིན་ནོ། །དེ་བས་ན་དོན་འདིར་འགྱུར་ཏེ། འགྲོ་བ་མིར་འགྱུར་པའི་ཀུན་གཞིའི་རྣམ་པར་ཤེས་པའི་སྣང་བ་ནི་རང་གི་དབང་པོས་མངོན་སུམ་དུ་བྱས་པའི་ཡུལ་འབའ་ཞིག་ཏུ་མ་ཟད་ཀྱི། སེམས་ཅན་དམྱལ་བའི་གནས་དང་། དེ་བཞིན་དུ་ཡི་དྭགས་དང་། དུད་འགྲོ་དང་། ལྷ་ལ་སོགས་པའི་སྤྱོད་ཡུལ་ཐམས་ཅད་ཀྱང་དེའི་སྣང་བ་ཡིན་ནོ། །ཞེས་བྱ་བར་འགྲུབ་བོ། །རིགས་པ་དེ་བརྟན་པར་གྱུར་པ་ན་དག་པ་དང་མ་དག་པ་དང་ཤིན་ཏུ་དག་པའི་ལུས་དང་གནས་དང་སྤྱོད་ཡུལ་དུ་སྣང་བ་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པ་སྐད་ཅིག་མ་གཅིག་གི་སྣང་བ་ཡིན་པར་མི་འགྲུབ་པའི་གནས་མེད་དེ། གྲུབ་པར་མ་གྱུར་ན་རིགས་པ་སྔ་མ་ཐམས་ཅད་ཐུན་མོང་དུ་འཇིག་པར་འགྱུར་བའི་ཕྱིར་རོ། །གཞུང་ལས་ཀྱང་། དག་པ་དང་མ་དག་པའི་ཞིང་ཁམས་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པའི་ལུས་ཀྱི་བདག་ཉིད་ཡིན་ཏེ། གང་གི་ཕྱིར་ཀུན་གཞིའི་སྐད་ཅིག་མ་གཅིག་ལ། དབང་པོ་དང་བཅས་པའི་ལུས་དང་མ་ལུས་པའི་ཆོས་ཐམས་ཅད་གནས་པའི་ཕྱིར་རོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་ལུང་དང་མན་ངག་དང་འབྲེལ་བའི་རིགས་པས་གཞལ་ན། ཇི་སྲིད་དུ་དག་པ་དང་མ་དག་པས་བསྡུས་པའི་ལུས་དང་གནས་དང་སྤྱོད་ཡུལ་དང་བཅས་པ། ནམ་མཁའི་དབྱིངས་ཀྱི་མཐས་ཀླས་པས་བསྡུས་པ། ཐོག་མ་དང་ཐ་མ་མེད་པའི་དུས་ཀྱིས་བསྡུས་པ་ཐམས་ཅད་ཀྱང་། གང་ཟག་གཅིག་གི་ཀུན་གཞིའི་རྣམ་པར་ཤེས་པ་སྐད་ཅིག་མ་བྱུང་ལ་མ་འགགས་པ་གཅིག་གི་སྣང་བ་ཡིན་ནོ། །གཅིག་པོ་དེ་ཉིད་ཀྱང་དེ་ལྟ་བུར་སྣང་བ་ཙམ་ཡིན་གྱིས། ངོ་བོ་ཉིད་ཡོངས་སུ་གྲུབ་པ་མེད་དོ། །ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཡིན་ཞིང་། ཀུན་གཞིའི་སྣང་བ་ཁམས་ཐམས་ཅད་པ་ཡིན་ཡང་དབང་པོ་སྤྱོད་ཡུལ་ལ་ཁམས་སོ་སོར་སྣང་བ་དང་། རྒྱུ་དང་འབྲས་བུར་སྣང་བ་དང་། སྐབས་སོ་སོར་སྣང་བ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དུ་ཐམས་ཅད་འཇུག་ཏུ་རུང་བར་སྣང་བ་ནི། དཔེར་ན་གསེར་གྱི་རིས་སུ་གྱུར་པ་ས་ལས་བྱུང་བ་དང་། ལྗགས་ཀྱི་གསེར་དང་། འཛམ་བུ་ཆུ་བོའི་གསེར་ལ་སོགས་པ་དུ་མ་ལེགས་པར་སྦྱར་བའི་ཕྱེ་མ་རྣམས་དངུལ་ཆུའི་རིས་སུ་གྱུར་པ་བཟང་ངན་སྣ་ཚོགས། འདི་ལྟར་རྡོ་སོལ་ལས་བྱུང་བའི་དངུལ་ཆུ་དང་། དེ་བཞིན་དུ་ཆུ་ལས་བྱུང་བ་དང་། སྨན་ལས་བྱུང་བ་དང་། གསེར་དུ་སྣང་བ་ལ་སོགས་པས་བསྡུས་པར་གྱུར་ན། དེ་མར་གསར་པའི་གོང་བུ་ལྟ་བུ་གཅིག་ཏུ་འགྱུར་ཏེ། མིག་དང་ལུས་ལ་སོགས་པའི་དབང་པོའི་སྤྱོད་ཡུལ་དུ་ནི། ཁམས་སྣ་ཚོགས་སུ་མི་སྣང་སྟེ་རང་བཞིན་གཅིག་ཏུ་སྣང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་ནི། རང་བཞིན་ཇི་ལྟར་གནས་པ་བཞིན་ཐམས་ཅད་ལ་བློ་འཇུག་ཏུ་རུང་ངོ་། །དེ་ལ་འཁྲུལ་པའི་གང་ཟག་རྣམས་ནི། ཁ་ཅིག་ནི་མར་དང་ཞག་ལ་སོགས་པའི་གོང་བུར་འཛིན་ཏོ། །ཁ་ཅིག་ནི་དངུལ་གྱི་གོང་བུར་འཛིན་ཏོ། །ཁ་ཅིག་ནི་དངུལ་ཆུའི་གོང་བུར་འཛིན་ཏོ། །གཞན་ཁ་ཅིག་ནི་དུས་ནམ་ཞིག་ན་མེས་ཉེན་པ་ལས་གསེར་དུ་འགྱུར་བ་མཐོང་ནས་གསེར་གྱི་རྒྱུ་ཡིན་པར་འཛིན་ཏོ། །མཁས་པ་རྣམས་ནི་ཁམས་སྣ་ཚོགས་པ། རྐྱེན་སྣ་ཚོགས་ཉེ་བར་གནས་པ་ལ་བརྟེན་པ་ཅན་རྐྱེན་གང་དང་འཕྲད་པར་གྱུར་པ་དེ་ལྟར་རང་བཞིན་དེ་དང་འདྲ་བར་སྣང་ནུས་པ་ཅན་དུ་འཛིན་ཏོ། །དེ་ལྟར་ཁམས་སྣ་ཚོགས་ཀྱི་གོང་བུ་དེ་ཡང་གྲང་བའི་རྐྱེན་དང་ལྡན་ན། དུས་ཡུན་རིང་མོ་བསྐལ་པའི་མཐར་ཐུག་པར་འདུག་ཀྱང་མར་གསར་པའི་གོང་བུ་ལྟར་འདུག་གོ །མེའི་རེག་པས་ཅུང་ཟད་གདུངས་པར་གྱུར་ན་ནི། ཟངས་དང་འཁར་བ་དང་ར་གན་གྱི་ཁ་དོག་ཏུ་གནས་སོ། །དེ་བཞིན་དུ་ཆེས་གདུངས་པར་གྱུར་ན་ནི། གསེར་ཐ་མལ་པའི་རང་བཞིན་དུ་གནས་སོ། །ཤིན་ཏུ་ཆེར་གདུངས་པར་གྱུར་ན་ནི། འཛམ་བུ་ཆུ་བོའི་གསེར་གྱི་རང་བཞིན་དུ་གནས་ཏེ། དེ་ཕན་ཆད་ནི་ཚ་བའི་རྐྱེན་དང་འཕྲད་ཀྱང་རུང་། གྲང་བའི་རྐྱེན་དང་ཕྲད་ཀྱང་རུང་སྟེ། རང་བཞིན་གཞན་དུ་གནས་པར་སྣང་བར་མི་འགྱུར་རོ། །དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཡིན་ཞིང་། ཀུན་གཞིའི་སྣང་བ་རང་བཞིན་ཐམས་ཅད་པ་ཡིན་ཡང་། དབང་པོའི་སྤྱོད་ཡུལ་དུ་ཉེ་བར་གནས་པའི་རྐྱེན་ཇི་ལྟ་བ་བཞིན་དུ། དག་པ་དང་མ་དག་པ་དང་ཤིན་ཏུ་དག་པའི་ལུས་དང་གནས་དང་སྤྱོད་ཡུལ་རྣམས་སུ་དུས་དང་གནས་སྐབས་སོ་སོར་སྣང་བར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི། སྣང་བ་དང་མི་སྣང་བ་གཉིས་ཀ་ལ་འཇུག་ཏུ་རུང་བར་འགྱུར་རོ། །དེ་ལ་གང་ཟག་འཁྲུལ་པ་རྣམས་ཀྱིས་བདག་ལ་སོགས་པའི་དངོས་པོར་འཛིན་པ་དང་ཆོས་སྣ་ཚོགས་སུ་འཛིན་པའི་གཞིར་འགྱུར་ཏེ། དེའི་དབང་གིས་ཁ་ཅིག་ནི་ཕུང་པོ་ལྔ་པོ་འདི་ལས་ཀྱི་རྣམ་པར་སྨིན་པའི་བདག་ཉིད་སྡུག་བསྔལ་གྱི་ཆོས་སུ་འཛིན་ཏེ། དེ་ནི་དངུལ་ཆུ་ཉིད་ཀྱི་གོང་བུར་འཛིན་པ་ལྟ་བུའོ། །ཁ་ཅིག་ནི་ཕུང་པོ་འདི་ཉིད་ཀྱང་ཞིང་དག་པ་ན་གནས་པ་རྣམས་ཀྱི་ལུས་དང་སྤྱོད་ཡུལ་ཡོངས་སུ་དག་པའི་རྒྱུ་ཉིད་དུ་རུང་བར་འཛིན་ཏེ། དེ་ནི་གོང་བུ་དེ་གསེར་གྱི་རྒྱུར་འཛིན་པ་ལྟ་བུའོ། །མཁས་པ་རྣམས་ནི་གོང་བུ་དེ་གསེར་ཉིད་དུ་མི་སྣང་ཡང་གསེར་གྱི་རང་བཞིན་དང་བྲལ་བ་མ་ཡིན་ཏེ། དངུལ་ཆུ་ཉིད་དུ་སྣང་ཡང་། གསེར་དངུལ་ཆུར་གནས་གྱུར་པ་ཡང་མ་ཡིན། དངུལ་ཆུའི་རང་བཞིན་མེད་པའང་མ་ཡིན་མོད་ཀྱི། དངུལ་ཆུའི་རང་བཞིན་མི་བརྟན་པ་སྣ་ཚོགས་སུ་འགྱུར་བ་སླ་བས་ཟད་པར་འགྱུར་བར་ཡང་སླའོ། །གསེར་གྱི་རང་བཞིན་ནི། དེ་བས་ཆེས་བརྟན་པ། འགྱུར་བར་དཀའ་བ། སླར་ངན་པར་མི་འགྱུར་བ། བསྐལ་པའི་མེ་འབར་བའི་དུས་ན་ཡང་ཟད་པར་དཀའ་བ་ཡིན་ནོ། །དེ་བཞིན་དུ་སྣང་བ་མ་དག་པ་རྣམས་ནི། མི་བརྟན་པ་ཤིན་ཏུ་བསླུ་བའི་ཆོས་ཅན་སྐྱེ་བ་སྔ་མ་དང་ཕྱི་མ་དག་ལ་ཡང་སྣང་བ་འགྱུར་བར་དཀའ་བ་མེད་དོ། །སྣང་བ་དག་པར་གྱུར་བ་རྣམས་ནི། ལུས་དང་སྤྱོད་ཡུལ་དག་པ་ལ་སྤྱོད་པར་དབང་བར་གྱུར་ཕན་ཆད། སླར་མ་དག་པ་ལ་སྤྱོད་པར་ཡང་མི་འགྱུར་ལ། ཕྱིར་ཞིང་ཆེས་ཤིན་ཏུ་དག་པར་འགྱུར་ཏེ། སྡུག་བསྔལ་བསྐྱེད་པའི་རྒྱུར་མི་འགྱུར་ལ། བདེ་བ་དང་གྲོལ་བ་སྐྱེད་པའི་རྒྱུར་འགྱུར་རོ། །དེ་བས་ན་འདི་ལྟར་འགྱུར་ཏེ། ཁམས་སྣ་ཚོགས་ཀྱི་གོང་བུ་དེ་ཡང་ཕན་ཚུན་ལྟོས་ན་གསེར་གྱི་རང་བཞིན་ལྟར་བདེན་པར་འགྱུར་རོ། །དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པའི་སྣང་བ་ཁམས་སྣ་ཚོགས་པ་དེ་ཡང་སྣང་བ་དག་པའི་སྤྱོད་ཡུལ་ལྟར་བདེན་པར་འགྱུར་རོ། །ཇི་ལྟར་དངུལ་ཆུ་དང་གསེར་གཉིས་ཀ་ཡང་རྟག་ཏུ་བརྟན་པ་མ་ཡིན་པ་དེ་བཞིན་དུ། དག་པ་དང་མ་དག་པའི་སྣང་བ་ཐམས་ཅད་ཀྱང་འཁྲུལ་པའི་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན་ཏེ། ཡང་དག་པར་གྲུབ་པ་མེད་དོ། །འཁྲུལ་པ་ཐམས་ཅད་ཡོངས་སུ་ཆད་པའི་སངས་རྒྱས་ཀྱི་ས་ལ་ནི། སྣང་བ་མངའ་འམ་མི་མངའ་བ་ནི་རྩོད་པའི་གཞི་ཅན་ཡིན་ཏེ། ཅུང་ཟད་གོང་དུ་བསྟན་པར་ཟད་དོ། །དེ་བས་ན་ཕུང་པོ་ལྔ་རིགས་ལྔར་བསྟན་པའི་སྐབས་འདིར་ཡང་། ཁ་ཅིག་ན་རེ་དོན་དམ་པར་རང་བཞིན་མེད་པས་སངས་རྒྱས་ཡིན་པ་དང་། ཀུན་རྫོབ་ཏུ་སངས་རྒྱས་སུ་འགྱུར་དུ་རུང་བའི་རྒྱུ་ཡིན་པས་སངས་རྒྱས་སུ་གཞག་གི །དངོས་པོའི་མཚན་ཉིད་ནི་མ་དག་པའི་སྣང་བ་ལྟར་བདེན་ནོ། །ཞེས་ཟེར་རོ། །དེ་ལྟར་བསྒྲུབ་པར་མི་བྱའི། ཀུན་རྫོབ་ཙམ་དུ་ཡང་ཕུང་པོ་ལྟ་བུར་སྣང་ཙམ་ཉིད་ནས་སངས་རྒྱས་གྲངས་མེད་པ་ཡོངས་སུ་དག་པའི་ཞིང་ཁམས་དང་བཅས་པའི་རང་བཞིན་ཉིད་ཀྱང་ཡིན་ལ། སྣང་བ་དེ་གཉིས་ཀྱང་ཕན་ཚུན་ལྟོས་ན་ཡོངས་སུ་དག་པའི་སྣང་བ་ལྟར་བདེན་པར་གྲུབ་བོ། །ཞེས་གཞག་པར་བྱའོ། །དེ་ལྟ་བས་ན་ཕུང་པོའི་བྱེ་བྲག་ཏུ་གྱུར་པ་མིག་གི་ཡུལ་ཁ་དོག་ལྟ་བུ་གཅིག་ཀྱང་སངས་རྒྱས་གྲངས་མེད་པའི་རང་བཞིན་ནོ། །འོ་ན་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལྷ་སོ་སོར་སྦྱར་ཏེ་བཤད་པ་འདི་ཅི་ཞེ་ན། དེ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་འགལ་བའི་སྐྱོན་མེད་པ་དང་། བྱེ་བྲག་གསལ་བར་སོ་སོར་གོམས་པར་བྱས་ན། མྱུར་དུ་སྣང་བ་དག་པར་འགྱུར་བ་དེ་བས་ན་དེ་ལྟར་བསྟན་ཏོ། །འོ་ན་རྒྱུད་དང་སྒྲུབ་ཐབས་རྣམས་ལས་ཆོས་མཐུན་པར་བཤད་པ་འདི་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། འདི་ནི་ཐ་མལ་པ་སྣང་བའི་དངོས་པོ་ལ་མངོན་པར་ཞེན་པའི་གང་ཟག་རྣམས་དྲང་བའི་ཕྱིར། མཚན་ཉིད་མཐུན་པ་དང་། རྒྱུ་འབྲས་མཐུན་པ་དག་གི་སྒོ་ནས་བསྟན་ན་རང་བཞིན་དབྱེར་མེད་པའི་བློ་སྐྱེ་བར་འགྱུར་བས་དེའི་ཕྱིར་དེ་དག་༼ལྟར་༽བསྟན་ཏོ། །དེ་ལ་རིགས་ལྔའི་སངས་རྒྱས་ཉོན་མོངས་པ་ལྔའི་རིགས་ཡིན་པར་བསྟན་པ་ནི། གསང་བ་འདུས་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ལྔར་རྟོགས་པ་འདི་རྣམས་ཀྱིས། །འདོད་དང་ཐར་པ་རབ་བསྒྲུབ་པའོ། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཆེན་པོ་རྣམས། །གང་ཕྱིར་བྱང་ཆུབ་སེམས་དེ་ནི། །རྡོ་རྗེ་དེ་བཞིན་གཤེགས་པར་གསལ། །ཞེས་གསུངས་པ་ལྟ་བུ་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། སྐམ་ས་ལས་པདྨ་མི་སྐྱེ་འདམ་ནས་སྐྱེ་བ་དང་འདྲ་བར། འདུས་མ་བྱས་མངོན་དུ་བྱས་པ་རྣམས་ལས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མི་སྐྱེ། འཇིག་ཚོགས་ལ་ལྟ་བ་རི་རབ་ལྟ་བུ་བསྐྱེད་ནས་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་བས། དེ་བས་ན་ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་བཤད་དོ། །ཐབས་ཀྱི་ཞགས་པ་ལས། བསྲུང་བ་མེད་པའི་དམ་ཚིག་བཤད་པའི་སྐབས་ནས། ཉོན་མོངས་པ་ལྔའི་མཚན་ཉིད་དང་། རིགས་ལྔའི་མཚན་ཉིད་མཐུན་པར་བཤད་ནས། དེ་གཉིས་དབྱེར་མེད་པར་ངོ་བོ་ཉིད་ཀྱིས་མི་འདའ་བའི་དམ་ཚིག་ཏུ་བཤད་དེ། འདི་ལྟར་གཏི་མུག་ནི་རྣམ་པར་མི་རྟོག་པའི་ཁོངས་སུ་འདུས་པས་སྤང་བླངས་མེད་པའི་མཚན་ཉིད་ཀྱི་སྐུ་དེ་བཞིན་གཤེགས་པའི་རིགས་སོ། །ཞེ་སྡང་ནི་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་གདུག་པ་འདུལ་བའི་མཚན་ཉིད་རྡོ་རྗེའི་རིགས་སོ། །ང་རྒྱལ་ནི་ཆོས་མཉམ་པ་ཉིད་ལ་སྲན་ཚུགས་པའི་མཚན་ཉིད་རིན་པོ་ཆེའི་རིགས་སོ། །འདོད་ཆགས་ནི་ཆོས་ཐམས་ཅད་ལ་མངའ་བརྙེས་པའི་མཚན་ཉིད་པདྨའི་རིགས་སོ། །ཕྲག་དོག་ནི་ཆོས་མཉམ་པར་མ་རྟོགས་པ་རྣམས་ལ་ལས་དགེ་སྡིག་ཡོད་པའི་ཕྱིར་འགྲོ་བའི་དོན་བྱེད་པའི་མཚན་ཉིད་ལས་ཀྱི་རིགས་སོ། །འདི་དག་ནི་ཉོན་མོངས་པ་ཆེན་པོ་རྣམས་ཏེ། ཐ་མལ་པའི་ཉོན་མོངས་པ་རྣམས་དང་རང་རང་གི་མཚན་ཉིད་མཐུན་པར་འགྱུར་གྱི། ཡུལ་དང་ཡིད་ལ་སོགས་པའི་བྱེད་པའི་སྒོ་ནས་མི་མཐུན་པར་འགྱུར་རོ། །དེ་བས་འདི་དག་ཀྱང་ཇི་ལྟར་སྣང་བ་དེ་ལྟར་བདེན་པའི་དབང་དུ་བྱས་ན་ཆོས་མཐུན་པ་ཙམ་དུ་བསྟན་པར་འགྱུར་རོ། །དངོས་པོའི་གནས ལུགས་ཀྱི་དབང་དུ་བྱས་ན་ནི་གོང་དུ་བསྟན་པ་བཞིན་དུ་སངས་རྒྱས་ཉིད་དུ་འགྲུབ་བོ། །ཉོན་མོངས་པ་ལྔ་རིགས་ལྔའི་སངས་རྒྱས་དང་ཕུང་པོ་ལྔར་ཆོས་མཐུན་པར་སྦྱར་བ་ནི་མཚན་ཉིད་ཀྱི་སྒོ་ནས་ཆོས་མཐུན་པ། གསང་བ་འདུས་པ་ལས། གཟུགས་ནི་གཏི་མུག་ཏུ་བསྟན་པ། །བླུན་པས་བཅིངས་པའི་ངོ་བོའོ། །ཚོར་བ་འདོད་པས་མྱོས་བསྟན་པ། །ང་རྒྱལ་གྱི་ནི་ངོ་བོའོ། །འདུ་ཤེས་འདོད་ཆགས་བདག་ཉིད་ནི། །དངོས་པོ་ལ་ནི་ཆགས་པའི་མཚན། །འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། །རྩེ་གཅིག་བདག་ཉིད་གཏོད་པའོ། །རྣམ་ཤེས་ཞེ་སྡང་ཞེས་བསྟན་ཏེ། །རྒྱུ་དང་འབྲས་བུར་རབ་ཏུ་གྲགས། །ཞེས་གསུངས་པ་སྟེ། འདི་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །རྒྱུ་དང་འབྲས་བུ་ཆོས་མཐུན་པར་བཤད་པ་ནི། གཟུགས་ཀྱི་ཕུང་པོ་གནས་འགྱུར་ཚུལ་ཁྲིམས་སྐུ། །ཚོར་བ་གནས་འགྱུར་ཏིང་འཛིན་འབུམ་ཕྲག་བརྙེས། །འདུ་ཤེས་གནས་འགྱུར་ཤེས་རབ་ཕུང་པོ་སྟེ། །འདུ་བྱེད་གནས་འགྱུར་རྣམ་པར་གྲོལ་བའོ། །སེམས་འགྱུར་ཡེ་ཤེས་དེ་ནི་རྣམ་གྲོལ་མཐོང་། །ཞེས་གསུངས་པ་ལྟ་བུ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་གནས་འགྱུར་བ་ནི་རྣམ་པར་གྲོལ་བའི་ཕུང་པོ་ལྔ་ཡིན་ལ། དེ་ནི་འཕགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་དང་གཞིར་གྱུར་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པའི་སྐུ་ནི་དྲི་མ་དག་པའི་སྐུ་སྟེ་ཚུལ་ཁྲིམས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་ཏིང་ངེ་འཛིན་ནི་ཡོན་ཏན་གྱི་བདག་ཉིད་དང་གནས་སུ་གྱུར་པའོ། །ཤེས་རབ་ནི་རྟོགས་པའི་ཆོས་དང་ལུང་གི་ཆོས་ཀྱི་བདག་ཉིད་དང་གཞིར་གྱུར་པའོ། །རྣམ་པར་གྲོལ་བ་ནི་མཛད་པ་ཡོངས་སུ་རྫོགས་པའི་བདག་ཉིད་དང་གཞིར་གྱུར་པའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་ཐུགས་ཀྱི་བདག་ཉིད་དེ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་གིས་རིགས་ལྔའི་སངས་རྒྱས་ཡིན་པར་འགྱུར་རོ། །དེ་བས་ན་སངས་རྒྱས་གྲངས་མེད་པ་ཐམས་ཅད་ཀྱང་ཆོས་འདི་ལྔ་ཙམ་དུ་འདུས་པས། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་མཐའ་དག་ཀྱང་རིགས་རྣམ་པ་ལྔར་བསྡུས་པ་ཡིན་ནོ། །དེ་ལྟར་ཡང་རྡོ་རྗེ་བཀོད་པ་ལས་ཀྱང་། སྐུ་ནི་མ་བཅོས་དེ་བཞིན་ཉིད། །ཐུགས་ནི་མི་འགྱུར་རྡོ་རྗེའི་རིགས། །ཡོན་ཏན་ཀུན་འབྱུང་རིན་ཆེན་རིགས། །གསུང་ནི་ཆགས་མེད་པདྨའི་རིགས། །དོན་གྲུབ་སྤྱོད་པ་ལས་ཀྱི་རིགས། །ཞེས་གསུངས་པས་ན། རིགས་རྣམ་པ་ལྔ་ཁོ་ནར་བསྡུས་པའི་དོན་ཡང་གོང་དུ་མདོར་བསྟན་པ་བཞིན་དུ། རྒྱུད་དེ་ཉིད་ལས་རྒྱས་པར་གསུངས་སོ། །འོ་ན་ཕུང་པོ་ལྔ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་རང་བཞིན་ཇི་ལྟར་མཐུན་ཞེ་ན། གཟུགས་དང་སྐུ་ནི་དངོས་སུ་ཟད་དོ། །ཚོར་བ་ནི་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་དུ་ལྟ་བའི་གཞི་ཡིན་ལ། དེ་ཡོངས་སུ་དག་པའི་མཚན་ཉིད་གཟུངས་དང་ཏིང་ངེ་འཛིན་ཡང་ཡོན་ཏན་གྱི་གཞི་ཡིན་ཏེ། དེའི་ཕྱིར་རང་བཞིན་མཐུན་པའོ། །འོ་ན་ཚོར་བ་ནི་སྡུག་བསྔལ་གྱི་བདག་ཉིད་དུ་བཤད་དེ། སྡུག་བསྔལ་གྱི་ཡན་ལག་ཏུ་མ་གྱུར་པའི་ཉེས་སྐྱོན་གྱི་ཆོས་ནི་གཞན་མེད་དོ། །དེ་བས་ན་འདི་གཉིས་ནི་ཤིན་ཏུ་ཟློག་པ་ཉིད་ཡིན་པས་མཐུན་པར་སྦྱར་དུ་མི་རུང་ངོ་ཞེ་ན། འདི་ནི་ཤིན་ཏུ་འཐད་པ་ཉིད་ཡིན་ཏེ། དཔེར་ན་ཉོན་མོངས་པ་ཅན་གྱི་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་འགྱུར་བར་བཤད་པ་ན། གཅིག་ནི་བདག་ཏུ་ལྟ་བ་ཅན་ཡིན་ལ། གཅིག་ནི་བདག་མེད་པར་གཟིགས་པས་མི་མཐུན་པ་ཡིན་ཡང་། བདག་ཏུ་ལྟ་བ་དག་པ་ཉིད་ཀྱིས་བདག་མེད་པར་གཟིགས་པ་འགྲུབ་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ཡང་སེམས་ཅན་གྱི་དུས་ན་ཡོན་ཏན་ཐམས་ཅད་ཚོར་བ་བདེ་བ་ཡན་ལག་དང་བཅས་པ་ལ་བཤད་ལ། དམ་པ་རྣམས་ཀྱིས་གང་ཅི་ཚོར་ཡང་རུང་སྟེ། དེ་དག་ཐམས་ཅད་སྡུག་བསྔལ་ལོ། །ཞེས་བཤད་པ་ན་ཡང་། ཚོར་བ་དང་བྲལ་བ་ཉིད་བདེ་བའི་ལམ་དང་། མྱ་ངན་ལས་འདས་པའི་མཚན་ཉིད་ཡིན་པས་འདི་ཉིད་འཐད་པ་ཡིན་ཏེ། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང་། ཐུབ་དབང་ཁྱོད་ཀྱིས་བདུད་དཔུང་སྟོབས་ཅན་རབ་བཏུལ་ནས། །བྱང་ཆུབ་མཆོག་རབ་ཞི་བ་མི་འཆི་བདེ་བ་སྙེམས། །དེ་ལ་ཚོར་བྱེད་ཡིད་དང་སེམས་ཀྱི་དཔྱོད་པ་མེད། །ཅེས་གསུངས་པ་དང་། ཡང་དེ་ཉིད་ལས། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་ལ། ཚོར་བ་གཉིས་པོ་སྤངས་པ་ཡིན་ཡང་། ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལ་འདུ་ཤེས་ཇི་ལྟར་གསུང་དང་མཐུན་ཞེ་ན། སེམས་ཅན་གྱི་དུས་ན་འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཐ་སྙད་འདོགས་པའི་ལས་ཅན་ཡིན་པས། སྒྲ་སྤྱིའི་རྣམ་པའི་ཡུལ་ཅན་བརྗོད་པའི་ཐ་སྙད་སྐྱེད་པར་བྱེད་པ་ཡིན་ནོ། །འཕགས་པའི་དུས་ན་ཡང་དེ་གནས་འགྱུར་བའི་མཚན་ཉིད། དག་པ་འཇིག་རྟེན་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་སྟོན་པའི་གཞིར་གྱུར་པའོ། །འདུ་བྱེད་ལས་ཀྱི་བདག་ཉིད་ཡིན་པ་དང་། རྣམ་པར་ཤེས་པ་ཐུགས་ཀྱི་བདག་ཉིད་ཡིན་པ་ནི་དངོས་སུ་ཟད་དོ། །དེ་བས་ན་ཆོས་མཐུན་པར་བསྟན་པ་འདི་དག་ཀྱང་། སྣང་བ་མ་དག་པ་མ་ལོག་ཅིང་དེ་ཉིད་ཀྱི་དངོས་པོ་ལ་ཆེར་ཞེན་པ་རྣམས་ལ། སྣང་བ་དག་པའི་རང་བཞིན་ཡིན་པའི་གཏན་ཚིགས་སུ་འགྱུར་ཞིང་། ནམ་ཞིག་མ་དག་པ་རྣམས་ཀྱི་ཆོས་ཅན་མ་གྲུབ་པའི་བློ་སྐྱེས་པ་དེའི་ཚེ། གཏན་ཚིགས་དེ་ཉིད་ཇི་ལྟ་བ་བཞིན་དུ་མངོན་དུ་རྟོགས་པར་འགྱུར་བས་དེ་ལྟ་བུར་གསུངས་པ་ཡིན་ནོ། །ཡང་གང་ཟག་ཁ་ཅིག་འདི་སྙམ་དུ། ཉོན་མོངས་པ་ལྔའི་རིགས་ཀྱི་སྒོ་ནས་ཕུང་པོ་ལྔ་དང་སྦྱར་བའི་ལུང་གི་ཁུངས་དང་། རྒྱུ་དང་འབྲས་བུའི་སྒོ་ནས་སྦྱར་བའི་ཁུངས་དང་། ཆོས་མཐུན་པའི་རིག་པ་དག་ཀྱང་ཡོད་མོད་ཀྱི། སངས་རྒྱས་ལྔ་དང་ཕུང་པོ་ལྔ་ཡོངས་སུ་ཆོས་མཐུན་པར་སྦྱར་བའི་ལུང་གི་ཁུངས་མེད་ན་ཐེ་ཚོམ་ཟ་བ་སྲིད་དེ། དེ་བས་ན་ཅུང་ཟད་བསྟན་པར་བྱའོ། །དེ་ཡང་གསང་བ་འདུས་པ་ལས། རིགས་ལྔའི་སྙིང་པོ་བཤད་པའི་སྐབས་ནས་གསལ་བར་གསུངས་ཏེ། དེ་ཡང་རྡོ་རྗེ་རིགས་ཀྱི་སྙིང་པོ། བཛྲ་དྷྲི་ཀ་ཅེས་བཤད་པའི་སྐབས་ནས། རྒྱུད་ལྔ་དག་གི་སེམས་དག་ནི། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །དྷྲི་ཀ་ཅེས་བྱ་འཛིན་པར་བཤད། །རྣམ་ཤེས་རྡོ་རྗེ་འཛིན་པར་འདོད། །ཅེས་གསུངས་ཏེ། འགྲོ་བ་རྣམས་ཀྱི་སེམས་ཀྱི་རང་བཞིན་ནི་དབྱེར་མི་ཕྱེད་པའི་ཕྱིར་རྡོ་རྗེའོ། །དེ་གང་ལ་ཡོད་པ་དེ་ནི་འཛིན་པ་སྟེ་རྣམ་པར་ཤེས་པའོ། །དེ་བས་ན་རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་འཛིན་པའོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་ཛི་ན་ཛིཀ་ཅེས་པ་སྟེ། དེ་ཡང་། ཡོད་མེད་དབུས་ལས་འདས་པ་ལས། །འབྱུང་དང་འབྱུང་ལས་གྱུར་པ་འབྱུང་། །སེམས་ཅན་ཐམས་ཅད་ཀུན་གྱི་གཟུགས། །སྐྱེས་པས་རྒྱལ་བ་ཛི་ན་ཛིཀ། །ཞེས་གསུངས་ཏེ། དེ་ལ་ཛི་ན་ཞེས་བྱ་བ་ནི་སྤྱི་ལ་འཇུག་སྟེ་རྒྱལ་བ་ཞེས་བྱའོ། །ཛིཀ་ཅེས་བྱ་བ་ནི་ཡོན་ཏན་སྟོན་པ་སྟེ་རྒྱལ་བ་ཞེས་བྱའོ། །དེ་བས་ན་དོན་འདིར་འགྱུར་ཏེ། ཡོད་མེད་ཀྱི་སྤྲོས་པ་ལས་འདས་པའི་དོན་ནི། སྡིག་ཏོ་མི་དགེ་བའི་ཆོས་ལས་རྒྱལ་བས་རྒྱལ་ཞེས་བྱའོ། །དེ་ལས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་གཟུགས་གྲུབ་པའང་རྒྱལ་བ་ཉིད་དུ་ལྷག་པར་གྱུར་པས་རྒྱལ་བའི་རྒྱལ་ཞེས་ཏེ་གཟུགས་ཀྱི་ཕུང་པོའོ། །རིན་པོ་ཆེའི་རིགས་ཀྱི་སྙིང་པོ། རཏྣ་དྷྲིཀ་ཅེས་བྱ་བ་ནི་འདི་སྐད་དུ། ཐམས་ཅད་དོན་ཀུན་འབྱུང་བས་ན། །རིན་ཆེན་རིགས་སུ་བསྟན་པ་ཡིན། །ཚོར་བས་ངེས་ཚོར་འཛིན་པས་ན། །ཚོར་བ་རིན་ཅེན་འཛིན་པར་གསུངས། །ཞེས་གསུངས་ཏེ། དེ་ལ་སེམས་ཀྱི་རང་བཞིན་ཡོན་ཏན་རིན་པོ་ཆེ་འབྱུང་བའི་གནས་སུ་གྱུར་པས་རིན་ཅེན་ནོ། །དེ་འཛིན་པར་བྱེད་པ་ནི་ཚོར་བ་སྟེ། འདི་ལྟར་ཚོར་བས་སེམས་ཀྱི་ཉམས་སུ་མྱོང་བྱ་འཛིན་པར་བྱེད་པས་ཚོར་བའི་ཕུང་པོ་ནི་རིན་ཅེན་འཛིན་ནོ། །པདྨའི་རིགས་ཀྱི་སྙིང་པོ་ཨ་རོ་ལི་ཀ་བསྟན་པ་ནི། འདི་སྐད་དུ། འདོད་པའི་མཚན་ཉིད་མཚོན་པ་དང་། ཐམས་ཅད་ནས་ནི་ཐམས་ཅད་དུ། །བརྩེན་པའི་མཚན་ཉིད་མཚོན་པས་ན། །ཨ་རོ་ལིཀ་ཅེས་བྱ་བར་བཤད། །ཅེས་གསུངས་ཏེ། དེ་ལ་ཨ་རོ་ནི་འདོད་པ་དང་བརྩེན་པའི་སྒྲ། ལིཀ་བ་ནི་ལིན་ག་ཏི་ཞེས་བྱ་སྟེ། མི་གསལ་བ་རྟོགས་པར་བྱས་པས་རྟགས་སམ་མཚན་མའོ། །དེ་བས་ན་དོན་འདིར་འགྱུར་ཏེ། སེམས་ཀྱི་མཚན་ཉིད་ནི་འདོད་པའི་མཚན་ཉིད་དང་བརྩེན་པའི་མཚན་ཉིད་དོ། །མཚན་ཉིད་དེ་མཚོན་པར་བྱེད་པའི་མཚན་མར་འཛིན་པ་ནི་འདུ་ཤེས་ཡིན་ཏེ། དེ་བས་ན་འདུ་ཤེས་ཀྱི་ཕུང་པོ་ནི་ཨ་རོ་ལིཀ་གོ །ལས་ཀྱི་རིགས་ཀྱི་སྙིང་པོ་ནི། པྲཛྙཱ་དྷྲིཀ་སྟེ། དེ་ཡང་འདི་སྐད་དུ། རྣམ་ཤེས་རབ་ཏུ་གསལ་བྱེད་པ། །ཇི་བཞིན་ཤེས་རབ་ཅེས་སུ་བཤད། །འདུ་བྱེད་སེམས་ཀྱི་གཞི་ཡིན་ཏེ། །ཤེས་རབ་འཛིན་པ་ཞེས་སུ་བཤད། །ཅེས་གསུངས་ཏེ། དེ་ཡང་རྣམ་པར་ཤེས་པ་དོན་ལ་ཕྱིན་ཅི་མ་ལོག་པར་སྐྱེས་པའི་བློ་ནི་ཤེས་རབ་ཅེས་བྱའོ། །དེ་འཛིན་པར་བྱེད་པ་ནི་འདུ་བྱེད་རྣམས་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་བསལ་བའི་ཕ་རོལ་ན་གཙོ་བོ་རྣམ་པར་ཤེས་པ་ཉིད་ཀྱང་མི་འགྲུབ་ལ། དེ་མ་གྲུབ་ན་དོན་ལ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱང་མི་འགྲུབ་པས། དེ་བས་ན་ཤེས་རབ་འཛིན་པ་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ། །དེ་དག་ལྟར་ན་ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོར་གྱུར་པ་ཡིན་ཏེ། དེའི་ཕྱིར་ཕུང་པོ་ལྔ་ཉིད་རིགས་ལྔའི་སངས་རྒྱས་ཀྱི་ཆོས་སོ། །དོན་འདི་ལྟ་བུ་དག་རྒྱུད་ཉིད་ལས་གསལ་བར་གསུངས་པས། ཕུང་པོ་ལྔ་དང་རིགས་ལྔ་སོ་སོར་སྦྱར་བའི་ལུང་དང་རིགས་པ་འདི་དག་ཀྱང་ངེས་པར་ཁས་བླང་བར་བྱའོ། །འོ་ན་འཁོར་བའི་ཆོས་ཀྱང་ཕུང་པོ་ལྔ་ལས་གུད་ན་མེད་ན། གཞི་གཅིག་ལ་འགལ་བ་གཉིས་ཇི་ལྟར་བཞག་ཏུ་རུང་ཞེ་ན། དེ་ཉིད་ལས། སྲིད་པ་ཞི་བ་འབྱུང་བ་ཀུན། །ཐམས་ཅད་སེམས་ཀྱི་རང་བཞིན་ནོ། །ཞེས་གསུངས་པ་ལྟ་བུའོ། །སེམས་ཀྱི་རང་བཞིན་ཐ་དད་དུ་གཞག་པ་དང་བྲལ་བ་ཉིད། རང་བཞིན་སྣ་ཚོགས་སུ་སྣང་ཞིང་གྲུབ་ཏུ་རུང་བ་ནི་གོང་དུ་བསྟན་པ་ཉིད་དུ་ཟད་དོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་སྟེ་རྡོ་རྗེ་མི་འཁྲུགས་པ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་ཇི་སྐད་དུ་གྲགས་པ་རྣམས་སུ་སྦྱར་བར་བྱའོ། །དེ་ལ་རྒྱལ་པོ་ཞེས་བྱ་བ་ནི། དཔེར་ན་ལྷ་དང་མིའི་རྒྱལ་པོ་རྣམས་རང་རང་གི་འཁོར་གྱི་དཀྱིལ་འཁོར་ན་རྒྱལ་སྲིད་ལ་ལོངས་སྤྱོད་ཅིང་ཕྱིར་རྒོལ་བ་རྣམས་འདུལ་བར་བྱེད་པ་དེ་བཞིན་དུ། བདེ་བར་གཤེགས་པ་འདི་དག་ཀྱང་ཆོས་ཀྱི་རྒྱལ་པོ་ཆེན་པོའི་མཛད་པ་ཉེ་བར་བཟུང་ནས་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་ལ་རོལ་ཞིང་། ཆོས་ཀྱི་རྒྱལ་སྲིད་བསྐྱངས་པས་འདུལ་བའི་འགྲོ་བ་ཡོངས་སུ་སྨིན་པར་མཛད་པ་དང་། བདུད་ལ་སོགས་པའི་རྒོལ་བ་རྣམས་ཚར་གཅོད་པར་མཛད་པས་རྒྱལ་པོའོ། །དེ་ལ་དེ་བཞིན་གཤེགས་པ་སོ་སོའི་མཚན་ནི། འདི་ལྟར་འཇིག་རྟེན་གསུམ་པོའི་སེམས་ནི་རྣམ་པར་རྟོག་པའི་གཡོ་བ་དང་བཅས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ནི། ཕྱི་རོལ་དང་ནང་གི་རྐྱེན་གང་གིས་ཀྱང་མི་གཡོ་བས་ན་རྡོ་རྗེ་མི་བསྐྱོད་པའོ། །དེ་ཉིད་ཐབས་ལ་མཁས་པའི་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་ཐབས་ཀྱི་ཕྱག་རྒྱར་འཕྲུལ་བས་དེ་སྐད་ཅེས་བྱ་སྟེ། འོག་མ་རྣམས་ལ་ཡང་དེ་བཞིན་སྦྱར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ནི་དེ་བཞིན་ཉིད་ལས་མ་གཡོས་བཞིན་དུ། ཆགས་པ་དང་ཐོགས་པ་མི་མངའ་བར་རྣམ་པ་སྣ་ཚོགས་སུ་སྣང་བར་མཛད་པས་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ནི། བདག་དང་གཞན་གྱི་དོན་ཐམས་ཅད་འགྲུབ་པར་བྱེད་པའི་ཡོན་ཏན་རིན་པོ་ཆེའི་གནས་སུ་གྱུར་པས་རིན་ཅེན་འབྱུང་གནས་སོ། །སངས་རྒྱས་ཀྱི་གསུང་ནི། ཆོས་ཀྱི་སྣང་བ་ཆེན་པོས་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི་འཇིག་རྟེན་དུ་རྒྱས་པར་མཛད་པས་སྣང་བ་མཐའ་ཡས་སོ། །མཛད་པ་རྣམས་ནི་གདུལ་བྱ་རྣམས་ཀྱི་དོན་མཐར་ཕྱིན་པར་མཛད་པས་གདོན་མི་ཟ་བར་གྲུབ་པ་སྟེ། དེ་དག་གི་རྟགས་ཀྱི་ཕྱག་རྒྱ་རྣམས་ཀྱང་སྔ་མ་བཞིན་དུ་སྦྱར་རོ། །བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི། འབྱུང་བ་ཆེན་པོ་ལྔ་དང་ཐ་མི་དད་པའི་ཡུམ་ཆེན་མོ་ལྔ་སྟེ། དབྱིངས་ཀྱི་དབང་ཕྱུག་མ་དང་། སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་སོ། །དེ་ལ་ཡང་དེ་བཞིན་ཉིད་ལ་མངའ་བརྙེས་པས་དབྱིངས་ཀྱི་དབང་ཕྱུག་མ་སྟེ། མི་དམིགས་པའི་ཤེས་རབ་ཆེན་པོ་ནམ་མཁའ་ལྟ་བུའི་བདག་ཉིད་རྡོ་རྗེའི་རིགས་ཀྱི་ཡུམ་དུ་འཕྲུལ་པའོ། །འདི་ལ། སྤྱན་རྒྱས་པ་མངའ་བས་སངས་རྒྱས་སྤྱན་ཏེ། དངོས་པོ་མེད་པའི་སའི་བདག་ཉིད་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་མོ། །ཐམས་ཅད་བདག་གིར་བྱེད་པས་བདག་ཉིད་མ་སྟེ། ཡོན་ཏན་ཐམས་ཅད་སྡུད་པར་བྱེད་པའི་ཆུའི་བདག་ཉིད་རིན་པོ་ཆེའི་རིགས་ཀྱི་ཡུམ་མོ། །ཁ་ཅིག་ལས་ནི་རིགས་གཉིས་བརྒྱུད་པའི་ཡུམ་དུ་བཤད་དོ། །འདི་ལ། དྲི་མས་གོས་པ་མེད་པས་ན་བཟའ་དཀར་མོ་སྟེ། ལྷག་མཐོང་ཆེན་པོའི་མེས་དག་པར་གྱུར་པའི་བདག་ཉིད་པདྨའི་རིགས་ཀྱི་ཡུམ་མོ། །འདིས་སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་པའི་ངང་ཚུལ་ལས་མི་འདའ་བས་དམ་ཚིག་སྒྲོལ་མ་སྟེ། ཤེས་བྱ་ལ་ཆགས་ཐོགས་མི་མངའ་བའི་རླུང་གིས་གནས་ནས་གནས་སུ་བསྐྱོད་པར་བྱེད་པའི་བདག་ཉིད་ལས་ཀྱི་རིགས་ཀྱི་ཡུམ་མོ། །དེ་དག་དང་གཉིས་སུ་མེད་པར་གྱུར་པ་ནི་རིགས་ལྔ་བདེ་བར་གཤེགས་པ་སྟེ། དེ་ཡང་རང་བཞིན་གཉིས་སུ་མེད་པ་དང་། གཉིས་སུ་མེད་པར་འཁྱུད་པ་ལ་སོགས་པའི་ཚུལ་དུ་བཞུགས་པ་དང་། འདུལ་བའི་འགྲོ་བ་རྣམས་ཀྱི་སྣང་བ་ལ་རྟག་ཏུ་ལྷན་ཅིག་ཏུ་བཞུགས་པར་སྣང་བའི་ཕྱིར་གཉིས་སུ་མེད་པར་བཞུགས་སོ་ཞེས་བྱའོ། །རིགས་ལྔ་ཡབ་ཡུམ་འདི་རྣམས་ཀྱང་ཐུན་མོང་གི་སྟོན་པ་ཡིན་ལ། ཁྱད་པར་གྱི་འཁོར་ཡིན་ནོ། །ཞེས་ཡོངས་གྲགས་པ་ཁ་ཅིག་གསུང་ངོ་། །སྟོན་པ་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །ཞེས་དབུས་ལུགས་པ་གསུང་ངོ་། །ཡོངས་ནི་སྟོན་པའི་བདག་ཉིད་རིགས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་སེམས་ཀྱི་རིགས་སུ་འདོད་པར་མཐུན་པས། འདི་གཉིས་ལ་ཉེས་པ་མེད་པར་ཤེས་པར་བྱའོ། །ད་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། །དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨོས་ཏེ། དེ་ལ་འཁོར་གྱི་དཀྱིལ་འཁོར་འདི་དག་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་མཐུན་པ་སོ་སོར་སྦྱར་བ་ནི། གཞུང་རྣམས་ནས་གསལ་བར་མ་སྨོས་ཏེ། དེ་མི་བརྩམ་མོ། །ཁམས་དང་སྐྱེ་མཆེད་ཕུང་པོའི་ཡན་ལག་དང་བྱེ་བྲག་ཡིན་པས། ཕལ་ཆེར་ཕུང་པོར་འདུས་ལ། འཁོར་གྱི་དཀྱིལ་འཁོར་རྣམས་ཀྱང་རིགས་ལྔའི་ཡོན་ཏན་གྱི་བྱེ་བྲག་ཡིན་པས། རིགས་ལྔ་དང་བཞིར་འདུས་པ་ནི་གོང་དུ་བཤད་པ་བཞིན་དུ་འདི་དག་ལ་ཡང་ཤེས་པར་བྱའོ། །དེ་ལ་བྱང་ཆུབ་ཆེན་པོ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་རང་བཞིན་ཡིན་པས་དེ་སྐད་ཅེས་བྱ་སྟེ། བྱང་ཆུབ་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པའི་ཕྱིར་བྱང་ཆུབ་ཆེན་པོ་ཞེས་བྱའོ། །སེམས་དཔའི་སྒྲ་མི་སྨོས་པ་ནི། གཞུང་ཕལ་དག་ལྟར། བྱང་ཆུབ་རྟོགས་པར་འདོད་པ་དང་། བྱང་ཆུབ་ཀྱི་ཕྱིར་བསམ་པ་བརྟན་པ་དང་། བྱང་ཆུབ་ཀྱི་ཕྱིར་དང་། སེམས་ཅན་ལ་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའོ་ཞེས་སྟོན་པར་མི་བྱེད་ཀྱི། ཐམས་ཅད་ཀུན་ཏུ་བཟང་པོ་ཉིད་དང་དབྱེར་མེད་པར་སྟོན་པས། འཁོར་ཕུན་སུམ་ཚོགས་པ་ཕལ་དང་ཐུན་མོང་མ་ཡིན་ཞིང་ཁྱད་པར་དུ་འཕགས་པ་སྟོན་ནོ། །ཐམས་ཅད་ལ་རྡོ་རྗེའི་སྒྲ་བརྗོད་པ་ནི། ཁམས་དང་སྐྱེ་མཆེད་དུ་གྲགས་པ་དང་། ལྷའི་དཀྱིལ་འཁོར་དུ་གྲགས་པ་རྣམས་མི་ཕྱེད་པར་བསྟན་ཏོ། །དེ་ལ་རྣམ་པར་ཤེས་པའི་བྱང་ཆུབ་སེམས་དཔའ་བཞི་ནི། སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་རྣམས་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མཚན་ཉིད། ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པས་འགྲོ་བ་འཛིན་པའི་ཕྱིར་སའི་སྙིང་པོ་སྟེ། དེ་བཞིན་དུ་རིན་པོ་ཆེའི་སྨྱུ་གུས་མཚན་པའོ། །བདག་མེད་པར་ཆོད་པའི་ཤེས་རབ་ཀྱིས་ཡོན་ཏན་གྱི་གནས་སུ་གྱུར་པས་ནམ་མཁའི་སྙིང་པོ་སྟེ། རལ་གྲིས་མཚན་པའོ། །ཐུགས་རྗེས་ཆེན་པོས་དམ་པའི་ཆོས་བསྟན་པས་རྣམ་པར་དག་པར་མཛད་པའི་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་སྟེ། པདྨས་མཚན་པའོ། །མཐུ་སྟོབས་ཆེན་པོས་གདུག་པ་ཅན་འདུལ་བའི་ཕྲིན་ལས་མཛད་པའི་བདག་ཉིད་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་གནམ་ལྕགས་ཀྱི་མེ་ལྟར་འབར་བས་མཚན་པའོ། །དེ་བས་ན་འདི་རྣམས་ཀྱང་རིགས་རྣམ་པ་བཞིའི་ཡོན་ཏན་གྱི་བྱེ་བྲག་མཚོན་པའི་སྒོར་རིམ་པ་བཞིན་དུ་སྦྱར་བར་བྱའོ། །བཙུན་མོ་མཐོང་བར་བྱ་ཞེས་བྱ་བ་ལ་སོགས་པ་ཡང་སྤྱིར་གྲགས་པ། གཟུགས་ཐམས་ཅད་རྡོ་རྗེ་སྒེག་མོ། སྒྲ་ཐམས་ཅད་རྡོ་རྗེའི་དབྱངས། དྲི་ཐམས་ཅད་རྡོ་རྗེའི་ཕྲེང་བ། རོ་ཐམས་ཅད་རྡོ་རྗེའི་གར་ཞེས་འབྱུང་ལ། འདི་ནས་ནི་རིམ་པ་འགའ་ནོར་ནས་འབྱུང་སྟེ། གང་ལྟར་སྦྱར་ཡང་འགལ་བ་མེད་དོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་འདོད་པར་བྱ་བའི་དམ་པ་ཡིན་པས། དེའི་མཚན་མ་ནི་རྡོ་རྗེ་སྒེག་མོའོ། །དེ་བཞིན་དུ་གཟུངས་དང་ཏིང་ངེ་འཛིན་རྣམས་ཀྱི་ཡོན་ཏན་རིན་པོ་ཆེའི་བདག་ཉིད་པས་རྡོ་རྗེའི་ཕྲེང་བའོ། །དམ་པའི་ཆོས་ཀྱི་བདག་ཉིད་ནི་རྡོ་རྗེའི་གླུའོ། །མཛད་པ་སྣ་ཚོགས་ཀྱི་བདག་ཉིད་ནི་རྡོ་རྗེའི་གར་ཏེ། འདི་རྣམས་ཀྱང་རིགས་བཞིའི་ཡོན་ཏན་གྱི་བྱེ་བྲག་ཏུ་མཚུངས་པ་ལས་ཁྱད་པར་དུ་སྤྱོད་ཡུལ་དུ་བསྟན་པའི་དབང་དུ་བྱས་ནས། ལྷ་མོའི་ཕྱག་རྒྱར་བསྟན་ཏོ། །རྡོ་རྗེ་མཐོང་བྱེད་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཞི་ནི། བྱམས་པ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་དང་། འཇམ་དཔལ་རྣམས་ཏེ། དེ་ཡང་བྱམས་པ་ཆེན་པོས་སེམས་ཅན་ལ་ཕན་འདོགས་པར་མཛད་པའི་བདག་ཉིད་པས་བྱམས་པ་སྟེ། ཀླུ་ཤིང་གི་མེ་ཏོག་གིས་མཚན་པའོ། །སྙིང་རྗེས་གདུང་བ་སེལ་བའི་བདག་ཉིད་པས་སྒྲིབ་པ་རྣམ་པར་སེལ་བ་སྟེ། ཆོས་ཀྱི་འཁོར་ལོས་མཚན་པའོ། །སྨོན་ལམ་ཆེན་པོས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་བདག་ཉིད་པས་ཀུན་ཏུ་བཟང་པོ་སྟེ། རིན་པོ་ཆེའི་སྙེ་མས་མཚན་པའོ། །བློ་གྲོས་ཡོངས་སུ་དག་པས་སེམས་ཅན་གྱི་བློ་ཡོངས་སུ་རྒྱས་པར་མཛད་པས་འཇམ་དཔལ་ཏེ། ཨུཏྤལ་གྱིས་མཚན་པའོ། །འདི་རྣམས་ཀྱང་རིགས་བཞིའི་ཡོན་ཏན་གྱི་བྱེ་བྲག་སྟེ། དེ་ཡང་གཞུང་ཁ་ཅིག་ལས་ནི། སྒྲིབ་པ་རྣམ་པར་སེལ་བ་ལས་ཀྱི་རིགས་སུ་བཤད་དེ། འདི་ལྟར་སྦྱར་ན་ཡང་དོན་བདེ་བར་སྣང་སྟེ། འོན་ཀྱང་གཞུང་འདི་ཉིད་ནས་རིམ་པ་འདི་ལྟར་མི་འབྱུང་བས། རང་བཞིན་ཐམས་ཅད་པ་ཡིན་པས་ཇི་ལྟར་སྦྱར་ཡང་འགལ་བ་མེད་དོ། །དབང་པོ་དང་རྣམ་པར་ཤེས་པ་དང་ཡུལ་གྱི་སྐབས་སུ་ཡང་ཡུལ་གྱི་དབང་གིས་སོ་སོར་ཕྱེ་ནས། གཟུགས་ཀྱིས་བསྡུས་པ་རྣམས་ནི་བྱང་ཆུབ་ཀྱི་རིགས། སྒྲས་བསྡུས་པ་རྣམས་ནི་ཆོས་ཀྱི་རིགས། དྲིས་བསྡུས་པ་རྣམས་ནི་ཡོན་ཏན་གྱི་རིགས། རོས་བསྡུས་པ་རྣམས་ནི་ལས་ཀྱི་རིགས་ཏེ། འདི་ལྟ་བུར་བསྟན་པ་རྣམས་ནི་ཡོན་ཏན་གྱི་མཚན་ཉིད་སྦྱར་བདེ་བར་འགྱུར་རོ། །བདེ་བར་མི་སྣང་བ་རྣམས་ཀྱང་རང་བཞིན་འགལ་བ་མེད་པ་ནི་སྔ་མ་བཞིན་ནོ། །བཙུན་མོ་འདས་པ་དང་ཞེས་བྱ་བ་ལ་སོགས་པ་ནི། དུས་བཞིའི་ལྷ་མོ་སྟེ། མེ་ཏོག་མ་ལ་སོགས་པའོ། །དེ་ཡང་བྱམས་པ་ཆེན་པོས་ཕན་འདོགས་པའི་བདག་ཉིད་ནི་མེ་ཏོག་མའོ། །སྙིང་རྗེ་ཆེན་པོས་རྒྱུད་ཚིམ་པར་བྱེད་པའི་བདག་ཉིད་ནི་བདུག་སྤོས་མའོ། །དགའ་བ་ཆེན་པོས་མ་དད་པ་ལ་སོགས་པའི་སྒྲིབ་པ་སེལ་བའི་བདག་ཉིད་ནི་མར་མེ་མའོ། །བཏང་སྙོམས་ཆེན་པོས་རྒྱུད་མཉེས་པར་བྱེད་པའི་བདག་ཉིད་ནི་དྲི་ཆབ་མའོ། །འདི་བཞི་ཡང་རིགས་བཞིའི་ཡོན་ཏན་གྱི་བྱེ་བྲག་ཡིན་པར་མཚུངས་མོད་ཀྱི། བྱེ་བྲག་ཏུ་ནི་ཚད་མེད་པ་རྣམས་སྤྱད་པར་བྱ་བའི་ཡུལ་ཡིན་པ་དང་། ཡུལ་དང་དུས་ཀྱང་སྤྱོད་ཡུལ་ཡིན་པས་ལྷ་མོའི་ཕྱག་རྒྱར་བསྟན་ཏོ། །འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ་དང་ཞེས་བྱ་བ་ལ་སོགས་པ་སྒོ་བཞིའི་ཁྲོ་བོ་སྟེ། དེ་ཡང་གཞུང་ཕལ་དུ་གྲགས་པ་ནི། མི་འཇིག་རྣམ་པར་མི་ཤེས་དང་། །བརྗོད་མེད་རྣམ་པར་མི་རྟོག་པ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །ཤེས་ན་བདེ་བ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། འཇིག་པ་ནི་ལུས་ཀྱི་ཆོས། ཤེས་པ་ནི་སེམས་ཀྱི་ཆོས། བརྗོད་པ་ནི་ངག་གི་ཆོས། དེ་ལྟ་བུའི་རྣམ་པ་ནི་སྤྱིའི་ཆོས་ཏེ། དེ་བས་ན་ཆོས་དེ་དག་ལ་གཤིན་རྗེ་དང་ཤེས་རབ་དང་པདྨ་དང་བགེགས་ཞེས་བྱའོ། །ཡེ་ཤེས་གང་གིས་སྐྱེ་འཇིག་མེད་པར་རྟོགས་པ་དང་། ཤེས་རིག་མེད་པར་རྟོགས་པ་དང་། བརྗོད་པ་མེད་པར་རྟོགས་པ་དང་། དེ་དག་གི་རྣམ་པ་མེད་པར་རྟོགས་པ་ནི། གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་དུ་གྲགས་སོ། །འདིར་ནི་གཤིན་རྗེ་གཤེད་ཐུགས་ཀྱི་རིགས་སུ་བསྟན་པས་ཅུང་ཟད་ནོང་བར་བྱུང་ན་ཡང་རང་བཞིན་འགལ་བ་མེད་པ་སྔ་མ་བཞིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་དང་། དབང་པོ་དང་། ཡུལ་རྣམས་ནི་དངོས་སུ་བསྟན་པར་ཟད། རེག་ཤེས་ཞེས་བྱ་བ་ནི། མན་ངག་ལྟ་ཕྲེང་ལས། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཞེས་བཤད་དེ། དེ་གསུམ་ལས་སྐྱེས་པའི་སེམས་སུ་བཤད་པས། ཁམས་དང་སྐྱེ་མཆེད་དུ་སྦྱར་ན་ཡིད་ཀྱི་དབང་པོ་ལ་སྦྱར་བར་རིགས་སོ་ཞེས་ཡོངས་གྲགས་པ་ཁ་ཅིག་གསུང་ངོ་། །སློབ་དཔོན་དབུས་ལུགས་པ་རྣམས་ནི། ཀུན་ལ་ཁྱབ་པའི་སྤ་རི་ཤ་ཞེས་བྱ་སྟེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་སྦྱར་བར་བྱ་བ་ཡིན་ལ། དེ་ཡང་གཙོ་བོར་གྱུར་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ཉིད་ཡིན་ནོ། །ཞེས་གསུང་ངོ་། །ཡོངས་ནི་འདི་ལྟ་བུ་དག་ནི་གང་ལྟར་སྦྱར་ཡང་ལྷག་པར་འགལ་བ་མ་མཐོང་ངོ་། །བཙུན་མོ་རྟག་པར་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ནི། སྒོ་མ་བཞི་སྟེ་ལྕགས་ཀྱུ་མ་ལ་སོགས་པའོ། །དེ་ཡང་བསྡུ་བའི་དངོས་པོ་བཞི་དང་། ཚད་མེད་པ་བཞིས་སེམས་ཅན་ཐམས་ཅད་བསྡུས་ནས་གྲོལ་བར་བྱེད་པ་དང་། དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ནས་མཉེས་པར་བྱེད་པའི་མངག་གཞུག་གི་ལས་ཀྱི་བདག་ཉིད་རྣམས་ཡིན་ཏེ། དེ་ལ་སྦྱིན་པ་དང་སྙིང་རྗེས་སེམས་ཅན་རྣམས་སྡུད་ཅིང་། དེ་བཞིན་གཤེགས་པ་རྣམས་སྤྱན་དྲང་བའི་ལས་ཀྱི་བདག་ཉིད་ནི་ལྕགས་ཀྱུ་མའོ། །དོན་སྤྱོད་པ་དང་བྱམས་པས་སེམས་ཅན་རྣམས་སྡུད་ཅིང་དེ་བཞིན་གཤེགས་པ་རྣམས་བཞུགས་པའི་ལས་ཀྱི་བདག་ཉིད་ནི་ཞགས་པ་མའོ། །དོན་མཐུན་པ་དང་དགའ་བས་སེམས་ཅན་རྣམས་སྡུད་ཅིང་དེ་བཞིན་གཤེགས་པ་རྣམས་བརྟན་པར་བཞུགས་པར་བྱེད་པའི་ལས་ཀྱི་བདག་ཉིད་ནི་ལྕགས་སྒྲོག་མའོ། །སྙན་པར་སྨྲ་བ་དང་བཏང་སྙོམས་ཀྱིས་སེམས་ཅན་རྣམས་སྡུད་ཅིང་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་པའི་ལས་ཀྱི་བདག་ཉིད་ནི་དྲིལ་བུ་མའོ། །དེ་བས་ན་མངག་གཞུག་གི་ལས་ཀྱི་བདག་ཉིད་ཡིན་པས་སྒོ་སྲུང་དུ་བསྟན་པ་ཡིན་ལ། ཁྲོ་བོ་རྣམས་ཀྱང་གོང་དུ་བསྟན་པ་ལྟར། ལུས་ངག་ཡིད་ཀྱི་སྒྲིབ་པ་སེལ་བར་བྱེད་པས་སྒོ་སྲུང་དུ་བསྟན་པ་ཡིན་ནོ། །བྱེ་བྲག་ཏུ་ན་བསྡུ་བའི་དངོས་པོ་དང་། ཚད་མེད་པ་རྣམས་སྤྱད་པར་བྱ་བའི་ཡུལ་ཡིན་པ་དང་། རྟག་པར་མ་ཡིན་པ་ལ་སོགས་པ་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ཀྱང་ཡེ་ཤེས་ཀྱིས་དམིགས་ཤིང་སྤྱད་པར་བྱ་བའི་ཡུལ་ཡིན་པས། དེ་ལྟ་བས་ན་ལྷ་མོའི་ཕྱག་རྒྱར་བསྟན་ཏོ། །དེ་ལྟ་བུའི་ཚོགས་དང་ཡང་གཉིས་སུ་མེད་པར་བཞུགས་ཞེས་གོང་དུ་བསྟན་པ་བཞིན་དུ་སྦྱར་བར་བྱའོ། །འདི་དག་ནི་རྒྱུད་གཅིག་གི་དབང་དུ་བྱས་པའི་ལྷའི་ཚོགས་ཙམ་སྨོས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ནི་འདུལ་བའི་དབང་གིས་སྣང་བའི་སྐུ་དང་ཞིང་ལ་གྲངས་དང་ཚད་ངེས་པར་གཟུང་བ་མེད་དེ། འདི་ལྟར་གང་ཟག་གཅིག་གི་སྤུའི་རྩེ་མོ་གཅིག་ལ་ཡང་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་དང་བཅས་པ་གྲངས་མེད་པ་བཞུགས་སུ་རུང་སྟེ། འདི་ལྟར་གོང་དུ་བསྟན་པ་ལྟར། སྤུའི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་བ་མེད། །ཅེས་གསུངས་པ་ལྟ་བུའོ། །ཞིང་དེ་དག་ན་ཡང་སངས་རྒྱས་མི་བཞུགས་པས་འདུལ་ན་ནི་སངས་རྒྱས་མེད་པར་སྣང་ངོ་། །གཅིག་གིས་འདུལ་ན་ནི་གཅིག་བཞུགས་པར་སྣང་ངོ་། །མང་པོས་འདུལ་ན་ནི་མང་པོ་བཞུགས་པར་སྣང་སྟེ། ཇི་སྐད་དུ། ཞིང་རྣམས་ལ་ལར་སངས་རྒྱས་མེད། །ལ་ལའི་ཞིང་ན་སངས་རྒྱས་གཅིག །ལ་ལར་སངས་རྒྱས་མང་པོའོ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་གཤེགས་པའི་འཕྲུལ་པ་སྣང་བའི་དབང་དུ་བསྟན་པ་མ་ཡིན་པར། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་ཇི་ལྟ་བའི་དབང་དུ་བྱས་ན་ཡང་། གོང་དུ་བསྟན་པ་བཞིན་དུ་ཐམས་ཅད་ལྷའི་དཀྱིལ་འཁོར་ཉིད་ཡིན་པས། དེའི་ཕྱིར་ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་ཀུན་ཏུ་ཁྱབ་པ་ནི། དཔེར་ན་ཏིལ་གྱི་གོང་བུ་བཞིན་གང་ནས་ཁྱབ་པར་བཞུགས་སོ། །ཞེས་བསྟན་པ་ཡིན་ནོ། །དེ་ལྟར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལ། ཆོས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ལ། དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཡིན་པར་ཤར་བའི་དོན་སྟོན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས་ཕྱུང་ངོ་ཞེས་བྱ་བ་ནི། དགོངས་པ་ལ་ཤར་རོ་ཞེས་བྱ་བའི་དོན་ནོ། །ཨེ་ཨེ་མ་ཨེ་མའོ། །ཞེས་བྱ་བ་ངམ་པ་རྣམ་གསུམ་རྗེས་སུ་ཟློས་པ་ནི། ཤིན་ཏུ་ངམ་པར་སྟོན་པའི་ཚིག་ཙམ་དུ་ཟད་དེ། ངན་སོང་སྦྱོང་བ་ལས། ཀྱེ་མ་སངས་རྒྱས་ཀྱེ་སངས་རྒྱས། །ཀྱེ་མ་སངས་རྒྱས་མཛད་པ་ལེགས། །ཞེས་གསུངས་པ་ལྟ་བུ་སྟེ། ངམ་པའི་ཡུལ་སོ་སོར་སྦྱར་བ་ཉིད་དོན་ཆུང་བར་འགྱུར་རོ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །རང་སྣང་བ་ཉིད་ཏིང་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་སྟོན་པ་སྟེ། དེ་ཡང་དཀྱིལ་འཁོར་བཅུ་གཉིས་དང་། གསུམ་དང་། གཅིག་གི་རང་བཞིན་དུ་སངས་རྒྱས་པར་སྟོན་ནོ། །དེ་ལ་དཀྱིལ་འཁོར་བཅུ་གཉིས་ནི། འགྱུར་བ་མེད་པའི་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། ཡོན་ཏན་འབྱུང་བས་དབྱིངས་ཀྱི་དཀྱིལ་འཁོར་དང་། དབང་སྒྱུར་བས་ཐབས་ཀྱི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ཐུགས་རྗེའི་དཀྱིལ་འཁོར་དང་། རང་སྣང་བའི་དཀྱིལ་འཁོར་དང་། ཉིད་ཀྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དང་། སྒྱུ་མའི་དཀྱིལ་འཁོར་དང་། རྣམ་པར་དག་པའི་དཀྱིལ་འཁོར་དང་། གསལ་བའི་དཀྱིལ་འཁོར་རྣམས་ཏེ། དཀྱིལ་འཁོར་འདི་དག་གི་མིང་གདགས་པ་ནི། རྒྱུད་མ་བུ་ཉིད་ལས་མིང་འདི་རྣམས་ཀྱང་འབྱུང་ལ། འདི་བས་ཀྱང་ལྷག་པར་མིང་གྲགས་པ་འབྱུང་ངོ་། །དཀྱིལ་འཁོར་གསུམ་དུ་བསྡུ་བ་ནི། ཚིག་གོང་མ་ནི་རང་བཞིན་གྱི་དཀྱིལ་འཁོར། འོག་མ་ནི་ཏིང་ངེ་འཛིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར། དཀྱིལ་འཁོར་གཅིག་ཏུ་བསྡུ་བ་ནི། རང་སྣང་བའི་དཀྱིལ་འཁོར་ཏེ་དེ་ལ་གང་ཞིག་སྣང་ཞེ་ན། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་སྣང་ངོ་། །རྒྱུ་ཅི་ལས་སྣང་ཞེ་ན། ཐུགས་རྗེ་ཆེན་པོའི་ངང་ལས་སམ་ངང་གིས་སྣང་སྟེ་དེའི་དབང་ཡིན་པའི་ཕྱིར་རོ། །གང་ལ་སྣང་ན་ཏིང་ངེ་འཛིན་ལ་སྟེ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་སྣང་ངོ་། །ཇི་ལྟར་སྣང་ན་གཟུགས་བརྙན་སྒྱུ་མ་ལྟར་རང་བཞིན་རྣམ་པར་དག་ཅིང་གསལ་བར་སྣང་ངོ་། །དེ་ལྟར་དཀྱིལ་འཁོར་དུ་གསལ་བ་དེ་ནི་ཡོན་ཏན་རིན་པོ་ཆེའི་གནས་ཞེས་འབྲེལ་ལོ། །ཡོན་ཏན་དེ་དག་གང་ཞེ་ན། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སེལ་མེད་པ་ཡི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ། མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དོ། །འདི་ལྟར་སྐུ་ལྔ་དང་གསུང་ལྔ་དང་ཐུགས་ལྔ་དང་ཡོན་ཏན་ལྔ་དང་ཕྲིན་ལས་ལྔ་ནི། རེ་རེ་ལ་ཡང་ཡོན་ཏན་རྩིས་ལས་འདས་པས། གདུལ་བྱ་ཇི་སྲིད་དེ་སྲིད་དུ་ཡོན་ཏན་མཐར་ཐུག་པ་མེད་པར་སྣང་བས། མི་ཟད་རྒྱན་གྱི་འཁོར་ལོ་ཞེས་བྱ་སྟེ། འདི་དག་ལ་ཡང་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གྱི་སྐྱོན་གྱིས་མ་གོས་པས། སེལ་མེད་པའི་ཡོན་ཏན་རིན་པོ་ཆེ་ཞེས་བྱའོ། །མི་ཟད་རྒྱན་གྱི་འཁོར་ལོ་དེ་དག་ཀྱང་རང་བཞིན་དབྱེར་མེད་པས་རྡོ་རྗེ་མཆོག་ཅེས་བྱ་སྟེ། ཡོན་ཏན་དེ་དག་གི་གནས་ནི་གོང་དུ་སྨོས་པའི་དཀྱིལ་འཁོར་ཡིན་ཏེ། དེ་བས་ན་དོན་འདིར་འགྱུར་ཏེ། ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་སངས་རྒྱས་པ་དེ་ཡང་། ཉོན་མོངས་པ་ལ་སོགས་པའི་སྐྱོན་གྱིས་མ་གོས་པས་སྐུ་གསུང་ཐུགས་རྡོ་རྗེའི་འབྲས་བུའི་ཆོས་སུ་གནས་པ། མི་ཟད་རྒྱན་གྱི་འཁོར་ལོ་ཡོན་ཏན་རིན་པོ་ཆེའི་གནས་སུ་གྱུར་པའོ། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་སྦྱར་རོ། །དེ་ལ་རྡོ་རྗེ་གསང་བའི་ཚིག་ཅེས་བྱ་བ་ནི། སྐབས་ཀྱི་དབང་གིས་མདོའི་དོན་གཞིག་པར་དཀའ་བ་ལ་གསུངས་པ་དང་། གསང་བའི་བརྡ་ཚིག་ལ་གསུངས་པ་དང་། ཡིད་ལ་གསལ་བ་རྣམས་ལ་འཇུག་པ་ཡོད་དེ། འདིར་ནི་ཐུགས་ལ་གསལ་བ་ཙམ་ལ་རྡོ་རྗེ་གསང་བའི་ཚིག་ཅེས་བྱའོ། །གླེང་གཞིའི་ལེའུ་ཞེས་བྱ་བ་ལ། གླེང་གཞི་ནི་གོང་དུ་བསྟན་པ་བཞིན། ལོ་རྒྱུས་བརྗོད་པ་དང་། ངེས་པ་སྦྱིན་པ་བྱེད་པའོ། །ལེའུ་ཞེས་བྱ་བ་ནི། པ་ཏ་ལ་ཞེས་བྱ་བའི་སྒྲ་བཤད་ན། པ་ཏ་ནི་གོས་ཀྱི་དོན་ཏེ་སྐྱོབ་པའི་མཚན་ཉིད་དོ། །ལ་ནི་འཛིན་པའི་དོན་ཏེ་སྐྱབས་འཛིན་པའི་ཕྱིར་ལེའུ་ཞེས་བྱ་སྟེ། གཞུང་དོན་དང་བཅས་པ་ལ་འཇུག་གོ །རྣམ་པ་གཅིག་ཏུ་ན། པ་ཏ་ལ་ཞེས་དྲིལ་ཏེ་བརྗོད་ན་རིས་སུ་བཅད་པ་ལ་འཇུག་སྟེ། དེའི་ཕྱིར་རིས་དང་ལེའུར་བཅད་པའི་ཕྱིར་ལེའུ་ཞེས་བྱའོ། །ཐམས་ཅད་དུ་ཡང་དེ་བཞིན་དུ་སྦྱར་རོ།། །། ད་ནི་གླེང་བསླང་བ་སྟོན་ཏེ། དེ་ལ་གོང་དུ་བསྟན་པའི་གླེང་གཞི་བསྡུས་པ་ཉིད་ཀྱང་དོན་གྱིས་གླེང་བསླང་བའི་ཁོངས་སུ་འདུས་མོད་ཀྱི། ཚིག་ཏུ་བརྗོད་པ་མ་ཡིན་པས་ཐུགས་ལ་དགོངས་པ་ཙམ་ནི་བཅས་རྒྱུད་བསྟན་པའི་ཁོངས་སུ་འདུས་པས། གླེང་གཞི་བསྡུས་པ་ཞེས་བྱའོ། །གླེང་གཞི་ཡང་ཕུན་སུམ་ཚོགས་པ་ལྔས་བརྗོད་པ་ཡིན་མོད་གྱི། དེ་མདོར་བསྡུས་ན་དཀྱིལ་འཁོར་ཙམ་དུ་འདུས་ཏེ། ཚིག་འདི་ནི་སྟོན་པ་འདི་ནི་གནས་འདི་ནི་འཁོར་འདི་ཞེས་སོ་སོར་ཐ་སྙད་གདགས་པ་ནི་མེད་དོ། །དེ་བས་ན་ཚིག་ཏུ་བརྗོད་པ་ཙམ་གླེང་བསླང་བར་གཟུང་བར་བྱ་སྟེ། དེ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེས། བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡིད་ནི་བདག་ཏུ་ལྟ་བ་རྣམས་ཀྱི་བྱེད་པ་པོ་ལྟ་བུ་མེད་ཀྱང་། །འཁོར་བར་འཇུག་པ་དང་ལྡོག་པ་རྣམས་ལ་འདིས་དབང་བྱེད་པས་བྱེད་པ་པོ་ཞེས་བྱའོ། །དེ་རང་བྱུང་གི་ཡེ་ཤེས་སུ་འདོད་པའི་གཞུང་ལྟར་ན་ཡང་། ཆོས་ཐམས་ཅད་ལ་དབང་སྒྱུར་བས་དེ་སྐད་ཅེས་བྱའོ། །དེ་ཉིད་བྱང་ཆུབ་སེམས་དང་དབྱེར་མེད་པས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོའོ། །དེ་ཉིད་སྟོན་པའི་བདག་ཉིད་བསྟན་པའི་སྐབས་སུ། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། དབྱེར་མེད་པའི་ཕྱིར་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེའོ། །དེ་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ལ་ཞུགས་པར་གྱུར་པས་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ་ཞེས་བྱའོ། །ཞུགས་པར་ཅིས་འགྱུར་ཞེ་ན། ཐམས་ཅད་དབྱེར་མེད་པར་གྱུར་ཏོ་ཞེས་སྦྱར་རོ། །དེ་ལྟར་དབྱེར་མེད་པའི་ཕྱིར་སྟོན་པ་དང་གདུལ་བྱ་གཉིས་སུ་དམིགས་སུ་མེད་པས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ངམ་པར་བརྗོད་པའི་ཚུལ་གྱིས་ཆེད་དུ་བརྗོད་པ་མཛད་དེ། གཞན་ལས་འབྱུང་བ་ལྟར། གདུལ་བྱ་ཁ་ཅིག་ལ་ཉིད་ཀྱིས་ཆེད་དུ་བརྗོད་པ་མཛད་པས། འདུལ་བར་གཟིགས་ནས་ཆེད་དུ་བརྗོད་པ་མཛད་དོ་ཞེས་གྲགས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་བས་ན་གོང་དུ་བསྟན་པའི་དོན་དེ་ཉིད་ངམ་པའི་ཚུལ་དུ་བརྗོད་པར་མཛད་པ་ནི། ཨེ་མ་ཧོ། །རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ནི་ཐབས་ཀྱི་ཆ་བཟུང་ནས་ཕྱག་རྒྱའི་དཀྱིལ་འཁོར་དུ་སངས་རྒྱས་པར་གླེང་བསླང་བའོ། །དེ་ལ་ཕུང་པོ་ལྔ་ཉིད་སངས་རྒྱས་ལྔ་དང་མི་ཕྱེད་པས་རྡོ་རྗེའི་ཕུང་པོའོ། །ཡན་ལག་ནི་དེའི་བྱེ་བྲག་སྟེ། དེ་ཡང་སངས་རྒྱས་སུ་གྲགས་པའི་སྒྲ་ནི་གྲུབ་པའི་སྒྲའོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །ཀུན་ཏུ་བཟང་མོས་གླེང་བསླང་བ་ནི། ཤེས་རབ་ཀྱི་ཆ་བཟུང་ནས་ཟབ་མོའི་དོན་དུ་གླེང་བསླང་བ་སྟེ། དེ་བས་ན་རྫོགས་པའི་སངས་རྒྱས་ཞེས་མི་སྨོས་པར། མངོན་སངས་རྒྱས་ཞེས་གསུངས་པ་ཡང་། ཇི་ལྟར་སྣང་བ་དེ་ལྟ་བ་ཉིད་དུ་སངས་རྒྱས་པའོ། །དེ་བས་ན་གླེང་བསླང་བའི་སྐབས་སུ་ཡང་། ཞུ་བ་པོ་དང་བཀའ་སྩལ་བའི་ཚུལ་གྱིས་གླེང་བསླང་བ་མ་ཡིན་པས། ཐུན་མོང་མ་ཡིན་པའོ། །དོན་དེ་དག་ལྟ་བུའི་ཚུལ་གྱིས་སངས་རྒྱས་ཉིད་ལས་གཞན་པའི་ཆོས་མི་མངའ་བར་མཁྱེན་ཡང་། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སུ་བསྐྱེད་པར་བསྟན་པའི་ཕྱིར། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ཐུན་མོང་དུ་གྲགས་པ་ནི་རིགས་དང་བཤེས་གཉེན་གྱི་སྟོབས་ལ་བརྟེན་ནས། ཤེས་རབ་དང་སྙིང་རྗེ་རྒྱུད་ལ་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་འདོད་དེ། འདིར་ནི་ཡེ་ནས་ཡིན་པའི་དོན་གསལ་བར་བྱེད་པའི་རྐྱེན་ཙམ་དུ་འདོད་དེ། དེའི་ཕྱིར་ཡེ་ནས་སངས་རྒྱས་པའི་སེམས་ཞེས་སྨོས་པ་ཡིན་ནོ། །སྐྱེ་འགག་གནས་དམིགས་འགྲོ་འོང་ལྔ་དང་བྲལ་བར་སྟོན་པའི་ཚིག་འདི་དག་གིས། ཆོས་ཐམས་ཅད་སྤྲོས་པ་ཉེ་བར་ཞི་བ་ཙམ་དུ་སྟོན་པར་ཟད་དེ། དེ་ཉིད་ཡེ་ཤེས་ཞེས་པའམ་དེ་ལྟར་རྟོགས་པ་ནི་ཡེ་ཤེས་སོ་ཞེས་སྦྱར་བར་བྱའོ། །དེ་ལྟར་ན་སྤྱིའི་དོན་དུ་ཡེ་ཤེས་ཐམས་ཅད་ཀྱིས་ཀྱང་། སྤྲོས་པ་དང་བྲལ་བའི་དོན་རྟོགས་པར་འདྲའོ་ཞེས་སྦྱར་རོ། །ཡན་ལག་གི་དོན་དུ་ན་ཚིག་འདི་དག་ཡེ་ཤེས་ལྔ་དང་རིམ་པ་བཞིན་སྦྱར་བར་བྱ་སྟེ། དེ་ལ་སྐྱེ་བ་མེད་པ་ནི་བག་ཆགས་གནས་སུ་དག་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ཡང་ཐུན་མོང་གི་དབང་དུ་ནི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་དབང་དུ་བཤད་པ་ལྟར་ན། ཤེས་པའི་སྤྱོད་ཡུལ་དུ་དངོས་པོ་སྣ་ཚོགས་པའི་སྐྱེ་བ་མངོན་པར་འགྲུབ་པ་འདི་ནི། བག་ཆགས་ཀྱི་དབང་གིས་ཤེས་པ་ལས་གུད་ན་མངོན་པར་གྲུབ་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །དོན་གུད་ན་མེད་པར་སྨྲ་བ་ཁ་ཅིག་ནི། བག་ཆགས་ཀྱི་དབང་གིས་སེམས་ཉིད་གཟུང་བ་དང་འཛིན་པ་ལྟ་བུར་སྐྱེའོ་ཞེས་ཟེར་རོ། །རྣམ་པ་མེད་པར་སྨྲ་བ་ཁ་ཅིག་ནི། ཕྱི་རོལ་གྱི་དོན་གུད་ན་གྲུབ་པ་ཡང་མ་ཡིན། སེམས་ཉིད་གཟུང་བ་དང་འཛིན་པ་གཉིས་སུ་སྐྱེ་བ་ཡང་མ་ཡིན་མོད་ཀྱི། གཉིས་སུ་སྣང་བ་ནི་སེམས་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཡིན་ལ། དེ་ཉིད་གཟུང་འཛིན་ཞེས་བརྗོད་དེ། རི་བོང་གི་རྭ་དང་འདྲ་བར་བརྗོད་དོ། །གསང་སྔགས་ཀྱི་གཞུང་ཡང་ཕལ་ཆེར་དེ་ལྟ་བུར་སྟོན་ཏེ། དེ་བས་ན་དེ་དག་གང་གི་གཞུང་ལྟར་ན་ཡང་། བག་ཆགས་ངོ་བོ་མེད་པར་རྟོགས་ན་དངོས་པོ་རྣམས་མངོན་པར་མི་འགྲུབ་པས། དེའི་ཕྱིར་དངོས་པོ་ཐམས་ཅད་ནི་གདོད་མ་ནས་སྐྱེ་བ་མེད་བཞིན་དུ་འཁྲུལ་པའི་བློ་ལ་སྐྱེ་བ་ལྟ་བུར་སྣང་ལ། དེ་ལྟར་དངོས་པོར་སྣང་ཙམ་ཉིད་ན། ཇི་ལྟར་སྣང་བ་དེ་ལྟ་བུར་གྲུབ་པ་གང་ཡང་མེད་པས། ཆོས་ཀྱི་དབྱིངས་ལ་སྒྲིབ་པ་གདོད་མ་ནས་དག་པའི་ཕྱིར་རང་བཞིན་གྱིས་འོད་གསལ་བ་ཡིན་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལྟར་ཡུལ་དང་ཡུལ་ཅན་གྱི་དངོས་པོ་སྐྱེ་བ་མ་གྲུབ་ན། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཀྱི་རྒྱུན་སྐད་ཅིག་མ་འགག་པ་ཡང་མི་འགྲུབ་སྟེ། རང་གི་ངོ་བོས་སྟོང་ཞིང་དག་པས་ནམ་མཁའི་དཀྱིལ་ལྟར་གྱུར་པ་ཡིན་ལ། དེའི་ཚེ་ཐུན་མོང་དུ་གྲགས་པ་ལྟར་ན། ཀུན་གཞི་དོན་དང་སེམས་ཅན་སྣ་ཚོགས་སུ་སྣང་བ་ལོག་ནས། སྣང་བ་ཐམས་ཅད་དང་བྲལ་བར་གནས་འགྱུར་བ་ཞེས་བྱའོ། །བག་ཆགས་ཀྱི་དྲི་མ་དང་བྲལ་བས་བྲལ་བའི་ཐོབ་པ་ཞེས་བྱའོ། །ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བས་གནས་འགྱུར་བ་མེད་དེ་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །དེ་ནི་མེ་ལོང་གཡའ་དག་པ་དང་འདྲ་བས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གནས་པ་མེད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ཡང་ཉོན་མོངས་པ་ཅན་གྱི་ཡིད་ནི། བདག་ཏུ་ལྟ་བ་དང་བཅས་པ་གནས་དང་གནས་པར་འཛིན་ཅིང་ཕྱོགས་དང་རིས་སུ་བྱེད་པའོ། །དེ་ཡང་ཀུན་གཞི་བག་ཆགས་དང་བཅས་པའི་རྒྱུན་ལ་ནང་དུ་དམིགས་པའི་ཚུལ་གྱིས་བདག་ཏུ་ལྟ་བར་བྱེད་དོ། །དེ་ཡང་ཀུན་གཞི་དང་བག་ཆགས་གཉིས་ཀ་མ་གྲུབ་ན། གནས་དང་རྒྱུ་དང་དམིགས་པ་མེད་པའི་ཕྱིར། ཉོན་མོངས་པའི་ཡིད་ཀྱང་སྐྱེ་རུ་མི་རུང་ངོ་། །དེ་མ་སྐྱེས་ན་གནས་སུ་འཛིན་པའི་ཤེས་པ་གཞན་མེད་དེ། དེ་བས་ན་གནས་པ་མེད་པའི་མཚན་ཉིད་རང་བཞིན་གྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐུན་མོང་བ་ལྟར་ན། ཉོན་མོངས་པ་ཅན་གྱི་ཡིད་རྟག་ཏུ་བདག་ཏུ་ལྟ་བ་ལོག་ནས་བདག་དང་གཞན་དུ་མི་འབྱེད་ཅིང་མཉམ་པ་ཉིད་དུ་གྱུར་པས་གནས་གྱུར་པ་ཞེས་བྱའོ། །བདག་ཏུ་ལྟ་བ་དང་བདག་ཏུ་རྨོངས་པ་ལ་སོགས་པའི་དྲི་མ་དང་བྲལ་བས་བྲལ་བའི་ཐོབ་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་བདག་མེད་པར་རྟོགས་པའི་ཚུལ་གྱིས་ནང་དུ་མཉམ་པར་གཟིགས་པས་གནས་འགྱུར་བ་མེད་དེ། རང་འབྱུང་གི་ཡེ་ཤེས་ཞེས་བྱའོ། །དམིགས་པ་མེད་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། འདི་ལྟར་ཀུན་གཞི་དང་བག་ཆགས་དང་ཉོན་མོངས་པ་ཅན་གྱི་ཡིད་རྣམས་མ་གྲུབ་སྟེ། རྒྱུ་དང་གནས་དང་དམིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར། གང་ཞིག་གིས་གང་ལ་དམིགས་ཏེ། རང་བཞིན་གྱིས་དམིགས་པ་མེད་པ་ཡིན་པས་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཐུན་མོང་བ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཐམས་ཅད་ལ་གཟུང་བ་དང་འཛིན་པའི་དངོས་པོར་དམིགས་པ་ལས་ལོག་ནས། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པས་གནས་འགྱུར་བ་ཞེས་བྱའོ། །གཟུང་བ་དང་འཛིན་པའི་དངོས་པོར་ཞེན་པའི་དྲི་མ་དང་བྲལ་བས་བྲལ་བའི་ཐོབ་པའོ། །ཡིད་ཀྱི་རྣམ་པར་ཤེས་པས་ཆོས་ཐམས་ཅད་ལ་དམིགས་པ་བཞིན། སོ་སོར་རྟོག་པའི་ཡེ་ཤེས་ཀྱང་དོན་དམ་པ་དང་ཀུན་རྫོབ་ཀྱི་ཡུལ་ཅན་ཡིན་པས་གནས་འགྱུར་བ་མེད་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འགྲོ་འོང་མེད་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། དེ་ཡང་གོང་དུ་བསྟན་པའི་དོན་ཐམས་ཅད་མ་གྲུབ་ན། སྒོ་ལྔའི་རྣམ་པར་ཤེས་པ་སྐྱེ་བ་མི་སྲིད་དེ། དེའི་ཕྱིར་ཕྱི་རོལ་གྱི་དོན་ལ་འགྲོ་བ་དང་འོང་བའི་མཚན་ཉིད་མེད་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཐུན་མོང་བ་ལྟར་ན་སྒོ་ལྔའི་རྣམ་པར་ཤེས་པ་ཕྱི་རོལ་གྱི་ཡུལ་ལ་འཇུག་པ་ལོག་ནས། མི་དམིགས་པའི་ཐུགས་རྗེ་ཆེན་པོར་ལྷུན་གྱིས་གྲུབ་པས་གནས་གྱུར་པ་ཞེས་བྱའོ། །ཕྱི་རོལ་གྱི་ཡུལ་ལ་གཡེང་བའི་དྲི་མ་དང་བྲལ་བས་བྲལ་བའི་ཐོབ་པའོ། །ཇི་ལྟར་སྒོ་ལྔ་ཁ་ཕྱིར་བལྟས་པ་བཞིན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་གདུལ་བྱའི་རྒྱུད་ལ་གཟིགས་ཏེ་གནས་གྱུར་བ་མེད་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །རང་བྱུང་གི་ཡེ་ཤེས་འདི་དག་ཀྱང་ཤེས་པ་དང་རང་གི་ཡུལ་ལ་སྐྱེ་བའི་མཚན་ཉིད་མ་བཏང་བར། ཡེ་ཤེས་ཀྱི་དུས་ན་ཡང་རྒྱུན་དེ་བཞིན་དུ་གྲུབ་པས་གཞག་པའི་ཕྱོགས་སྨྲས་པ་ཡིན་ཏེ། འདི་ཙམ་དུ་མ་ཟད་ཀྱི་གཟུང་འཛིན་གཏན་མེད་པའི་ཕྱིར། ཤེས་པ་ཐམས་ཅད་རང་རིག་པ་ཙམ་ཡིན་པར་གྲུབ་པ་ཡང་རང་བྱུང་གི་ཡེ་ཤེས་ཡིན་ནོ། །རང་རིག་པ་ཉིད་ཀྱང་སྤྲོས་པ་ཡིན་པས། སྤྲོས་པ་ཐམས་ཅད་གདོད་མ་ནས་མ་གྲུབ་པ་ཉིད་སྒྲིབ་པ་གདོད་མ་ནས་དག་པ་ཡིན་པས། རང་བཞིན་གྱིས་འོད་གསལ་བའི་ཕྱིར་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །དེ་ལ་ཡེ་ནས་སངས་རྒྱས་པའི་སེམས་ཞེས་བྱ་བ་ནི། ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་ནས་བཤད་དོ། །བདག་གིས་ནི་ཡེ་ཤེས་ཀྱི་མཚན་ཉིད་ཐོས་པ་དང་། ཤེས་རབ་ཞན་པ་རྣམས་ཀྱིས་ཀྱང་བདེ་བར་རྟོགས་པར་བྱ་བའི་ཕྱིར་ཐུན་མོང་དུ་གྲགས་པ་དང་བཅས་ནས་བསྡུས་ཏེ་བསྟན་པའོ། །སྐབས་འདིར་སློབ་དཔོན་དབུས་ལུགས་པ་རྣམས། སྐུ་ལྔ་ཡེ་ཤེས་ལྔ་སྦྱར་ཏེའང་འཆད་ལ། དབུས་ལུགས་བཀའ་ཕྱོགས་པ་རྣམས། འབྲས་བུ་མཐར་ཕྱིན་པ་སངས་རྒྱས་ཀྱི་གནས་སྐབས་དང་། གང་ཟག་རྣལ་འབྱོར་བའི་གནས་སྐབས་གཉིས་སུའང་སྦྱར་ཏེ་འཆད་པར་བྱེད་ན། ཡོངས་སེམས་ཡེ་ནས་ཡེ་ཤེས་ཇི་ལྟར་ཡིན་པ་དང་། མངོན་པར་སྒྲུབ་པ་རྣམས་ལ་ཇི་ལྟར་གྲུབ་པ་འདི་ཙམ་བཤད་པས་དེ་དག་ཐམས་ཅད་འདུས་པར་སྣང་བས་གཞུང་དེ་དག་མ་བྲིས་སོ། །ད་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བསྟན་པར་འདོད་པ་ལས། དང་པོར་ཆོས་ཡེ་ནས་སངས་རྒྱས་པའི་དོན་རྟོགས་པར་དཀའ་བས། དེ་མ་རྟོགས་པའི་དབང་གིས་འཁོར་རོ་ཞེས་བསྟན་པའི་ཕྱིར། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ནས་སངས་རྒྱས་པའི་དོན་ཡིན་ཡང་། ཐོག་མ་ཉིད་ནས་མ་རྟོགས་པས་ཡེ་ནས་གསང་བའི་ཆོས་སོ། །དེ་ཡང་སྦས་པ་མ་ཡིན་ཏེ། དབང་པོ་དྲུག་གི་སྤྱོད་ཡུལ་དུ་སྣ་ཚོགས་སུ་སྣང་བ་ཉིད་ལ་རང་གི་རང་བཞིན་མ་རྟོགས་པས། སྣ་ཚོགས་སྣང་ལ་རང་བཞིན་གསང་ངོ་། །ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པ་ལ། གཞན་གྱིས་སྟོང་པར་མཐོང་ནས་ཇི་ལྟར་སྣང་བ་རང་གི་ངོ་བོ་ཉིད་ཀྱིས་སྟོངས་པར་མ་རྟོགས་པས་ངོ་བོ་ཉིད་ཀྱིས་རབ་ཏུ་གསང་ངོ་། །དེ་ཡང་གུད་ན་ཡོད་པ་མ་ཡིན་ཏེ། གཞན་དུ་བཙལ་དུ་མེད་བཞིན་དུ་རྙེད་པར་དཀའ་བས། གཞན་དུ་མིན་ལ་ཤིན་ཏུ་གསང་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་ཡིན་པས་ཐམས་ཅད་དབྱེར་མེད་ནའང་དེ་མ་རྟོགས་པའི་དབང་གིས་འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ། ཐུགས་རྗེ་ཆེན་པོ་སྐྱེས་སོ་ཞེས་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར། ཨེ་མ་ཧོ་བདེར་གཤེགས་སྙིང་པོ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་ནི། ཐུན་མོང་དུ་གྲགས་པ་སེམས་ཅན་རྣམས་བྱང་ཆུབ་ཀྱི་རྒྱུ་ཅན་ཟག་མེད་ཀྱི་ས་བོན་དང་ལྡན་པའོ། །ཞེས་འདོད་དོ། །ཟབ་མོ་ལྟར་ན་སེམས་ཀྱི་རང་བཞིན་ཉིད་བྱང་ཆུབ་ཡིན་པས་བྱང་ཆུབ་ཀྱི་སྙིང་པོའོ། །དེ་ལྟར་ཡིན་པ་ལས་བཅིངས་པར་སྣང་ཞིང་དེའི་དབང་གིས་གྲོལ་བར་ཡང་སྣང་སྟེ། བཅིངས་གྲོལ་མེད་པའི་དོན་མ་མཐོང་བས་དེ་བསྟན་པའི་ཕྱིར། ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྲོ་བ་སྣ་ཚོགས་མཛད་དོ་ཞེས་གསུངས་སོ། །དེ་ཇི་ལྟར་སྤྲོ་བ་བསྟན་པ་ནི། ལེའུ་གསུམ་པ་དང་འབྲེལ་ལོ། །དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་ནི། སྤྲོས་དང་བྲལ་བའི་དོན་དང་འགྲོ་བའི་དོན་གྱི་དབང་དུ་བྱས་པའོ། །ལེའུ་གཉིས་པའོ།། །།ད་ནི་ཐུགས་རྗེ་སྤྲོས་པ་དེ་ཉིད་ཇི་ལྟར་སྤྲོ་བ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་འཐོན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རིག་པའི་སྐྱེས་བུ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་སྔགས་ལས་བྱུང་བའི་སྐུ་ནི་རིག་པའི་སྐྱེས་བུ་ཞེས་བཤད་དོ། །ཁ་ཅིག་ལས་རིག་སྔགས་ནི་མི་ཕྱེད་པའི་དོན་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་དོན་ནི་རིག་པའི་སྐྱེས་བུ་ཞེས་བཤད་དོ། །ཁ་ཅིག་ལས་རིག་སྔགས་ནི་ལྷ་མོ་སྟེ། དེ་དང་ལྡན་པའི་རིག་པའི་སྐྱེས་བུ་ཞེས་བཤད་དོ། །ཡེ་ཤེས་ལས་འཕྲུལ་པའི་སྐུ་ལ་ཡང་རིག་པའི་སྐྱེས་བུ་ཞེས་པ་བཤད་དོ། །འདིར་ནི་དེ་ཉིད་དང་མི་ཕྱེད་པའི་དོན་གཟུང་བར་བྱའོ། །ཐུབ་པ་དྲུག་ཅེས་བྱ་བ་ནི། འགྲོ་དྲུག་གི་དབང་དུ་བྱས་པའོ་ཞེས་དབུས་ལུགས་པ་གསུང་ངོ། །ཡོངས་གྲགས་པ་ཁ་ཅིག་ན་རེ། སྤྱིར་དེ་ལྟར་ཡིན་མོད་ཀྱི་སྐབས་འདིར་འཇིག་རྟེན་དྲུག་གི་དབང་དུ་བྱས་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་འོག་ནས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཐུབ་པ་ཆེན་པོ་རེ་རེས་འགྲོ་བ་ལྔའི་དོན་མཛད། ཅེས་བསྟན་པ་འབྲེལ་མེད་པར་འགྱུར་རོ་ཞེས་ཟེར་རོ། །ཡོངས་ནི་འགྲོ་བ་དྲུག་གི་དབང་དུ་བྱས་ཀྱང་སྟོང་གསུམ་རེ་རེར་ཞེས་བྱ་བའི་སྐབས་སུ་ཐུབ་པ་དྲུག་པོ་རེ་རེས་ཞེས་བྱ་བར་མི་སྦྱར་བར། སྤྱིར་གཅིག་གིས་དོན་མཛད་པར་སྣང་ངོ་ཞེས་སྦྱར་ན། འདི་ལ་ཡང་འགལ་བ་མ་མཐོང་ངོ། །དེ་ལ་སྟོང་གསུམ་རེ་རེར་ཐུབ་པ་རེ་རེས་ཞེས་བྱ་བ་ནི་ཐེག་པ་ཐུན་མོང་གི་དབང་དུ་བཤད་ན། སྲིད་པ་མཐའ་མ་པའི་བྱང་ཆུབ་སེམས་དཔའ་གཅིག་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སྟོང་གསུམ་གཅིག་ཏུ་སངས་རྒྱས་ཀྱི་མཛད་པ་བྱེད་དོ་ཞེས་བཤད་དོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ལྟར་ན། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ལས། སྤྲུལ་པ་བྱེ་བ་ཕྲག་བརྒྱ་འབྱུང་བ་ཡང་ཚུལ་གཅིག་ཏུ་འབྱུང་བས་ཐུབ་པ་རེ་རེས་ཞེས་བཤད་དོ། །འདུལ་བ་རྣམ་པ་བཞིས་འགྲོ་བ་རྣམ་པ་ལྔའི་དོན་མཛད་དེ་ཞེས་བྱ་བ་ལ། འདུལ་བ་རྣམ་པ་བཞི་ནི། བསོད་ནམས་ཀྱིས་འདུལ་བ་དང་། རྫུ་འཕྲུལ་གྱིས་འདུལ་བ་དང་། རིག་པས་འདུལ་བ་དང་། མངོན་སུམ་པས་འདུལ་བ་ཞེས་སྤྱིར་གྲགས་སོ། །འདི་ཉིད་ལས་ནི་མཛད་པ་ཆེན་པོ་བརྒྱད་དང་། མངོན་པར་ཤེས་པ་ཆེན་པོ་དྲུག་དང་། བསམ་གྱིས་མི་ཁྱབ་པ་བཞི་དང་། ཐེག་པ་ལྔའི་སྒོ་ནས་འདུལ་བར་གསུངས་ཏེ། དེ་ཡང་སྤྱིར་དོན་མཐུན་པར་སྣང་སྟེ། མཛད་པ་བརྒྱད་ཀྱིས་འདུལ་བ་ནི། བསོད་ནམས་ཐུན་མོང་མ་ཡིན་པར་འཕགས་པར་བསྟན་པ་ཡིན་ནོ། །མངོན་པར་ཤེས་པ་དྲུག་ནི། དོན་ཐམས་ཅད་མངོན་སུམ་དུ་གྱུར་པས་འདུལ་བའོ། །བསམ་གྱིས་མི་ཁྱབ་པ་བཞི་ནི། རྫུ་འཕྲུལ་སྣ་ཚོགས་སུ་བསྟན་པས་འདུལ་བའོ། །ཐེག་པ་ལྔ་ནི་རིག་པ་དང་ལྡན་པའི་ཆོས་བསྟན་པ་སྟེ། དེ་བས་ན་དེ་དག་ཀྱང་གཞི་མཐུན་པར་འགྱུར་རོ། །དེ་ལ་ཐེག་པ་ལྔ་དང་། གྲུབ་མཐའ་རྣམ་པ་ལྔ་ནི་གོང་དུ་བསྟན་ཟིན་ཏོ། །ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས་ཞེས་བྱ་བ་ལ་སོགས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གཏན་ལ་འབེབས་པར་བྱེད་པ་སྟེ། དེ་ཡང་། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་བྱ་བ་ཡན་ཆད་ཀྱིས་འཁྲུལ་པས་རང་བཞིན་བསླད་པ་མེད་པར་དམ་བཅས་པ་སྟོན་ནོ། །ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ །ཞེས་བྱ་བ་ནི། ཇི་ལྟར་ཉམས་པ་མེད་པའི་ཚུལ་མདོར་བསྟན་པ་སྟེ། དེ་ལ་ཡང་དག་པ་སྟེ་འཕགས་པའི་ཡེ་ཤེས་ཀྱི་སྐབས་ན་ཡང་། བདག་ཏུ་ལྟ་བའི་རྣམ་པར་ཤེས་པ་དང་བཅས་པ་དང་། བདག་གི་སྟེ་དབང་པོ་དང་། གཞན་ཏེ་ཡུལ་རྣམས་གྲུབ་པ་མེད་དོ་ཞེས་བྱ་བ་དང་། སྒྱུ་མ་སྟེ་འཁྲུལ་པའི་ཤེས་པ་རང་ཁ་མའི་གནས་སྐབས་ན་ཡང་། དེ་བཞིན་དུ་བདག་དང་བདག་གི་དང་གཞན་རྣམས་གྲུབ་པ་མེད་དེ། དེ་ལྟར་ན་ཚུལ་གཉིས་ཀའི་ཚུལ་ལྟར་ན་ཡང་། དེ་རྣམས་མ་གྲུབ་པའི་ཚུལ་རྣམ་པ་གཉིས་ཉིད་ཀྱང་དབྱེར་མེད་དེ། རྣམ་པར་དག་པའི་དབྱིངས་སུ་ཚུལ་གཅིག་གོ་ཞེས་སྦྱར་རོ། །ད་ནི་ཚུལ་འདི་ཉིད་རྒྱས་པར་སྦྱར་བའི་ཕྱིར། །དང་པོ་སྒྱུ་མའི་ཚུལ་ལས་བརྩམས་ནས། དེ་རྣམས་ལས་མ་གྲུབ་པར་བསྟན་པ་ལ། དང་པོར་དེ་ལྟར་སྣང་བའི་ཡུལ་མ་གྲུབ་པར་བསྟན་པའི་ཕྱིར། བདག་དང་བདག་གི་གཞན་རྣམས་ནི། །ཞེས་བྱ་བ་ནས། གཞན་དུ་གཡོ་བ་ཅི་ཡང་མེད། །ཅེས་བྱ་བའི་བར་དུ་གསུངས་ཏེ། དེ་ཡང་འདི་ལྟར་སེམས་ལ་བདག་ཏུ་བཟུང་བ་དང་། དབང་པོ་ལ་བདག་གིར་བཟུང་བ་དང་། ཡུལ་ལ་གཞན་དུ་བཟུང་བ་རྣམས་ནི། ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ཞེས་པ་སྟེ་དེ་དག་ཀྱང་ལོག་རྟོག་ཙམ་ཉིད་ཡིན་གྱི། དེ་ལས་གུད་ན་ཕྲ་སྟེ་མ་མཐོང་བའམ། ཟབ་སྟེ་མ་རྟོགས་པའང་ཡོད་པ་མ་ཡིན་ནོ། །འོ་ན་ད་ལྟ་ཉིད་ནས་མངོན་སུམ་ན་ཡུལ་དང་ཡུལ་ཅན་དུ་སྣང་བ་འདི་དག་ཅི་ཞེ་ན། ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །ཅེས་སྨོས་ཏེ། ལོག་རྟོག་ཉིད་ཆ་གཅིག་གཟུང་བར་སྣང་བ་ལ། འཛིན་པར་སྣང་བ་ཉིད་སྤྱོད་པ་ལྟ་བུར་སྣང་སྟེ། ཡུལ་གཞན་ཞིག་གི་ཤེས་པ་གཞན་ཞིག་གཡོ་ཞིང་འཇུག་པ་ནི་ཅི་ཡང་མེད་དོ། །འོ་ན་སྣང་བའི་གཞི་པོ་རྣམ་པར་ཤེས་པ་ཉིད་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །ཞེས་སྨོས་ཏེ། དེ་ལ་ལོག་རྟོག་ནི། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའོ། །དེའི་རྒྱུ་ནི་རྐྱེན་རྣམས་སོ། །འབྲས་བུ་ནི་སེམས་དང་སེམས་ལས་བྱུང་བ་རང་གི་ངོ་བོར་མངོན་པར་གྲུབ་པའོ། །རྒྱུན་ནི་རྒྱུ་དང་འབྲས་བུ་རྣམས་རྒྱུན་མ་ཆད་པར་མཚུངས་པར་འབྱུང་བའོ། །དེ་དག་ཀྱང་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། གཞི་རྩ་མེད་དབྱིངས་སྐད་ཅིག་མ། །ཞེས་པ་སྟེ། བློས་གཞིགས་ན་གཞི་དང་རྩ་བ་མི་འགྲུབ་པས་ཆོས་ཀྱི་དབྱིངས་ཉིད་ཡིན་ཏེ། གང་གི་ཕྱིར་སྐད་ཅིག་མ་ཡིན་ཏེ། དེའི་ཕྱིར་གཞི་དང་རྩ་བ་བསྙད་པར་འོས་པ་མ་ཡིན་ནོ། །དེ་ལྟ་བས་ན་སྒྱུ་མ་འཁྲུལ་པའི་དབང་དུ་བྱས་ན་ཡང་བདག་དང་གཞན་མི་འགྲུབ་བོ། །ད་ནི་འཕགས་པའི་ཡེ་ཤེས་ཀྱི་དུས་ན་ཡང་བདག་དང་གཞན་དུ་སྣང་བ་དང་། སྣང་བའི་གཞི་པོ་ཤེས་པ་ཉིད་མི་འགྲུབ་པར་བསྟན་པའི་ཕྱིར། རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཉིད་ལ་དབང་བསྒྱུར་ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་ཅེས་བྱ་བ་སྨོས་ཏེ། འདི་ལྟར་འཁྲུལ་པའི་དྲི་མ་རྣམ་པར་དག་པའི་དབྱིངས་སུ་གྱུར་པའི་ཚུལ་ལྟར་ན་ཡང་ཡེ་ཤེས་རང་སྣང་བ་ཙམ་ཉིད་ལ། ཡེ་ཤེས་ཉིད་དབང་བསྒྱུར་ཞིང་སྤྱོད་པའི་ཕྱིར། བདག་དང་གཞན་དུ་སྣང་བ་དང་། སྣང་བའི་གཞི་པོ་རྟོག་པའི་རྒྱུན་ཉིད་ཀྱང་རྣམ་པར་དག་པས། དེ་ལྟར་ན་སེམས་དང་སེམས་ཀྱི་སྣང་བ་གཉིས་ཀ་དངོས་པོར་མ་འགྲུབ་པ་བཞིན་དུ། ཡེ་ཤེས་དང་ཡེ་ཤེས་ཀྱི་སྣང་བ་གཉིས་ཀ་ཡང་དངོས་པོར་མ་གྲུབ་པས་བླང་དོར་མེད་ཅིང་རྣམ་པར་དག་གོ །དེ་ལྟར་ན་བླང་དོར་མེད་པ་ཉིད་ལམ་གྱི་མཆོག་ཡིན་པས། བླ་མེད་ཐེག་པའི་མཆོག་ཅེས་སྨོས་པ་ཡིན་ནོ། །དེ་ཉིད་བགྲོད་ཅིང་སྦྱང་དུ་མེད་པའི་ཕྱིར་གནས་པའི་ས་ཡང་ཡིན་ལ་འབྲས་བུ་ཡང་ཡིན་ནོ། །གང་འདིས་ངེས་པར་འབྱུང་བ་རྣམས་ནི་འབྲས་བུ་དང་གནས་མ་ཡིན་པས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་སྣ་ཚོགས་སུ་སྣང་བ་ལ་གཞི་དང་རྟེན་དགོས་པ་མ་ཡིན་ལ། ཕྱིན་ཅི་མ་ལོག་པའི་ལྟ་བ་དང་ལྡན་ན་ཐབས་རྒྱ་མཚོ་ཐམས་ཅད་ཀྱང་ཆུད་ཟ་བ་མ་ཡིན་པས། ཡང་དག་རྟོགས་པས་རབ་བརྟགས་ན། །རང་བཞིན་མེད་ལས་ཅིར་ཡང་འགྲུབ། །ཅེས་གསུངས་པ་ཡིན་ནོ། །ད་ནི་གོང་དུ་ཚུལ་གཅིག་པའི་དོན་དུ་བསྟན་པ་ལས་དེ་ལྟར་ཡིན་པའི་ཕྱིར་སངས་རྒྱས་མྱ་ངན་ལས་མི་འདའ་ཞིང་། ཆོས་མི་ནུབ་པར་བསྟན་པ་དང་། ཆོས་ཐམས་ཅད་བྱུང་ཡང་རྫོགས་པ་ཆེན་པོ་ལས་བྱུང་ལ། གཏན་ལ་ཡང་དེར་ཕབ་པར་བསྟན་པ་དང་། ཆོས་ཐམས་ཅད་བཏགས་པ་ཙམ་སྟེ། རང་རང་གི་ངོ་བོ་མི་འགྲུབ་པར་བསྟན་པའི་ཕྱིར། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སངས་རྒྱས་ཀྱང་ཕལ་ཆེར་སྐུ་གསུམ་དུ་གྲགས་པ་ལས། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་མྱ་ངན་ལས་འདའ་བ་ནི་གཞུང་ཕལ་མོ་ཆེ་ཡང་མི་འདོད་དོ། །སྤྲུལ་པའི་སྐུ་ནི་ཐུན་མོང་གི་གཞུང་ཁ་ཅིག་ལས། སྲིད་པ་མཐའ་མ་པའི་རྒྱུད་གཅིག་མངོན་པར་རྫོགས་པར་སངས་རྒྱས་ནས་མཛད་པ་རྫོགས་པར་མཛད་ནས་དེ་ནས་མྱ་ངན་ལས་འདའ་བར་འདོད་དོ། །ཐུན་མོང་མ་ཡིན་པའི་མདོ་དང་། གསང་སྔགས་ཀྱི་ཚུལ་ལས་ནི། སྤྲུལ་པའི་སྐུ་ཡང་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་ཐུན་མོང་གི་འཕྲུལ་པ་ཡིན་པས་ཆུ་ཟླ་ལྟ་བུ་སྟེ། ཇི་ལྟར་ཆུ་ཟླ་ནི་སྣང་བའི་ཚེ་ན་ཡང་གཞན་ནས་འཕོས་པ་དང་། དེ་ཉིད་དུ་སྐྱེ་བ་མངོན་པར་གྲུབ་པ་མ་ཡིན། མི་སྣང་བའི་ཚེ་ན་ཡང་གཞན་དུ་འཕོས་པ་དང་། དེ་ཉིད་ཀྱི་རང་བཞིན་ཞིག་པར་གྱུར་བ་མེད་དེ། དེ་བཞིན་དུ་སྤྲུལ་པའི་སྣང་བ་དང་། དམ་པའི་ཆོས་གནས་པ་ཡང་ཤེས་པར་བྱའོ། །ཐེག་པ་ཐམས་ཅད་རྫོགས་པ་ཆེན་པོ་ལས་བྱུང་ཞིང་དེར་གཏན་ལ་ཕབ་པར་སྟོན་པའི་ཕྱིར། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཇི་ལྟར་འཕྲོས་པ་ནི། མཚན་ཉིད་ཀྱི་ཐེག་པ་ལས་ཀྱང་། ཆོས་ཉིད་རྒྱུ་མཐུན་གསུང་རབ་བཅུ་གཉིས་ཞེས་སྨོས་ཏེ། གསུང་རབ་ཡན་ལག་བཅུ་གཉིས་ནི་ཆོས་ཀྱི་དབྱིངས་དང་རྒྱུ་མཐུན་པའོ་ཞེས་བཤད་ལ། ཐབས་ཀྱི་ཞགས་པ་ལས་ཀྱང་། མཉམ་པ་ལས་འཕྲོས་ཏེ་འབྱུང་བའི་དོན། ཞེས་གསུངས་ཏེ། སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་ནི་ཆོས་མཉམ་པ་ཉིད་དང་མཐུན་པའི་འབྲས་བུ་ཡིན་པར་བཤད་དོ། །དེ་ཡང་ཆོས་ཉིད་ལས་བྱུང་བ། ཆོས་ཉིད་དང་མཐུན་པར་སྐྱེས་པ། ཆོས་ཉིད་ཀྱིས་བྱིན་གྱིས་བརླབས་པ་ཡིན་པས། ཆོས་ཉིད་བསྟན་པའི་ཆེད་དུ་ཉེ་བར་གནས་པ་ཡིན་པའི་ཕྱིར། མཉམ་པ་ཆེན་པོའི་དོན་རྫོགས་པ་ཆེན་པོ་ལས་འཕྲོས་པར་བསྟན་ཏོ། །དེ་ཇི་ལྟར་གཏན་ལ་ཕབ་ཅེ་ན། གྲུབ་པའི་མཐའ་ཐམས་ཅད་ཀྱང་ཕྱིན་ཅི་མ་ལོག་པར་མཐར་ཐུག་པ་ནི་རྫོགས་པ་ཆེན་པོ་ཡིན་ཞིང་དེ་ལས་བོགས་དབྱུང་དུ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་བཏགས་པ་ཙམ་སྟེ་རང་བཞིན་མ་གྲུབ་པར་བསྟན་པའི་ཕྱིར། ཆོས་རྣམས་མིང་དུ་བཏགས་པ་ཙམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བཏགས་པ་ཙམ་ཞེས་བྱ་བ་ནི། ཚིག་གི་དོན་དགག་པ་སྟེ། འདི་ལྟར་བུམ་པ་བུམ་པ་ཞེས་བརྗོད་པའི་ཚིག་གི་དོན་ནི། བུམ་པའི་ཁ་དོག་དང་དབྱིབས་དང་ཆུ་འཛིན་པའི་རེག་བྱ་ལ་སོགས་པ། ཚོགས་པ་གཅིག་པས་བསྡུས་པ་བློས་རྣམ་པར་མ་ཕྱེ་བ་ཙམ་ལ་བུམ་པའི་རྫས་སུ་འཛིན་ཏེ་ངེས་ཚིག་གི་དོན་བྱེད་དོ། །དེ་ཉིད་ལ་བློ་དང་ལྡན་པས་བལྟས་ན། གཟུགས་དང་དྲི་དང་རོ་དང་རེག་བྱའི་ཆོས་ཙམ་ལས་མ་གཏོགས་པ་བུམ་པའི་ཚིག་གི་དོན་མེད་དེ། གཟུགས་ལ་སོགས་པ་དེ་དག་ཀྱང་བུམ་པ་ཞེས་བྱ་བའི་ཚིག་གི་དོན་མ་ཡིན་ཏེ། དེ་བས་ན་མིང་དེ་ནི་དོན་མེད་པ་ཡིན་པས། མིང་ཉིད་ཀྱང་དོན་རྗོད་བྱེད་དང་ཁྲིད་བྱེད་དང་མཚོན་བྱེད་དུ་མི་རུང་བའི་ཕྱིར་མིང་ཉིད་ཀྱང་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་ཞེས་བྱ་བའི་ཚིག་གི་དོན་མེད་པའི་ཕྱིར་མིང་དེ་ཡང་རྗོད་བྱེད་དུ་མི་རུང་སྟེ། རྫུན་པ་ཡིན་པ་བཞིན་ནོ། །འོ་ན་སྟོན་པས་ཆོས་སྣ་ཚོགས་སུ་བསྟན་པ་ཅི་ལ་དགོངས་ཤེ་ན། དེ་ནི་རེ་ཞིག་རྫུན་པ་ཉིད་ཀྱི་དབང་དུ་མཐུན་ཕྱོགས་ཙམ་དུ་སྣང་བས། དེ་ལ་བརྟེན་ནས་རིམ་གྱིས་ཟབ་མོའི་དོན་ལ་འཇུག་པར་འགྱུར་བའི་ཕྱིར། དེ་ཙམ་གྱི་དབང་དུ་ཡང་བསྟན་པར་ཟད་མོད་ཀྱི། ཚིག་དང་ཚིག་གི་དོན་ལ་བློ་བརྟན་པར་མི་བྱའོ། །ཞེས་བསྟན་པ་ཡིན་ནོ། །ད་ནི་བསྡུས་པའི་དོན་བཤད་པའི་ཕྱིར། ཨ་ཧོ་སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཀྱང་འཁོར་བའི་ཆོས་ཐམས་ཅད་ནི་སེམས་རང་སྣང་བ་ཡིན་ལ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ཤེས་རང་སྣང་བར་བསྟན་པའོ། །དེ་ལ་ཨ་ཧོ་ཞེས་བྱ་བ་ནི་སྐད་སོར་བཞག་པ་སྟེ། ཨེ་མ་ཧོ་ཞེས་བྱ་བའོ། །འབྱུང་བར་གྱུར་པས་སྲིད་པ་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་དོ། །དེ་ཉིད་འཁོར་བ་སྟེ་དེའི་ཉེས་དམིགས་ཐམས་ཅད་ཀྱི་རྩ་བ་ནི། བདག་ཏུ་རྟོག་ལས་འཕྲོས་སོ་ཞེས་བྱའོ། དེ་ཡང་འཇིག་ཚོགས་ལ་ལྟ་བའི་དབང་གིས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྐྱེའོ། །དེའི་དབང་གིས་ལས་དང་ཉོན་མོངས་པ་མངོན་པར་འདུ་བྱེད་དོ། །འདུ་བྱེད་སྣ་ཚོགས་ཀྱི་བག་ཆགས་སྨིན་པའི་དབང་གིས། སྐྱེ་བ་སྣ་ཚོགས་སུ་ལུས་དང་གནས་དང་། ལོངས་སྤྱོད་དང་སྡུག་བསྔལ་ལ་སོགས་པ་མངོན་པར་གྲུབ་པར་སྣང་སྟེ། དེ་དག་ཀྱང་ལོག་རྟོག་ཉིད་དེ་ལྟ་བུར་གྲུབ་པར་སྣང་བ་ཙམ་དུ་ཟད་ཀྱི། ཇི་ལྟར་སྣང་བ་དེ་ལྟར་གྲུབ་པ་ནི་ཡོད་པ་མ་ཡིན་ནོ། །འཕགས་པའི་གནས་སྐབས་ན་ཡང་ཡེ་ཤེས་རང་སྣང་བ་ཙམ་སྟེ། དེ་ཉིད་བསྟན་པའི་ཕྱིར། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྟོང་པ་ཉིད་བདག་མེད་པའི་དོན་མཁྱེན་ཅིང་ཐུགས་སུ་ཆུད་པ་ནི་ཡེ་ཤེས་རང་རིག་པ་སྟེ། དེས་དམིགས་པར་བྱ་བའི་ཆོས་ཉིད་དང་། དམིགས་པར་བྱེད་པའི་ཡེ་ཤེས་གཉིས་དབྱེར་མེད་པར་རྟོགས་ཤིང་དབང་དུ་གྱུར་པའི་ཚེ་དེས་བྱིན་རླབས་ལས། ངོ་མཚར་སྐུ་གསུམ་ཡོན་ཏན་ཞིང་ཁམས་ལ། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པ་སྟེ། ཡེ་ཤེས་དེ་ཉིད་དེ་ལྟ་བུར་སྣང་བའམ། དེའི་བྱིན་རླབས་སོ་ཞེས་བཤད་པར་བྱའོ། །ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་ཞེས་བྱ་བ་ནི། ལེའུ་འདིར་གཞིའི་ཆོས་དང་། ལམ་གྱི་ཆོས་དང་། འབྲས་བུའི་ཆོས་དང་། དོན་དམ་པའི་ཆོས་དང་། བཤད་ཅིང་བསྟན་པའི་ཆོས་ཐམས་ཅད་ཀྱི་ཚུལ་མ་བསྟན་པ་མེད་དེ། རང་བཞིན་མཐར་མ་གཏུགས་པ་མེད་པས། དེའི་ཆོས་ཐམས་ཅད་གཏན་ལ་ཕབ་པ་ཞེས་བྱའོ། །ཆོས་ཞེས་བྱ་བའི་ངེས་ཚིག་ནི། ངྷརྨ་ཞེས་བྱ་བའི་སྒྲ་འཛིན་པའི་དོན་ལ་འཇུག་སྟེ། དེ་ཡང་ཤེས་བྱ་ཐམས་ཅད་ལ་ཆོས་ཞེས་བརྗོད་པའི་སྐབས་སུ་ནི་མཚན་ཉིད་འཛིན་པའི་ཆོས་ཞེས་བྱའོ། །ལམ་དང་འབྲས་བུ་དང་དོན་དམ་པ་ལ་འཇུག་པའི་ཚེ་ན་ནི་ལྟུང་བ་ལས་འཛིན་པའི་ཕྱིར་ཆོས་ཞེས་བྱའོ། །བཤད་ཅིང་བསྟན་པའི་གཞུང་ལ་འཇུག་པའི་ཚེ་ན་ནི་རིགས་པ་འཛིན་པའི་ཕྱིར་ཆོས་ཞེས་བྱའོ། །ཡུལ་གྱི་འཇོག་ལུགས་ལ་འཇུག་པའི་ཚེ་ཡང་རིགས་པ་འཛིན་པར་སྦྱར་རོ། །ཆོས་དང་ཆོས་ཅན་དུ་ཕྱེ་བའི་ཚེ་ན་ནི་འདི་ཉིད་གཞན་གྱིས་འཛིན་པའི་ཕྱིར་ཆོས་ཞེས་བྱའོ། །འདི་དག་ནི་ཆོས་ཀྱི་སྒྲ་འཇུག་པའི་ཚུལ་སྤྱིར་སྦྱར་བར་བྱའོ། །དེ་ཡན་ཆད་ནི་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཇི་ལྟར་འཆར་བའི་ཚུལ་བསྟན་པའི་ལེའུ་གསུམ་པའོ།། །། ད་ནི་རྒྱུད་ཀྱི་དངོས་པོ་ལ་འཇུག་པ་སྟོན་ཏེ། དེ་ལ་དང་པོ་ཡི་གེ་སྒྱུ་འཕྲུལ་བསྟན་པ་ནི། གོང་དུ་བསྟན་པ་བཞིན་དུ་བྱ་བ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་པས། དང་པོ་ཡི་གེ་སྒྱུ་འཕྲུལ་ལས་བརྩམས་ཏེ་བསྟན་ཏོ། །དེ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སངས་རྒྱས་ཐམས་ཅད་ལ་དགོངས་པ་ཐ་དད་མི་མངའ་མོད་ཀྱི། འོན་ཀྱང་སྐབས་འདིར་ཐམས་ཅད་ཡི་གེ་སྒྱུ་འཕྲུལ་གྱི་རང་བཞིན་དུ་སངས་རྒྱས་པར་བསྟན་པའི་ཕྱིར། དགོངས་པ་གཅིག་ཏུ་གྱུར་ཏོ་ཞེས་སྦྱར་རོ། །མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་དབྱིངས་སུ་ཞེས་བྱ་བ་ནི། སྐབས་འདིར་ཆོས་ཐམས་ཅད་དབྱེར་མེད་པའི་དགོངས་པའོ། །གཞན་དུ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཞིང་ཁམས་སུ་གྱུར་པ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ལྟ་བུ་ལ་འཇུག་གོ །ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཞེས་བྱ་བ་ནི། གོང་དུ་ཆོས་རྣམས་མིང་དུ་བཏགས་པ་ཙམ་ཞེས་བྱ་བ་བཞིན་ནོ། །ཡི་གེ་འདི་ནི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་བ་སྟེ་སྙིང་པོར་བསྟན་པའོ། །དེ་ལ་ཡི་གེ་ཞེས་བྱ་བའི་རང་གི་ངོ་བོ་ཅི་ཞིག་ཡིན་བརྟག་པ་ཡང་། གོང་དུ་སྔགས་དང་ཕྱག་རྒྱ་བཤད་པའི་སྐབས་སུ་བསྟན་པ་བཞིན་ཏེ། བརྟག་པ་རྣམ་པ་དྲུག་ཏུ་འཇུག་གོ །དེ་ཡང་འདི་ལྟར་ཐ་སྙད་ཀྱི་གནས་སྐབས་ལས་མི་ལྡན་པའི་འདུ་བྱེད་ཡིན་ནོ་ཞེས་བརྟག་པ་དང་། རྒྱལ་བ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་སྟེ་དེའི་བརྡ་དང་མཚན་མར་གྱུར་པའོ་ཞེས་བརྟག་པ་དང་། དམ་ཚིག་ཅན་གྱི་སྐྱེ་བོས་ལྷར་བརྟགས་པའོ་ཞེས་བརྟག་པ་དང་། མཚན་མ་འདི་ཡང་བྱིན་རླབས་དང་ནུས་པ་ཅན་ཏེ། འདིས་སྐྱེ་བོ་རྣམས་ལ་མཚོན་ན་དེ་བཞིན་གཤེགས་པ་ཉིད་དུ་བྱིན་གྱིས་རློབ་པར་བྱེད་པའི་ཡི་གེ་ནི་སངས་རྒྱས་སོ་ཞེས་བརྟག་པ་དང་། དེ་བཞིན་གཤེགས་པའི་བྱིན་རླབས་དང་རྣམ་པར་སྨིན་པའི་ཆོས་འདྲེས་པའི་སྣང་བ་ཡིན་ནོ་ཞེས་བརྟག་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་ཉིད་ཡི་གེར་བྱིན་གྱིས་བརླབས་པ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཉིད་དོ་ཞེས་བརྟག་པ་སྟེ། བརྟག་པ་རྣམ་པ་དྲུག་གོ །འདི་དག་ནི་ཁྱད་པར་དུ་བསྟན་པའི་དབང་དུ་བྱས་ནས། ཆོས་སོ་སོ་ནས་གྲགས་པའི་གཞུང་བརྟག་ཏུ་རུང་བ་རྣམས་བཀོད་པ་སྟེ། ཐུན་མོང་དུ་ནི་ཕུང་པོའི་སྐབས་སུ་བཤད་པ་བཞིན་ཆོས་ཐམས་ཅད་སངས་རྒྱས་གྲངས་མེད་པ་ཡིན་པས། མི་ལྡན་པའི་འདུ་བྱེད་དུ་གཏོགས་པའི་ཡི་གེ་ཉིད་ཀྱང་སངས་རྒྱས་ཡིན་པར་ཤེས་པར་བྱའོ། །དེ་ལ་དང་པོ་ཡི་གེ་བསྒོམ་པའི་ཐབས་བསྟན་པའི་ཕྱིར། ཨཱ། རབ་ཏུ་བརྟན་འགྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་གནས་སྐབས་གཉིས་སུ་ཤེས་པར་བྱ་སྟེ། ལྷའི་སྐུ་བསྐྱེད་པའི་རྒྱུ་དང་ཐབས་སུ་བསྟན་པ་དང་། དངོས་གྲུབ་སྣ་ཚོགས་བསྒྲུབ་པའི་ཕྱིར་ཏིང་ངེ་འཛིན་སྦྱངས་པའི་ཐབས་སུ་བསྟན་པའོ། །དེ་ལ་ལྷའི་སྐུ་བསྐྱེད་པར་བྱེད་པའི་ཚེ་ན་དང་པོ་རྣམ་པར་མི་རྟོག་པ་དང་། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལས་བྱང་ཆུབ་སེམས་ཀྱི་གཟུགས་བརྙན། ཡི་གེ་ཨཱ་དཀར་པོ་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན། ཨཱ་ལ་སོགས་པ་སྒྲའི་ཡི་གེ་བཅུ་དྲུག་གིས་རིམ་པ་གཉིས་བསྐོར་བར་བསྒོམས་ཏེ། སྤྲོ་བ་དང་བསྡུ་བའི་སྦྱོར་བ་དང་ལྡན་པས་ཅུང་ཟད་གནས་པར་བྱའོ། །དེ་ནས་ཡི་གེ་ཨཱ་ལས་མིང་གི་ཡི་གེ་ཀ་ལ་སོགས་པ་འཕྲོས་ཏེ་བྱུང་ནས། སྤྲོ་བ་དང་བསྡུ་བའི་སྦྱོར་བས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་ཀ་ལ་སོགས་པའི་མིང་གི་ཡི་གེའི་ཕྲེང་བ་རིམ་པ་གཉིས་ཀྱིས་བསྐོར་བས་མཚན་པ། ཨཱ་བཅུ་གཉིས་ཀྱི་སྙིང་པོ་ཅན་བསམས་ཏེ། དེ་དག་གི་སྙིང་པོའང་ཨཱ་དང་ཀྵ་ཉིད་དོ། །དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ལ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ཞིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བ། མཚན་དང་དཔེ་བྱད་བཟང་པོའི་ས་བོན་དང་བཅས་པ། ལྷའི་སྐུ་བསྐྱེད་པའི་གཞིར་གྱུར་པའོ། །དེ་ལས་སྐུ་ཇི་ལྟར་བསྐྱེད་པའི་ཚུལ་ནི། ལེའུ་བདུན་པའི་སྒོམ་ཁོག་གི་སྐབས་ལས་ཤེས་པར་བྱའོ། །གཉིས་པ་ཏིང་ངེ་འཛིན་སྦྱོང་བའི་ཚུལ་འདི་ཡིན་ཏེ། དང་པོར་བདག་ཉིད་ལྷའི་དཀྱིལ་འཁོར་བསྒོམ་པ་དང་། མཆོད་པའི་ཆོ་ག་དག་སྔོན་དུ་བྱས་ནས་དེའི་རྗེས་སུ་བདག་ཉིད་རང་གི་ལྷར་བསྒོམ་པའི་སྙིང་གར། ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྒྲའི་ཡི་གེ་དང་། མིང་གི་ཡི་གེ་བསྒོམ་པ་སྔ་མ་བཞིན་དུ་གོམས་པར་བྱས་ཏེ། དེ་ཡང་རིམ་པ་ནི་དང་པོར་ཡི་གེ་ཨཱ་དཀར་པོ་ཕྲ་མོ་བརྟན་པར་གོམས་པར་བྱས་ནས། ཤིན་ཏུ་བརྟན་ཞིང་གསལ་བར་གྱུར་པ་དང་། དེ་ནས་སྤྲོ་བ་དང་བསྡུ་བའི་སྦྱོར་བ་སྔ་མ་བཞིན་དུ་བྱའོ། །དེ་བརྟན་པར་གྱུར་ནས། དེ་ལས་མིང་གི་ཡི་གེ་སྤྲོ་བསྡུ་སྔ་མ་བཞིན་དུ་བྱས་ཏེ། དེ་དག་ཤིན་ཏུ་གོམས་ཤིང་བརྟན་པར་གྱུར་པ་དང་། ལེའུ་ལྔ་པ་ནས་གསུངས་པའི་དངོས་གྲུབ་སྣ་ཚོགས་ལ་སྦྱར་བར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོར་གྱུར་པ་ཐུགས་ལས་བྱུང་བ་ནི་འདི་རྣམས་ཏེ། ཨཱ་དང་ཀ་ལ་སོགས་པ་ཇི་སྐད་དུ་སྨོས་པ་རྣམས་སོ། །དེ་ལ་ཡི་གེ་ལྔ་བཅུ་ཐམ་པ་ལ། འདིར་ཡི་གེ་བཞི་བཅུ་རྩ་གཉིས་སུ་བསྡུས་པ་ནི་ལྷའི་དབང་དུ་གསུངས་པའོ། །དེ་ཇི་ལྟར་བསྡུས་ཤེ་ན། ཨཱ་རིང་པོ་ཤད་དུ་བསྡུས་སོ། །ཨཱཿརྣམ་པར་བཅད་པ་ནི་ཚེག་ཏུ་བསྡུས་སོ། །ཨྃ་སྣ་དང་ལྡན་པ་ནི་ཨཱོ་ལ་སྦྱར་ནས་ཨཱོཾ་དུ་བསྡུས་སོ། །མ་ནིང་གི་ཡི་གེ་བཞི་ནི་ར་དང་ལར་བསྡུས་ཏེ། ཡི་གེ་བཞི་བཅུ་རྩ་གཉིས་སུ་བསྡུས་སོ། །གཅིག་ལྷག་པ་ནི་ཡི་གེ་བསྡུས་པའི་དབང་དུ་གསུངས་པ་ཡིན་པས། ཨོཾ་སྔ་མའི་གྲོགས་སུ་སྦྱར་བར་བྱའོ། །ཨི་ལ་སོགས་པའི་རིམ་པ་འོག་ཏུ་བཀོད་པ་ནི་ལྷའི་དབང་དུ་གསུངས་པའོ། །འདི་དག་ཕྱུང་བས་ཞེས་བྱ་བ་ལ་སོགས་པ་ནི། ཡི་གེའི་མཐུ་བསྟན་པ་སྟེ། སངས་རྒྱས་རྣམས་ཀྱིས་ཏིང་ངེ་འཛིན་ཉིད་དེར་འཕྲུལ་པའི་ཕྱིར་རོ། །ད་ནི་ཡི་གེའི་དོན་བསྟན་པར་བཞེད་པ་ལས། དང་པོ་ཡི་གེའི་རང་བཞིན་དེ་བཞིན་གཤེགས་པ་ཉིད་དུ་བསྟན་པའི་ཕྱིར། ཨ་ནི་སྟོང་དང་མི་སྟོང་གི །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །ཞེས་གསུངས་ཏེ། དེ་ལ་ཡི་གེ་ཨ་ནི་ཆོས་ཐམས་ཅད་མ་སྐྱེས་པ་སྟོན་པའི་སྒོ་སྟེ། འདི་ལྟར་བཀའ་ཕལ་མོ་ཆེ་ནས། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་ངྷརྨ་ནཱཾ་ཨ་ཏྱ་ནུཏ་པན་ཏ་ཞེས་གསུངས་པ་ནི། གཟོད་མ་ནས་མ་སྐྱེས་པའི་ཕྱིར། ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བསྟན་པ་སྟེ། དེ་བས་ན་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྟོན་པའི་སྒོ་ཡིན་ཏེ། མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་པ་ལྟ་བུའོ། །དེ་བས་ན་ཡི་གེ་ཨ་ནི་ཆོས་སྐྱེ་བ་མེད་པའི་དོན་དང་སྒོ་ཡིན་པས། དེ་ནི་དངོས་པོ་ཡོད་པ་དང་མེད་པ་དང་དབུ་མ་རྣམས་ལས་འདས་པའི་ཕྱིར། རང་གི་ངོ་བོ་མི་འགྲུབ་པས་མིང་ཙམ་མོ། །སངས་རྒྱས་ཐམས་ཅད་ཀྱི་མཚན་ཉིད་མེད་པའི་མིང་ཙམ་སྟེ། མཚན་ཉིད་དབྱེར་མེད་པའི་ཕྱིར་སངས་རྒྱས་ཐམས་ཅད་ཡི་གེ་ཕྲེང་བ་ལ་གནས་སོ། །སངས་རྒྱས་རྣམས་མཚན་ཉིད་མེད་པ་ཡང་། སྡོང་པོ་བཀོད་པའི་མདོ་ལས། ཇི་སྙེད་མཚན་ཉིད་རྣམ་བཞག་པ། །དེ་དག་བྱིས་པའི་སྤྱོད་ཡུལ་ཏེ། །གང་ཞིག་མཚན་ཉིད་ཀུན་མེད་པའི། །སངས་རྒྱས་རྣམས་ནི་མི་མཐོང་ངོ་། །ཞེས་གསུངས་པ་ལྟ་བུའོ། །ད་ནི་ཡི་གེ་ཨཱའི་སྒོ་ནས་སངས་རྒྱས་ཐམས་ཅད་ཀྱང་ཡི་གེ་ལ་གནས་པར་བསྟན་པ་སྟེ། ཡི་གེ་ཨ་ཙམ་སངས་རྒྱས་པས་ཡི་གེ་གཞན་སངས་རྒྱས་སུ་ཇི་ལྟར་གྲུབ་སྙམ་དུ་རྟོག་པ་དག་བསལ་བའི་ཕྱིར་ཡི་གེ་ཨ་ཉིད་སངས་རྒྱས་པས་ཡི་གེ་ཐམས་ཅད་སངས་རྒྱས་སུ་བསྟན་པའི་ཕྱིར། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་གསུངས་ཏེ། དཔེར་ན་འབྱུང་བ་ལས་གྱུར་པའི་གཟུགས་ཐམས་ཅད་འབྱུང་བ་ཆེན་པོའི་རྣམ་པ་སྐྱེ་བ་བཞིན། ཡི་གེ་ཐམས་ཅད་ཀྱང་ཨ་ལས་གྱུར་པ་ཨའི་རྣམ་པར་སྐྱེ་བ་སྟེ། འདི་ལྟར་ངག་གི་གཞི་མོ་ནི་ཨའོ། །དེ་ཡང་ངག་གི་འདུ་བྱེད་ཀྱི་དབང་གིས། ཨ་ཉིད་བཀུག་པ་ནི་ཨི། སྨད་པ་ནི་ཨུ། དེ་ལྟར་རྩ་བ་གསུམ་མོ། །ཨ་དང་ཨི་སྦྱར་བ་ནི་ཨེ། །ཨ་དང་ཨུ་སྦྱར་བ་ནི་ཨོ། བསྒྲིམས་པས་རྀ། གློད་པས་ལྀ། དེ་དག་རེ་རེ་ལའང་རིང་ཐུང་གི་དབང་གིས་ཕྱེ་བས་སྒྲའི་ཡི་གེ་བཅུ་བཞི། སྣ་དང་ལྡན་པ་ཨཾ། རྣམ་པར་བཅད་པ་ཨཿསྟེ། དེ་ལྟར་བཅུ་དྲུག་ཏུ་འགྱུར་རོ། །ཡང་ཨའི་སྒྲ་དེ་ཉིད་མགུལ་བའི་གནས་དང་འཕྲད་པར་གྱུར་པ་ལས་ཀ ། དེ་ཅུང་ཟད་ཞུམ་ཞིང་སྤྱི་བོའི་གནས་སུ་འཕྲད་པར་གྱུར་པ་ལས་ཁ། དེ་ཅུང་ཟད་ཞུམ་པ་ག །དེ་ཁོག་སྦུབས་ཀྱི་གནས་སུ་འཕྲད་པར་གྱུར་པས་གྷ། དེ་སྣ་དང་ལྡན་པས་ང་སྟེ། དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །དེ་ལ་ཙ་ཚ་ཛ་ཛྷ་ཉ་རྣམས་ནི་ཨ་དེ་ཉིད་རྐན་གྱི་དབུས་དང་ལྕེའི་དཀྱིལ་དུ་འཕྲད་པར་གྱུར་པའོ། །ཊ་ཋ་ཌ་ཌྷ་ཎ་རྣམས་ནི་ཨ་དེ་ཉིད་ལྕེའི་རྩེ་མོར་ཉེ་བར་གྱུར་པ་དང་རྐན་གྱི་མཐར་ཉེ་བར་འཕྲད་པ་ལས་སྤྱི་བོའི་སྒྲ་ཕྱུང་བའོ། །ཏ་ཐ་ད་ངྷ་ན་རྣམས་ནི་ཨ་དེ་ཉིད་ལྕེའི་རྩེ་མོ་དང་སོ་འཕྲད་པ་ལས་གྱུར་པའོ། །པ་ཕ་བ་བྷ་མ་རྣམས་ནི་ཨ་དེ་ཉིད་མཆུ་དང་འཕྲད་པ་ལས་གྱུར་པའོ། །ནང་ཚེགས་ཀྱི་བྱེ་བྲག་ནི་ཀ་ལ་སོགས་པ་བཞིན་ནོ། །ཡ་དང་ས་ནི་རྐན་གྱི་སྡེའོ། །ཝ་ནི་མཆུའི་སྡེའོ། །ར་དང་ཤ་ནི་སྤྱི་བོའི་སྡེའོ། །ཧ་ནི་མགུལ་བའི་སྡེའོ། །ཀྵ་ནི་མགུལ་བ་དང་སྤྱི་བོའི་ཆར་གཏོགས་པ་སྟེ། དེ་བས་ན་ཨ་ལས་གྱུར་པའི་ཡེ་གེ་འདི་དག་ཐམས་ཅད་ཀྱང་ཨའི་སྒྲ་ལས་མ་འདས་ཤིང་དེས་ཁྱབ་པ་སྟེ། པི་ཝཾ་གི་རང་བཞིན་གྱི་སྒྲས། པི་ཝཾ་གི་དེའུ་མཐོ་དམན་དྲག་ཞན་ཐམས་ཅད་ལ་ཁྱབ་ཅིང་བསྡུས་པ་བཞིན་ནོ། །དེ་བས་ན། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །ཞེས་གསུངས་པ་ཡིན་ནོ། །གང་གི་ཕྱིར་ན་ཡི་གེ་ཐམས་ཅད་ཨའི་སྒྲ་ཉིད་ཀྱིས་བསྡུས་པ་དེ་ཉིད་ཀྱི་ཕྱིར་རོ། །ཡི་གེ་ཨ་སངས་རྒྱས་པའི་རང་བཞིན་དུ་ངེས་པར་གྱུར་ན། ཡི་གེ་ཐམས་ཅད་སངས་རྒྱས་སུ་མི་འགྱུར་བའི་གནས་མེད་པས། མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་གསུངས་པ་བཞིན་ནོ། །ད་ནི་ཡི་གེའི་ལས་དང་ཡོན་ཏན་གྱི་རྩལ་བསྟན་པའི་ཕྱིར། ཨེ་མ་ཧོ་ངོ་མཚར་ཡ་མཚན་གྱི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཤིང་སྟོན། །ཞེས་གསུངས་པ་སྟེ། ཡི་གེ་བཞི་བཅུ་རྩ་ལྔ་ནི། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་ངོ་མཚར་ཆེ་བའི་དོན་ནོ། །དེ་ལ་བཞི་བཅུ་རྩ་ལྔ་ནི། མགོ་ཨི་གླང་པོ་ཆེའི་སྣ་འདྲ་བ། ཤད་དེ་ཨཱ་རིང་པོ་མདའ་ལྟ་བུ་དང་། ཚེག་སྟེ་ཨཱཿདབང་ཕྱུག་ཆེན་པོའི་མིག་ལྟ་བུ་སྟེ། སྔ་མ་ལས་དེ་གསུམ་ལྷག་པར་བསྟན་པའོ། །ཚིག་རྣམས་མ་ལུས་འཛིན་པའི་གནས། །ཞེས་བྱ་བ་ནི། དཔེར་ན་གཟུགས་ཀྱི་མཐར་ཐུག་པ་རྡུལ་ཕྲ་རབ་ཡིན་པས། རྡུལ་འདུས་པ་ནི་གོང་བུ་ཡིན་ཏེ། དེ་བས་ན་རྡུལ་ཕྲ་རབ་ནི་གོང་བུ་འཛིན་པའི་གནས་ཡིན་ནོ། །དེ་བཞིན་དུ་མིང་གི་མཐར་ཐུག་པ་ནི་མིང་གི་མཐའི་ཡི་གེ་ཡིན་པས། དེ་བས་ན་མིང་གི་མཐའི་ཡི་གེ་འདུས་པ་ལས། དབྱངས་ཡིག་གཅིག་གིས་བཅིངས་པའི་ཡི་གེ་འགྲུབ་བོ། །དེ་འདུས་པར་གྱུར་པས་ཀ་བ་དང་བུམ་པ་ལ་སོགས་པའི་དངོས་པོ་རྣམས་ཀྱི་མིང་འགྲུབ། དེ་འདུས་པ་ལས་ཚིག་གི་ཚོགས་མ་ལུས་པར་འགྲུབ་སྟེ། དེའི་ཕྱིར་ཡི་གེ་རྣམས་ཚིག་མ་ལུས་པ་འཛིན་པའི་གནས་ཡིན་ནོ། །དེ་ཉིད་ཀྱིས་ན། སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་བྱ་སྟེ། མིང་དང་ཚིག་གསལ་བར་བྱེད་པའི་དོན་བརྗོད་པའི་ཕྱིར། ཆོས་ཉིད་དང་ཕན་པས་བསྡུས་པའི་དོན་ཆེན་པོ་ཐམས་ཅད་སྟོན་པར་བྱེད་པའི་གནས་ཡིན་ནོ། །དེ་ཉིད་ཇི་ལྟར་སྟོན་པར་བྱེད་པ་བསྟན་པའི་ཕྱིར། དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱིས། །རོལ་པ་ཅིར་ཡང་སྤྲུལ་ཞིང་སྟོན། །ཞེས་བྱ་སྟེ། འདི་ལྟར་ཡི་གེའི་རང་བཞིན་སེམས་ཉིད་ཡིན་པས། སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་ཡི་གེའི་རང་བཞིན་ཡང་སྤྲོས་པ་དང་བྲལ་མོད་ཀྱི། འོན་ཀྱང་འཕྲུལ་པ་ཙམ་དུ་དབྱིབས་དང་ཁ་དོག་དང་མིང་གི་སྒོ་ནས། སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་དོ། །ཅེས་པའོ། །དེ་ལྟར་ན་ཚིགས་སུ་བཅད་པ་སྔ་མ་གཉིས་ཀྱིས་ནི། ཡི་གེ་སངས་རྒྱས་ཀྱི་རང་བཞིན་དུ་བསྟན་ལ། ཕྱི་མ་གཉིས་ཀྱིས་ནི་ཡི་གེ་རྣམས་ཀྱིས་སངས་རྒྱས་ཀྱི་མཛད་པ་ཇི་ལྟར་སྒྲུབ་པར་བྱེད་པའི་ཚུལ་བསྟན་ནོ། །དེ་ལ་ཡི་གེ་རྣམས་ཀྱི་དབྱིབས་དང་ཁ་དོག་དང་མིང་གི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པ་ཡང་། ཐུན་མོང་དུ་ནི་གླེགས་བམ་ལ་བརྟེན་ནས་མཛད་པ་བསྒྲུབ་པ་ཐམས་ཅད་དོ། །བྱེ་བྲག་ཏུ་ནི་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ཡན་ལག་ལྔ་དང་ལྡན་པ་དེ་ཉིད། ཐབས་ལ་མཁས་པས་གསང་སྔགས་སུ་བྱིན་གྱིས་བརླབས་ཏེ། འདི་ལྟར་ཨ་བྷི་ར་ཧཱུཾ་ཁཾ་ཞེས་བྱིན་གྱིས་བརླབས་ཏེ། དེ་ཡང་རང་ཐད་དུ་ན་ཨ་བྷི་ར་ཞེས་བྱ་བ་ནི། དཔའ་བོ་ཆེན་པོ་སྟེ་མིང་ངོ་། །ཧཱུཾ་ཁཾ་ཞེས་བྱ་བ་ནི། དེ་བྱིན་གྱིས་རློབ་པར་བྱེད་པའི་སྙིང་པོའོ། །ཡི་གེ་ཡན་ལག་ལྔ་སོ་སོར་ཕྱེ་ནས། དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ཡན་ལག་ལྔ་དང་ལྡན་པར་སྟོན་པར་བྱེད་ལ། དེ་ཡང་བདུད་བཞི་ལས་རྒྱལ་བས་དཔའ་བོ་ཆེན་པོ་ཞེས་བྱ་བའི་མིང་ཡང་གྲུབ་པར་བྱེད་དོ། །དེ་ལ་ཡན་ལག་ནི། ཨ་ནི་སྐྱེ་བ་མེད་པའི་སྒོ་སྟེ། ཏིང་ངེ་འཛིན་གྱི་ཡན་ལག་སྐྱེ་བ་མེད་པས་ནི་འཆི་བདག་གི་བདུད་ལས་རྒྱལ་ལོ། །དེ་བཞིན་དུ་བྷི་ནི་མི་རྟོག་པའི་སྒོ་སྟེ། ཡན་ལག་དེས་ལྷའི་བུའི་བདུད་ལས་རྒྱལ་ལོ། །ར་ནི་བདུད་དང་བྲལ་བའི་སྒོ་སྟེ། ཡན་ལག་དེས་ཉོན་མོངས་པའི་བདུད་ལས་རྒྱལ་ལོ། །ཧཱུྃ་ནི་མི་ཤིགས་པའི་སྒོ་སྟེ། ཡན་ལག་དེས་ཕུང་པོའི་བདུད་ལས་རྒྱལ་ལོ། །ཁཾ་ནི་ནམ་མཁའ་ལྟ་བུའི་མཚན་ཉིད་ཀྱི་སྒོ་སྟེ། བདུད་བཞི་ལས་རྒྱལ་བའི་ཏིང་ངེ་འཛིན་དེ་ཉིད་ཀྱི་སྤྱིའི་མཚན་ཉིད་དོ། །འདི་ལྟ་བུ་ནི་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་དེ་ཉིད་ཡི་གེའི་མིང་དུ་བྱིན་གྱིས་བརླབས་ཏེ། མིང་གི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་པའོ། །དབྱིབས་དང་ཁ་དོག་གི་སྒོ་ནས་བྱེད་པའི་ཚུལ་ནི། ཨ་ནི་ཨ་ལ་ཡང་སའི་དཀྱིལ་འཁོར་ཏེ། ཁ་དོག་སེར་པོ་དང་དབྱིབས་གྲུ་བཞིར་བྱིན་གྱིས་བརླབས་ནས། རྒྱས་པའི་ལས་དང་དངོས་གྲུབ་ལ་སྦྱར་རོ། །དེ་བཞིན་དུ་བྷི་ནི་བ་རུ་ན་ཆུའི་དཀྱིལ་འཁོར་ཏེ། ཁ་དོག་དཀར་པོ་དང་དབྱིབས་ཟླུམ་པོའི་ཚུལ་གྱིས་འགྲོ་བའི་དོན་བྱེད་དོ། །ར་ནི་ར་བི་མེའི་དཀྱིལ་འཁོར་ཏེ། གྲུ་གསུམ་དམར་པོའི་ཚུལ་གྱིས་སོ། །ཧཱུཾ་ནི་བ་ཡུ་རླུང་གི་དཀྱིལ་འཁོར་ཏེ། ཟླ་གམ་ནག་པོའི་ཚུལ་གྱིས་སོ། །ཁཾ་ནི་ནམ་མཁའི་རང་བཞིན་གྱི་ཚུལ་གྱིས་ཏེ། འདི་ལྟ་བུ་ནི་ཏིང་ངེ་འཛིན་དེ་ཉིད་དབྱིབས་དང་ཁ་དོག་ཏུ་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་པའི་ཚུལ་ཡིན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་ཡི་གེ་ཐམས་ཅད་ལ་ཡང་སྦྱར་ཏེ། རྟོག་པ་ཞིབ་མོ་རྣམས་ནས་ཇི་སྐད་དུ་བཤད་པ་ལྟ་བུའོ། །དེ་ལྟར་ཡི་གེའི་ལས་དང་ཡོན་ཏན་གྱིས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་ཡིན་པས། ཡི་གེ་རྣམས་སངས་རྒྱས་ཡིན་དུ་ནི་རུང་ན། ཡི་གེ་བཞི་བཅུ་རྩ་གཉིས་ལ་སངས་རྒྱས་གྲངས་མེད་པ་ཇི་ལྟར་རྫོགས་སུ་རུང་ཞེ་ན། དེའི་ཕྱིར། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཡི་གེ་མགོ་ནས་ཀྵ་ལ་རྫོགས། །ཞེས་གསུངས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་འགྲོ་བ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ། ལུས་སྣ་ཚོགས་པ། གནས་སྣ་ཚོགས་པ། སྤྱོད་ཡུལ་སྣ་ཚོགས་པ། ཁམས་དང་བག་ལ་ཉལ་དང་བསམ་པ་སྣ་ཚོགས་པ་ཐམས་ཅད་ཀྱང་། ཕུང་པོ་ཁམས་དང་སྐྱེ་མཆེད་ཙམ་དུ་འདུས་ལ། དེ་བཞིན་དུ་སངས་རྒྱས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་རིགས་དྲུག་གིས་བསྡུས་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་དང་། ཐབས་དང་ཤེས་རབ་དང་། དེ་གཉིས་སུ་མེད་པས་བསྡུས་པ་འདི་དག་ཙམ་དུ་འདུས་པས། ཡི་གེ་མགོ་ནས་ཀྵ་ལ་རྫོགས། །ཞེས་སྨོས་སོ། །ད་ནི་ཡེ་གེའི་ངེས་ཚིག་བསྟན་པའི་ཕྱིར། །སེམས་ཀྱི་རང་བཞིན་ཡི་གེ་ཞེས་བྱ་བ་ནས། དབྱིངས་ལ་དབྱིངས་ཀྱིས་བྲིས་པས་ན། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །ཅེས་བྱ་བའི་བར་དག་གསུངས་ཏེ། དེ་ལ་གཙུག་ལག་ཐུན་མོང་དུ་གྲགས་པ་ནི། ཨ་ཀྵ་ར་སྟེ། ཡི་གེ་རྣམས་ལ་མིང་རེ་རེ་ལས་མ་གཏོགས་པ་དངོས་པོ་རྣམས་ཀྱི་མིང་བཞིན་ཏུ། མིང་གི་རྣམ་གྲངས་དུ་མར་མི་འགྱུར་བའི་ཕྱིར་ཡི་གེ་ཞེས་བྱའོ། །ཡང་བྷྱ་ཛ་ན་གསལ་བྱེད་དང་ཁྲིད་བྱེད་ཀྱི་དོན་ཏེ། མིང་དང་ཚིག་གསལ་བར་བྱེད་པའི་ཕྱིར་རོ། །བརྣ་ནི་བརྗོད་པ་སྟེ། མིང་དང་ཚིག་ལ་བརྟེན་ནས་དོན་བརྗོད་པར་བྱེད་པའི་ཕྱིར་རོ། །སྐབས་འདིར་ནི་སེམས་ཀྱང་ཡི་གེ་བཞིན་རང་བཞིན་དམིགས་སུ་མེད་པ་ལས། སྒྱུ་མའི་ཆོ་འཕྲུལ་དངོས་གྲུབ་སྣ་ཚོགས་འབྱུང་ཞིང་འགྲུབ་པར་བྱེད་པ་ནི། དོན་གསལ་བའི་ཤེས་རབ་དང་ཏིང་ངེ་འཛིན་ཡིན་ཏེ། དེ་ལྟར་ན་དེའི་ཡུལ་དུ་ཡེ་ཤེས་རང་སྣང་བའི་ཡི་གེ་རྣམས་གསལ་བར་གྱུར་པ་ཉིད་ལ། དབྱིངས་ལ་དབྱིངས་ཀྱིས་བྲིས་པས་ན། །ཡི་གེ་ཞེས་ནི་དེ་ལ་བརྗོད། །ཅེས་བྱའོ། །ད་ནི་ལྷ་དང་ཡིག་འབྲུ་སྦྱོར་བ་སྟོན་ཏེ། དེ་ཡང་དང་པོར་སྤྱིར་འཇུག་པའི་ཡི་གེ་དང་དཀྱིལ་འཁོར་གསུམ་བསྟན་པའི་ཕྱིར། མགོ་ནི་མ་ནོར་ལམ་ཡིན་ཏེ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཅེས་སྨོས་ཏེ། འདིར་ཡི་གེ་གསུམ་གྱི་མིང་དང་དོན་དང་ལས་སྟོན་ཏེ། དེ་ལ་མིང་གསུམ་ནི། མགོ་ནི་ཏིག་ནི་ཤད་ནི་ཞེས་བྱ་བ་སྟེ། དེ་ལ་མགོ་ནི་ཨི་གླང་པོ་ཆེའི་སྣ་འདྲ་བའོ། །ཏིག་ནི་ཨཱཿདབང་ཕྱུག་ཆེན་པོའི་མིག་འདྲ་བའོ། །ཤད་ནི་ཨཱ་རིང་པོ་མདའ་ལྟ་བུའོ། །དེ་ལྟར་མིང་གསུམ་པོ་དེའི་དོན་གསུམ་ནི། མ་ནོར་ཞེས་བྱ་བ་དང་། ཤེས་རབ་ཅེས་བྱ་བ་དང་། ཐབས་ཆེན་ཞེས་བྱ་བ་སྟེ། དེ་ལ་ཨི་གླང་པོ་ཆེའི་སྣ་ལྟ་བུའི་དོན་ནི། ཨ་སྟྲི་ལིངྒ་གཟུངས་ཀྱི་རང་བཞིན་ཏེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་མ་ནོར་བའི་དོན་ཡིན་པར་མིང་གི་སྒོ་ནས་ཀྱང་སྟོན་པར་བྱེད་ལ། གླང་པོ་ཆེའི་སྣའི་ལྕགས་ཀྱུ་ལྟ་བུའི་དབྱིབས་ཀྱི་སྒོ་ནས་ཀྱང་གཟུངས་ཀྱི་ཕྱག་རྒྱར་བསྟན་ཏོ། །ཨཱཿདབང་ཕྱུག་ཆེན་པོའི་མིག་ལྟ་བུའི་དོན་ནི། ཨཱཿམྱ་ངན་ལས་འདས་པ་རྣམ་པར་བཅད་པ་སྟེ། མཚན་མ་ལས་འདས་པར་སྟོན་ལ་དབྱིབས་ཀྱི་སྒོ་ནས་ཀྱང་སྤྲོས་པ་དང་བྲལ་བར་སྟོན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཨཱ་རིང་པོའི་དོན་ནི། ཨཱ་སྤྱོད་པ་སྟེ། ཐུགས་རྗེ་ཆེན་པོ་ཞེས་ཀྱང་བྱའོ། །དབྱིབས་ཀྱང་རིང་དུ་འདྲེན་པ་སྟེ། དེའི་ཕྱིར་ཐབས་ཆེན་པོའོ། །དེ་ལྟར་ཐབས་དང་ཤེས་རབ་དང་དེ་གཉིས་སུ་མེད་པའི་དོན་གསུམ་པོ་འདི་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་དོན་དུ་ཤེས་པར་བྱའོ། །ཡི་གེ་གསུམ་གྱི་ལས་གསུམ་ནི། ལམ་ཡིན་ཏེ། མིང་དུ་སྨྲ། ཚིགས་སུ་གཅོད། ཅེས་སྨོས་པ་ཡིན་ནོ། །དང་པོར་འཇུག་པའི་སྒོར་གྱུར་པ་ལམ། ཨ་རེ་རེས་མ་བཅིངས་ན་དབྱིངས་གཅིག་གིས་བཅིངས་པའི་ཡི་གེ་རྣམས་ཀྱི་མིང་མི་འགྲུབ་ལ། དེ་མ་གྲུབ་ན་ཀ་བ་དང་བུམ་པ་ལ་སོགས་པ་དངོས་པོ་རྣམས་ཀྱི་མིང་མི་འགྲུབ་པས་མིང་དུ་སྨྲ་ཞེས་བྱའོ། །ཚིགས་སུ་གཅོད་པ་ནི་དངོས་སུ་ཟད་དོ། །ད་ནི་ལྷ་དང་ཡིག་འབྲུ་སོ་སོར་སྦྱར་བ་སྟོན་ཏེ། དེ་ལ་ཡང་ཤེས་བྱའི་ཡུལ་རྣམ་པ་གསུམ་མོ། །དེ་ལ་དང་པོ་ནི། ཡི་གེ་རྣམས་ཀྱི་སྤྱི་དང་ཡན་ལག་སོ་སོའི་སྒོ་ནས་ལྷའི་དཀྱིལ་འཁོར་དུ་སྦྱར་ཏེ་བསྟན་པ་ནི། རྒྱུའམ་གཏན་ཚིགས་ཅིའི་ཕྱིར། ཞེས་རྒོལ་བའི་ལན་ཤེས་པར་བྱའོ། །གཉིས་པ་ནི། ཡབ་རྣམས་ལ་སྒྱུ་འཕྲུལ་གྱི་སྒྲས་བསྟན་པ་དང་། ཡུམ་རྣམས་ལ་དྲྭ་བའི་སྒྲས་བསྟན་པ་དང་། རྣམ་པར་ཤེས་པ་ཐུགས་ཀྱིས་སྒྲས་བསྟན་པ་དང་། ཡུལ་སྐུའི་སྒྲས་བསྟན་པ་དང་། དབང་པོ་གསུང་གི་སྒྲས་བསྟན་པ་ལ་སོགས་པ་སྤྱིའི་ཡོན་ཏན་ཡན་ལག་ལ་བསྟན་པ་འདི་དག་ནི་དོན་ཇི་ལྟར་ཤེས་པར་བྱ་བའོ། །གསུམ་པ་ནི། སྤྱིའི་ཡི་གེ་གསུམ་གྱི་སྐབས་སུ་བསྟན་པ་ལྟར། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རིག་པ་སྐད་ཅིག་མ་གཅིག་ལ་དཀྱིལ་འཁོར་ཐམས་ཅད་ཇི་ལྟར་རྫོགས་པར་ཤེས་པར་བྱའོ། །དེ་ལ་དང་པོ། ཇི་ལྟར་ཡི་གེ་ལྷའི་དཀྱིལ་འཁོར་ཡིན་པའི་ཚུལ་ནི། སྤྱི་དང་བྱེ་བྲག་གཉིས་སུ་བསྟན་པ་ལས། སྤྱིར་ཡི་གེ་ཐམས་ཅད་སངས་རྒྱས་ཡིན་པའི་ཚུལ་ནི། གོང་དུ་ཕུང་པོ་ལྔ་ཇི་ལྟར་སངས་རྒྱས་ཡིན་པའི་གཏན་ཚིགས་བསྟན་པའི་སྐབས་དང་། ཡི་གེ་བརྟག་པ་རྣམས་བསྟན་པའི་སྐབས་དང་། ཡི་གེའི་རང་བཞིན་ལས་དང་ཡོན་ཏན་གྱི་རྩལ་བསྟན་པའི་སྐབས་སུ་ཞིབ་ཏུ་བཤད་པས། འདིར་བཟླས་ཏེ་བསྟན་མི་དགོས་ཏེ། དོན་དེ་དག་ཉིད་འདིར་ཡང་སྦྱར་བར་བྱའོ། །དེ་ལ་ཡི་གེ་སོ་སོར་ལྷ་སོ་སོ་དང་སྦྱར་བ་ནི། ཇི་ལྟར་བསྟན་པ་དེ་ལྟ་བུའི་རང་བཞིན་ཡིན་པ་དང་། དེ་བཞིན་དུ་བསྒོམས་ན་ཏིང་ངེ་འཛིན་མྱུར་དུ་འཐོབ་པ་དང་། མཆོག་གི་དངོས་གྲུབ་ཉིད་ཀྱང་མྱུར་དུ་འགྲུབ་པར་འགྱུར་བས། དེའི་ཕྱིར་ལྷག་པ་ཏིང་ངེ་འཛིན་གྱི་དབང་དུ་ཡང་གསུང་བ་ཡིན་ནོ། །ཡི་གེ་སོ་སོའི་རྣམ་པར་ཐར་པའི་སྒོ་ནི། ཨ་ནི་ཆོས་ཐམས་ཅད་མ་སྐྱེས་པའི་སྒོ་སྟེ། ཡུམ་ཀུན་ཏུ་བཟང་མོའི་རྣམ་པར་ཐར་པའོ། །ཏ་ནི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་སྒོ་སྟེ། དེ་བས་ན་གོང་དུ་བསྟན་པ་བཞིན་ཏའི་སྒྲ་ཡི་ཆར་གཏོགས་པའི་ཡི་གེ་རྣམས་ཀྱང་དེ་བཞིན་ཉིད་རྟོགས་པའི་སྒོར་གྱུར་པས་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་ཐར་པ་སྟེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །ཀ་ནི་ཐུགས་རྗེ་ཆེན་པོའི་སྒོ་སྟེ། སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྣམ་པར་ཐར་པའོ། །ཙ་ནི་སྤྱོད་ཡུལ་གྱི་སྒོ་སྟེ། གཟུགས་དང་སྒྲ་ལ་སོགས་པའི་རྣམ་པར་ཐར་པའོ། །པ་ནི་དོན་དམ་པའི་སྒོ་སྟེ། སྟོང་པ་ཉིད་བྱང་ཆུབ་སེམས་ཀྱི་རྣམ་པར་ཐར་པའོ། །ང་ཉ་མ་ནི་ཀླད་ཀོར་གྱི་ཡི་གེ་སྟེ། རྫོགས་པའི་སངས་རྒྱས་ཀྱི་སྒོ་སྟེ། མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་པར་ཐར་པའི་སྒོའོ། །ཡ་ནི་སྐྱེ་འཇིག་དང་བྲལ་བའི་སྒོ་སྟེ། དུས་བཞི་མཉམ་པ་ཉིད་ཀྱི་རྣམ་པར་ཐར་པའོ། །ཤ་ནི་ཞི་བ་ཆེན་པོའི་སྒོ་སྟེ། སྤྲོས་པ་ཞི་བའི་རྣམ་པར་ཐར་པའོ། །ཀྴ་ནི་མཐར་ཟད་ཀྱི་སྒོ་སྟེ། ཡེ་ཤེས་ཆེན་པོའི་རྣམ་པར་ཐར་པའོ། །ཨི་ལ་སོགས་པའི་དབྱངས་ཡིག་རྣམས་ནི་ཚངས་པའི་དབྱངས་ཀྱི་སྒོ་སྟེ། ཐུགས་རྗེ་ཆེན་པོའི་རྣམ་པར་ཐར་པའོ། །ཨོ་ནི་ཆོ་འཕྲུལ་སྟོན་པ་དང་ཆུ་བོ་ལས་བརྒལ་བའི་སྒོ་སྟེ། མཚན་མ་ཐམས་ཅད་རྣམ་པར་འཇིག་པའི་རྣམ་པར་ཐར་པའོ། །ཨོཾ་ནི་ཨ་དང་མུཾ་སྦྱོར་བ་སྟེ། དེ་ལ་ཨ་ནི་སྐྱེ་བ་མེད་པའི་དབྱིངས། མུཾ་ནི་ངོ་བོ་ཉིད་ཀྱི་མཁའ་སྟེ། ལྷ་དང་ཡི་གེའི་ཚོགས་དེ་དག་ཐམས་ཅད་ཀྱང་རྩོལ་བ་མེད་པ་ལྷུན་གྱིས་གྲུབ་པའི་དོན་ནོ། །དེ་ལ་ཨོཾ་གྱི་དོན་ཡང་དེར་འདུས་ཏེ། དེ་བས་ན་ཡི་གེ་རྣམས་ཀྱི་རྣམ་པར་ཐར་པའི་སྒོ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པ་དང་དབྱེར་མེད་པ་ཡིན་པས། ཡི་གེ་འཁོར་ལོ་ཚོགས་ཆེན་འདིས། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་བསྡུས། །ཞེས་གསུངས་པ་ཡིན་ནོ། །ད་ནི་གཉིས་པ་སྤྱིའི་ཡོན་ཏན་ཡན་ལག་ལ་སྦྱར་བའི་དོན་བསྟན་པར་བྱ་སྟེ། དེ་ལ་ཡབ་རྣམས་སྒྱུ་འཕྲུལ་གྱི་སྒྲས་བསྟན་པ་ནི། ཐབས་ཀྱི་ཕྱག་རྒྱ་ཡིན་པའི་ཕྱིར་སྒྱུ་འཕྲུལ་གྱི་སྒྲས་བསྟན་པའོ། །དེ་བཞིན་དུ་ཡུམ་རྣམས་ཤེས་རབ་ཀྱི་ཕྱག་རྒྱ་ཡིན་པས་དྲྭ་བའི་སྒྲས་བསྟན་ནོ། །རྣམ་པར་ཤེས་པ་ཐུགས་ཀྱི་རང་བཞིན་ཡིན་པས་ཐུགས་ཀྱི་སྒྲས་བསྟན་ནོ། །དབང་པོ་གསལ་ཞིང་རྟོགས་པར་བྱེད་པའི་བདག་ཉིད་ཡིན་པས་གསུང་གི་སྒྲས་བསྟན་ནོ། །ཡུལ་རྣམས་གཟུགས་རགས་པ་ཡིན་པའི་ཕྱིར་སྐུའི་སྒྲས་བསྟན་ནོ། །གཞན་རྣམས་ནི་སྒྱུ་འཕྲུལ་དྲྭ་བ་ཟུང་དུ་འབྲེལ་བའི་ཡོན་ཏན་གྱི་ཆོས་སུ་བསྟན་ནོ། །གསུམ་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རིག་པ་སྐད་ཅིག་མ་གཅིག་ལ་དཀྱིལ་འཁོར་ཐམས་ཅད་ཇི་ལྟར་རྫོགས་པར་ཤེས་པར་བྱ་བ་ནི། དོན་ཆོས་ཅི་ཡང་མ་ཡིན་པ་ལས་སྒྱུ་མ་སྣ་ཚོགས་སུ་འཕྲུལ་པ་ནི་ཐབས་ཀྱི་རང་བཞིན་ཏེ་རིགས་ལྔའོ། །དེ་ཉིད་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་ནི་ཤེས་རབ་ཀྱི་རང་བཞིན་ཏེ་ཡུམ་ལྔའོ། །དེ་ལྟར་འབྲེལ་བའི་དུས་ཉིད་ན་སྒྱུ་འཕྲུལ་དྲྭ་བར་འབྲེལ་བར་རིག་པ་ནི་ཐུགས་ཀྱི་རང་བཞིན་ཏེ་རྣམ་པར་ཤེས་པའི་བྱང་ཆུབ་སེམས་དཔའོ། །སྒྱུ་འཕྲུལ་དྲྭ་བར་གསལ་བ་ནི་གསུང་གི་རང་བཞིན་ཏེ་དབང་པོའི་བྱང་ཆུབ་སེམས་དཔའོ། །སྒྱུ་འཕྲུལ་དྲྭ་བར་སྣང་བ་ནི་སྐུའི་རང་བཞིན་ཏེ་ཡུལ་གྱི་སེམས་མའོ། །དེ་ལྟར་ཐམས་ཅད་སྒྱུ་འཕྲུལ་དྲྭ་བར་འབྲེལ་བ་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཡིན་པས་དུས་བཞི་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ནི་དུས་བཞིའི་སེམས་མའོ། །དེའི་ངང་ལས་ཐུགས་རྗེ་ཆེན་པོ་རྒྱུན་མི་འཆད་པ་ནི་ཐུབ་པ་ཆེན་པོ་རྣམས་སོ། །དེ་ལྟར་སྒྱུ་འཕྲུལ་དྲྭ་བ་ཟུང་དུ་འབྲེལ་བའི་སྐུ་གསུང་ཐུགས་ཀྱི་མཚན་མ་ཙམ་ཡང་དམིགས་སུ་མེད་པར་རྟོགས་པ་ནི་ཁྲོ་བོ་རྣམས་སོ། །དེ་ལྟར་རྟོགས་པའི་ཡེ་ཤེས་ཉིད་ཀྱང་སྤྲོས་པ་དང་བྲལ་བ་ནི་ཁྲོ་མོ་རྣམས་སོ། །དེ་དག་ཐམས་ཅད་ཀྱང་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ལས་མ་གཡོས་ཤིང་དེར་འདུས་པ་ནི་ཀུན་ཏུ་བཟང་པོ་དང་བཟང་མོ་སྟེ། དེ་བས་ན་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རིག་པ་སྐད་ཅིག་མ་གཅིག་གི་ཆོས་ཙམ་མོ། །ཞེས་ཤེས་པར་བྱའོ། །ད་ནི་བསྡུས་པའི་དོན་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྐབས་འདིར་ནི་ཡི་གེ་རྣམས་ལྷག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ལྷའི་དཀྱིལ་འཁོར་གྲུབ་པར་བྱེད་པའི་རྒྱུའི་འཁོར་ལོར་བཤད་དེ། དེ་ལ་སྤྱིར་བྱང་ཆུབ་སེམས་ཞེས་བྱ་བ་སྟོང་པ་ཉིད་དང་སྙིང་རྗེ་འབྲེལ་བ་ལ་ཡང་འཇུག །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་མ་ནོར་བ་རྟོགས་པའི་རིག་པ་འབྱུང་བ་ལ་ཡང་འཇུག །སེམས་ཀྱི་རང་བཞིན་ཇི་བཞིན་པ་ལ་ཡང་འཇུག་སྟེ། དེའི་རྟགས་ཀྱི་ཕྱག་རྒྱ་དང་སྒོར་གྱུར་པ་ནི་ལྷག་པའི་བྱང་ཆུབ་སེམས་སོ། །ཡི་གེ་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་དེ་དག་གི་འཕྲུལ་དང་ཕྱག་རྒྱར་གྱུར་པ་སྟེ། དེ་བས་ན་འདིར་ཡང་བྱང་ཆུབ་ཀྱི་སེམས་དེ་དག་ཐམས་ཅད་ཀྱི་འཕྲུལ་པའི་ཕྱག་རྒྱ་ཡི་གེ་རྣམས་ཀྱི་རང་བཞིན་དུ་གཉིས་སུ་མེད་པའི་ལྷག་པའི་བྱང་ཆུབ་ཀྱི་སེམས་འཕྲོས་པ་ལས་ལྷའི་དཀྱིལ་འཁོར་དུ་གྲུབ་པ་ནི། དཔེར་ན་རྒྱུ་དྲི་ཟ་ཉེ་བར་འཁོར་བ་དང་། རྐྱེན་ཕ་མའི་དབང་པོ་རྣམས་དང་སྐལ་བ་མཐུན་པར་ཚོགས་པར་གྱུར་ན་སེམས་ཅན་གྱི་ལུས་འགྲུབ་པར་འགྱུར་བ་ནི་རང་དབང་ཐོབ་པའི་བྱེད་པ་པོ་མེད་པ་བཞིན། རྒྱུ་ཆོས་རང་བཞིན་གྱིས་རྣམ་པར་དག་པ་དང་། རྐྱེན་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་གྱུར་ན་འབྲས་བུ་ལྷའི་དཀྱིལ་འཁོར་འབྱུང་བའང་བྱེད་པ་པོ་མེད་པ་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་འཁོར་ལོར་གྱུར་ཏོ། །ཞེས་བྱ་བ་ནི། གཞུང་གཞན་ལས་འདི་སྐད་དུ། ཆོས་ཀུན་ཐ་དད་རྗེས་འཇུག་ཅིང་། །ཆོས་ཀུན་ཕན་ཚུན་རྗེས་སུ་འཇུག །ཆོས་ཀུན་རྗེས་སུ་འཇུག་པ་སྟེ། །མཐའ་བྲལ་རྗེས་སུ་འགྲོ་བའོ། །ཞེས་གསུངས་པ་ལྟ་བུ་སྟེ། ཇི་ལྟར་ཐ་དད་དུ་བཞག་པའི་ཆོས་རྣམས་ཀྱང་ཕན་ཚུན་རྗེས་སུ་མི་འགྲོ་བ་མེད་དེ། གང་གི་ཕྱིར་རང་བཞིན་གཅིག་ཏུ་མ་ངེས་པ་དེའི་ཕྱིར། མཚན་ཉིད་ཐམས་ཅད་ཀྱང་སྤྲོས་པ་དང་བྲལ་བའི་རྗེས་སུ་འགྲོ་བ་ཁོ་ནའོ། །དེ་བས་ན། དེ་བཞིན་གཤེགས་པ་རྣམས་ཡི་གེ་འཁོར་ལོར་གྱུར་པ་ལས་གནས་བསྒྱུར་ཅིང་སྤྲུལ་མི་དགོས་སོ། །དེ་བཞིན་དུ་དཀྱིལ་འཁོར་དུ་གསལ་བར་གྱུར་ཏོ། །ཞེས་བྱ་བ་ལ་སོགས་པ་གཞན་ལ་ཡང་ཤེས་པར་བྱའོ། །ལེའུ་བཞི་པའོ།། །།ད་ནི་ཡི་གེ་སྒྱུ་འཕྲུལ་གྱི་སྒོ་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་དང་ལས་ཕྲ་མོ་རྣམས་བསྒྲུབ་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོར་ཡི་གེ་སྒྱུ་འཕྲུལ་དངོས་གྲུབ་སྣ་ཚོགས་ཀྱི་གཞིར་བསྟན་པའི་ཕྱིར། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཆོས་ཐམས་ཅད་ཀྱི་རྩ་བ་ནི་སེམས་ཡིན་པས་ཡི་གེའང་སེམས་ཉིད་དུ་སྣང་བའོ། །སེམས་ལའང་ངོ་བོ་ཉིད་མེད་དེ། དེའི་ཕྱིར་སེམས་ལ་སྣང་བ་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པའོ། །མཚན་ཉིད་དེ་ལྟ་བུའི་ཡི་གེ་དེ་ནི་རིན་པོ་ཆེའི་སྤྲིན་དང་འདྲ་སྟེ། དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་གནས་ལ་སོགས་པ་མཐོ་རིས་ཀྱི་གནས་རྣམས་སུ་རིན་པོ་ཆེའི་རང་བཞིན་གྱི་སྤྲིན་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབབ་པར་འགྱུར་རོ། །དེ་བཞིན་དུ་ཡི་གེ་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་ལས་ཀྱང་དངོས་གྲུབ་སྣ་ཚོགས་སུ་འགྱུར་རོ། །དེ་ཡང་དང་པོ་ཡི་གེ་ཇི་ལྟ་བ་བཞིན་བརྟན་པར་གྱུར་ནས། དེ་ནས་འདོད་པའི་དོན་སྣ་ཚོགས་སུ་བསྒྱུར་བས་དེ་ལྟར་འགྲུབ་པར་འགྱུར་རོ། །དེ་ལ་དང་པོར་མཆོག་གི་དངོས་གྲུབ་རྒྱལ་བའི་དཀྱིལ་འཁོར་ཉིད་དུ་གྲུབ་པར་བསྟན་པའི་ཕྱིར། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱིས་ཐུན་མོང་གི་དངོས་གྲུབ་ཆེན་པོ་འགྲུབ་པར་བསྟན་པ་ནི། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ། དགུག་དང་གཏང་དང་། ཞེས་བྱ་བ་ལ་སོགས་པ་ནི་ལས་ཕྲན་ཚེགས་སོ། །དེ་ཉིད་ཡེ་ཤེས་རང་སྣང་བ། །ཞེས་བྱ་བ་ལ་སོགས་པ་ནི་དངོས་གྲུབ་ཇི་ལྟར་འགྲུབ་པའི་ཚུལ་སྟོན་པ་སྟེ། དཔེར་ན། སྣང་བ་དང་། གསེར་འགྱུར་གྱི་རྩི་དང་། སྨན་གྱི་བཅུད་ལེན་རྣམས་ཀྱིས། མུན་པ་དང་། ལྕགས་ཀྱི་རིགས་སྣ་ཚོགས་དང་། དུག་རྣམས་བསལ་ནས། དངོས་པོ་དམ་པ་རྣམས་སུ་འགྱུར་བར་བྱེད་པ་ནི། དངོས་པོ་ངན་པ་རྣམས་དོར་བ་མེད་པ་བཞིན་དུ། སྡུག་བསྔལ་གྱི་གནས་སུ་གྱུར་པའི་ཆོས་རྣམས་མ་བསལ་བར་དངོས་གྲུབ་སྣ་ཚོགས་སུ་འགྱུར་བར་བསྟན་ཏོ། །ཡོངས་ནི་དངོས་པོ་སྣ་ཚོགས་སུ་སྣང་བ་རྣམས་ཀྱང་སེམས་ཀྱི་རྣམ་པ་ཙམ་ཡིན་པས། ངོ་བོ་ཉིད་བསྒྱུར་ཞིང་བྱིན་གྱིས་བརླབ་མི་དགོས་པར་ཤེས་པར་བྱའོ། །སྟོན་པ་མཆོད་བརྩོན། ཞེས་བྱ་བ་ལ་སོགས་པས་ནི་གྲུབ་པའི་ཚད་བསྟན་པའོ། །དུས་གསུམ་རྒྱལ་བས། ཞེས་བྱ་བ་ལ་སོགས་པས་ནི་དངོས་གྲུབ་ཀྱི་མཆོག་བྱང་ཆུབ་ཀྱི་སེམས་རྟོགས་པ་ཡིན་པར་བསྟན་ཏོ། །དངོས་པོ་མེད་ལས། ཞེས་བྱ་བ་ལ་སོགས་པས་ནི་དངོས་གྲུབ་ཀྱི་རྒྱུའི་གཙོ་བོ་ཏིང་ངེ་འཛིན་ཡིན་པར་བསྟན་ཏོ། །གང་གིས་དམིགས་མེད་མི་ཤེས་པ། །ཞེས་བྱ་བ་ལ་སོགས་པས་ནི་དངོས་གྲུབ་ཀྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་དེ་ཉིད་ལེགས་པར་བསྟན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་རྣམ་པ་བཞིའི་ཚུལ་བསྟན་ཏོ། །དེ་ཡང་། དང་པོ་སེམས་ཅན་གྱི་དོན་དུ་བྱང་ཆུབ་འདོད་པའི་མཚན་ཉིད་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། སྒོ་གསུམ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་སྤྱོད་པའི་མཚན་ཉིད་འཇུག་པ་བྱང་ཆུབ་ཀྱི་སེམས་དང་། མོས་པ་བརྟན་པས་གནས་པ་དང་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་བྱེད་པས་གནས་པའི་མཚན་ཉིད་གནས་པ་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ་ཆེན་པོ་འབྱུང་བའི་མཚན་ཉིད་དང་ལྡན་པ་༼རྫོགས་ཆེན་ཤིང་པར་དུ་འདི་དང་འགབ་གཉིས་ཆར་བར་སྟོང་ཞིག་བཞག་འདུག །འགབ་མ་དེར་འབྱུང་བ་ཞེས་ཕྱིས་མཆན་ལྟ་བུ་ཞིག་གིས་བསབ་འདུག །དེས་ན་འདིར་ཡང་འབྱུང་བ་ཡིན་ནམ་སྙམ།༽བྱང་ཆུབ་ཀྱི་སེམས་ཞེས་གྲགས་སོ། །འདིར་ནི་དང་པོ་བྱང་ཆུབ་ཀྱི་སེམས་རྟོགས་པར་བྱེད་པའི་མཚན་ཉིད་འཇུག་པ་བྱང་ཆུབ་ཀྱི་སེམས་དང་། བྱང་ཆུབ་སེམས་ཀྱི་རང་བཞིན་ཇི་ལྟར་ཡིན་པ་བསྟན་པའི་མཚན་ཉིད་གནས་པ་བྱང་ཆུབ་ཀྱི་སེམས་དང་། བྱང་ཆུབ་སེམས་ཀྱི་ཡོན་ཏན་བསྟན་པའི་མཚན་ཉིད་དང་ལྡན་པ་འབྱུང་བ་བྱང་ཆུབ་ཀྱི་སེམས་དང་། བྱང་ཆུབ་ཀྱི་སེམས་དེ་ཉིད་ཇི་ལྟར་མངོན་དུ་འགྱུར་བར་བྱ་བའི་མཚན་ཉིད་སྨོན་པ་བྱང་ཆུབ་ཀྱི་སེམས་རྣམས་བསྟན་ཏོ། །དེ་ལ་དང་པོ་རྟོགས་པའི་ཐབས་བསྟན་པ་ནི། གང་གིས་དམིགས་མེད་མི་ཤེས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར། གང་ཟག་གང་གིས་ཆོས་རྣམས་ལ་དམིགས་པ་དང་བྲལ་བའི་བློ་འཇུག་པ་མི་ཤེས་པའི་གང་ཟག་དེ་ཡིས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དོན་མི་ཤེས། དེས་ན་བློ་གང་གིས་དངོས་པོར་ལྟ་བ་དང་དངོས་པོ་མེད་པར་ལྟ་བ་རྣམས། དེ་ལྟར་མ་གྲུབ་ཅིང་འཇིག་པའི་བློ་དེ་ཡིས་དམིགས་པ་མེད་པའི་དོན་ཤེས་པར་གྱིས་ཤིག་པའི་དོན་ནོ། །གཉིས་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཇི་ལྟར་ཡིན་པ་ནི། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཀྱི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར། མཚན་ཉིད་གང་ཡང་ཡིན་པར་མི་འགྱུར་ཏེ། ཅི་ཡང་མ་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །གསུམ་པ་ཡོན་ཏན་བསྟན་པ་ནི། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་རྣམ་པར་དག་པ་ལས་མ་གཡོས་བཞིན་ཁམས་དང་སྐྱེ་མཆེད་སྣ་ཚོགས་སུ་བསྟན་པ་ཐམས་ཅད་ཡེ་ཤེས་རོལ་པའི་དཀྱིལ་འཁོར་དུ་རང་ཤར་ཏེ། ཀུན་ཏུ་བཟང་པོའི་ཕྱག་རྒྱས་མ་བཏབ་པ་འགའ་ཡང་མེད་པས། སྤང་བར་བྱ་བའི་ཆོས་གང་ཡང་མེད་དོ། །ཞེས་བྱ་བའི་དོན་ནོ། །དེ་ལྟར་ན་དངོས་པོར་ལྟ་བའི་མཐའ་དང་ཆད་པར་ལྟ་བའི་མཐའ་ཡང་བསལ་བ་ཡིན་ནོ། །བཞི་པ་ཇི་ལྟར་མངོན་དུ་གྱུར་པར་བྱ་བ་ནི། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །སྔགས་དང་ཕྱག་རྒྱས་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་གསུངས་ཏེ། དཔེར་ན་གླང་པོ་ཆེ་མ་ཐུལ་བ་མྱོས་པ་རྣམས་ནི། མི་འདོད་པའི་གནས་སུ་ཚང་འཆའ་ཞིང་། མི་འདོད་པའི་ཡུལ་དུ་རྒྱུ་སྟེ། མི་འདོད་པའི་ལས་སུ་གྱུར་པ་རང་གི་ཕྱོགས་ཀྱི་རྩིག་ཁྱིམ་གཞོམ་པ་དང་སེམས་ཅན་གསོད་པ་ལ་སོགས་པའི་ལས་བྱེད་དོ། །སེམས་ཅན་རྣམས་ཀྱི་སེམས་ཀྱང་དེ་དང་འདྲ་སྟེ། མི་འདོད་པའི་གནས་བདག་ཏུ་ལྟ་བའི་གནས་ལ་རྟེན་འཆའ་ཞིང་། མི་འདོད་པའི་ཡུལ་མཚན་མར་འཛིན་པའི་སྤྱོད་ཡུལ་དུ་རྒྱུ་སྟེ། མི་འདོད་པའི་ལས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་ལས་མངོན་པར་འགྲུབ་པར་བྱེད་དོ། །གླང་པོ་ཆེ་དེ་ཡང་ཐབས་ལ་མཁས་པའི་གླང་རྫི་ན་ཚོད་མཐུན་པས་ལེགས་པར་བཏུལ་ནས། ཐོ་བ་དང་ལྕགས་ཀྱུས་གྲོགས་བྱས་ན་གླང་པོ་ཆེ་དུལ་བར་འགྱུར་ཏེ། རང་གི་གཡུལ་བརྟན་པར་བྱ་བ་དང་། ཕ་རོལ་གྱི་དགྲ་སྡེ་འཇོམས་པར་བྱེད་པའི་ཡོན་ཏན་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ། སེམས་དེ་ཡང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་གྱིས་བཏུལ་ཏེ། སྔགས་དང་ཕྱག་རྒྱ་ལ་སོགས་པ་བཟླས་བརྗོད་ཡན་ལག་ལྔ་དང་ལྡན་པས་བརྟན་པའི་གྲོགས་བྱས་ན། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །ཞེས་བྱ་བའི་དོན་ནོ། །དེ་ལ་བཟླས་བརྗོད་ཀྱི་ཡན་ལག་ལྔ་ནི། བདག་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། གསང་སྔགས་ཀྱི་དེ་ཁོ་ན་ཉིད་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང་། འཕྲོ་འདུའི་དེ་ཁོ་ན་ཉིད་དོ། །དེ་ཡང་། བྱ་བ་དང་། རྣལ་འབྱོར་ཕྱི་པ་ལྟར་ན་ནི། བདག་དང་ལྷ་ཡང་གཉིས་སུ་འདོད་ལ། བྱང་ཆུབ་ཀྱི་སེམས་དེ་ཉིད་གསུམ་གྱིས་བསྡུས་པའི་དམིགས་པ་དང་ཡན་ལག་ཏུ་བཅས་པའི་བཟླས་བརྗོད་དོ། །འདིར་ནི་ཏིང་ངེ་འཛིན་གྱིས་འཕྲུལ་པ་ཙམ་སྟེ་རང་བཞིན་ཐ་དད་དུ་མི་འཛིན་ནོ། །དེ་རྣམས་ཀྱང་མཆོག་གི་དངོས་གྲུབ་ཀྱི་སྐབས་སུ་བསྟན་ནོ། །ལེའུ་ལྔ་པའོ། །ད་ནི་དངོས་གྲུབ་ཀྱི་རྟེན་དང་ཐབས་སུ་གྱུར་པ་དཀྱིལ་འཁོར་ཡིན་པས་དེ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ། ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་དབྱུང་བར་བཞེད་ནས། ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་རང་བཞིན་མ་ཡིན་པ་ཞིག་བྱིན་གྱིས་བརླབས་ཏེ། རང་བཞིན་གཞན་དུ་གྱུར་པར་བྱས་པ་ཞིག་གམ། རང་བཞིན་དེ་དག་ཡོངས་སུ་གསལ་ཏེ་དེའི་ཡུལ་དུ་འོངས་པ་ཞིག་གམ། དེའི་རྒྱུ་ལས་སྐྱེས་པ་ནི་མ་ཡིན་ཏེ། ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་སངས་རྒྱས་པར་བསྟན་པའོ། །དེའི་ཚུལ་བསྟན་པ་ནི། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་གསུངས་པ་ཡིན་ཏེ། འདི་ལྟར་རྫོགས་པ་ཆེན་པོའི་དོན་རྟོགས་པའི་རྣལ་འབྱོར་པས་ཀུན་འབྱུང་གི་ཆོས་སུ་གྲགས་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོར་སྤྱོད་ཅིག་པའོ། །དེ་ལ་ཀུན་འབྱུང་གི་ཆོས་ནི། ཉེ་བར་ལེན་པའི་ཕུང་པོ་ལྔས་བསྡུས་པ་ཟག་པ་དང་བཅས་པའི་ཆོས་སུ་གྲགས་པ་རྣམས་སོ། །དེ་ཉིད་དཀྱིལ་འཁོར་ཆེན་པོ་ཇི་ལྟར་ཡིན་པ་བསྟན་པ་ནི་གོང་དུ་བསྟན་པ་བཞིན་ནོ། །དེ་ལ་དཀྱིལ་འཁོར་གྱི་ཁ་དོག་དང་དབྱིབས་ལ་སོགས་པའི་ཚུལ་ནི། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཞེས་པ་ལ་སོགས་པའོ། །ལྷ་རྣམས་ཀྱི་བཞུགས་ཚུལ་ནི། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །ཞེས་སྨོས་པ་སྟེ། དེ་ལ་གཙོ་བོ་དང་གཙོ་མོ་ནི་རྫོགས་པའི་སྐྱིལ་མོ་ཀྲུང་དུ་བཞུགས་ཏེ། རྒྱལ་པོ་ཆེན་པོའི་ཚུལ་དུ་ཅི་ཡང་མི་མཛད་དོ། །སེམས་དཔའ་དང་སེམས་མ་ནི་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་ཏེ། བློན་པོ་ཆེན་པོའི་ཚུལ་དུ་ཀུན་ལ་བུ་གཅིག་པ་བཞིན་དུ་བྱམས་སོ། །ཁྲོ་བོ་དང་ཁྲོ་མོ་ནི་གྱད་ཀྱི་དོར་ཐབས་སུ་བཞུགས་ཏེ། དམག་དཔོན་དང་འདྲ་བར་ཕྱི་ནང་གི་དངོས་པོ་ལ་རྔོན་པས་རི་དྭགས་མཐོང་བ་བཞིན་དུ་འདུལ་བར་མཛད་དོ། །ཐུབ་པ་ཆེན་པོ་རྣམས་འགྲེང་བུར་བཞུགས་ཏེ། སྐད་ཅིག་ཀྱང་མི་གནས་པར་འགྲོ་བའི་དོན་མཛད་པའི་མཚན་མར་འགྱུར་བའོ། །དེ་དག་ཀྱང་གནས་གང་ན་བཞུགས་བསྟན་པའི་ཕྱིར། འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །ཞེས་བྱ་བས་ནི། ཀུན་ཏུ་བཟང་པོ་དང་བཟང་མོ་དཀྱིལ་འཁོར་གྱི་བྱེད་པ་པོ་ཡིན་ཡང་ཕྱྭ་མཁན་གྱི་ཚུལ་དུ་བར་ཁྱམས་ལ་བཞུགས་སོ། །ཞེས་ཡོངས་གྲགས་དབུས་ལུགས་པ་གསུང་ངོ་། །ཕོ་བྲང་གི་དབུས་ཉིད་ན་བཞུགས་སོ། །ཞེས་ཡོངས་གྲགས་ཁམས་ལུགས་པ་དང་བདག་ཅག་གི་བླ་མས་གསུང་ངོ་། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །ཞེས་བྱ་བ་ལ་སོགས་པའི་ཕྱག་མཚན་རྣམས་ནི་གཡས་དང་པོ་ན་རང་རང་གི་མཚན་མ། གཡོན་དང་པོ་ན་དྲིལ་བུ་སྟེ་གཞན་རིམ་བཞིན་དུ་སྦྱར་བར་བྱའོ། །ཡུམ་རྣམས་ནི་དྲིལ་བུ་ཁོ་ནའོ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །ཞེས་བྱ་བ་ལ་སོགས་པ་ནི་ལྷ་རྣམས་ཀྱི་ཚུལ་བསྟན་པ་སྟེ། དེ་ཡང་མཉེན་པ་ལ་སོགས་པའི་ཚུལ་ལྔ་པོ་འདི་དག་ནི་ལྷ་མོ་རྣམས་ཀྱི་ཚུལ་ཏེ། དེ་ཡང་ཕྱི་རོལ་གྱི་རྫས་ཀྱི་དངོས་པོ་ལ། མཉེན་པ་ཡིན་ལ། ལྕུག་པ་མ་ཡིན་པ་ལ་སོགས་པ་ཡང་ཡོད་པ་དེ་དག་ལས་ཁྱད་པར་དུ་བྱས་པའོ། །གསལ་འཚེར་ལྷུན་སྟུག་གཟི་བྱིན་ལྡན་པ་ནི། ཡབ་རྣམས་ཀྱི་ཚུལ་ལོ། །འབར་བའི་འཕྲེང་བས་འཁྲིགས་པ་ནི། ཁྲོ་བོ་དང་ཁྲོ་མོའོ། །དེ་ལྟ་བུའི་རང་བཞིན་དུ། མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པའོ། །སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །ཞེས་བྱ་བ་ལ་སོགས་པ་ནི་འཕྱོང་དུ་གྲགས་པ་སྟེ། སློབ་དཔོན་རིན་ཅེན་མཆོག་གིས། སྒྱུ་འཕྲུལ་གཞན་ནས་ཕྱུང་སྟེ་སྐབས་སྐབས་སུ་བཅུག་པ་ལས། གཙུག་རུ་རིན་ཅེན་གཞོན་ནུས་འཕྱོང་ཡོད་པ་དང་མེད་པའི་དཔེ་རིས་གཉིས་སུ་ཕྱེ་སྟེ་དེ་བཞིན་དུ་གྲགས་སོ། །ཞེས་ཟེར་རོ། །དེ་ལ་གདུལ་བྱ་རྣམས་ལ་སངས་རྒྱས་ཀྱི་སྐུ་ཇི་ལྟར་སྣང་བའི་ཚུལ་ནི། དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། །སྡིག་སྤོང་གཟུགས་སུ་རྣམ་པར་བསྟན། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འགྲོ་བ་ཕལ་པ་རྣམས་ཀྱིས་ནི་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་སྡིག་པ་སྤོང་བའི་གཟུགས་སུ་མཐོང་ངོ་། །ཉན་ཐོས་རྣམས་ཀྱིས་ནི་དགྲ་བཅོམ་པ་དང་སྤངས་པ་མཚུངས་པར་མཐོང་ངོ་། །རང་རྒྱལ་རྣམས་ཀྱིས་ནི་བསེ་རུ་ལྟ་བུའི་ཚུལ་དུ་མཐོང་ངོ་། །འོ་ན་དགེ་བའི་བཤེས་གཉེན་ལ་མི་བརྟེན་པར་ཇི་ལྟར་འགྱུར་ཞེ་ན། གྲོགས་པོ་ཙམ་དུ་མཐོང་བའི་ཕྱིར་རང་རང་གཙོ་བོ་ཡིན་ནོ། །ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་འོག་མིན་གྱི་གནས་ན་དཔལ་རྣམ་པར་སྣང་མཛད་ཀྱི་སྐུར་སྣང་སྟེ། སྐུའི་སྒོ་ནས་ཆོས་སྟོན་པར་སྣང་ངོ་། །སྐུས་ཆོས་སྟོན་པའི་ཚུལ་ཡང་སངས་རྒྱས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དཔེར་ན་སྤོས་བརྩེགས་པའི་ཞིང་ཁམས་ན་བྱང་ཆུབ་སེམས་དཔའ་རྣམས་སྤོས་ཀྱི་ཤིང་ཆེན་པོའི་དྲུང་ན་གནས་པ་ན། ཤིང་དེའི་དྲི་ཚོར་བ་ཙམ་གྱིས་བྱང་ཆུབ་སེམས་དཔའི་རྒྱུད་ལ་རྣམ་པར་ཐར་པའི་སྒོ་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་ཡུལ་ལ་ལ་ན་ཁ་ཟས་ཟོས་པས། ལ་ལ་ན་ཆོས་གོས་གྱོན་པས། ལ་ལ་ན་སྐུ་ལ་བལྟས་པས། ལ་ལ་ན་རྨི་ལམ་རྨིས་པ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་ཉེ་བར་སྒྲུབ་པ་ཡོད་དེ། དེ་བས་ན་ཚུལ་གཅིག་བསམ་དུ་མི་རུང་ངོ་། །ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་དེའང་ས་དང་པོ་ནས་བཅུ་པའི་བར་དག་ཏུ་གྲགས་སོ། །སྤྲུལ་པའི་སྐུ་སྣང་བར་གྱུར་པའང་ཉན་ཐོས་དང་མོས་པ་སྤྱོད་པ་ནས། ས་བདུན་པ་མན་ཆད་ལ་སྣང་བར་གྲགས་སོ། །ལས་དག་པའི་སེམས་ཅན་ཕལ་པ་ལ་ནི་ཐ་མལ་པའི་གཟུགས་སུ་སྣང་བར་གྲགས་སོ། །ད་ནི་བསྡུས་པའི་དོན་བསྟན་པའི་ཕྱིར། དེ་ནས། ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ། དམིགས་བྱ་དམིགས་བྱེད་མི་དམིགས་དཔག་མེད་བསམ་མི་ཁྱབ། །ཅེས་བྱ་བ་ནི། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའོ། །ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་། །ཞེས་བྱ་བ་ནི། ཡེ་ཤེས་ལས་སྤྲུལ་པའི་དཀྱིལ་འཁོར་ཡང་གྲངས་མེད་པ་སྟེ། དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དཀྱིལ་འཁོར་གྱིས་ཆོས་ཐམས་ཅད་ལ་ཁྱབ་པར་བསྟན་པ་ནི། མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། །ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམ་སྤྲོས་སྤྲོས་པ་མེད། །ཅེས་གསུངས་པ་སྟེ། ཇི་ལྟར་ཁྱབ་པའི་ཚུལ་ནི། སངས་རྒྱས་མཉམ་སྦྱོར་ལས། ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་གནས། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་གྱིས་ཁྱབ་ཅིང་། རྫས་ཀྱི་དངོས་པོས་ཀྱང་ཁྱབ་པ་མེད་དེ། ཞེས་བྱ་བའི་དོན་ནོ། །ལེའུ་དྲུག་པའོ། །ད་ནི་གསང་སྔགས་རྣམས་སྟོན་ཏེ། དེ་ཡང་གསང་སྔགས་ཀྱི་དངོས་པོ་དང་བྱ་བ་རྣམས་ནི་གོང་དུ་བསྟན་ཟིན་ཏོ། །ཁྱད་པར་གྱི་བྱ་བ་ཅུང་ཟད་བརྗོད་པར་བྱ་སྟེ། ཇི་སྲིད་དུ་ཏིང་ངེ་འཛིན་ཇི་ལྟ་ཇི་སྙེད་གནས་པ་དེ་དག་སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབ་པར་བྱེད་དེ། དེ་ཡང་ཕལ་ཆེར་ཕྱག་རྒྱ་ནི་སྔགས་དང་ལྡན་པས་བྱིན་གྱིས་རློབ་པར་བྱེད་ལ། སྔགས་ནི་ཕྱག་རྒྱ་མེད་པར་ཡང་བྱིན་གྱིས་རློབ་པོ། །ཞེས་གྲགས་སོ། །འདི་ཡང་ལྷ་རྣམས་བསྐྱེད་པ་དང་མཉེས་པར་བྱེད་པའི་མཚན་ཉིད་བསྙེན་པ་ལ་སོགས་པའི་བཟླས་བརྗོད་དུ་བྱ་བ་དང་། ལས་རྒྱ་མཚོ་སྒྲུབ་པའི་མཚན་ཉིད་རྣམས་ལ་སྦྱར་དུ་རུང་བར་ཤེས་པར་བྱའོ། །ད་ནི་བསྒོམ་པའི་རིམ་པ་བརྗོད་པར་བྱ་སྟེ། དེ་ཡང་རྣལ་འབྱོར་གྱི་སྤྱོད་པ་རྣམ་པ་གསུམ་གྱིས་བསྡུས་པ་ན། དང་པོ་འཇུག་པའི་སྤྱོད་པའི་དབང་དུ་ནི། རྡོ་རྗེ་སློབ་དཔོན་གྱི་ལས་སུ་གྱུར་པའི་དཀྱིལ་འཁོར་བྲི་ཞིང་བྱིན་གྱིས་བརླབ་པ་དང་། མཆོད་ཅིང་དཀྱིལ་འཁོར་དུ་འཇུག་པ་སྟེ། སློབ་མ་ལ་དབང་དང་དམ་ཚིག་དང་མན་ངག་དབོག་པའི་ཆོ་ག་རྣམས་ཀྱི་བྱ་བ་བསྟན་པ་སྟེ། ལེའུ་དགུ་པ་དང་བཅུ་གཅིག་པའི་སྐབས་སུ་རིགས་པར་བྱའོ། །མཐའ་མ་གྲུབ་པའི་སྤྱོད་པ་ལས་སྣ་ཚོགས་ནི་ཕལ་ཆེར་གཞན་གྱི་དོན་དུ་གཏོགས་པ་སྟེ། ལེའུ་ཉི་ཤུ་པར་བསྟན་ཏོ། །བར་དུ་དངོས་གྲུབ་སྒྲུབ་པའི་སྤྱོད་པ་ནི་ཡི་གེ་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་དང་། ཚོགས་ཀྱི་དཀྱིལ་འཁོར་རྣམས་ཡིན་ཏེ། དེ་ཡང་གསང་སྔགས་དང་ཕྱག་རྒྱ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་སྒྲུབ་པར་བྱེད་པས། དེ་བས་ན་གསང་སྔགས་ཀྱི་སྐབས་སུ་བསྒོམ་པ་ལ་སོགས་པ་ལས་ཀྱི་རིམ་པ་བསྟན་པའི་གནས་ཡིན་ནོ། །དེའི་རིམ་པ་ནི་འདི་ཡིན་ཏེ། དང་པོར་འཇུག་པའི་སྤྱོད་པ་ཡོངས་སུ་རྫོགས་པའི་སྔགས་པས་ཚོགས་གསོག་པའི་ཕྱིར་རྟག་ཏུ་རང་གི་ལྷ་མཉེས་པར་བྱེད་པར་འདོད་པ་དང་། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱ་བའི་ཕྱིར་དམ་བཅས་པའི་བསྙེན་སྒྲུབ་ལ་སྦྱོར་བར་འདོད་པ་དང་། ལས་ཕྲ་མོ་ལ་སྦྱོར་བར་འདོད་ཀྱང་རུང་སྟེ། གནས་ལ་སོགས་པའི་ཡོ་བྱད་ཚོགས་པར་བྱས་ནས། མཚམས་བཅད་པ་ལ་སོགས་པའི་ཡན་ལག་སྔོན་དུ་འགྲོ་བས་དང་པོར་སེམས་བསྐྱེད་པར་བྱ་སྟེ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་བརྗོད་པས། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་རྟོགས་པ་རང་གི་རྒྱུད་ལ་བསྐྱེད་པར་བྱའོ། །དེ་ལྟར་སེམས་བསྐྱེད་ནས་ཏིང་ངེ་འཛིན་རྣམ་གསུམ་རིམ་པར་བསྒོམ་པར་བྱ་སྟེ། དེ་ཡང་། ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པ། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་བརྗོད་པས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མི་དམིགས་པའི་ངང་ལས་ཀུན་སྣང་གི་ཏིང་ངེ་འཛིན་སྒྱུ་མ་དང་མིག་ཡོར་ཙམ་ལ་དམིགས་པའི་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །དེ་ནས་སྙིང་རྗེ་ཆེན་པོའི་བྱིན་རླབས་རྒྱུའི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཨ་ཞེས་བརྗོད་པས་བྱང་ཆུབ་སེམས་ཀྱི་རང་བཞིན་ཨ་དཀར་པོར་གསལ་བར་བྱའོ། །དེ་ཅུང་ཟད་བརྟན་པར་གྱུར་ནས། ཨཿརབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །ཞེས་བརྗོད་པས་བྱང་ཆུབ་ཀྱི་སེམས་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མཚན་བཟང་པོའི་ས་བོན་སྒྲ་ཡིག་བཅུ་དྲུག་གི་ཕྲེང་བ་རིམ་པ་གཉིས་སུ་བསྐོར་བ་ཨའི་སྙིང་པོ་ཅན་བསམ་པར་བྱའོ། །དེ་ལ་སྒྲའི་ཡི་གེ་ནི་འདི་རྣམས་ཡིན་ནོ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལི་ལཱི། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ དེ་ནས་ཨཱ་དེ་ལས་མིང་གི་ཡི་གེ་རྣམས་འཕྲོས་ཤིང་འདུས་པས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་ན། དཔེ་བྱད་བཟང་པོའི་ས་བོན་དུ་གྱུར་པ་མིང་གི་ཡི་གེ་སུམ་ཅུ་རྩ་བཞི་ཕྲེང་བའི་རིམ་པ་གཉིས་སུ་བསྐོར་བ། ནང་རིམ་ཨ་བཅུ་གཉིས་ཀྱི་ཕྲེང་བ་ཅན་སྙིང་པོ་ཡི་གེ་ཀྵའོ། །དེ་ལྟར་ཅུང་ཟད་གསལ་བར་བྱས་ཏེ། ཐམས་ཅད་ཀྱང་འོད་ཀྱི་གོང་བུ་གཅིག་ཏུ་འདྲིལ་བ་ལས་ཧཱུཾ་དང་ལྡན་པའི་རྡོ་རྗེར་གྱུར་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོའི་སྐུར་གྱུར་ཏེ། འདི་ནི་སངས་རྒྱས་ཐམས་ཅད་མངོན་པར་བྱང་ཆུབ་པ་ཐུགས་སུ་ཆུད་པའི་མཚན་ཉིད་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་འབྲས་བུའི་ངོ་བོར་སངས་རྒྱས་པའི་ཚུལ་བདག་དང་གཞན་གྱི་དོན་ཡོངས་སུ་གྲུབ་པའི་བདག་ཉིད་དོ། །དེ་ལ་དེ་བཞིན་ཉིད་དང་ཀུན་ཏུ་སྣང་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དེ་བཞིན་གཤེགས་པའི་རིགས་སོ། །ཉི་མ་དང་ཟླ་བའི་དཀྱིལ་འཁོར་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་རྡོ་རྗེའི་རིགས་སོ། །དེ་བཞིན་དུ་འོད་ཀྱི་གོང་བུ་ནི་མཉམ་པ་ཉིད་དང་རིན་པོ་ཆེའི་རིགས་སོ། །རྡོ་རྗེ་ཧཱུཾ་གིས་མཚན་པ་ནི་སོ་སོར་རྟོགས་པ་དང་པདྨའི་རིགས་སོ། །སྐུ་ནི་བྱ་བ་གྲུབ་པ་དང་ལས་ཀྱི་རིགས་སོ། །དེ་དག་ཙམ་གྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་རོ། །འདི་ལྟར་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་ཀྱི་ས་བཅུ་གཉིས་གསུངས་པ་ཡང་རིགས་ལྔ་དང་ཡེ་ཤེས་ལྔ་དང་། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་གསུངས་པ་ལྟ་བུའོ། །དེ་ལ་དབྱངས་དང་མིང་གི་ཡི་གེས་མཚན་དང་དཔེ་བྱད་ཀྱི་ས་བོན་དུ་ཇི་ལྟར་རུང་བའི་ཚུལ་ནི་སྤྱིར་ཡི་གེ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ལ། མཚན་དང་དཔེ་བྱད་ཀྱང་ཡེ་ཤེས་ཀྱི་ཡོན་ཏན་ཡིན་ཏེ། དེའི་ཕྱིར་དེའི་རིགས་དང་ས་བོན་དུ་རུང་ངོ་། །དེ་ལ་དབྱངས་ཡིག་མཚན་དུ་འགྱུར་བ་དང་མིང་ཡིག་དཔེ་བྱད་དུ་འགྱུར་བ་ནི་རིགས་མཐུན་པ་ཡིན་ཏེ། ཡི་གེ་ཡང་དབྱངས་ཀྱི་གཞི་མ་ལ་མིང་གི་འབྲས་བུ་གསལ་བར་འབྱེད་པ་ཡིན་ནོ། །དེ་བཞིན་དུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུ་གསལ་བར་བྱེད་པ་ཡིན་ཏེ། བྷྱ་ཛ་ན་ཞེས་བྱ་བའི་མིང་ཡང་གསལ་བྱེད་ཀྱི་ཡི་གེ་དང་མཚན་གྱི་མིང་ཐུན་མོང་བ་ཡིན་ནོ། །དེ་དག་ནི་ཤེས་པར་བྱ་བའི་དོན་ཅུང་ཟད་རྣམ་པར་སྤྲོས་པ་སྟེ་ཆོག་གོ །གཞུང་ལ་འཇུག་པར་བྱ་སྟེ། དེ་ལྟར་གཙོ་བོ་བསྐྱེད་ནས་དཀྱིལ་འཁོར་བསྐྱེད་པར་བྱ་སྟེ། དེ་ཡང་དབང་ཆེན་གྱི་དཀྱིལ་འཁོར་རིམ་པ་བཞིན་བསྐྱེད་ཀྱང་རུང་མ་བསྐྱེད་ཀྱང་རུང་སྟེ། བྷྲུཾ་བི་ཤྭ་བི་ཤུདྡྷེ། ཞེས་བརྗོད་དེ། ཡེ་ཤེས་ཀྱི་གཞལ་ཡས་ཁང་གླེང་གཞིའི་ལེའུ་ནས་གསུངས་པ་ལྟ་བུར་བསྐྱེད་པར་བྱའོ། །དེ་ཡང་ཤིན་ཏུ་གསལ་བར་བྱ་བའི་ཕྱིར། ཡེ་ཤེས་ཕྱོགས་བཞི་དབུས་བརྟག་སྟེ། །ཞེས་བྱ་བ་ནས། ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་བྱ་བའི་བར་དག་བརྗོད་པས་ཤིན་ཏུ་གསལ་བར་གྱུར་པར་བྱའོ། །ད་ནི་འཁོར་གྱི་དཀྱིལ་འཁོར་བསྐྱེད་པར་བྱ་སྟེ། དེ་ཡང་བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་དང་། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བའོ། །དེ་ལ་བདག་ཅེས་བྱ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཏེ། དེ་ནི་ཐོག་མ་དང་མཐའ་མ་མེད་པའི་སངས་རྒྱས་ཡིན་པའི་ཕྱིར་སངས་རྒྱས་ཐམས་ཅད་དེ་ལས་སྤྲུལ་པར་བྱ་སྟེ། དེའི་ཕྱིར་གཡོན་ཕྱོགས་སུ་ཡུམ་ཀུན་ཏུ་བཟང་མོ་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་ཡི་གེ་ཨ་ལས་བསྐྱེད་དེ། ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཞེས་བརྗོད་པས་ཡབ་ཡུམ་ཤིན་ཏུ་གསལ་བར་བྱའོ། །དེ་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རོལ་པ་ལས་བྱང་ཆུབ་ཀྱི་སེམས་ཡི་གེའི་ཚོགས་སུ་གྱུར་ཏེ། ཚིག་འདིས་ཀྱང་རྗེས་སུ་བསྐུལ་བར་བྱའོ། །ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། །འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་འཚོགས་པའི་མཐུ་ཆེན་ཡིན་ཨ་ཧོ། །ཞེས་བརྗོད་པས་ཡི་གེའི་ཚོགས་དེ་དག་འཕྲོས་ཏེ། ལྷའི་དཀྱིལ་འཁོར་དུ་གྱུར་ནས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ། སླར་འདུས་ནས་དཀྱིལ་འཁོར་ཆེན་པོར་བཞུགས་པར་བསམ་ཞིང་། དེ་དག་ཤིན་ཏུ་གསལ་བར་བྱ་བའི་ཕྱིར། ཐ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཊ་ནི་སྣང་བའི་སྒྱུ་འཕྲུལ་ཉིད། །ཅེས་བྱ་བ་ནས། ཨོ་ནི་ཐམས་ཅད་འཇིག་པར་བྱེད། །ཨོཾ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་བྱ་བའི་བར་དུ་བརྗོད་པས་ཤིན་ཏུ་གསལ་བར་གྱུར་ཏེ། མི་བསྐྱོད་པ་ཡབ་ཡུམ་ནི་ཀུན་ཏུ་བཟང་པོ་ཡབ་ཡུམ་ལ་ཐིམ་པར་གྱུར། གཞན་ནི་རང་རང་གི་གནས་སུ་བཞུགས་པར་བྱའོ། །ད་ནི་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་པ་ཡིན་ཀྱང་དགེ་བའི་བཤེས་གཉེན་གྱི་བྱིན་གྱིས་མ་བརླབས་ཤིང་། རང་རིག་པའི་ཡེ་ཤེས་ཅན་དུ་མ་གྱུར་ན་སངས་རྒྱས་ཉིད་དུ་སྣང་བར་གྲུབ་པར་མི་འགྱུར་བས། དེའི་ཕྱིར་གཙོ་བོའི་ཐུགས་ཀ་ནས་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་བདག་ཉིད་འཁོར་བའི་ལུས་འཛིན་པ་ཞིག་ཏུ་འཕྲུལ་ནས་བྱུང་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྐོར་བ་བྱས་ཏེ་ནུབ་སྒོ་ནས་རིག་པའི་མེ་ཏོག་དོར་ཏེ་གསོལ་བ་གདབ་པར་བྱའོ། །ཨོཾ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་བརྗོད་པས། ལྷ་རྣམས་ཀྱིས་གནང་སྟེ། ཐབས་དང་ཤེས་རབ་ཀྱི་འོད་ཟེར་བདག་ལ་འཕྲོས་པས་སེམས་ཀྱི་རྟོག་པ་དང་དེ་ལས་གྱུར་པའི་ལུས་རྣམས་སྦྱངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་གཟུང་འཛིན་དང་བྲལ་བའི་རང་བཞིན་འོད་ཀྱི་གོང་བུ་གཅིག་ཏུ་གྱུར་པར་བྱའོ། །དེ་ལྟར་དྲི་མའི་ཕྱོགས་དག་པར་བྱས་ནས་ཡོན་ཏན་གྱི་ཚོགས་བསྒྲུབ་ཅིང་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། ཡང་ལྷ་རྣམས་ཀྱི་འོད་ཟེར་ཡི་གེ་འབྲུ་གསུམ་གྱི་རྣམ་པར་འཕྲོས་ཏེ་ཐིམ་པས། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ལྡན་པའི་ཡི་གེ་ཧཱུཾ་དུ་གྱུར་ནས་གཙོ་བོའི་ཐུགས་ཀར་ཐིམ་པར་གྱུར་ཏེ་སྐུའི་དབྱིག་དང་བཅུད་དུ་གྱུར་པར་བྱའོ། །དེ་ནས་གཙོ་གཟུངས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར་ཏེ་ཡུམ་གྱི་མཁའ་ལ་གནས་པ་ལས། ལྷ་རྣམས་ཐམས་ཅད་རང་རང་གི་གསང་སྔགས་ཀྱི་སྒྲ་དང་བཅས་ནས་བྱང་ཆུབ་ཀྱི་སེམས་ལ་ཐིམ་པར་གྱུར་ཏེ། དཀྱིལ་འཁོར་གྱི་དབུས་ཀྱི་གདན་སྟེང་ན་བྱང་ཆུབ་སེམས་ཀྱི་རང་བཞིན་འོད་ཀྱི་གོང་བུ་ཙམ་ཞིག་དམིགས་པ་ལས། ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་བསྐྱོད་ནས་ཡི་གེ་ཧཱུཾ་དང་མུཾ་དུ་གྱུར་ཏེ། དེའི་འཕྲོ་འདུ་ལས་ཐུགས་ཀྱི་མཚན་མ་རྡོ་རྗེ་དང་དྲིལ་བུར་གྱུར་པ་དང་མི་བསྐྱོད་པ་ཡབ་ཡུམ་གྱི་སྐུར་གྱུར་པར་བྱའོ། །དེ་ལ་ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏ་མ་ཀོ྅ཧཾ། ཞེས་བྱ་བ་ལ་སོགས་པ་ཡེ་ཤེས་ལྔ་ཡིས་དབང་བསྐུར་བ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔ་ཡིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གཙོ་གཟུངས་ཀྱི་མཁའ་རྣམ་གཉིས་བྱིན་གྱིས་བརླབ་པ་དང་། གཉིས་སུ་མེད་པར་བརྡས་བསྐུལ་བ་དག་བྱས་ཏེ། བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་འཕྲོས་པས་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་པ་དང་། ལྷ་རྣམས་ཀྱི་སྙིང་པོ་ཧཱུཾ་དང་ཨོཾ་ལ་སོགས་པ་སོ་སོའི་ས་བོན་གྱི་ཡིག་འབྲུ་རྣམས་སུ་གསལ་བ་ལས། ལྷ་སོ་སོའི་གསང་སྔགས་བརྗོད་པ་ཙམ་གྱི་སོ་སོའི་སྐུར་གྱུར་ཏེ། ཛས་མདུན་གྱི་ནམ་མཁའ་ལ་བཏོན། འབྲུ་གསུམ་གྱིས་སྐུ་བརྟས་པར་བྱས་ནས། སྤྲོ་བ་དང་བསྡུ་བའི་སྦྱོར་བས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་རང་རང་གི་གནས་སུ་བཞུགས་པར་བྱའོ། །མི་བསྐྱོད་པ་ཡབ་ཡུམ་གྱི་སྙིང་པོ་ནི་སྐུ་བསྐྱེད་པའི་སྐབས་སུ་བརྗོད་པར་བྱའོ། །ཀུན་ཏུ་བཟང་པོ་ཡབ་ཡུམ་ནི་མདུན་རྒྱབ་ཏུ་བཞུགས་པར་བྱའོ། །ཐུབ་པ་དྲུག་ནི་སློབ་དཔོན་ཁ་ཅིག་ན་རེ། འདོད་ཡོན་སྤངས་པའི་ཚུལ་ཡིན་པས་ཡུམ་གྱི་མཁའ་ལས་མི་བསྐྱེད་དེ། རིགས་ལྔ་བསྐྱེད་པའི་དུས་སུ་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་གྱིས་མི་འདུལ་བ་རྣམས་ལ་ཐུབ་པ་དྲུག་གི་སྤྲུལ་པར་གྱུར་ཏེ། མཛད་པ་བསྒྲུབས་ནས་སླར་འདུས་པ་ལས་རང་རང་གི་གསང་སྔགས་བརྗོད་པ་ཙམ་གྱིས་སྐུ་རེ་རེར་གྱུར་ཏེ། དཀྱིལ་འཁོར་དུ་བཞུགས་པར་བྱའོ་ཞེས་ཟེར་རོ། །ལ་ལ་ནི་བཙུན་མོ་དང་ལྡན་པར་བྱས་པ་མ་ཡིན་བསྐྱེད་པའི་ཡུམ་ཙམ་ལ་འགལ་བ་མེད་དོ་ཞེས་ཟེར་རོ། །དེ་ཡན་ཆད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པའི་ཚུལ་བསྟན་པའོ། །ད་ནི་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་པའི་ཆོ་ག་ལ་འཇུག་པར་བྱ་སྟེ། དེ་ཡང་ཚིགས་སུ་བཅད་པ་དང་གསང་སྔགས་ཀྱི་སྒོ་ནས་སྤྱན་དྲང་བ་ནི། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཨོཾ་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤྱ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོ། ཞེས་བརྗོད་པས་སྤྱན་དྲང་བར་བྱའོ། །དེ་ནས་གཉིས་སུ་མེད་པར་བསྟིམ་ཞིང་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་རིག་པའི་མེ་ཏོག་དོར་བར་བྱ་སྟེ། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾཿབཛྲ་ས་མ་ཡ་ཨཱཾཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་བརྗོད་པས། རང་བཞིན་གྱི་དཀྱིལ་འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་དབྱེར་མེད་པར་རྟོགས་པར་བྱ་སྟེ། འདི་ནི་རིག་པའི་མེ་ཏོག་དོར་བ་ཞེས་ཀྱང་བྱ། སོ་སོ་མ་ཡིན་པ་རིག་པ་འདུན་པའི་ཕྱག་ཅེས་ཀྱང་བྱ། རང་སྣང་བའི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ཞེས་ཀྱང་བྱའོ། །དེ་ལྟར་དབྱེར་མེད་པའི་རྟོགས་པ་དང་ལྡན་པས་ལྷའི་སྐུ་རྣམས་དབྱེར་མེད་པར་བསྟིམ་པའི་ཕྱིར། དངོས་གྲུབ་གསོལ་བའི་དབྱངས་ནི། ཨོཾ་ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་བརྗོད་པས་ལྷ་རྣམས་དངོས་གྲུབ་སྩོལ་བ་ལ་ཕྱོགས་པར་གྱུར་པ་དང་། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཞེས་བརྗོད་པས་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་པར་ཐིམ་པར་གྱུར་ཏོ། །ཨོཾ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་པས་ནམ་མཁའ་ལྷའི་དཀྱིལ་འཁོར་ཉིད་དུ་གྲུབ་པར་མ་གྱུར་གྱི་བར་དུ་བརྟན་པར་བཞུགས་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་ཧོ། ཞེས་བརྗོད་པས། དེ་ཡང་ཤིན་ཏུ་དབང་དུ་གྱུར་ཏེ་དགྱེས་པ་ཆེན་པོས་རྗེས་སུ་ཆགས་པར་བྱའོ། །ཛཿཧཱུཾ་བཾ་ཧོ། ཞེས་བརྗོད་པས་བརྟན་ཞིང་གསལ་བ་ཉིད་དུ་བྱའོ། །དེ་ནས་ཤིན་ཏུ་གསལ་བར་བྱ་བའི་ཕྱིར། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །ཞེས་བྱ་བ་ནས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་བྱ་བའི་བར་དག་བརྗོད་པས་ཤིན་ཏུ་གསལ་བར་བྱའོ། །དེ་ནས་མཆོད་པ་བྱ་སྟེ། དེ་ཡང་མཆོད་པའི་སྔོན་དུ་འགྲོ་བ་ནི་ཕྱག་གི་མཆོད་པ་ཡིན་པར་གྲགས་ཏེ། གོང་དུ་མེ་ཏོག་དོར་བ་ཉིད་རྣལ་འབྱོར་མཆོག་གི་ཕྱག་ཡིན་པས་འདིར་ལྷག་པར་མ་སྨོས་ཀྱང་ཉེས་པ་མེད་དོ། །གལ་ཏེ་གཞུང་གཞན་ནས་འབྱུང་བ་བཞིན་སྐབས་འདིར་ཕྱག་བྱས་པར་གྱུར་ན་ཡང་། བསམ་པ་མཉམ་པའི་དགོངས་པས་ཟིན་ན་འགལ་བ་མེད་དོ། །མཆོད་པའི་བསམ་པ་ཡང་། རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཚུལ་རྣམ་པ་གསུམ་སྣང་སྟེ། དེ་ལ་གཅིག་ནི་འཕྲུལ་དགའི་ལྷ་རྣམས་ལོངས་སྤྱོད་ལ་རྩེ་བའི་ཚུལ་དུ་བདག་ཉིད་གཙོ་བོར་གསལ་བ་ལ་སོགས་པའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འདོད་པའི་ཡོན་ཏན་གྱི་ལྷ་མོ་རྣམས་སྤྲོས་ཏེ། དེ་དག་གིས་མཆོད་པ་སྣ་ཚོགས་ཀྱི་སྒོ་ནས་ཉིད་ཀྱི་དཀྱིལ་འཁོར་ལ་མཆོད་པར་བསམ་ཞིང་མཆོད་པར་བྱའོ། །གཉིས་པ་ནི་མཆོད་པའི་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱི་མཆོད་པའི་སྐབས་ནས་འབྱུང་བ་བཞིན་ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསམ་ཞིང་། ལོངས་སྤྱོད་ཆེན་པོའི་རྒྱན་གྱི་རོལ་པ་ལ་མཆོད་པ་ཆེན་པོ་རྒྱུན་མི་འཆད་པར་ལྷུན་གྱིས་གནས་པའམ། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་འཕྲུལ་པས་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་མཆོད་པར་བྱའོ། །གསུམ་པ་ནི་ཕྱི་པ་རྣམས་དང་ཚུལ་ཅུང་ཟད་མཐུན་པར་མཆོད་པའི་སྐབས་སུ་བདག་དང་ལྷའི་དཀྱིལ་འཁོར་གཉིས་སུ་དམིགས་ཏེ། ཕྱག་བྱ་བ་དང་མཆོད་པ་དང་བསྟོད་པ་དང་བཤགས་པ་དང་དངོས་གྲུབ་སྩོལ་བར་བསྐུལ་བ་དང་། སྨོན་ལམ་གདབ་པ་ལ་སོགས་པའང་བྱེད་ལ། དོན་ནི་འདི་དག་སེམས་ཀྱི་འཕྲུལ་པ་ཙམ་སྟེ། རང་བཞིན་དབྱེར་མེད་པར་རྟོགས་པར་བྱས་པས་ཕྱི་བའི་ཚུལ་དུ་ཡང་མི་འགྱུར་རོ། །དེ་བས་ན་དམིགས་པ་རྣམ་པ་གསུམ་པོ་འདི་དག་ཇི་ལྟར་བློ་ལ་འཚམས་པ་བཞིན་སྦྱར་བར་བྱའོ། །དེ་ལ་མཆོད་པའང་རྒྱུད་འདི་ཉིད་ལས་གསུངས་པའི་ཕྱག་རྒྱའི་མཆོད་པ་དང་། མཆོད་པའི་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱི་མཆོད་པ་དང་། སྒྲོལ་བའི་མཆོད་པ་དང་། སྦྱོར་བའི་མཆོད་པ་དང་། སྦྱོར་བའི་ཞར་ལ་དམ་རྫས་བདུད་རྩིའི་མཆོད་པ་དང་། འདོད་པའི་ཡོན་ཏན་ལྔའི་མཆོད་པ་དང་། གླུ་ཡེ་ཤེས་ཀྱི་ཕྱག་རྒྱའི་མཆོད་པའམ་བསྟོད་པ་རྣམས་སུ་ཤེས་པར་བྱའོ། །དེ་ལ་བསྟོད་པ་འདི་ཡང་སྒྲུབ་ཐབས་རིན་པོ་ཆེའི་དྲྭ་བ་ལས་ནི་སྔོན་ལ་བྱ་བར་འབྱུང་སྟེ། དེ་ལྟ་ན་ཡང་བསྟོད་པ་དང་ཕྱག་གོ་ཆུ་རུབ་ཡིན་པས་འགལ་བ་མེད་དོ། །རྒྱུད་ལས་ནི་སངས་རྒྱས་ཀྱི་མཛད་པ་རྫོགས་ནས་དགྱེས་པ་ཆེན་པོའི་གླུ་བླངས་པར་འབྱུང་བ་དང་། གསང་སྔགས་ཀྱི་ཚུལ་སྤྱི་ལས་ཀྱང་བསྟོད་པ་མཇུག་ཏུ་བྱ་བར་ཕལ་ཆེར་ལ་གྲགས་པས། དེ་ལྟར་བྱའོ་ཞེས་བདག་གི་བླ་མས་གསུང་ངོ། །བཟླས་བརྗོད་ཀྱི་ཚུལ་འདི་ནི་རྒྱུད་འདི་ལས་གསལ་བར་མ་གསུངས་ཀྱང་། དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་བྱ་བ་ལྟ་བུ་དང་། སྔགས་དང་ཕྱག་རྒྱས་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་བྱ་བ་ལྟ་བུ་གསུངས་ལ། དམ་ཚིག་གི་སྐབས་ལས་ཀྱང་། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཅེས་གསུངས་པས། བཟླས་བརྗོད་ཀྱང་བྱ་བ་ཡིན་ནོ། །དེའི་ཚུལ་ནི་བཟླས་བརྗོད་ཀྱི་སྐབས་སུ་དམ་ཚིག་གི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་སུ་དམིགས་ཏེ་བྱའོ་ཞེས་དབུས་ལུགས་བཀའ་ཕྱོགས་པ་གསུང་ངོ། །བདག་ཅག་གི་བླ་མ་ནི་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་དང་། སེམས་ཅན་གྱི་རིས་རྣམས་ནི་སྤྲོ་བསྡུའི་ཡུལ་ཡིན་ནོ། །བདག་གི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི་སྤྲོ་བསྡུའི་གནས་ཡིན་ནོ་ཞེས་གསུང་ངོ། ཁ་ཅིག་ན་རེ། གཙོ་བོའི་ཏིང་ངེ་འཛིན་དང་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྤྲོ་བསྡུ་བྱས་ཀྱང་སངས་རྒྱས་རྣམས་ལ་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་པས་ཐམས་ཅད་འདྲ་ཞེས་ཀྱང་ཟེར་རོ། །ཡོངས་ནི་བཟླས་བརྗོད་ཇི་ལྟར་བྱས་ཀྱང་ཆོས་ཀྱི་ཕྱག་རྒྱ་ཡིན་པས་ལྷ་མཉེས་པའི་ཐབས་སུ་འགྱུར་ཏེ། དམིགས་ཀྱིས་འགལ་བའི་ཉེས་པ་མ་མཐོང་ངོ་། །དོན་ཟབ་ཅིང་རྒྱ་ཆེ་བ་ནི་བླ་མའི་གཞུང་ཉིད་ཡིན་པར་མཐོང་ངོ་། །ཕྱི་པའི་གཞུང་ལས་གྲགས་པ་རྣམས་ནི་འདིར་མ་སྨྲས་སོ། །ད་ནི་གསང་སྔགས་རྣམས་སོ་སོའི་དོན་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་གཞལ་ཡས་ཁང་བསྐྱེད་པའི་སྔགས་ནི། སྤྱིར་ཆོས་ཀྱི་དབྱིངས་ཀྱི་སྔགས་དང་མཆོད་སྤྲིན་གྱི་སྔགས་དང་། འཁོར་ལོའི་ཡིག་འབྲུ་རྣམས་ཀྱིས་བསྐྱེད་པར་འབྱུང་སྟེ། གཙུག་ཏོར་གྱི་སྙིང་པོ་ཡང་འཁོར་ལོའི་ཡིག་འབྲུར་འདུས་སོ། །དེ་ལ་འདིར་འཁོར་ལོའི་ཡིག་འབྲུ་དང་ཆོས་ཀྱི་དབྱིངས་ཀྱི་སྔགས་སོ། །ཧཱུཾ་བཛྲ་དྷྲིཀ་ཅེས་པ་ལ་སོགས་པའི་སྔགས་ནི། རྡོ་རྗེ་འཛིན་དང་རྒྱལ་བའི་རྒྱལ། །རིན་ཆེན་འཛིན་དང་ཆགས་མེད་མཚོན། །ཤེས་རབ་འཛིན་ཞེས་བྱ་བ་སྟེ། །འདི་རྣམས་ཀྱི་དོན་ནི་གོང་དུ་རིགས་ལྔའི་སྐབས་སུ་བཤད་ཟིན་ནོ། །མུཾ་ངྷ་ཏུ་ཤྭ་རི་ཞེས་བྱ་བ་ལ་སོགས་པ། མུཾ་ནི་མོ་ཀྵ་སྟེ་ངོ་བོ་ཉིད་ཀྱི་མཁའ་རང་བཞིན་གྱི་རྣམ་པར་ཐར་པའོ། །ལཾ་ནི་ལོ་ཙ་ན་སྟེ་སྤྱན་ནོ། །མཾ་ནི་མཱ་མ་ཀཱི་སྟེ་བདག་ཉིད་མའོ། །པཾ་ནི་པན་ད་ར་སྟེ་དཀར་མོའོ། །ཏཱཾ་ནི་ཏ་ར་སྟེ་སྒྲོལ་མའོ། །ཀླད་ཀོར་རྣམས་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟེ་ས་བོན་གྱི་དོན་ནོ། །གཞན་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ངྷ་ཏུ་ཤྭ་རི་ནི་དབྱིངས་ཀྱི་དབང་ཕྱུག་མའོ། །ཏེ་ཥ་ར་ཏི་ཞེས་བྱ་བ་ལ་སོགས་པ་ནི་ཞེ་སྡང་དགའ་མ། གཏི་མུག་དགའ་མ། འདོད་ཆགས་དགའ་མ། རྡོ་རྗེ་དགའ་མ་སྟེ། ཞེ་སྡང་གི་རིགས་ལ་སོགས་པའི་གཙོ་བོ་རྣམས་མཉེས་པར་བྱེད་པས་ཞེ་སྡང་དགའ་མ་ལ་སོགས་པའོ། །རྣམ་པ་གཅིག་ཏུ་མི་གཉིས་པའི་ཤེས་རབ་ཆེན་པོ་ཉིད་དུག་གསུམ་རྡོ་རྗེའི་སྒྲས་བརྗོད་པ་ཡིན་ལ། དེ་ཉིད་དགའ་མ་སྟེ་ཤེས་རབ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་གསང་བ་འདུས་པ་ལས། གཉིས་མེད་ཆོས་ཀྱི་ཡེ་ཤེས་ལས། །ཕྱི་རོལ་ང་རྒྱལ་རྨོངས་ཞེས་བྱ། །དེ་ལ་ཕན་ཚུན་ཐུག་པ་ནི། །ཞེ་སྡང་ཞེས་ནི་བསྟན་པ་ཡིན། །མཚན་ཉིད་འདོད་ཆགས་ཀུན་ཞེན་པ། །ཡེ་ཤེས་འདི་ནི་རྡོ་རྗེའོ། །གཏི་མུག་ཞེ་སྡང་འདོད་ཆགས་དང་། །རྡོ་རྗེ་རྟག་ཏུ་དགའ་མར་སྦྱར། །ཞེས་གསུངས་པ་ལྟ་བུའོ། །ཀྵི་ཧི་ར་ཛ་ཡ་ཞེས་བྱ་བ་ལ་སོགས་པ་ནི་སེམས་དཔའ་རྣམས་ཀྱི་གསང་སྔགས་ཏེ། དེ་ལ་ཀྵི་ཞེས་བྱ་བ་སའི་ས་བོན་ནོ། །དེ་བཞིན་དུ་ཏྲཾ་ནི་རིན་པོ་ཆེའི་འོ། །ཧྲཱི་ནི་པདྨའི་འོ། །ཛིཾ་ནི་རྒྱལ་བའི་ས་བོན་ནོ། །སྔགས་ཀྱི་དོན་ནི་སའི་རྒྱལ་པོ། །སྟོང་པའི་སྙིང་པོ་པདྨའི་ཕྱག །རྒྱལ་བྱེད་ཕྱག་ཅེས་ཟེར་ཏེ། སེམས་དཔའ་བཞིའི་དོན་དང་སྔར་བཤད་པ་བཞིན་དུ་སྦྱར་རོ། །ཧཱུཾ་ལ་སྱ་ས་མ་ཡ་སྟྭཾ། ཞེས་བྱ་བ་ལ་སོགས་པ་ནི་ཡུལ་བཞིའི་སེམས་མ་རྣམས་ཀྱི་སྙིང་པོ་སྟེ། དེ་ལ་རིགས་བཞི་དང་། ནང་གི་སེམས་མ་བཞི་དང་། སྦྱོར་བའི་བརྡ་བཞི་རྣམས་དང་སྦྱར་ནས་སེམས་མ་བཞིའི་རང་བཞིན་དུ་སྟོན་ཏེ། དེ་ལའང་ཧཱུྃ་ཏྲཱཾཿཧྲཱིཿཨཱཿབཞི་ནི་རིགས་བཞིའི་དོན་ནོ། །ལ་སེ་མ་ལེ་གིར་ཏི་ནིར་ཏི་བཞི་ནི་ནང་གི་ལྷ་མོ་བཞི་སྟེ། དེ་ཡང་སྒེག་མོ་ནི་འདོད་ཆགས་ཀྱི་ཡུལ། འཕྲེང་བ་ནི་འཁྱུད་པ། གླུ་ནི་དགའ་བར་གྱུར་པ། གར་ནི་བསྐྱོད་པར་གྱུར་པའོ། །ས་མ་ཡ་སྟྭཾ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བའི་བརྡ་བཞི་སྟེ། དེ་ཡང་ས་མ་ཡ་སྟྭཾ་ནི་ཡུམ་གྱིས་བསྐུལ་བ་སྟེ། དུས་ལ་བབ་བོ་ཞེས་པའམ། དམ་ཚིག་མའོ་ཞེས་བྱའོ། །ས་མ་ཡ་ཧོ་ལན་བྱིན་པ་སྟེ། དུས་ཡིན་ནོ་ཞེས་པའམ། དམ་ཚིག་གི་མཉེས་པར་བྱའོ། །ཞེས་པའོ། །ར་ཧོ་ཨ་ཧཾ་ནི་ཉེ་བར་བསྐུལ་བ་སྟེ། བདག་ཆགས་སོ། །ཞེས་པའོ། །རཱ་ག་ཡ་མི། ལན་བྱིན་པ་སྟེ། ཆགས་པར་བྱའོ། །ཞེས་པའོ། །འདི་བཞི་ཡང་ནང་གི་བྱང་ཆུབ་སེམས་དཔའ་བཞི་སྨོན་འཇུག་ལྡང་གནས་བཞི་དང་སྦྱར་ཏེ། ལྷ་མོ་བཞིའི་རང་བཞིན་དུ་སྦྱར་རོ། །མེ་ངྷ་ར་ནི་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ནི་དབང་པོའི་སེམས་དཔའ་རྣམས་ཀྱི་སྔགས་ཏེ། དེ་ལ་མེ་ནི་བྱམས་པ་ཆེན་པོའི་སྙིང་པོའོ། །ཐིཾ་ནི་སྒྲིབ་པ་སེལ་བའི་སྙིང་པོའོ། །ཧཱུཾ་ནི་བྱང་ཆུབ་སེམས་ཀྱི་སྙིང་པོའོ། །མུཾ་ནི་གྲོལ་བའི་སྙིང་པོའོ། །ལྷག་མ་རྣམས་ནི་སེམས་དཔའ་རྣམས་ཀྱི་གསང་སྔགས་ཏེ། དེ་ཡང་སྔར་བཤད་པ་བཞིན་དུ་སྦྱར་བར་བྱའོ། །ཛ་དྷུ་པེ་པྲ་བེ་ཤ་ཡ་ཞེས་བྱ་བ་ལ་སོགས་པ་ནི་དུས་བཞིའི་སེམས་མ་བཞིའི་གསང་སྔགས་ཏེ། དེ་ཡང་མངག་གཞུག་གི་ཕྱག་རྒྱ་བཞི་དང་། དུས་བཞིའི་ལྷ་མོ་བཞི་དང་། སྦྱོར་ཚད་བཞི་རུ་སྦྱར་ཏེ་བསྟན་ཏོ། །དེ་ལ་ཛཿཧཱུཾ་བཾ་ཧོ་བཞི་ནི་ཕྱག་རྒྱ་བཞི་སྟེ། བཟུང་བ་དང་འཁྱུད་པ་དང་། བསྡམ་པ་དང་། མཉེས་པའོ། །དྷུ་པེ་པུཥྤེ་དཱི་པ་གནྡྷེ་བཞི་ནི་ལྷ་མོ་བཞི་སྟེ། བྱང་ཆུབ་ཀྱི་སེམས་འཕྲོ་བ་དང་འབབ་པ་དང་གསལ་བར་གྱུར་པ་དང་རེག་པའོ། །པྲ་བེ་ཤ་ཨ་བེ་ཤ་སུ་ཀི་ནི་ཙི་ཏ་ཞེས་བྱ་བ་ནི་སྦྱོར་བའི་ཚད་བཞི་སྟེ། ཞུགས་པ་དང་འབབ་པ་དང་བདེ་བ་དང་འཕྲོས་པའོ། །དེ་བཞི་ཡང་ལྷ་མོ་བཞིའི་རང་བཞིན་ཉིད་དུ་སྦྱར་རོ། །ཧཱུཾ་ཡ་མན་ཏ་ཀྲིད་ཕཊ་ཅེས་བྱ་བ་ལ་སོགས་པའི་ཁྲོ་བོ་བཞིའི་སྙིང་པོ་ནི་གོང་དུ་བཤད་པ་བཞིན་ནོ། །ཨོཾ་བཛྲ་མ་ཧཱ་དཱ་ར་ཀྲོ་ཏི་ཤྭ་རི་ཛྭ་ལི་ནི་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་པ་ནི་ཁྲོ་མོ་རྣམས་ཀྱི་སྔགས་ཏེ། རྡོ་རྗེ་འཛིན་པ་ཆེན་པོའི་ཁྲོ་མོ་དབང་ཕྱུག་མ་ཆེན་མོ་འབར་མ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྙིང་པོའོ། །བཛྲ་ཙིཏྟ་ནི་རྡོ་རྗེ་ཐུགས་ཏེ། ཀུན་ཏུ་བཟང་པོའི་སྙིང་པོ་དང་སྔགས་སོ། །ཨ་ཨ་ཨ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའོ། །བཛྲ་བྷ་དྲ་ས་མནྟ་ཞེས་བྱ་བ་ནི་རྡོ་རྗེ་ཀུན་ཏུ་བཟང་མོ་སྟེ། དེ་བཞིན་དུ་སྦྱར་རོ། །ཨོཾ་མུ་ནེ་ཀྲིཾ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ནི་ཐུབ་པ་རྣམས་ཀྱི་སྔགས་ཏེ། དེ་ལ་ཨོཾ་དང་སྭཱ་ཧཱ་ནི་སྔགས་ཀྱི་མགོ་དང་མཇུག་མ་སྟེ། དེ་ལ་ཨོཾ་ནི་རབ་སྔགས་ཏེ། གསང་སྔགས་ཀྱིས་ཕྱག་བཙལ་བའོ། །སྭཱ་ཧཱ་ནི་གཞི་འཛུགས་པ་སྟེ། གཞི་མི་འཇིག་པ་དང་གཞི་འཕེལ་བ་ལ་སོགས་པ་ལ་སྦྱར་བ་བཞིན་ནོ། །མུ་ནེ་ཞེས་བྱ་བ་ནི་མི་སྨྲ་བ་ལ་སོགས་པའི་དཀའ་ཐུབ་དང་ལྡན་པ་སྟེ་ཐུབ་པ་ཞེས་བྱའོ། །ཀྲི་ནི་སྲིན་པོ་རྣམས་ཀྱི་སྙིང་པོ་སྟེ། ལྷ་མ་ཡིན་ལ་སོགས་པ་རྣམ་པར་ཞི་བ་རྣམས་ཀྱི་སྙིང་པོའོ། །ཧཱུཾ་ཏྲུཾ་མི་ལ་སོགས་པ་སྲེད་པས་ཆགས་པ་རྣམས་ཀྱི་སྙིང་པོའོ། །སྲུ་ནི་སྲུ་ས་ར་ཞེས་བྱ་སྟེ། དུད་འགྲོ་ལ་སོགས་པ་བློ་གྲོས་ཟླུམ་པོར་གནས་པ་རྣམས་ཀྱི་སྙིང་པོའོ། །བྲཾ་ནི་སྐོམ་པ་དང་བཀྲེས་པ་ལ་སོགས་པས་གདུངས་པས། དེ་སེལ་བར་བྱེད་པས་ཆུ་ལ་སོགས་པ་འདོད་པའི་སྙིང་པོའོ། །ཀྵཾ་ནི་ལྷ་ལ་སོགས་པ་བཟོད་ལྡན་གྱི་སྙིང་པོའོ། །ཡེ་ནི་གང་ཡང་རུང་བར་ཁྲིད་པར་བྱེད་པ་སྟེ། དམྱལ་བ་ལྟ་བུ་སྨད་པའི་གནས་སུ་གྱུར་པའོ། །དེ་དག་ནི་ལྷ་སོ་སོའི་གསང་སྔགས་སོ། །སྤྱན་དྲང་བའི་སྔགས་སུ་གྱུར་པ། ཨོཾ་ཨེ་ཧྱ་ཧི་བྷ་ག་ཝཱན་ནི་ཀྱེ་ཚུར་སྤྱོན་བཅོམ་ལྡན་འདས་ཞེས་བྱ་འོ། །མ་ཧཱ་ཀ་རུ་ནི་ཀ་ཏྲི་ཤྱ་ཧོ་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཞེས་པའོ། །ས་མ་ཡ་སྟྭཾ་ནི་དུས་ལ་བབ་བོའམ། ཁྱེད་དམ་ཚིག་ལས་མ་འདའ་ཞིག་པའོ། །གཞན་ནི་བཤད་ཟིན་ཏོ། །ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨད་མ་ཀོཉཧཾ། ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་བདག་ཉིད་ནི་ངའོ་ཞེས་པ་སྟེ། དེ་ལ་སྭ་བྷ་ཝ་ནི་རང་གི་ངོ་བོའམ་ངོ་བོ་ཉིད། ཨད་མ་ཀོ་ནི་བདག་ཉིད། ཨ་ཧཾ་ནི་ང་སྟེ། དེ་ལ་ཚིག་རྣམ་པར་སྦྱར་ན། ཨད་མ་ཀོཉཧཾ་ཞེས་བྱ་བར་འགྱུར་རོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་ལས། །ཞེས་བྱ་བ་ལ་སོགས་པ་ནི་འཕྱོང་ཡིན་ཏེ་སྔ་མ་བཞིན་ནོ། །ཡི་གེ་མེད་དང་རིག་པའི་གསུང་། །ཞེས་བྱ་བ་ལ་ཡི་གེ་མེད་པ་ནི་དོན་དམ་པའོ། །རིག་པའི་ཡེ་ཤེས་ཏེ་དེ་དག་ཀྱང་ཡུལ་དང་ཡུལ་ཅན་དུ་རང་གསལ་བས་གསུང་གི་སྒྲས་བཤད་དོ། །དཀྱིལ་འཁོར་བསྡུས་པ་གསང་སྔགས་ཀྱི་ལེའུ་ཞེས་བྱ་བ་ལ། དཀྱིལ་འཁོར་བསྡུས་པ་ནི་བྱེད་པ་པོ་རྡོ་རྗེ་དང་བྱ་བ་མོ་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ་ཞེས་བྱ་བའི་དོན་ཉིད་ཡིན་ནོ། །ལེའུ་བདུན་པའོ། །ད་ནི་ཕྱག་རྒྱ་སྟོན་ཏེ། དེ་ལ་ཕྱག་རྒྱ་སྤྱིའི་དོན་ནི་གོང་དུ་བཤད་ཟིན་ཏོ། །གཞུང་འདི་ཉིད་ལས་ནི་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་དང་། ཕྱག་རྒྱ་འབྱུང་བའི་རྒྱུ་རྡོ་རྗེ་ཐལ་མོ་དང་། སྤྱིར་དམ་ཚིག་གི་ཕྱག་རྒྱ་དང་། ལྷ་སོ་སོའི་ཕྱག་རྒྱ་རྣམས་སྟོན་ཏེ། དེ་ལ་སོ་སོའི་ཕྱག་རྒྱ་དེ་དག་ཀྱང་དམ་ཚི ག་དང་ལས་ཀྱི་ཕྱག་རྒྱ་ཐུན་མོང་དུ་བསྟན་པ་ཡིན་ནོ། །དེ་ལ་སྤྱིར་དམ་ཚིག་གི་ཕྱག་རྒྱའི་ལས་ནི་ལྷ་རྣམས་དམ་ཚིག་ལས་མི་འདའ་བར་བྱེད་པ་ཡིན་ལ། ལས་ཀྱི་ཕྱག་རྒྱའི་ལས་ནི་ལྷ་རྣམས་རང་རང་གི་མཛད་པ་ལ་འཇུག་པར་བྱེད་པའོ་ཞེས་གཞུང་ཕལ་ཆེར་ལ་གྲགས་སོ། །དེ་ཉིད་འདུས་པའི་རྒྱུད་ཆེན་པོ་ལས་ནི། ལས་ཀྱི་ཕྱག་རྒྱ་མཆོག་ཆེན་པོས། །དམ་ཚིག་རྣམས་ནི་གཞུག་པར་བྱ། །ཞེས་གསུངས་ཏེ། ལས་ཀྱི་ཕྱག་རྒྱས་ཡེ་ཤེས་ཀྱི་ལྷ་རྣམས་དམ་ཚིག་སེམས་དཔའི་དཀྱིལ་འཁོར་ལ་གཞུག་པའི་ལས་བྱེད་པར་སྟོན་ཏོ། །འདིར་ནི་བྱ་བ་སོ་སོར་ཕྱེ་བ་ལྷག་པར་མེད་དེ། སྔགས་དང་ཕྱག་རྒྱ་དང་ལྡན་པས་ལྷའི་དཀྱིལ་འཁོར་བསྒོམ་པ་དང་། ཚོགས་ཀྱི་མཆོད་པ་བྱིན་གྱིས་བརླབ་ཅིང་དཀྱིལ་འཁོར་ཆེན་པོ་ལ་མཆོད་པ་འབུལ་བ་དང་། བཟླས་བརྗོད་ཀྱིས་ལྷ་མཉེས་པར་བྱ་བ་ལ་སོགས་པ་རྣམས་ལ་ཕྱག་རྒྱ་དང་ལྡན་པར་བྱ་བ་ཙམ་དུ་ཟད་དོ། །དེ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡན་ལག་ཐམས་ཅད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི། སྤྱིར་ཕྱག་རྒྱས་ལུས་ལྷར་བྱིན་གྱིས་རློབ་པར་བྱེད་པར་གྲགས་པ་དང་། འདིར་ལྷུན་གྱིས་གྲུབ་པར་འདོད་པས་དེ་སྐད་ཅེས་བྱའོ། །ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་བརྟན་པའི་ཕྱིར། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོ་ཕྱག་རྒྱ་འདའ་དཀའོ། །ཞེས་གསུངས་ཏེ། གོང་དུ་བསྟན་པ་བཞིན་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པས་བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། ཐམས་ཅད་ཀུན་ཏུ་བཟང་པོའི་ཕྱག་རྒྱ་ཡིན་པས། གསང་བ་དེ་ཉིད་ངེས་པའི་ཕྱག་རྒྱ་ཞེས་བྱའོ། །འདའ་དཀའ་ཞེས་བྱ་བ་ནི་སྐབས་འདིར་ལྷ་རྣམས་དམ་ཚིག་ལས་མི་འདའ་བའི་མཚན་ཉིད་དང་། བདུད་ལ་སོགས་པ་ཕྱིར་རྒོལ་བ་རྣམས་ཀྱིས་གླགས་མི་རྙེད་པ་ལ་སོགས་པས་འདའ་བར་དཀའ་ཞེས་གསུངས་པ་ལྟ་བུ་ནི་མ་ཡིན་གྱི། དངོས་པོ་རྣམས་ཀྱི་རང་རང་གི་ཆོས་ཉིད་ཀྱིས་སངས་རྒྱས་པ་ཡིན་པས་འདར་མི་རུང་སྟེ། དཔེར་ན་མེ་ནི་ཚ་བའི་མཚན་ཉིད་དང་ནམ་ཡང་མི་འབྲལ་ཏེ། ནམ་ཞིག་ཚ་བའི་མཚན་ཉིད་མེད་པར་གྱུར་པ་དེའི་ཚེ་མེ་ཉིད་ཀྱང་མ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། ནམ་ཡང་ཆོས་ཉིད་དེ་ལས་མི་འདའོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱག་རྒྱ་འབྱུང་བའི་རྒྱུ་རྡོ་རྗེ་ཐལ་མོ་སྟོན་པ་སྟེ། སྐབས་འདིར་ཡན་ལག་ལྔ་རྒྱུད་སྤྱིར་གྲགས་པ་དང་མཐུན་པར་རིགས་ལྔའི་བྱིན་གྱིས་བརླབས་སུ་འདོད་དེ། དེ་ཡང་ལག་པ་གཡས་པ་ནི་མི་བསྐྱོད་པའི་བྱིན་རླབས་སོ། །གཡོན་པ་ནི་རིན་ཆེན་འབྱུང་ལྡན་གྱི་བྱིན་རླབས་སོ། །རྐང་པ་གཡས་པ་ནི་དོན་ཡོད་གྲུབ་པའི་བྱིན་རླབས་སོ། །གཡོན་པ་ནི་སྣང་བ་མཐའ་ཡས་ཀྱི་བྱིན་རླབས་སོ། །དབུ་ལ་སོགས་པའི་ལུས་ཀྱི་གཞི་ནི་རྣམ་པར་སྣང་མཛད་ཀྱི་བྱིན་རླབས་སོ། །དེ་ལྟར་འབྱོར་ཅིང་རེག་པ་ལས་མི་བསྐྱོད་པའི་བྱིན་རླབས་ལག་པ་གཡས་པའི་མཐིལ་དུ་ཐབས་ཀྱི་བདག་ཉིད་ཉི་མའི་དཀྱིལ་འཁོར་ལ་ཐབས་ཀྱི་ཡི་གེ་ཧཱུཾ་ཨོཾ་སྭ་ཨཱཾ་ཧཱ་རྣམས་གསལ་བ་ནི་ཐབས་ཀྱི་ཆ་རིགས་ལྔའི་རང་བཞིན་ནོ། །རིན་ཆེན་འབྱུང་ལྡན་གྱི་བྱིན་རླབས་ལག་པ་གཡོན་པར་ཤེས་རབ་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ལ་ཤེས་རབ་ཀྱི་ཡི་གེ་མཱུཾ་ལཱཾ་མཱཾ་པྱཾ་ཏཱཾ་རྣམས་གསལ་བ་ནི་ཤེས་རབ་ཀྱི་ཆ་ཡུམ་ལྔའི་རང་བཞིན་ནོ། །དེ་གཉིས་རྡོ་རྗེ་ཐལ་མོ་ཅུང་ཟད་སྦྱར་བ་ནི་ཐབས་དང་ཤེས་རབ་ལ་འཇུག་པར་ཕྱོགས་པས་དགྱེས་པ་བསྐྱེད་པ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྒོ་ནས་འགྲོ་བའི་དོན་མཛད་པ་ལ་ཕྱོགས་པས་དགྱེས་པ་བསྐྱེད་པའི་བདག་ཉིད་དོ། །དེ་ནས་རྡོ་རྗེ་ཐལ་མོ་དེ་ལེགས་པར་སྦྱར་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་གྱུར་པས། དོན་དམ་པའི་བདེ་བ་ཆེན་པོ་བསྙེམས་པ་དང་། དེའི་དབང་གིས་འགྲོ་བའི་དོན་མཛད་པ་ལ་ཞུགས་པའི་དགྱེས་པ་བསྐྱེད་པ་སྟེ། དེའི་ཕྱིར་རྡོ་རྗེ་ཐལ་མོ་ནི་དོན་དང་རྟགས་གཉིས་ཀའི་སྒོ་ནས་ཕྱག་རྒྱ་འབྱུང་བའི་རྒྱུར་གྱུར་ཏོ། །ཨོཾ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །ཞེས་བྱ་བ་ལ་སོགས་པ་ནི། སྤྱིར་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་ལ་ཨོཾ་ནི་གཡས་པའི་མཛུབ་མོ། མཱུཾ་ནི་གཡོན་པའི་གུང་མོ་སྟེ། དེ་གཉིས་རྩེ་སྦྱར་ནས་ལྷག་མའི་ཡི་གེ་འབྲུ་བརྒྱད་ཀྱི་སོར་མོ་རྣམས་ཕན་ཚུན་བསྣོལ་ཏེ་རྩེ་སྤྲད་པ་ནི། ཐབས་ཀྱི་ཞགས་པ་ལས། སོར་མོ་ནང་དུ་བསྣོལ་ནས་བཀན། །གུང་མཛུབ་མཐེ་བོང་མཐེའུ་ཆུང་རྣམས། །སོ་སོར་རྩེ་སྤྲད་ཕྱིར་བསྐྱེད་དེ། །སྲིན་ལག་གཤིབས་བསྒྲེང་དམ་ཚིག་རྒྱ། །ཞེས་འབྱུང་བ་དང་མཐུན་པར་སྦྱར་རོ། །ཕྱག་རྒྱ་དེ་ཡི་ཡོན་ཏན་ནི། རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་སྨོས་ཏེ། རྒྱལ་བ་རྣམས་དང་དབྱེར་མེད་པར་གྱུར་ནས། དེ་དག་གི་བདེ་བ་ཆེན་པོ་ཐོབ་པར་བྱེད་དོ། །སོར་མོ་རྣམས་ལ་ཡིག་འབྲུ་ཇི་ལྟར་དགོད་པ་ནི། འདི་ཉིད་ནས་གསལ་བར་མི་འབྱུང་ལ། རྒྱུད་གཞན་ལས་འབྱུང་བའང་ཅུང་ཟད་མི་མཐུན་ཏེ། རྒྱུད་ལ་ལ་ནས་གྲགས་པ་གུང་མོ་ནི་དབུ་མ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་རིགས་སུ་གྲགས་སོ། །མཛུབ་མོ་ནི་ཁྲོ་མོའམ་སྡིགས་མོ་ཞེས་བྱ་སྟེ་རྡོ་རྗེའི་རིགས་སོ། །མཐེ་བོང་ནི་སྦོམ་པོ་ཞེས་བྱ་སྟེ་རིན་པོ་ཆེའི་རིགས་སོ། །སྲིན་ལག་ནི་དབང་མོ་ཞེས་བྱ་སྟེ་པདྨའི་རིགས་སོ། །མཐེའུ་ཆུང་ནི་མཐའ་མའམ་ཆུང་ངུ་ཞེས་བྱ་སྟེ་ལས་ཀྱི་རིགས་སུ་གྲགས་སོ། །རྒྱུད་གཞན་ལས་གཞན་དུའང་གྲགས་ཏེ། དེ་ལས་རྒྱུད་འདིར་ཐུགས་གཙོ་བོར་གྲགས་པས། གཡས་པའི་གུང་མོ་ལ་ཧཱུཾ་བཀོད་ལ། གཞན་མ་རིམ་པ་བཞིན་སྦྱར་བ་དང་། གཡོན་པའི་གུང་མོ་ལ་མཱུཾ། སྲིན་ལག་ལ་མཱཾ། མཛུབ་མོ་ལ་ལཱཾ། མཐེའུ་ཆུང་ལ་ཏཱཾ། མཐེ་བོང་ལ་པྱཾ་དགོད་པར་བྱའོ། །ཞེས་ཡོངས་གྲགས་དབུས་ལུགས་པ་གསུང་ངོ་། །ཐབས་ཀྱི་ཞགས་པའི་གཞུང་ལྟར་སྦྱར་ཞེས་ཡོངས་གྲགས་ཁམས་ལུགས་པ་གསུང་ངོ། །ཡོངས་ནི་གསལ་བར་སྨོས་པ་མེད་པ་རྣམས་སྤྱིར་གྲགས་པ་དང་མཐུན་པར་སྦྱར་བ་ལ་ཉེས་པ་མེད་དེ། རིགས་ལྔ་ཡབ་ཡུམ་སོ་སོའི་ཕྱག་རྒྱ་ནི། ཡབ་རྣམས་ཀྱི་ནི་གཡས་པའི་ཡིག་འབྲུ་སོ་སོའི་སོར་མོའི་རྩེ་མོ་ལ་རང་རང་གི་ཐུགས་ཕྱག་མཚན་རྣམས་ཐུགས་ཀར་བཀན་ཏེ། གཡོན་པའི་ཡིག་འབྲུ་ལྔ་གཟུངས་ལ་འཁྲིལ་བས་ཆོས་སྣང་བ་མཐའ་ཡས་ཀྱི་བྱིན་རླབས་རྐང་པ་གཡོན་པ་ལ་བརྟེན་ཏེ་བཞུགས་སོ། །ཡུམ་རྣམས་ནི་ལག་པ་གཡོན་པའི་རང་རང་གི་ཡིག་འབྲུ་རྣམས་ཀྱི་སོར་མོའི་རྩེ་མོར་དྲིལ་བུ་འབར་བ་ཐུགས་ཀར་བཀན་ཏེ། གཡས་པའི་ཡི་གེ་འབྲུ་ལྔ་གཙོ་བོ་ལ་འཁྲིལ་བས་ལས་ཀྱི་རིགས་ཀྱི་བྱིན་རླབས་རྐང་པ་གཡས་པ་ལ་རེག་པར་བྱའོ། །སེམས་དཔའ་རྣམས་ནི་གཡས་པ་རང་རང་གི་མཚན་མ་ཐུགས་ཀར་འཛིན། གཡོན་པ་གཙོ་བོ་རྣམས་དང་མཐུན། སེམས་མ་རྣམས་ནི་གཡོན་པ་རང་རང་གི་མཚན་མ་ཐུགས་ཀར་འཛིན། གཡས་པ་གཙོ་མོ་རྣམས་དང་མཐུན། སྒོ་བ་དང་སྒོ་མའང་ཚུལ་དེ་བཞིན་ནོ། །ཐུབ་པ་དྲུག་གི་ཕྱག་རྒྱ་བསྟན་པའི་སྐབས་སུ། ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ཞེས་གསུངས་པའི་དགོངས་པ་ནི། ཕྱག་རྒྱ་ཐམས་ཅད་ཀྱང་ལྷ་མཉེས་པར་བྱེད་པའི་མཚན་ཉིད་དུ་བཤད་ལ། འདིར་ཡང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ཉིད་དགྱེས་པ་བསྐྱེད་པར་བྱེད་པ་རྣམས་ཀྱི་དམ་པ་ཡིན་པས་ཕྱག་རྒྱ་ཡིན་པར་བཤད་པ་ལས། ཐུབ་པ་དྲུག་ནི་འདོད་པའི་ཡོན་ཏན་ལྔ་སྤངས་པའི་ཚུལ་ཡིན་པས། གཟུགས་ཀྱི་སྐུར་བསྟན་པའི་ཡུམ་མི་བཞུགས་པའི་ཕྱིར། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་མཉེས་པར་བྱེད་པའི་ཕྱག་རྒྱ་མེད་དམ་སྙམ་དུ་རྟོག་པར་བྱེད་པ་ལ། ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ཞེས་སྨོས་ཏེ། ཆོས་ཀྱི་དབྱིངས་ཉིད་ཕྱག་རྒྱ་ཆེན་པོའི་ཆེན་པོ་ཡིན་པའི་ཕྱིར་དེས་མཉེས་པར་བྱེད་དོ་ཞེས་བྱ་བའི་དོན་ནོ། །ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཞེས་བྱ་བ་ནི། ཀུན་ཏུ་བཟང་པོའི་ཕྱག་རྒྱ་མཉམ་པར་གཞག་པ་ཉིད་དེ། དེ་ཉིད་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བའོ། །ཀུན་ཏུ་བཟང་མོའི་ཕྱག་རྒྱ་ནི། ཡུམ་འགྱུར་མཉམ་རྫོགས་པདྨོའི་དཀྱིལ་ཞེས་བརྗོད་པ་སྟེ། མཉམ་པ་ཉིད་དུ་ལྷུན་གྱི་གྲུབ་པས་མཉམ་རྫོགས་ཏེ། ཕྱག་རྒྱ་ནི་ཡབ་དང་མཐུན་ནོ། །ཅུང་ཟད་བྱེ་བྲག་ཏུ་ཕྱེ་ན་བཞུགས་ཐབས་ནི་པདྨའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །དེ་དག་ལ་སོགས་པ་གདུལ་བྱའི་དབང་གིས་ཕྱག་རྒྱ་ཡང་གྲངས་མེད་པས། གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ་ཞེས་གསུངས་སོ། །མདོར་བསྡུ་བ་ལ་དགའ་བ་རྣམས་ཀྱི་ཕྱིར་ཕྱག་རྒྱ་མང་པོ་ལ་སྦྱོར་བར་མི་འདོད་ན། དེ་བཞིན་གཤེགས་པ་ལྔའི་སྤྱིའི་དམ་ཚིག་གི་ཕྱག་རྒྱ་འབའ་ཞིག་བཅས་ཀྱང་རུང་། རྡོ་རྗེ་ཐལ་མོའི་ཕྱག་རྒྱ་འབའ་ཞིག་བཅས་ཀྱང་རུང་སྟེ་འགལ་བ་མེད་པར་བསྟན་པའི་ཕྱིར། ཡང་ན་དེ་བཞིན་གཤེགས་པ་ཉིད། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཅེས་གསུངས་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཞེས་བྱ་བ་ལ་སོགས་པ་ནི་འཕྱོང་ཡིན་ནོ། །དེ་ལ། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་སྤྲོས་པ་སྟོན་པ་སྟེ། དེ་ཡང་ཕྱག་རྒྱ་ཆེན་པོའི་བདག་ཉིད་གཅིག་ལ་ལྷ་བཞི་བཅུ་རྩ་གཉིས་ཀྱི་ཡན་ལག་དང་ལྡན་པས། དེ་ཡི་ཡན་ལག་སྤྲོས་བདག་སྟེ། །ཞེས་སྨོས་སོ། །དེ་དག་རེ་རེ་ཡང་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་ལྡན་པས། བཞི་བཅུ་རྩ་གཉིས་གསུམ་འཕྲོས་འགྱུར། །ཞེས་སྨོས་སོ། །དེ་ལྟ་བུར་ལྡན་པ་དེས་ཕྱག་རྒྱ་ཇི་སྙེད་འཕྲོ་ཞིང་སངས་རྒྱས་ཀྱི་མཛད་པ་ཇི་ལྟར་འགྲུབ་པར་བྱེད་ཅེ་ན། དེ་ལྟར་ལྡན་པའི་གཙོ་མཆོག་གིས། །རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྒྱལ་བ་རྒྱལ་མཆོག་ཅེས་བྱ་བ་ནི་བདག་ཉིད་རིགས་ཀྱི་གཙོ་བོ་གང་ཡང་རུང་བའི་ཕྱག་རྒྱ་གང་ཡང་རུང་བའི་གཙོ་གཟུངས་ཀྱི་ཕྱག་རྒྱར་གནས་པའོ། །གཙོ་བོ་ལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཇི་ལྟར་ལྡན་པ་དེ་བཞིན་དུ། ཡན་ལག་གི་ལྷ་རྣམས་ལ་ཡང་ལྡན་པར་བརྩིས་ན་ཕྱག་རྒྱ་བརྒྱ་ཉི་ཤུར་འགྱུར་བས། བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་གསུངས་ཏེ། དེ་ལ་སྤྱིར་གྲངས་ཀྱི་རྩིས་ཀྱང་རྣམ་པ་གསུམ་སྟེ། འགྱུར་དང་སྣོན་དང་དེ་གཉིས་བསྲེས་པའོ། །དེ་ལ་འགྱུར་དུ་བརྩིས་ན་ནི་བརྒྱ་ཉི་ཤུའོ། །སྣོན་དུ་བརྩིས་ན་ནི་བཅོ་བརྒྱད་དོ། །བསྲེས་པའི་གྲངས་ལ་ནི་ངེས་པ་མེད་དེ་ཉི་ཤུ་རྩ་དྲུག་གམ་ཉི་ཤུ་རྩ་གཉིས་སུ་འགྱུར་རོ། །གྲངས་ཀྱི་རྩིས་འདི་དག་སློབ་དཔོན་རྣམས་ཀྱིས་སོ་སོར་སྦྱར་བ་སྣང་ཡང་འགྱུར་དུ་བརྩིས་པ་ཉིད་དོན་དང་ལྡན་པར་མཐོང་ངོ་། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་བྱ་བ་ནི་སྤྱིར་ཕྱག་རྒྱ་ཆེན་པོའི་སྒྲ་འཇུག་པ་རྣམ་པ་གསུམ་སྟེ། ཕྱག་རྒྱ་སོ་སོའི་ཡོན་ཏན་སྟོན་པའི་དུས་ན་ཕྱག་རྒྱ་ཐམས་ཅད་ལ་ཡང་ཆེན་པོའི་སྒྲ་འཇུག་གོ །།སྐུ་གསུང་ཐུགས་ཀྱི་མཚན་མའི་སྒྲ་འདོམ་པའི་དུས་ན་སྐུ་ཡོངས་སུ་རྫོགས་པའི་མཚན་མ་ལ་ཕྱག་རྒྱ་ཆེན་པོའི་སྒྲ་འཇུག་གོ །།སྐབས་ལ་ལར་ནི་ཆོས་ཀྱི་སྐུ་མཚན་མ་མེད་པ་ལ་ཕྱག་རྒྱ་ཆེན་པོའི་སྒྲ་འཇུག་སྟེ། སྐབས་ཀྱིས་ནི་ཅི་རིགས་སུ་སྦྱར་བར་བྱའོ། །ལེའུ་བརྒྱད་པའོ། །ད་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སློབ་མ་ལ་དབང་བསྐུར་བ་ལ་སོགས་པའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྡོ་རྗེ་གསང་བའི་དམ་ཚིག་བཀོད་པ་ཞེས་བྱ་བ་ལ། འདིར་དམ་ཚིག་གི་སྒྲས་དཀྱིལ་འཁོར་སྟོན་ཏེ། །དེ་ཉིད་བསྟན་པ་ནི། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །སོར་ནི་བཞི་ཡི་ཚད་དུ་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་ཆུང་ཚད་ནི་སོར་བཞི་པའི་ཚད་དུ་བྱས་ལ། སློབ་དཔོན་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གསལ་བའི་ཕྱག་མཐིལ་དུ་བཞག་སྟེ། འབྲུ་ལྔ་དང་སྤོས་ལྔ་ལ་སོགས་པ་ཉི་ཤུ་རྩ་ལྔའི་ཚོགས་ཀྱིས་གོ་མ་ཡེ་བཏང་སྟེ། ལག་གིས་འབྲི་བར་ནུས་པ་རྣམས་ནི་ལག་གིས་བྲིས། ཤིན་ཏུ་ཕྲ་བ་རྣམས་ནི་ཡིད་ཀྱིས་བྲིས་ཏེ། དཀྱིལ་འཁོར་བྱིན་གྱིས་བརླབ་པ་དང་། །ཕྱི་ནང་གི་མཆོད་པ་དབུལ་བ་བྱས་ལ། དེ་ནས་སློབ་དཔོན་དང་སློབ་མ་འཇུག་པའི་ཆོ་ག་བྱས་ཏེ། དབང་བསྐུར་བ་དང་། དམ་ཚིག་དབོག་པ་དང་། མན་ངག་སྦྱིན་པ་རྣམས་བྱའོ་ཞེས་བྱ་བའི་དོན་ནོ། །དེ་བཞིན་མཛུབ་གང་བ་ནས་རྒྱང་གྲགས་དང་དཔག་ཚད་ཀྱི་བར་དུ་ཚད་ཀྱི་བྱེ་བྲག་གསུངས་པ་རྣམས་དང་། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ་ལ་སོགས་པ་རྣམས་སུ་ཡང་སངས་རྒྱས་ཀྱི་དཀྱིལ་འཁོར་བསྒོམ་སྟེ། མཆོད་པ་དང་འཇུག་པའི་ཆོ་ག་དེ་བཞིན་དུ་བྱའོ། །ཞེས་བྱ་བའི་དོན་ནོ། །དེ་ལ་སྐབས་ལ་ལར་ནི་ཐིག་གདབ་པའི་ཆོ་ག་གསུངས་པ་དང་། དེ་བཞིན་དུ་ཚོན་འགྱེད་པ་དང་། ལ་ལར་ཕྱག་རྒྱ་དགོད་ཅིང་དཀྱིལ་འཁོར་བྱིན་གྱིས་བརླབ་པར་གསུངས་པ་ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ཐུན་མོང་དུ་ཤེས་པར་བྱའོ། །དེ་ལ་འདིའི་རིམ་པ་ནི་དང་པོར་དཀྱིལ་འཁོར་བྲི་བའི་ཆོ་ག་ལ་སྟ་གོན་གྱི་ཆོ་ག་དག་ནི་འདིར་གསལ་བར་མ་གསུངས་པས་སྤྱི་ལ་ལྟོས་ཀྱང་འགལ་བ་མེད་ལ། དཀྱིལ་འཁོར་བྲིས་པ་དང་བསྒོམ་པ་ཉིད་ཀྱིས་ཀྱང་བྱིན་གྱིས་རློབས་པར་འགྱུར་རོ། །དེ་བས་ན་དང་པོ་དཀྱིལ་འཁོར་བྲིས་ཏེ། དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཆོ་ག་ལེའུ་བདུན་པར་བཤད་པ་བཞིན་དུ་ཤེས་པར་བྱའོ། །མཆོད་པ་རྣམས་ཀྱིས་མཉེས་པར་བྱས་ནས་དེ་ནས་བདག་དང་སློབ་མ་འཇུག་པའི་ཆོ་ག་བྱའོ། །དེ་ལས་འདིར་མཆོད་པ་གསུངས་པ་ནི། བཅོས་བུའི་རས་ནི་སྣ་ཚོགས་དང་། །ཞེས་བྱ་བ་ལ་སོགས་པ་ནི་རྫས་ཀྱི་མཆོད་པའོ། །ཡུམ་དང་འཇོ་མ་སེམས་མ་ཡིས། །ཞེས་པ་ལ་སོགས་པ་ནི། ལས་རྣམ་བཞིའི་སྦྱིན་སྲེག་གི་མཆོད་པ་སྟེ། དེ་ལ་གཟུངས་མ་སྨོས་པ་ནི། འདི་རུ་གཟུངས་དང་ལྡན་པས་ལས་བྱ་བར་གསུངས་པའི་ཕྱིར་རོ། །ཞལ་དུ་གྱུར་པའི་མེ་ཞེས་བྱ་བ་ནི། སྤྱིར་མེ་ལྷ་བརྟག་པ་རྣམ་པ་བཞིར་གྲགས་ཏེ། དེ་ལ་ཁ་ཅིག་ལས་ནི། མེ་ལྷ་མེ་འབར་བའི་རྣམ་པར་གྱུར་པ་བྱས་ཏེ། དེར་ལྷ་རྣམས་སྤྱན་དྲངས་ནས་མཆོད་པར་འབྱུང་ངོ་། །ཁ་ཅིག་ལས་ནི། མེ་ལྷ་མེ་འབར་བའི་རྣམ་པར་གྱུར་པའི་དཀྱིལ་དུ་གཞལ་ཡས་ཁང་བསམས་ཏེ། དེར་དམ་ཚིག་སེམས་དཔའི་དཀྱིལ་འཁོར་བསྐྱེད་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། དབྱེར་མེད་པར་བསྟིམས་ནས་མཆོད་པར་འབྱུང་ངོ་། །ཁ་ཅིག་ལས་ནི་འབྱུང་བའི་མེའི་དཀྱིལ་དུ་མེ་ལྷ་བཞུགས་པར་བསམས་ཏེ། དེའི་ཐུགས་ཀར་གཞལ་ཡས་ཁང་བསམས་ཏེ། དེར་ལྷ་རྣམས་བཞུགས་པར་བསམས་ནས་དེར་མཆོད་པར་འབྱུང་ངོ་། །ཁ་ཅིག་ལས་ནི་མེ་ལྷ་ཕྱོགས་གཅིག་ཏུ་བཞག་པར་གསུངས་ཏེ། འདི་ལྟར་ཞལ་དྲུག་ཁྲོ་བོའི་རྒྱལ་པོའི་རྒྱུད་ལས། ཕྱོགས་གཅིག་ཏུ་བཞག་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལྟར་བརྟག་པ་རྣམ་པ་བཞི་པོ་གང་ཡང་རུང་སྟེ། དེ་དག་གི་སྒོ་མེ་ཡིན་ལ་མེའི་སྒོ་ནས་མེ་ལྷ་ཚིམ་པར་འགྱུར་བ་དང་། མེ་ལྷའི་སྒོ་ནས་ལྷ་རྣམས་ཚིམ་པར་འགྱུར་བ་ནི། དཔེར་ན་ཁ་ཟས་ཀྱིས་ལུས་ཀྱི་འབྱུང་བ་ཆེན་པོ་རྒྱས་པའི་སྒོ་ནས། དེ་ལ་བརྟེན་པའི་དབང་པོ་རྒྱས་པར་འགྱུར་ལ། དེ་རྒྱས་པས་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་རྒྱས་པར་འགྱུར་བ་བཞིན་ནོ། །དེའི་ཕྱིར་མེ་ལྷ་ནི་ལྷའི་ཞལ་དུ་བཞེད་དོ། །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པ་ནི། མཆོད་པའི་ཕྱག་རྒྱ་ཆེན་པོ་ཏིང་ངེ་འཛིན་གྱི་མཆོད་པ་ཆེན་པོ་སྟེ། འདི་དག་ཇི་ལྟར་དབུལ་བ་ནི་གོང་དུ་བཤད་དོ། །རེ་ཞིག་ཡི་གེ་ལས་སྤྲོ་བར་འདོད་ན་ཞིང་དང་གཞལ་ཡས་ཁང་དང་བཅས་པ་ནི་ཡི་གེ་བྷྲཱུཾ་ལས་སྤྲོས་ཏེ་དབུལ། རིན་པོ་ཆེའི་རྒྱན་གྱི་བྱེ་བྲག་རྣམས་ནི་ཡི་གེ་ཏྲཾ་ལས་སྤྲོས་ཏེ་དབུལ། ཁྲུས་ཀྱི་རྫིང་བུ་ལ་སོགས་པ་ནི་ཡི་གེ་ཁཾ་ལས་སྤྲོས་ཏེ་དབུལ། སྒྲའི་བྱེ་བྲག་ནི་ཡི་གེ་ཧྲཱི་ལས་སྤྲོས་ཏེ་དབུལ། བདུད་རྩི་ལ་སོགས་པའི་ཞལ་ཟས་ཀྱི་བྱེ་བྲག་ནི་ཡི་གེ་ཨ་ལས་སྤྲོས་ཏེ་དབུལ། བྲོ་གར་གྱི་འདུ་འཕྲོ་རྣམས་ནི་ཡི་གེ་ཧཾ་ལས་སྤྲོས་ཏེ་དབུལ་ཞེས་ཀྱང་བཤད་དོ། །དབུལ་བའི་རིམ་པའང་གནས་སྐབས་ཀྱི་བྱེ་བྲག་དང་། ཏིང་ངེ་འཛིན་གསལ་མི་གསལ་གྱི་བྱེ་བྲག་གིས་རིམ་པའམ་ཅིག་ཅར་དུ་དབུལ་བར་བྱའོ། །གསལ་ལྡན་མའམ་བྱིན་རླབས་ལ་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བའི་མཆོད་པ་སྟེ། དེ་ལ་གསལ་ལྡན་མ་ནི་ཤེས་རབ་དང་ཏིང་ངེ་འཛིན་ལྡན་པའི་གཟུངས་མའོ། །དེ་དང་མི་ལྡན་པ་ནི་བྱིན་གྱིས་བརླབ་པའོ། །ལ་ལ་ན་རེ་གསལ་ལྡན་མ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །བྱིན་གྱིས་བརླབ་པ་ནི་ལས་ཀྱི་ཕྱག་རྒྱའོ་ཞེས་ཟེར་རོ། །ལུས་ངག་སེམས་དང་ཆོས་ཐམས་ཅད། །ཅེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་དུ་འཇུག་པའི་མཚམས་སྦྱོར་ཡིན་ཏེ། དང་པོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནས་བཟུང་ནས་མཆོད་པའི་ཆོ་ག་ཡན་ཆད་རྫོགས་པར་བྱས་པ་ལ་ནི་ཀུན་བྱས་ཞེས་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་འཇུག་པར་བྱ་བས། དབང་ཕྱུག་རིག་པས་འཇུག་ཅེས་ཏེ། ལྷ་དང་དབྱེར་མེད་པར་བསྒོམ་པ་ཉིད་རིག་པས་འཇུག་པ་ཡིན་ནོ། །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་ཏེ། སེམས་བསྐྱེད་པའི་ཆོ་ག་དང་། མིག་དགབ་པ་དང་། བརྟན་པར་དམ་བཅའ་ཞིང་དམ་ཆུ་བླུད་པ་དང་། མེ་ཏོག་དོར་བ་དང་། ལྷར་བྱིན་གྱིས་བརླབས་ཅིང་དཀྱིལ་འཁོར་བསྟན་པ་རྣམས་སོ། །དེ་ལ་ཕན་པའི་དབང་དང་། ནུས་པའི་དབང་རིམ་པ་བཞིན་དུ་སྦྱིན་ཞིང་། དམ་ཚིག་དབོག་པ་དང་མན་ངག་སྦྱིན་པ་རྣམས་བྱའོ། །དེ་ནས་སློབ་མས་ཀྱང་སློབ་དཔོན་དང་དཀྱིལ་འཁོར་དང་གྲོགས་པོ་རྣམས་ལ་ཅི་ནུས་ཀྱིས་མཆོད་པར་བྱའོ། །དེ་ལ་ཕན་པའི་དབང་ནི་དབུ་རྒྱན་གྱི་དབང་ལ་སོགས་པའོ། །ནུས་པའི་དབང་ནི་ཉན་པ་ལ་སོགས་པའི་དབང་སྟེ། འདི་དག་ཀྱང་ཕན་པའི་དབང་ཡིན་མོད་ཀྱི། བྱེ་བྲག་ཏུ་སོ་སོའི་ནུས་ཚད་ལ་རག་ལས་པས་དེ་སྐད་ཅེས་བྱའོ། །དེ་བས་ན་དབང་དང་དམ་ཚིག་དང་མན་ངག་རྣམས་ལ་སོ་སོའི་ཐེག་ཚད་ཡོད་པས། སྙིང་རྗེས་ཆུད་མ་ཟོས་པར་གཟུང་། །ཞེས་བསྟན་པ་ཡིན་ནོ། །དེ་ལ་དཀྱིལ་འཁོར་མཛུབ་གང་པ་ལ་སོགས་པའི་སྐབས་སུ་ཐིག་གདབ་པའི་ཆོ་ག་གསུངས་སོ། །བཅུ་དྲུག་པ་ལ་སོགས་པའི་སྐབས་སུ་ཕྱག་རྒྱ་དགོད་པ་གསུངས་སོ། །རྒྱང་གྲགས་ལ་སོགས་པའི་སྐབས་སུ་ཚོན་དགྱེ་བར་གསུངས་ཏེ། དེ་ལ་ཚོན་གྱི་ངེས་ཚིག་ནི་རཱ་ཛཱ་ཞེས་བྱ་བ་མཆོད་པ་དང་རོ་བཅུད་དང་མཚན་མ་ལ་འཇུག་སྟེ། འདིར་ནི་མཚན་མར་གྲགས་པའོ། །གཞན་ཡང་ར་ག་ཞེས་བྱ་བའི་སྒྲའི་དོན་ནི། ར་ན་རག་ཏི་རང་ག་ཞེས་བྱ་སྟེ། དེ་ལ་ར་ན་ཞེས་བྱ་བ་ནི། གླེ་ཤ་ཨ་ག་ཉ་ན་ར་ན་ཞེས་བྱ་སྟེ། ཉོན་མོངས་པ་དང་མི་ཤེས་པའི་ཀུན་ནས་དཀྲུགས་པ་ལ་བྱ། རྣམ་པ་གཅིག་ཏུ་ཨ་པ་ར་ན་ར་ཞེས་བྱ་བ་སྟེ། སྒྲིབ་པ་ལ་བྱ། ག་ཏི་ནི་རྟོགས་ཤིང་ཁོང་དུ་ཆུད་པ་ལ་བྱ་སྟེ། སྒྲིབ་པ་རྣམ་པ་གཉིས་ཀྱིས་དཀྲུགས་ཤིང་བསྒྲིབས་པ་རྣམས་ལ་རྟོགས་པ་བསྐྱེད་པར་བྱེད་པས་དེ་སྐད་ཅེས་བྱའོ། །ཏིང་འཛིན་རོལ་མོ་མཐའ་ཡས་མཆོག །ཅེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་བྱིན་གྱིས་བརླབ་པ་སྟོན་ཏེ། དེ་ལ་ཏིང་ངེ་འཛིན་གྱི་འཕྲུལ་པས་འདི་ལྟར་ཡི་གེ་བྲིས་པ་དང་། དེ་བཞིན་དུ་གདན་དང་སྙིང་པོ་དང་ཕྱག་རྒྱ་བྲིས་ཤིང་བཀོད་པ་རྣམས་ལ་སྐུ་གསུང་ཐུགས་དང་ལྡན་པར་བྱིན་གྱིས་བརླབས་ན་དངོས་གྲུབ་འགྲུབ་པར་ངེས་སོ་ཞེས་བྱ་བའི་དོན་ནོ། །གང་གི་ཕྱིར་ཞེ་ན། ས་ལ་སོགས་པས་ཕྱག་རྒྱར་བྱས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འབྱུང་བ་ཆེན་པོའི་རྒྱུད་ལས། ཕྱག་རྒྱའི་མཚན་མར་བྱས་པ་ཙམ་གྱིས་ཀྱང་རྒྱུའི་བྱེ་བྲག་དང་བསམ་པའི་བྱེ་བྲག་གི་དབང་གིས་རྣམ་པར་གྲོལ་བ་རིམ་པ་ཐོབ་པའི་རྒྱུར་འགྱུར་ན། གཟུང་འཛིན་གྱི་དངོས་པོ་ལ་ཞེན་པའི་དྲི་མ་དག་པའི་ཡེ་ཤེས་ཀྱི་མཚན་མའི་ཕྱག་རྒྱ་དེ་དག་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཤིང་སྦྱངས་པ་ལས་གྲུབ་པར་འགྱུར་བ་ལྟ་ཅི་སྨོས་ཏེ། ཤེས་རབ་དང་ཏིང་ངེ་འཛིན་དེ་ཉིད་དངོས་གྲུབ་ཆེན་པོ་ཡིན་ནོ། ད་ནི་གོང་དུ་བསྟན་པའི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་དེ་དག་ཏུ་སྤྱན་དྲངས་པ་ལ་སོགས་པ་བསྟན་པའི་ཕྱིར། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཕྱོགས་དུས་དཀྱིལ་འཁོར་ནི། ཕྱོགས་བཅུ་དུས་བཞིས་བསྡུས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་རྣམས་སོ། །བདག་ཉིད་ཆེ་ཞེས་བྱ་བ་ནི་སྤྱིར་གྲགས་པ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་འདྲེན་པ་རང་བྱུང་བདག་ཉིད་ཆེན་པོ་ལ་སོགས་པའོ། །ལ་ལ་དག་ན་རེ་བྱང་ཆུབ་སེམས་ཀྱི་མཚན་ཉིད་དུ་ཆོས་ཐམས་ཅད་དབྱེར་མེད་པ་ནི་བདག་ཉིད་ཆེན་པོ་ཞེས་བྱ་སྟེ། དེ་ཉིད་མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ཡིན་ནོ་ཞེས་ཟེར་རོ། །མདོར་ན་ཆོས་ཀྱི་སྐུས་ཀུན་ཏུ་ཁྱབ་པར་ཐུགས་རྗེ་དང་སྤྲུལ་པ་དག་གིས་ཀྱང་ཁྱབ་སྟེ། དེ་བས་ན་གང་ནས་གང་དུ་སྤྱན་དྲངས་བ་མི་དམིགས་ཀྱང་ཏིང་ངེ་འཛིན་གྱིས་དམིགས་ཤིང་འཕྲུལ་པ་ཉིད་ཀྱིས་སྤྱན་དྲངས་པར་འགྱུར་རོ། །ད་ནི་དཀྱིལ་འཁོར་དུ་འཇུག་པའི་མཚན་ཉིད་ལྷ་རྣམས་དང་གཉིས་སུ་མེད་པར་བྱ་བ་སྟོན་ཏེ། དེའི་ཕྱིར། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱང་རིག་པ་རང་སྣང་བ་ཙམ་ཡིན་པའི་ཕྱིར་བདག་དང་རང་བཞིན་དབྱེར་མེད་དེ། དེ་ལྟ་བུའི་དཀྱིལ་འཁོར་དེར་རྣལ་འབྱོར་པ་འཇུག་པའི་མཚན་ཉིད་དམ་ལུགས་ཀྱང་། བདག་ལ་བསྟིམས་ཤིང་མཉམ་པར་སྦྱར་བས་འགྲུབ་པར་འགྱུར་རོ། །ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱིས་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། ཉིད་ཀྱིས་དཀའ་བ་སྣ་ཚོགས་པའི་སྒོ་ནས་བསྙེན་པའི་དངོས་གྲུབ་སྣ་ཚོགས་པ་དག་དེ་ལ་རྫོགས་པར་འགྱུར་རོ། །གཞན་ཡང་ཉེ་བའི་སྲས་སུ་དགོངས་པར་འགྱུར་ཏེ། དེ་བས་ན། ཉེ་བར་གྱུར་པའི་དམ་ཚིག་མཆོག །ཅེས་གསུངས་པ་ཡིན་ནོ། །ད་ནི་དངོས་གྲུབ་དེ་དག་ཇི་ལྟར་འགྲུབ་པའི་ཚུལ་སྟོན་སྟེ། དེ་ལ་དངོས་གྲུབ་གཞན་དང་གཞན་ན་ཡོད་པ་ཞིག་གཞན་གྱིས་ཐོབ་པར་འགྱུར་བ་ནི་མ་ཡིན་གྱིས། རང་རིག་པའི་ཡེ་ཤེས་ཉིད་དངོས་གྲུབ་སྣ་ཚོགས་སུ་སྣང་བ་བརྒལ་བ་ལན་དང་བཅས་པར་སྟོན་ཏེ། དེ་ལ་དང་པོར་དཔེ་དགོད་པ་བསྟན་པའི་ཕྱིར། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན། །ཞེས་གསུངས་པ་སྟེ། དཔེར་ན་ལྷའི་གནས་ལ་སོགས་པ་ན་དཔག་བསམ་གྱི་ཤིང་གི་གྲིབ་མ་ལ་གནས་པ་རྣམས་ལ་རེ་བ་སྐོང་བར་ནུས་པ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་མཆོད་པ་བྱེད་པ་རྣམས་ལ་རེ་བ་སྐོང་བར་བྱེད་པ་ལ་སོགས་པ་དང་། གཞན་འདོད་པ་འབྱུང་བའི་གནས་སུ་གྱུར་པ་ཀུན་དེ་དག་སེམས་ལས་གུད་ན་རྫས་སུ་ཡོད་ནས་དེ་ལ་སྤྱོད་པ་མ་ཡིན་ཏེ། རང་རང་གི་སེམས་བསོད་ནམས་ཀྱི་མཐུས་བརྟས་ཤིང་བརྟན་པར་གྱུར་པ་དེ་ཉིད་དེ་ལྟ་བུར་སྣང་བ་ཡིན་ནོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་དེ་དང་འདྲ་སྟེ། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་སྦྱར་བར་བྱ་སྟེ། དེ་ལ་ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས་ནི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །དེ་དག་གུད་ན་མེད་དེ་ཐབས་ཞེས་བྱ་བ་གསང་སྔགས་ཀྱི་བསླབ་པར་གྱུར་པ་མཐའ་དྲུག་དང་བཅུས་བསྡུས་པ་ལ་བརྟེན་ནས། ཕྱིན་ཅི་མ་ལོག་པར་སྐྱེས་པས་ཤེས་རབ་ཉིད་དངོས་གྲུབ་དེ་ལྟ་བུའི་ངང་དུ་འབྱུང་ངོ་། །ཞེའོ། །འདིར་བརྒལ་བ། འབྱུང་ཞེས་བྱ་བའི་སྒྲ་རྒྱུ་དང་འབྱུང་ཁུངས་དག་ལས་བྱུང་ཞིང་སྐྱེས་པ་ལ་བྱ་ན། འདིར་གང་ལས་གང་འབྱུང་ཞེ་ན། ལན་དུ་དེ་དག་གཉིས་སུ་མེད་པར་བསྟན་པའི་ཕྱིར། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཞེས་སྨོས་ཏེ། ཕྱིན་ཅི་མ་ལོག་པའི་ཤེས་རབ་ཀྱི་ངང་ཉིད་ཐབས་ཀྱི་ཕྱག་རྒྱ་སྐུ་དང་ཡེ་ཤེས་སུ་གྱུར་པའི་ཕྱིར་དབྱེར་མེད་དེ། དེ་བས་ན། ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཞེས་སྨོས་སོ། །འོ་ན་ཤེས་རབ་ཀྱི་རང་བཞིན་དང་བྲལ་བར་མི་འགྱུར་རམ་ཞེ་ན། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །ཅེས་སྨོས་ཏེ། དེ་ཉིད་ཀྱང་དངོས་པོར་མ་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ །ཡེ་ཤེས་ཅི་འདྲ་བར་སྐུ་ཡང་དེ་འདྲ་སྟེ། དེ་བས་ན། རྒྱལ་བ་མངོན་བྱུང་སྐྱོབ་པ་དང་། བྱིན་རླབས་སྟོན་པའང་དེ་བཞིན་ཏེ། །ཞེས་བྱ་བ་སྨོས་ཏེ། རྒྱལ་བ་འཇིག་རྟེན་དུ་སྐུ་མངོན་དུ་བྱུང་ནས་འགྲོ་བ་ལ་སྐྱོབ་པའི་བྱིན་གྱི་རླབས་སྟོན་པ་རྣམས་ཀྱང་ཡེ་ཤེས་ལ་བརྗོད་པ་བཞིན་དུ། རང་རིག་པའི་ཤེས་རབ་ཉིད་སྐུ་སྣ་ཚོགས་སུ་སྣང་བས་སྐུ་ལ་སྐུ་རོལ་ཞིང་དབྱེར་མེད་པ་ཡིན་ལ། དེ་ཉིད་རང་བཞིན་མེད་པས་གསོག་ལྟ་བུར་ཤེས་པར་བྱའོ། །ཞེའོ། །འོ་ན་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་དག་ཀྱང་གསོབ་ཡ་མ་བརླ་སྒྱུ་མ་ལྟ་བུ་ཡིན་པས། དོན་གྱིས་དགོས་པ་ཅི་ཡང་མེད་པ་ཞིག་ཡིན་ནམ་ཞེ་ན། བྱ་བྱེད་ནུས་པའི་གཟི་བརྗིད་ཀྱིས། །སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་སྨོས་ཏེ། དེ་ལྟ་བུ་མ་ཡིན་ཏེ། ཡེ་ཤེས་ཀྱང་དོན་ལ་ཕྱིན་ཅི་མ་ལོག་པར་རྟོགས་པ་དང་། སྐུ་དག་གིས་ཀྱང་འགྲོ་བ་ཆུད་མི་གསོན་པའི་ནུས་པ་དག་མངའ་སྟེ། དེ་ལྟ་བས་ན་སྒྱུ་མ་ལྟ་བུ་ཡིན་མོད་ཀྱི། བདུད་ཐམས་ཅད་ཀྱིས་མི་ཤིགས་པའི་ནུས་མཐུ་མངའ་བས། རྡོ་རྗེ་བཙན་པོ་མཆོག །ཅེས་གསུངས་སོ། །ད་ནི་དངོས་གྲུབ་དེ་དག་རྒྱུ་གང་གིས་འགྲུབ་པ་དང་། གཞན་གྱི་རྒྱུད་ལ་ཇི་ལྟར་སྣང་བ་རྣམས་བརྒལ་བ་ལན་དང་བཅས་པར་བསྟན་པའི་ཕྱིར། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྐབས་འདིར་ནི་དངོས་གྲུབ་ཀྱི་རྒྱུ་དང་ཐབས་སུ་གྱུར་པ། དང་པོ་འཇུག་པའི་སྤྱོད་པ་དང་། དངོས་གྲུབ་སྒྲུབ་པའི་སྤྱོད་པ་དག་གསུངས་ཏེ། དེ་ལ་ཐེག་པ་ཆེན་པོ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ཡོངས་སུ་བཟུང་བ་ནི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་ཆོ་ག་དང་པོའོ། །དེ་ནས་དེས་བསྟན་པའི་གསང་བའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ནོད་པ་ནི་དེ་བཞིན་དུ་གཉིས་པའོ། །དེའི་ཚེ་ཐེག་པ་ཆེན་པོའི་དམ་ཚིག་གི་སྡོམ་པ་ནོས་ཏེ་བདག་དམ་ཚིག་ཅན་དུ་བྱ་བ་ནི་གསུམ་པའོ། །དེ་ནས་སྒྲུབ་པ་ལ་སོགས་པའི་མན་ངག་ཐམས་ཅད་ནོས་ཏེ་མན་ངག་ཅན་དུ་བྱ་བ་ནི་བཞི་པ་སྟེ། དེ་ཕན་ཆད་ཀྱང་སྤྲོ་བ་མི་ལྷོད་ཅིང་བརྩོན་པ་མི་འདོར་བས་བཀའ་བཞིན་དུ་བྱེད་པ་ནི་ལྔ་པ་སྟེ། འདི་དག་དང་ལྡན་ན་དངོས་གྲུབ་ཀྱི་རྒྱུ་ཡོད་པ་ནི་འོ་མ་ལས་མར་བཞིན་ནོ། །ཡོ་བྱད་ལྔ་ཞེས་བྱ་བ་ནི་རྐྱེན་དང་ལྡན་པ་སྟེ། འདི་ལྟར་སྒྲུབ་པའི་གནས་བར་ཆད་དུ་མི་འགྱུར་བ་དང་། སྒྲུབ་པའི་གྲོགས་མཆོག་བར་ཆད་དུ་མི་འགྱུར་བ་དང་། འཚོ་བའི་ཡོ་བྱད་བར་ཆད་དུ་མི་འགྱུར་བ་དང་། དངོས་གྲུབ་ཀྱི་རྫས་ཚང་ཞིང་ཚོགས་པ་དང་། དམ་ཚིག་གི་རྫས་ཚང་ཞིང་ཚོགས་པ་སྟེ། འདི་རྣམས་དང་ལྡན་ན་དངོས་གྲུབ་ཀྱི་རྐྱེན་དང་ལྡན་པར་བྱའོ། །སྔགས་ཀྱི་ཡན་ལག་ལྔ་ནི་སྒོ་གསུམ་ནས་བཟླས་བརྗོད་ཀྱི་ཡན་ལག་ལྔ་དང་ལྡན་པའི་ཏིང་ངེ་འཛིན་རྩེ་གཅིག་པ་ཡོད་པ་སྟེ། དེ་ཡང་གོང་དུ་བསྟན་པ་བཞིན་དུ་བདག་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། གསང་སྔགས་ཀྱི་དེ་ཁོ་ན་ཉིད་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང་། འཕྲོ་འདུའི་དེ་ཁོ་ན་ཉིད་རྣམས་ཏེ། འདི་རྣམས་དང་ལྡན་ན་སྦྱོར་བ་ལ་མཁས་པ་ཞེས་བྱ་སྟེ། དེ་རྣམས་ཀྱིས་དངོས་གྲུབ་འགྲུབ་པར་བྱེད་དོ་བར་བསྟན་ཏོ། །དེ་ལ་འགྲུབ་པའི་དུས་ནི། མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འཇུག་པ་ཞེས་བྱ་བ་ནི་སྒྲུབ་པ་སྟེ། བསྙེན་པའི་ཚེ་ན་ནི་ལྷག་པར་དུས་ལ་དམ་བཅས་པ་ཁོ་ནར་ངེས་པ་མེད་དེ། ཁ་ཅིག་བཟླས་བརྗོད་ཀྱི་གྲངས་ཀྱི་ངེས་པ་སྨོས་ཏེ། འདི་ལྟར་རྒྱུད་སྤྱི་ལས་འབུམ་ཕྲག་གསུམ་ནས་བྱེ་བ་ཕྲག་ལྔའི་བར་དག་སྨོས་སོ། ཁ་ཅིག་ཏུ་ནི་མཚན་མའི་སྒོ་ནས་དམ་བཅས་པ་དག་སྨོས་སོ། །དུས་ཀྱང་ལོ་བཅུ་གཉིས་སུ་དམ་བཅས་པ་ཡན་ཆད་སྨོས་ཏེ། དེ་བས་ན་ཟླ་བ་དྲུག་ཅེས་བྱ་བ་ནི་ཕལ་ཆེར་སྒྲུབ་པའི་དུས་སུ་གསུངས་པ་ཡིན་པས། འདིར་ཡང་དེ་བཞིན་དུ་ཤེས་པར་བྱའོ། །སྤྱིར་ལུང་རྣམས་ལས་གྲུབ་པའི་ཚད་ངེས་པར་བསྟན་པ་འདི་དག་ཀྱང་སེམས་དང་པོ་བསྐྱེད་པ་ཁོ་ནས་བཟུང་བ་ཡང་མ་ཡིན། སྲིད་པ་མཐའ་མ་བ་ཁོ་ནས་བཟུང་བ་ཡང་མ་ཡིན་ཏེ། ཐེག་པ་ཆུང་ངུའི་གཞུང་གིས། གང་ཟག་ཁ་ཅིག་ཚེ་གཅིག་གིས་དགྲ་བཅོམ་པའི་འབྲས་བུ་འགྲུབ་པར་གསུངས་པ་ཡང་། རྒྱུན་ཏུ་ཞུགས་པ་དང་། གལ་ཏེ་སོ་སོའི་སྐྱེ་བོ་ཞིག་ན་ཡང་སྲིད་པ་མཐའ་མ་པའི་དབང་དུ་བྱས་ཞེས་གྲགས། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ནི། བཟང་དང་སྨོན་པའི་སྟོབས་ཅན་ལ་སོགས་པ་བསམ་པ་ངེས་པ་ནས་ཚད་གཟུང་ཞེས་གྲགས། གསང་སྔགས་ཕྱི་བའི་ཚུལ་ལས་ནི། སྐལ་བ་རབ་དང་མོས་པ་རབ་དང་མཉམ་པར་གཞག་པ་རབ་ཏུ་གྱུར་པ་ལས་བསྙེན་པ། མཚན་མ་བསྙེན་པར་གྱུར་པ་ལས་མཐོང་བའི་ཆོས་ལ་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་ལ། དེས་སངས་རྒྱས་ཀྱི་ཞལ་མཐོང་བར་ནུས་ནས། དེ་ནས་ཚེ་གཅིག་གམ་གཉིས་སམ་གསུམ་ལ་སོགས་པའི་རིམ་གྱིས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་འགྱུར་ཞེས་གྲགས། རྣལ་འབྱོར་ཆེན་པོའི་ཚུལ་ལས་ནི། སྐལ་པ་ཆུང་བར་གྱུར་ཀྱང་མོས་པ་དང་བརྩོན་འགྲུས་དང་དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་མཐོང་བའི་ཆོས་ལ་ཚེ་ལ་དབང་བ་ཐོབ་པར་འགྱུར་ལ། ཚེ་དེས་ཀྱང་མྱུར་དུ་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་རོ། །ཞེས་གྲགས་སོ། །འདི་དག་ནི་སོ་སོའི་སྤྱིའི་གཞུང་ཙམ་དུ་གྲགས་པ་སྟེ། ངེས་པའི་དོན་དུ་ན་ཚད་ངེས་པར་གཟུང་དུ་མི་རུང་སྟེ། གང་གི་ཕྱིར་དུས་ནི་སེམས་ཀྱི་སྣང་བ་ཡིན་ལ། སེམས་ལ་དབང་མ་ཐོབ་ཀྱི་བར་དུ་ནི་ཡུལ་དང་དུས་རྣམས་ཀྱང་སོ་སོར་བསྟན་པར་ངེས་པར་སྣང་ལ། སེམས་ལ་དབང་ཐོབ་ཕན་ཆད་ནི་ཡུལ་དང་དུས་ལ་ཅི་དགར་སྣང་ངོ་། །འདི་ལྟར་དགོངས་པ་ངེས་པར་འགྲེལ་བ་ལས་ཀྱང་། སྔོན་གྱི་ལས་ཀྱི་སྒྲིབ་པ་སྦྱོང་བའི་ཚད་ངེས་པ་མེད་དེ་ཞེས་རྒྱ་ཆེར་གསུངས་པ་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང་། དུས་ཐུང་བར་འདོད་པ་རྣམས་ལ་བསྐལ་པ་མང་པོ་ཞག་བདུན་གྱིས་འདའ་བར་བྱིན་གྱིས་རློབ་པོ་ཞེས་གསུངས་པ་ལྟ་བུ་སྟེ། འདི་ལྟར་སེམས་ལ་དབང་ཐོབ་པས་ཇི་ལྟར་འདོད་པ་བཞིན་སྣང་བའི་རྒྱུ་དང་། འཕགས་པ་རྣམས་ཀྱི་ཐུགས་རྗེ་དང་སྨོན་ལམ་གྱི་མཐུ་ཡང་དེ་བཞིན་དུ་བྱིན་གྱིས་རློབ་པར་འགྱུར་བ་དེའི་ཕྱིར་ཚད་ངེས་པར་གཟུང་བར་མི་བྱའོ། །འདིར་དཀྱུས་ཀྱི་འབྲེལ་བ་བསྒྲུབ་པ་ནི། ཆོ་ག་ཡན་ལག་རྫོགས་པའི་རྣལ་འབྱོར་པས་སྒྲུབ་པ་ལ་སོགས་པའི་ཆོ་ག་དང་བཅས་པས་གང་དག་བསམ་པ་མ་ངེས། རྐྱེན་སྣ་ཚོགས་ཀྱི་དབང་དུ་འགྱུར་བཞིན་དུ་ལུང་བསྟན་དུ་མི་རུང་སྟེ། དེ་བས་ན་བཀའ་ཐམས་ཅད་ཀྱང་ཇི་ལྟར་གསུངས་པ་བཞིན་བདེན་པ་ཡང་མ་ཡིན་ལ། འདི་ཁོ་ན་བདེན་གྱི་གཞན་ནི་བདེན་པ་མ་ཡིན་ནོ་ཞེས་དགག་པར་གསུངས་པ་ཡང་མ་ཡིན་ནོ། །དེ་དག་ནི་སྤྱིར་ཤེས་པར་བྱའོ། །ཆོས་ལ་དབང་སྒྱུར་བ་རྣམས་ཀྱིས་རིག་འཛིན་རྣམས་ཀྱི་དམ་པ་གྲུབ་ནས་སྐྱེ་རྒུའི་ཚེ་ལོ་བརྒྱ་པའི་དབང་དུ་བྱས་པའི་མི་ཚེ་བཅུ་དྲུག་ཙམ་གྱིས་ཀྱང་འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར་རོ། །དེ་ལྟར་གྱུར་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་དེ་ཉིད་ལ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཡོངས་སུ་དག་པའི་ཞིང་ཁམས་སངས་རྒྱས་ཀྱི་ཞིང་གི་རྒྱན་ཕུན་སུམ་ཚོགས་པ་ལ་སོགས་པ་སྣང་ཞིང་མཐོང་བ་དང་མཐོང་བས་ཕན་ཚུན་མཉེས་པ་ལ་སོགས་པ་ནི། དཔེར་ན་ལས་མཐུན་རྣམས་ལ་ལུས་དང་གནས་དང་ལོངས་སྤྱོད་རྣམས་ཕན་ཚུན་ཐུན་མོང་དུ་སྣང་བ་བཞིན་དུ་སངས་རྒྱས་རྣམས་ཀྱང་། མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་སྦྱར་རོ། །འོ་ན་དུད་འགྲོ་དང་ཡི་དྭགས་ཕལ་པ་དག་གིས་དེ་བས་ཆེས་བསོད་ནམས་ཀྱིས་འཕགས་པའི་མི་རྣམས་མཐོང་བ་དེ་བཞིན་དུ། རྒྱལ་བ་རྣམས་དང་ཡེ་ཤེས་མཐུན་པར་མ་གྱུར་ཀྱང་མཐོང་དུ་ཅིས་མི་རུང་ཞེ་ན། ལན་དུ། གཅིག་དང་དུ་མར་བྲལ་བ་ཡིས། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ། །ཞེས་སྨོས་ཏེ། སངས་རྒྱས་ནི་སྤྲོས་པ་དང་བྲལ་བ་ཡིན་པའི་ཕྱིར་མཚན་ཉིད་མེད་པས་ཤེས་བྱེད་གང་གིས་ཀྱང་མཐོང་དུ་མི་རུང་ངོ་། །ཞེས་གསུངས་པ་སྟེ། འདི་ལྟར་སྡོང་པོ་བཀོད་པ་ལས་ཀྱང་། ཇི་ལྟར་མཚན་ཉིད་སྣ་ཚོགས་པ། །དེ་དག་བྱིས་པའི་སྤྱོད་ཚུལ་ཏེ། །གང་ཞིག་མཚན་ཉིད་ཀུན་མེད་པའི། །སངས་རྒྱས་རྣམས་ནི་མི་མཐོང་ངོ། །ཞེས་གསུངས་པ་དང་མཐུན་ནོ། །འོ་ན་སངས་རྒྱས་རྣམས་ཀྱིས་སངས་རྒྱས་རྣམས་མཐོང་བ་ཡེ་ཤེས་མཐུན་པར་སྣང་བས་སོ། །ཞེས་བཤད་པ་དེ་ཇི་ལྟར་སྣང་ཞིང་མཐོང་བར་འགྱུར་ཞེ་ན། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས་ཏེ། དེ་ལ་རང་བྱུང་གི་ཡེ་ཤེས་གོང་དུ་བསྟན་པ་བཞིན། སེམས་དང་ཡེ་ཤེས་ཀྱང་གདོད་མ་ནས་གཟུང་བ་དང་འཛིན་པས་སྟོངས་པས་མཚན་མ་དེ་ཡང་གཞན་ལ་བལྟོས་པ་མེད་ལ། རང་རིག་པ་ཙམ་དེ་ཉིད་ཀྱང་ཤེས་རིག་གི་ཆོས་ཀྱིས་སྟོང་པས་གདོད་མ་ནས་འོད་གསལ་བའི་ཕྱིར་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། འདི་ལ་ཡང་རྟེན་གང་ཡང་ཡོད་པ་མ་ཡིན་ནོ། །འདི་ལྟར་རྟེན་མེད་ཅིང་བདག་ཉིད་ཐོབ་པ་མེད་བཞིན་དུ། བྱིན་གྱིས་བརླབས་ཡོངས་སུ་དག་པའི་ཞིང་ཁམས་ན་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་སྣ་ཚོགས་སྣང་བས། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་བྱའོ། །འོ་ན་རྒྱལ་བ་རྣམས་ཀྱིས་སེམས་ཅན་མི་མཐོང་བར་འགྱུར་རོ་ཞེ་ན། རྒྱུ་གསུམ་གྱིས་གཟིགས་པར་བཤད་དུ་རུང་བར་བསྟན་པའི་ཕྱིར། མ་རྟོགས་ལོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས་ཏེ། དེ་ལ་རྒྱུ་དང་པོ་ནི། འགྲོ་བ་རྣམས་ཀྱི་ལོག་པར་རྟོག་པ་ཇི་སྐད་དུ་དངོས་པོ་གང་དང་གང་རྣམ་པར་བརྟགས་པའི་སྒྲིབ་པ་དེ་དག་ཐམས་ཅད་སངས་རྒྱས་རྣམས་ཀྱི་རྣམ་པར་དག་པར་གྱུར་བ་ཡིན་པས། ཆོས་དང་ཆོས་ཉིད་རང་བཞིན་གྱིས་འབྲེལ་བ་ཡོད་པའི་ཕྱིར་དང་། གཉིས་པ་ནི། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ལས་གུད་ན་མེད་པའི་ཕྱིར། ཡུལ་དང་ཡུལ་ཅན་རང་བཞིན་ཐ་མི་དད་པའི་འབྲེལ་བ་ཡོད་པའི་ཕྱིར་དང་། སངས་རྒྱས་རྣམས་ཀྱིས་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། ཐུགས་རྗེ་ཆེན་པོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བས་ལས་དང་ཐུགས་རྗེ་ཡོངས་སུ་བཟུང་བའི་འབྲེལ་བ་ཡོད་པའི་ཕྱིར། འགྲོ་བ་དྲུག་གི་དུས་དང་གནས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་བྱིན་རླབས་འབྱུང་ཞིང་སྣང་བར་འགྱུར་རོ། །ཞེས་པའམ། རྣམ་པ་གཅིག་ཏུ། རྒྱལ་བ་རྣམས་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་མངའ་བར་འདོད་པ་རྣམས་ཀྱི་གཞུང་ལྟར་ན་འབྲེལ་བ་འདི་གསུམ་གྱི་སྒོ་ནས། རྒྱལ་བ་རྣམས་ཀྱིས་ནི་སེམས་ཅན་ལ་འབྲེལ་བའི་ཡུལ་དུ་བྱས་ལ། སེམས་ཅན་རྣམས་ཀྱི་སྒོ་ནས་ནི་འབྲེལ་བའི་ཡུལ་དུ་མ་བྱས་པས། སངས་རྒྱས་རྣམས་ཀྱིས་ནི་གཟིགས་སོ། །སེམས་ཅན་རྣམས་ཀྱིས་ནི་མི་མཐོང་ངོ་། །ཞེས་སྦྱར་རོ། །ད་ནི་དཀྱིལ་འཁོར་ཆེན་པོ་འབྲི་བར་མི་ནུས་ན་སྙིང་པོའི་དཀྱིལ་འཁོར་ཙམ་ཞིག་བྱས་ཏེ། དེར་དད་པ་དང་ལྡན་པའི་སློབ་མ་ཞུགས་པར་གྱུར་ན་ཡང་དངོས་གྲུབ་རྩ་བའི་དཀྱིལ་འཁོར་ཆེན་པོ་དང་ཁྱད་མེད་པར་འཐོབ་བོ། །ཞེས་བསྟན་པའི་ཕྱིར། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དངོས་གྲུབ་བསྒྲུབ་པའི་ལྷ་ཡང་སྐལ་བ་མཐུན་པའི་ལྷ་ལས་དངོས་གྲུབ་ཉེ་བར་བསྟན་པའི་ཕྱིར། སྐལ་བ་མཉམ་པའི་ཡེ་ཤེས་དེ། །གཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །ཞེས་གསུངས་ཏེ། དཀྱིལ་འཁོར་ཆེ་ཆུང་གང་དུ་ཞུགས་ཀྱང་མེ་ཏོག་དོར་བར་གྱུར་པའི་ལྷ་དེ་ནི་སྐལ་བ་མཉམ་པའི་ལྷར་གྲགས་སོ། །དེ་བཞིན་དུ་བུམ་པའི་ནང་ནས་གསང་སྔགས་གཟུང་བར་གསུངས་པ་ལ་སོགས་པ་ལ་ཡང་སྦྱར་རོ། །གཞན་ཡང་སློབ་དཔོན་གྱི་རིག་པས་བྱིན་པའི་ལྷ་དག་དང་། སློབ་མའི་དད་པས་བླངས་པའི་ལྷ་དག་ཀྱང་སྐལ་བ་མཉམ་པའི་ལྷ་ཡིན་ནོ་ཞེས་སློབ་དཔོན་དག་གསུང་ངོ་། །དངོས་གྲུབ་མི་འགྲུབ་པའི་རྒྱུ་བསྟན་པའི་ཕྱིར། དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་གསུངས་པ་སྟེ། དད་པ་དང་དམ་བཅས་པའི་དམ་ཚིག་ནི་དངོས་གྲུབ་ཀྱི་རྒྱུའི་གཙོ་བོ་ཡིན་ལ། དེ་དག་དང་མི་ལྡན་ན་དངོས་གྲུབ་མི་འགྲུབ་ཅིང་སྡུག་བསྔལ་གྱི་རྒྱུར་བཤད་དོ། །ཚུལ་འདི་ལྟ་བུ་ནི་གཞུང་གཞན་ལས་ཀྱང་འདི་སྐད་དུ། བྱང་ཆུབ་སེམས་ནི་མ་བསྐྱེད་དང་། །ཐེ་ཚོམ་ཡོད་པ་ཉིད་དང་ནི། །གང་ཞིག་བཀའ་སྩལ་མི་བྱེད་དང་། །མ་དད་པས་ནི་མི་འགྲུབ་བོ། །ཞེས་གསུངས་པ་ལྟ་བུའོ། །ལེའུ་དགུ་པའོ། །ད་ནི་དབང་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དབང་སྤྱིའི་དོན་ནི་སྔར་བཤད་ཟིན་ཏོ། །རྒྱལ་པོ་སྦྱིན་པ་ཞེས་བྱ་བ་ནི། དབང་བསྐུར་བ་ནི་ཆོས་ཀྱི་རྒྱལ་པོའི་གོ་འཕང་སྦྱིན་པ་ཡིན་པའི་ཕྱིར་རོ། །དེ་ལ་དབང་གི་བྱེ་བྲག་ཀྱང་སྔོན་གྱི་སློབ་དཔོན་དག་ན་རེ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་གྱི་དབང་ནི་སྤྱིའི་དབང་ཡིན་ལ། རྒྱུད་གཞན་གྱི་དབང་ནི་བྱེ་བྲག་གི་དབང་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་ཡོ་ག་ཕྱིའི་དབང་བཅུ་དང་བཅུ་གསུམ་ལ་སོགས་པར་གྲགས་པ་དང་། དཔལ་གསང་བ་འདུས་པ་དང་ཟླ་གསང་ཐིག་ལེ་ལ་སོགས་པ་ནས། བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཞེས་བྱ་བར་གྲགས་པ་དང་། སངས་རྒྱས་མཉམ་སྦྱོར་ལས། སློབ་དཔོན་དང་སློབ་མའི་དབང་གིས་བསྡུས་པ། གསང་བ་བྱང་ཆུབ་སེམས་དང་། དབུ་རྒྱན་དང་། ཕྱག་རྒྱ་དང་། མིང་གི་དབང་རྣམས་སུ་གསུངས་པ་ལ་སོགས་པ་རྒྱུད་སོ་སོའི་གཞུང་ལས་གྲགས་པ་རྣམས་ནི། འདི་ལས་ཕན་པའི་དབང་དང་ནུས་པའི་དབང་རྣམ་པ་གཉིས་སུ་གསུངས་པའི་གཞུང་འདིར་འདུས་པར་སྣང་སྟེ། དེ་ལ་རྣལ་འབྱོར་ཕྱི་པ་ལས་གསུངས་པའི་བུམ་པ་དང་། དབུ་རྒྱན་དང་། ཅོད་པན་དང་། འཕྲེང་བ་དང་། ཕྱག་རྒྱ་དང་ལྔ་ནི་དངོས་སུ་འདུས་སོ། །གཟུངས་ཀྱི་དབང་ནི་ཉན་པའི་དབང་ཡིན་ནོ། །དེ་བཞིན་དུ་གསང་བའི་དབང་ནི་སྒོམ་ཞིང་བསྒྲུབ་པའོ། །ལས་ནི་ལས་ཉིད་དོ། །འཁོར་ལོ་སྒྱུར་བ་ནི་བཤད་པའོ། །འཁོར་ལོ་སྒྱུར་བ་ཆེན་པོ་ནི་རྡོ་རྗེ་རྒྱལ་པོ་སྟེ་དེ་ལྟར་འདུས་པར་ཤེས་པར་བྱའོ། །དེ་ལས་བྱེ་བྲག་ཏུ་ནི་ནུས་པའི་དབང་རྣམ་པ་ལྔ། གསང་བའི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བའི་བྱེ་བྲག་ཏུ་བསྟན་ཏོ། །ཕྱིའི་གསང་བ་ཞེས་བྱ་བ་སྨོས་པས་ནི། སྤྱིར་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ལ་སྤྱོད་པའི་དབང་དུ་བསྟན་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་གཞན་ལས་གསུངས་པ་ཡང་བུམ་པ་དང་གསང་བའི་དབང་དུ་འདུས་ཏེ། །ཤེས་རབ་ཡེ་ཤེས་ཀྱང་གསང་བའི་དབང་དུ་གཏོགས་པའང་ཡིན་ལ། །དེ་དང་ཐུན་མོང་ཁོ་ན་ཡང་མ་ཡིན་པ་དང་། དབང་བཞི་པ་ཞེས་གྲགས་པའང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཁོངས་སུ་གཏོགས་པའང་ཡིན་ལ། དེ་དང་ཐུན་མོང་ཁོ་ནའང་མ་ཡིན་པ་ནི། དཔེར་ན་བདུད་སྡིག་ཅན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ཁོངས་སུ་གཏོགས་པའང་ཡིན་ལ། ལྷ་གཞན་དང་ཡང་ཐུན་མོང་མ་ཡིན་པ་བཞིན་ནོ། །དེ་བས་ན་མདོར་བསྡུ་ན་བུམ་དབང་དང་གསང་དབང་གཉིས་སུ་འདུས་ཏེ། དེ་ཡང་རྒྱུད་འདིར་གསུངས་པའི་ཕན་པ་དང་ནུས་པའི་དབང་རྣམ་པ་གཉིས་ཡིན་ནོ། །ཇི་ལྟ་ཞེ་ན། ཕན་པའི་དབང་ཡང་བུམ་པའི་དབང་གི་བྱེ་བྲག་ཡིན་ལ། ནུས་པའི་དབང་རྣམས་ཀྱང་གསང་བའི་དབང་གི་བྱེ་བྲག་ཡིན་ནོ། །དེ་ལ་གོ་ཆ་དང་རྒྱལ་མཚན་དང་གདུགས་གསུམ་ནི་ལྷ་དང་མིའི་རྒྱལ་པོ་ཐུན་མོང་གི་དབང་ངོ་། །བཟའ་བཏུང་ནི་འདོད་པའི་ཡོན་ཏན་ལ་རོལ་པའི་དབང་ངོ་། །སྙིང་པོ་ལྔ་ནི་བདེ་བར་གཤེགས་པའི་སྙིང་པོའི་དབང་སྟེ། དུག་ལྔ་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་བཅས་པ་ཡེ་ཤེས་ལྔའི་སྙིང་པོ་ཅན་ཡིན་པའི་ཕྱིར་ཡེ་ཤེས་ལྔའི་དབང་སྟེ། འདི་དག་ཀྱང་བུམ་དབང་དུ་འདུས་སོ། །དེ་ལ་ནུས་པའི་དབང་རྣམས་ཇི་ལྟར་བསྐུར་ཞེ་ན། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །རྩེ་ནས་བསྟིམ་ཞིང་དཀྱིལ་འཁོར་སྒྱུར། །ཞེས་གསུངས་ཏེ། གོང་དུ་དཀྱིལ་འཁོར་བྲི་བའི་ཆོ་ག་དང་། དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཆོ་གའི་ལེའུ་བདུན་པའི་སྐབས་སུ་བསྟན་པ་བཞིན་ལྷའི་དཀྱིལ་འཁོར་བསྒོམ་སྟེ། དེ་ནས་སྤྱན་དྲངས་བ་དང་མཆོད་པའི་ཆོ་ག་ལེགས་པར་བྱས་ནས། བདག་ཉིད་འཇུག་པ་དང་། སློབ་མ་དཀྱིལ་འཁོར་དུ་གཞུག་པ་བྱས་ཏེ། དང་པོར་ཕན་པའི་དབང་རྣམས་བསྐུར་བའི་རྗེས་ལ་གཟུངས་མ་བྱིན་གྱིས་བརླབས་ཏེ། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་མཁའ་ལ་ལྟེངས་པ་ལས་སློབ་མའི་ལྕེ་རྩེར་བཞག་སྟེ། དེ་ལ་སོ་སོའི་གནས་སུ་ཡི་གེ་བྷྲཱུཾ་ལས་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ། ཉི་མའི་གདན་སྟེང་དུ་རིགས་སོ་སོའི་ཡིག་འབྲུ་ལ་སོགས་པ་ཆོ་ག་གསུམ་གྱི་ཚུལ་གྱིས་རིགས་སོ་སོའི་ལྷར་བསྐྱེད་དེ། དེ་དག་གི་འཕྲོ་འདུས་སོ་སོའི་བྱིན་རླབས་བསྡུས་ཏེ། གནས་གནས་སུ་ཐིམ་པས་སོ་སོའི་དབང་ཐོབ་པར་སྒོམ་ཞིང་། སོ་སོའི་སྔགས་བརྗོད་དོ། །ཏྲཱཾ། གསང་བ་གསང་ཆེན་གསང་མཆོག་གང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཇི་སྐད་སྨོས་པ་རྣམས་སོ། །དེ་ལ་ཉན་པའི་དབང་ནི་རིན་པོ་ཆེའི་རིགས་ཀྱིས་དབང་བསྐུར་བ་ནི་གཟུངས་ཀྱི་དབང་སྟེ། ཚིག་གི་གཟུངས་དང་། དོན་གྱི་གཟུངས་དང་། སྔགས་ཀྱི་གཟུངས་ཟ་མ་ཏོག་ལ་སོགས་པའི་ཡོན་ཏན་རིན་པོ་ཆེའི་གཏེར་འཛིན་པའི་ཕྱིར་རོ། །ལས་ཀྱི་དབང་ནི་ལས་ཀྱི་རིགས་ཀྱི་བདག་ཉིད་དོ། །བསྒོམ་ཞིང་བསྒྲུབ་པ་ནི་རིགས་སོ་སོའི་ལྷ་གང་ཡིན་པའོ། །བཤད་པ་ནི་པདྨའི་རིགས་ཆོས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་རྒྱལ་པོ་ནི་རིགས་ཐམས་ཅད་ཀྱི་བདག་པོ་ཆེན་པོ་ཡིན་པའི་ཕྱིར་རིགས་ཀྱི་སྤྱིའི་དབང་བསྐུར་རོ། །དབང་ཐོབ་པའི་ཡོན་ཏན་ནི། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་ཡོན་ཏན་གྱི་ཐོག་མ་སྨོས་པ་ཡིན་ཏེ། དེ་ལ་རྒྱལ་བའི་སྲས་ཞེས་བྱ་བའི་མིང་གང་དུ་ཐོབ་པ་ནི། ཐེག་པ་ཆེན་པོ་སྤྱི་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རྒྱལ་བའི་སྲས་སུ་མིང་འཐོབ་བོ་ཞེས་གྲགས་སོ། །བདེན་པ་མཐོང་ནས་དངོས་གཞི་འཐོབ་བོ་ཞེས་གྲགས་སོ། །དེ་བཞིན་དུ་གསང་སྔགས་ཀྱི་ཚུལ་ལས་ཀྱང་། དབང་ཐོབ་ནས་རྒྱལ་བའི་སྲས་ཞེས་བྱ་བའི་མིང་འཐོབ་པས། རིག་པ་འཛིན་པར་གྱུར་ནས་རྒྱལ་བའི་སྲས་ཉིད་དུ་གྱུར་པ་ཡིན་ནོ། །ལེའུ་བཅུ་པའོ། །ད་ནི་ཚོགས་ཀྱི་དཀྱིལ་འཁོར་སྟོན་ཏེ། དེ་ཡང་འདིའི་སྒོ་ནས་ཆོས་ཀྱི་རྒྱལ་པོ་ཉིད་དུ་མངོན་པར་འགྲུབ་པར་བྱ་བའི་ཕྱིར། རྒྱལ་པོར་གྱུར་པ་ཞེས་སྨོས་སོ། །འདིར་ཚོགས་ཀྱི་དཀྱིལ་འཁོར་ཡང་བསམ་པ་དང་སྤྱོད་པ་དང་། ཚད་དང་ཇི་ལྟར་བྱ་བའི་ཚུལ་རྣམས་ཀྱིས་སྟོན་པར་བྱེད་པ་ལ། དེ་ལ་དང་པོ་བསམ་པ་བསྟན་པའི་ཕྱིར། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་རྟོགས་པ་རྣམ་པ་བཞིའི་ལམ་གྱིས་ཡིད་ཆེས་པ་དང་། རང་གི་ཡན་ལག་ཏུ་གཏོགས་པ་ཡེ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་ཤེས་པ་དང་། ཕྱི་རོལ་གྱི་ཡུལ་རྣམས་དབྱིངས་དང་དབྱིངས་ཀྱི་ཡུལ་དུ་ཤེས་པ་དང་། ཡོ་བྱད་རྣམས་གཉིས་སུ་མེད་པའི་བྱང་ཆུབ་སེམས་སུ་ཤེས་པའོ། །དེ་ལ་རྟོགས་པ་བཞིའི་ཚུལ་གྱིས་ཆོས་ཐམས་ཅད་སངས་རྒྱས་པར་ཤེས་པར་བྱ་སྟེ། དེ་ལ་རྟོགས་པ་རྣམ་པ་བཞི་ནི། རྒྱུ་གཅིག་པར་རྟོགས་པ་དང་། ཡིག་འབྲུའི་ཚུལ་གྱིས་རྟོགས་པ་དང་། བྱིན་གྱིས་བརླབ་པར་རྟོགས་པ་དང་། མངོན་སུམ་པར་རྟོགས་པའོ། །དེ་ལ་རྒྱུ་ཞེས་བྱ་བ་ནི་སྤྱིར་སྐྱེད་པར་བྱེད་པའི་ས་བོན་དང་། རྟེན་གྲོགས་དང་། གཏན་ཚིགས་དང་། མཚན་ཉིད་རྣམས་ལ་འཇུག་གོ །དེ་ལས་འདིར་མཚན་ཉིད་ལ་གཟུང་བར་བྱའོ། །གཅིག་ཅེས་བྱ་བ་ཡང་སྤྱིར་མཚུངས་པ་དང་གྲངས་དང་དབྱེར་མེད་པ་རྣམས་ལ་འཇུག་སྟེ། འདིར་དབྱེར་མེད་པ་ལ་གཟུང་བར་བྱ་སྟེ། དེ་བས་ན་ཆོས་ཐམས་ཅད་མཚན་ཉིད་དབྱེར་མེད་པར་རྟོགས་པས། ཆོས་དང་ཆོས་ཅན་མི་དམིགས་པ་ནི་རྒྱུ་གཅིག་པར་རྟོགས་པ་ཞེས་བྱའོ། །དེ་ཡང་ཐེག་པ་ཆེན་པོ་སྤྱིའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒོ་ནས་རྟོགས་པ་རྣམ་པ་གསུམ་སྟེ། དེ་ལ་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པའི་མཚན་ཉིད་ཀྱིས་སོ་སོ་མ་ཡིན་པ་དང་། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཀྱིས་སོ་སོ་མ་ཡིན་པར་རྟོགས་པ་གཉིས་ནི་ཐེག་པ་ཆེན་པོ་ཐུན་མོང་དུ་གྲགས་པའོ། །མ་སྐྱེས་པ་ཉིད་སྒྱུ་མ་སྣ་ཚོགས་སུ་སྣང་ཞིང་བྱ་བ་བྱེད་པར་སྣང་ལ། སྒྱུ་མ་ཉིད་ཇི་ལྟར་སྣང་བ་དེ་ལྟ་བུའི་ངོ་བོ་ཉིད་མེད་དེ་མ་སྐྱེས་པས། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པར་རྟོགས་པ་ནི་ལུང་ཟབ་མོ་ལས་གྲགས་པའི་ཐུན་མོང་མ་ཡིན་པའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ནི་ཚུལ་སྔ་མ་དེ་ཉིད་ཀྱང་སྐུ་གསུང་ཐུགས་འབྲས་བུའི་ཆོས་སུ་སངས་རྒྱས་པར་རྟོགས་པ་སྟེ་ཐུན་མོང་མ་ཡིན་པའོ། །ཇི་ལྟ་ཞེ་ན། མ་སྐྱེས་པ་ནི་ཡི་གེ་ཨ་སྟེ། ཨ་ནི་བརྗོད་དུ་མེད་པའི་གསུང་རྡོ་རྗེའོ། །སྒྱུ་མ་སྣ་ཚོགས་སུ་སྣང་བ་ནི་ཡི་གེ་ཨོའི་རང་བཞིན་ཏེ། ཨོ་ནི་ཆོ་འཕྲུལ་གྱི་བདག་ཉིད་སངས་རྒྱས་ཀྱི་བདག་ཉིད་ཀྱི་འཕྲུལ་པ་སྒྱུ་མ་དང་ཆུ་ཟླ་ལ་སོགས་པ་ལྟར་གཉེན་པོས་མི་ཕྱེད་པའི་སྐུ་རྡོ་རྗེའོ། །སྣང་བ་དང་མ་སྐྱེས་པ་གཉིས་སུ་མེད་པ་ནི་ཡི་གེ་ཨོཾ་སྟེ། ཨོཾ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པར་རིག་པའི་མཚན་ཉིད་ཀྱི་འཕྲུལ་པ་ཐུགས་རྡོ་རྗེའོ། །བྱིན་གྱིས་བརླབས་པར་རྟོགས་པ་ནི། རྟོགས་པ་རྣམ་པ་གཉིས་པོ་དེའི་མཐུ་དང་བྱིན་རླབས་ཤེས་པ་སྟེ། དེ་ལ་ཆོས་ཐམས་ཅད་ནི་ཡེ་ནས་སངས་རྒྱས་པ་ཡིན་མོད་ཀྱི། འོན་ཀྱང་རྟོགས་པ་རྣམ་པ་གཉིས་པོ་དང་མི་ལྡན་པའི་འགྲོ་བ་རྣམས་ལ་ནི། དེས་ཕན་འདོགས་པར་སྣང་བར་མི་འགྱུར་རོ། །དེ་གཉིས་དང་ལྡན་ན་ནི་ཕན་ཐོགས་པར་སྣང་བར་འགྱུར་ཏེ། དེ་བས་ན་རྟོགས་པ་རྣམ་པ་གཉིས་ཀྱི་མཐུས་ཆོས་ཐམས་ཅད་སངས་རྒྱས་པར་བྱིན་གྱིས་རློབ་པ་ལྟ་བུར་སྣང་བར་འགྱུར་བས། བྱིན་གྱིས་བརླབས་པར་རྟོགས་པ་ཞེས་བྱའོ། །མངོན་སུམ་པར་རྟོགས་པ་ནི། སྤྱིར་དབང་པོའི་མངོན་སུམ་ལ་སོགས་པར་གྲགས་པའང་ཡོད་ཀྱི། འདིར་ཤེས་རབ་ཀྱི་དབང་པོའི་མངོན་སུམ་སྟེ། དེ་ཡང་སོ་སོར་རྟོགས་པའི་ཤེས་རབ་ཉིད་ལ་ཤེས་པར་བྱའོ། །དེ་ཡང་རྟེན་དང་ལྡན་པ་སྟེ། དཔེར་ན་གསེར་ནི་བསྲེགས་བཅད་བདར་བ་གསུམ་གྱིས་རྟོགས་པར་བྱེད་པ་དེ་བཞིན་དུ། ཕྱིན་ཅི་མ་ལོག་པའི་དོན་གང་ཡིན་པ་དེ་ཡང་ངེས་པའི་ལུང་དང་། དངོས་གྲུབ་ཐོབ་ཅིང་མཁས་པར་གྱུར་བའི་བླ་མ་རྣམས་ཀྱི་མན་ངག་དང་། དེ་གཉིས་དང་མཐུན་པར་ཞུགས་པའི་སོ་སོར་རྟོག་པའི་ཤེས་རབ་རྣམས་ཀྱིས་དོན་གཏན་ལ་དབབ་པར་བྱ་བ་སྟེ། དེ་ལ་བསྲེགས་པས་ནི་གསེར་ཡིན་ནམ་མ་ཡིན་ཤེས་པར་འགྱུར་རོ། །བཅད་པས་ནི་གསེར་གྱི་གསོག་ཤེས་པར་འགྱུར་རོ། །བདར་བས་ནི་བསླད་པས་ངན་པ་དང་རང་བཞིན་ངན་པ་ལ་སོགས་པའི་བཟང་ངན་གྱི་བྱེ་བྲག་ཤེས་པར་འགྱུར་རོ། །དེ་བཞིན་དུ་ངེས་པའི་ལུང་དང་མཐུན་པས་ནི་དོན་གྱི་སྤྱི་ཕྱིན་ཅི་མ་ལོག་པ་ཤེས་པར་འགྱུར་རོ། །མན་ངག་དང་མཐུན་པས་ནི་ལུང་གི་དགོངས་པའི་དོན་གཞན་དུ་འདྲེན་པ་གཅོད་པར་འགྱུར་རོ། །དེ་གཉིས་དང་མཐུན་པར་སྐྱེས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མངོན་དུ་དེ་ལྟར་རྟོགས་པ་ནི། ཐོས་པ་ཙམ་ལ་སོགས་པ་ལ་རྟོགས་པ་ཉིད་དུ་ཞེན་པ་སེལ་ཞིང་གཅོད་པར་བྱེད་དོ། །གཞུང་འདིར་ནི་འདི་ལྟ་བུ་ལ་མངོན་སུམ་དུ་རྟོགས་པ་ཞེས་བྱའོ། །ཐུན་མོང་དུ་གྲགས་པ་ནི། མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པའི་སྒོ་ནས་དོན་གཏན་ལ་འབེབས་པ་ཉིད་གསེར་བསྲེགས་པ་དང་བཅད་པ་ལ་སོགས་པའི་དཔེ་སྦྱར་བ་དང་བཤད་པ་ལྟ་བུ་ནི་མ་ཡིན་ཏེ། གང་གི་ཕྱིར་ལས་ཀྱི་སྒྲིབ་པ་མ་དག་པ་རྣམས་ལ་སྣང་བའི་མངོན་སུམ་ཉིད་སུན་འབྱིན་པར་བྱེད་པ་ཡིན་པས། དེ་ལྟ་བུ་ལ་བརྟེན་པའི་རྗེས་སུ་དཔག་པ་ཡང་གཏན་ཚིགས་སུ་མི་རུང་སྟེ། དེ་བས་ན་འདི་ལྟ་བུ་ནི་འདིར་སྦྱར་དུ་མི་རུང་ངོ། །དེ་ལྟར་རྟོགས་པ་རྣམ་པ་བཞིའི་ཚུལ་གྱིས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་རྟོགས་པ་ནི་སྤྱིའི་དོན་ཤེས་པའི་བསམ་པ་ཡིན་ནོ། །ད་ནི་བྱེ་བྲག་གི་བསམ་པ་སྟོན་ཏེ། དེའི་ཕྱིར། ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ཨོཾ་དུ་ཤེས་པར་བྱ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་སྒོམ། །ཡང་ན་ཁྲོ་བོའི་དཀྱིལ་འཁོར་བསྒོམ། །ཞེས་གསུངས་ཏེ། དེ་ལ་ཡན་ལག་ནི་དབང་པོའི་རྟེན་ཁོག་པའོ། །དེ་བས་ན་ཡན་ལག་ལ་བརྟེན་པའི་དབང་པོ་དང་། དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ནི་མདོར་བསྡུ་ན་ལུས་ཞེས་བྱ་སྟེ། ལུས་ཉིད་ཇི་ལྟར་སྣང་བ་དེ་ལྟར་མ་ཡིན་ཏེ། ཡེ་ཤེས་ཡིན་ཏེ། རྣམ་སྨིན་ཨོཾ་དུ་ཤེས་པར་བྱ། །ཞེས་སྨོས་ཏེ། དེ་ལ་ཨོཾ་ནི་ཡི་གེ་གསུམ་འདུས་པ་སྟེ། གོང་དུ་བཤད་པ་བཞིན་དུ་ཨ་ཨུ་མ་རྣམས་ལས་ཨོཾ་གྲུབ་པར་འགྱུར་ལ། ཡི་གེ་གསུམ་ཡང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ། དེ་གསུམ་དབྱེར་མེད་པ་ཉིད་ཐུགས་རྡོ་རྗེའི་རང་བཞིན་ནོ། །དེ་ལྟ་བུའི་རང་བཞིན་ལས་མ་གཡོས་བཞིན་དུ། ཡེ་ཤེས་ཀྱི་སྤྲུལ་པ་རྒྱལ་བ་ཡབ་ཀྱི་དཀྱིལ་འཁོར་དུ་བསྒོམ་ཞིང་བསམ་པར་བྱ་བ་ཡིན་པས། རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞེས་གསུངས་སོ། །གང་གི་ཚེ་གདུག་པ་ཅན་འདུལ་བའི་སྐབས་ལ་བབ་པར་གྱུར་པ་དེའི་ཚེ། ཁྲོ་བོའི་ཚུལ་དུ་བསྒོམ་པར་བྱ་བ་ཡིན་པས། ཡང་ན་ཁྲོ་བོའི་དཀྱིལ་འཁོར་བསྒོམ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ལུང་བསྟན་ནས་སྤྱོད་ཡུལ་བསྟན་པའི་ཕྱིར། གཟུགས་སྒྲ་དྲི་རོ་རེག་ལ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཕྱིའི་སྤྱོད་ཡུལ་ཐམས་ཅད་ནི་ཇི་ལྟར་སྣང་བ་དེ་ལྟ་བུའི་རྣམ་པ་མ་ཡིན་ཏེ། རང་བཞིན་སྤྲོས་པ་ཉེ་བར་ཞི་བས་ན། རྣམ་སྨིན་མཱུཾ་དུ་ཤེས་པར་བྱ། །ཞེས་སྨོས་ཏེ། དེ་ལ་ཡི་གེ་མཱུཾ་ནི་མུཀ་ཏ་མོ་ཀྵ་སྟེ། གྲོལ་ཞིང་ཐར་པའི་དོན་ཏོ། །ཐིག་ལེ་ནི། མ་ཞེས་མཉམ་དང་མི་མཉམ་མེད། །ཅེས་གསུངས་ཏེ། མདོར་ན་ཡི་གེ་མཱུཾ་ནི་ཆོས་གཉིས་སུ་མེད་པའི་ཕྱག་རྒྱའོ། །དེའི་ངང་ལས་ཞི་བ་དང་ཁྲོ་བོས་བསྡུས་པའི་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་དུ་བསྒོམ་ཞིང་ཤེས་པར་བྱ་བ་ཡིན་པར་བསྟན་པའི་ཕྱིར། ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་མོའི་དཀྱིལ་འཁོར་བསྒོམ། །ཞེས་གསུངས་པ་ཡིན་ནོ། །ད་ནི་ཉེ་བའི་ལོངས་སྤྱོད་རྣམས་ཀྱི་བསམ་པའི་ཚུལ་བསྟན་པའི་ཕྱིར། གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བའི་ལོངས་སྤྱོད་འདི་རྣམས་ཀྱང་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དང་། ཡབ་ཡུམ་གཉིས་སུ་མེད་པའི་ལྷག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཤེས་ཤིང་བསམ་པར་བྱ་བ་ཡིན་པས་ན། ཧཱུཾ་དུ་ཤེས་པས་རབ་སྤྱད་ན། །ཞེས་སྨོས་ཏེ། དེ་ལ་ཡི་གེ་ཧ་ནི་ཨ་ཧ་ད་སྟེ་མི་ཤིགས་པའོ། །ཨུ་ནི་འདུས་པའོ། །ཐིག་ལེ་ནི་མཉམ་པ་ཉིད་དེ། དེ་བས་ན་གཉིས་སུ་མེད་པའི་བྱང་ཆུབ་སེམས་སུ་ཆོས་ཐམས་ཅད་འདུས་ཤིང་མཉམ་པ་ཉིད་དུ་རྟོགས་པ་ནི་མཆོད་པའི་མཆོག་ཡིན་པས། ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་གསུངས་པ་ཡིན་ནོ། །ད་ནི་ཚོགས་ཀྱི་དཀྱིལ་འཁོར་གྱི་སྤྱོད་པ་བསྟན་པའི་ཕྱིར། ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྤྱོད་པའང་མདོ་བསྡུ་ན། སྦྱོར་བ་དང་སྒྲོལ་བའོ། །དེ་ལ་སྦྱོར་བ་ནི་ཤེས་རབ་ཀྱི་སྤྱོད་པའོ། །སྒྲོལ་བ་ནི་ཐབས་ཀྱི་སྤྱོད་པ་སྟེ། དེ་ལྟར་ཐབས་དང་ཤེས་རབ་ཀྱི་སྤྱོད་པ་གཉིས་སུ་ནི་ཐེག་པ་ཆེན་པོའི་སྤྱོད་པ་ཐམས་ཅད་ནི་དངོས་སུ་འདུས་པ་ཡིན་ལ། ཐེག་པ་ཆུང་ངུའི་སྤྱོད་པ་རྣམས་ཀྱང་དེའི་ཆར་གཏོགས་པ་ཡིན་ནོ། །དེ་ལ་སྦྱོར་བ་ཇི་ལྟར་ཤེས་རབ་ཀྱི་སྤྱོད་པ་ཡིན་ཞེ་ན། ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དེ་ཡང་རྣམ་པ་གསུམ་སྟེ། ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོའོ། །དེ་ལ་ལས་ཀྱི་ཕྱག་རྒྱ་ནི་རྣམ་པར་སྨིན་པའི་ལུས་ཀྱི་བདག་ཉིད་བུད་མེད་རྣམས་སོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཡེ་ཤེས་ལས་སྤྲུལ་པའི་ལྷ་མོ་རྣམས་སོ། །ཕྱག་རྒྱ་ཆེན་པོ་ནི་ཆོས་ཀྱི་སྐུ་མཚན་ཉིད་མེད་པའོ། །འདི་རྣམས་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པ་དང་། འདི་རྣམས་ལ་བརྟེན་ནས་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་བའི་གནས་ཡིན་པས། ཤེས་རབ་ཀྱི་སྤྱོད་པའི་དམ་ཚིག་ཡིན་པའི་ཕྱིར་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱི་སྤྱོད་པའོ། །སྒྲོལ་བའང་ཐབས་ཀྱི་སྤྱོད་པ་སྟེ། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཐར་པ་དང་བདེ་བ་ལ་འགོད་པ་ཙམ་ལས་མ་གཏོགས་པའི་ཐབས་གཞན་མེད་པའི་ཕྱིར་རོ། །དེ་ལ། ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་བྱ་བ་ནི་གཟུགས་དང་མཚན་རབ་འབྲིང་རྣམ་པ་གསུམ་སྟེ། དེ་ལ་རབ་ནི་འདོད་ཆགས་ཀྱི་ཡུལ་གསུང་གི་ཡུམ་མོ། །འབྲིང་ནི་གཏི་མུག་གི་ཡུལ་སྐུའི་ཡུམ་མོ། །ཐ་མ་ནི་ཞེ་སྡང་གི་ཡུལ་ཐུགས་ཀྱི་ཡུམ་སྟེ། སྒྲུབ་པའི་སྐབས་ཀྱི་རིགས་སོ་སོར་དབྱེ་བའམ། ཡང་ན་མི་དབྱེ་བ་སྟེ། གང་གི་ཕྱིར་གཟུངས་མ་ཐམས་ཅད་ཀྱང་དད་པས་ཆགས་པ་ཅན་ཞིག་ན། སྙིང་རྗེ་ཆེན་པོའི་ཡུལ་དུ་མཉམ་པར་གཟུང་བར་བྱ་བ་ཡིན་པ་དང་། ཤེས་རབ་ཀྱི་རང་བཞིན་དང་གནས་ཡིན་པས་བུད་མེད་ཐམས་ཅད་ཀྱང་མི་སྨད་ཅིང་མི་སྤང་བའི་དམ་ཚིག་ཏུ་གསུངས་པས། དབྱེ་བའམ་ཡང་ན་མི་དབྱེ་བར། །ཞེས་གསུངས་པ་ཡིན་ནོ། །ཇི་སྐད་བསྟན་པའི་གཟུངས་འདི་རྣམས་ལ་བརྟེན་ནས་ཤེས་རབ་ཀྱི་སྤྱོད་པར་གྱུར་པ་གཉིས་སུ་མེད་པའི་སྦྱོར་བ་བརྩམས་པའི་དུས་ན་ཡང་བསྙེན་སྒྲུབ་རྣམ་པ་བཞིའི་ཏིང་ངེ་འཛིན་དང་ལྡན་པར་བྱ་དགོས་ཏེ། དེ་བསྟན་པའི་ཕྱིར། བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་སྒྲུབ་ཆེན་པོས། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་བསྙེན་སྒྲུབ་ནི་གསང་སྔགས་སྤྱིའི་ཚུལ་ལས་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་བ་ལ། དང་པོར་བསྙེན་པའི་མཚན་ཉིད་མཚན་མ་དང་དུས་དང་གྲངས་རྣམས་ལ་དམ་བཅས་པའི་བདག་ཉིད་ནི་བསྙེན་པ་ཞེས་གྲགས་སོ། །དམ་བཅས་པ་རྫོགས་ནས་དངོས་གྲུབ་བསྒྲུབ་པའི་མཚན་ཉིད་མཚན་ཐོག་མཐའ་དང་བཅས་པ་ནི་སྒྲུབ་པ་ཞེས་གྲགས་སོ། །རྒྱུད་ཁ་ཅིག་ལས་དེ་ཉིད་ཀྱི་ཡན་ལག་གི་དབྱེ་བས་བསྙེན་སྒྲུབ་ཡན་ལག་བཞིར་གྲགས་ཏེ། དེ་དག་གིས་ནི་དངོས་གྲུབ་བསྒྲུབ་པའི་སྤྱོད་པ་ཐམས་ཅད་བསྡུས་སོ། །གསང་བ་འདུས་པ་ལྟ་བུ་ལས་ནི། བསྙེན་སྒྲུབ་ཡན་ལག་བཞིས་རྒྱུད་ཀྱི་གཞུང་བསྡུས་པ་དང་། སྦྱོར་བ་དང་པོའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་ཆེ་འབྲིང་བྱེ་བྲག་དང་བཅས་པ་བསྡུས་པ་དང་། ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བའི་སྐབས་བསྡུས་པ་ལ་སོགས་པ་ལྟ་བུའང་ཡོད་མོད་ཀྱི། འདིར་ནི་དེ་ལྟ་བུ་དག་སྔོན་གྱི་སློབ་དཔོན་དག་གིས་དེ་ལྟ་བུར་མ་བཤད་པས་དེ་དག་ལྟར་སྦྱར་བར་མི་བྱའོ། །འདིར་གྲགས་པ་ནི། བསྙེན་པ་ནི་བྱང་ཆུབ་ཀྱི་སེམས་ཤེས་པ། ཉེ་བའི་བསྙེན་པ་ནི་བདག་ཉིད་ལྷར་ཤེས་པ། སྒྲུབ་པ་ནི་ཡུམ་བསྐྱེད་པ། སྒྲུབ་པ་ཆེན་པོ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་སྟེ། འདི་ལྟ་བུའི་ཚུལ་གྱིས་སྦྱོར་བ་བརྩམ་མོ་ཞེས་བྱ་བའི་དོན་ནོ། །དགྱེས་མཉམ་མཆོག་གི་སྦྱིན་པ། ཞེས་བྱ་བ་ནི་ཐམས་ཅད་དབྱེར་མེད་པར་ལྟ་བ་དང་། དེ་ལྟ་བུར་བསྒོམ་པའི་ཏིང་ངེ་འཛིན་གྱི་མཐུས་ལོངས་སྤྱོད་ཆེན་པོ་མཉམ་དུ་རོལ་པའི་བསམ་པས་ཟིན་པའོ། །མཆོག་གི་སྦྱིན་པ་ཞེས་བྱ་བ་ནི་དོན་ཆེན་པོ་དང་ལྡན་པ་སྟེ། འདི་ལྟར་གཉིས་སུ་མེད་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལ་གནས་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སངས་རྒྱས་ཀྱི་ས་གསུམ་ལ་སོགས་པ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཕྱི་ནང་གི་མཆོད་པར་གཏོགས་པ་ལོངས་སྤྱོད་ཆེན་པོའི་རྒྱན་དུ་གྱུར་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཤེས་པ་དང་། སེམས་ཅན་རྣམས་ཀྱི་ཡོངས་སུ་རྫོགས་པར་འགྱུར་བའི་ལས་བསམ་སྦྱོར་དང་དངོས་དང་མཇུག་ལ་སོགས་པ་ཡོངས་སུ་དག་པར་ཤེས་པར་གྱུར་པས་མཆོག་གི་སྦྱིན་པ་ཞེས་སྨོས་སོ། །དེའི་ཞར་ལ་བདུད་རྩིའི་མཆོད་པ་དང་དངོས་གྲུབ་བླང་བར་བསྟན་པའི་ཕྱིར། སྒྲུབ་པ་ཉི་ཟླའི་སྙིང་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ད་ནི་སྒྲོལ་བ་བསྟན་པའི་ཕྱིར། ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། འདི་དག་ཀྱང་ཁ་ཅིག་ནི་གདུལ་བྱའི་ཞིང་དང་སྦྱར། ཁ་ཅིག་ནི་བླ་མའི་ཁྱད་པར་དང་སྦྱར་རོ་ཞེས་གྲགས་སོ། །དེ་དག་མི་དམིགས་པའི་ཏིང་ངེ་འཛིན་ནི། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །ཅེས་བྱ་བ་ལ་སོགས་པའོ། །ད་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་ཚུད་པའི་ཚད་བསྟན་པའི་ཕྱིར། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྣོད་དག་པ་ནི་གནས་འབྱུང་བ་ཆེན་པོ་ལྔ་ཡུམ་ལྔའི་རང་བཞིན་དུ་དག་པར་རྟོགས་པའོ། །བཅུད་དག་པ་ནི་ཕུང་པོ་ལྔས་བསྡུས་པ་རིགས་རྣམ་པ་ལྔར་དག་པར་རྟོགས་པའོ། །རྒྱུད་དག་པ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པར་རྟོགས་པ་སྟེ། དེ་ལྟར་དག་པ་རྣམ་པ་གསུམ་མོ། །མཉམ་གཉིས་ནི་དོན་དམ་པར་མ་སྐྱེས་པར་མཚུངས་པ་དང་། ཀུན་རྫོབ་ཏུ་སྒྱུ་མར་མཉམ་པ་ནི་ཐེག་པ་ཆེན་པོ་ཐུན་མོང་གི་ཚུལ་ལོ། །ལྷག་པའི་མཉམ་གཉིས་ནི་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་མཉམ་པ་དང་། རྣམ་པར་ཤེས་པ་ཡེ་ཤེས་སུ་མཉམ་པ་སྟེ། མཉམ་པ་རྣམ་པ་བཞིའོ། །དེ་ལྟར་ན་དག་པ་རྣམ་པ་གསུམ་དང་། མཉམ་པ་རྣམ་པ་བཞིའི་ཚུལ་གྱིས་ཡོངས་སུ་དག་པའི་ཞིང་ཁམས་དང་། ཡོངས་སུ་མ་དག་པའི་ཞིང་ཁམས་གཉིས་སུ་དབྱེར་མེད་དེ། ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་ཞིང་གི་རང་བཞིན་ཡིན་པས། དཀྱིའ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་ཚུལ་དུ་རྟོགས་ན་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ཀྱང་སྒྲིབ་པར་མི་འགྱུར་ཏེ། རང་བཞིན་མེད་པར་རིག་པས་ནི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ལ། འཕགས་པ་ཐམས་ཅད་དང་མི་གཉིས་པའི་ཚུལ་གྱིས་སྤྱོད་པས་མཆོད་པ་དང་འགྲོ་བའི་དོན་བྱེད་པ་རྒྱུན་མི་འཆད་པའི་ཕྱིར། བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་བས། །ཞེས་གསུངས་པ་ཡིན་ཏེ། དེ་དག་གིས་ནི་ལྟ་བ་དང་ཏིང་ངེ་འཛིན་བསྟན་ཏོ། །ད་ནི་དེའི་གྲོགས་བསྟན་པའི་ཕྱིར། ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡི། །ཞེས་བྱ་བ་གསུངས་ཏེ། དེ་ལ་སྤྱིར་ནི་དམ་ཚིག་ལ་སོགས་པའི་བསླབ་པའི་ཡན་ལག་ཀྱང་ཆོ་གའི་ཡན་ལག་ཏུ་གཏོགས་པ་ཡིན་མོད་ཀྱི། མདོར་བསྡུ་ན། གོང་དུ་བསྟན་པའི་སྔགས་ཀྱི་ཡན་ལག་ལྔ་དང་། ཡོ་བྱད་ལྔ་དང་། ཆོ་ག་ལྔ་རྣམས་སུ་གྲོགས་ཐམས་ཅད་འདུས་པ་ཡིན་ནོ། །དེ་ལྟ་བུའི་ཚད་དང་ལྡན་པ་རྣམས་ཀྱིས་དངོས་གྲུབ་འགྲུབ་པར་བསྟན་ཏོ། །དེ་ལྟ་བུའི་རྒྱུ་རྐྱེན་དང་ལྡན་པའི་རྣལ་འབྱོར་པས་ཚུལ་ཇི་ལྟར་བསྒྲུབ་པར་བྱ་བ་ནི། ལྔ་དང་ལྔ་ཡི་སྦྱོར་བ་ཡིས། །ཚོམ་བུ་ལྔ་ཡི་ལྷ་ཚོགས་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་ཚོམ་བུ་ལྔ་དང་གསུམ་དང་གཅིག་གི་དཀྱིལ་འཁོར་ཁྲོ་བོའི་ཚོགས་ཀྱིས་བསྐོར་བའམ། ཡང་ན་ཁྲོ་མོ་འབའ་ཞིག་གི་དཀྱིལ་འཁོར་གྱི་སྒོ་ནས་བསྒྲུབ་པར་བྱའོ་ཞེས་ཤེས་པར་བྱའོ། །རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། །ཞེས་བྱ་བ་ལ་སོགས་པ་ནི་འཕྱོངས་ཡིན་ཏེ། འདི་ལས་ནི་ཏིང་ངེ་འཛིན་གྱི་འཇུ་འདུལ་ལ་སོགས་པ་ཅུང་ཟད་གསལ་བར་བསྟན་པར་ཟད་དོ། །ལེའུ་བཅུ་གཅིག་པའོ། །ད་ནི་ཚོགས་ཀྱི་དཀྱིལ་འཁོར་དེ་ཉིད་ཇི་ལྟར་བསྒྲུབ་པའི་ཐབས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དངོས་གྲུབ་བསྒྲུབ་པའང་ལེའུ་ལྔ་པ་ལ་སོགས་པར་གསུངས་པའི་ཏིང་ངེ་འཛིན་བརྟན་པར་གྱུར་པ་རྣམས་ཀྱིས། འདི་ལྟ་བུའི་རོལ་པ་ཆེན་པོའི་ལོངས་སྤྱོད་ལ་རྣམ་པར་རྩེན་པའི་ཚུལ་གྱིས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྣ་ཚོགས་བསྒྲུབ་པར་བསྟན་པའི་ཕྱིར། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །བྲོ་གར་ཕྱག་རྒྱའི་འདུ་འཕྲོད་ཀྱིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བྲོ་གར་ཉིད་ཕྱག་རྒྱ་སྟེ། ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཡིན་པ་དང་། སྒྱུ་འཕྲུལ་དྲྭ་བའི་ཏིང་ངེ་འཛིན་དང་ལྡན་ན་ཐམས་ཅད་ལྷའི་བྱིན་རླབས་སུ་མ་གྱུར་པ་མེད་པའི་ཕྱིར་ཏེ། ཕྱག་རྒྱ་འོག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདི་ལྟར་བྲོ་གར་གྱི་འདུ་འཕྲོ་ལས་འོད་ཟེར་སྣ་ཚོགས་སུ་འཕྲོས་པས། སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་སླར་འདུས་པས་བདག་ཉིད་ཀྱི་དཀྱིལ་འཁོར་ཡང་འོད་ཕུང་དུ་གྱུར་ཏེ། དེ་ལ་སྙིང་རྗེ་ཆེན་པོའི་བློ་ཡིས་བསྐྱེད་པས་རིམ་གྱིས་སམ་ཅིག་ཅར་གྱི་ཚུལ་གྱིས་ལྷའི་སྐུར་གསལ་བར་བསྐྱེད་ལ། བྲོ་གར་གྱི་སྒོ་ནས་བསྒྲུབས་ན་དངོས་གྲུབ་ཀྱི་མཆོག་ཏུ་འགྱུར་རོ། །གཞན་ཡང་རྐང་པའི་གར་གྱིས་ས་ལ་འཛུལ་བ་དང་། ལག་པའི་གར་གྱིས་ནི་ནམ་མཁའ་ལ་འགྲོ་བར་འགྱུར་བའམ། ཡང་ན་ཐུན་མོང་དུ་ཡང་འགྱུར་ཏེ། འདི་ལྟ་བུ་དག་བསྒྲུབ་པར་འདོད་ན། ས་གཞི་ཡི་གེ་སྒྱུ་འཕྲུལ་དུ་བསྒོམས་ཏེ། དེ་ལ་ལྷ་མ་ཡིན་གྱི་གནས་ལ་སོགས་པའི་ལམ་དུ་བསྒོམས་ཏེ། དེར་ཞུགས་ནའང་ས་དང་ཆུ་ལ་བྱ་བཞིན་འཛུལ་བར་འགྱུར་བ་དང་། དེ་བཞིན་དུ་ནམ་མཁའ་ལ་ཡང་སྦྱར་བར་བྱ་སྟེ། འདི་ནི་དངོས་གྲུབ་ཆེན་པོའོ། །གླུ་ཚིག་སྒྲའི་ཕྱག་རྒྱ་ནི། དེའི་ཚེ་གསུང་ཡན་ལག་བསམ་གྱིས་མི་ཁྱབ་པའི་སྒོ་ནས་གདུལ་བྱ་རྣམས་ལ་སོ་སོའི་སྐད་དུ་ཆོས་རྣམས་སྣ་ཚོགས་སྒྲོགས་པ་དང་། བདུད་དང་མུ་སྟེགས་ཟིལ་གྱིས་མནན་པ་ལ་སོགས་པ་མཛད་པ་ཡོངས་སུ་བསྒྲུབ་པར་བསྒོམས་ན་དངོས་གྲུབ་མཆོག་ཏུ་འགྱུར་རོ། །ཡང་ན་ལྕེའི་པདྨ་ལ་ཡི་གེ་ཧྲཱིཿབསྒོམས་ཏེ། དེའི་འོད་ཟེར་གྱི་འཕྲོ་འདུས་སྔ་མ་བཞིན་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པ་དང་། སངས་རྒྱས་རྣམས་ཀྱི་གསུང་གི་ཡོན་ཏན་གྱི་ཚོགས་བསྡུས་ཏེ། སླར་བདག་གི་ལྕེ་ལ་ཐིམ་པར་བསྒོམས་ན་ཆོས་སྨྲ་བ་ལ་དབང་ཐོབ་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྒྱན་དང་བགོ་བ་དང་བཟའ་བ་དང་བཏུང་བའི་ཕྱག་རྒྱ་ལ་ནི། ལྷ་སོ་སོའི་རིགས་ཀྱི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དུ་ལྡན་པས་བྱིན་གྱིས་རློབ་ཅིང་། རིགས་ཀྱི་ལྷའི་རང་བཞིན་ནི་བྱིན་རླབས་སུ་མོས་པ་བསྐྱེད་པའམ། ཡང་ན་ལྷ་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱས་དེ་བཞིན་དུ་བྱིན་གྱིས་བརླབས་པའམ། ཡང་ན་རིགས་ཀྱི་བདག་པོས་བྱིན་གྱིས་བརླབས་ཀྱང་རུང་སྟེ། དང་པོར་ཆོས་ཉིད་ཡེ་ཤེས་ཀྱི་རྐྱེན་དུ་གྱུར་པའི་ཕྱིར། རྣལ་འབྱོར་མ་རྣམས་ཀྱིས་ཕ་རྣམས་ལ་གསོལ་ཞིང་བཏབ། དེ་ནས་ཡེ་ཤེས་ཀྱི་དབྱིངས་ལ་བརྟེན་ཏེ་སྐྱེ་ཞིང་འཇུག་པའི་ཕྱིར། རྣལ་འབྱོར་ཕ་རྣམས་ཀྱིས་མ་རྣམས་ལ་གསོལ་ཞིང་བཏབ་ན་དངོས་གྲུབ་མཆོག་ཏུ་འགྱུར་རོ། །ཡང་ན་རྒྱུད་སྤྱི་ལས་འབྱུང་བ་བཞིན་དུ། དབུ་རྒྱན་དང་དོ་ཤལ་དང་གདུ་བུ་དང་སོར་གདུབ་ལ་སོགས་པ་ལ་དངོས་གྲུབ་ཀྱི་རྫས་སུ་བྱས་ཏེ། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དུ་ལྡན་པས་བསྒྲུབས་ཏེ། ནམ་གྲུབ་པའི་མཚན་མ་ཐོབ་པ་དང་། དཀོན་ཅོག་ལ་བསྔོ་བ་དང་། བདག་ཉིད་སྤྱད་པ་དང་། ཚོགས་ལ་གནས་པའི་འཁོར་རྣམས་ལ་སྦྱིན་པར་བྱ་སྟེ། སོ་སོ་ལུས་ལ་བརྒྱན་ན་དངོས་གྲུབ་ཆེན་པོར་འགྱུར་ཏེ། གྲུབ་རྟགས་ཆེ་ཆུང་ཇི་ལྟར་ཐོབ་པ་བཞིན་དངོས་གྲུབ་རིམ་པར་འབྱུང་བ་དང་། ཁྱད་པར་དུ་ཡང་རྒྱན་གྱིས་ནི་གཟི་བྱིན་ཐོབ་པར་འགྱུར་ཏེ། སྒྲུབ་པ་པོ་གཟི་བྱིན་མཐའ་ཡས་པ་དེ་ལ་སྔོན་གྲུབ་པའི་རིག་འཛིན་རྣམས་ཀྱིས་དབང་བསྐུར་བར་འགྱུར། ལྷ་མ་ཡིན་གྱི་བུ་མོ་ལ་སོགས་པ་འཇིག་རྟེན་གསུམ་གྱི་བུད་མེད་ཀྱིས་བརྩེན་ཞིང་འདུ་བའི་གནས་སུ་གྱུར་ནས་མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར་ཞེས་གྲགས་སོ། །རས་ལ་སོགས་པའི་བགོ་བ་རྣམས་ལ་ནི་སྤྱིའི་དངོས་གྲུབ་ཐུན་མོང་དུ་གནས་པ་ལས། ཁྱད་པར་དུ་མི་ཚུགས་པ་བསྲུང་བའི་གོ་ཆར་འགྱུར་རོ། །ཡན་ལག་བཞི་དཔུང་དང་བཅས་པས་ཀྱང་ཚུགས་པར་མི་འགྱུར་རོ་ཞེས་གྲགས་སོ། །དེ་བཞིན་དུ་བཟའ་བ་དང་བཏུང་བ་དག་ལ་ཡང་སྤྱི་ཐུན་མོང་དུ་གནས་པ་ལས། ཁྱད་པར་དུ་ཡིད་བཞིན་གྱི་སྐུ་བཟང་པོ་འདོད་དགུར་བསྒྱུར་བའི་གཟུགས་ཅན་འཐོབ་པ་དང་། བཏུང་བས་ཀྱང་བདུད་རྩི་བཅུད་ཀྱིས་ལེན་ཞེས་བྱ་བ་དངོས་གྲུབ་སྣ་ཚོགས་སུ་འགྱུར་བ་ཅན་འཐོབ་བོ་ཞེས་སྦྱར་རོ། །ཚོགས་ཀྱི་དཀྱིལ་འཁོར་གྱི་སྐབས་འདིར་ནི་དཀྱུས་ལས་ཡོན་ཏན་སོ་སོར་སྨོས་པ་དང་། བཤད་པ་འདི་དག་རྫས་སོ་སོ་བའི་ཁྱད་པར་གྱིས་ནུས་པ་དང་ལྡན་པའི་དངོས་གྲུབ་ཀྱི་བྱེ་བྲག་ཙམ་བཤད་པར་ཟད་ཀྱི། ལྷག་པར་རྫས་དང་ལོངས་སྤྱོད་ལ་རྟེན་སོ་སོར་བཅས་ནས། སྒྲུབ་ཐབས་སོ་སོར་ཕྱེ་བ་མེད་དེ། སྤྱིར་ཤེས་རབ་དང་ཏིང་ངེ་འཛིན་དང་། སྔགས་དང་ཕྱག་རྒྱ་དང་། ལོངས་སྤྱོད་ཀྱི་མཆོད་པ་ཐམས་ཅད་མ་བཀག་པར་སྤྱོད་པའི་རྣལ་འབྱོར་པས། འདོད་པའི་ཡོན་ཏན་རྣམས་ལ་བརྩེན་བཞིན་དུ་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་བསྟན་པ་ཡིན་པར་ཤེས་པར་བྱའོ། །ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཞེས་བྱ་བ་ལ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་བརྡའི་ཚིག་སྟེ། ཁ་ཅིག་ཏུ་ནི་ཨ་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་དང་། ཀ་ལ་སོགས་པའི་གསལ་བྱེད་ཀྱི་ཡི་གེ་རྣམས་ལ་འཇུག་སྟེ། དེ་ལ། ལ་ནི་འཛིན་པའི་དོན། ཨ་ནི་ལྡན་པའི་དོན་ཏེ་ཡི་གེ་རྣམས་ཀྱི་བརྡར་གྲགས་སོ། །ཁ་ཅིག་ཏུ་ཨཱ་ལི་ནི་འཆི་བ། ཀཱ་ལི་ནི་སྐྱེ་བ་སྟེ། འདུ་བྱེད་ཀྱི་ཆོས་ཐམས་ཅད་སྐྱེ་འགག་དང་བཅས་པ་ལ་དེ་སྐད་ཅེས་གྲགས་སོ། །དེ་བཞིན་དུ་ཁ་ཅིག་ཏུ་ནི་ཨཱ་ལི་ནི་མོའི་རྟགས་སོ། །ཀཱ་ལི་ནི་ཕོའི་རྟགས་སོ། །ཁ་ཅིག་ཏུ་ཨཱ་ལི་ནི་བྱ་བ་མེད་པ། ཀཱ་ལི་ནི་བྱ་བ་དང་བཅས་པ་ཞེས་གྲགས་སོ། །དེ་བཞིན་དུ་ཤེས་རབ་དང་། སྙིང་རྗེ་དང་། ཀུན་ཏུ་བཟང་པོ་དང་། བཟང་མོ་ཞེས་བྱ་བ་ལ་སོགས་པ་སྒོ་དུ་མར་གྲགས་པ་ལས། འདིར་ནི་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རོལ་པ་ལས་དངོས་གྲུབ་ཐམས་ཅད་འབྱུང་བར་བསྟན་པའོ། །ད་ནི་གྲུབ་པའི་འབྲས་བུ་རིག་འཛིན་གྱི་ཁྱད་པར་ཡོན་ཏན་དང་བཅས་པ་བསྟན་ཏེ། དེའི་ཕྱིར། ཤེས་འཇུག་མཚན་ཉིད་སྦྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཤེས་པའི་མཚན་ཉིད་དང་། འཇུག་པའི་མཚན་ཉིད་དང་། འབྲས་བུའི་མཚན་ཉིད་གསུམ་གྱིས། གསང་སྔགས་ཀྱི་གཞུང་དུ་གྲགས་པའི་ཤེས་བྱའི་ཆོས་དང་ལམ་གྱི་ཆོས་དང་འབྲས་བུའི་ཆོས་ཐམས་ཅད་བསྡུས་པ་ཡང་ཡིན་ལ། དེ་དག་ཀྱང་རང་བཞིན་དབྱེར་མེད་པར་གསུངས་པ་ཡང་ཡིན་ནོ། །དེ་ཉིད་ཀྱིས་རིག་འཛིན་གྱིས་ཡོན་ཏན་དང་བཅས་པ་བསྡུས་པར་ཡང་གསུངས་པ་ཡིན་ནོ། །དེ་ལ་ཤེས་པའི་མཚན་ཉིད་ནི། རྟོགས་པ་རྣམ་བཞིའི་ཚུལ་རིག་པ་སྟེ་རྒྱུའོ། །འཇུག་པའི་མཚན་ཉིད་ནི། ཇི་ལྟར་ཤེས་པ་དེ་བཞིན་དུ་སྒོ་གསུམ་གྱི་སྤྱོད་པས་ཉམས་སུ་བླངས་ཏེ་འཇུག་པ་སྟེ་རྐྱེན་ནོ། །འབྲས་བུའི་མཚན་ཉིད་ནི། གོམས་པས་དེ་མངོན་དུ་གྱུར་པའོ། །དེ་ལ་མཚན་ཉིད་གསུམ་གྱི་མཚན་གཞི་ནི་རྟོགས་པ་རྣམ་པ་བཞི་ཉིད་དོ། །དེ་ཉིད་ལ་ཤེས་པ་ཙམ་གྱི་ཚུལ་དང་། དེ་ཉིད་གོམས་པར་བྱེད་པའི་ཚུལ་དང་། གོམས་པའི་མཐུས་མངོན་དུ་གྱུར་པའི་ཚུལ་དང་། རྣམ་པ་གསུམ་ལ་མཚན་ཉིད་གསུམ་ཞེས་བྱའོ། །དེ་ལ་ཤེས་པ་དང་འཇུག་པའི་མཚན་ཉིད་རྣམ་པ་གཉིས་ནུས་པ་ཅན་དུ་གྱུར་ནས་རིག་པ་འཛིན་པ་ཞེས་བྱ་བའི་དངོས་གཞི་ཐོབ་སྟེ། དེ་ཕན་ཆད་འབྲས་བུ་མཐར་ཕྱིན་པར་མ་གྱུར་གྱི་བར་དུ་རིག་པ་འཛིན་པ་ཞེས་བྱའོ། །མཐར་ཕྱིན་ནས་ཀྱང་རིག་པ་འཛིན་པ་ཞེས་བྱ་བའི་མིང་ཕྱོགས་གཅིག་འཛིན་པ་ལ་ཉེས་པ་མེད་དོ། །དེ་ནི་འདི་ལྟར་ཤེས་པར་བྱ་སྟེ། ཤེས་པ་དང་འཇུག་པའི་མཚན་ཉིད་གཉིས་ནི་འབྲས་བུ་ལ་སྦྱོར་བར་བྱེད་པ་ཉིད་ལས་མི་འདའ་བ་ཡིན་པས་ན་གཟུངས་ཀྱང་ཡིན་ལ། འབྲས་བུ་སྨིན་པར་བྱེད་པ་ཡིན་པས་ན་རྒྱུ་དང་རྐྱེན་ཡང་ཡིན་ཏེ། རྒྱུ་རྐྱེན་ནུས་པ་ཅན་དུ་གྱུར་ནས་འབྲས་བུ་འབྱིན་པའི་མཐུ་དང་ལྡན་པ་ཉིད་དུ་གྱུར་བ་ཡིན་ལ། འབྲས་བུ་མངོན་དུ་མ་ཕྱུང་ཡང་རིག་པ་འཛིན་པ་ཞེས་བྱ་བའི་དངོས་གཞི་ཐོབ་པ་ཡང་ཡིན་ལ། སངས་རྒྱས་ཀྱི་ཞིང་རྣམས་སུ་ལུང་བསྟན་པ་འཐོབ་པ་ཡང་ཡིན་ཏེ། འདི་ལྟར་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། རིག་འཛིན་ཆེ་གེ་མོ་ཞིག་གནས་ཏེ། འདི་ལྟར་དུས་འདི་ཞེས་བྱ་བ་ལ་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པར་འགྱུར་རོ། །ཞེས་ལུང་སྟོན་ཅིང་ཡོན་ཏན་བརྗོད་པ་གྲགས་པར་མཛད་དོ། །འོ་ན་རིག་འཛིན་དེ་སྐྱེ་བ་དང་འགྲོ་བ་གང་གི་རྒྱུད་ཀྱིས་བསྡུས་པ་ཡིན། ས་གང་གིས་བསྡུས་པ་ཡིན་ཞེ་ན། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱི། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཞེས་བྱ་བ་སྨོས་ཏེ། དེ་ལ་སྐྱེ་འགྲོ་གང་གི་རྒྱུད་ཀྱིས་བསྡུས་པ་ནི། འདོད་པའི་ཁམས་ཀྱི་མི་དང་ལྷ་དག་དང་ཚངས་པ་ལ་སོགས་པ་གཟུགས་ཀྱི་ཁམས་ཀྱི་སྐྱེ་བོ་དང་འགྲོ་བ་རྣམས་ཀྱི་རྒྱུད་རྣམ་པར་དག་པ་རྣམས་འཛིན་པར་བྱེད་དོ། །གཟུགས་མེད་པའི་ཁམས་སུ་ནི་སྐྱེ་བ་དོན་དུ་གཉེར་བར་མི་བྱེད་དེ་དགོས་པ་མེད་པའི་ཕྱིར་རོ། །ས་གང་གིས་བསྡུས་པ་ཡིན་ཞེ་ན། སྲིད་པས་བསྡུས་པའི་ས་རྣམས་ནི་འདིར་དགོས་པ་མེད་པས་མ་གསུངས་སོ། །ཡེ་ཤེས་ཀྱི་ས་ནི། ཁྱད་པར་ས་ལ་གནས་འགྱུར་ཡིན། །ཞེས་གསུངས་ཏེ། དེ་ལ་ཁྱད་པར་གྱི་ས་ནི། གསང་སྔགས་ཀྱི་ཚུལ་ལས་སངས་རྒྱས་ཀྱི་ས་བཅུ་གསུམ་པ་ཞེས་གྲགས། དེ་བཞིན་དུ་རྡོ་རྗེ་འཛིན་པའི་ས་ཞེའམ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེའམ། རིག་པ་འཛིན་པའི་ས་ཞེས་བྱ་བ་ལ་སོགས་པར་གྲགས་ཏེ། ས་འདི་དག་གིས་བསྡུས་པའི་ཚུལ་ནི། དཔེར་ན་ཉ་མཆིལ་པས་ཟིན་པ་ནི་ཆུའི་ཁམས་དང་མ་བྲལ་བཞིན་དུའང་སྐམ་སར་གཏོགས་པས་བསྡུ་བ་དེ་བཞིན་དུ། རྒྱུ་རྐྱེན་ནུས་པ་ཅན་དུ་གྱུར་པ་དེ་དག་ནི་སྲིད་པའི་ས་དང་མ་བྲལ་བཞིན་ཡང་། ཡེ་ཤེས་ཀྱི་ས་ཟིན་པར་གྱུར་པས་ཡེ་ཤེས་ཆེན་པོ་ཉིད་ཀྱི་སར་གཏོགས་པར་བསྡུའོ། །རིག་འཛིན་གྱི་བྱེ་བྲག་ནི་གཞུང་ཁ་ཅིག་ལས། གཞུང་སྤྱི་ལས་གྲགས་པའི་ལམ་རྣམ་པ་ལྔ་དང་སྦྱར་བ་དག་ཀྱང་སྣང་ངོ་། །སྔོན་གྱི་སློབ་དཔོན་རྣམས་ཀྱི་གདམས་ངག་ལས། སར་ཆུད་པ་དང་། ས་ལ་གནས་པ་དང་། སར་སྨིན་པ་ཞེས་ཀྱང་གསུངས་སོ། །གཞན་ཡང་རྣམ་པར་སྨིན་པའི་རིག་འཛིན་དང་། ཚེའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་ཀྱང་གསུངས་སོ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་ཡང་། གཞུང་ཁ་ཅིག་ལས་ནི་འདི་སྐད་དུ། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །བསྒོམས་པས་མངོན་དུ་གྱུར་པའི་ལྷ། །མཚན་དང་དཔེ་བྱད་མངོན་ཤེས་ལྡན། །ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲགས། །ཞེས་གསུངས་སོ། །ཁ་ཅིག་ལས་ནི། ཕྱག་རྒྱ་ཆེན་པོ་ནི་མཚན་མ་མེད་པ་ཆོས་ཀྱི་སྐུའོ་ཞེས་ཀྱང་གྲགས་ཏེ། འོན་ཀྱང་འདིར་ནི་རྒྱུ་རྐྱེན་ནུས་པ་ཅན་དུ་གྱུར་པ་དེ་ཉིད་རིག་འཛིན་ཞེས་སངས་རྒྱས་ཀྱི་ཞིང་རྣམས་སུ་གྲགས་ལ། ཁྱད་པར་གྱི་སས་བསྡུས་པའོ་ཞེས་གསུངས་སོ། །རིག་འཛིན་གྱི་ངེས་པའི་ཚིག་ནི། བི་ད་ངྷ་ར་ཞེས་བྱ་བ་ནི། བི་ད་ནི་རིག་སྔགས་ཏེ། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད། ངྷ་ར་ནི་འཛིན་པ་སྟེ། དེ་དང་ལྡན་པའི་འགྲོ་བའི་རྒྱུད་ཀྱིས་བསྡུས་པའོ། །འདི་ལྟ་བུའི་ཤུགས་ཀྱིས་སངས་རྒྱས་ཀྱི་ས་བཅུ་གསུམ་པ་ཡང་ས་རབ་རིག་པ་འཛིན་པའི་ས་ཞེས་གསུངས་སོ། །སྐབས་ཁ་ཅིག་ཏུ་ནི། རིག་སྔགས་གྲུབ་པ་རྣམས་ལ་ཡང་བི་ད་ངྷ་ར་ཞེས་གྲགས་སོ། །ད་ནི་རིག་འཛིན་གྱི་ཡོན་ཏན་བསྟན་པའི་ཕྱིར། ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། །ཐབས་དང་ཤེས་རབ་ཐབས་ཀྱི་མཆོག །ཤེས་རབ་མཆོག་གི་མཆོག་གྱུར་པ། །ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །ཞེས་གསུངས་ཏེ། དེ་ལ་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་སྤྱི་ལ་གྲགས་པ་ནི། ཕ་རོལ་ཏུ་ཕྱིན་པ་བཅུའི་སྒོ་ནས་ས་བཅུ་རིམ་གྱིས་རྫོགས་པའི་མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་འགྱུར་བར་གསུངས་པ་སྟེ། འདིར་རྒྱུ་དང་འབྲས་བུར་བཅས་ནས་བཙལ་བ་མེད་པར་ལྷུན་གྱིས་རྫོགས་པར་གསུངས་ཏེ། དེ་ཡང་ཇི་ལྟར་ཞེ་ན། ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པ་དང་བཀག་པ་མེད་པར་སྤྱོད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་དང་བཅས་པ་བཙལ་བ་མེད་པར་ལྷུན་གྱིས་རྫོགས་པར་བསྟན་ཏོ། །དེ་བཞིན་དུ་མཉམ་པ་ཉིད་དུ་རིག་པས་གོས་པ་མེད་པ་དང་། བླ་ན་མེད་པ་ནི་ཚུལ་ཁྲིམས་སོ། །འཁྲུག་པ་མེད་པ་དང་ཡེ་ཤེས་ཀྱི་མཚན་མ་ཡོངས་སུ་རྫོགས་པ་ནི་བཟོད་པའོ། །ཉམས་པ་མེད་པ་དང་བྱེད་སྤྱོད་ཚོགས་སུ་འགྱུར་བ་ནི་བརྩོན་འགྲུས་སོ། །དབང་པོ་ཡུལ་ཀུན་ལ་འཇུག་ཀྱང་མཉམ་པ་ཉིད་ལས་མི་གཡོ་བར་རིག་པ་དང་ཆོས་ཐམས་ཅད་ཀྱི་རང་བཞིན་མངོན་པར་རིག་པ་ནི་བསམ་གཏན་ནོ། །རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པས་ཆོས་ཐམས་ཅད་ཀྱི་ཡོངས་སུ་མ་ཟིན་ཅིང་ཡོངས་སུ་འདས་པ་ནི་ཤེས་རབ་བོ། །དེ་ལྟར་གྱུར་ན་ཤེས་རབ་ཀྱི་ཆར་གཏོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱང་ལྷུན་གྱིས་རྫོགས་པར་འགྱུར་ཏེ། བདག་དང་གཞན་གྱི་དོན་དུ་འགྱུར་བ་ཐབས་སོ། །ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པར་འགྱུར་བ་སྨོན་ལམ་མོ། །མི་མཐུན་པའི་ཕྱོགས་ཀྱིས་ཡོངས་སུ་མི་བརྫི་བ་སྟོབས་སོ། །དོན་ཇི་ལྟ་བ་བཞིན་རྟོགས་པ་ནི་ཡེ་ཤེས་ཏེ། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་བཅུ་དུས་གཅིག་ཏུ་ལྷུན་གྱིས་རྫོགས་པར་འགྱུར་བ་དེ་བཞིན་དུ། ས་བཅུ་ཡང་དུས་ཡུན་རིང་མོས་རིམ་གྱིས་སྦྱང་མི་དགོས་ཏེ། མྱུར་དུ་ལྷུན་གྱིས་རྫོགས་པར་འགྱུར་རོ་ཞེས་བྱའོ། །ཐབས་དང་ཤེས་རབ་ཐབས་ཀྱི་མཆོག །ཅེས་པ་ནི་ཀུན་ཏུ་འོད་ཀྱི་ས་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུ་ནི་ཐབས་དང་ཤེས་རབ་ཀྱིས་བསྡུས་པ་ཡིན་ལ། ས་དེ་དག་གི་ཐབས་ཀྱི་འབྲས་བུ་ནི་ཀུན་ཏུ་འོད་ཀྱི་ས་སྟེ། འོད་ཟེར་མང་བོ་བཀྱེ་བས་འདུལ་བའི་འགྲོ་བ་སྣོད་དུ་རུང་བར་མཛད་པའི་ཕྱིར། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཅེས་ཐུན་མོང་དུ་གྲགས་སོ། །ཤེས་རབ་མཆོག་ཅེས་བྱ་བ་ནི་པདྨ་ཅན་གྱི་ས་སྟེ། འདི་ནི་ཐུན་མོང་མ་ཡིན་པའི་གཞུང་ཁ་ཅིག་ལས། ཆོས་ཀྱི་སྐུ་ཀུན་ཏུ་འོད་ཀྱི་ས་ལས་མ་གཡོས་བཞིན་དུ། མ་ཆགས་པའི་ཤེས་རབ་དང་མི་དམིགས་པའི་ཐུགས་རྗེ་དང་ལྡན་པ་ལ་བྱའོ། །ཞེས་ཟེར་རོ། །མཆོག་གྱུར་པ་ཞེས་པ་ནི། ཐབས་དང་ཤེས་རབ་མཆོག་གི་ས་སྟེ། དེ་ལྟ་བུའི་བྱིན་རླབས་ཀྱིས་རྒྱལ་བའི་དཀྱིལ་འཁོར་མཐའ་ཡས་པ་རྩོལ་བ་མེད་པར་ལྷུན་གྱིས་འབྱུང་བས། ཐབས་དང་ཤེས་རབ་མཆོག་གི་ས་ཞེས་པའམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་གྲགས་སོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་ཀྱི་ས་བཅུ་གཉིས་སུ་གྲགས་པའང་ཐབས་དང་ཤེས་རབ་གཉིས་རིགས་ལྔ་དང་ཡེ་ཤེས་ལྔ་ལ་གྲགས་ཏེ། དེ་བས་ན་འབྲས་བུའི་ཆོས་ཐམས་ཅད་ཀྱང་འདི་དག་ཙམ་དུ་འདུས་པར་མངོན་ནོ། །ད་ནི་ལྷ་མང་པོ་བསྒོམ་མི་ནུས་པ་རྣམས་ཀྱི་དོན་དུ་ལྷ་གཅིག་བསྒོམས་པས་ཀྱང་སངས་རྒྱས་ཐམས་ཅད་བསྒོམས་པར་བསྟན་པའི་ཕྱིར། མཁའ་དཀྱིལ་དག་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོའི་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་པར་ནི་སྒོམ་པར་འགྱུར། །ཞེས་གསུངས་ཏེ། ཐུན་མོང་མ་ཡིན་པའི་ཐེག་པའི་གཞུང་གིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རྒྱུད་ཐ་དད་པ་དང་། ཞིང་ཐ་དད་པ་དང་། དུས་ཐ་དད་པ་དང་། ཚུལ་ཐ་དད་པ་རྣམས་ཀྱི་སྒོ་ནས། རང་བཞིན་དང་མཛད་པ་ཐ་དད་པ་མེད་པའི་ཕྱིར་རོ། །ད་ནི་སངས་རྒྱས་ཀྱི་རང་གི་ངོ་བོ་བསྟན་པའི་ཕྱིར། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཞིག །ཅེས་གསུངས་ཏེ། འདི་ལྟར་སངས་རྒྱས་ཞེས་བྱ་བ་ནི། སེམས་ཀྱི་རང་བཞིན་ཇི་ལྟར་གནས་པ་དེ་ཉིད་སངས་རྒྱས་ཡིན་གྱི། ཡུལ་དང་དུས་ཀྱི་གནས་སྐབས་ཀྱིས་རྣམ་པར་ཕྱེ་སྟེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་ཆེ་གེ་མོ་ཞིག་འཚོ་སྐྱོང་ཞེས་བྱ་བ་ལྟ་བུ་དང་། གང་ཟག་གི་ཤེས་པའི་རྒྱུད་ལ་བྱང་ཆུབ་ཀྱི་སྙིང་པོ་ཅན་ཡིན་པ་ལས། དགེ་བའི་བཤེས་གཉེན་གྱི་སྟོབས་ལ་བརྟེན་ནས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པས། དུས་ནམ་ཞིག་ན་རྒྱུ་ལས་འབྲས་བུ་སངས་རྒྱས་སུ་འགྱུར་རོ། །ཞེས་ཡུལ་དང་དུས་ཀྱིས་རྣམ་པར་ཕྱེ་སྟེ་སངས་རྒྱས་འཚོལ་བ་རྣམས་ཀྱིས་ནི་རྙེད་པར་མི་འགྱུར་ཏེ། གང་གི་ཕྱིར་སེམས་ཅན་གྱི་རང་བཞིན་ཉིད་སངས་རྒྱས་ཡིན་པའི་ཕྱིར་རོ། །དེ་ནི་འདི་ལྟར་ཐེག་པ་ཆེན་པོ་བདེན་པ་གཉིས་ཀྱི་གཞུང་འཛིན་པ་ལྟར་ན་ཡང་སེམས་ཀུན་རྫོབ་སྒྱུ་མ་ལྟ་བུར་སྨྲ་ལ། དེ་ཡང་རྣལ་འབྱོར་སྤྱོད་པ་རྣམས་གཟུང་བ་དང་འཛིན་པ་གཉིས་སྟོང་བར་འདོད་དེ། དེ་ལྟར་ན་རང་རིག་པ་ཙམ་སྒྱུ་མ་ཙམ་དུ་གནས་པ་འདི་དང་། འཕགས་པ་རྣམས་ཀྱི་ཡེ་ཤེས་ལ་ཡང་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་ལ། བག་ཆགས་ཀྱི་དབང་གིས་སྣང་བའི་དབང་དུ་བྱས་ན་ཡང་སེམས་ཀྱི་སྐད་ཅིག་གཅིག་གི་སྣང་བ་ལས་མ་གཏོགས་པའི་ཆོས་ཐོབ་པར་བྱར་མེད་པར་གྲགས་པ་དང་། ཁ་ཅིག་ལྟར་ན་རྣམ་པར་དག་པ་ཙམ་ལས་སངས་རྒྱས་ཀྱི་ས་གཞན་དུ་མི་འཚོལ་བས། སངས་རྒྱས་གཞན་དུ་མ་འཚོལ་ཞིག །ཅེས་གསུངས་པ་སྟེ། སེམས་ཅན་སངས་རྒྱས་ཀྱི་རྒྱུད་ཅན་ལ་དགོངས་ཏེ་གསུངས་པ་ནི་མ་ཡིན་ནོ། །སེམས་ཉིད་སངས་རྒྱས་ཡིན་པ་དེ་ཐབས་གང་གིས་མངོན་དུ་འགྱུར་ཞེ་ན། དཀྱིལ་འཁོར་དུ་ནི་རབ་སྦྱོར་བས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། གོང་དུ་བསྟན་པ་ལྟར་ཡེ་ནས་ལྷའི་དཀྱིལ་འཁོར་ཡིན་པའི་ཕྱིར། ཤེས་རབ་དང་ཏིང་ངེ་འཛིན་གྱིས་དེ་ལྟར་སྦྱར་བས་འགྲུབ་པར་འགྱུར་བའོ། །དཔེར་ན་ཐག་པ་ཁྲ་བོ་ལ་སྦྲུལ་དུ་འཁྲུལ་བའི་ཚེ། སྦྲུལ་དུ་འཛིན་པའི་བློ་བཏང་ནས་ཐག་པ་ཉིད་དུ་བཟུང་སྟེ་བླངས་ཤིང་སྤྱད་ན་རང་གི་དོན་བྱེད་པ་ལ་མི་བསླུ་བར་འགྱུར་བ་བཞིན་ནོ། །འདི་ལྟ་བུ་དང་ལྡན་ན་ཆོ་ག་ཕྲ་མོ་རྣམས་ལ་ལྷག་ཆད་དུ་གྱུར་ཀྱང་དངོས་གྲུབ་ལ་སྒྲིབ་པར་མི་འགྱུར་ཏེ། དེ་བས་ན། ཆོ་ག་ལྷག་གམ་མ་ཚང་ནའང་། །སྐྱོན་ཉིད་དག་སྟེ་ཉེས་པ་མེད། །ཅེས་གསུངས་པ་ཡིན་ནོ། །ལེའུ་བཅུ་གཉིས་པའོ། །ལེའུ་བཅུ་གསུམ་པ་ལ་ནི། གསང་བ་མན་ངག་གི་ལེའུ་ཞེས་བྱ་སྟེ། རྒྱུད་ཀྱི་དངོས་པོ་དགུ་ལས་ནི། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བསྡུའོ། །བསླབ་པའི་མཐའ་རྣམས་ལས་དོན་མན་ངག་ཏུ་བསྡུ་བ་ཉིད་བསླབ་པའི་མཐའ་གཅིག་ཡིན་ནོ། །རྩལ་འཕང་གི་ཁྱད་པར་ལྟར་ན་ནི། རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་ཆོ་གར་བཅས་པ། ཡོན་ཏན་དང་བཅས་པ། གཏད་རྒྱ་དང་བཅས་པར་བསྟན་པའོ། །དེ་ཉིད་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གཅིག་ཏུ་འདུས་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་མན་ངག་གི་སྙིང་པོ་བསྟན་པའི་ཕྱིར། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ཞེས་བྱ་བ་ནི། ལམ་དང་གཉེན་པོས་བཅོས་ཤིང་བསྒྲུབ་ཏུ་མེད་པར་ཡེ་ནས་སངས་རྒྱས་པའི་རང་བཞིན་གང་ཡིན་པའོ། །དམ་ཚིག་ཤིན་ཏུ་གསང་བ་ནི་མན་ངག་འདི་ཉིད་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་སོ། །སྤྲིན་བཀོད་པ་ནི་དེ་ཉིད་ཡོན་ཏན་རྒྱན་གྱི་དཀྱིལ་འཁོར་ཡིན་པས་སོ། །དེ་ལ་དང་པོ་མན་ངག་གི་སྤྱིའི་དོན་བསྟན་པའི་ཕྱིར། མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་གསུངས་ཏེ། རྩལ་འཕང་མཐོ་དམན་གྱི་ཁྱད་པར་གྱིས། སོ་སོའི་བློའི་རྟོགས་ཚོད་ཀྱི་དོན་འདི་རྣམས་ཀྱང་ཕྱིན་ཅི་མ་ལོག་པའི་དོན་རྟོགས་པའི་མན་ངག་གི་གཞི་ཡིན་པས། དེ་བས་ན་མན་ངག་གི་སྤྱིའི་དོན་ཞེས་བྱའོ། །དེ་ལ་མ་བརྟགས་པས་མ་རྟོགས་པ་ནི་འཇིག་རྟེན་ཕྱལ་བ་དང་རྒྱང་འཕེན་ཏེ། ཆོས་རྒྱུ་འབྲས་ཀྱི་མཚན་ཉིད་དག་ལ་མ་དཔྱད་པའི་ཕྱིར་རོ། །ལོག་པར་རྟོག་པ་ནི་མུར་རྟུག་པ་དང་མུ་སྟེགས་པ་སྟེ། ཆོས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ལ་ལོག་པར་རྟོག་ཏེ། རྟག་པ་དང་ཆད་པར་ལྟ་བའི་ཕྱིར་རོ། །ཕྱོགས་རྟོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་དག་སྟེ། ཆོས་ཐམས་ཅད་ལ་བདག་མེད་པར་མ་རྟོགས་པའི་ཕྱིར་རོ། །ཡང་དག་ཉིད་མ་རྟོགས་པ་ནི་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཏེ། ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པར་འདོད་ཀྱང་། བསམ་པ་མཉམ་པ་དང་། སྤྱོད་པ་མཉམ་པ་དང་། དོན་བསྡུས་ནས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་མཉམ་པ་ཉིད་དུ་མ་རྟོགས་ཏེ། ཕྱོགས་གཅིག་གི་སྒོ་ནས་ཆོས་ལ་བླང་དོར་དུ་སྤྱོད་པའོ། །ཚུལ་འདི་ལ་ནི་གཞུང་ལས་ཀྱང་། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་ཕྱིར་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟ་བུ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་རྨོངས་པའི་སྒྲིབ་པ་ཕྱོགས་གཅིག་ཡོད་པར་བཤད་དོ། །གཞན་ལས་ཀྱང་། དམིགས་པ་རྣམ་པར་དག་པ་དང་། །གྲོགས་ཀྱི་མཐུ་དང་སྤྱོད་པའི་ས། །བློ་ལྡན་རྣམས་ཀྱི་ཐེག་པ་ནི། །ཆེན་པོའི་ཆེན་པོར་ཡོངས་སུ་གྲགས། །ཞེས་གསུངས་ཏེ། འདི་ལྟར་ན་ཡང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་དམིགས་པ་ཡོངས་སུ་མ་དག་པ་ཡོད་པར་བཤད་དོ། །གཞན་ལས་ཀྱང་། ལམ་གྱི་ནང་ནས་ཉེ་ལམ་ཆེན་པོ་སྟེ། །ཐབས་ཀྱི་ནང་ནས་མ་ནོར་དམ་པ་སྟེ། །ཤེས་རབ་ནང་ནས་ཤེས་རབ་ཁྱད་པར་ཅན། །ཞེས་གསུངས་ཏེ། འདི་ལྟར་གང་ཡང་གསང་སྔགས་ཀྱི་ཚུལ་ནི་ཐབས་དང་ཤེས་རབ་ཆེན་པོའི་ཡང་ཆེན་པོ་ཡིན་པར་གསུངས་པས། དེ་བས་ན་ཡང་དག་ཉིད་མ་རྟོགས་པ་ཞེས་གསུངས་པ་འདི་ནི་ཤེས་རབ་དང་ཐབས་གཉིས་ཀའི་སྒོ་ནས་སྒྲིབ་པའི་ཕྱོགས་ཡོད་པར་བཤད་པ་ཡིན་ནོ། །ཕྱོགས་གཅིག་གི་ཡན་ལག་གི་སྒོ་ནས་གསུངས་པ་ནི་མ་ཡིན་པར་མངོན་ནོ། །འདུལ་བ་ནི་བྱ་བའི་རྒྱུད་དེ། འདི་ལྟར་ལུས་དང་ངག་གིས་བསྡུས་པའི་བྱ་བ་དང་། བྱ་བ་མ་ཡིན་པ་ལ་འཇུག་པ་དང་། ལྡོག་པའི་མཚན་ཉིད་གཙོ་བོར་བྱས་པའི་འདུལ་བའི་མིང་ཐོབ་པའང་ཡིན་ལ། རྒྱུད་འདི་ཉིད་ལས་ཀྱང་ཚོན་བཀྱེ་བའི་སྐབས་སུ། འདུལ་བའི་ཆོ་ག་བཞིན་དུ་བྱ། །ཞེས་གསུངས་པས། བྱ་བའི་རྒྱུད་ལ་བྱ་བར་མངོན་ནོ། །དགོངས་པ་ནི་རྣལ་འབྱོར་རྒྱུད་དེ། གང་གི་ཕྱིར། ཨ་བཱི་པྲ་ཡཾ་ཞེས་བྱ་བ་བསམ་པ་སྟེ། སེམས་ཀྱི་ལས་སོ། །བསམ་པ་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡིན་ཏེ། དེ་བས་ན་རྣལ་འབྱོར་རྒྱུད་ཀྱི་སྐབས་སུ་ཡང་། ཕྱག་རྒྱ་ཐམས་ཅད་ལ་ཡིད་འབྱོར་བ་ནི་རྣལ་འབྱོར་ཞེས་གསུངས་པས། དགོངས་པ་ཉིད་རྣལ་འབྱོར་དང་ཐ་མི་དད་དོ། །གསང་བ་ནི་རྣལ་འབྱོར་ཆེན་པོ་སྟེ། སྐུ་གསུང་ཐུགས་ཀྱི་གསང་བ་གཟུགས་པོར་བསྟན་པ་དང་། དངོས་པོར་ལྟ་བ་རྣམས་དང་ཞེན་པའི་ཆ་ཤས་ཆེ་བ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར། ཤིན་ཏུ་གསང་བ་ཡིན་པས་དེ་སྐད་ཅེས་བྱའོ། །རྣལ་འབྱོར་ཆེན་པོའི་ཚུལ་གྱིས་སྤྱིར་བསྡུས་པ་ཡིན་ན་ཡང་། རྩལ་འཕང་གི་བྱེ་བྲག་གི་དབང་གིས་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དོན་ལ་འཇུག་པའི་ཚུལ་ཡང་། ལྷུན་གྱིས་འཇུག་པའི་ཚུལ་དམ་པ་རྣམས་ཀྱི་སྤྱོད་ཡུལ་དུ་གསུངས་པ་ཡང་ཡོད་པས། རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་གསུངས་པ་ཡིན་ནོ། །ད་ནི་མན་ངག་གི་ཁུངས་བསྟན་པའི་ཕྱིར། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པའི་རྡོ་རྗེ་ཐུགས་ལ་གནས། །ཞེས་གསུངས་ཏེ། འདིར་མན་ངག་གི་ཁུངས་ནི་རྡོ་རྗེ་སློབ་དཔོན་ཡིན་ལ། དེས་ཀྱང་ཡི་གེ་དང་མིང་དང་ཚིག་གི་ཚོགས་ལ་བརྟེན་ནས། དེ་ཉིད་ལ་གནས་པའི་དོན་སྟོན་ཅིང་འབྱིན་པར་བྱེད་དོ་ཞེས་སྦྱར་ཏེ། དེ་ལྟར་འདིར་མན་ངག་སྟོན་ཅིང་འབྱིན་པར་བྱེད་པའི་བྱེད་པ་པོ་ནི་ཐུགས་ཀྱི་མན་ངག་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ནོ། །བྱེད་པ་ནི་ཡི་གེ་དང་མིང་དང་ཚིག་གི་ཚོགས་སོ། །འབྱུང་ཁུངས་ཀྱང་དེ་དག་གི་བདག་ཉིད་གཞུང་གི་ཚོགས་སོ། །འབྱིན་ཅིང་བསྟན་པར་བྱ་བའི་དོན་ནི་གབ་པ་དང་སྦས་པ་སྟེ། དེ་ལ་གོང་དུ་བསྟན་པའི་སྤྱིའི་དོན་ལས་བསྡུས་ནས། དོན་གང་རང་བཞིན་གྱིས་རྟོགས་པར་དཀའ་བ་རྣམས་ནི་གབ་པའི་གསང་བའོ། །དོན་ཐ་མལ་པའི་སྤྱོད་ཡུལ་དུ་བསྟན་ཅིང་བསྒྲགས་སུ་མི་རུང་བ་དེ་ནི་སྦས་པའི་གསང་བའོ། །མདོར་ན་ཡི་གེ་དང་མིང་དང་ཚིག་ལ་བརྟེན་ནས། གཞུང་གི་དོན་བླ་མས་བསྟན་ཅིང་དབྱུང་བར་བྱའོ་ཞེས་སྦྱར་རོ། །དེ་ལ་ཡི་གེ་ནི་མིང་རྣམས་ཀྱི་ཆ་ཤས་བྱ་བའི་མཐར་ཐུག་པ་ཨ་ཐུང་ངུ་ལ་སོགས་པའོ། །སྒྲ་བཏགས་ནི་ཡི་གེ་ཐམས་ཅད་ལ་ཡང་ཨའི་གསལ་བྱེད་ཀྱིས་ཁྱབ་པས། ཨ་དང་ཀ་ལ་སོགས་པའི་ཡི་གེས་མིང་འགྲུབ་བོ། །མིང་གི་ཡི་གེ་འདུས་པས་ཆོས་རྣམས་ཀྱི་དོན་གྱི་ངོ་བོ་ཙམ་མཚོན་པར་བྱེད་ཅིང་དེར་ཁྲིད་པར་བྱེད་པ་སྟེ། ཀ་བ་དང་བུམ་པ་ལ་སོགས་པའོ། །ཚིག་དེ་དག་འདུས་པས་ཆོས་རྣམས་ཀྱི་ཁྱད་པར་རྗོད་པར་བྱེད་ཅིང་གསལ་ཞིང་འབྲུ་ཆགས་པར་བྱེད་པ་སྟེ། གསེར་གྱི་བུམ་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཁོངས་ནས་ཞེས་བྱ་བ་ནི། དེ་རྣམས་འདུས་པའི་བདག་ཉིད་གཞུང་གི་ཚོགས་ཀྱི་ཁོངས་ནས་ཞེས་བྱ་བའོ། །སློབ་དཔོན་ཁ་ཅིག་ནི། སློབ་དཔོན་གྱི་ཐུགས་ལ་གབ་ཅིང་སྦས་པ་དང་། ཡི་གེ་དཀྱུས་ལ་གབ་ཅིང་སྦས་པ་གཉིས། ཕན་ཚུན་གཅིག་གིས་གཅིག་གད་འབྱིན་པར་བྱེད་པའི་བྱེད་པ་པོ་ནི་རྡོ་རྗེ་སློབ་དཔོན་ཡིན་ནོ་ཞེས་གསུངས་ཏེ། ཡང་བྱཱ་ཀ་ར་ཎའི་གཞུང་ལས། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་གསུངས་ཏེ། དེ་བས་ན་སྔ་མ་ལྟར་རིགས་པར་མངོན་ནོ། །ད་ནི་མན་ངག་རང་གི་ངོ་བོ་བསྟན་ཏེ། དེ་ཡང་དང་པོར་མན་ངག་མདོར་བསྟན་པ་ནི། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །ཞེས་གསུངས་པའོ། །གཞུང་འདི་དག་ལས་ཀྱང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་མན་ངག་ཏུ་བཀོད་པ་ནི་མན་ངག་ལྟ་བའི་འཕྲེང་བ་ཡིན་ཞེས་གྲགས། སློབ་དཔོན་ཉིན་བྱེད་སེང་གེས། རྣལ་འབྱོར་པ་ཆེན་པོའི་ཚུལ་ལ་བརྟེན་ནས་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ་བསྐྱེད་པའི་ཐབས་སུ་གྱུར་པ། བདེ་བ་ཆེན་པོའི་མན་ངག་ཅེས་བྱ་བ་ཞིག་ཡོད་པར་གྲགས། སློབ་དཔོན་བཱི་མ་ལ་མི་ཏྲས། སྲོག་གི་དབུགས་དང་རྩ་ལ་བརྟེན་ནས་བསྐྱེད་རྫོགས་རྣམ་པ་གསུམ་གྱི་གཞུང་བསྟན་པ་འཆི་ཁ་མའི་མན་ངག་ཅེས་བྱ་བ་ཞིག་ཡོད་པར་གྲགས་ནའང་། འདིར་ཡི་གེ་གཞུང་གི་དོན་དང་མཐུན་པར། རྫོགས་པ་ཆེན་པོའི་ཚུལ་ཙམ་བརྗོད་པར་བྱའོ། །དེ་ལ་དཀྱིལ་འཁོར་ལྡན་པའི་ཞེས་བྱ་བ་ནི། ཐུན་མོང་དུ་གྲགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་གྱི། ལམ་གྱིས་བསྒྲུབ་པ་ནི་མ་ཡིན་ནོ། །ཆོས་རྣམས་ཀྱི་རང་བཞིན་དེ་ལྟ་བུ་ཡིན་ཀྱང་། ཡིན་པ་ཙམ་གྱིས་གང་ཟག་རྣམས་ལ་ཕན་ཐོགས་པར་སྣང་བར་མི་འགྱུར་ཏེ། དེ་ཡང་རྟོག་པ་རྣམ་པ་བཞིའི་ལམ་གྱིས་ཡིད་ཆེས་པར་བྱས། དེ་ཉིད་ལ་མཚན་ཉིད་གསུམ་གྱིས་དོན་མཐར་དབྱུང་། བསྙེན་སྒྲུབ་ཡན་ལག་བཞིས་དོན་ལྷུན་གྱིས་གྲུབ་པར་བྱས་ནས། དེ་ལྟ་བུར་སྣང་བར་གྱུར་པས། དེའི་ཕྱིར། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །ཞེས་གསུངས་པ་ཡིན་ཏེ། དཀྱིལ་འཁོར་ལྡན་པ་དེ་ཉིད་ཀྱིས། ཡེ་ནས་ཡིན་པའི་དོན་ལ་ཡེ་ནས་ཡིན་པའི་རིགས་པས་རྣལ་འབྱོར་དུ་བསྒོམ་པར་བྱའོ་ཞེས་སོ། །དེས་ཅིར་འགྱུར་ཞེ་ན། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་གསུངས་ཏེ། ཡེ་ནས་ཡིན་པའི་དཀྱིལ་འཁོར་དང་། དེ་བཞིན་དུ་མཉམ་པར་སྦྱོར་བའི་དཀྱིལ་འཁོར་ལས་འབྱུང་བ་ནི་དོན་མ་ནོར་བར་རྟོགས་པ་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡིན་ཏེ། དེ་ཉིད་དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་ཏུ་བཤད་དོ། །དེ་ལྟར་གཞི་དང་ལམ་དང་འབྲས་བུ་གསུམ་དུ་བཤད་ཀྱང་། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་པའི་དོན་ལ་ནི་གཡོས་པ་དང་གཞན་དུ་གྱུར་པ་ཅུང་ཟད་ཀྱང་མེད་དེ། ཐམས་ཅད་སེམས་ཀྱི་དབྱིངས་སུ་ཟད་པས། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །ཞེས་གསུངས་པ་ཡིན་ནོ། །ད་ནི་དོན་དེ་དག་རྒྱས་པར་སྟོན་པ་ལ། དང་པོ་དཀྱིལ་འཁོར་ཇི་ལྟར་ལྡན་པར་བསྟན་པའི་ཕྱིར། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རིག་པ་རྣམས། །ཞེས་གསུངས་ཏེ། འདི་ལྟ་བུའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཡིན་པས་དཀྱིལ་འཁོར་ལྡན་པ་ཡིན་ནོ། །དེ་ལྟ་བུ་དེས་དཀྱིལ་འཁོར་ལ་དཀྱིལ་འཁོར་ཇི་ལྟར་བསྒོམ་ཞེ་ན། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡི། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟ་ཞིང་། །ཞེས་གསུངས་ཏེ། དེ་ལྟར་ཡེ་ནས་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དུ་སངས་རྒྱས་པའི་དོན་ལ། དེ་ལྟར་རིག་པ་ཉིད་བདག་ཉིད་ཆེན་པོའི་ཡེ་ཤེས་ཡིན་ཏེ། ཡེ་ཤེས་ལ་གཅིག་དང་དུ་མ་དང་མཐའ་དང་དབུས་ལ་སོགས་པའི་ཕྱོགས་ཆ་དབྱེར་མེད་མོད་ཀྱི། འོན་ཀྱང་ཀུན་ཏུ་བཟང་པོའི་རོལ་པ་དང་ཆོ་འཕྲུལ་ཙམ་དུ་ཡེ་ཤེས་རྣམ་པ་ལྔར་གྲགས་ཏེ། འདི་ལྟར་སྒྲིབ་པ་ཉིད་གདོད་མ་ནས་དག་པས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྒྲིབ་པ་དག་པའི་བྱང་ཆུབ་སེམས་ནི། རྣམ་པར་རྟོག་པ་མེད་བཞིན་དུ་ཆེ་བའི་ཡོན་ཏན་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་རང་སྣང་བས། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལྟར་གསལ་ཡང་ཡེ་ཤེས་ལ་བདག་ཉིད་མེད་ཅིང་ཡོན་ཏན་གཞན་དུ་བསྟན་པ་མེད་དེ། ཐམས་ཅད་ནམ་མཁའི་དཀྱིལ་ལྟར་རྟོགས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལྟར་གཉིས་སུ་མེད་ཀྱང་ཡེ་ཤེས་རོལ་པའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མ་གྱུར་པའམ་མ་གཟིགས་པ་མེད་དེ། དོན་ཇི་ལྟ་བ་དང་ཇི་སྙེད་པ་ཐུགས་སུ་ཆུད་པས་སོ་སོར་རྟོགས་པའི་ཡེ་ཤེས་སོ། །དེའི་ངང་ལས་ཐུགས་རྗེ་མཛད་པ་དང་བཅས་པ་ལྷུན་གྱིས་གྲུབ་བཞིན་དུ་འབྱུང་བས་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། འདི་དག་ལྟ་བུའི་ཚུལ་དུ་ཆོས་ཐམས་ཅད་རིག་པ་ནི་སྒོམ་པ་ཆེན་པོ་ཡིན་པས། ལྷག་པའི་ཐུགས་ཡེ་ཤེས་ལྔས་བལྟ་ཞིང་ཞེས་གསུངས་སོ། །དེ་ལྟར་ཡེ་ནས་ཡིན་པའི་དཀྱིལ་འཁོར་དང་སྒོམ་པའི་དཀྱིལ་འཁོར་ལས་ཅིར་འགྱུར་ཞེ་ན། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། །ཞེས་གསུངས་ཏེ། འདི་སྐད་དུ་སྙིང་པོ་མེད་པ་ཡིན་ཀྱང་རང་བྱུང་གི་ཡེ་ཤེས་སུ་དབང་བསྐུར་བའི་སྙིང་པོ་ཅན་ཡང་ཤེས་པར་བྱ་ཞེས་གསུངས་པ་ལྟ་བུའོ། །ཐིག་ལེ་ནི་ཆོས་ཀྱི་དབྱིངས་ཏེ། གཉིས་སུ་མེད་པར་མཉམ་པར་སྦྱོར་བ་ལས་དོན་མ་ནོར་བར་རྟོགས་པའི་རིག་པ་འབྱུང་བ་ནི་སེམས་བདེ་བ་ཆེན་པོ་ཞེས་བྱ་སྟེ། དེ་ནི་དཀྱིལ་འཁོར་ཐམས་ཅད་ཀྱང་ཡིན་ལ། དཀྱིལ་འཁོར་ལ་ཡང་མཆོད་པ་དེ་དག་ཐམས་ཅད་ཀྱི་མཆོག་ཀྱང་ཡིན་པས། བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། །ཞེས་སྦྱར་རོ། །དེ་ལྟར་གཞི་དང་ལམ་དང་འབྲས་བུ་སྣ་ཚོགས་སུ་བསྟན་ཀྱང་རྩ་བ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་མ་གཡོས་པར་བསྟན་པའི་ཕྱིར། ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མར་སྣང་བ་ཡི། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་གསུངས་ཏེ། ཟག་པ་མེད་པའི་བསོད་ནམས་ཀྱི་གྲོགས་བྱས་པའི་ཡེ་ཤེས་སྒྱུ་མ་ལྟ་བུར་སྣང་བའི་དཀྱིལ་འཁོར། ཀུན་ཏུ་བཟང་པོའི་རོལ་པ་ཇི་ལྟར་འཕྲུལ་ཡང་རྩ་བ་བྱང་ཆུབ་ཀྱི་སེམས་གཡོས་པ་མེད་པས། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་བསྟན་པ་ཡིན་ནོ། །ད་ནི་མན་ངག་དང་མན་ངག་ཅན་གྱི་ཡོན་ཏན་སྟོན་ཏེ། དེ་ལ་འདི་ནི་སངས་རྒྱས་ཀུན་གྱི་དངོས། །ཞེས་བྱ་བ་ནི་མན་ངག་གི་ཡོན་ཏན་ཡིན་ཏེ། མན་ངག་གི་དོན་ནི་སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་ལ། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་དངོས་གཞི་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་མན་ངག་ཅན་གྱི་ཡོན་ཏན་བསྟན་པ་ནི། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་བྱ་བ་ལ་སོགས་ཏེ། འདི་ལྟར། མན་ངག་འདི་ལྟ་བུ་དང་ལྡན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཞལ་མཐོང་བ་ཡིན་ལ། ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཐོབ་པ་ཡིན་ནོ་ཞེས་སྦྱར་རོ། །ཡོན་ཏན་གཞན་ཡང་བསྟན་པ། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་སངས་རྒྱས་ལྷུན་གྱིས་གྲུབ། །རྒྱན་གྱི་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་གསུངས་ཏེ། དེ་ལ་དཀྱིལ་འཁོར་ཞེས་བྱ་བ་ནི། སྐབས་འདིར་བསོད་ནམས་དང་ལྡན་པའི་གང་ཟག་སངས་རྒྱས་རྣམས་ཀྱི་ཞལ་མཐོང་བའི་སྐལ་བ་དང་ལྡན་པ་རྣམས་ཀྱི་ཤེས་པའི་རྒྱུད་དོ། །དེ་ལ་གནས་པའི་དཀྱིལ་འཁོར་ནི། དེ་ལ་སྣང་བའི་དཀྱིལ་འཁོར་དེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་འབྲས་བུ་མཐར་ཕྱིན་པའི་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་རྣམས་སོ། །འདི་ལྟ་བུའི་དཀྱིལ་འཁོར་དེ་དག་ཀྱང་མན་ངག་ཅན་དེ་ལ་ལྷུན་གྱིས་གྲུབ་པ་ཡིན་པས། དེ་བས་ན་དུས་དང་གནས་སྐབས་ཐམས་ཅད་དུ་དཀྱིལ་འཁོར་ཆེན་པོའི་རྒྱན་གྱིས་གཤེགས་ཤིང་བཞུགས་སོ་ཞེའོ། །ད་ནི་རྫོགས་པ་ཆེན་པོའི་ངང་ལས་ཐུགས་རྗེ་ཆེན་པོའི་མཛད་པ་ཇི་ལྟར་འབྱུང་བའི་ཚུལ་བསྟན་པའི་ཕྱིར། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། །སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །ཅེས་གསུངས་པ་སྟེ། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་སྦྱོར་མོད་ཀྱི། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་ཐུགས་རྗེ་ཆེན་པོའི་མཛད་པ་འབྱུང་བ་ཡང་བཙལ་བ་མེད་པར་འབྱུང་སྟེ། འགྲོ་བའི་དོན་མཛད་པའི་ཚུལ་ཡང་། དཔེར་ན་སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེ་བོ་མང་པོ་སྒྱུ་མའི་སྡུག་བསྔལ་གྱི་ནང་ནས་བཏོན་ནས། སྒྱུ་མའི་བདེ་བ་ལ་བཀོད་པར་སྒྱུ་མས་མིག་འཕྲུལ་བ་ལ་སྣང་བ་བཞིན་དུ། སྤྲུལ་པ་སྒྱུ་མ་ལྟ་བུས་སེམས་ཅན་སྒྱུ་མ་ལྟ་བུ་རྣམས་སྒྱུ་མ་ལྟ་བུའི་འཁོར་བ་ལས་བཏོན་ནས། བྱང་ཆུབ་སྒྱུ་མ་ལྟ་བུ་ལ་བཀོད་པར་སྐྱེ་བོ་འཁྲུལ་པའི་བློ་ལ་སྣང་སྟེ། འདི་ལྟ་བུར་ལ་སྣང་བ་ཙམ་ལ་ཐུགས་རྗེ་ཆེན་པོས་སེམས་ཅན་བསྒྲལ་ཞེས་བྱའོ། །འདི་ལྟར་གཞན་ལས་ཀྱང་གསུངས་པ། སེམས་ནི་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དཔེར་ན་སྒྱུ་མའི་མཁན་པོ་འགས། །གྱོ་མོ་ལ་ནི་སྔགས་བཟླས་ཏེ། །ལེགས་པར་བྱས་པའི་གཟུགས་དག་ལ། །སྦྱོར་བ་གོམས་པས་བསྣུན་ན་ནི། །རྐང་བཞི་པ་ལ་སོགས་པའི་གཟུགས། །ཞེན་པའི་སེམས་ལ་སྣང་བར་འགྱུར། །དེ་བཞིན་བསོད་ནམས་ཡེ་ཤེས་ལས། །བྱུང་བའི་ཚོགས་ཀྱིས་བསྒོས་པའི་སེམས། །སེམས་ཅན་རྣམས་ཀྱི་བསམ་པ་ལ། །བླ་མེད་བྱང་ཆུབ་སྣང་བར་བྱེད། །ཅེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་ལ་ཐུགས་རྗེ་དང་མཛད་པ་འབྱུང་བའི་གཞི་གང་ཡིན་ཞེ་ན། གོང་དུ་བསྟན་པ་བཞིན་དུ། ཁ་ཅིག་ནི་གཞི་མི་འདོད་དོ། ཁ་ཅིག་ནི་མི་རྟོག་པའི་ཡེ་ཤེས་ཀྱི་དབང་གིས་གདུལ་བྱ་ལ་སྣང་ངོ་ཞེའོ། །ཁ་ཅིག་ནི་མཉམ་པར་གཞག་པ་ཉིད་ཀྱི་མཐུས་མངོན་པར་ཤེས་པ་ཆེན་པོ་དྲུག་འབྱུང་ངོ་ཞེས་ཟེར་རོ། །ད་ནི་རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འཇུག་པའི་ཐབས་བསྟན་པའི་ཕྱིར། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ནམ་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །འདའ་བར་མི་མཛད་དམ་ཚིག་མཆོག །ཅེས་གསུངས་ཏེ། དེ་ལ་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ཡང་། གསང་སྔགས་སྤྱིའི་ཚུལ་ལས་ནི། དང་པོ་རྡོ་རྗེ་བླ་མ་ཡོངས་སུ་གཟུང་བ་དང་། དེས་བསྟན་པའི་གསང་བའི་དཀྱིལ་འཁོར་དུ་འཇུག་པས་ཕྱི་ནང་གསང་བའི་དབང་ཐོབ་པར་བྱ་བ་དང་། དེའི་དུས་སུ་གསང་བ་བླ་ན་མེད་པའི་དམ་ཚིག་གི་སྡོམ་པ་ཚུལ་བཞིན་དུ་མནོས་ཤིང་བླངས་ཏེ། བདག་དམ་ཚིག་ཅན་དུ་བྱ་བ་དང་། དེ་ནས་དངོས་གྲུབ་ཇི་ལྟར་བསྒྲུབ་པའི་མན་ངག་མནོས་ཏེ་མན་ངག་ཅན་དུ་བྱ་བ་དང་། །དེ་ཕྱིན་ཆད་ཀྱང་སྤྲོ་བ་མི་ལྷོད་ཅིང་བརྩོན་པ་མི་འདོར་བས་བཀའ་བཞིན་དུ་བྱེད་པའི་མཚན་ཉིད་རྣམས་ནི། དང་པོ་འཇུག་པའི་སྤྱོད་པར་གསུངས། དེ་ནས་བསྙེན་སྒྲུབ་ཀྱི་སྒོ་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐབས་ནི། གཉིས་པ་སྒྲུབ་པའི་སྤྱོད་པར་གསུངས། མཐའ་མ་དངོས་གྲུབ་ཆེ་ཆུང་གང་ཡིན་པ་ཐོབ་པའི་མཚན་ཉིད་བདག་དང་གཞན་གྱི་ཕུན་སུམ་ཚོགས་པར་སྤྱོད་པ་ནི་གྲུབ་པའི་སྤྱོད་པར་བསྟན་པ་ཡིན་ནོ། །རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་མན་ངག་བསྟན་པའི་སྐབས་འདིར། དེ་དག་ལྟར་མི་བྱར་མི་རུང་བ་མེད་དེ། རང་བཞིན་ལྷུན་གྱིས་གྲུབ་པར་བསྟན་ཏོ། །ཇི་ལྟར་ཞེ་ན། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་དུ་འཇུག་པ་ཡང་། དང་པོར་དགེ་བའི་བཤེས་གཉེན་དམ་པ་ལས་ལྷུན་གྱིས་གྲུབ་པའི་མན་ངག་གི་གཞུང་ཐོས་པ་ནི་མིག་ཕྱེ་ནས་དཀྱིལ་འཁོར་བསྟན་པ་ཡིན་ནོ། །དེ་ནས་བསམ་པའི་ཤེས་རབ་ཀྱིས་དེ་ལྟ་བུའི་དོན་རྟོགས་པ་ནི། དཀྱིལ་འཁོར་མཐོང་ནས་ལྷའི་མཚན་ཉིད་དང་དཀྱིལ་འཁོར་དང་གསང་སྔགས་རྣམས་ཀྱི་མཚན་ཉིད་ཤེས་པ་ཡིན་ནོ། །དེ་ནས་བསྒོམ་པའི་ཤེས་རབ་ཀྱིས་རྟོགས་ནས་གོམས་པར་བྱེད་པ་ནི། ལྷས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་ཡིན་ནོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི། བསྙེན་སྒྲུབ་ཀྱི་སྒོ་ནས་དངོས་གྲུབ་ཐོབ་པ་ཡིན་ཏེ། དེ་བས་ན་ཚུལ་འདི་ནི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་འཇུག་པའི་ཐབས་ཏེ། མ་ཐོབ་པའི་ཆོས་ཐོབ་པར་བྱར་མེད་པས་དབང་ལྷག་པར་ནོད་དུ་མེད་དོ། །བྱ་བ་དང་བྱ་བ་མ་ཡིན་པ་གཉིས་སུ་དབྱེར་མེད་པས། དེ་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད་དམ་ཚིག་ལྷག་པར་བསྲུང་དུ་མེད་དོ། །སེམས་གཡོས་ཀྱང་མཉམ་པ་ཆེན་པོའི་དོན་ལས་མ་གཡོས་པར་རིག་པས། ཞི་གནས་ཀྱི་མཚན་ཉིད་ཏིང་ངེ་འཛིན་ལ་ལྷག་པར་བསླབ་ཏུ་མེད་དོ། །སྒོ་གསུམ་གྱི་སྤྱོད་པ་ལ་བཀག་པ་དང་མ་བཀག་པ་མེད་པས་སྤྱོད་པ་ལྷག་པར་བཙལ་དུ་མེད་དེ། དེ་བས་ན་ཤེས་རབ་རྣམ་པ་གསུམ་པོ་འདི་ཡང་མ་ཐོབ་པའི་ཆོས་ཐོབ་པར་བྱ་བའི་ཚུལ་ནི་མ་ཡིན་གྱི་ཡེ་ནས་ཡིན་པའི་ཆོས་ཤེས་པར་བྱ་བ་དང་། གོམས་པར་བྱ་བ་དང་། ཀློང་དུ་གྱུར་པ་ཙམ་དུ་ཟད་ལ། ཤེས་པ་དང་མ་ཤེས་པ་དང་། དེ་བཞིན་དུ་ཀློང་དུ་གྱུར་པ་དང་མ་གྱུར་པའི་བར་དག་ཀྱང་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་དེ། དེ་ལྟར་སྟོན་པའི་སློབ་དཔོན་དང་མན་ངག་རྣམས་ནི་རྫོགས་པ་ཆེན་པོའི་གཞུང་གིས་ཀྱང་། རེ་ཞིག་ཙམ་དུ་བླང་བར་བྱ་བ་ཙམ་དུ་གསུངས་ཏེ། བསླབ་པ་གཞན་ནི་བཀག་པ་ཡང་མེད་ལ། མེད་དུ་མི་རུང་བ་ཡང་མེད་པར་གསུངས་སོ། །ཡོངས་ནི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་འདི་ལྟ་བུ་ནི། གང་ཟག་དམ་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། འོན་ཀྱང་གཞུང་འདི་ཉིད་དུ་མུ་སྟེགས་ཨ་ཀ་ཤའི་སྤྱོད་པའང་མ་བཀག་པར་གསུངས་ན། ཐེག་པ་ཆེན་པོ་ཐབས་ཀྱི་སྤྱོད་པ་ལྟ་ཅིའི་ཕྱིར་དགག་སྟེ། དེ་བས་ན་སྒོ་འདིར་མོས་ཤིང་འཇུག་པ་རྣམས་ཀྱིས་ཀྱང་། སྤྱིའི་ཚུལ་ལས་གསུངས་པའི་དབང་དང་དམ་ཚིག་ཀྱང་ཚུལ་བཞིན་དུ་མནོས་ཤིང་བསྡུ་བར་རིགས་སོ། །སྤྱིའི་ཚུལ་ལ་མོས་པའི་གང་ཟག་རྣམས་ཀྱིས་ཀྱང་ལྷུན་གྱིས་གྲུབ་པའི་མན་ངག་གི་གཞུང་ལས་འབྱུང་བ་ལྟར། མ་དག་པའི་སྣང་བ་ཞེན་པ་དང་བཅས་པ་དང་། དག་པའི་སྣང་བ་རྣམས་ཀྱི་ཡང་མཚན་མ་ཞེན་པ་དང་བཅས་པ་ཡོངས་སུ་བཏང་བར་རིགས་སོ། །ད་ནི་དོན་འདི་ལ་མོས་པའི་ཡོན་ཏན་བསྟན་པའི་ཕྱིར། གང་ཞིག་འདི་ལ་མོས་འགྱུར་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་མོས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཉེ་བའི་སྲས་སུ་དགོངས་པར་འགྱུར་རོ། །ཞེས་སྦྱར་རོ། །དེ་ལ་ཉེ་བའི་སྲས་སུ་ཞེས་བྱ་བ་ནི། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བུ་ནི་བཙུན་མོ་ལས་སྐྱེས་པས་སྲས་ཙམ་ཡིན་ལ། མཚན་དང་མི་ལྡན་པས་ཉེ་བའི་སྲས་མ་ཡིན་ཏེ། གང་འཁོར་ལོས་སྒྱུར་བ་ཉིད་དུ་འགྱུར་བའི་མཚན་དང་ལྡན་པ་དེ་ནི་ཉེ་བའི་སྲས་སུ་དགོངས་སོ། །དེ་བཞིན་དུ་ཉན་ཐོས་རྣམས་ནི་ཤེས་རབ་ཙམ་གྱི་ཕྱོགས་ལས་སྐྱེས་པས་ཉེ་བའི་སྲས་སུ་དགོངས་པའི་ཡུལ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དང་རིག་པ་འཛིན་པ་ཐབས་ལ་མི་མཁས་པ་དག་ཀྱང་ཐབས་དང་ཤེས་རབ་གཉིས་ཀ་ལས་སྐྱེས་ཀྱང་སངས་རྒྱས་ཉིད་ཀྱི་དགོངས་པ་དང་མཐུན་པར་སྐྱེས་པ་མ་ཡིན་པས། ཉེ་བའི་སྲས་སུ་དགོངས་པའི་ཡུལ་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་དགོངས་པ་དམ་པ་དང་མཐུན་པའི་ཐབས་ལ་མཁས་པ་རྣམས་ནི་ཉེ་བའི་སྲས་སུ་དགོངས་པའི་ཡུལ་ཡིན་ནོ། །ཞེས་སྦྱར་རོ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཞེས་བྱ་བ་ལ་སོགས་པ་ནི། སྔོན་གྱི་སློབ་དཔོན་ཁ་ཅིག་གསང་བའི་མན་ངག་རྙེད་པར་དཀའ་འོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ། མན་ངག་འདི་ནི་ཐེག་པ་ཐམས་ཅད་ཀྱི་འབྲས་བུ་ཡང་ཡིན་ལ། ལམ་གྱི་མཆོག་ཡིན་པས་འབྲས་བུའི་ཐེག་པ་བསྟན་པ་ཡིན་པས་སོ། །ཡོངས་ནི་གཞུང་ཉིད་དང་སྦྱར་ན་ཐེག་པ་ཐམས་ཅད་ཀྱི་འབྲས་བུར་གྲགས་པ་ཡོན་ཏན་གྱི་ཆོས་སུ་བསྙད་པ། སངས་རྒྱས་ཀྱི་སའི་ཆོས་ཐམས་ཅད་ཀྱང་། འདིའི་གནས་སྐབས་སུ་གཞི་དང་ལམ་དང་འབྲས་བུའི་ཆོས་རྣམས་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་དེ། གཞི་ཉིད་ལམ་དུ་བྱས་པ་ཡིན་ལ། འབྲས་བུ་གཞི་ལས་ཁྱད་པར་འཕགས་པ་མེད་པས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མན་ངག་ངེས་པའི་དོན་མཐར་ཐུག་པ་ཡིན་ནོ། །ཞེས་བསྟན་ཏོ། །འོ་ན་དུས་ཡུན་རིང་མོ་འདི་སྙེད་དུ་སྦྱངས་ནས་མཐའ་མ་འབྲས་བུ་འདི་ལྟ་བུ་ཞིག་འཐོབ་བོ། །ཞེས་གསུངས་ན། ཇི་ལྟར་ན་གསང་སྔགས་ལམ་ཉེ་བར་འགྱུར་ཞེ་ན། འདི་ནི་གསང་སྔགས་ཀྱི་ཚུལ་དང་དང་པོར་འཕྲད་ཅིང་ཚུལ་བཞིན་དུ་ཞུགས་པ་རྣམས་ཀྱིས་ཀྱང་། དུས་འདི་སྙེད་དུ་བསྒྲུབ་དགོས། ཞེས་གསུངས་པ་ཡང་མ་ཡིན། ཐེག་པ་གཞན་གྱི་སྒོ་ནས་དུས་ཡུན་རིང་མོ་འདི་ཙམ་དུ་སྦྱངས་ནས། དེ་ནས་གདོད་གསང་སྔགས་པའི་གནས་དང་འཕྲད་པའི་སྐལ་བ་ཅན་ཡིན་གྱིས། དེ་ཡི་གོང་དུ་གསང་སྔགས་ཀྱི་ཚུལ་དང་འཕྲད་པའི་སྐལ་བ་མེད་དོ། །ཞེས་གསུངས་པ་ཡང་མ་ཡིན་ཏེ། འདིར་ནི་དུས་ཡུན་རིང་མོར་དགེ་བའི་རྩ་བ་ཇི་ལྟར་བསྐྱེད་ཀྱང་། མཉམ་པ་ཆེན་པོའི་དོན་འདི་ལྟ་བུ་མ་རྟོགས་པར་སངས་རྒྱས་སུ་མི་འགྱུར་བས། དེ་བས་ན་ཐེག་པ་ཐམས་ཅད་ཀྱི་འབྲས་བུ་ཡང་ཡིན། སངས་རྒྱས་ཐམས་ཅད་ཀྱི་ལམ་ཡང་ཡིན། ལམ་འདི་ཉིད་འབྲས་བུ་ལམ་དུ་གྱུར་པའང་ཡིན། སངས་རྒྱས་ཐམས་ཅད་ཀྱི་ངེས་པའི་དོན་གྱི་མན་ངག་ཀྱང་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །ད་ནི་མན་ངག་གཟུང་བར་བསྟན་པའི་ཕྱིར། ཀུན་གྱི་ཕྱག་རྒྱ་ཆེན་པོ་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡང་སངས་རྒྱས་ཀུན་གྱི་བཀའ་རྟགས་ཀྱི་ཕྱག་རྒྱ་དམ་པ་ནི་མན་ངག་འདི་ཡིན་ཏེ། དེ་བས་ན་འདི་ནི་ཤེས་རབ་རྣམ་པ་གསུམ་གྱི་མིག་དང་ལྡན་པ་རྣམས་ཀྱིས་གཟུང་བར་བྱ། ཞེས་སྦྱར་རོ། །དེ་ལ་གཟུང་བ་ཞེས་བྱ་བ་ནི་མི་ནུབ་པར་བྱེད་པ་སྟེ། ཚུལ་བཞིན་དུ་གཞན་ལ་སྟོན་པར་ནུས་པ་རྣམས་སོ། །ད་ནི་མན་ངག་སྦྱིན་པའི་སྣོད་དང་། སྣོད་མ་ཡིན་པ་ལ་བྱིན་པའི་སྐྱོན་རྣམས་བསྟན་པའི་ཕྱིར། སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྦྱིན་པའི་སྣོད་ཅེས་བྱ་བ་ནི། མོས་པ་ཡོད་པ་དང་གསང་ཐུབ་པར་གྱུར་ན་འཛིན་པར་མི་ནུས་པ་རྣམས་ཀྱང་མན་ངག་གི་སྣོད་དུ་རུང་སྟེ། རྩིང་ཆོས་དང་ང་རྒྱལ་རིམ་གྱིས་ཞི་བར་བྱ་ཞིང་མན་ངག་བསྟན་པར་བྱའོ། །དཀྱུས་ལ་སྨོས་པའི་སྣོད་རྣམས་ནི་སྣོད་དམ་པར་གསུངས་པ་ཡིན་ནོ། །མན་ངག་སྙིང་པོའི་ལེའུ་ཞེས་བྱ་བ་ལ། མན་ངག་ཅེས་བྱ་བ་ནི། ཨུ་པ་ངྷེ་ཤ་ཞེས་བྱ་བའི་སྒྲས་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབ་པ་ལ་ཡང་བྱ། རྣམ་པ་གཅིག་ཏུ་ཨུ་པ་ནི་ཉེ་བ། ངྷེ་ཤ་ནི་བསྟན་པ་སྟེ། དོན་ཆེན་པོ་བསྒྲུབ་པ་ལ་ཐབས་ཉེ་བར་བསྟན་པ་ནི་མན་ངག་ཅེས་བྱའོ། །ལེའུ་བཅུ་གསུམ་པའོ། །ད་ནི་ཞི་བའི་དཀྱིལ་འཁོར་ཆེན་པོའི་མཛད་པ་རྫོགས་ནས། དཀྱིལ་འཁོར་ཆེན་པོར་དགྱེས་པ་ཆེན་པོའི་གླུ་བླངས་པར་སྟོན་ཏེ། དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་རེ་རེ་ལ་ཡང་། སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་དང་ལྡན་པའི་སྒོ་ནས་བསྟོད་པར་སྟོན་ནོ། །དེ་ལ་སྤྱིར་གྲགས་པ་ནི། སྣང་བ་སྐུ། སྒྲ་ཚིག་གསུང་། མཁྱེན་པ་ཐུགས། བྱ་བ་ཡོན་ཏན། མཛད་པ་ཕྲིན་ལས་སོ། །ཡོན་ཏན་གྱི་ཚུལ་ལས་སྐུ་གསུང་ཐུགས་སུ་བཞག་པ་ནི་ཐམས་ཅད་དུ་སྤྲུལ་བ་འཕྲོ་བས་ཁྱབ་པ་སྐུ། མ་སྐྱེས་པ་ལས་སྒྲ་སྣ་ཚོགས་འབྱུང་བ་གསུང་། དེ་ཉིད་གཉིས་སུ་དབྱེར་མེད་པར་འདུས་པ་ཐུགས། སྐུ་གསུང་ཐུགས་གང་ཡང་རུང་སྟེ། རང་རང་གི་ཡོན་ཏན་གྱི་ཆ་འཛིན་པ་ལ་བཞག་པ་ནི། གཅིག་ལ་ཡང་གཞན་གྱི་ཡོན་ཏན་གྱིས་སྟོངས་པ་མ་ཡིན་པས། གང་གཙོ་བོར་བྱས་པ་དེ་ལ་གཞན་དག་རྒྱན་གྱི་དཀྱིལ་འཁོར་དུ་ལྡན་པར་བཤད་དེ། དེ་ལ་ཨོཾ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་བྱ་བ་ལ་སོགས་པ་ནི་སྐུ་ལ་བསྟོད་པ་སྟེ། དེ་ལ་ཨོཾ་ཞེས་བྱ་བ་ནི་གླུའི་ཡན་ལག་ཐམས་ཅད་རྫོགས་པ་སྟེ། དེ་ལ་ཡན་ལག་རྣམས་ནི་གླུ་ལེན་པའི་མཁན་པོ་དང་། གླུའི་དབྱངས་དང་། གླུའི་ཚིག་དང་། གླུའི་རྒྱན་དང་། གླུ་བྱིན་གྱིས་རློབ་པར་བྱེད་པ་རྣམས་སོ། །དེ་ལ་ཡི་གེ་ཨོཾ་ནི་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་དང་ཐ་མི་དད་པས་གླུ་ལེན་པའི་མཁན་པོ་ཡིན་ནོ། །དེ་བཞིན་དུ་ཚངས་པ་དབྱངས་ཀྱིས་འདྲེན་པ་ཡིན་པས་གླུའི་དབྱངས་ཡིན་ནོ། །དོན་ཆེན་པོ་སྟོན་པའི་ཚིག་ཡིན་པས་གླུའི་ཚིག་ཡིན་ནོ། །དེའུ་མཐོ་དམན་གསལ་བར་བྱེད་པས་གླུའི་རྒྱན་ཡིན་ནོ། །ཡི་གེ་ཨོཾ་གྱིས་དྲངས་ན་གླུ་དང་ཚིག་ཐམས་ཅད་ཀྱང་གསང་སྔགས་བདེན་པའི་ངག་ཏུ་བྱིན་གྱིས་རློབ་པར་བྱེད་པ་ཡིན་པས་གླུ་བྱིན་གྱིས་རློབ་པ་ཡིན་ནོ། །དེའི་ཕྱིར་ཡང་ཡི་གེ་ཨོཾ་གྱིས་དྲངས་པ་ཡིན་ནོ། །དེ་ལ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་བྱ་བ་ནི་སྤྱི་ལ་འཇུག་གོ །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །ཞེས་བྱ་བ་ནི་ཆོས་ཀྱི་སྐུ་སྟེ་སྐུའི་ཐུགས་སོ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། བསོད་ནམས་ལས་གྲུབ་པར་སྣང་བ་དང་ཕན་འདོགས་པའི་གཞིར་སྣང་བས། བསོད་ནམས་ཀྱི་སྐུ་ཞེས་བྱ་སྟེ་སྐུའི་སྐུའོ། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཞེས་བྱ་བ་ནི་སྤྲུལ་པའི་སྐུ་སྟེ། ཀུན་ཏུ་ཁྱབ་པར་འཕྲོ་བས་སྐུའི་གསུང་ངོ་། །ཧོ་ཞེས་བྱ་བ་ནི་རྗེས་སུ་ཆགས་པའི་དོན་དང་མཉེས་པའི་དོན་ཏེ། དེ་ཡང་རྗེས་སུ་མཉེས་པའི་དོན་ལ་བྱེ་བྲག་མེད་པས་རྗེས་སུ་ཆགས་པའི་སྔགས་དང་ཕྱག་གི་བརྡའོ། །རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །ཞེས་བྱ་བ་ལ་སོགས་པ་ནི་གསུང་ལ་བསྟོད་པ་སྟེ། དེ་ལ་རྡོ་རྗེ་ཞེས་བྱ་བ་ནི་སྤྱིར་མི་ཕྱེད་པའི་སྒྲར་བཤད་དེ། འདིར་ཡང་སྐྱེ་བ་མེད་པ་གསུང་གི་རང་བཞིན་དུ་བཤད་པས་རྡོ་རྗེའི་སྒྲས་ཁྱད་པར་དུ་བྱས་སོ། །དེ་ལ། བསོད་ནམས་ཐིག་ལེ་ཆེ་ཞེས་པ་ནི། མ་སྐྱེས་པ་ལ་སེམས་ཅན་ལ་ཕན་འདོགས་པའི་མཚན་ཉིད་མངའ་བས། བསོད་ནམས་ཐིག་ལེ་ཆེ་ཞེས་གསུང་གི་སྐུའོ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །ཞེས་བྱ་བ་ནི། མ་སྐྱེས་པར་རང་རིག་པར་གསལ་བས་རིག་པའི་གསུང་སྟེ། གསུང་གི་ཐུགས་སོ། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །ཞེས་པ་ནི། མ་སྐྱེས་པ་ལས་སྒྲ་སྣ་ཚོགས་པ་འབྱུང་བ་སྟེ་གསུང་གི་གསུང་ངོ། །རྡོ་རྗེ་རྒྱལ་པོ་ནི། དེ་དག་གི་ཡོན་ཏན་དང་ལྡན་པས་སྤྱིར་འཇུག་གོ །།སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཞེས་བྱ་བ་ལ་སོགས་པ་ནི་ཐུགས་ལ་བསྟོད་པ་སྟེ། དེ་ལ་རྫོགས་པ་ཆེ་ཞེས་པ་དང་། ཀུན་ཏུ་རྫོགས་ཞེས་པ་ནི། ཐམས་ཅད་ཐུགས་ལ་རྫོགས་པས་བདག་ཉིད་སྟོན་པ་སྟེ་ཐུགས་ཀྱི་སྐུའོ། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །ཞེས་པ་ནི། བཙལ་བ་མེད་པར་ལྷུན་གྱིས་ཁྱབ་པ་སྟེ་ཐུགས་ཀྱི་གསུང་ངོ་། །འདུས་པའི་རྫོགས་ཆེན་ཐིག་ལེ་ཆེ། །ཞེས་པ་ནི། དེ་དག་དབྱེར་མེད་པར་འདུས་པ་སྟེ་ཐུགས་ཀྱི་ཐུགས་སོ། །མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །ཞེས་བྱ་བ་ལ་སོགས་པ་ནི། ཡོན་ཏན་ལ་བསྟོད་པའོ། །དེ་ལ་མི་དམིགས་སྒྱུ་འཕྲུལ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་ལྷའི་དཀྱིལ་འཁོར་གྱི་ཚོགས་ཐམས་ཅད་དེ། མདོར་ན་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་རོ། །དེ་ལྟར་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དཀྱིལ་འཁོར་ནི་ཡོན་ཏན་གྱི་བདག་ཉིད་པས་ཡོན་ཏན་གྱི་སྐུའོ། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ་བ་ནི་ཡོན་ཏན་གྱི་གསུང་ངོ་། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །ཞེས་པ་ནི། དབྱེར་མེད་པར་འདུས་པ་སྟེ་ཡོན་ཏན་གྱི་ཐུགས་སོ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཞེས་པ་ནི། སྤྱིར་འཇུག་པའོ། །ཕྱོགས་བཅུ་འཇིག་རྟེན་རྡུལ་སྙེད་དུ། །ཞེས་བྱ་བ་ལ་སོགས་པ་ནི་ཕྲིན་ལས་ལ་བསྟོད་པ་སྟེ། དེ་ཡང་ཚིག་དང་པོ་ནི་ཕྲིན་ལས་ཀྱི་ཡུལ་ཡིན་པས་སྤྱིར་འཇུག་གོ །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །ཞེས་བྱ་བ་ནི་མཛད་པ་རང་གི་ངོ་བོ་ཡིན་ཏེ་ཕྲིན་ལས་ཀྱི་སྐུའོ། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །ཞེས་བྱ་བ་ནི་སྤྲུལ་པ་འཕྲོ་བ་སྟེ་ཕྲིན་ལས་ཀྱི་གསུང་ངོ་། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་བྱ་བ་ནི་བཙལ་བ་མེད་པ་སྟེ་ཕྲིན་ལས་ཀྱི་ཐུགས་སོ། །ད་ནི་སྤྱིར་བསྟོད་པ་སྟོན་ཏེ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཞེས་བྱ་བ་ནི་སྤྱིའི་སྤྱིའོ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ཞེས་བྱ་བ་ནི་སྤྱིའི་སྐུའོ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །ཅེས་བྱ་བ་ནི་སྤྱིའི་གསུང་ངོ་། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཞེས་བྱ་བ་ནི་སྤྱིའི་ཐུགས་ཏེ། འདི་ལྟ་བུའི་མཉེས་པ་ཆེན་པོའི་གླུས་ཉིད་ཀྱི་དཀྱིལ་འཁོར་ལ་བསྟོད་ནས་ཞི་བའི་མཛད་པ་ཡོངས་སུ་རྫོགས་པར་མཛད་དོ། །ལེའུ་བཅུ་བཞི་པའོ། །ད་ནི་ཁྲོ་བོའི་མཛད་པ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས། ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དེ། ཞེས་སྨོས་ཏེ། དེ་ལ་འདིར་སྔར་ཞི་བའི་མཛད་པ་ཡོངས་སུ་རྫོགས་ནས། ཕྱིས་དེའི་རྗེས་སུ་ཁྲོ་བོའི་མཛད་པ་སྟོན་པ་ལྟར་བྱུང་ན་ཡང་། ངེས་པའི་དོན་དུ་དུས་ཡོངས་སུ་ཆད་པ་མི་མངའ་སྟེ། གདུལ་བྱ་ལ་ལའི་སྐད་ཅིག་ལ། ལ་ལའི་བསྐལ་པ་དུ་མར་འདས་པར་སྣང་བའི་ཕྱིར། ཞི་བ་དང་ཁྲོ་བོའི་ཚུལ་ཐ་དད་དུ་བསྒྱུར་བ་ཡང་མི་མངའ་སྟེ། སྤུའི་རྩེ་མོ་གཅིག་གི་གོ་སྐབས་ལ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་སྣང་བའི་ཕྱིར་རོ། །དེ་ལ་ཁྲོ་བོའི་དཀྱིལ་འཁོར་ཞེས་བྱ་བ་ལ། ཁྲོ་བོ་ཞེས་བྱ་བ་ནི་རང་གི་ངོ་བོ་ཅི་ཞིག་སྐུ་གསུམ་མམ་བཞི་ལ་སོགས་པར་གྲགས་པ་ལས་གང་དུ་བསྡུ། སངས་རྒྱས་ཀྱི་མཛད་པ་ནི་ཇི་ལྟ་བུ་ཞིག་སྒྲུབ་ཅེ་ན། དེ་ལ་རང་གི་ངོ་བོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དོ། །གང་དུ་བསྡུ་བ་ནི་སྐུ་གསུམ་དང་བཞི་ལ་སོགས་པ་ཐམས་ཅད་དུ་གཏོགས་པ་སྟེ། འདི་ལྟར་ཐབས་ཀྱི་ཞགས་པ་ལས། མཉམ་ཉིད་ངང་གི་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོ་བོས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། རྒྱུད་ཁ་ཅིག་ལས་གྲགས་པ། ཁྲོ་བོ་རྣམས་ནི་སྤྲུལ་པའི་སྐུ་དང་ཕོ་ཉར་བསྟན་པའོ། །ཞེས་གྲགས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་དག་ལ་ཅིའི་ཕྱིར་ཁྲོ་བོ་ཞེས་བྱ་ཞེ་ན། འདི་ལྟར་སངས་རྒྱས་རྣམས་ཀྱང་ཆོས་བཞིའི་བདག་ཉིད་དེ། བཞི་གང་ཞེ་ན། ཆོས་ཉིད་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། མཛད་པའོ། དེ་ལ་ཆོས་ཉིད་ནི་རང་བཞིན་གྱིས་ཁྲོ་བར་བཅས་པ་སྟེ། མཚན་མའི་གནས་མེད་པའི་ཕྱིར་རོ། །ཡེ་ཤེས་ནི་རྟོགས་པ་ངང་གིས་ཁྲོ་སྟེ། བསྐལ་པའི་མེ་འབར་བ་ལ་མངོན་པར་འདུ་བྱེད་པའི་གནས་མེད་པ་བཞིན་ནོ། །ཐུགས་རྗེ་ནི་ཤུགས་ཀྱིས་ཁྲོ་བོ་སྟེ། དེའི་དབང་གིས་འགྲོ་བ་སྐྱོབ་པ་ལ་ཆེད་དུ་རྩོལ་མི་དགོས་སོ། །མཛད་པ་ནི་འདུལ་བའི་དབང་གིས་ཁྲོ་བར་བཅོས་པ་སྟེ། ཇི་ལྟར་འཚམས་པར་འབྱུང་བའོ། །མཛད་པ་ཇི་ལྟར་སྒྲུབ་ཅེ་ན། དགོས་པ་ནི་འདི་སྐད་དུ། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །ཞེས་གསུངས་པ་ལྟ་བུའོ། །དེ་དག་ཇི་ལྟར་བཏུལ་བ་ནི། བཅོམ་ལྡན་འདས་དཔལ་ཆེན་པོའི་སྐུ་སྨུག་ནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་ཀྱིས་མཚོན་ཆ་སྣ་ཚོགས་འཛིན་པར་སྣང་བས། དེ་བཞིན་ཉིད་ཀྱི་དབྱིངས་ནས་ཁྲོ་མོ་དབང་ཕྱུག་མ་ཆེན་མོ་སྤྲུལ་ཏེ། གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཁྲོ་བོ་འཆོལ་བ་འཐོན་ནས། དེའི་མཐུ་བྱིན་གྱིས་གདུག་པ་ཅན་ཐམས་ཅད་བརྒྱལ་བར་བྱས་སོ། །དེ་ནས་ཁྲོ་བོའི་ཚོགས་དེ་དག་རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་བར་མཛད་ནས། གདུག་པའི་ཚོགས་དེ་དག་གདན་དུ་བྱས་ཏེ་བཞུགས་སོ། །དེ་ནས་གདུག་པ་རྣམས་ཀྱིས་ཁྲོས་ཏེ་རྔམ་པའི་ཚིག་སྨྲས་པ་ལས། རྡོ་རྗེ་སྲིན་པོར་སྣང་བར་མཛད་ནས་གདུག་པའི་ཚོགས་དེ་དག་བསྒྲལ་ཏེ། དེ་དག་གི་ཆུང་མའི་ཚོགས་ཀྱང་དབང་དུ་བསྡུས་སོ། །དེ་ནས་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་བར་མཛད་ནས། དབང་ཕྱུག་མ་དང་གཉིས་སུ་མེད་པར་རོལ་པ་ལས། ཀེའུ་རི་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་སྤྲུལ་པར་མཛད་དེ། དཀྱིལ་འཁོར་གྱི་བྱ་བ་ཡོངས་སུ་རྫོགས་ནས་མ་མོ་རྣམས་ཀྱང་རང་རང་གི་གནས་སུ་བཀྱེའོ། །དེ་ནས་བདུད་རྩིའི་ཏིང་ངེ་འཛིན་གྱིས་སླར་གསོས་ཏེ། སྐུ་འབར་བ་ཆེན་པོ་རབ་ཏུ་མི་བཟད་པར་མཐོང་བ་ལ་ལུས་དང་འཁོར་དུ་བཅས་པ་ཕུལ་ཏེ། དཀྱིལ་འཁོར་ཆེན་པོའི་ཅི་བགྱི་དང་བཀའ་ཉན་དུ་བྱས་སོ། །ལེའུ་བཅོ་ལྔ་པའོ། །ད་ནི་གསང་སྔགས་ཀྱི་ལེའུ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དམ་ཚིག་གིས་བསྒྲུབ་པར་བྱ་བའི་ཕྱིར། ཞེས་བྱ་བ་ནི་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་བཀའ་བཞིན་སྤྱོད་པའི་མཚན་ཉིད་ཀྱིས་འགྲུབ་པའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །ཡེ་ཤེས་རྔམ་པ་ལས་ཕྱུང་ངོ་། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དབང་གིས་ཐུགས་རྗེ་ཡེ་ཤེས་དེ་ཉིད་གསང་སྔགས་ཀྱི་ཚོགས་སུ་བྱིན་གྱིས་བརླབས་ཏེ་བསྟན་པ་ཡིན་པས་ཐུགས་ལས་ཕྱུང་ངོ་ཞེས་བསྟན་ཏོ། །གསང་སྔགས་འདི་དག་ཀྱང་ལྷ་བསྐྱེད་པ་དང་། དེ་བཞིན་དུ་མཉེས་པར་བྱེད་པ་དང་། ལས་ལ་བསྐུལ་བ་ལ་སོགས་པ་བྱ་བ་སྣ་ཚོགས་པར་འགྱུར་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་གསང་སྔགས་ཀྱི་ལས་བསྐྱེད་པའི་རིམ་པ་ལ་སོགས་པ་བསྟན་པ་ནི་སྣང་བ་དམ་པའི་རྒྱན་ལས་ལེགས་པར་གསུངས་ཏེ། འོན་ཀྱང་འདིར་དམན་པ་རྣམས་ལ་ཕན་པའི་ཕྱིར་མདོ་ཙམ་བརྗོད་པར་བྱའོ། །དང་པོར་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་འཕངས་པའི་ཕྱིར། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་བསྒོམ། །ཞེས་བྱ་བ་ལ་སོགས་པའི་དོན་གྱིས། སྙིང་རྗེ་ཆེན་པོས་གདུལ་བྱ་གདུག་པ་ཅན་འདུལ་བའི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པར་བྱའོ་སྙམ་དུ་གོ་ཆ་བགོ་བར་བྱའོ། །དེ་ལྟར་མཛད་པ་བསྒྲུབ་ན་ཡང་། སངས་རྒྱས་རྣམས་ནི་ས་གསུམ་ལ་གནས་པའི་ཚུལ་གྱིས་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་པ་བཞིན་དུ། དེ་དང་རྗེས་སུ་མཐུན་པར་འཇུག་པའི་རྣལ་འབྱོར་པས་ཀྱང་ཏིང་ངེ་འཛིན་རྣམ་པ་གསུམ་དང་། ཆོ་ག་རྣམ་པ་ལྔའི་སྒོ་ནས་དཔལ་ཆེན་པོའི་སྐུ་བསྐྱེད་ལ། དེའི་ཁྱད་པར་ལས་གཞལ་ཡས་ཁང་བསྐྱེད་པ་དང་། འཁོར་གྱི་དཀྱིལ་འཁོར་བསྐྱེད་པར་བྱའོ། །དེ་ལ་གཞལ་ཡས་ཁང་བསྐྱེད་པའི་གསང་སྔགས་ནི། བྷྲཱུཾ་བི་ཤྭ་བི་ཤུདྡྷེ། ཞེས་གསུངས་པ་ཉིད་ཡིན་ནོ། །གཞལ་ཡས་ཁང་གི་མཚན་ཉིད་རྒྱུད་ལས་གསལ་བར་བྱེད་པའི་རྐྱེན་དུ་གྱུར་པའི་ཚིག་གི་ཚོགས་ནི། སྤྱིའི་དོན་གླེང་གཞིའི་ལེའུ་ནས་གསུངས་པ་དང་། ལེའུ་ལྔ་པ་དང་བཅུ་བདུན་པ་རྣམས་ནས་གསུངས་པའི་ཁྲོ་བོའི་བྱེ་བྲག་གི་ཡོན་ཏན་དུ་གྱུར་པ་རྣམས། ཇི་ལྟར་སྣང་བ་དམ་པའི་རྒྱན་ནས་གསུངས་པ་ལྟར་ཤེས་པར་བྱའོ། །འཁོར་གྱི་དཀྱིལ་འཁོར་བསྐྱེད་པ་ཡང་། བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་དང་། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བའི་སྒོ་ནས་དཀྱིལ་འཁོར་བསྐྱེད་པར་བྱའོ། །དེ་ནས་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་པར་བྱ་སྟེ། ཇི་སྐད་དུ་གསུངས་པའི། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིག་དང་། རུ་ལུ་རུ་ལུ་ཧཱུཾ་ཨེ་ཧྱ་ཧི་ཨ་ན་ཡ་ཛཿཧཱུཾ་བཾ་ཧོ། ཞེས་བྱ་བས་སྤྱན་དྲངས་བར་བྱའོ། །དེ་ནས་ཉེ་གནས་སུ་བྱོན་པ་དང་། རཾ་ཞེས་བརྗོད་པས། རིག་པའི་མེ་ཏོག་དོར་བར་བྱའོ། །དེ་ཉིད་ནི་འདྲེས་པ་ནན་ཏན་གྱི་ཕྱག་གི་དོན་ཡང་ཡིན་པར་ཤེས་པར་བྱའོ། །དེ་ནས་ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཞེས་བྱ་བའི་སྔགས་དང་། ཨོཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཞེས་བྱ་བ་དངོས་གྲུབ་གསོལ་བའི་གླུ་དབྱངས་ཀྱི་ཚིགས་སུ་བཅད་པས་བསྐུལ་བས་དབྱེར་མེད་པར་ཐིམ་པར་བྱའོ། །ཨོཾ་བཛྲ་ཀྲོ་ངྷ་ས་མ་ཡ་སྟཾ། ཞེས་བརྗོད་པས་བརྟན་པར་བྱའོ། །ཨོཾ་བཛྲ་ཀྲོ་ངྷ་ས་མ་ཡ་ཕཊ། ཅེས་བརྗོད་པས་དམ་ཚིག་རྗེས་སུ་བསྒྲུབ་པར་བྱའོ། །ཨོཾ་བཛྲ་ཀྲོ་ངྷ་ས་མ་ཡ་ཧོ། ཞེས་བརྗོད་པས་དབང་དུ་བྱ་བ་སྟེ། ལྷ་རྗེས་སུ་ཆགས་ཤིང་མཉེས་པའི་དོན་ནོ། །ཨ་ལི་ཨུ་ལི་ཏཱ་ལི་ཏཱ་ལི་ཏ་པཱ་ལི་དཾ་ཊ་ཤྲི་གོ་ན་རོའུ་ཏྲི་ཁ་རཾ་ཡོ་གི་ནི་ཁ་ཧི་ཧོ། །༼ཨ་ལི་ཨུ་ལི་ཏ་ལ་ཏ་པ་དང་ཤཾ་གོ་ན་རོའུ་ཏྲི་ཁ་རཾ་ཡོ་ཀི་ནི་ཁ་ཧི་ཧོ། །དགའ་ལྡན་ཕུན་ཚོགས་གླིང་གི་ཤིང་པར་དུ་འདི་ལྟར་རོ། །༽ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་མཆོད་པ་ལ་མཉེས་པ་ཆེན་པོས་མཆོད་པའི་གླུ་སྟེ། ཨ་བ་བྲཾ་ཤའི་སྐད་དོ། །དེ་ནས་ཧཱུཾ་ཧ་ཧེ་ཕཊ། ཅེས་ཏིང་ངེ་འཛིན་གསལ་བར་བྱ་ཞིང་། ལེའུ་བཅུ་བདུན་པ་ནས་གསུངས་པའི། སྨུག་ནག་སྔོ་ནག་སེར་ནག་དང་། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཀྱང་རྗེས་སུ་གསལ་བར་བྱའོ། །ཏིང་ངེ་འཛིན་གཙོ་བོར་བྱེད་པ་རྣམས་ཀྱིས་ནི། འདི་ཉིད་ཀྱི་རྗེས་སུ་ཁྲོ་བོའི་གླུའི་བསྟོད་པ་བྱས་པ་ཙམ་གྱིས་ཀྱང་ཆོག་པར་ཤེས་པར་བྱའོ། །ཚོགས་ཀྱི་མཆོད་པ་ལ་གཙོ་བོར་བྱེད་པ་རྣམས་ཀྱིས་ནི། སྐབས་འདིར་ལེའུ་བཅོ་བརྒྱད་པ་ལས་གསུངས་པའི་སྒྲོལ་བའི་མཆོད་པ་དང་། སྦྱོར་བའི་མཆོད་པ་དང་། བདུད་རྩིའི་མཆོད་པ་དང་། ཐུན་མོང་གི་འདོད་ཡོན་ལྔའི་མཆོད་པ་རྣམས་དབུལ་བ་དང་། བཤགས་པ་དང་། སྨོན་ལམ་རྣམས་ཀྱང་བྱས་ཏེ། དཀྱིལ་འཁོར་བསྡུ་བར་བྱའོ། །གལ་ཏེ་ལས་ཀྱི་དགོས་པ་ཞིག་བསྒྲུབ་ཏུ་ཡོད་ན་ཚོགས་ལ་རོལ་པའི་རྗེས་ལ་ཕྲིན་ལས་བརྩམས་ཏེ། ལྷག་མ་དང་བཅས་པའི་གཏོར་མ་གཏོང་བའི་ཚེ་ན་ཡང་། གཏོར་མའི་མགྲོན་དུ་གྱུར་པ་རྣམས་སྤྱན་དྲང་བ་དང་། མཆོད་པ་འབུལ་བ་དང་། ཕྲིན་ལས་མནན་ཏེ་བཅོལ་བ་དང་། བཤགས་པ་དང་སྨོན་ལམ་གདབ་པ་ལ་སོགས་པ་ལས་ཀྱི་ཡན་ལག་ཅི་རིགས་སུ་བྱའོ། །ཞེས་མན་ངག་གིས་བཤད་དོ། །དེ་དག་ཙམ་གྱིས་ནི་ལེའུ་བཅོ་ལྔ་པ་ཁྲོ་བོ་རང་བཞིན་གྱི་ལེའུ་དང་། བཅུ་དྲུག་པ་ཁྲོ་བོ་གསང་སྔགས་ཀྱི་ལེའུ་དང་། བཅུ་བདུན་པ་ཁྲོ་བོའི་དཀྱིལ་འཁོར་གྱི་ལེའུ་དང་། བཅོ་བརྒྱད་པ་མཆོད་སྦྱིན་དམ་པའི་ལེའུ་དང་། ཉི་ཤུ་པ་ཕྲིན་ལས་ཀྱི་ལེའུ་དང་། ཉི་ཤུ་གཅིག་པ་ཁྲོ་བོ་གླུའི་ལེའུ་རྣམས་དཀྱིལ་འཁོར་གཅིག་གི་ཆ་རྐྱེན་དུ་གྱུར་པ་དང་། རིམ་པ་ཇི་ལྟར་འབྲེལ་བ་དང་། དགོས་པའི་སྐབས་ཀྱི་ཆོ་ག་ཇི་ལྟར་བསྒྲུབ་པར་བྱ་བ་རྣམས་བསྟན་པ་ཡིན་ནོ། །ད་ནི་སོ་སོའི་ཡན་ལག་རྣམས་བརྗོད་པར་བྱ་སྟེ། དེ་ལ་གསང་སྔགས་འདི་དག་གི་དོན་ནི་མ་བཤད་ཀྱང་ཉེས་པ་མེད་དེ། གང་གི་ཕྱིར་གསང་སྔགས་རྣམས་ནི་དགོས་པའི་དོན་ལ་འཇུག་པའི་གནས་སྐབས་ཙམ་དུ་ཤེས་པར་བྱ་སྟེ། དད་པ་དང་མོས་པ་ཡིད་རྩེ་གཅིག་ཏུ་བསྡུས་ཏེ་བཟླས་ན་དངོས་གྲུབ་ཏུ་འགྱུར་ཏེ། དོན་ཤེས་པ་ལ་རག་ལས་པ་མེད་དོ། །སྒྲ་འགྱུར་ནས་བཟླས་ན་ནི་དེ་ལ་དངོས་གྲུབ་མེད་དོ། །དེ་གྲུབ་པ་རྣམས་ཀྱིས་བྱིན་གྱིས་མ་བརླབ་པའི་ཕྱིར་རོ། །དོན་ཤེས་པ་ལ་ཡང་ཕན་པ་ནི་ཡོད་དེ། བྱ་བ་ལ་སྦྱོར་བ་ལ་མི་རྨོངས་པ་དང་། དོན་གྱི་གཟུངས་ཤེས་པའི་རྒྱུད་ལ་སྐྱེ་བར་འགྱུར་རོ། །དེ་བས་ན་འདི་དག་གི་རང་ཐད་དུ་བསྒྱུར་བའི་དོན་ཅུང་ཟད་ཙམ་བརྗོད་པར་བྱའོ། །དེ་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙན་དྷ་ཞེས་བྱ་བ་ནི་རྩ་བའི་གསང་སྔགས་སོ། །སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཞེས་བྱ་བ་ནི་ལས་ཀྱི་སྔགས་སོ། །ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་སྤྱིར་འཇུག་པ་སྟེ། འོག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཡི་གེ་ཨོཾ་གྱི་དོན་ནི་གསང་སྔགས་ཀྱི་འགོ་སྟེ། ཕྱག་འཚལ་བ་དང་བྱིན་གྱིས་རློབ་པ་སྟེ་རབ་སྔགས་ཀྱི་དོན་ཡིན་ནོ། །རྒྱས་པར་ནི་གོང་དུ་བཤད་པ་བཞིན་ནོ། །ཏ་ཐཱ་ནི་དེ་བཞིན། ག་ཏ་ནི་རྟོགས་པ་དང་སྨྲ་བ་དང་གོ་བ་ལ་སོགས་པའི་དོན་ལ་འཇུག་སྟེ། དེ་བས་ན་དེ་བཞིན་གཤེགས་པ་སྟེ་རིགས་མཚོན་པའི་ཚིག་གོ །ཤྲཱི་ཧེ་རུ་ཀ་ནི་སྒྲ་མང་དུ་འཇུག་མོད་ཀྱི། ཉེ་བར་དཔལ་ཁྲག་འཐུང་ཞེས་བྱ་བའི་སྒྲར་བཤད་དོ། །ཇི་ལྟར་ཞེ་ན། ཤྲཱི་དཔལ་དང་གཡང་ངམ་དགེ་ཤིས་ཀྱི་ཚིག་གོ །ཧེ་ནི་ཧེ་ཧེ་ཀྲི་ར་ཐ་སྟེ་སྤྱོད་ཅིང་རྩེན་པའི་དོན། རུ་ནི་རུ་ཏི་ར་སྟེ་ཁྲག་གི་སྒྲ། ཀ་ནི་བདག་པོའི་རྐྱེན་ཏེ། བསྡུས་ན་ཁྲག་ལ་རོལ་པས་ཧེ་རུ་ཀ་ཞེས་བཤད་དོ། །ཡང་གཞན་གྱིས་བཤད་པ། ཀ་ནི་ཀ་པཱ་ལ་སྟེ། ཐོད་པའི་བརྟུལ་ཞུགས་དང་ལྡན་པའོ། །དེ་ལྟར་ན་ཐོད་པ་ཁྲག་གིས་བཀང་བ་ལ་རོལ་པའི་བརྟུལ་ཞུགས་དང་ལྡན་པས་ཧེ་རུ་ཀ་ཞེས་བཤད་དོ། །ཡི་གེ་ཡན་ལག་གི་དོན་བཤད་ན། ཤྲཱི་ནི་ཨ་ད་མ་ཤྲཱི་དང་པ་ར་ཤྲཱི་སྟེ། བདག་དང་གཞན་གྱི་དཔལ་དུ་བཤད་དོ། །ཧེ་ནི་ཧེ་རུ་ཞེས་བྱ་སྟེ་རྒྱུའི་དོན་དང་། ཧེ་ཀ་ཞེས་བྱ་སྟེ་དགྱེས་པའི་དོན་ཏེ། །དབྱིངས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་བཤད་དོ། །རུ་ནི་ར་ག་སྟེ་ཆགས་པ་དང་། རུ་རུ་ཏྲ་སྟེ་ཁྲོ་བོའི་དོན་ལ་འཇུག་པས་དེ་ལྟ་བུའི་ངང་ལས་ཐུགས་རྗེ་ཆེན་པོས་ཁྲོ་བར་སྟོན་པ་ལ་བཤད་དོ། །ཀ་ནི་ཀརྨ་སྟེ་ཕྲིན་ལས་དང་། ཀ་རུ་ན་སྟེ་སྙིང་རྗེ་ལ་འཇུག་པས་ཁྲོ་བོའི་ཕྲིན་ལས་དེ་དག་ཀྱང་སྙིང་རྗེས་མཉམ་སྙོམས་སུ་མཛད་དོ་ཞེས་སྦྱར་རོ། །དེ་ལྟར་ན་ཡི་གེ་འབྲུ་བཞི་སྒྲ་བརྒྱད་ཀྱི་དོན་དང་ལྡན་པ་ལ་ནི་ཧེ་རུ་ཀ་ཞེས་བྱའོ། །ཞེས་ཁ་ཅིག་གི་གཞུང་ལས་གྲགས་སོ། །གཞན་ཡང་ཧེ་གཟུང་བའི་ཡུལ་མ་སྐྱེས་པ། རུ་འཛིན་པའི་སེམས་མི་རྟོག་པ། ཀ་ཡུལ་སེམས་གཉིས་སུ་མེད་པ་སྟེ། ཆོས་ཀྱི་སྐུ་ལ་འཇུག་པར་ཡང་བཤད། ཧེ་བྱམས་པ། རུ་སྙིང་རྗེ། ཀ་དགའ་བ་དང་བཏང་སྙོམས་ཏེ། ཚད་མེད་པ་བཞི་དང་ལྡན་པར་ཡང་བཤད་དོ། །གཞན་ལས། ཧེ་ཧེ་རུ་རུ་ཀ་ཞེས་བྱ་སྟེ། རྟ་སྐད་དྲག་པོས་གདུག་པ་ཅན་ཐམས་ཅད་རླག་པར་བྱེད་ཅིང་། རང་གི་ཚོགས་ཀྱི་དཀྱིལ་འཁོར་དགའ་བར་བྱེད་པར་བཤད། གཞན་ལས། ཧེ་ནི་ཧེ་དུ་སྟེ་རྒྱུ་ལ་འཇུག །རུ་ནི་རུ་ཏྲ་སྟེ་བསྐྱེད་པ་ལས་རྐྱེན་ཚོགས་པ་ལ་འཇུག །ཀ་ཀཱ་ཙིཏྟ་གང་ཡང་རུང་བ་ལ་འཇུག་ལ། ཡི་གེ་དེ་རྣམས་ཀྱི་གཞི་ནི་ཨ་སྟེ། མ་སྐྱེས་པའི་སྒོ་ཡིན་ཏེ། ཆོས་གང་རྒྱུ་དང་བྲལ་བ། ཚོགས་པ་དང་བྲལ་བ་གང་དུ་ཡང་མི་གནས་པའི་དོན་ནི་ཧེ་རུ་ཀ་ཞེས་བཤད་དོ། །གཞན་ལས། ཤྲཱི་ནི་སྐལ་པ་སྟེ་བཙུན་མོའི་བདག་གོ །ཧེ་རུ་ཀ་ནི་བདེ་བ་ཆེན་པོའི་བྱང་ཆུབ་སེམས་ཏེ། ཤྲཱི་ལ་གནས་པའི་ཧེ་རུ་ཀ་ཞེས་བཤད་དོ། །སློབ་དཔོན་དཔེ་མེད་པའི་རྡོ་རྗེ་ཡིས་ཡི་གེ་འབྲུ་དྲུག་ཨའི་སྒྲས་ཕྱེ་ནས་ཆོས་སྐྱེ་བ་མེད་པའི་དོན་རྟོགས་པའི་སྒྲར་བཤད་དེ། དེ་དག་ལ་སོགས་པ་གཞུང་སོ་སོ་ལས་སྒྲ་མང་པོར་བཤད་མོད་ཀྱི། སྔོན་གྱི་མཁན་པོ་རྣམས་ཀྱིས་ཉེ་བའི་སྒྲ་ཁྲག་འཐུང་དུ་བཤད་དོ། །མ་ཧཱ་ཙན་ངྷ་ཞེས་བྱ་བ་ནི་ཁྲོ་གཏུམ་ཆེན་པོའོ། །སརྦ་དུཥྚན་ཞེས་བྱ་བ་ནི་གདུག་པ་ཐམས་ཅད་དེ་དྲག་པོའི་བསྒྲུབ་བྱར་གྱུར་པ་རྣམས་སོ། །ཏ་ཀའམ་ཨ་ན་ཏ་ཀ་ནི་འཇོམས་པའམ་མཐར་བྱེད་པའོ། །ཧ་ན་ད་ཧ་པ་ཙ་ཞེས་བྱ་བ་ནི། རྒྱོབ་ཅིག་སྲེགས་ཤིག་ཆོམས་ཤིག་པའོ། །ཧཱུཾ་ནི་ཕྱག་འཚལ་བ་དང་། སྔགས་བྱིན་གྱིས་རློབ་པ་དང་། ཐུགས་ཀྱི་སྙིང་པོ་དང་། ཁྲོ་བོ་ཐམས་ཅད་ཀྱི་སྙིང་པོ་དང་། དྲག་པོའི་ལས་བསྐུལ་བ་དང་། སྡུད་པའི་སྔགས་ལ་སོགས་པར་གྲགས་སོ། །ཕཊ་འབར་བའི་སྔགས་ཞེས་གྲགས་ཏེ། གསད་པ་དང་བསྐྲད་པ་ལ་སོགས་པ་དྲག་པོའི་ལས་ཁ་ཅིག་ལ་བསྔགས་པ་སྟེ། སྤྱིར་ན་ཧཱུཾ་ཕཊ་ཞེས་འབྲེལ་ན་དྲག་པོའི་སྔགས་ཀྱི་མཇུག་ཏུ་བཤད་དོ། །རིགས་གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཁྲོ་མོ་རྣམས་ནི། མ་ཧཱ་ཀྲོ་ཏི་ཤྭ་རི་ཞེས་བྱ་བ་ནི་ཁྲོ་མོ་དབང་ཕྱུག་མ་ཆེན་མོའོ། །དེ་ལ་དབང་ཕྱུག་མ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆ་སྟེ། དབྱིངས་ཀྱི་ཕྱག་རྒྱར་བསྟན་པའོ། །བཛྲ་ངྷ་ར་ནི་རྡོ་རྗེ་འཆང་ངོ་། །ཛྭ་ལ་ནི་འབར་མའོ། །བི་ཏ་མ་རི་རིག་མའོ། །ཧྲི་ཤྲུཏྟ་ས་མནྟ་ནི་ཀུན་ཏུ་རྒོད་པའོ། ཁཱ་ཧི་ནི་གསོལ་ཅིག་པའོ། །སརྦ་ཨ་མོ་གྷ་ནི་དོན་ཐམས་ཅད་ཡོད་མའོ། །འཁོར་གྱི་མ་མོ་རྣམས་ཀྱི་སྔགས་ལ། བཛྲ་ཀོོ་རཱི་ཧ་ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པ་ཙམ་གྱི་སྔགས་སོ། །ཨཱོཾ་བཛྲ་ཀོོ་རཱི་ཧ། ཆེ་གེ་མོ་ཞིག་ཧཱུཾ་ཛ་ཛ་ཞེས་བརྗོད་པས་ནི་ལས་ལ་བསྐུལ་བའི་སྔགས་སུ་འགྱུར་རོ། །ཛ་ཛ་ཧཱུཾ་བསལ་ན་ནི། མཉེས་པར་བྱེད་པའི་སྔགས་སུ་འགྱུར་རོ། །དེ་ལ་ཡི་གེའི་སྒྲ་ནི། ཀོོ་ཞེས་བྱ་བའི་སྒྲ་མཛོད་ལྡན་དང་། མཁས་པ་དང་། པདྨ་ལ་དགའ་བ་དང་། འུག་པ་ལ་སོགས་པ་ལ་འཇུག་པ་ལས། སྔོན་གྱི་སློབ་དཔོན་རྣམས་ཀྱིས་མཛོད་ལྡན་དུ་བཤད་དོ། །ར་ནི་ལྡན་པའི་རྐྱེན། ཨི་ནི་མོའི་རྟགས་སུ་བཤད་དོ། །ཁ་ཅིག་ནི་བཤད་པ་གོ་གོ་རྭ་བ་ཞེས་བྱ་སྟེ། ཁ་དོག་དཀར་བ་ལ་བྱ། ཨི་ནི་མོའི་རྟགས་ཏེ་དཀར་མོ་ཞེས་བཤད། ལྷ་མོ་འདི་དག་ལ་མང་པོའི་སྒྲ་ཡོད་དེ། དེ་བས་ན་དཀར་མོའི་ཚོགས་ཞེས་བཤད་དོ། །གཅིག་ལས་མང་པོའི་ཚིག་ཇི་ལྟར་འགྱུར་ཞེ་ན། བྱཱ་ཀ་ར་ཎ་ལས། ཤིན་ཏུ་བཟང་མོའི་བུད་མེད་ལ་ནི་མང་པོའི་ཚིག་སྟེ། བཙུན་མོ་རྣམས་ཞེས་བྱའོ། །འདི་ནི་མཆོག་ཏུ་བསྟན་པའི་ཚིག་གོ །ཞེས་འབྱུང་ངོ་། །ཁ་ཅིག་ན་རེ། བུད་མེད་ལ་མང་པོའི་ཚིག་འཇུག་པ་ནི་ཆོས་ཀྱི་འབྱུང་གནས་དང་ལྡན་པས་སོ། །ཞེས་ཟེར་རོ། །སྔ་རབས་ཀྱི་སློབ་དཔོན་རྣམས་ན་རེ། དང་པོ་སྤྲུལ་བ་སྤྲོ་བའི་དུས་ན་མང་པོའི་སྤྲུལ་པ་ལས་འདུས་པ་ཡིན་པའི་ཕྱིར་རོ། །ཞེས་ཀྱང་གསུངས་ཏེ། ཡོངས་ནི་མང་པོའི་ཚིག་འདི་ལྟ་བུ་ཡོངས་སུ་མ་དག་པའི་ལྷར་གཏོགས་པའི་འཁོར་ན་གནས་པའི་མ་མོ་བརྒྱད་ལྟ་བུ་ཡང་མང་པོའི་ཚིག་འཇུག་པར་སྣང་བས། དེ་བས་ན་འཇིག་རྟེན་པ་དང་མཐུན་པ་ཉིད་དུ་མངོན་ནོ། །ཧ་ནི་ས་བོན་ནོ། །དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །བྱེ་བྲག་གི་དོན་ནི། ཙཽ་རཱི་ནི་ཆོམ་རྐུན། ཨི་ནི་མོའི་རྟགས། པྲ་མོ་ཧ་ནི་རབ་རྨོངས། རིང་དུ་འདྲེན་པ་ནི་མོའི་རྟགས། བེ་ཏ་ལི་ནི་རོ་ལངས། ཨི་ནི་མོའི་རྟགས་ཏེ། དེ་ལྟར་ན་ལྷ་མོ་བཞི་པོ་འདི་ཡང་རིགས་བཞིའི་ཡོན་ཏན་གྱི་ཆ་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ནི་དཀར་མོ། ཡོན་ཏན་བསྡུས་པ་ནི་རྐུན་མོ། ཟིལ་གྱིས་གནོན་པའི་གསུང་ནི་རབ་རྨོངས། གདུག་པ་འདུལ་བའི་ཕྲིན་ལས་ནི་རོ་ལངས་ཐལ་བྱེད་མའོ། །དེ་བཞིན་དུ་པུཀྐ་སཱི་ལ་སོགས་པ་ནི་དུས་བཞི་ཡེ་ཤེས་བཞིའི་རང་བཞིན་ཏེ། པུཀྐ་སཱི་ནི་སྦོས་མོའོ། །གྷསྨ་རཱི་ནི་གཏུམ་མོའོ། །ཙཎྚ་ལཱི་ནི་སྨེ་ཤ་ཅན་ནོ། །སྨ་ཤ་ནཱི་ནི་དུར་ཁྲོད་མའམ་མ་ཚོགས་མ་ཞེས་བྱ་སྟེ། མི་རྟོག་པའི་གཏི་མུག་ནི་མི་འཕྲོག་པའི་ཕྱིར་སྦོས་མོའོ། །གདུག་པ་འདུལ་བའི་ཞེ་སྡང་ནི་གཏུམ་མོའོ། །ཐུགས་རྗེ་ཆགས་པས་གང་ཡང་མི་གཏོང་བ་ནི་སྨེ་ཤ་ཅན་ནོ། །དུག་གསུམ་དབྱེར་མེད་པ་ནི་མ་མོ་ཐམས་ཅད་ཀྱི་གཞིར་གྱུར་པ་སྟེ་མ་ཚོགས་མའོ། །དེའི་དབང་གིས་སྐབས་སུ་མ་མོ་བདུན་ཡང་གྲགས་སོ། །སིང་ཧ་མུ་ཁཱ་ཞེས་བྱ་བ་ལ་སོགས་པ་ལ། མགོ་བརྙན་མ་འདི་དག་ཀྱང་གཅན་གཟན་ཁྲོ་བོའི་མགོ་བརྙན་བཞི་ནི། རིགས་བཞིའི་ཕྲིན་ལས་བདུད་བཞི་འཇོམས་པའི་ཕྱག་རྒྱར་བཤད་དོ། །འདབ་ཆགས་ཀྱི་མགོ་བཞི་ནི། ཡེ་ཤེས་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པའི་ཕྱག་རྒྱར་བཤད་དོ། །བཛྲ་ཨརྱ་ཏེ་ཛ་ཏེང་ཛ་ཞེས་བྱ་བ་ལ་སོགས་པ་སྒོ་མ་བཞི་རྣམས་ནི་ཚད་མེད་པ་དང་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་དོན་མཛད་པའི་མངག་གཞུག་གི་ཕོ་ཉར་བཤད་དོ། །དེ་ལ་དང་པོ་ནི། འཕགས་མ་བསྲིངས་འགྲོ་མ་ཞེས་བྱ་བ་སྟེ། རྟ་དབུའི་དོན་ནོ། །བཛྲ་ཨ་མུ་ཁཱ་ཧཱུཾ་ཞེས་པ་ནི། རྡོ་རྗེ་དོན་ཡོད་མའམ་རྡོ་རྗེ་གདོང་མོའོ། །བཛྲ་ལོ་ཀ་བཾ་ཞེས་པ་ནི། རྡོ་རྗེ་འཇིག་རྟེན་མའམ་རྡོ་རྗེ་སྣང་མའོ། །བཛྲ་བྷསྨི་པ་ལ་ཡ་བ་ཏི་ཞེས་པ་ནི། རྡོ་རྗེ་ཐལ་བྱེད་མ་ལ་བྱའོ། །དབང་ཕྱུག་མ་རྣམས་ཀྱི་སྙིང་པོ་ཡི་གེ་བྷྱོ་ཞེས་བྱ་བར་བསྟན་པ་ནི། བྷྱོ་ནི་མ་མོའི་ཚོགས་ཀྱི་དོན་ཡིན་པས། བུད་མེད་ཀྱི་སྙིང་པོ་ཡང་ཡིན། འབོད་པ་ཡང་ཡིན། བསྐུལ་བ་ཡང་ཡིན་པའི་ཕྱིར་རོ། །སྤྱན་དྲངས་པའི་སྔགས་ལ་རུ་ལུ་བསྟན་པ་ནི། རུ་ལུའི་བྱེ་བྲག་བཅུ་ལ་སོགས་པར་བསྟན་པ་ལས། འདིར་རུ་ལུ་སྤྱན་དྲང་བར་ཤེས་པ་སྟེ། གང་གི་ཕྱིར་དང་པོར་ལས་ཀྱི་སྲིན་པོའི་རྔམ་ཚིག་གི་གདུག་པའི་གླུ་དཔལ་ཆེན་པོས་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར་རོ། །རུ་ལུའི་བྱེ་བྲག་གཞན་དུ་སྦྱར་བ་ལ་ཡང་རང་རང་གི་ཡོན་ཏན་དེ་བཞིན་དུ་སྦྱར་བར་ཤེས་པར་བྱའོ། །ཨེ་ཧྱེ་ཧི་ནི་ཀྱེ་ཚུར་སྤྱོན་པའོ། །ཨཱ་ན་ཡ་ནི་འགུགས་པའོ། །ཛཿཧཱུཾ་བཾ་ཧོ་ནི་མངག་གཞུག་གི་ལས་བཞིའོ། །རཾ་ནི་རིག་པའི་མེ་ཏོག་དོར་བ་སྟེ། བདག་དང་ལྷ་རང་བཞིན་དབྱེར་མེད་པར་རྟོགས་ནས་གཉིས་སུ་མེད་པར་བསྟིམ་པ་ལ་ཕྱོགས་པར་གྱུར་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུཾ་ཞེས་བྱ་བ་ནི། ལྕགས་ཀྱུ་དང་ཞགས་པའི་ལས་ཀྱི་མཚན་ཉིད་དོ། །གཞན་ནི་གོང་དུ་བཤད་དོ། །ཨ་ལི་ཨུ་ལི་ཞེས་བྱ་བ་ལ་སོགས་པ་ལ། འདི་ཡང་ཨ་བ་བྲཾ་ཤའི་སྐད་ཀྱིས་ཚོགས་ཀྱི་མཆོད་པ་གླུ་བླངས་པ་སྟེ། དེ་ལ་ཨ་ལི་ནི་ཆང་ངོ་། །ཨུ་ལི་ནི་ཤའོ། །ཏཱ་ལི་ཏ་པཱ་ལི་ཞེས་བྱ་བ་ནི། དེ་ལ་སོགས་པའི་དམ་ཚིག་གི་མཆོད་རྫས་སྣ་ཚོགས་པའོ། །དཾཥྚ་ནི་ཞལ་མཆེ་བ་བགྲད་པ། གོ་ནཱ་ཞེས་པ་ནི་རྡོ་རྗེ། རོོ་ཏྲི་ནི་དྲག་པོའམ་ཁྲོ་བ་སྟེ། ཚིག་བསྡུས་ན་རྡོ་རྗེ་ཁྲོ་བོ་མཆེ་བ་བགྲད་པའི་ཞལ་དུ་ཁ་རཾ་ཞེས་བསྟབ་པའོ། །ཡོ་གི་ནཱི་ཞེས་བྱ་བ་ནི་རྣལ་འབྱོར་མ་སྟེ། རྡོ་རྗེ་ལྷ་མོའི་ཚོགས་ཐམས་ཅད་ལ་བསྟབ་པའོ། ཁཱ་ཧི་གསོལ་ཅིག་པའོ། །ཧོཿནི་མཆོད་པ་བསྟབ་པའི་བརྡ་ཕྱག་གོ །ཧཱུཾ་ཧ་ཧེ་ཕཊ་ཞེས་པ་ནི། སྤྱིར་དཀྱིལ་འཁོར་གདོན་པའི་རྒྱུ་ས་བོན་གྱི་ཡི་གེ་ཡིན་ཡང་། སྐབས་འདིར་ནི་དཀྱིལ་འཁོར་གསལ་ཞིང་བརྟན་པར་བསྒོམ་པའོ། །ལེའུ་བཅུ་དྲུག་པའོ། །ལེའུ་བཅུ་བདུན་པ་ལས། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །ཅེས་བྱ་བ་ནི་ཐོད་པ་སྐམ་རློན་གྱི་རྩིག་པ་ལ་སྦྲུལ་ནག་གི་གཅུན་བཏབ་པ་ནི་ཐོད་པ་སྦྲུལ་གྱི་ཟ་ར་ཚགས་དང་། ཉི་མ་དང་ཟླ་བའི་མཐོང་ཁུང་དང་། ཀ་ལོ་དང་ཀ་རྒྱན་ལ་སོགས་པས་བརྒྱན་ནོ། །ཞེས་གྲགས་སོ། །སྐུའི་རྒྱན་གྱི་སྐབས་སུ། སྦྲུལ་དང་ཐོད་འཕྲེང་ཉི་ཟླར་བཅས། །ཞེས་གསུངས་པ་ནི་སྦྲུལ་གྱི་ཆུན་པོ་དང་། ཐོད་སྐམ་གྱི་དབུ་རྒྱན་དང་། ཐོད་རློན་གྱི་ཕྲེང་བ་དང་། ཉི་ཟླའི་ཕྲེང་བས་སེ་རལ་ཁ་ཐོགས་སོ། །ཞེས་གྲགས་སོ། །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱི་སྤར་བས་ནི། །ཞེས་བྱ་བ་ནི། གདན་ཁྲི་འདི་རྣམས་ནི་དུད་འགྲོ་གདུག་པ་ཅན་ཡིན་པས་ཁྲོ་བོ་རྣམས་ཀྱི་གདན་དུ་འོས་པ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡོན་ཏན་གྱི་ཆ་མཚོན་པའི་ཆོས་དང་ལྡན་པ་རྣམས་ཏེ་དེ་ལྟར་བསྟན་ནོ་ཞེའོ། །དེ་ལ་ཁྱུ་མཆོག་ནི་ལྕེ་འབབ་པའི་འཇིགས་པ་དང་བྲལ་བ་དང་། ཁྱུས་འགྲོ་ཟིལ་གྱིས་གནོན་པས་འཇིགས་བྱེད་ཁྱུ་མཆོག་ཅེས་བྱ་སྟེ། ཐུགས་ཀྱི་ཕྱག་རྒྱའོ། །མ་ཧེ་ནི་གཟི་བྱིན་ཆེ་བས་བརྗིད་པའི་མ་ཧེ་ཞེས་བྱ་སྟེ་སྐུའི་ཕྱག་རྒྱའོ། །གཟིག་ནི་གདུག་པ་ཆེ་བས་མི་གཏོང་བའི་ཕྱིར་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཕྱག་རྒྱའོ། །སྟག་ནི་དཔའ་རྟུལ་ཆེ་བས་ཐུགས་རྗེ་ཆེན་པོའི་མཚན་ཉིད་པདྨའི་རིགས་ཀྱི་ཕྱག་རྒྱའོ། །དོམ་ནི་གཏུམ་པའི་ཕྱིར་ལས་ཀྱི་རིགས་ཀྱི་ཕྱག་རྒྱའོ། །དེ་བས་ན་རྒྱུད་གཞན་ལས་ཀྱང་། འཇིགས་བྱེད་ཁྱུ་མཆོག་བརྗིད་པའི་མ་ཧེ་གདུག་པའི་གཟིག །དཔའ་རྟུལ་སྟག་དང་གཏུམ་པའི་དོམ་ཞེས་གྲགས་སོ། །ཕྱག་མཚན་རྣམས་ནི་གཡས་དང་པོ་རང་རང་གི་མཚན་མ་བསྣམས། གཡོན་དང་པོ་ན་བྷནྡྷ་དམར་གྱིས་བཀང་བ་བསྣམས། གཞན་རིམ་བཞིན་སྦྱར་རོ། །གནས་དང་ཡུལ་གྱི་ཕྱག་རྒྱ་ཞེས་བྱ་བ་ལ། མ་མོ་བརྒྱད་ལ་ཅིའི་ཕྱིར་གནས་ཀྱི་ཕྱག་རྒྱ་ཞེས་བྱ་ཞེ་ན། རྒྱུད་གཞན་ལས་ནི་རྣམ་ཤེས་གནས་ཀྱི་མ་བརྒྱད་ཅེས་གྲགས་ཏེ། རྣམ་པར་ཤེས་པ་ཉིད་གནས་ཞེས་གྲགས་སོ། །འདིར་ནི་དབང་པོ་དང་རྣམ་པར་ཤེས་པར་བཅས་པ་ལ་གནས་ཞེས་གྲགས་ཏེ། དེ་ཡང་ཁ་ཅིག་ཏུ་གནས་ཞེས་བྱ་བ་དབང་པོ་ལ་གྲགས། ཁ་ཅིག་ཏུ་བདག་ཏུ་ལྟ་བ་ལ་གྲགས། ཁ་ཅིག་ཏུ་སྣོད་ཀྱི་འཇིག་རྟེན་ལ་གྲགས་ཏེ། དེ་ལས་འདིར་ནི་རྣམ་པར་ཤེས་པའི་གནས་སུ་གཟུང་བའོ། །དབང་པོ་དང་རྣམ་ཤེས་བཅས་ཏེ་གནས་ཞེས་བྱའོ། །ཡུལ་དང་དུས་ཀྱང་ཡུལ་དུ་བསྡུས་ཏེ། དེ་བས་ན་དེ་དག་གི་རང་བཞིན་གྱི་ཕྱག་རྒྱར་གྱུར་པ་རྣམས་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་བདུན་པའོ། །ལེའུ་བཅོ་བརྒྱད་པ་ལས། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཞེས་གསུངས་པ་ནི། མཆོད་པའི་ཚོགས་རྣམས་ཀྱང་ལྷ་རྣམས་ཀྱི་རང་བཞིན་དང་བྱིན་རླབས་ཡིན་པར་ཤེས་པར་བྱ་སྟེ། མཆོད་ཀྱང་རུང་། མཆོད་པའི་ལྷ་མོར་སྤྲུལ་པ་ལས་དེའི་ཕྱག་རྒྱ་ལས་འཕྲོས་པའི་མཆོད་པའི་སྤྲིན་ཆེན་པོར་སྤྲུལ་ཏེ། ལྷ་རྣམས་ཀྱི་དབང་པོ་ལ་ཐིམ་པར་བསམས་ནས་མཆོད་ཀྱང་རུང་སྟེ། དེ་སྐད་བསྟན་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོར་རྫོགས་འགྱུར་ཞིང་། །ཞེས་བྱ་བ་ནི། མཚན་མ་མེད་པའི་ཕྱག་རྒྱ་ཆེན་པོ་དང་། མཚན་མ་དང་བཅས་པའི་ཕྱག་རྒྱ་ཆེན་པོའི་ཚིག་ཟུར་གཉིས་སུ་དྲངས་ཀྱང་འགལ་བ་མེད་དོ། །མཆོད་པ་འདི་དག་ཀྱང་ཁྲོ་བོའི་དཀྱིལ་འཁོར་གྱི་སྐབས་སུ་བསྟན་ལ། ཞི་བའི་སྐབས་སུ་ནི་གོང་དུ་ཚང་བར་བསྟན་པས། འདིར་ཁྲོ་བོའི་མཆོད་པའོ། །ཞེས་གསུངས་པ་དག་ཡོད་ན། ཡོངས་རང་བཞིན་བྱེ་བྲག་ཏུ་གྱུར་པ་མ་མཐོང་ངོ་། །ལེའུ་བཅོ་བརྒྱད་པའོ། །ད་ནི་དམ་ཚིག་བསྟན་པའི་ཕྱིར། དེ་ནས། ཞེས་བྱ་བ་ལ་སོགས་སྨོས་ཏེ། དེ་ལ་དོན་ཡོད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། བསླབ་པ་ཐམས་ཅད་ཀྱི་གཞི་ནི་དམ་ཚིག་ཡིན་ཏེ། དཔེར་ན་སྐྱེས་བུའི་སྲོག་གི་དབང་པོ་འགགས་ན་དབང་པོ་ཐམས་ཅད་འགག་པར་འགྱུར་བ་བཞིན། རྣལ་འབྱོར་དམ་པ་རྣམས་ཀྱིས་དམ་ཚིག་གི་བསླབ་པ་མེད་པར་གྱུར་ན་དབང་པོ་ལ་སོགས་པའི་བསླབ་པ་ཐམས་ཅད་ཀྱང་དོན་མེད་པར་འགྱུར་བས། དེའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་དམ་ཚིག་གི་སྤྱིའི་དོན་ནི་གོང་དུ་བཤད་ཟིན་ཏོ། །འདིར་གཞུང་ཙམ་བརྗོད་པར་བྱ་སྟེ། དེ་ཡང་དང་པོར་དམ་ཚིག་གི་ཆེ་བ་བསྟན་པའི་ཕྱིར། བླ་མེད་ཐེག་པར་རབ་ངེས་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེ་བ་བསྟན་པའི་ཚུལ་ཡང་། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་དང་ལྡན་ན་ཉོན་མོངས་པ་དང་འདོད་པ་ལྔ་ལ་སྤྱད་པའི་སྐྱོན་གྱིས་མི་གོས་ཤིང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་གཞུང་དུ་གྲགས་པའི་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཀྱང་འདུས་ཤིང་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་བསྟན་པ་དང་། དེ་དག་ཅིའི་ཕྱིར་འདུས་པར་བསྟན་པ་དང་། དེ་དག་ཚུལ་ཇི་ལྟར་འདུས་པ་རྣམས་ཀྱིས་སྟོན་པར་ཤེས་པར་བྱའོ། །དེ་ལ་དང་པོ་ནི། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱོད་ཀྱང་། །བྱས་ལ་མི་གསོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་གསུངས་པ་ཡིན་ཏེ། དེ་ལ་བླ་མེད་མཆོག་གི་དམ་ཚིག་ནི་ཆོས་མཉམ་པ་ཆེན་པོའི་དམ་ཚིག་ཡིན་ཏེ། ཆོས་མཉམ་པ་ཆེན་པོ་ལ་ནི་བླ་ན་མེད་པའི་ཐེག་པ་ཞེས་བྱའོ། །རབ་ངེས་ན་ཞེས་བྱ་བ་ནི། དེ་ཉིད་ཉམས་སུ་ལོན་ཅིང་རྟོགས་པའི་གདེང་དང་ལྡན་པ་སྟེ། དེ་ཡང་རྣལ་འབྱོར་ཆེན་པོའི་གཞུང་ལས་ནི། ཤེས་རབ་ཀྱི་སྟེང་༼གདེང་། ཞེས་རྨུགས་སངས་པར་མར་བཅོས་འདུག༽དུ་གྱུར་པ་གཙོ། ཞེས་འབྱུང་། རྣལ་འབྱོར་ཕྱི་པའི་གཞུང་ལས་ནི། ཏིང་ངེ་འཛིན་གྱི་སྟེང་༼གདེང་། ཞེས་རྨུགས་སངས་པར་མར་བཅོས་འདུག༽༽དུ་གྱུར་པ་གཙོ། ཞེས་འབྱུང་སྟེ། ཡོངས་ནི་ཤེས་རབ་དང་ཏིང་ངེ་འཛིན་གཉིས་ཀ་དང་བྲལ་དུ་མི་རུང་བས། དེ་གཉིས་ཀའི་སྟོབས་ཀྱི་རིམ་པ་དང་ལས་ལྕི་ཡང་གི་རིམ་པས་གོས་པ་དང་མི་གོས་པ་ཡང་རིམ་པ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟ་བུའི་ཉམས་དང་ལྡན་ན་ཉོན་མོངས་པ་ལྔ་དང་འདོད་པ་ལྔ་ལ་སྤྱད་ཀྱང་བག་ཆགས་གསོག་པར་མི་འགྱུར་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་འགྱུར་བ་དང་། སོ་སོར་ཐར་པ་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཀྱང་མ་ལུས་པར་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གི་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་གསུངས་ཏེ། གསང་སྔགས་ཀྱི་དམ་ཚིག་འདིའི་ནང་དུ་འགྲོ་བ་འདུལ་བའི་དབང་དུ་གསུངས་པའི་ཉན་ཐོས་ཀྱི་ཚུལ་ཁྲིམས་ཇི་སྙེད་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་མཐའ་ཡས་པ་རྣམས་ཀྱང་འདུས་ཤིང་རྣམ་པར་དག་པའི་ཕྱིར་རོ། །དེ་ལ་འདུས་པ་དང་རྣམ་པར་དག་ཅེས་པ་ནི། ཚང་བ་དང་གནས་གྱུར་པའོ། །ཉན་ཐོས་ཀྱི་སོ་སོར་ཐར་པའི་སྡོམ་པར་གྲགས་པ་ཕས་ཕམ་པ་བཞི་ལ་སོགས་པ་བྱ་བ་མ་ཡིན་པ་ལ་སོགས་པ་ལས་ལྡོག་པའི་མཚན་ཉིད་དང་། བྱང་ཆུབ་སེམས་དཔའི་སྡོམ་པར་གྲགས་པ་སེམས་ཅན་ལ་གནོད་པར་སྦྱོར་བ་ལས་ལྡོག་པ་ཙམ་དུ་མ་ཟད་ཀྱི། སེམས་ཅན་ལ་ཕན་འདོགས་པའི་མཚན་ཉིད་རྣམས་ཀྱང་། གསང་སྔགས་ཀྱི་དམ་ཚིག་སེམས་ཅན་ལ་གནོད་པར་སྦྱོར་བ་ལས་ལྡོག་པའི་ཕན་འདོགས་པར་ཞུགས་པའི་སྟེང་དུ། སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ཏེ་མཉམ་པ་ཆེན་པོའི་ངང་ལས་མི་གཡོ་བཞིན་དུ་ཡང་། སེམས་ཅན་གྱི་དོན་ཡིད་བཞིན་དུ་མཛད་ཅིང་བྱ་བ་མ་ཡིན་པ་ལ་འཇུག་པའི་སྤྱོད་པ་སྒོ་གསུམ་ནས་རྡུལ་ཕྲ་མོ་ཙམ་ཡང་མི་མངའ་བས། ཐམས་ཅད་ཚང་བའི་ཕྱིར་འདུས་པ་ཞེས་བྱའོ། །གནས་གྱུར་པས་རྣམ་པར་དག་པ་ནི། དཔེར་ན་ཟངས་སམ་འཁར་བ་ལྟ་བུའི་རྫས་ཀྱི་དངོས་པོ་གཅིག་ལ་ཆོལ་ཟངས་སུ་བྱས་པའི་དུས་ན་བཙོག་པའི་སྣོད་ཅེས་བྱའོ། །དེ་ཉིད་ལས་གཞོང་པར་བྱས་པའི་ཚེ་ན་ནི་གཙང་མའི་སྣོད་ཅེས་བྱའོ། །དེ་ཉིད་ལས་འཕགས་པའི་སྐུ་གཟུགས་སུ་བྱས་པའི་དུས་ན་ནི་ཕྱག་གནས་དང་མཆོད་གནས་ཀྱི་དཔལ་ཞིང་ཞེས་བྱའོ། །དེ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ལ་མ་རིག་པ་དང་བཅས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་བསམ་པས་སྤྱད་ན་ནི་འཆིང་བའི་རྒྱུར་བཤད་དོ། །དེ་ཉིད་ཤེས་རབ་དང་སྙིང་རྗེ་ཕྱོགས་གཅིག་གིས་བཟུང་ནས་བྱ་བ་མ་ཡིན་པ་ལ་འཇུག་པ་ནི་བསྡམས་པར་གནས་པ་ལ་གཞུགས་པར་གྱུར་ན་བདེ་འགྲོ་དང་ཐར་པའི་རྒྱུར་བཤད་དོ། །དེ་ཉིད་ཐབས་དང་ཤེས་རབ་ཆེན་པོ་དང་ལྡན་པའི་བསམ་པས་ཟིན་པར་སྤྱད་ན་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཉིད་དུ་གྲོལ་བའི་རྒྱུར་བཤད་དོ། །དེ་ཉིད་ཐབས་དང་ཤེས་རབ་ཆེན་པོའི་ཡང་ཆེན་པོས་ཡོངས་སུ་ཟིན་པར་སྤྱད་པ་ནི་བྱང་ཆུབ་ཆེན་པོར་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་རྒྱུར་བཤད་དོ། །དེ་བས་ན་གནས་གྱུར་པའི་ཚུལ་གྱིས་རྣམ་པར་དག་པ་ཡིན་པས། མཉམ་པ་ཆེན་པོའི་དམ་ཚིག་ཏུ་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ། །ད་ནི་ཚུལ་ཇི་ལྟར་རྫོགས་པ་སྟོན་ཏེ། དེ་ཡང་དང་པོར་སོ་སོར་ཐར་པའི་སྡོམ་པ་ལས། ཕས་ཕམ་པ་བཞི་བྱུང་ན་རྩ་བ་བཞི་ཞིག་པར་གསུངས་ཏེ། དེ་ཡང་ལུས་ཀྱི་སྡིག་ཏོ་མི་དགེ་བ་གསུམ་རྫུན་དུ་སྨྲ་བ་དང་བཅས་པ་རྣམས་ལ་ཤིན་ཏུ་ལྕི་བར་གྱུར་པའི་ཡན་ལག་ཚང་བ་རྣམས་ནི་རྩ་བའི་སྡོམ་པ་འཇིག་པར་བྱ་བ་བཤད་དེ། དེ་ཡང་སྲོག་གཅོད་པའི་སྐབས་སུ་ཤེས་པ་འཁྲུལ་པ་མེད་པས་ཉོན་མོངས་པ་ཞེ་སྡང་སྐྱེས་པ་དང་། དེ་ལ་གསོད་པའི་བསམ་པས་གསད་པའི་སྦྱོར་བ་བྱས་པ་དང་། སྦྱོར་བ་དེ་ཉིད་ཀྱིས་ཤི་བར་གྱུར་པ་དང་། སྲོག་ཆགས་དེ་ཡང་འགྲོ་བ་མིར་གྱུར་པ་གཞན་གྱི་རྒྱུད་དུ་གཏོགས་པ་ཞིག་ཡིན་པ་སྟེ། དེ་ལྟ་བུ་དག་གི་ཡན་ལག་ཚང་བའི་སྲོག་གཅོད་པས་ནི་རྩ་བ་འཇིག་པར་བཤད་དོ། །དེ་བཞིན་དུ་མ་བྱིན་པར་ལེན་པའང་། ཤེས་པ་འཁྲུལ་པ་མེད་པས་ཉོན་མོངས་པ་འདོད་ཆགས་སྐྱེས་པ་དང་། དེ་ལ་མ་བྱིན་པར་ལེན་པའི་བསམ་པས་བླངས་པའི་སྦྱོར་བ་བྱས་པ་དང་། མཚམས་ལས་འདས་པར་གྱུར་པ་དང་། རྫས་དེ་ཡང་རིན་ཐང་ཚང་བ་ཞིག་ཏུ་གྱུར་པ་སྟེ། དེ་ལྟ་བུ་ལ་སོགས་པའི་ཡན་ལག་ཚང་བ་དང་། མི་ཚངས་པར་སྤྱད་པའི་སྐབས་སུ་ཡང་། ཤེས་པ་འཁྲུལ་པ་མེད་པས་ཉོན་མོངས་པ་འདོད་ཆགས་སྐྱེས་པ་དང་། དེའི་དབང་གིས་མི་ཚངས་པར་སྤྱོད་པའི་བསམ་པས་དེའི་སྦྱོར་བ་བྱས་པ་དང་། མཚན་ནོར་བུ་འདས་པ་དང་། བདེ་བ་ཉམས་སུ་མྱོང་བ་དང་། ལུས་དེ་ཡང་ཡན་ལག་ཚང་བ་ཞིག་སྟེ། དེ་ལྟ་བུ་ལ་སོགས་པའི་ཡན་ལག་ཚང་བ་དང་། རྫུན་དུ་སྨྲ་བའང་ཤེས་པ་འཁྲུལ་པ་མེད་པས་གཞན་བསླུ་བའི་བསམ་པ་སྐྱེས་པ་དང་། དེའི་དབང་གིས་རྫུན་དུ་སྨྲ་བའི་སྦྱོར་བ་བྱས་པ་དང་། ཕ་རོལ་གྱི་འདུ་ཤེས་གཞན་དུ་གྱུར་པ་དང་། རྫུན་དེ་ཡང་བདག་གིས་ལྷ་མཐོང་ངོ། །འདྲེ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་རླབས་ཆེ་བ་ཞིག་སྟེ། འདི་ལྟ་བུ་ལ་སོགས་པ་ཡན་ལག་ཚང་བ་རྣམས་ནི་སྡོམ་པའི་རྩ་བ་འཇིག་པར་བཤད་དོ། །བྱང་ཆུབ་སེམས་དཔའི་སྡོམ་པའི་སྐབས་སུ་ནི། སེམས་ཅན་ལ་གནོད་པར་སྦྱོར་བ་ལས་ལོག་པའི་སྟེང་དུ། སེམས་ཅན་ལ་ཕན་འདོགས་པ་ལ་ཞུགས་པ་ཡིན་པས་ཡན་ལག་དེ་ལྟ་བུ་དང་ལྡན་པའི་སྡིག་ཏོ་མི་དགེ་བ་ནི་སྤྱོད་མི་སྲིད་མོད་ཀྱི། འོན་ཀྱང་སྙིང་རྗེ་ཆེན་པོའི་དབང་གིས་གཞན་ལ་ཕན་འདོགས་པ་ཉིད་ཀྱི། གཞན་ལ་ཕན་འདོགས་པའི་སྤྱོད་པར་གྱུར་པ་དངོས་གཞི་ཙམ་ནི་མ་བཀག་གོ་ཞེས་བཤད་དོ། །གཞུང་ཁ་ཅིག་ལས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལ་མི་ཚངས་པར་སྤྱོད་པ་བཀག་གོ་ཞེས་བཤད་དོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཉིད་ཀྱི་སྐབས་སུ་ཕས་ཕམ་པ་དང་འདྲ་བར་གསུངས་པ་ནི། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། ཁྲོས་ནས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་བྱང་ཆུབ་སེམས་དཔས་སོ་སོར་ཐར་པའི་སྡོམ་པ་ལས་གསུངས་པའི་ཡན་ལག་ཚང་བའི་ཆགས་པ་སྤྱོད་པ་ནི་མི་སྲིད་ཀྱི། འོན་ཀྱང་གཞན་གྱི་དོན་དུ་དངོས་གཞི་ཙམ་སྤྱོད་པས་ནི་སྡོམ་པ་ཉམས་པར་མི་འགྱུར་གྱི། རྙེད་པ་དང་བཀུར་སྟི་ལ་ཆགས་པའི་དབང་གིས་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་བསྟོད་ཅིང་། བྱང་ཆུབ་སེམས་དཔའ་གཞན་ལ་སྨོད་པར་བྱེད་ན་སྡོམ་པའི་རྩ་བ་ཞིག་པར་གསུངས་སོ། །མ་བྱིན་པར་ལེན་པའི་སྐབས་སུ་ཡང་སོ་སོ་ཐར་པའི་སྡོམ་པ་ལས་ཇི་སྙེད་གསུངས་པའི་ཡན་ལག་ཚང་བའི་མ་བྱིན་པར་ལེན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་མི་སྲིད་མོད་ཀྱི། འོན་ཀྱང་གཞན་གྱི་དོན་གྱི་དབང་གིས་དངོས་གཞི་ཙམ་སྤྱད་པས་ནི་སྡོམ་པ་ཉམས་པར་མི་འགྱུར་གྱི། གང་དག་སྡུག་བསྔལ་གྱིས་གདུངས་པ་མགོན་མེད་པར་མཐོང་བཞིན་དུ་ཡང་སེར་སྣའི་དབང་གིས་ཆོས་དང་ནོར་ཟས་དག་སྟེར་བར་མི་བྱེད་ཅིང་། སྐྱོབ་པར་མི་བྱེད་ན་ཡང་སྡོམ་པའི་རྩ་བ་ཞིག་པར་གསུངས་སོ། །ཁ་ཅིག་ལས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལ་ཟང་ཟིང་གི་སྦྱིན་པ་མ་གནང་ཞེས་གསུངས་པ་ཡང་ཡོད། ཆོས་གོས་གསུམ་མ་གཏོགས་པ་སྦྱིན་ཞེས་གསུངས་པ་ཡང་ཡོད་དེ། དེ་དག་གི་དགོངས་པ་བཤད་པ་ཡང་ཡོད་ན་ཡོངས་སྙིང་རྗེ་ཉིད་བཙན་པར་བྱའོ། །སྲོག་གཅོད་པའི་སྐབས་སུ་ཡང་ཇི་སྐད་གསུངས་པའི་ཡན་ལག་ཚང་བའི་སྲོག་གཅོད་པ་ནི་བྱང་ཆུབ་སེམས་དཔའ་ལ་མི་སྲིད་དེ། འོན་ཀྱང་གང་དག་བསད་པར་གྱུར་ན་ནི། སྡུག་བསྔལ་གྱི་ཁུར་ཆེན་པོ་དང་བྲལ་བར་ངེས་ཤིང་། མ་བསད་ན་ནི་ལྡན་པར་ངེས་ལ། བསད་པ་མ་ཡིན་པ་ཐབས་གཞན་གྱིས་ཀྱང་ཕན་པར་མི་འགྱུར་བ་དག་མཐོང་ནས། དེའི་དོན་དུ་བདག་གིས་དེའི་སྡིག་པའི་ཁུར་ཐམས་ཅད་བླངས་ཏེ། དེའི་སྲོག་བཅད་པར་གྱུར་པས་ནི་སྡོམ་པ་ཉམས་པར་མི་འགྱུར་གྱི། གང་ཞིག་ལ་ཁྲོས་ཏེ་གཞན་གྱིས་བཤགས་ཀྱང་མི་ཉན་པར་སེམས་ཁྲོས་ཤིང་འཁྲུགས་པས་གཞན་ལ་རྡེག་ཅིང་འཚོག་པར་བྱེད་པ་ནི། སྡོམ་པའི་རྩ་བ་འཇིག་པར་གསུངས་སོ། །རྫུན་དུ་སྨྲ་བའི་སྐབས་སུ་ཡང་ཇི་སྐད་གསུངས་པའི་ཡན་ལག་དང་ལྡན་པའི་རྫུན་ནི་བྱང་ཆུབ་སེམས་དཔའ་ལ་འབྱུང་མི་སྲིད་དེ། འོན་ཀྱང་འགྲོ་བ་འདུལ་བའི་ངེས་པ་དག་མཐོང་ན་བདག་གམ་གཞན་སུ་ཡང་རུང་བས་ལྷ་མཐོང་ངོ་། །འདྲེ་མཐོང་ངོ་། །དེའི་གཏམ་དག་ཀྱང་ཐོས་སོ། །ཞེས་སྨྲས་པ་ལྟ་བུ་ནི་སྡོམ་པ་ཉམས་པར་མི་འགྱུར་གྱི། གང་དག་ཐེག་པ་ཆེན་པོའི་གཞུང་སྤོང་བར་བྱེད་ཅིང་། དམ་པའི་ཆོས་ཡང་དག་པ་མ་ཡིན་པའི་གཞུང་དག་གཞན་ལ་འཆད་ཅིང་སྟོན་པར་བྱེད་པ་ནི། རྩ་བའི་སྡོམ་པ་འཇིག་པར་གསུངས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའི་སྡོམ་པའི་སྐབས་སུ་ཡང་སོ་སོར་ཐར་པའི་སྡོམ་པ་དག་ཚང་ཞིང་རྫོགས་པའམ་འདུས་པ་ཡང་ཡིན་ལ། གནས་གྱུར་བའམ་རྣམ་པར་དག་པ་ཡང་ཡིན་ནོ། །དེ་བཞིན་དུ་གསང་བའི་ཐེག་པའི་སྐབས་སུ་ཡང་དེ་དང་ཚུལ་མཐུན་པ་ཡིན་ཏེ། དེ་ལ་སྲོག་གཅོད་པ་སྤོང་བ་ཇི་ལྟར་འདུས་ཤིང་ཇི་ལྟར་རྣམ་པར་དག་པར་གསུངས་པ་ནི། ཡོད་མེད་དབུ་མ་མི་དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །སྲོག་མེད་སྲོག་ཀྱང་གཅད་དུ་མེད། །སྲོག་དང་སྐྱེས་བུ་ལོག་རྟོག་ཙམ། །ཞེས་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་སྐབས་སུ་རྣམ་པ་དཀར་བའི་ཆོས་རྣམས་སྙིང་རྗེ་ཆེན་པོར་འདུས་ཤིང་རྣམ་པར་དག་པར་བཤད་དོ། །གསང་སྔགས་ཀྱི་ཚུལ་ནི། དེ་གཉིས་ཀྱང་མཉམ་པ་ཆེན་པོར་འདུས་ཤིང་རྣམ་པར་དག་པར་བཤད་ཅིང་། ཇི་ལྟ་ཞེ་ན། སོ་སོར་ཐར་པའི་སྡོམ་པ་ལས་སྲོག་གཅོད་པ་ཡན་ལག་ཚང་བར་བཤད་པ་དེ་དག་ནི། དངོས་པོར་ལྟ་བ་ཁོ་ནའི་དབང་ལས་གྱུར་པ་ཡིན་ལ། གང་དངོས་པོར་ལྟ་བ་དང་བྲལ་ཞིང་མཚན་མར་མ་ཞེན་པ་རྣམས་ལ་དེ་ལྟ་བུའི་ཡན་ལག་འབྱུང་ཡང་མི་སྲིད་ལ། སྙིང་རྗེ་ཆེན་པོ་ལ་སོགས་པའི་བློས་བསྐྱོད་པ་རྣམས་ལ་ཡན་ལག་དེ་ལྟ་བུ་མེད་དེ། དེ་བས་ན་མཉམ་པ་ཉིད་དུ་རྟོགས་པ་རྣམས་ལ་ཡོན་ཏན་དེ་དག་ཚང་ཞིང་འདུས་པ་ཡང་ཡིན་ལ། གནས་གྱུར་ཞིང་རྣམ་པར་དག་པ་ཡང་ཡིན་ནོ། དེ་ལ་ཡོད་མེད་དབུ་མ་མི་དམིགས་ཤིང་། །ཞེས་བྱ་བ་ནི། དོན་དམ་པའི་དབང་དུའོ། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །ཞེས་བྱ་བ་ནི། ཀུན་རྫོབ་ཀྱི་བདེན་པའི་དབང་དུའོ། །དེ་གཉིས་ཀའི་ལྟར་ན་སྲོག་མེད་ཅེས་ཏེ། རང་གི་ངོ་བོ་མ་གྲུབ་པའོ། །སྲོག་གཅད་པ་མེད་ཅེས་ཏེ་ལས་མ་གྲུབ་པའོ། །གཅད་དུ་མེད་ཅེས་ཏེ་གཞི་མ་གྲུབ་པ་སྟེ། འོ་ན་ཅི་ཞེ་ན། སྲོག་དང་སྐྱེས་བུ་ལོག་རྟོག་ཙམ། །ཞེས་གསུངས་ཏེ། བྱེད་པ་པོ་དང་ལས་གཉིས་ཀ་ཡང་འཁྲུལ་བའི་རྟོག་པ་ཙམ་སྣང་བ་སྟེ། རང་བཞིན་མེད་དོ། །འདི་ལྟ་བུའི་དོན་རྟོགས་པ་རྣམས་ལ་ནི། སྲོག་གཅོད་པ་སྤོང་བའམ། དེ་ལ་འཇུག་པའི་རྩོལ་བ་དག་ཀྱང་ཉམས་སུ་ལེན་པར་མི་འགྱུར་ལ། སྒྱུ་མ་ཙམ་དུ་སྣང་བའི་དབང་དུ་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ། མཉམ་པ་ལས་མ་གཡོས་པའི་སྙིང་རྗེ་ཆེན་པོས་སངས་རྒྱས་ཀྱི་མཛད་པ་སྟོན་ཀྱང་། ཚུལ་ཁྲིམས་དང་སྡོམ་པ་འདུས་ཤིང་རྣམ་པར་དག་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤོང་བ་འདུས་ཤིང་དག་པའི་སྐབས་སུ། བདེན་པ་གཉིས་ཀ་དབྱེར་མེད་པས། །འཕྲུལ་དགའི་ཚུལ་དེ་ཐ་དད་མིན། །གཞན་དང་མ་བྱིན་མེད་པའི་ཕྱིར། །བླང་མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཞེས་གསུངས་ཏེ། དེ་ལ་ཆོས་ཐམས་ཅད་ལ་ནི་བདེན་པ་གཉིས་ཀྱི་ཚུལ་ཙམ་ལས་མ་གཏོགས་པ་དངོས་པོ་གཞན་མེད་ལ། དེ་ལ་དོན་དམ་པ་སྤྲོས་པ་དང་བྲལ་བའི་ཚུལ་དང་། ཀུན་རྫོབ་སྒྱུ་མ་ཙམ་གྱི་ཚུལ་གཉིས་ཀ་ལ་བདག་དང་གཞན་ཞེས་དབྱེར་མེད་དེ། འདི་ལྟར་བདག་དང་གཞན་ཞེས་བྱ་བ་ནི་བདག་ཏུ་ལྟ་བའི་བག་ཆགས་ཀྱི་དབང་གིས་གཉིས་སུ་སྣང་བ་ལ་བདག་ཏུ་རྟོགས་པས་ཞེན་པར་ཟད་དོ། །དེ་ལས་ཀྱང་བདག་དང་གཞན་ནི་ཡུལ་དང་གྲངས་ཡིན་ཏེ། དེ་ལྟར་རྫས་སུ་ཡོད་པ་མ་ཡིན་ནོ། །དེ་བས་ན་གཉིས་སུ་མེད་པ་ལ་ནི་གཞན་མི་དམིགས། མ་བྱིན་པ་མི་དམིགས། དེ་ལས་བླངས་པ་མི་དམིགས་ཏེ། ཅིར་སྣང་ཡང་མཉམ་པ་ཉིད་ཀྱི་རང་བཞིན་ལས་མ་གཡོས་སོ། །དེ་ལྟ་བུའི་ཚུལ་རིག་ན་འདོད་པ་ལྔ་ལ་ཇི་ལྟར་སྤྱད་ཀྱང་མ་བྱིན་པར་ལེན་པའི་དྲི་མས་མི་གོས་ཏེ། དཔེར་ན་འཕྲུལ་དགའི་ལྷ་རྣམས་འདོད་པའི་ཡོན་ཏན་ལ་སྤྱོད་པའི་ཚུལ་འདོད་པ་རང་གིས་འཕྲུལ་ཞིང་དེ་ལ་སྤྱད་པ་དེ་དག་གི་ཤེས་པ་ལ་སྣང་བས། གནས་དེ་ན་མ་བྱིན་པར་ལེན་པའི་ཉེས་པ་མེད་དོ། །དེ་བཞིན་དུ་བདེན་པ་གཉིས་ཀའི་ཚུལ་ལྟར་ན་ཡང་། བདག་དང་གཞན་གྱི་རྒྱུད་དབྱེར་མེད་པར་ཤེས་ཤིང་གདེང་དུ་གྱུར་པ་རྣམས་ལ་ནི། དེའི་དྲི་མས་མི་གོས་སོ་སྙམ་པའི་ལྟ་བ་ལས་མ་གཡོས་པའི་སྙིང་རྗེའི་དབང་གིས་ཐབས་ཀྱིས་ཟིན་པ་ཅི་རིགས་སུ་བླངས་ན་དེ་བཞིན་དུ་འདུས་ཤིང་རྣམ་པར་དག་པར་འགྱུར་རོ། །རྫུན་དུ་སྨྲ་བ་སྤང་བ་ཇི་ལྟར་འདུས་ཤིང་དག་པར་གསུངས་པ། ཆོས་རྣམས་སྒྱུ་མ་ལྟ་བུ་དང་། །མིང་དང་ཚིག་ཏུ་བཏགས་པ་རྫུན། །རྫུན་ཉིད་ལ་ནི་རྫུན་སྤྱོད་པ། །རྫུན་ཞེས་བཏགས་པའང་ཡོད་མ་ཡིན། །ཞེས་གསུངས་ཏེ། དེ་ལ་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཇི་ལྟར་དམིགས་ཤིང་སྣང་བའི་ཆོས་རྣམས་ནི། ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་མ་ཡིན་པས་སྒྱུ་མ་ལྟ་བུ་སྟེ་རྫུན་ཙམ་མོ། །དེ་ལྟར་ཚིག་གི་དོན་མ་གྲུབ་བཞིན་དུ། དེ་རྗོད་པར་བྱེད་པའི་བུམ་པ་དང་ཀ་བ་ལ་སོགས་པའི་མིང་དང་ཚིག་ཏུ་བཏགས་པ་ཐམས་ཅད་བརྗོད་བྱར་མ་གྲུབ་པའི་ཕྱིར། མོ་གཤམ་གྱི་བུ་དཀར་རམ་སྔོ་ཞེས་བརྗོད་པ་དང་འདྲ་སྟེ། རྗོད་བྱེད་དུ་མི་རུང་བས། མིང་དང་ཚིག་ཐམས་ཅད་ཀྱང་རྫུན་ཙམ་མོ། །དེ་ལྟ་བས་ན་བརྗོད་བྱ་དང་། ཤེས་བྱ་རྣམས་རྫུན་པ་ཉིད་ལ། རྗོད་བྱེད་དང་ཤེས་བྱེད་རྣམས་རྫུན་པ་ཉིད་སྤྱོད་པས་ཆོས་གང་ལ་ཡང་བདེན་པའི་དངོས་པོར་མ་གྲུབ་བོ། །དེ་ལྟར་བདེན་པ་ཉིད་ཀྱང་མ་གྲུབ་ན། དེ་ལ་ལྟོས་པའི་རྫུན་པ་ཡང་མི་འགྲུབ་པས། རྫུན་ཞེས་བྱ་བའི་མིང་བཏགས་པ་ཙམ་ཡང་མི་འགྲུབ་པས། དོན་འདི་ལྟ་བུའི་དབང་གིས་རྫུན་དུ་སྨྲ་བའི་ཉེས་པ་མི་འབྱུང་སྟེ། རྫུན་སྤང་བའང་འདུས་ཤིང་རྣམ་པར་དག་པ་ཡིན་ནོ། །རྫུན་གྱི་དབང་དུ་གཏོགས་པའི་སྙིང་རྗེ་ཆེན་པོས་སེམས་ཅན་སྐྱོབ་པའི་རྫུན་དུ་སྨྲ་བ་ལ་སོགས་པ་ཇི་ལྟར་འདུས་ཤིང་དག་པ་ཡང་སྔ་མ་བཞིན་ནོ། །མི་ཚངས་པར་སྤྱོད་པ་ཇི་ལྟར་འདུས་ཤིང་དག་པར་གསུངས་པ། མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ན་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་གསུངས་ཏེ། དེ་ལ་ཆོས་གཉིས་སུ་མེད་པར་མཉམ་པ་ཆེན་པོ་ལ། དེ་དང་མཐུན་པའི་བློ་གནས་པ་ནི། མ་ཆགས་པ་ལ་ཆགས་པ་དང་། །ཞེས་བྱའོ། །དེ་ལྟར་གནས་པ་དེ་ཡང་དམིགས་ཤིང་མངོན་དུ་བྱ་བའམ། རྟེན་པར་བྱེད་པའི་བློ་དང་བྲལ་ཏེ་ཅིར་ཡང་མི་ལྟ་བ་ལ་ཆགས་ཞེས་བཤད་པ་ཡིན་པས། ཆགས་པ་ཉིད་ན་ཆགས་པ་མེད། །ཅེས་བཤད་དོ། །དེ་ལྟར་ན་ལྟ་བར་འཛིན་པ་ཐམས་ཅད་དང་བྲལ་བ་དེ་ལ་ནི། ཚངས་པར་སྤྱོད་པ་ཐམས་ཅད་ཀྱི་མཆོག་གམ་རྒྱལ་པོ་འགྱུར་ཏེ། དེས་ན་འདི་ལྟ་བུ་ནི་གསང་སྔགས་ཀྱི་ཚུལ་རྣམས་ལས་ཀྱང་། ཆགས་པ་ཆེན་པོ་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་འདི་ལྟ་བུ་ལ་མི་ཚངས་པར་སྤྱོད་པའི་དྲི་མ་མེད་དོ། །འདི་ལྟ་བུའི་ཤེས་རབ་དང་ལྡན་ཞིང་སྙིང་རྗེ་ཆེན་པོས་བསྐྱོད་པའི་ཐབས་ཀྱིས་ཟིན་པའི་སྦྱོར་བ་ལ་ཡང་མི་ཚངས་པར་སྤྱོད་པའི་དྲི་མ་མེད་པར་གསུངས་ཏེ། ཚུལ་འདི་ལ་སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་པ། དཔེར་ན་རྨི་ལམ་གྱི་བུད་མེད་དང་འཕྲད་པས་བདེ་བ་ཉམས་སུ་མྱོང་ཞིང་། ཁུ་བ་འབྱིན་པའི་བྱ་བ་བྱས་ཀྱང་སྡོམ་པའི་རྩ་བ་ཞིག་པར་མི་འགྱུར་བ་བཞིན་དུ། དང་པོར་བུད་མེད་དེ་ཉིད་དམ་དེ་ལ་བརྟེན་ནས་འདུལ་བའི་འགྲོ་བ་གཞན་ཞིག་གི་ཆེད་དུ་བརྩམས་ཀྱང་རུང་སྟེ། གཞན་གྱི་དོན་གྱི་བསམ་པས་འཕངས་པའམ། གསང་བའི་དཀྱིལ་འཁོར་དུ་འཇུག་ཅིང་བདེ་བ་ཆེན་པོའི་མན་ངག་མནོས་པའི་བསམ་པས་འཕངས་པའམ། དེ་བཞིན་དུ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོར་འཕགས་པ་མཆོད་པའི་བསམ་པ་དང་། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའི་བསམ་པ་ལྟ་བུ་ལ་སོགས་པས་འཕངས་པ་ཡིན་པས། ཤེས་པ་མ་འཁྲུལ་བས་ཉོན་མོངས་པ་འདོད་ཆགས་སྐྱེས་པར་གྱུར་བ་ཞེས་བྱ་བའི་ཡན་ལག་དང་མི་ལྡན་ཏེ། གང་གིས་ཕྱིར་ཤེས་པ་མ་འཁྲུལ་བ་ཞེས་བྱ་བ་ནི། དངོས་པོ་རྣམས་ཇི་ལྟར་སྣང་བ་དེ་ལྟར་འཛིན་པའི་བློ་ལ་བྱ་བ་ཡིན་ལ། འདིར་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་བློ་ཡིན་པས་མ་འཁྲུལ་བའི་བློ་ཆེན་པོ་ཡིན་པའི་ཕྱིར། ཡན་ལག་དེ་དང་ཡང་མི་ལྡན་ལ་རྣམ་གྲངས་གོང་མ་ལྟ་བུས་བསྐྱོད་པའི་བློ་ཡིན་པའི་ཕྱིར། འདོད་ཆགས་སྐྱེས་པའི་ཡན་ལག་དང་ཡང་མི་ལྡན་ནོ། །གཙོ་གཟུངས་ཀྱི་ལུས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་པས། ལུས་ཇི་ལྟ་བ་བཞིན་མཐོང་བའི་ཉེས་པ་མེད་པ་དང་། མཁའ་གསང་རྣམ་གཉིས་དམ་ཚིག་དང་ཆོས་ཀྱི་ཕྱག་རྒྱ་གཉིས་སུ་བྱིན་གྱིས་བརླབས་པས། ལུས་ཚང་ཞིང་ཉམས་པ་མེད་པའི་ཡན་ལག་དང་ལྡན་པ་ཡང་མ་ཡིན་ནོ། །གཟུངས་ནི་ཤེས་རབ་ཀྱི་རང་བཞིན་ཡིན་ལ་གཙོ་བོ་ནི་ཐབས་ཀྱི་རང་བཞིན་ཏེ། ཐབས་ལ་ཡང་ཤེས་རབ་ཚང་ལ། ཤེས་རབ་ལ་ཡང་ཐབས་ཚང་སྟེ། མེ་ནི་ཚ་བའི་མཚན་ཉིད་དང་ངང་ཚུལ་ལས་མི་འདའ་བ་བཞིན་ཐབས་དང་ཤེས་རབ་ཀྱང་གཉིས་སུ་མེད་པའི་ངང་ཚུལ་ལས་ནམ་ཡང་མི་འདའ་བས། མཚན་ནོར་བུ་འདས་པ་ཞེས་བྱ་བའི་ཡན་ལག་དང་ལྡན་པ་མ་ཡིན་ནོ། །དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ཇི་སྲིད་དེ་སྲིད་བར་དུ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དང་རང་བཞིན་གྱིས་ལྡན་ཏེ། དེ་ལྟར་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དང་། དུས་གསུམ་གྱི་འཕགས་པ་ཐམས་ཅད་ཀྱང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངང་ལ་རྟག་ཏུ་མི་གནས་པ་མེད་པས་བདེ་བ་ཉམས་སུ་མྱོང་བ་ཞེས་བྱ་བའི་ཡན་ལག་དང་ལྡན་པ་མ་ཡིན་ནོ། །དེ་དག་ལྟར་ན་མི་ཚངས་པར་སྤྱད་པ་མེད་པས་ཚུལ་ཁྲིམས་དང་སྡོམ་པ་རྣམས་དངོས་སུ་འདུས་ཤིང་ཚང་བ་ཡིན་ནོ། །ཞེས་གསུང་ངོ་། །ཁ་ཅིག་ནི། སྡིག་པས་མི་གོས་པ་དང་ཡོན་ཏན་དང་འབྲས་བུ་ཐོབ་པར་འདྲ་བས་ཚང་ཞིང་འདུས་པར་བཤད་དོ། །ཞེས་ཟེར་རོ། །གནས་འགྱུར་བའི་ཚུལ་གྱིས་རྣམ་པར་དག་པར་བཤད་པ་ནི་རྩོད་པའི་གཞི་མེད་དོ། །གོང་མ་གོང་མའི་སྡོམ་པ་མ་ཉམས་པར་གྱུར་ན། འོག་མ་འོག་མའི་སྡོམ་པའི་དངོས་པོ་དང་འགལ་བ་འདུ་བར་གྱུར་ཀྱང་འོག་མའི་ཉེས་པས་གོས་པར་མི་འགྱུར་བས། གོང་མའི་སྡོམ་པར་གནས་གྱུར་པ་ཡིན་ལ། སྡོམ་པ་དག་པར་གྱུར་པ་ཡང་ཡིན་ནོ། །དེ་དག་ནི་དམ་ཚིག་གི་ཆེ་བ་བསྟན་པ་སྟེ། ཆེ་བའི་ཡོན་ཏན་གྱི་ཕྱོགས་མཐའ་དག་ནི། འོག་ནས་ཡོན་ཏན་བསྟན་པའི་སྐབས་ནས་འཆད་དོ། །དེ་ལྟར་དམ་ཚིག་དང་སྡོམ་པ་ཐམས་ཅད་ནི་ཕུན་སུམ་ཚོགས་པར་གྱུར་པ། ཉོན་མོངས་པ་དང་ལས་ཀྱི་སྐྱོན་གྱིས་མ་གོས་ཤིང་ཅི་སྤྱད་ཀྱང་ཚོགས་ཆེན་པོར་འགྱུར་བའི་དམ་ཚིག་གི་དངོས་གཞི་ཉིད་གང་ཞེ་ན། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཐེག་ཆེན་སྤྱིའི་གཞུང་ལས། བྱང་ཆུབ་ཀྱི་སེམས་མི་བཏང་བ་དང་། དཀོན་ཅོག་གསུམ་ལ་རྟག་ཏུ་མཆོད་པར་གསུངས་ལ། གསང་སྔགས་ཕྱི་པའི་ཚུལ་ཁ་ཅིག་ལས་ཀྱང་དེ་དག་གི་སྟེང་དུ་རང་གི་ལྷག་པའི་ལྷ་མཆོད་ཅིང་སྒོམ་པར་གསུངས་སོ། །འདིར་ནི་དེ་དག་ཐམས་ཅད་ལྷར་སྒོམ་པ་གཅིག་པུར་འདུས་པར་གསུངས་ཏེ། ཇི་ལྟར་ཞེ་ན། དཀོན་ཅོག་གསུམ་ལ་ཡང་འདི་ཉིད་ཀྱི་དབུར་བཤད་པ་བཞིན་དུ། ཚུལ་ཐ་དད་དུ་བསྟན་པའི་དཀོན་ཅོག་དང་། ཚུལ་གཅིག་ཏུ་བསྟན་པའི་དཀོན་ཅོག་ཀྱང་ཡོད་དེ། དེ་ཡང་ཚུལ་གཅིག་ཏུ་བསྟན་པའི་དཀོན་ཅོག་ཏུ་འདུས་པར་ཤེས་པར་བྱ་སྟེ། འདི་ལྟར་སངས་རྒྱས་དང་དགེ་འདུན་ནི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་ལ། ཆོས་ནི་དེའི་ཆོས་ཉིད་ཡིན་ལ། དེ་བས་ན་ཡེ་ཤེས་དང་ཆོས་ཉིད་ནི་ཀུན་རྫོབ་ཙམ་དུ་ཆོས་དང་ཆོས་ཅན་བདག་ཉིད་ཅིག་པ་ཡིན་པ་དང་། དོན་དམ་པར་སྤྲོས་པ་ཞི་བའི་ཕྱིར་གཉིས་སུ་མེད་དེ། དེ་ལྟ་བུའི་དོན་གྱིས་བྱང་ཆུབ་ཀྱི་སེམས་ཡིན་ནོ། །དེའི་རྟགས་ཀྱི་ཕྱག་རྒྱ་ནི་ལྷའི་སྐུ་སྟེ། དེ་བས་ན་ལྷའི་སྐུ་གཅིག་པུ་བསྒོམས་པས་གཞུང་ལས་གསུངས་པའི། དཀོན་ཅོག་གསུམ་དང་བྱང་ཆུབ་སེམས། །ལྷ་དང་བླ་མ་དེ་བཞིན་ཏེ། །ཞེས་གང་གསུངས་པའི་བླ་མ་མ་གཏོགས་པ་གསུམ་འདུས་པར་གྱུར་པ་ཡིན་ནོ། །ཇི་ལྟར་སྒོམ་ཞེ་ན། བདག་དང་གཞན་བྱང་ཆུབ་ཀྱི་རང་བཞིན་དབྱེར་མེད་པའི་ཕྱིར། བདག་པོའི་རྣལ་འབྱོར་དུ་བྱའོ། །ཞེས་གསུངས་པས། བདག་དང་འགྲོ་བ་ཐམས་ཅད་དང་སངས་རྒྱས་ཐམས་ཅད་ནི་རང་བཞིན་དབྱེར་མེད་པ་ཡིན་ལ། དེ་ལྟར་རྟོགས་པའི་སངས་རྒྱས་རྣམས་ཀྱིས་དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྐྱོབ་པའི་ཕྱིར་ཆོས་ཀྱི་དོན་དེ་ཉིད་མཚན་མར་བྱིན་གྱིས་བརླབས་པ་ནི་ལྷའི་སྐུ་ཡིན་ཏེ། དེ་བས་ན་བདག་གིས་ཀྱང་རང་གི་རང་བཞིན་ཇི་ལྟ་བ་ཡིན་པ་བཞིན་གོམས་ཤིང་ཀློང་དུ་གྱུར་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བདག་ཉིད་མ་ནོར་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་མཉམ་པར་གཞག་པར་བྱ་བ་ཡིན་གྱི། ཕལ་བ་ལྟར་མ་ཐོབ་པའི་ཆོས་ཐོབ་པར་བྱ་བ་དང་། གཞན་གྱི་རྒྱུད་དུ་གཏོགས་པའི་ལྷ་མཉེས་པའི་བྱ་བའི་ཕྱིར་ཙམ་དུ་སྤྱོད་པ་ནི་མ་ཡིན་ནོ། །བླ་མ་བཀུར་བའང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ཀྱང་། དགེ་བའི་བཤེས་གཉེན་སངས་རྒྱས་དང་འདྲ་བར་བལྟའོ། །ཞེས་ནི་གསུངས་ན། འཕགས་པ་དཀོན་ཅོག་ཉིད་དུ་ནི་མ་བཤད་དོ། །གསང་སྔགས་ཀྱི་ཚུལ་ལས་ནི། རྡོ་རྗེ་སློབ་དཔོན་དཀོན་ཅོག་བཞི་པར་བཤད་པ་ཡང་ཡོད། སངས་རྒྱས་དང་མཉམ་པར་བཤད་པ་ཡང་ཡོད། ལྷག་པར་བཤད་པ་ཡང་ཡོད་དེ། དེ་ལ་དཀོན་ཅོག་བཞི་པར་བཤད་པ་ནི། འདི་སྐད་དུ། སངས་རྒྱས་ཆོས་དང་དགེ་འདུན་དང་། །སློབ་དཔོན་ཡང་ནི་ཕྱི་མ་ཡིན། །དཀོན་ཅོག་བཞི་ཡི་སྦྱོར་བ་ཡིས། །ཞེས་གསུངས་པ་ལྟ་བུའོ། །མཉམ་པར་གསུངས་པའང་། བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་པ་ལྟ་བུའོ། །ལྷག་པར་གསུངས་པའང་། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ནི། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་གྲངས་སུ་ཡང་ཉེ་བར་མི་འགྲོའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། དེ་ལྟར་ཚུལ་གསུམ་གྱི་སྒོ་ནས་བཀུར་བའི་ཚུལ་ཡང་རྣམ་པ་གསུམ་དུ་གྲགས་པ་ལས། གང་རུང་གཅིག་དགོས་ཏེ་བསྲུང་བར་བྱ་བ་ཡིན་ནོ། །བཀུར་བའི་ཡོན་ཏན་ཡང་གསང་སྔགས་ཀྱི་ཚུལ་ལས་ནི། ཞིང་དག་པ་རྣམས་ཀྱི་དམ་པ་རྡོ་རྗེ་སློབ་དཔོན་ཡིན་པར་གསུངས་སོ། །ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ལས་ནི། ཞིང་དག་པའི་དམ་པ་བྱང་ཆུབ་སེམས་དཔའ་དམ་པ་རྣམས་ཡིན་པར་གསུངས་སོ། །ཐེག་པ་ཐུན་མོང་ལས་ནི། ཞིང་དག་པའི་དམ་པ་འཕགས་པ་དཀོན་ཅོག་གསུམ་ཡིན་ཏེ། དེའི་འོག་ཏུ་ཕ་དང་མ་དང་ནད་པ་དང་ཆོས་སྨྲ་བའི་མཁན་པོ་དང་། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་པར་གསུངས་ཏེ། འདི་ལྟ་བུ་ལ་སོགས་པ་ནི་གཞུང་སོ་སོ་ལས་བསོད་ནམས་ཀྱི་ཞིང་སོ་སོར་གྲགས་པ་ཡིན་ནོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད། །ཅེས་བྱ་བ་ནི། འདིར་ཡང་ཡན་ལག་ལྔ་དང་ལྡན་པའི་བཟླས་བརྗོད་ཕྱག་རྒྱ་བསྲུང་བ་དང་བཅས་པ་སྟེ། དེ་ལ་ཡན་ལག་ལྔ་ནི་ལྷའི་དེ་ཁོ་ན་ཉིད་ལ་སོགས་པ་གོང་དུ་སྨོས་པར་ཟད་དོ། །ཟླ་གསང་ཐིག་ལེ་ལས་ནི། བདག་གི་དེ་ཉིད་མཉམ་བཞག་དང་། །དེ་བཞིན་ལྷའི་དེ་ཉིད་དང་། །སྔགས་དང་ཕྱག་རྒྱའི་དེ་ཉིད་ནི། །དེ་ཡིས་དཀྱིལ་འཁོར་མཆོག་ཏུ་འགྱུར། །ཞེས་དེ་བཞིན་ཉིད་རྣམ་པ་བཞིར་གསུངས་སོ། །གཞན་ལས་བདག་དང་ལྷ་དང་བཟླས་བརྗོད་གསུམ་དུ་ཡང་གསུངས་ཏེ། སྤྱིར་དེ་ཁོ་ན་ཉིད་ཀྱིས་བསྡུས་པའི་ཡན་ལག་དང་བཅས་པའི་བཟླས་བརྗོད་ལ་ཕྱག་རྒྱ་ཡང་ཚང་བར་ཤེས་པར་བྱའོ། །ཕྱག་རྒྱ་ཡང་འདིར་བསམ་པ་དང་བཅས་པས་བསྡུས་པའི་ཕྱག་རྒྱ་རྣམས་ཡིན་ཏེ། དེ་བས་ན་ཕྱག་རྒྱ་དང་བཅས་པའི་བཟླས་བརྗོད་རྒྱུན་དུ་བྱ་བ་ནི། བརྩོན་པ་རབ་དང་ལྡན་པ་རྣམས་ཉིན་ཞག་གཅིག་ལའང་དུས་བཞི་དང་གསུམ་ལ་སོགས་པར་རྒྱུན་མི་གཅོད་པ་དང་། དེ་བཞིན་དུ་བརྩོན་པ་རབ་འབྲིང་གི་དབང་གིས། ཉིན་ཞག་རེ་རེ་ལའམ། དུས་བཟང་པོ་རྣམས་ལའམ། ཉ་སྟོང་གི་གསོ་སྦྱོང་གི་དུས་དང་། མཐའ་ན་ཡང་མཆོད་པ་ལོ་ཟླ་ལས་མི་འདའ་བར་བྱ་སྟེ། བདུད་རྩི་རྣམ་པ་ལྔ་དང་ལྡན་པའི་མཆོད་པའམ། བཟླས་བརྗོད་ཀྱི་དུས་སུ་འབྱོར་ཚད་དུ་བྱའོ། །ཕྱག་རྒྱ་བསྲུང་བའི་སྐབས་སུ་བླ་མེད་མི་སྤང་བའང་འདུ་རུ་རུང་ལ། དེ་བཞིན་དུ་གཅིག་ཤོས་སུའང་འདུ་རུ་རུང་སྟེ། འོན་ཀྱང་འདིའི་བྱེ་བྲག་ནི། ལྷ་མི་སྤང་བ་ནི། བྱང་ཆུབ་ཀྱི་སེམས་དང་། སྤྱིར་འཕགས་པ་དཀོན་ཅོག་གསུམ་དང་། རང་གི་ལྷག་པའི་ལྷར་བཅས་པ་རྣམས་སྤྱིར་བསྟེན་ཅིང་བསྙེན་པར་བྱ་བ་ཡུལ་དུ་གཟུང་བའི་དབང་དུ་གསུངས་པ་ཡིན་ལ། སྔགས་དང་ཕྱག་རྒྱ་ནི་ལྷ་དེ་མཉེས་པའི་ཐབས་སུ་གསུངས་པའི་དབང་ཡིན་ནོ། །རྣལ་འབྱོར་ཆེན་པོའི་གཞུང་ལས། མཉེས་པར་བྱ་བའི་ལྷ་དང་། མཉེས་པར་བྱེད་པའི་ཐབས་དང་། བྱེད་པ་པོའི་རྣལ་འབྱོར་པ་རྣམས་རང་བཞིན་ཐ་མི་དད་པར་འདོད་ཀྱི། ཐབས་ལ་མཁས་པའི་འཕྲུལ་པ་ཙམ་ལས་ལྷག་པར་བཀག་པ་མེད་དེ། །ཀུན་ཏུ་བཟང་པོའི་རོལ་པ་ཙམ་དུ་ཤེས་པར་སྤྱད་ནའང་ཚོགས་ཆེན་པོར་འགྱུར་བར་ཟད་དོ། །ཡང་དག་ལམ་དུ་ཞུགས་ལ་བྱམས། །ཞེས་བྱ་བ་ནི། སྤྱིར་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་ཐམས་ཅད་ཀྱང་བརྩེ་བས་གཟུང་བའི་གནས་ཀྱང་ཡིན་ལ། འཇིག་རྟེན་པའི་ལྷ་དང་མུ་སྟེགས་ཅན་དག་ཀྱང་སྨད་པར་མི་བྱ་སྟེ། བཏང་སྙོམས་ཀྱི་ཡུལ་དུ་གསུངས་པ་ཡིན་མོད་ཀྱི། ཁྱད་པར་དུ་ནི་ཐེག་པ་ཆེན་པོ་པ་རྣམས་ལ་མཐུན་པར་གནས་ཤིང་བརྩེ་བས་གཟུང་བར་བྱའོ། །ཞེས་པ་ཐེག་པ་ཆེན་པོའི་མདོ་སྡེ་དང་གསང་སྔགས་ཀྱི་ཚུལ་གཉིས་ཀ་ལས་གསུངས་སོ། །ཐེག་པ་ཆུང་ངུ་པ་རྣམས་ནི་སྤྱིར་བརྩེ་བས་བཟུང་བར་བྱ་བ་ཡིན་ཡང་། ལྷན་ཅིག་གནས་པར་མི་བྱ། ཞེས་བྱང་ཆུབ་སེམས་དཔའི་སྡོམ་པ་ལས་ཀྱང་འབྱུང་སྟེ། དགེ་སློང་དུལ་དང་ལུང་གནས་པ། །དགྲ་བཅོམ་སྙམ་དུ་སེམས་བྱེད་པ། །དེ་དང་ལྷན་ཅིག་མནལ་མི་བྱ། །ཞེས་གང་གསུངས་པ་ལྟ་བུའོ། །དགེ་སློང་རྣམས་ལ་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱིས་ཕྱག་བྱ་ཞིང་མཆོད་པའི་གནས་སུ་བྱ་བར་ནི་གསུངས་ཏེ། ཇི་ལྟར་དགེ་བསྙེན་ཆེན་པོ་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལྟ་བུ། སངས་རྒྱས་མ་གཏོགས་པར་སློབ་པ་གཞན་གྱིས་གླགས་མི་ཆོད་པ་ཁྱིམ་ན་གནས་པར་སྟོན་ཀྱང་། ཚངས་པར་སྤྱོད་པ་ཕུན་སུམ་ཚོགས་པ། དེ་བཞིན་དུ་ཚུལ་ཁྲིམས་དང་ཤེས་རབ་དང་ཏིང་ངེ་འཛིན་དང་སྤངས་པ་ཕུན་སུམ་ཚོགས་པར་གྱུར་པ་ཡིན་ཡང་། དགེ་སློང་ཀུན་དགའ་བོ་ལ་སོགས་པ་སློབ་པ་རྒྱུན་དུ་ཞུགས་པ་ཡན་ཆད་ལ་ཕྱག་འཚལ་བར་བྱེད། བཀུར་བར་བྱེད་པར་གསུངས་པ་ལྟ་བུའོ། །བྱ་བ་རྒྱུད་ཀྱི་ཚུལ་ལས་ཀྱང་། ཐེག་པ་ཆུང་ངུ་པ་རྣམས་དང་ལུང་པ་གཅིག་གི་ཆུ་ལ་ཡང་མི་བཏུང་ངོ་། །ཞེས་ལྷན་ཅིག་མི་མནལ་བར་གསུངས་ལ། སྔགས་པ་ཁྱིམ་པ་རྣམས་ཀྱིས་ཕྱག་བྱ་བར་གསུངས་ཏེ། འདི་སྐད་དུ། མཆོད་རྟེན་མཐོང་ན་བསྐོར་བ་བྱ། །དགེ་སློང་མཐོང་ན་ཕྱག་ཀྱང་འཚལ། །ལྷ་རྣམས་མཐོང་ན་མཆོད་པར་བྱ། །སློབ་དཔོན་མཐོང་ན་བཀུར་བར་བྱ། །ཞེས་གསུངས་པ་ལྟ་བུའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུའང་ཐེག་པ་ཆུང་ངུ་པ་དང་ཡུན་རིང་དུ་ལྷན་ཅིག་མི་གནས་པར་གསུངས་ཏེ། འདི་ལྟར་སྦོམ་པོའི་ལྟུང་བར་བཤད་པ་རྣམས་ཀྱི་ནང་ནས་ཉན་ཐོས་རློམ་སེམས་བྱེད་པའི་ནང་དུ་ཞག་བདུན་གནས་པ་དང་ཞེས་གསུངས་པ་ལྟ་བུ་སྟེ། དེ་དག་ལྟར་ན། ཡང་དག་ལམ་དུ་ཞུགས་ལ་བྱམས། །ཞེས་གང་གསུངས་པ་འདི་ནི། གཙོ་བོར་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་ཏེ། དཔལ་གྱི་ཕྲེང་བའི་མདོ་ལས། བྱང་ཆུབ་སེམས་བརྟན་ཐེག་ཆེན་ཞུགས་ལ་བྱམས། །ཞེས་གསུངས་པ་ལྟ་བུའོ། །དེ་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཞུགས་པ་རྣམས་ནི་ཁྱད་པར་དུ་བརྩེ་བས་གཟུང་བའི་གནས་ཡིན་ལ། དེའི་ནང་རིམ་ནས་ཀྱང་བླ་མ་རྡོ་རྗེ་སློབ་དཔོན་གཅིག་གིས་བསྡུས་པ་རྣམས་ཡིན་ལ། ལྷག་པར་ཡང་དཀྱིལ་འཁོར་གཅིག་ཏུ་དབང་དང་དམ་ཚིག་ལྷན་ཅིག་མནོས་པ་རྣམས་ནི་ཁྱད་པར་དུ་གཉན་པ་ཡིན་ཏེ། འདི་དག་ལ་མིག་དང་འདྲ་བས་བརྩེ་བས་གཟེམ་པར་བྱའོ། །ཞེས་གསུངས་སོ། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་བྱ་བ་ནི། སྤྱིར་གསང་སྔགས་ཀྱི་ཚིག་ཐམས་ཅད་ཀྱང་ཕྱིར་གྱུར་པ་རྣམས་ལ་སྨྲ་བར་བྱ་བ་མ་ཡིན་མོད་ཀྱི། ཁྱད་པར་དུ་ནི་སྤྱི་གསང་བཞི། བར་གསང་བཞི་སྟེ་བརྒྱད། གསང་བར་འོས་པ་དང་། གཉེར་གཏད་པ་གཉིས་ཏེ་གསང་བའི་དམིགས་རྣམ་པ་བཅུ་ནི་ཤིན་ཏུའང་གསང་བར་བྱའོ། །ཞེས་བླ་མ་རྣམས་ཀྱི་མན་ངག་ནས་གསུངས་སོ། །དེ་ཡང་ཡུལ་དང་དུས་ཀྱི་དབང་གིས་བསྲུང་བའི་ཡུལ་དུ་མི་འགྱུར་བའང་ཡོད་དེ། དེ་ལ་སྤྱི་གསང་བཞིར་གྲགས་པའི་ཚོགས་ཀྱི་དཀྱིལ་འཁོར་དུ་ཚུལ་བཞིན་དུ་བསྒྲུབ་པ་གསང་བའི་ཕྱིར། ཚོགས་ཀྱི་རྡོ་རྗེ་སློབ་དཔོན་གསང་། འདུ་བའི་མཆེད་དང་ལྕམ་དྲལ་གསང་། འདུ་བའི་གནས་གསང་། འདུ་བའི་དུས་གསང་། ཞེས་གསུངས་པའང་ཚོགས་ཀྱི་དཀྱིལ་འཁོར་གསང་བ་ལ་སྤྱོད་པའི་ཡུལ་དང་དུས་ཀྱིས་ཕྱེ་བ་ཡིན་ཏེ། བསྒྲགས་པ་ལ་སྤྱོད་པས་ཕྱེ་བ་ནི་མ་ཡིན་ནོ། །བར་གསང་དུ་གྲགས་པའི་རང་གི་ལྷག་པའི་ལྷ་དང་། ལྷག་པའི་ལྷའི་སྔགས་དང་ཕྱག་རྒྱ་ལྟ་བུ་ནི་ཐམས་ཅད་དུ་ཡང་གསང་བར་བྱ་བ་ཡིན་ནོ། །སྤྱིའི་ལྷ་དང་སྔགས་དང་ཕྱག་རྒྱ་ནི་གཞུང་འཆད་པའི་ཚེ་དེ་དག་ཀྱང་བཤད་པར་བྱ་བ་ཡིན་ནོ། །གཞུང་འཆད་པ་ཉིད་ཀྱང་དམ་ཚིག་མེད་པ་དང་། དམ་ལས་ལོག་པ་དང་། དམ་ཚིག་ཉམས་པ་རྣམས་ལ་སྨྲ་བར་བྱ་བ་མ་ཡིན་ནོ། །དམ་མ་འདྲེས་པ་རྣམས་ལ་བསྲེ་བར་བྱ་སྟེ་སྨྲ་ཞེས་གསུངས་སོ། །དེ་ཡང་ལོ་རྒྱུས་ལ་སོགས་པས་ཡིད་ཆེས་པ་ཞིག་ན་ནི་དོན་དང་བརྡ་ཞེས་བྱ་སྟེ། ལྷག་པར་བསྲེ་མི་དགོས་ཞེས་གྲགས་སོ། །དངོས་སུ་བསྲེ་དགོས་པ་ཞིག་ན་ཡང་། གནས་དང་དུས་གཅིག་ཏུ་ལྷན་ཅིག་མང་པོ་བསྲེ་བ་བྱས་ན་ནི། གསང་བའི་དམ་ཚིག་སྤྱི་དང་འགལ་བས་གནས་དང་དུས་ཀྱིས་བར་ཆོད་པར་བྱས་ཏེ། ཁད་ཀྱིས་རིམ་པས་བསྲེ་ཞེས་འབྱུང་སྟེ། སློབ་མའི་དཀྱིལ་འཁོར་དུ་འཇུག་པའི་སྐབས་རྣམས་ནས་སློབ་མའི་གྲངས་ཀྱི་ངེས་པ་ཡང་དགོས་པ་འདི་ཉིད་ཡིན་པར་ཤེས་པར་བྱའོ། །གཞན་ཡང་ལྟ་བ་ཟབ་མོ་གསང་བ་དང་། སྤྱོད་པ་རླབས་པོ་ཆེ་གསང་བར་གསུངས་པ་ཡང་། ལྟ་བ་ཟབ་མོ་ནི། བློ་དམན་པ་རྣམས་ལ་གསང་བར་བྱ་བ་ཡིན་ལ། སྤྱོད་པ་རླབས་པོ་ཆེ་ནི། གསར་དུ་ཞུགས་པ་རྣམས་ལ་གསང་བར་བྱ་བ་ཡིན་ནོ། །༼གསང་བར་འོས་པ་ནི། རང་གི་བློས་བརྟག་ཅིང་གསང་བར་བྱ་བ་རྣམས་སོ། །གཉེར་གཏད་པ་ནི། བླ་མ་དང་གྲོགས་ཀྱིས་བསྒོ་བའོ། །འདིའི་བར་ཆད་འདྲ། དམ་ཚིག་མདོ་རྒྱས་ལྟར་བསབ་པའོ། །༽དེ་ལྟར་དམ་ཚིག་ལྔ་པོ་འདི་ནི་ལྗོན་ཤིང་གི་རྩ་བ་དང་འདྲ་སྟེ། འདི་རྣམས་མེད་པར་གྱུར་ན་བྱང་ཆུབ་ཀྱི་རིགས་མེད་པར་འགྱུར་བས། འདི་ནི་རྩ་བ་ལྔ་རྣམས་ཏེ། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་མདོར་བསྡུ་ན། ལྷ་མི་སྤང་བ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་ནི། ཡོན་ཏན་ཁྱད་པར་ཅན་བསྒྲུབ་པའི་དམ་ཚིག་ཡིན་ལ། རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་ལ་བཀུར་སྟི་བརྩེ་བར་བྱ་བ་དང་། ཐུགས་དང་འགལ་བ་བསྲུང་བ་དང་། གསང་བ་གཞན་ལ་མི་སྨྲ་བ་རྣམས་ནི་དེའི་གྲོགས་སུ་གྱུར་པའི་སྒོ་གསུམ་ནས་བྱ་བ་མ་ཡིན་པ་བསྲུང་བར་བྱ་བ་གཙོ་བོར་བྱས་པ་ཡིན་པས་བསྲུང་བའི་དམ་ཚིག་ཡིན་ཏེ། དེའི་ཕྱིར། བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་གསུངས་པ་ཡིན་ནོ། །གཞུང་ཁ་ཅིག་ལས་ནི། དམ་ཚིག་རྩ་བ་ལྔ་བོ་དེ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དུ་འདུས་པ་ཡང་ཡོད་དེ། རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་བཀུར་ཞིང་བརྩེ་བ་དང་མི་སྨད་པ་ནི། ཕན་འདོགས་པའི་དངོས་གཞི་ལུས་ཡིན་པ་དང་། གནོད་པ་བསྲུང་བའི་གཞི་ཡང་ལུས་ཡིན་ཏེ། དེ་ལྟར་ཡུལ་གྱི་གཙོ་བོ་ལུས་ཡིན་པས་སྐུའི་དམ་ཚིག་ཏུ་བསྡུའོ། །ལྷ་བསྒོམ་པ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་ནི། བཟླས་བརྗོད་ཀྱི་ཡན་ལག་ཏུ་གཏོགས་པ་ཡིན་པས་གཙོ་བོ་ངག་ཡིན་པའི་ཕྱིར་གསུང་གི་དམ་ཚིག་ཏུ་བསྡུའོ། །གསང་བ་གཞན་ལ་མི་སྤེལ་བ་ནི་ཉེ་བར་བསྡམ་པར་བྱ་བ་ངག་ཡིན་ཡང་། གསང་བ་ཐུགས་ལ་གནས་པར་བྱ་བ་ཡིན་པས་ཡུལ་གྱི་གཙོ་བོ་སེམས་ཀྱི་ཆོས་ཡིན་པའི་ཕྱིར་ཐུགས་ཀྱི་དམ་ཚིག་ཏུ་བསྡུའོ། །སྤྱིར་རྩ་བའི་དམ་ཚིག་འདི་དག་ནི། དབང་པོ་ཐམས་ཅད་ཀྱི་རྩ་བ་སྲོག་གི་དབང་པོ་ཡིན་པ་བཞིན། དམ་ཚིག་འདི་དག་མ་ཉམས་ན་ཡན་ལག་ཉམས་པ་རྣམས་རིམ་གྱིས་སོར་ཆུད་པར་འགྱུར་རོ། །དེ་ལ་ཡན་ལག་གི་དམ་ཚིག་ནི་བཅུ་སྟེ། དེ་བསྟན་པའི་ཕྱིར། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་མཆོག །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །ཅེས་གསུངས་ཏེ། དེ་ལ་ཉོན་མོངས་པ་མི་སྤང་བའི་སྒོ་མང་དུ་གསུངས་པ་ཡང་ཡོད་མོད་ཀྱི། མདོར་བསྡུ་ན། རང་བཞིན་ཡོངས་སུ་ཤེས་པས་མི་སྤང་བ་དང་། ཐབས་ལ་མཁས་པས་ཟིན་པས་མི་སྤང་བ་དང་། ཉོན་མོངས་པ་ཆེན་པོ་མི་སྤང་བ་རྣམས་སུ་འདུས་པར་ཤེས་པར་བྱའོ། །དེ་ལ་རང་བཞིན་ཡོངས་སུ་ཤེས་པས་མི་སྤང་བ་ནི། ཉོན་མོངས་པའི་རང་བཞིན་ཉིད་རྣམ་པར་གྲོལ་བ་ཡིན་པ་དང་། ཉོན་མོངས་པ་དེ་བཞིན་གཤེགས་པའི་གདུང་ཡིན་པའི་ཕྱིར་སྤང་བའི་གནས་མ་ཡིན་ནོ། །ངེས་པའི་དོན་གྱི་མདོ་སྡེ་ལས་ཀྱང་འདི་ལྟར་གསུངས་ཏེ། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སྤངས་པས་རྣམ་པར་གྲོལ་བ་མ་ཡིན་ནམ། སྨྲས་པ། གང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་པས་རྣམ་པར་གྲོལ་བའོ། །ཞེས་བསྟན་པ་ནི་ང་རྒྱལ་བ་རྣམས་ལ་སྟེ། གང་ཡང་མེད་པ་རྣམས་ཀྱི་དོན་དུ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་ཉིད་རྣམ་པར་གྲོལ་བའོ། །ཞེས་གསུངས་པ་ལྟ་བུའོ། །ཉོན་མོངས་པ་དེ་བཞིན་གཤེགས་པའི་གདུང་དུ་བསྟན་པའང་། དེ་ཉིད་ལས། པདྨ་ནི་སྐམ་ས་དང་དགོན་དོང་ལས་མི་སྐྱེ་ཡི། ཆུ་དང་འདམ་ལས་སྐྱེའོ། །དེ་བཞིན་དུ་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ནི། ཉན་ཐོས་ཉོན་མོངས་པ་སྤངས་ཤིང་འདུས་མ་བྱས་མཐོང་བ་རྣམས་ལ་མི་སྐྱེ་ཡི། འཇིག་ཚོགས་ལ་ལྟ་བ་རི་རབ་ལྟ་བུ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བས། དེའི་ཕྱིར་ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་གསུངས་པ་ལྟ་བུའོ། །གསང་སྔགས་ཀྱི་ཚུལ་ལས་ཀྱང་། ཉོན་མོངས་པ་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་སྤང་དུ་མེད་པ་དང་། ཉོན་མོངས་པ་ལྔ་པོ་ཉིད་རིགས་ལྔའི་སངས་རྒྱས་ཀྱི་རིགས་དང་རང་བཞིན་དང་མཛད་པ་ཡིན་པ་དང་། དེ་བཞིན་དུ་སངས་རྒྱས་ལྔ་ཡང་ཉོན་མོངས་པ་ལྔའི་རིགས་དང་རང་བཞིན་ཡིན་པས། ཉོན་མོངས་པ་སྤངས་ནས་སངས་རྒྱས་བསྒྲུབ་ཏུ་མེད་དེ། ཉོན་མོངས་པ་ལྔ་ཉིད་གདོད་མ་ནས་སངས་རྒྱས་ལྔ་ཉིད་ཡིན་པ་ནི། གོང་དུ་རིགས་ལྔའི་སངས་རྒྱས་ཀྱི་སྐབས་སུ་རྒྱས་པར་བཤད་པ་བཞིན་ནོ། །དེ་བས་ན་ཉོན་མོངས་པའི་རང་བཞིན་ཤེས་པར་བྱས་ན། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀའི་ཚུལ་དུ་སངས་རྒྱས་ཉིད་ཡིན་པས། སྤང་བར་བྱ་བ་གང་ལ་ཡོད་ཀྱི། རྟག་ཏུ་བསྟེན་ཅིང་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ། །ཐབས་ལ་མཁས་པས་ཟིན་པས་མི་སྤང་བ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་ལས་ཀྱང་གསུངས་ཏེ། འདི་ལྟར་ཞིང་པ་རྣམས་ཀྱི་ཐལ་བ་དང་ལུད་དང་ལྗན་ལྗིན་རྣམས་ནི་འབྲས་ཀྱི་ཞིང་ངམ་ཏིལ་གྱི་ཞིང་རྣམས་ལ་ཕན་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཕན་པར་འགྱུར་རོ། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ལྟར་འདོད་ཆགས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཞེན་ཅིང་ལྷག་པར་ཆགས་པའི་མཚན་ཉིད་དེ། འདི་མེད་པར་གྱུར་ན་སྦྱིན་པ་བཏང་བས་ཀྱང་བསོད་ནམས་ཀྱི་ཚོགས་སུ་མི་འགྱུར། དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པས་ཀྱང་ཚོགས་ཆེན་པོར་མི་འགྱུར་ཏེ། འདི་ལྟར་སྦྱིན་པ་ཡང་། གང་ལ་ཡོངས་སུ་གཏང་དཀའ་བ། །དེ་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ལྟ་བུ་ནས། བཟོད་པའང་། ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུག་བཟོད་པ་ཡོངས་སུ་རྫོགས། །ཞེས་གསུངས་པ་ལ་སོགས་པ་ལྟ་བུའོ། །གཞན་ཡང་། འདོད་ཆགས་མེད་ན་འཇིག་ཚོགས་ལ་ལྟ་བ་མི་འབྱུང་ངོ་། །བདག་དང་བདག་གིར་ལྟ་བ་མེད་ན་སྙིང་སྟོབས་མི་འབྱུང་སྟེ། དེ་བས་ན་འཇིག་ཚོགས་ལ་ལྟ་བ་རི་རབ་ལྟ་བུ་ཡོད་པ་རྣམས་ལ་སྙིང་སྟོབས་རི་རབ་ལྟ་བུ་སྐྱེ་བར་འགྱུར་ཏེ། སྙིང་སྟོབས་རི་རབ་ལྟ་བུ་བསྐྱེད་པའི་གང་ཟག་རྣམས་ཀྱིས་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་བདག་གཅིག་པུས་གྲོལ་ཞིང་ཐར་བར་བྱའོ། །དབུགས་དབྱུང་བར་བྱའོ། །ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །ཞེས་སེམས་བསྐྱེད་པར་ནུས་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་སྲིད་པ་ཐམས་ཅད་དུ་སྨོན་ལམ་གྱིས་ལུས་གྲུབ་པར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ན་ཉོན་མོངས་པའི་བརླན་གྱིས་མ་བརླན་ན། སྲིད་པའི་མྱུ་གུ་མངོན་པར་འགྲུབ་པའི་ཐབས་མེད་པས་དེ་བས་ན་འདི་སྤང་བར་མི་བྱ་སྟེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱིས་ཉོན་མོངས་པ་རྣམས་ནི། ཕ་མ་དང་དགེ་བའི་བཤེས་གཉེན་ལྟ་བུར་བལྟ་བར་བྱ་བ་ཡིན་ནོ། །གསང་སྔགས་ཀྱི་ཚུལ་ལས་ཀྱང་འདི་སྐད་དུ། སྔགས་ཀྱིས་ཡོངས་སུ་ཟིན་པའི་ནད། །ཀུན་ལ་གནོད་པར་བྱེད་མི་ནུས། །དེ་བཞིན་ཐབས་ཀྱིས་ཟིན་པ་ཡིས། དུག་གསུམ་སྡུག་བསྔལ་གནོད་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལ་ཉོན་མོངས་པས་གནོད་པར་མི་འགྱུར་བ་འདི་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐུན་མོང་དུ་གྱུར་པ་ཡིན་ནོ། །དེ་ལ་གསང་སྔགས་ཀྱི་ཚུལ་དུ་ཇི་ལྟར་ཉོན་མོངས་པ་རྣམས་ཀྱིས་ཕན་འདོགས་པར་བྱེད་ཅེ་ན། འདི་སྐད་དུ། འཇིག་རྟེན་ཆགས་པ་མེད་པས་འདུལ། །ཕྱག་རྒྱ་གྲུབ་པ་ཆགས་ལས་བྱུང་། །ཞེས་གསུངས་པ་ལྟ་བུ་དང་། དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་པའི་ཚེ་ཡིད་ལ་བྱེད་པ་ནི་འདོད་པ་ཡིན་པར་གསུངས་པ་དང་། དེ་བཞིན་གཤེགས་པའི་རིགས་མཉེས་པར་བྱེད་པའི་ཚེ་ཆགས་པ་ཡིན་པར་གསུངས་པ་ལྟ་བུའོ། །དེ་ལ་ཇི་ལྟར་ན་ཕྱག་རྒྱ་གྲུབ་པ་ཆགས་ལས་བྱུང་ཞེ་ན། ཕྱག་རྒྱའི་དངོས་གྲུབ་ཀྱང་རྣམ་པ་གཉིས་ཡིན་ཏེ། རྣལ་འབྱོར་ཕྱི་པའི་ཚུལ་དུ་གྲགས་པ་དང་། ནང་པའི་ཚུལ་དུ་གྲགས་པའོ། །དེ་ལ་ཕྱིའི་ཚུལ་ལྟར་ན་ཡང་། དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ལྷར་བཤད་པ་ཕྱག་རྒྱ་རྣམས་ལ་ཡིད་ཆགས་པར་མ་གྱུར་ན་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །ནང་གི་ཚུལ་ལྟར་ན་ཡང་། གཟུངས་ཀྱི་ཕྱག་རྒྱ་ལ་ཡིད་ཤིན་ཏུ་ཆགས་པར་མ་གྱུར་ན། ཡེ་ཤེས་དང་དངོས་གྲུབ་ཀྱི་བྱེད་པས་འགྲུབ་པར་མི་འགྱུར་ཏེ། དེ་བས་ན་ཆགས་པ་ཉིད་མི་བསྟེན་དུ་མི་རུང་བའི་སྐབས་ཀྱང་ཡོད། དེ་དག་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱང་ཡོན་ཏན་གྱི་ཆོས་ཀྱི་རྐྱེན་དུ་གནས་པ་ཡང་ཡིན་ལ། ཉེས་སྐྱོན་གྱི་ཆོས་ཀྱི་རྐྱེན་དུ་ཡང་གནས་པ་ཡིན་པས། རྐྱེན་ཐུན་མོང་བ་འདི་ལ་མཚན་ཉིད་བྱེ་བྲག་ཏུ་གྱུར་པ་མེད་དེ། དེ་བས་ན་ཐབས་ལ་མཁས་པས་ཟིན་པ་ཙམ་དུ་ཟད་ཀྱི། རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་པ་ལ་སྤང་བར་བྱ་བའི་ཕྱོགས་ཀྱི་ཉོན་མོངས་པའི་རིགས་གུད་ཞིག་ན་ཡོད་པ་ཡང་མ་ཡིན་ནོ། །དེ་ལ་ཉོན་མོངས་པ་ཆེན་པོ་མི་སྤང་ཞེས་བྱ་བ་ནི། གཏི་མུག་ནི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སྟེ། ཆོས་ཀྱི་དབྱིངས་ཀྱི་ངང་དུ་ཤེས་རབ་ཉིད་གྲུབ་པ་མེད་པས་རིག་པ་མེད་པར་རོ་གཅིག་པའི་ཕྱིར་རོ། །ཞེ་སྡང་ནི་མི་འཁྲུགས་པའི་དམ་ཚིག་སྟེ། གདུག་པ་ཅན་འདུལ་བའི་བདག་ཉིད་དོ། །ང་རྒྱལ་ནི་རིན་ཅེན་འབྱུང་ལྡན་གྱི་དམ་ཚིག་སྟེ། ཆོས་ཉིད་མཉམ་པ་ཉིད་ལ་བསྲན་འཛུགས་པའི་བདག་ཉིད་དོ། །འདོད་ཆགས་ནི་སྣང་བ་མཐའ་ཡས་ཀྱི་དམ་ཚིག་སྟེ། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་བདག་ཉིད་དོ། །ཕྲག་དོག་ནི་གདོན་མི་ཟ་བར་གྲུབ་པའི་དམ་ཚིག་སྟེ། ཆོས་མཉམ་པ་ཉིད་དུ་མ་རྟོགས་ཤིང་དངོས་པོར་ལྟ་བ་ལ་ཆེར་ཞེན་པ། འཁོར་བའི་གཡུལ་ལས་རྒྱལ་བར་བྱེད་པའི་བདུད་སྡིག་ཅན་དང་། མ་ཏང་ཀ་རུ་ཏྲ་ལ་སོགས་པའི་མཐུ་དང་དཔུང་ཕུན་སུམ་ཚོགས་པ་རྣམས་ལ་ཐུགས་རྗེ་ཆེན་པོས་མི་བཟོད་པའི་བདག་ཉིད་དོ། །འདི་དག་ནི་འབྲས་བུའི་ཆོས་ཏེ། ཡོན་ཏན་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་མི་སྤང་བའི་དམ་ཚིག་གོ ། མདོར་བསྡུ་ན་གཞི་དང་ལམ་དང་འབྲས་བུ་གསུམ་གྱི་སྒོ་ནས་མི་སྤང་བའི་དམ་ཚིག་ཏུ་བསྟན་པ་སྟེ། དེ་གསུམ་ཡང་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་དེ། དཔེར་ན་སྔ་དྲོའི་དུས་ཀྱི་སྨིག་སྒྱུ་དང་། ཉི་མ་གུང་གི་སྨིག་སྒྱུ་ལ་སྣང་བ་ཐ་དད་ཀྱང་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་ལ། རང་བཞིན་དེ་ཡང་ཉི་མ་མ་ཤར་བ་དང་། ཉི་མ་ནུབ་པའི་གནས་སྐབས་དག་ལ་ཡང་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་དེ། གང་གི་ཕྱིར་སྨིག་སྒྱུ་ལ་རྟེན་གྱི་འབྱུང་བ་ཆེན་པོ་མེད་པས། ཇི་ལྟར་སྣང་བ་དེ་ལྟར་རྫས་སུ་མེད་པ་དེའི་ཕྱིར་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་དོ། །དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱང་རྟེན་མེད་པའི་ཕྱིར་ཇི་ལྟར་སྣང་བ་དེ་ལྟར་རྫས་སུ་མེད་དེ། རྫས་སུ་མེད་པ་ནི་བླང་བ་དང་དོར་བར་བྱ་བ་མ་ཡིན་པས་མི་སྤང་བའི་དམ་ཚིག་ཅེས་གསུངས་པ་ཡིན་ནོ། །བདུད་རྩི་རྣམ་པ་ལྔ་དང་དུ་བླང་བར་གསུངས་པ་ཡང་ཆོས་ཐམས་ཅད་མཉམ་ཉིད་ཀྱི་རང་བཞིན་ཡིན་པས། གཙང་སྨེ་གཉིས་སུ་མེད་པས་དོར་བར་བྱ་བ་མ་ཡིན་པ་དང་། གོང་དུ་བསྟན་པ་བཞིན་དུ་ཇི་ལྟར་སྣང་བ་ཐམས་ཅད་སངས་རྒྱས་ལྔའི་རང་བཞིན་ཡིན་པས་དང་དུ་བླང་བར་བྱ་བ་ཡིན་པ་དང་། གཙང་སྨེ་གཉིས་སུ་མ་ཕྱེ་བས་ཆོས་མཉམ་པ་ཉིད་ཉམས་སུ་མྱོང་བའི་གཉའ་གནོན་དུ་འགྱུར་ཞིང་། བརྟུལ་ཞུགས་ཀྱི་སྤྱོད་པས་དངོས་གྲུབ་མྱུར་དུ་ཐོབ་པའི་རྒྱུར་འགྱུར་བ་དང་། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་ཐབས་ལ་མཁས་པས་ཟིན་ན་འཇིག་རྟེན་གྱི་བདུད་རྩིར་འགྱུར་བའི་ནུས་པ་ཡོད་པས། དེ་བས་ན་རང་བཞིན་གྱིས་གྲུབ་པའི་རྫས་སུ་གྱུར་པ་སྟེ། དཔེར་ན་སྐྱེ་བ་བདུན་པའི་ཤ་བཞིན་ནོ། །གཞན་ཡང་། དངོས་གྲུབ་ནི་བཀའ་བཞིན་བྱས་པའི་མཚན་ཉིད་ལས་འབྱུང་བས། དེའི་ཕྱིར་བདུད་རྩི་རྣམ་པ་ལྔ་དང་དུ་བླང་བར་བྱ་སྟེ། ཐ་ན་ཡང་། ཉ་སྟོང་གི་གསོ་སྦྱོང་གི་དུས་དང་ལོ་ཟླའི་དུས་སུ་མཆོད་པ་ལ་བདུད་རྩིའི་མཆོད་པ་མི་གཅག་གོ །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །ཅེས་པ་ནི། རྟོགས་པ་ཀློང་དུ་གྱུར་ནས་ནི་སྤྱད་ཀྱང་མི་དགོས་ལ། མ་རྟོགས་པར་སྤྱད་ན་ནི་འགྲོ་བ་ཆུད་ཟ་སྟེ། དེ་བས་རྟོགས་པའི་ཉམས་དང་སྦྱར་ནས་དེའི་གྲོགས་སུ་ཅི་རིགས་སུ་བསྟེན་པར་བྱ་བ་ཡིན་ཏེ། དཔེར་ན་རལ་གྲིའི་གར་ཐབས་སློབ་པ་དང་པོ་ཤིང་ལ་སློབ། དེ་ནས་ཞ་ཉེའི་རལ་གྲི་ལ་སློབ། དེ་ནས་རལ་གྲི་ཉིད་ལ་སློབ་པ་བཞིན་དུ་ལས་དང་པོ་པའི་རྣལ་འབྱོར་པས་མཉམ་པའི་མཛད་སྤྱོད་ཉམས་སུ་བླང་བ་ཡང་། ལས་ཡང་བ་རྣམས་ལས་རིམ་གྱིས་སློབ་པའི་དོན་ནོ། །དམ་ཚིག་ཉམས་པའི་སྐྱོན་མདོར་བསྟན་པའི་ཕྱིར། བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། །རྩ་བ་ཡིན་ཏེ་རིགས་མེད་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྩ་བའི་དམ་ཚིག་སྟེ། འདས་ན་ནི་བྱང་ཆུབ་ཀྱི་རིགས་རྒྱུན་འཆད་པར་འགྱུར་བས་རྩ་བ་ཞེས་གསུངས་པ་ཡིན་ལ། ཡན་ལག་ཉམས་ན་ནི་འབྲས་བུ་མྱུར་དུ་མི་འབྱུང་བས་ཡན་ལག་ཅེས་གསུངས་པ་ཡིན་ནོ། །ད་ནི་དམ་ཚིག་གི་ཡོན་ཏན་བསྟན་པའི་ཕྱིར། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །འདས་ན་སངས་རྒྱས་མ་ཡིན་ནོ། །ཞེས་གསུངས་ཏེ། འདིས་ནི་ཡོན་ཏན་བསྟན་པའི་ཤུགས་ཀྱིས་ངེས་པའི་ཚིག་ཀྱང་བརྗོད་པ་ཡིན་ཏེ། འདི་ལྟར་ས་མ་ཡ་ཞེས་བྱ་བའི་སྒྲས། ས་མ་ནི་མཉམ་པ། ཡ་ནི་སྦྱོར་བ་སྟེ། ཆོས་མཉམ་པ་ཉིད་ཀྱི་དོན་ལ་འདིས་སྦྱོར་བར་བྱེད་པས་ན་དམ་ཚིག་ཅེས་བྱའོ། །ཡང་ན། ས་མ་ནི་མཉམ་པའམ་རྫོགས་པ། ཡ་ནི་ཐོབ་པ་སྟེ། ཆོས་མཉམ་པ་ཆེན་པོ་དང་རྫོགས་པ་ཆེན་པོའི་དོན་འདིས་ཐོབ་པར་བྱེད་པར་འགྱུར་བས། དམ་ཚིག་ཅེས་བྱའོ། །དེ་བས་ན། འདི་ལྟ་བུའི་ངང་ལ་གནས་ན། མི་ཞེས་བྱ་བ་སངས་རྒྱས་ཡིན། །བཅོམ་ལྡན་འདས་ནི་གུད་ན་མེད། །ཅེས་གསུངས་པ་ལྟ་བུ་ཡིན་ལ། འདས་ན་སངས་རྒྱས་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ད་ནི་དམ་ཚིག་ཉམས་པ་དང་ལྷན་ཅིག་འགྲོགས་པའི་སྐྱོན་སྟོན་ཏེ། དེ་ལ། རྩ་བ་ཉམས་པའི་འཆལ་བ་དག །གསོ་ལ་ཉེ་བར་མི་བརྩོན་དང་། །ཞེས་གསུངས་པ་ལ། ཉམས་པ་གསོ་བའི་ཐབས་ནི། སྐུའི་དམ་ཚིག་ཉམས་ན་མཐོང་བའི་ཆོས་ལ་སོར་གཞུག་པར་གསུངས་ཏེ། སྐྱེ་ཤིས་བར་ཆོད་ཕན་ཆད་ནི་སྡིག་པ་ཅུང་ཟད་དབྲི་བའི་ཐབས་ནི་ཡོད་ཀྱི། རྩ་བ་ནས་དབྱུང་བའི་ཐབས་ནི་མེད། ཅེས་གསུངས་སོ། །གསུང་གི་དམ་ཚིག་ཉམས་པར་གྱུར་ན་ནི། ཇི་ལྟར་ཉམས་པ་སོར་གཞུག་པར་གསུངས་སོ། །ཡང་ན་ཤེས་རབ་དང་ཏིང་ངེ་འཛིན་གྱིས་སྨྲ་གསུང་ཐམས་ཅད་ནི་གསང་སྔགས་ཀྱི་ཚིག་ཏུ་རྟོགས་ཤིང་བསྒོམ་པར་བྱའོ། །ཐུགས་ཀྱི་དམ་ཚིག་ཉམས་པར་གྱུར་ན་ནི། དངོས་སུ་བསྐང་བའི་ཐབས་ནི་མེད་དེ། འོན་ཀྱང་ཤེས་རབ་དང་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་གཉིས་སུ་མེད་པར་རྟོགས་ཏེ་དེ་ལ་གོམས་པར་བྱས་པ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་བརྟགས་ཏེ་སྙིང་རྗེའི་ཞིང་དུ་མ་གྱུར་པ་མེད་པར་ཡུན་རིང་དུ་དམིགས་པས་བསྐང་ངོ་། །བདག་ཉིད་ཉམས་པར་འགྱུར་བཞིན་འདི་ལྟ་བུ་གསོ་བའི་ཐབས་ལ་ཡང་བརྩོན་པར་མི་བྱེད་པ་རྣམས་དང་ནི་སྐད་ཅིག་ཙམ་ཡང་སྨྲ་བར་བྱ་བ་མ་ཡིན་ན། དེའི་མགོན་བྱ་ཞིང་དེ་དང་ལྷན་ཅིག་མནལ་བ་ལྟ་ཅི་སྨོས་ཏེ། འདི་ནི་ཟླས་ཉམས་པའི་སྐྱོན་ཕོག་པ། ཞེས་བྱ་སྟེ། ཇི་ལྟར་སྤྲང་པོ་བསོད་ནམས་བརླག་པ་གཅིག་གིས་ལྷན་ཅིག་གནས་པའི་སྤྲང་པོ་ཐམས་ཅད་ཀྱི་འཚོ་བའི་སྒོ་བཀག་པར་མདོ་ལས་གསུངས་པ་བཞིན་ནོ། །དེ་ལ་སོགས་པ་ནི་དམ་ཚིག་ཉམས་པའི་སྐྱོན་རྣམས་རྒྱས་པར་བསྟན་པ་ཡིན་ནོ། །དམ་ཚིག་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་བྱ་བ་ནི་དམ་ཚིག་གི་རང་བཞིན་བསྟན་པ་ཡིན་ཏེ། ཇི་ལྟར་ཞེ་ན། དམ་ཚིག་རྣམས་ཀྱི་རང་བཞིན་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་རྣམ་པ་གསུམ་གྱི་རང་བཞིན་ཏེ། དེ་ནམ་ཡང་ངང་ཚུལ་འདི་ལས་མི་འདའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཀྱང་ལུས་ངག་ཡིད་གསུམ་གྱི་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད་ཙམ་དུ་འདུས་པ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་བྱ་བ་ཆེན་པོ་འདིར་འདུས་པ་ཡིན་པས། དེ་བས་ན་རྡོ་རྗེ་ལྟ་བུ་རྣམ་པ་གསུམ་གྱི་མཚན་ཉིད་འདི་ནི་ལུས་ངག་ཡིད་གསུམ་གྱི་རང་བཞིན་ཡང་ཡིན་ལ། དེ་ལ་གནས་པའི་མཚན་ཉིད་ཀྱང་ཡིན་ནོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་མཚན་ཉིད་ཙམ་ལས་གུད་ན་མེད་དེ། དེ་བས་ན་དམ་ཚིག་འདི་ནི་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་རང་བཞིན། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད། ཆོས་ཐམས་ཅད་ཀྱི་སྲོག །བསླབ་པ་ཐམས་ཅད་ཀྱི་དམ་པར་བསྟན་པ་ཡིན་ནོ། །དམ་ཚིག་གི་རང་བཞིན་བསྟན་པ་དེ་ཉིད་ཀྱང་དམ་ཚིག་གི་ཡོན་ཏན་རྒྱས་པར་བསྟན་པའི་ཁོངས་སུ་འདུའོ། །ད་ནི་དམ་ཚིག་གི་རབ་ཏུ་དབྱེ་བའམ། རབ་ཏུ་སྤྲོས་པའི་དགོས་པ་དང་བཅས་པར་བསྟན་པའི་ཕྱིར། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྩ་བའི་དམ་ཚིག་གཅིག་ལའང་སུམ་ཅུ་རྩ་གཉིས་སུ་ཕྱེ་བས་བརྒྱ་དྲུག་ཅུར་འགྱུར་ལ། ཡན་ལག་གི་དམ་ཚིག་གཅིག་ལའང་ཉི་ཤུར་ཕྱེ་བས་ཉིས་བརྒྱར་འགྱུར་ཏེ་བསྡོམས་ན་སུམ་བརྒྱ་དྲུག་ཅུར་འགྱུར་བས། སྤྱིར་དམ་ཚིག་སུམ་བརྒྱ་དྲུག་ཅུ། རྩ་བ་བཅོྭ་ལྔ། ཞེས་བསྟན་པའི་དབང་དུ་གསུངས་པ་ཙམ་ཡིན་ནོ། །དེ་ལ་རྣམ་གྲངས་འདི་དག་ཀྱང་མཚན་ཉིད་སོ་སོའི་དབྱེ་བའི་རྣམ་གྲངས་གཞག་པ་ནི་མ་ཡིན་གྱི། ཡོན་ཏན་རྩིས་ལས་འདས་པའི་རྣམ་གྲངས་ཡིན་པས་ལྷག་པར་མཚན་ཉིད་གུད་དུ་དབྱེ་བ་མེད་དོ། དེ་ལ་སྔོན་གྱི་སློབ་དཔོན་དབུས་ལུགས་པའི་བཤད་པ་དམ་ཚིག་ཐམས་ཅད་ནི་ལྷའི་རང་བཞིན་ཡིན་ལ། ལྷ་ཐམས་ཅད་ཀྱི་རྩ་བ་ནི་ཐབས་དང་ཤེས་རབ་གཉིས་ཡིན་པས་དེ་ལྟར་རྩ་བ་གཉིས། དེའི་ཡོན་ཏན་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་རྣམ་པ་གསུམ་ཡིན་པས་དེ་ལྟར་ཡན་ལག་དྲུག །དེའི་ཆ་ཤས་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔ་ཡིན་པས། རྣམ་གྲངས་ཀྱི་བྱེ་བྲག་སུམ་ཅུ་རྩ་གཉིས་སུ་དབྱེ་བའོ། །ཡན་ལག་གི་དམ་ཚིག་ནི། ཡན་ལག་ཉི་ཤུར་དབྱེ་བར་བྱ་སྟེ། གཅིག་ལ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡན་ལག་རྣམ་པ་ལྔ། སྐུ་གསུང་ཐུགས་ཀྱི་དངོས་གཞི་གསུམ་ཡང་དེ་ཉིད་དུ་ཞིག་སྟེ་ཡན་ལག་གི་གཞི་མེད། རྩ་བ་ཐབས་དང་ཤེས་རབ་གཉིས་ཀྱང་ཐབས་ཤེས་རབ་དང་ལྡན། ཤེས་རབ་ཐབས་དང་ལྡན་པས་རྩ་བ་གཉིས་པོ་ཞིག་སྟེ་ཡན་ལག་བཞིར་འགྱུར་བས། དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཆ་ཤས་སུ་འགྱུར་བས་རྩ་བའི་འཕྲོ་གཞི་མེད་དེ། ཡན་ལག་དང་ཆ་ཤས་ཉི་ཤུ་ཉི་ཤུར་འགྱུར་རོ། །མདོར་ན་རྩ་བའི་དབྱེ་བའི་སྐབས་སུ་ནི་རྩ་བ་དང་བཅས་པ། སྙིང་པོ་དང་བཅས་པ། ཡོན་ཏན་དང་བཅས་པ། ཡན་ལག་དང་ཉིང་ལག་དང་བཅས་པར་བཤད་དོ། །ཡན་ལག་གི་དབྱེ་བའི་སྐབས་སུ་ནི། རྩ་བ་མེད་པ། སྙིང་པོ་མེད་པ། འཕྲོ་གཞི་མེད་པ། ཡན་ལག་དང་ཆ་ཤས་ཙམ་དུ་ཟད་པ་འདི་ཙམ་བསྟན་ཏེ། དེ་ཡང་ཆོས་ཀྱི་དབྱིངས་རྟོགས་པའི་ཐབས་སུ་གྱུར་པ་ཡིན་ནོ། །དེ་ལྟར་དམ་ཚིག་རྣམ་པར་སྤྲོས་པའི་དགོས་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་འགྲོ་བ་ཇི་སྙེད་པའི། །རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོ། །ཞེས་གསུངས་པ་སྟེ། ཁམས་གསུམ་གྱི་སེམས་ཅན་གྱི་རྣམ་པར་རྟོག་པའི་སྤྲོས་པ་མཐའ་ཡས་པའི་ཕྱིར། དེའི་གཉེན་པོ་དམ་ཚིག་གི་སྤྲོས་པ་ཡང་མཐའ་ཡས་པར་བསྟན་པ་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །ད་ནི་དམ་ཚིག་གི་ཡོན་ཏན་མདོར་བསྡུས་པ་བསྟན་པའི་ཕྱིར། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། གཞན་ཡང་ཞེས་བྱ་བ་ནི། དམ་ཚིག་རྣམ་པར་སྤྲོས་པའི་དགོས་པ་དང་བཅས་པ་དང་། དམ་ཚིག་གི་རང་བཞིན་དག་ཀྱང་ཡོན་ཏན་གྱི་ཁོངས་སུ་གཏོགས་པ་ཡིན་ལ། གོང་དུ་བསྟན་པའི་དམ་ཚིག་གི་ཆེ་བ་དང་། དམ་ཚིག་བསྲུང་བའི་ཡོན་ཏན་བསྟན་པ་རྣམས་ཡོན་ཏན་གྱི་ཁོངས་སུ་གཏོགས་པ་ཡིན་མོད་ཀྱི། འོན་ཀྱང་རང་རང་གི་དགོས་པའི་སྐབས་ལ་སོ་སོར་བརྗོད་པ་ཡིན་པས། དེ་ལྟ་བུའི་དབང་དུ་བརྗོད་པ་མ་ཡིན་པར་ཡོན་ཏན་གྱི་དབང་དུ་མདོར་བསྡུས་ཏེ་བསྟན་པར་འདོད་པས་ཕྱོགས་གཅིག་བསྣན་པར་འགྱུར་བའི་ཕྱིར་གཞན་ཡང་ཞེས་སྨོས་པ་ཡིན་ནོ། །དེ་ལ་འདིར་ཡང་ཅིས་འཕགས་པའི་ཁྱད་པར་སྟོན་ཏེ། མདོར་བསྡུས་ནས་སྒོ་རྣམ་པ་བདུན་གྱིས་འཕགས་པར་སྟོན་ནོ། །དེ་ལ་ཐེག་པ་སྤྱིར་གྲགས་པ་ལྟ་སྤྱོད་གྲོགས་དང་གསུམ་ཞེས་གྲགས་ཏེ། དེ་ཡང་ལྟ་བ་ནི་ཤེས་རབ་ཀྱི་བསླབ་པའོ། །སྤྱོད་པ་ནི་སེམས་ཀྱི་བསླབ་པའོ། །གྲོགས་ནི་ཚུལ་ཁྲིམས་ཀྱི་བསླབ་པའོ། །དེ་དག་ལ་ཡང་ཐེག་པའི་བྱེ་བྲག་གིས་ཆེས་ཁྱད་པར་དུ་འཕགས་པ་ཡོད་དེ། དེ་ལ་ལྟ་བ་དང་སྤྱོད་པའི་དབང་དུ་བསྟན་པའི་ཁྱད་པར་དག་ནི་གོང་དུ་ཅུང་ཟད་བསྟན་ཟིན་ཏོ། །གྲོགས་ཀྱི་ཁྱད་པར་ཙམ་ཞིག་འདིར་བརྗོད་པར་བྱ་སྟེ། དེ་ལ་མཚན་ཉིད་ཀྱི་ཐེག་པའི་གནས་སྐབས་སུ་ཉན་ཐོས་ཀྱི་སོ་སོར་ཐར་པའི་སྡོམ་པ་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ཇི་ལྟར་འཕགས་པ་ནི། སྒོ་མཐའ་ཡས་ཀྱང་ཆེན་པོ་རྣམ་པ་བདུན་གྱི་སྒོ་ནས་འཕགས་པར་གྲགས་པ་དེ་བཞིན་དུ་འཕགས་པ་སྟེ། འདི་ལྟར་དམིགས་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་དོན་ལ་དམིགས་པ་བཞིན་དུ། དེའི་གྲོགས་སུ་གྱུར་པ་བྱང་ཆུབ་སེམས་དཔའི་སྡོམ་པའང་ཟབ་ཅིང་རྒྱ་ཆེ་བ་ཡིན་ཏེ། རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་ཞིང་གྲངས་ཀྱི་སྤྱོད་ཡུལ་ལས་འདས་པ་ཡིན་ནོ། །སྒྲུབ་པ་ཆེན་པོ་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པ་བཞིན་དུ། གྲོགས་ཀྱི་སྡོམ་པའང་དོན་མ་ལུས་པ་སྒྲུབ་པར་བྱེད་པ་ལ་ཕན་པར་བྱེད་པ་རྣམས་ཡིན་ནོ། །ཡེ་ཤེས་ཆེན་པོ་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པ་བཞིན་དུ། གྲོགས་ཀྱི་སྡོམ་པའང་ཆོས་བདག་མེད་པ་དང་མི་འགལ་བ་ཁོ་ན་ཡིན་ནོ། །ཐབས་ཆེན་པོ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ལ་མི་གནས་པ་ཡིན་པ་བཞིན་དུ། གྲོགས་ཀྱི་སྡོམ་པའང་མཐའ་གཉིས་ལ་མི་གནས་པའི་ཡན་ལག་སྒྲུབ་པ་ཉིད་ཡིན་ནོ། །ལས་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་བཞིན་དུ། གྲོགས་ཀྱི་སྡོམ་པའང་དེ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་ཡིན་ནོ། །བརྩོན་འགྲུས་ཆེན་པོས་སེམས་ཅན་གཅིག་གི་དོན་ཆེད་དུ་ཡང་འཁོར་བ་ཇི་སྲིད་བར་བརྩོན་པ་མི་འདོར་བ་ཡིན་པ་བཞིན་དུ། གྲོགས་ཀྱི་སྡོམ་པའང་དེ་ཉིད་ཀྱིས་ཡོངས་སུ་ཟིན་པ་ཡིན་ནོ། །ཡང་དག་པར་གྲུབ་པ་ཆེན་པོ་སངས་རྒྱས་རྣམས་ཀྱི་ཆོས་ཡོངས་སུ་རྫོགས་པ་ཡིན་པ་བཞིན་དུ། གྲོགས་ཀྱི་སྡོམ་པའང་ཡོན་ཏན་གྱི་ཆོས་ཇི་སྙེད་པ་མངོན་པར་སྒྲུབ་པར་བྱེད་པའི་རྐྱེན་ཉེ་བར་གནས་པ་ཤ་སྟག་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ཟབ་ཅིང་གཏིང་དཔག་དཀའ་བའོ། །རྒྱ་ཆེ་ཞིང་གྲངས་ལས་འདས་པའོ། །བློ་གྲོས་ཆུང་བ་དང་སྙིང་སྟོབས་ཆུང་བ་རྣམས་ཀྱི་ཡུལ་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའི་ཡོན་ཏན་ཉན་ཐོས་ལས་ཁྱད་པར་དུ་འཕགས་པའི་གྲངས་དང་ཚད་གཟུང་བར་མི་ནུས་མོད་ཀྱི། རེ་ཞིག་ཡུལ་གྱི་སྒོ་ནས་མདོར་བསྡུ་ན་འདི་དག་ཙམ་དུ་འདུ་རུ་རུང་བར་ཤེས་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལས་གསང་སྔགས་ཀྱི་དམ་ཚིག་ཅིས་འཕགས་པའི་ཁྱད་པར་རྣམས་ཀྱང་བགྲང་ཞིང་བརྗོད་པར་མི་ནུས་ཏེ། དེ་ལས་ཀྱང་ཆེས་ཟབ་ཅིང་རྒྱ་ཆེ་བའི་ཕྱིར་རོ། །དེ་ལ་རེ་ཞིག་མདོར་བསྡུ་ན་ཁྱད་པར་རྣམ་པ་བདུན་གྱིས་འཕགས་པར་བསྟན་ཏེ། བདུན་གང་ཞེ་ན། ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་པས་ཡོན་ཏན་བཙལ་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། འཇིག་རྟེན་གྱི་གཙོ་བོ་ལྷ་ཆེན་པོ་རྣམས་དང་དེའི་འཁོར་མ་མོ་དང་། མཁའ་འགྲོ་མ་རྣམས་ཀྱིས་བཀུར་གནས་དམ་པར་མཐོང་བས་མཐུ་དང་བྱིན་རླབས་ཁྱད་པར་དུ་འཕགས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉེ་བའི་སྲས་དང་སྤུན་དུ་དགོངས་པས་ཐུགས་རྗེའི་བྱིན་རླབས་མྱུར་དུ་འབྱུང་བ་དང་། དེ་བཞིན་གཤེགས་པ་ཉིད་དང་སྤྱོད་ཡུལ་མཐུན་པས་སྤྱོད་ཡུལ་ཁྱད་པར་དུ་འཕགས་པ་དང་། ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་དུ་སྦྱོར་བས་འཇིགས་པ་དང་བག་ཚ་བ་ཐམས་ཅད་མེད་པ་དང་། བཀྲི་བ་དང་ངེས་པའི་དོན་དུ་གསུངས་པའི་སྡོམ་པ་ཇི་སྙེད་པ་ཐམས་ཅད་ཀྱང་རང་བཞིན་ལྷུན་གྱིས་གྲུབ་པར་འདུས་པ་དང་། ཉམས་པར་གྱུར་ཀྱང་བསྐང་བའི་ཐབས་ཡོད་པ་སྟེ། དེ་ལྟར་རྣམ་པ་བདུན་ལ་སོགས་པའི་ཡོན་ཏན་མཐའ་ཡས་པས་ཁྱད་པར་འཕགས་པ་ཞེས་སྦྱར་རོ། །དེ་ལ་ཇི་ལྟར་ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་ཅེ་ན། དེ་ལ་ཉན་ཐོས་རྣམས་ནི་དེ་བཞིན་གཤེགས་པའི་ཞལ་ལས་སྐྱེས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སུ་འགྱུར་བའི་རིགས་མ་ཡིན་པས་སངས་རྒྱས་ཉིད་ཀྱི་ཕྱག་རྒྱས་མ་བཏབ་ཀྱི། བྱིན་གྱི་རླབས་ཀྱི་ཕྱག་རྒྱས་བཏབ་པ་ཙམ་མོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བའི་ཕྱིར། ཕྱག་རྒྱ་གཅིག་དང་གསུམ་གྱིས་བཏབ་པར་མདོ་སྡེ་ཉིད་ལས་གསུངས་མོད་ཀྱི། འོན་ཀྱང་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཐུན་མོང་དུ་མ་གྲགས་པས། རིགས་ལས་རྩོལ་བས་འབྲས་བུ་མངོན་པར་གྲུབ་པར་འདོད་པ་ཡིན་ནོ། །གསང་སྔགས་བླ་ན་མེད་པའི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་སངས་མ་རྒྱས་པ་འགའ་ཡང་མེད་པས་ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་ཅེས་བྱ་སྟེ། དེ་བས་ན་འབྲས་བུ་ཆེ་བའི་ཡོན་ཏན་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་ཡིན་ནོ། །གཉིས་པ་འཇིག་རྟེན་པའི་གཙོ་བོ་དང་འཁོར་རྣམས་ཀྱིས་བཀུར་གནས་དམ་པར་གྱུར་པ་ནི། ཉན་ཐོས་རྣམས་ཀྱང་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་རྣམས་ཀྱི་བཀུར་གནས་ཡིན་ཡང་སངས་རྒྱས་བཞིན་དུ་བཀུར་བ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བས་ཆེས་བཀུར་བ་ཡིན་མོད་ཀྱི་སངས་རྒྱས་བཞིན་དུ་ནི་བཀུར་བ་མ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་མཆོག་ཏུ་བཀུར་བར་བྱ་བ་ཡིན་ཏེ། དེ་བཞིན་དུ་དེ་རྣམས་ཀྱི་སྤྱོད་ཡུལ་ལ་ཞུགས་པའི་སྡོམ་པ་ཅན་གྱི་སྐྱེ་བོ་རྣམས་ལ་ཡང་། ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བཀུར་གནས་དམ་པར་མཐོང་བར་འགྱུར་ཏེ། ཉན་ཐོས་ཀྱི་སྤྱོད་ཡུལ་ལ་ཞུགས་པའི་སྡོམ་པ་འཛིན་པ་རྣམས་ལ་ཡང་བཀུར་གནས་སུ་བྱེད་ཀྱང་དམ་པར་ནི་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལ་ཞུགས་པའི་སྡོམ་པ་འཛིན་པ་རྣམས་ལ་ཡང་དེ་བས་དམ་པར་བྱེད་ཅིང་། ཆེས་དམ་པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་ཞུགས་པའི་སྡོམ་པ་འཛིན་པ་རྣམས་ལ་ནི་ཆེས་དམ་པར་བྱེད་པར་འགྱུར་བས། ཀུན་ཀྱང་བཀའ་ཉན་ཅིང་སྤྱི་གཙུག་རྒྱན་དུ་བཀུར་བར་དམ་བཅས་པས། དེ་བས་ན་དེ་དག་གི་སྟོང་གྲོགས་ཀྱི་དབང་གིས་མཐུ་དང་བྱིན་རླབས་ལྷག་པར་འཕགས་པར་འགྱུར་རོ། །གསུམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཉེ་བའི་སྲས་དང་སྤུན་དུ་དགོངས་པ་ནི། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་མཚན་དང་དཔེ་བྱད་དང་ལྡན་པའི་བུ་སྐྱེས་པར་གྱུར་ན། འདི་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་འབྱུང་ངོ་སྙམ་དུ་དགོངས་པ་བཞིན་དུ། སངས་རྒྱས་ཉིད་ཀྱི་དགོངས་སྤྱོད་དང་མཐུན་པའི་བསླབ་པའི་མཚན་དང་ལྡན་པའི་གང་ཟག་བྱུང་ན་འདི་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་གདུང་ཉེ་བར་འཛིན་པའོ། །ཞེས་དགོངས་པའི་དབང་གིས་བྱིན་རླབས་མྱུར་དུ་འབྱུང་ངོ་། །རྣམ་པ་གཅིག་ཏུ་ཆུ་དྭངས་པ་ལ་གཟུགས་བརྙན་འབྱུང་བ་བཞིན་དུ། དམིགས་པ་དག་པ་དང་། སྤྱོད་པ་འཕགས་པ་དང་། གྲོགས་ཀྱི་སྡོམ་པ་ནུས་པ་དང་ལྡན་པ་ཅན་ལ། རང་བཞིན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་རླབས་མྱུར་བ་ཉིད་དུ་འབྱུང་བས་དེ་སྐད་ཅེས་བྱའོ། །བཞི་པ་སྤྱོད་ཡུལ་ཁྱད་པར་དུ་འཕགས་པ་ནི། གསང་སྔགས་ཀྱི་སྤྱོད་ཡུལ་དང་དམིགས་པ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་ཏེ། འདི་ལྟར་ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པས་བླང་དོར་མེད་པའི་སྤྱོད་པ་ལ་གནས་བཞིན་དུ། སེམས་ཅན་གྱི་དོན་ཡང་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀྱི་སྒོ་ནས་མཛད་པ་རྒྱུན་མི་གཅོད་པ་འདི་ནི་སྤྱོད་ཡུལ་གཅིག་ལ་མཐུན་པར་ཞུགས་པ་ཡིན་ནོ། །སྡོམ་པ་གཞན་ནི་དེ་ལྟར་མ་ཡིན་ཏེ། སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པ་དང་། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྗེས་སུ་སློབ་པ་ཡིན་ནོ། །ལྔ་པ་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་དུ་སྦྱོར་བས་བག་ཚ་བ་མེད་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་གདོད་མ་ནས་རྣམ་པར་དག་པས་སྤང་ཞིང་དོར་བར་བྱ་བ་མེད་པའི་ཕྱིར་ཀུན་ཏུ་བཟང་པོའི་ཞིང་ཡིན་ནོ། །འདི་ལྟར་རྟོགས་ཤིང་བློ་གྲོས་འདི་ལས་མི་གཡོ་བ་ནི་འཁོར་བའི་སྡུག་བསྔལ་གྱིས་བག་ཚ་བར་མི་འགྱུར་ཏེ། དཔེར་ན་ཆུ་ཀླུང་ཆེན་པོས་ཁྱེར་བའི་མི་དག་གྲུ་གཟིངས་དང་འཕྲད་པར་གྱུར་ན་ད་ནི་བདག་གིས་སྐམ་ས་ལ་ཕྱིན་པའི་ལམ་རྙེད་དོ་སྙམ་སྟེ། ཆུས་འཇིགས་པ་མེད་ཅིང་དབུགས་ཕྱིན་པར་འགྱུར་ལ། གང་ཞིག་རྨི་ལམ་ན་ཆུས་ཁྱེར་བ་རྨིས་པ་ལས། གཉིད་ཅུང་ཞིག་སྲབ་པར་གྱུར་ཏེ། དེ་ཉིད་རྨི་ལམ་ཡིན་པར་ཤེས་པའི་བློ་བྱུང་ན་ཆུར་སྣང་བ་མ་ལོག་ཀྱང་འདི་སྙམ་དུ་འདི་ནི་རྨི་ལམ་ཡིན་ཏེ་དངོས་སུ་ཁྱེར་བ་མེད་དོ། །སྣང་བ་འདི་ཡང་གཉིད་སད་པའི་དུས་ན་མི་འབྱུང་སྟེ། དེ་བས་ན་བདག་ཆུས་འཆི་བའི་དུས་བྱེད་པའི་འཇིགས་པ་ལས་ལོག་ནས། གཉིད་སངས་པར་བྱ་བའི་སྦྱོར་བ་ཙམ་ལ་སྙིང་སྟོབས་བསྐྱེད་པར་འགྱུར་རོ། །དེས་གཉིད་སད་པར་གྱུར་པ་དེའི་ཚེ་ཆུས་ཁྱེར་བ་མེད་ཅིང་ཆུ་ལས་ཐར་པ་མེད་པ་ཡང་ཤེས་ལ་ཆུ་ཡང་མི་སྣང་ངོ་། །དེ་བཞིན་དུ་ཉན་ཐོས་ཀྱི་ལམ་དུ་ཞུགས་པ་ནི་གྲུ་ཆུང་ངུ་དང་འཕྲད་པ་ལྟ་བུ་སྟེ། གང་ཟག་འགའ་ཞིག་དངོས་པོ་ཆུང་ངུ་ཙམ་དང་འགྲོགས་ནས་ཕྱོགས་གཅིག་ཏུ་ཐར་བར་བྱས་ཏེ་གནས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་ལམ་དུ་ཞུགས་པ་ནི་གྲུ་གཟིངས་ཆེན་པོ་དང་འཕྲད་པ་དང་འདྲ་སྟེ། འགྲོ་བ་མང་པོ་དང་བཅས་དོན་ཆེན་པོ་དང་བཅས་ནས་ཡུལ་ཁམས་བདེ་བས་རྒྱས་པར་སྤྱོད་དོ། །གསང་སྔགས་ཀྱི་ཚུལ་གྱི་ལམ་ལ་ཞུགས་པ་ནི་རྨི་ལམ་ན་ཆུས་ཁྱེར་བ་གཉིད་ཅུང་ཟད་སྲབ་པར་འགྱུར་བ་དང་འདྲ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་རྟོགས་པས་འཁོར་བའི་འཇིགས་པ་ལས་དབུགས་ཕྱིན་ཏེ། ཤེས་རབ་ཆེན་པོས་གཉིད་སད་པ་ཙམ་ལ་རྩོལ་བ་ཙམ་བྱེད་དོ། །དེ་ལ་མི་མཐུན་པ་དང་གཉེན་པོ་སྤོང་བ་དང་བསྟེན་པའི་རྩོལ་བ་ནི་མི་བྱེད་ཀྱི། ཤེས་བཞིན་ཆེན་པོ་ལས་མི་ཉམས་པ་ཙམ་དུ་གནས་སོ། །དྲུག་པ་སྡོམ་པ་ཇི་སྙེད་པ་ཐམས་ཅད་འདུས་པ་ནི། ཉན་ཐོས་ཀྱི་སོ་སོར་ཐར་པའི་སྡོམ་པའི་ནང་དུ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་མ་འདུས་ཤིང་མ་དག་གོ ། བྱང་ཆུབ་སེམས་དཔའི་སྡོམ་པའི་ནང་དུ་ནི་སོ་སོར་ཐར་པའི་སྡོམ་པ་འདུས་ཤིང་རྣམ་པར་དག་སྟེ། དེ་བཞིན་དུ་གསང་སྔགས་ཀྱི་དམ་ཚིག་ལ་ཡང་སྦྱར་བར་བྱའོ། །དེ་དག་ཇི་ལྟར་འདུས་ཤིང་རྣམ་པར་དག་པའི་ཚུལ་ནི་གོང་དུ་ཆེ་བ་བསྟན་པའི་སྐབས་སུ་རྒྱས་པར་བཤད་པ་ཉིད་དོ། །བདུན་པ་ཉམས་པ་བསྐང་ན་རྫོགས་པའི་ཡོན་ཏན་ནི། ཉན་ཐོས་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་ཆོས་རྣམས་ལ་དངོས་པོར་ཞེན་པའི་དབང་དང་། ལུས་ངག་གི་ལས་ཀྱི་དངོས་པོ་ལ་གཙོ་བོར་གཟུང་བ་ཡིན་པས་ཉམས་པ་རྣམས་སླར་གསོ་བའི་ཐབས་མེད་དེ། རྫ་གྱོ་མོ་ཆག་པ་དང་འདྲ་བར་འབྱུང་ངོ་། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ཆོས་རྣམས་ལ་དངོས་པོར་མ་ཞེན་པའི་དབང་དང་། སེམས་གཙོ་བོར་སྟོན་པས་ཉམས་པ་རྣམས་ཀྱང་དགེ་བའི་བཤེས་གཉེན་ལ་བསྟེན་ནས་ཤིན་ཏུ་ལྷག་པར་བྱར་རུང་སྟེ། དཔེར་ན་གསེར་དངུལ་གྱི་སྣོད་ཆག་རལ་དུ་གྱུར་ན་མགར་བ་མཁས་པས་སྔ་མ་ལས་ཁྱད་པར་དུ་འཕགས་པའི་སྣོད་དག་ཀྱང་བྱར་བཏུབ་པ་ལྟ་བུའོ། །ཞེས་འབྱུང་ངོ་། །གསང་སྔགས་ཀྱི་དམ་ཚིག་ནི་ཆོས་ཐམས་ཅད་མཉམ་པ་ཆེན་པོར་རྟོགས་པའི་དབང་དང་། སྒྱུ་མ་ལྟ་བུའི་རོལ་པ་ལ་རིག་པ་རང་དབང་སྒྱུར་བ་གཙོ་བོ་ཡིན་པས་དམ་ཚིག་ཉམས་པ་རྣམས་ཀྱང་དགེ་བའི་བཤེས་གཉེན་ལ་བརྟེན་མི་དགོས་པར་བདག་ཉིད་ཀྱིས་གསོས་པས་སྐོང་བར་འགྱུར་ཏེ། དཔེར་ན་གསེར་དངུལ་གྱི་སྣོད་ཞོམ་པ་ནི་མགར་བས་གཞི་ནས་བྱ་མི་དགོས་ཏེ། ཞོམ་པ་ཆེ་ཆུང་དང་སྦྱར་ནས་བདག་ཉིད་ཀྱིས་རྩོལ་བས་རིམ་པ་བཞིན་བཅོས་པས་ཇི་ལྟ་བ་བཞིན་སྲོངས་པར་འགྱུར་བ་བཞིན་ནོ། །ཞེས་འབྱུང་ངོ་། །གསང་སྔགས་ཀྱི་ཚུལ་ཁ་ཅིག་ལས་ནི་བྱང་ཆུབ་སེམས་དཔའ་དང་མཐུན་པར་ཉམས་པ་རྣམས་དགེ་བའི་བཤེས་གཉེན་ལས་དཀྱིལ་འཁོར་དུ་ཞུགས་ཤིང་དབང་དང་དམ་ཚིག་ནོད་པར་འབྱུང་སྟེ། འདི་ལྟ་བུའང་གདུལ་བྱ་ལ་ལའི་དབང་དུ་གསུངས་པར་ཟད་དོ། །འདིར་ནི་དོན་སྔ་མ་ཉིད་དེ། དེ་བས་ན་ཉམས་པ་བསྐང་ན་རྫོགས་པའི་ཡོན་ཏན་རྣམ་པ་བདུན་ཙམ་ནི་མདོར་བསྡུས་པ་སྟེ། དེ་ལ་སོགས་པ་ཡོན་ཏན་རྒྱས་པ་ནི་མཐའ་ཡས་ཞེས་སྦྱར་རོ། །འདི་དག་གི་དཀྱུས་ཀྱི་ངོ་སྤྲད་པ་ནི། དོན་འདི་རྣམས་ཉིད་ཀྱིས་རིམ་པ་བཞིན་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་གྱུར་ཏོ། །ཞེས་བྱ་བ་ནི། ཡེ་ནས་སངས་རྒྱས་པ་མ་ཡིན་པའི་གདུལ་བྱ་མེད་པ་སྟེ། དོན་འདི་ལྟ་བུའི་དབང་གིས་དེ་བཞིན་གཤེགས་པ་ཉིད་ལ་ཉིད་འདུལ་བར་འགྱུར། ཞེས་བྱ་བ་དང་། དེ་བཞིན་དུ་ལེའུ་གཞན་ལས། ཉིད་ལ་ཉིད་སྤྱོད་པར་གྱུར་ཏོ། །ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཉིད་ལ་སྔགས་ཀྱི་རྒྱལ་པོ་བརྟན་པར་བཟུང་བ་འདི་ཆེད་དུ་བརྗོད་དོ། །ཞེས་བྱ་བ་དང་། ལེའུ་བཅུ་གསུམ་པ་ལས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་བསླང་ངོ་། །ཞེས་བྱ་བ་དང་། ལེའུ་གསུམ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །ཞེས་བྱ་བ་དང་། ལེའུ་གཉིས་པ་ལས། ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །ཞེས་བྱ་བ་དང་། ལེའུ་དེ་ཉིད་ལས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་ཉིད་མཛད་དོ། །ཞེས་བྱ་བ་ལྟ་བུ། ཐམས་ཅད་ཀྱང་ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་པས། སངས་རྒྱས་ཉིད་ལས་གཞན་པའི་གདུལ་བྱ་མེད་པར་གསུངས་པ་ཡིན་པས། འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ་སངས་རྒྱས་ཉིད་ལ་གསུངས་ཤིང་མཁྱེན་པ་དང་འདུལ་བ་དང་སྤྱོད་པ་དང་། གཏད་པར་མཛད་པ་ཡིན་གྱི། ཇི་སྐད་དུ། བསྟན་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ལ་ཆེད་དུ་བརྗོད་པ་མ་མཛད་དོ། །དེ་བཞིན་དུ་དེ་དག་གིས་མ་མཁྱེན་ཏོ། །དེ་དག་མི་གླེང་ངོ་། །དེ་དག་འདུལ་བར་མ་གྱུར་ཏོ། །དེ་དག་ལ་སྤྱོད་པར་མ་གྱུར་ཏོ། །དེ་དག་ལ་རྒྱུད་ཡོངས་སུ་མ་གཏད་དོ། །ཞེས་སྦྱར་བར་མི་བྱ་སྟེ། གལ་ཏེ་དེ་ལྟར་སྦྱོར་བར་བྱེད་ན་དགོས་པ་དང་འབྲེལ་བ་ཐམས་ཅད་ཞིག་པའི་ཕྱིར་སྨྱོན་པ་རྣམས་ཀྱི་བསྙོན་ཚིག་དང་འདྲ་བར་འགྱུར་དུ་ཟད་དོ། །ལེའུ་བཅུ་དགུ་པའོ། །ད་ནི་འཕྲིན་ལས་ཀྱི་ལེའུ་བཤད་དེ། དེ་ལ་འཕྲིན་ལས་སྤྱིའི་དོན་དང་། གོ་རིམ་གྱི་ཚུལ་དག་ནི་ཅུང་ཟད་སྔར་བཤད་ཟིན་ཏོ། །འདིར་ཡན་ལག་ལ་སོགས་པ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་ལས་ཀྱི་ཡན་ལག་ནི་རྣམ་པ་བཞི་སྟེ། འཕྲིན་ལས་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་དང་། དེ་བཞིན་དུ་ལྷ་དང་། སྔགས་མཁན་དང་། རྫས་རྣམས་སོ། །དེ་ལ་དཀྱིལ་འཁོར་ནི། ཨེའི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་འབྲུ་བཞིའི་དབྱིབས་དང་ཁ་དོག་དོན་གྱིས་བསྡུས་པའོ། །ལྷ་ནི། འབར་བ་གཏུམ་ཆེན་རྔམ་པ་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། རིགས་བཞིའི་ཁྲོ་བོ་ལ་སོགས་པ་སོ་སོའི་ལྷར་གཏོགས་པའོ། །སྔགས་མཁན་གྱི་མཚན་ཉིད་ནི། ཁྲོས་པའི་ཡིད་ཀྱིས་ཞེས་པ་ལ་སོགས་པ་སྟེ། སྤྱིར་སྔགས་པ་སྤྱིའི་ཡོན་ཏན་གྱི་མཚན་ཉིད་དང་། བཟླས་པ་ལ་སོགས་ཏེ་བསྙེན་བསྒྲུབ་ཀྱི་ཡོན་ཏན་གྱི་མཚན་ཉིད་དང་། གཞན་ཡང་ལུས་ངག་གི་བྱ་བར་གཏོགས་པ་ལ་ལུས་ཀྱི་བྱ་བར་གཏོགས་པ་ཆོས་གོས་དང་། ལྟ་སྟངས་དང་། འདུག་སྟངས་དང་། ཁའི་ལྟ་ཕྱོགས་དང་། དབུགས་འབྱིན་པ་ལ་སོགས་པའོ། །ངག་གི་བྱ་བར་གཏོགས་པ་སྔགས་ཀྱི་རིང་ཐུང་དང་དྲག་ཞན་དང་། དབྱངས་ཀྱི་འགྱུར་སྟངས་ལ་སོགས་པའོ། །ཡིད་ཀྱི་བྱ་བར་གཏོགས་པ། ཁྲོས་པའི་ཡིད་དང་། ཆགས་པའི་ཡིད་ལ་སོགས་པའོ། །རྫས་ནི་ལྷ་མཆོད་པའི་རྫས་དང་། ལས་གྲུབ་པའི་རྫས་སུ་གཏོགས་པ། སྤྱིར་འདོད་པ་ལྔ་ཡིས་བསྡུས་པ་ཐམས་ཅད་དང་། དམ་ཚིག་གི་རྫས་རྣམས་དང་། ལིངྒའི་རྒྱུའི་རྫས་དང་། ཕུར་བུ་དང་རལ་གྲི་དང་འཁོར་ལོ་ལ་སོགས་པ་རྟེན་གྱི་རྫས་ལ་སོགས་པའོ། །སྤྱིར་ལས་དང་སྒྲུབ་ཐབས་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ནི། སྒྲུབ་པ་པོ་དང་། གནས་དང་། དུས་དང་། རྫས་རྣམས་སོ། །དེ་དག་གི་ཡན་ལག་གིས་བསྡུས་པ་དང་། ཕུན་སུམ་ཚོགས་པས་བསྡུས་པས་བཤད་པ་སྟེ་ཕྲིན་ལས་ཀྱི་ཆ་རྐྱེན་ཡིན་ནོ། །ཕྲིན་ལས་ཀྱི་གོ་རིམ་ནི། བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱས། །བཀུག་ནས་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་དབུལ། །ཞེས་གསུངས་པ་ཡིན་ཏེ། དེ་ལ་དང་པོར་སྒོམ་པ་དང་མཆོད་པ་དང་བཟླས་པ་དག་བྱས་པའི་རྗེས་ལ། བདུད་རྩི་ལྔའམ་ཤ་ལྔ་ལ་སོགས་པ་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་སྟེ། ལྷ་རྣམས་ཀྱི་ཐུགས་དམ་བསྐུལ་ཞིང་། བསྒྲུབ་བྱ་དགུག་ཅིང་བསྟིམས་ལ་བསྡམས་ཤིང་དབང་དུ་བྱས་ནས་རྡོ་རྗེ་ཕུར་བུས་བཏབ་སྟེ། འཁོར་ལོ་དང་རལ་གྲི་ལ་སོགས་པའི་མཚོན་གྱིས་དུམ་བུར་གཏུབས། དམར་གྱི་ཨཱརྒྷཾ་དང་བསྲེས་ཏེ་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི་ཞལ་དུ་བསྟབས་ན་དྲག་པོའི་ལས་འགྲུབ་པར་འགྱུར་ཏེ། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ལས་བྱས་ཟིན་ནས་རྡོ་རྗེ་ཁྲོ་བོའི་མནན་པའི་ལས་བྱས་ལ་གསོར་མི་རུང་བར་བྱས་ཏེ། དེ་བསྟན་པ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དང་སྦྲེལ་བསྡམས་ནས། །བཅིང་འགྱུར་བསྐྱོད་ནས་ཕྱོགས་བཅུར་གཡོ། །མྱོས་ནས་གས་ཏེ་འཚིག་པར་འགྱུར། །ཞེས་གསུངས་ཏེ། ལས་ཟིན་པ་དང་ས་གཞི་ལེགས་པར་བསྙོམས་ལ། དེའི་སྟེང་དུ་རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་སོར་མོ་ལུ་གུ་རྒྱུད་དུ་སྦྲེལ་ནས་གྲུ་གསུམ་དུ་དངར་ཏེ་བྲོ་བརྡུང་བ་ནི། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་ཐམས་ཅད་ཅི་འདོད་པ། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ཞེས་བྱ་བ་ལ་སོགས་པའི་བྲོ་བརྡུང་བར་བྱའོ། །དེ་ལྟར་ལས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལ་དབང་གི་དཀྱིལ་འཁོར་ཡི་གེ་བཾ་གྱི་རྣམ་པར་བཤད་པ་དང་། ཞི་བ་ཡའི་རྣམ་པར་བཤད་པ་ནི། དབྱིབས་དང་ཁ་དོག་གི་རྣམ་པས་མི་མཐུན་ཡང་ཡི་གེ་སྒྲའི་དོན་དང་སྦྱར་ན། བཾ་བྷནྡྷ་ན། སྡུད་པའམ་བཅིངས་པ། ར་ཡ་བ་ཏི་ནི། ཞི་བ་སྟེ། འདིའི་དབང་དུ་གསུངས་པ་ཡིན་པར་མངོན་ནོ། །སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷག་མའི་མཆོད་སྦྱིན་འདོད་པ་སྦྱིན། །རང་གི་དམ་ཚིག་རབ་བསྒྲགས་ནས། །གང་འདོད་ལས་དེ་བྱེད་པར་བསྒོ། །ཞེས་བྱ་བ་ནི། ལས་རྣམ་པ་བཞི་གང་བྱེད་ཀྱང་རུང་སྟེ། ཚོགས་ཀྱི་མཆོད་པ་ལ་རོལ་པའི་རྗེས་སུ་ཆད་པ་དང་། ལྷག་མ་ཕྱག་དར་ཐམས་ཅད་བསྡུས་ཏེ་ཚུལ་བཞིན་དུ་བྱིན་གྱིས་བརླབས་ནས། སྔར་གྱི་དཀྱིལ་འཁོར་ཆེན་པོ་མཆོད་པ་དང་མཐུན་པར། འདིར་ཡང་བྱ་བར་གཞུང་དག་ལས་གསལ་བར་འབྱུང་སྟེ། དེའི་རྗེས་སུ་རྣལ་འབྱོར་གྱི་འཁོར་ན་གནས་པའི་ལྷག་མ་དང་ཁ་ཆུ་ལ་དབང་ཞིང་དགའ་བ་རྣམས་ལ་ལྷག་མའི་མཆོད་སྦྱིན་བྱིན་ཏེ། སྔོན་གྱི་དམ་ཚིག་བསྒྲགས་ནས་ལས་བྱེད་དུ་གཉེར་འཚལ་བ་རྣམས་མནན་ཏེ་ལས་བཅོལ་བར་བྱའོ། །ཞེས་གསུངས་སོ། །དམ་ཚིག་ཇི་ལྟར་བསྒྲག་པ་ནི། དམར་གྱི་ཨཱརྒྷཾ་སྦྲེང་ཞིང་། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ ། ཞེས་བྱ་བ་ལ་སོགས་པའི་དབང་ཕྱུག་མའི་འཕྱོང་རྣམས་བསྒྲགས་ཤིང་བསྒོའོ། །ལས་རྣམ་བཞིའི་གནས་བསྟན་པ་ནི། ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །སྡོང་གཅིག་དང་ནི་མེས་རེག་དྲུང་། །ཞེས་བྱ་སྟེ། དེ་ལ་ཕྱིའི་གནས་ནི། ཇི་སྐད་གསུངས་པའི་ཤིང་རྣམ་པ་བཞིས་བྱེ་བྲག་ཏུ་བྱས་པའི་ས་ཕྱོགས་ཉིད་དོ། །གསང་བའི་གནས་ནི། གཟུངས་མའི་བྱེ་བྲག་སྟེ། ལྗོན་པ་མའི་རིགས་ལ་སོགས་པ་རྣམས་ཏེ། དེ་དག་ལ་བརྟེན་ནས་ལས་གྲུབ་པར་འགྱུར་བ་ཉིད་གནས་སུ་བཤད་དོ། །དང་བས་དགའ་བས་ཆགས་པས་དང་། །ཁྲོས་པས། ཞེས་པ་ནི། ཡིད་ལ་བྱེད་པའི་བྱེ་བྲག་སྟེ་གོང་དུ་བསྟན་པར་ཟད་དོ། །ཀཱ་ལི་ཞེས་བྱ་བ་ནི། སྐབས་འདིར་ཐབས་ཀྱི་མཛད་སྤྱོད་ལ་བྱའོ། །ལེའུ་ཉི་ཤུ་པའོ། །ད་ནི་ཁྲོ་བོའི་མཛད་པ་རྫོགས་ནས་དཀྱིལ་འཁོར་ཆེན་པོར་དགྱེས་པའི་གླུ་འདི་བླངས་པར་སྟོན་ཏེ། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ། ཧཱུཾ་གི་དོན་ནི། གོང་དུ་བསྟན་པའི་ཨོཾ་གྱི་དོན་དང་མཐུན་པར་སྦྱར་རོ། །ཅུང་ཟད་དུ་ནི། ཨོཾ་ནི་ཚངས་པ་དབྱངས་ཀྱི་འདྲེན་སྟངས་ཡིན་པས་ཞི་བའི་སྐབས་སུ་སྦྱར་བ་ཡིན་ལ། ཧཱུཾ་ཁྲོ་བོའི་སྣང་གླུ་ཡིན་པས་ཁྲོ་བོ་ལ་སྦྱར་བ་ཙམ་གྱིས་ཕྱེ་བར་ཟད་དོ། །མཇུག་གི། ཧོའི་དོན་ཡང་སྔ་མ་བཞིན་ནོ། །ཚིག་གི་དོན་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་རིམ་པ་བཞིན་བསྟོད་པར་བྱའོ། །འདི་ལ་སྐུ་གསུང་ཐུགས་ནང་གི་ཡོན་ཏན་གྱི་བྱེ་བྲག་ནི་མེད་དེ། སྤྱིར་བསྟོད་དོ། །ཞེས་ཀྱང་གསུང་ངོ་། །རང་བཞིན་དང་། ཡོན་ཏན་དང་། མཛད་པ་དང་གསུམ་གསུམ་དང་ལྡན་ནོ། །ཞེས་ཀྱང་འདོད་དོ། །མཇུག་གི་འབྱུང་བ་ཆེན་པོ་བཞིའི་སྒོ་ནས་བསྟོད་པ་ནི། ཡོངས་གྲགས་དབུས་ལུགས་པ་ནི། ཡུམ་གྱི་ཡོན་ཏན་གྱི་ཆ་ལ་བསྟོད། ཅེས་གསུང་ངོ་། །ཁམས་ལུགས་པ་ནི། འབྱུང་བ་ཆེན་པོ་བཞི་ཉིད་རིགས་བཞིའི་ཧེ་རུ་ཀའི་རང་བཞིན་དང་མཛད་པ་དང་བྱིན་རླབས་ཡིན་པར་སྟོན་ནོ། །ཞེས་གསུང་ངོ་། །ལེའུ་ཉི་ཤུ་གཅིག་པའོ། །ད་ནི་དོན་མཐའ་མ་རྒྱུད་ཡོངས་སུ་གཟུང་བ་སྟོན་ཏེ། དེ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། དེ་བཞིན་གཤེགས་པ་ཉིད་ལ་སྔགས་ཀྱི་རྒྱལ་པོ་བརྟན་པར་གཟུང་བ་འདི་ཆེད་དུ་བརྗོད་དོ། །ཞེས་གསུངས་ཏེ། དེ་ལ། དགྱེས་པ་ཆེན་པོ་ཞེས་བྱ་བ་ནི། ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་མཚན་གྱི་ཁྱད་པར་ནི། དགྱེས་པ་ཆེན་པོ་ཞེས་བྱ། བདེ་བ་ཆེན་པོ་ཞེས་བྱ། དེ་བཞིན་དུ། རྡོ་རྗེ་སྙིང་པོ་དང་། དམ་པ་དང་པོ་དང་། རྡོ་རྗེ་འཛིན་པ་དང་། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་ཇི་སྐད་གྲགས་པ་རྣམས་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཉིད་ལ། ཞེས་བྱ་བ་ནི། ཡོངས་སུ་གཏད་པ་ཐུན་མོང་མ་ཡིན་པ་སྟེ། འཁོར་གྱི་བྱང་ཆུབ་སེམས་དཔའ་འགའ་ཞིག་ལ་གཏད་པ་ནི་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་པས་མ་འོངས་པའི་གང་ཟག་ཏུ་གཏོགས་པ་ལ་གཏད་དོ། །ཞེས་བྱ་བའི་དོན་ནོ། །ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །ཞེས་བྱ་བ་ལ་སོགས་པ་ནི། ཡོངས་སུ་གཏད་པའི་བཀའ་ཉིད་ཡིན་ཏེ། དེ་ཡང་དང་པོ་དཔལ་གསང་བ་སྙིང་པོ་ལས་ཐེག་པ་སྣ་ཚོགས་བསྟན་པའི་དགོས་པ་བསྟན་པའི་ཕྱིར། དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་བྱ་བའི་བར་དག་སྨོས་སོ། །དེ་ལ། ཀྱེ་ཀྱེ་ཞེས་བྱ་བ་ནི་ཡོངས་སུ་གཏད་པའི་ཕྱིར་བོས་པའོ། །ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་བྱ་བ་ནི། དང་པོ་དགོས་པའི་གཞི་བསྟན་པའི་ཕྱིར། ཆོས་ཐམས་ཅད་རང་བཞིན་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་ཡིན་ནོ། །ཞེས་བསྟན་ནོ། །དེ་ལྟར་ན་སེམས་ཅན་རྣམས་ཅིའི་ཕྱིར་འཁོར་ཞེ་ན། གཟུང་འཛིན་སྤྲོས་ལ་འཆེལ་བ་ཡིས། །རྣམ་རྟོག་ཞགས་པས་སོ་སོར་བཅིང་། །ཞེས་གསུངས་ཏེ། དེའི་དབང་གིས་འཁོར་ཞེས་སྦྱར་རོ། །དེ་ལྟར་ན་རྒྱུ་ལས་འབྲས་བུ་བསྒྲུབ་པ་མ་ཡིན་ཡང་། ལོག་རྟོག་གི་སྤྲོས་པ་ཞི་བར་བྱ་བ་ཙམ་གྱི་ཕྱིར་ཐེག་པའི་བྱེ་བྲག་ལམ་གྱི་རིམ་པ་སྣ་ཚོགས་ཤིག་གསུངས་པ་ཡིན་ལ། དེ་ལྟར་གསུངས་པ་དེ་དག་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་ངོ་བོ་ཉིད་མཉམ་པ་ཆེན་པོའི་དོན་ཉིད་གསང་བའི་སྙིང་པོར་འགྲོ་བའི་ལམ་དང་རྟེན་ཙམ་དུ་ཡང་གསུངས་པ་ཡིན་པས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཐེག་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱིས་སྣོད་ཀྱི་རིམ་པ་དང་སྦྱར་ཏེ་འགྲོ་བའི་དོན་དུ་གསུངས་པར་འདྲ་བས། ཐེག་པ་ཐམས་ཅད་ལ་ཡང་སྨད་པའི་བློ་མི་བསྐྱེད་དེ། འགྲོ་བ་ཆུད་མི་གསོན་པ་ཙམ་གྱི་བྱ་བ་བྱེད་པར་འདྲ་བས། སྒྲོ་སྐུར་མི་གདབ་བོ་ཞེས་བསྟན་པའི་ཕྱིར། ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དགོས་པ་བསྟན་ནས། ད་ནི་དགོས་པ་དང་བཅས་པ་ཡིན་པའི་ཕྱིར་དེ་ཡོངས་སུ་མི་ཉམས་པར་བསྲུང་དགོས་པས་དེའི་ཕྱིར་ཡོངས་སུ་གཏད་པ་མཛད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་གསུངས་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་དཔལ་གསང་བ་སྙིང་པོ་འདི་ཡིན་ཏེ། ཕྱག་རྒྱའི་དོན་ཡང་འདི་སྐད་དུ། འདའ་དཀའ་དེ་བཞིན་མི་ཤིགས་པ། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་རྟགས། །བདག་ཉིད་ཆེན་པོའི་མཚན་མའི་གཟུགས། །དེ་བས་ཕྱག་རྒྱ་ཞེས་བྱའོ། །ཞེས་གསུངས་པ་ལྟ་བུ་སྟེ། གཞུང་འདི་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ཉིད་ཡིན་པས། དེ་བས་ན་འདའ་བར་དཀའ་བ་ལ་སོགས་པའི་ཡོན་ཏན་གྱི་བདག་ཉིད་ཅན་ཡིན་ནོ། །ཞེས་སྦྱར་རོ། །ཡང་ན་ཡི་གེ་དང་མིང་དང་ཚིག་གི་ཚོགས་ལ་དེ་བཞིན་གཤེགས་པའི་ཕྱག་རྒྱས་བྱིན་གྱིས་བརླབས་པ་ཡིན་པས་རྒྱ་རྟགས་ཡིན་ནོ། །ཞེས་ཀྱང་བཤད་དོ། །དེ་ལྟ་བུའི་མཚན་ཉིད་ཀྱི་གཞུང་འདི་ལ། མ་འོངས་པའི་རྣལ་འབྱོར་པ་གང་ཞིག་གིས་ཚུལ་བཞིན་རྟོགས་ནས་གཞན་ལ་མ་ནོར་བར་ཡང་སྨྲ་བར་བྱེད་པ་དེ་ནི། ཀུན་ཏུ་བཟང་པོ་ཉིད་དང་ཐ་མི་དད་པ་ཡིན་ཞིང་། དབང་ཡང་རང་བཞིན་གྱིས་རྫོགས་པ་ཡིན་པས། དེ་དག་གིས་གཞུང་འདི་ཡོངས་སུ་ཟུངས་ལ་མི་ནུབ་པར་གྱིས་ཤིག །ཅེས་ཡོངས་སུ་གཏད་པ་མཛད་པ་ཡིན་ནོ། །ད་ནི་གཞུང་དང་དེ་རྟོགས་པའི་གང་ཟག་གི་ཡོན་ཏན་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གཞུང་གི་ཡོན་ཏན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །ཞེས་གསུངས་པ་སྟེ། མཉམ་པ་ཆེན་པོའི་དོན་མ་རྟོགས་པའི་ངེས་པའི་དོན་གྱི་མདོ་སྡེ་དང་། གསང་སྔགས་ཀྱི་ཚུལ་ཀུན་ལས་མ་གསུངས་ཏེ། དེའི་ཕྱིར་འདི་ལས་གཞན་མི་མངའ་བ་ཉིད་དུ་ངེས་སོ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བ་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་བྱ་བ་ནི། སློབ་དཔོན་དབུས་ལུགས་པ་རྣམས་ཀྱིས་བཤད་པ་ནི། རྒྱུད་འདི་ཉིད་དཔལ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་དབྱིངས་རུམ་ནས་ཕྱུང་བ་ཡིན་པས་སྙིང་པོ་ཞེས་བྱ་སྟེ། ཧྲི་ད་ཞེས་བྱ་བ་ནི། སྙིང་ལ་བྱ་སྟེ། ཀུན་ཏུ་བཟང་པོ་ཉིད་ཀྱི་ཐུགས་སོ། །དེ་ནི་གསང་བའང་ཡིན། དེ་ཁོ་ན་ཉིད་ཀྱང་ཡིན། ངེས་པའང་ཡིན་པས། ཀུན་ཏུ་བཟང་པོའི་སྙིང་ཉིད་ལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། ཞེས་བྱའོ། །རྒྱུད་འདི་ཡང་ཐུགས་ཉིད་ལས་བྱུང་བས་དེ་སྐད་ཅེས་བྱའོ། །དཔེར་ན་སྙིང་ལས་བཀོགས་པའི་བུ་ཞེས་བརྗོད་པ་ལྟ་བུའོ། །དེ་བས་ན་ཚིག་འདི་དག་ནི་རྒྱུད་ཀྱི་ཡོན་ཏན་དུ་སྦྱར་རོ། །ཞེས་གསུང་ངོ་། །སློབ་དཔོན་ཁམས་ལུགས་པ་རྣམས་ནི། ཚིག་འདི་དག་གཏད་པར་བྱ་བའི་གང་ཟག་གི་ཡོན་ཏན་དུ་བཞེད་དེ། སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་ནི་སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བའི་ཕྱིར་སྒྲོ་དང་སྐུར་པ་ཞི་བ་ཡིན་ལ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཡང་ཡིན་ཏེ། དེ་ལྟ་བུའི་ཐུགས་ཀྱི་དབྱིངས་རུམ་ནས་ཕྱུང་ཞིང་སྐྱེས་པ་ནི། རྟོགས་པའི་གང་ཟག་དེ་ཉིད་ཡིན་པས་ངེས་པར་ཐོབ་པ་ཡིན་ནོ། །དེ་ལྟར་ན་ཐུགས་ལས་ཕྱུང་བ་ཡིན་པས། སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ཞེས་གསུངས་ཏེ། ཐུགས་ཀྱི་སྲས་ཡིན་ནོ། །ལུང་གང་དུ་བསྟན་ཞེ་ན། ས་རབ་རིག་པ་འཛིན་ལ་གནས། །ཞེས་གསུངས་ཏེ། ས་ཐམས་ཅད་ཀྱི་མཆོག་ནི་རིག་པ་འཛིན་པའི་ས་ཞེས་བྱ་སྟེ། རྡོ་རྗེ་འཛིན་པའི་ས་ཞེས་བྱ། ཐབས་དང་ཤེས་རབ་མཆོག་གི་ས་ཞེས་བྱ། སངས་རྒྱས་ཀྱི་ས་བཅུ་གསུམ་པ་ཞེས་ཀྱང་བྱ་སྟེ། ས་འདི་ལ་གནས་པར་འགྱུར་རོ་ཞེས་ལུང་བསྟན་པ་ཡིན་ནོ། །དེ་ལ་སངས་རྒྱས་ཀྱི་སའི་བྱེ་བྲག་འདི་ལྟ་བུ་ཡང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་ཀྱི་ས་བཅུ་གཉིས་སུ་གསུངས་པའང་རིམ་པར་མཐོ་དམན་གྱི་བྱེ་བྲག་ཏུ་མ་གསུངས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་གཉིས་ཡེ་ཤེས་ལྔ་དང་། རིགས་ལྔ་སྟེ་བཅུ་གཉིས་སུ་གསུངས་སོ། །གཞན་ཡང་སངས་རྒྱས་ཀྱི་ས་གསུམ་དུ་གསུངས་པའང་ཆོས་ཀྱི་སྐུ་དང་ཤེས་རབ་དང་སྙིང་རྗེ་འབྲེལ་བའི་མཚན་ཉིད་དང་། དེའི་བྱིན་གྱིས་རླབས་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་གྱི་བདག་ཉིད་ལ་གསུངས་ཏེ། རིམ་པ་མཐོ་དམན་དུ་ནི་མ་བཤད་དོ། །དཔལ་ཐབས་ཀྱི་ཞགས་པ་ལས། ཀུན་ཏུ་འོད་ཀྱི་ས་ལས་འདས། །ཞེས་གསུངས་པ་ཡང་། ཆོས་ཀྱི་སྐུ་མཚན་མ་མེད་པའི་དབྱིངས་ལས་མི་གནས་པའི་ཤེས་རབ་དང་། ཐུགས་རྗེའི་བྱིན་རླབས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྩོལ་བ་མེད་པར་རང་བྱུང་བ་ལ་གསུངས་ཏེ། རིམ་པ་གོང་དུ་འདས་པར་ནི་མ་གསུངས་སོ། །གཞན་ལས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཞེས་ཡེ་ནས་དག་པ་ཆེན་པོའི་རང་བཞིན་དུ་བསྟན་གྱིས། ཐེག་པ་འོག་མ་པ་ལྟར་བགྲོད་ཅིང་བསགས་པས་ཐོབ་པ་མ་ཡིན་ནོ། །ཞེས་གསུངས་པ་ཡང་། ངེས་པའི་དོན་གྱི་མདོ་སྡེ་རྣམས་ལས་ཀྱང་། མཚན་ཉིད་ཐུན་མོང་མ་ཡིན་པ་དང་། རྣམ་པར་གྲོལ་བ་ཐུན་མོང་མ་ཡིན་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཐུན་མོང་མ་ཡིན་པ་དང་། ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པ་ཐུན་མོང་མ་ཡིན་པ་དང་། གཉིས་སུ་མེད་པར་འཇུག་པའི་ཚུལ་ཐུན་མོང་མ་ཡིན་པ་ལ་སོགས་པ་གསུངས་ཏེ། དེ་བས་ན་སངས་རྒྱས་ཀྱི་ས་ཉིད་ལ་ཡང་མཐོ་དམན་གྱི་བྱེ་བྲག་ཡོད་དོ་ཞེས་ནི་རྣམ་པར་གཞག་པར་མི་བྱ་སྟེ། ལུང་དང་ཡང་འགལ་ལ་རིགས་པས་ཀྱང་འགལ་ཏེ། འབྲས་བུ་ལ་བྱེ་བྲག་ཡོད་ན་ནི། ཐེག་པ་གསུམ་དུ་བསྡུ་རུ་མི་རུང་སྟེ། འདི་ནི་སྔོན་གྱི་མཁན་པོ་རྣམས་ཀྱི་མན་ངག་གིས་མ་བཤད་དོ། །ལེའུ་ཉི་ཤུ་གཉིས་པའོ། །ད་ནི་རྒྱུད་བཤད་པ་རྫོགས་ནས། དཀྱིལ་འཁོར་ཆེན་པོར་ཇི་ལྟར་ཞུགས་པའི་ཚུལ་སྟོན་ཏེ། དེ་ལ་རྒྱུད་དང་མདོ་སྡེ་ཁ་ཅིག་གི་ཚུལ་ལས་ནི། ཆོས་བཤད་པ་རྫོགས་ནས་འཁོར་རྣམས་རྗེས་སུ་ཡི་རང་ཞིང་། མངོན་པར་བསྟོད་པ་ཙམ་དུ་གསུངས་ཏེ། དེ་ནས་སྤྱོད་ལམ་གཞན་གྱིས་བཞུགས་པར་མངོན་ནོ། །རྒྱུད་ལ་ལ་ལས་ནི་རྒྱུད་བཤད་པ་རྫོགས་ནས་དཀྱིལ་འཁོར་བསྡུས་ཏེ་མི་སྣང་བར་གསུངས་སོ། །འདིར་ནི་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་ན་སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་པར་གསུངས་ཏེ། དེ་བཞིན་གཤེགས་པ་ལ་དུས་ཐ་དད་དུ་འབྱུང་བའམ། འགགས་པའམ་སྤྱོད་ལམ་སྣ་ཚོགས་མཛད་པའམ། ཡོན་ཏན་གྱི་ཆོས་སྣང་བ་རྣམས་ལ་ཟད་པའམ་འཕེལ་བའམ། བདག་ཉིད་གནས་པའམ། གནས་པ་ལས་གཞན་དུ་འགྱུར་བའམ། རྣམ་པར་བརྟག་པར་བྱ་བར་རུང་བ་གང་ཡང་མ་ཡིན་པས། འདི་ལྟ་བུའི་རང་བཞིན་ཡིན་པ་ཉིད་ལ་བཞུགས་སོ། །ཞེས་བྱ་སྟེ། དཔེར་ན་ནམ་མཁའ་ནི་མཚན་ཉིད་མེད་པར་གནས་སོ། །ཞེས་བྱ་བ་ལྟ་བུ་སྟེ། འདི་ལྟར་མཚན་ཉིད་མེད་པ་ཞེས་བྱ་བའི་གཞི་གཅིག་ལ། ནམ་མཁའ་ཞེས་བྱ་བ་ཞིག་གནས་པ་ནི་མེད་ཀྱི། རང་གི་རང་བཞིན་དེ་ལྟ་བུ་ཡིན་པ་ལ་དེར་གནས་སོ། །ཞེས་བརྗོད་པ་བཞིན་ནོ། །འཕགས་པ་རྟོག་པའི་རྒྱལ་པོ་སྒྱུ་འཕྲལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ་ལས། ཐམས་ཅད་མ་ལུས་པར་འཕྲོས་ཏེ། འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུ་མཆོག །ཅེས་བྱ་བའི་མཚན་གྱི་ཁྱད་པར་སྨོས་པ་འདི་དག་གི། སྤྱི་དང་བྱེ་བྲག་གི་དོན་རྣམས་ནི་གོང་དུ་རྒྱས་པར་བཤད་ཟིན་ཏོ། །མདོར་བསྡུ་ན། ལུང་གི་སྤྱི་འཕྲོས་པའི་གཞི། འབྲས་བུའི་མཆོག་ཡིན་པས། དེ་བས་ན་འདི་བཤད་པའི་ཚུལ་ཡང་། གཞི་དང་། ལམ་དང་། འབྲས་བུ་བསྟན་པ་རྣམས་ཀྱི་ཡན་ལག་གི་སྒོ་ནས། གྲུབ་པའི་མཐའ་སྤྱི་ལ་འཇུག་པའི་ཚུལ་བཤད་པ་དང་། རྒྱུད་ཀྱི་སྐབས་རྣམས་ཀྱིས་བསྟན་པར་བྱ་བའི་དངོས་པོ་དང་། བསླབ་པའི་གཞི་དང་ཐུན་མོང་དང་ཁྱད་པར་གྱི་བྱེ་བྲག་དང་། བཤད་ལུགས་རྣམས་ཀྱི་ཡན་ལག་གི་སྒོ་ནས། རྒྱུད་སྤྱི་ལ་འཇུག་པའི་ཚུལ་བཤད་པ་དང་། ཁོག་དབུབ་པ་དང་། ཆེ་བ་དང་། བབས་དང་། འབྲུའི་དོན་རྣམས་ཀྱི་ཡན་ལག་གི་སྒོ་ནས། གཞུང་ཉིད་ལ་འཇུག་པའི་ཚུལ་བཤད་པ་དང་། དཀྱིལ་འཁོར་རྣམ་པ་གཉིས་ལ་བརྟེན་ནས་འཇུག་པའི་སྤྱོད་པར་གཏོགས་པ་སློབ་དཔོན་གྱི་ལས་སུ་གྲགས་པ་དབང་དང་། དམ་ཚིག་སྦྱིན་པའི་ཆོ་ག་ཇི་ལྟར་བྱ་བའི་རིམ་པ་བསྟན་པ་དང་། དེ་བཞིན་དུ་དཀྱིལ་འཁོར་གཉིས་ལ་བརྟེན་ནས་སྒྲུབ་པའི་སྤྱོད་པར་གཏོགས་པ་རྣལ་འབྱོར་སྤྱིའི་བྱ་བར་གསུངས་པ་བསྙེན་སྒྲུབ་ཀྱི་སྒོ་ནས། ཐུན་མོང་དང་། མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐབས་ཀྱི་བྱ་བའི་རིམ་པ་དང་། དེ་བཞིན་དུ་གྲུབ་པའི་སྤྱོད་པར་གཏོགས་པ་ལས་རྣམ་པ་བཞི་ཇི་ལྟར་བསྒྲུབ་པའི་ཡན་ལག་གི་སྒོ་ནས། བྱ་བའི་ཆོ་གའི་རིམ་པར་གཏོགས་པའི་ཚུལ་བཤད་པ་སྟེ། དེ་ལྟར་ན་ཚུལ་བཞི་ཡན་ལག་བཅོ་ལྔའི་སྒོ་ནས་ལུང་གི་སྤྱི་འཕྲོ་བའི་གཞི་འབྲས་བུའི་མཆོག་ལེགས་པར་བསྟན་པ་ཡིན་ནོ། །བླ་མ་དམ་པ་ཚུལ་ཁྲིམས་བཟང་། །དེ་སོགས་ཞབས་ལ་ཕྱག་བཙལ་ནས། །དཔལ་ལྡན་སྙིང་པོའི་དཀའ་འགྲེལ་དུ། །འདི་ནི་ཆོས་ཀྱི་བཟང་པོས་བྱས། །ཡུལ་དུས་གང་ཟག་དམན་བཞིན་བདག་གིས་ནི། །དམ་པས་མཛད་ཅེས་ཁུངས་ཕྱུང་མ་བྱས་པས། །མ་བསླུས་ཕྱིར་དང་གཞན་གྱིས་གསོལ་བཏབ་ཕྱིར། །སྒྱུ་སོགས་རློམ་སོགས་སྒྲིབ་པར་མི་འགྱུར་གྲང་། །གང་ཟག་རྣམས་ནི་ལྟ་བ་སྣ་ཚོགས་དབང་གིས་ན། །འཕགས་དང་མཁས་པ་རྣམས་ཀྱི་མཛད་པའི་གཞུང་ལ་ཡང་། མཐུན་པར་སྤོང་མིན་མཚུངས་པར་བསྔགས་པ་བརྗོད་མིན་ཞིང་། །སྒྲོ་སྐུར་དཔྱ་བར་བྱེད་ན་བདག་གཞུང་ཅིས་མི་སྨོད། །དེ་ཕྱིར་བསྔགས་ཤིང་གཞན་དོན་འགྱུར་ཞེས་སྤྲོ་བ་མེད། །འོན་ཀྱང་གང་ཞིག་ཆོས་དང་རིགས་ཀྱི་བརྒྱུད་འཛིན་རྣམས། །བདག་གི་ཚིག་ལ་རྒྱལ་བའི་བཀའ་ལྟར་གུས་བྱེད་པ། །དེ་ཡིས་ཡོན་ཏན་གྲུབ་བཅས་ཐོབ་པར་འབྱུང་བས་ན། །དེ་དག་རྒྱུད་ལ་ཅིས་རྟོགས་གཞག་སྙམ་དགའ་བ་སྐྱེས། །དེ་དོན་ཕྱིར་ན་གཞན་གྱིས་བསྐུལ་བས་འདི་བློ་སྐྱེ། །རྨོངས་པས་འཁྲུལ་སྲིད་གདམས་ངག་དབང་གིས་མ་འཁྲུལ་སྲིད། འཁྲུལ་པར་འགྱུར་ན་ལྷ་དང་བླ་མས་བཟོད་པར་མཛོད། །མ་འཁྲུལ་གྱུར་ན་དགེ་བ་བདག་གཞན་དོན་དུ་བསྔོ། །དཔལ་གསང་བའི་སྙིང་པོའི་དཀའ་འགྲེལ་ཚུལ་བཞི་ཡན་ལག་བཅོ་ལྔས་ལུང་གི་སྤྱིར་བཤད་པའོ། །རྫོགས་སོ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་ཕྱིར་ཐུབ་བསྟན་ཉིན་བྱེད་གླིང་དུ་སྤར་དུ་བསྒྲུབས། སརྦ་མངྒ་ལཾ།། །།

ཁོག་དབུག་ཆུང་ངུ་།

༄༅། །ཁོག་དབུག་ཆུང་ངུ་།

༄༅། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་དགོངས་མཛད་ལྷུན་གྱིས་གྲུབ་པའི་རྫོགས་པ་ཆེན་པོར་ཤེས་པར་བྱའོ། །དགོས་འབྲེལ་ནི་རྣམ་པ་ལྔ་སྟེ། རྗོད་པ་དང་། བརྗོད་པར་བྱ་བ་དང་།དགོས་པ་དང་། འབྲེལ་པ་དང་། དགོས་པའི་ཡང་དགོས་པའོ། །དེ་ལ་རྗོད་པར་བྱེད་པ་ནི་གསང་བའི་རྒྱུད་འདི་ཉིད་དོ། །བརྗོད་པར་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དགོངས་སྤྱོད། གསང་བ་ཀུན་གྱི་སྙིང་པོ་ཤིན་ཏུ་གསང་བ་ཆེན་པོ་འདིའི་ཡོན་ཏན་ཐམས་ཅད་བརྗོད་པར་བྱ་བ་ཡིན་ནོ། །དགོས་པ་ནི་དཀྱིལ་འཁོར་དང་དམ་ཚིག་དང་། འཕྲིན་ལས་དང་།མཆོད་པ་ལ་སོགས་པའི་དོན་ཤེས་པའོ། །འབྲེལ་པ་ནི་དགོས་པ་ཡོད་ཀྱང་འབྲེལ་པ་མེད་པ་དང་། འབྲེལ་པ་ཡོད་ཀྱང་དགོས་པ་མེད་པ་ལྟ་བུ་ནི་མ་ཡིན་ཏེ། རྒྱུད་འདིའི་དོན་ཤེས་པས་དེ་བཞིན་གཤེགས་པའི་སྐུ་ གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་རྒྱུད་འདི་ལས་བྱུང་བས། ཐབས་དང་ ཐབས་ལས་བྱུང་བའི་ཚུལ་དུ་འབྲེལ་ཏོ། །དགོས་པའི་ཡང་དགོས་པ་ནི། བཅོམ་ལྡན་འདས་བདེ་བ་ཆེན་པོ། །དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ ཐུགས་ཡོན་ཏན་འཕྲིན་ལས་ཆེ་བའི་ཡོན་ཏན་ཐམས་ཅད་གྲུབ་བོ། །ལྷ་རྗེ་རྫས་སྣང་བའི་དོན་དུ་མཛད་པའི་ཁོག་དབུག་ཆུང་ངུ་ཞེས་བྱ་བ་རྫོགས་སོ།། །།རོང་ཟོམ་གསུང་ངོ་། །

མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྣམ་གསུམ་བཤད་པ།

༄༅། །མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྣམ་གསུམ་བཤད་པ་བཞུགས་སོ། །

༄༅། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་ལ། འཕགས་པ་འཇམ་དཔལ་ཞེས་བྱ་བ་ནི། རང་གི་ངོ་བོ་ཇི་ལྟ་བུ་ཞིག །དེའི་མཚན་ནི་གང་དང་གང་རྣམས་ཡིན། དེ་ཡང་དག་པར་བརྗོད་པ་ནི་ཇི་ལྟར་བརྗོད་ཅེ་ན། དེ་ལ་འཕགས་པ་འཇམ་དཔལ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་ཐ་མི་དད་པ་ཡིན་ཏེ། དེའི་དབང་གིས་སྣང་བའི་གཟུགས་ཀྱི་སྐུ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་ཅན་ཡེ་ཤེས་ཀྱི་རྟེན་དུ་སྣང་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་རྣམས་སུ་ཐེག་པ་ཆེ་ཆུང་གི་ཚུལ་སྣ་ཚོགས་ལས་གྲགས་པར་སྣང་བའི་བདག་ཉིད་དེ་རྣམས་ཀྱང་། འཕགས་པ་འཇམ་དཔལ་ཞེས་འདོད་དོ། །འདིར་དྲིས་པ། སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི། བདག་ཉིད་འཕགས་པ་འཇམ་དཔལ་ཡིན་ན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་རྣམས་ཆོས་ཅན་གཅིག་གམ་ཐ་དད་པ་ཞིག་ཡིན། དེ་བཞིན་དུ་དེའི་ཆོས་ཉིད་དང་དེའི་མཛད་པའང་གཅིག་གམ་ཐ་དད་པ་ཞིག་ཞེ་ན། སྨྲས་པ། དེ་ནི་འདི་ལྟར་རིག་པར་བྱ་སྟེ། ཁ་ཅིག་གི་ཚུལ་ལས་ནི། དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་ཀྱི་རྒྱུད་ཀྱང་ཐ་དད། དེའི་ཆོས་ཉིད་དང་། དེའི་མཛད་པའང་ཐ་དད་དེ། འོན་ཀྱང་རྣམ་པ་བཞིའི་སྒོ་ནས་མཚུངས་པ་ཡིན་ནོ། །བཞི་གང་ཞེ་ན། ཆོས་མཚུངས་པ་དང་། སྐུ་མཚུངས་པ་དང་། གསུང་མཚུངས་པ་དང་། ཡི་གེ་མཚུངས་པའོ་ཞེས་འདོད་དོ། །ཁ་ཅིག་གི་ཚུལ་ལས་ནི། ཡེ་ཤེས་ནི་གང་ཟག་གི་རྒྱུད་སོ་སོ་ལས་བསྒྲུབ་པའི་ཕྱིར་ཐ་དད་དེ། དེའི་ཆོས་ཉིད་དང་། མཛད་པ་དག་ནི་འདྲེས་པ་སྟེ། ཐ་དད་མེད་དོ་ཞེས་འདོད་དོ། །ཁ་ཅིག་གི་ཚུལ་ལས་ནི། བདག་དང་གཞན་གྱི་རྒྱུད་དུ་འབྱེད་པ་ནི་བདག་ཏུ་ལྟ་བའི་བག་ཆགས་ཡིན་ལ། བདག་ཏུ་ལྟ་བ་ནི་འཁྲུལ་པ་སྟེ། དེས་བསྐྱེད་ཅིང་དེའི་དབང་གིས་སྣང་བ་ནི། དེ་ལྟར་བདེན་པ་མ་ཡིན་པས། སེམས་ཅན་གྱི་དུས་ན་ཡང་རྒྱུད་ཐ་དད་མི་འགྲུབ་ན། བདག་ཏུ་ལྟ་བའི་མདུད་པ་མི་མངའ་བའི་སངས་རྒྱས་རྣམས་ལ། ཡེ་ཤེས་ཐ་དད་ཀྱི་རྒྱུད་ག་ལ་གྲུབ་སྟེ། དེ་བས་ན་སངས་རྒྱས་རྣམས་ལ་ནི་རྒྱུད་ཐ་དད་པ་དང་། རྒྱུད་ཐ་དད་པས་དོན་མཛད་པ་དང་། དེ་བཞིན་དུ་ཚུལ་ཐ་དད་པས་དོན་མཛད་པ་དང་། ཞིང་ཐ་དད་དུ་དོན་མཛད་པ་དང་། དུས་ཐ་དད་དུ་དོན་མཛད་པ་མི་མངའ་སྟེ། ཇི་སྲིད་དུ་ཐེག་པ་ཆེ་ཆུང་གི་གསུང་རབ་རྣམས་ལས་འཕགས་པ་འཇམ་དཔལ་ཞེས་གྲགས་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་ཞེའམ། སངས་རྒྱས་ཤཱཀྱ་ཐུབ་པ་དང་། མར་མེ་མཛད་དང་། བྱམས་པ་ཞེའམ། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། དཀོན་མཆོག་དཔལ་ཞེས་བྱ་བ་ལ་སྩོགས་པར་གྲགས་པ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་གྲགས་ཤིང་། སོ་སོའི་གདུལ་བྱ་དང་། ཞིང་ཁམས་དང་། ཚུལ་དང། བསྟན་པ་དང་། དུས་ཐ་དད་དུ་ཡེ་ཤེས་ཆེན་པོའི་རྟེན་དུ་སྣང་བ་ཐམས་ཅད་ཀྱང་། སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཉིད་རྟོགས་པའི་དབང་དང་། སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་ཤུགས་ཀྱིས་གདུལ་བྱ་དཀར་པོའི་བག་ཆགས་དང་ལྡན་པའི་བློ་ལ་སོ་སོར་སྣང་བ་ཙམ་གྱིས་ཕྱེ་བ་མ་གཏོགས་པ་སངས་རྒྱས་རྣམས་ཀྱི་དབང་དུ་ནི་བྱེ་བྲག་ཕྲ་མོ་ཙམ་ཡང་རྙེད་པ་མ་ཡིན་ནོ། །དེ་བས་ན་འདིར་འཕགས་པ་འཇམ་དཔལ་གྱི་ཡོན་ཏན་བརྗོད་པ་འདི་ནི། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བརྗོད་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་འཕགས་པ་འཇམ་དཔལ་གྱི་སྐུར་སྣང་བའི་ཚུལ་ལ་བརྟེན་ནས་ཚུལ་སོ་སོར་གྲགས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཚུལ་ལས་ནི། འཕགས་པ་འཇམ་དཔལ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་རྒྱུད་དུ་གཏོགས་པ། ད་དུང་འཕགས་པའི་ལམ་མ་ཐོབ་པ་སོ་སོའི་སྐྱེ་བོར་འདོད་དོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐུན་མོང་དུ་གྲགས་པ་ལས་ནི། བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་ཏུ་འདོད་དོ། འཛམ་བུའི་གླིང་ན་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འཁོར་དུ་གྱུར་པ་ཡིན་ལ། འོག་མིན་ན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཉེ་བའི་སྲས་སུ་གྱུར་པ་ཡིན་ནོ་ཞེའོ། །མདོ་སྡེ་ཟབ་མོའི་ཚུལ་ལས་ནི། སྔོན་གྱི་དུས་སུ་སངས་རྒྱས་པ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་པའོ་ཞེའོ། །གསང་སྔགས་ཀྱི་ཚུལ་ལས་ནི་ཁ་ཅིག་ལས། རིགས་ཀྱི་གཙོ་བོ་དེ་བཞིན་གཤེགས་པའི་གཙུག་ཏོར་ལས་སྤྲུལ་པའི་བདག་ཉིད་བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་པར་འདོད་དོ། །རྣལ་འབྱོར་གྱི་ཚུལ་ཁ་ ཅིག་ལས་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལས་སྤྲུལ་པའི་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་བཅུ་དྲུག་ལས། རྡོ་རྗེ་རྣོན་པོ་སྟེ་འཇམ་དཔལ་རྡོ་རྗེ་ཞེས་འདོད་དོ། །རྣལ་འབྱོར་ཆེན་པོའི་ཚུལ་ཁ་ཅིག་ལས་ནི། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་ཀྱང་བྱ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཞེས་ཀྱང་བྱ། དེ་བཞིན་དུ། རྡོ་རྗེ་སེམས་དཔའ་དང་། ཀུན་ཏུ་བཟང་པོ་དང་། བདེ་བ་ཆེན་པོ་ལ་སྩོགས་པ་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོ། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཉིད་དུ་ཡང་སྟོན་ཏོ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་འཇམ་པའི་རྡོ་རྗེ་བཞུགས་ཏེ། དེ་ཡང་དང་པོའི་སངས་རྒྱས་ཀྱི་ཚུལ་དང་། ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་སོ་ཞེས་འདོད་དོ། འདི་དག་ནི་འཕགས་པ་འཇམ་དཔལ་གྱི་བདག་ཉིད་བསྟན་པའོ།། །།འཕགས་པ་འཇམ་དཔལ་དེའི་མཚན་ནི་གང་དང་གང་རྣམས་ཡིན་ཞེ་ན། ཇི་སྲིད་དུ་ཟག་པ་དང་བཅས་པའི་ཆོས་སམ། ཟག་པ་མེད་པའི་ཆོས་སམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། འདུས་བྱས་སམ། འདུས་མ་བྱས་སམ། དངོས་པོའམ། དངོས་པོ་མེད་པའམ། སེམས་སམ། སེམས་སྣང་བ་ལ་སྩོགས་ཏེ། ཇི་སྲིད་དུ་ཆོས་རྣམས་ཀྱི་རྣམ་པའི་རབ་ཏུ་དབྱེ་བའི་མིང་དུ་གྲགས་པ། འཇིག་རྟེན་གྱི་གཙུག་ལག་ལས་གྲགས་པའམ། ཐེག་པ་ཆུང་ངུ་ལས་གྲགས་པའམ། ཐེག་པ་ཆེན་པོ་ལས་གྲགས་པའམ། ཐེག་པ་ཆེན་པོའི་ཡང་ཆེན་པོ་གསང་སྔགས་ཀྱི་ཚུལ་ལས་གྲགས་པ་ཡང་རུང་སྟེ། ཆོས་རྣམས་ཀྱི་མིང་ཇི་སྙེད་པ་དེ་དག་ཐམས་ཅད་ནི། འཕགས་པ་འཇམ་དཔལ་གྱི་མཚན་དུ་མ་གྱུར་པ་མེད་དེ། དེ་བས་ན་དེ་དག་ཐམས་ཅད་མཚན་དུ་ཤེས་པར་བྱའོ། འདིར་དྲིས་པ། ཟག་པ་མེད་པའི་ཆོས་རྣམས་ཀྱི་མིང་རྣམས་ནི་འཕགས་པ་འཇམ་དཔལ་གྱི་མཚན་དུ་རུང་སྟེ། འཕགས་པ་འཇམ་དཔལ་ཉིད་ ཟག་པ་མེད་པ་ཐོབ་པའི་བདག་ཉིད་ཡིན་པའི་ཕྱིར་རུང་ན། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་མིང་དེའི་མཚན་དུ་ཇི་ལྟར་འགྱུར། འཕགས་པ་འཇམ་དཔལ་ནི་ཟག་པའི་ཆོས་ཐམས་ཅད་ཡོངས་སུ་ཟད་པའི་བདག་ཉིད་ཡིན་པའི་ཕྱིར། དེ་རྣམས་ཀྱི་མིང་དེའི་མཚན་དུ་མི་རུང་ངོ་ཞེ་ན། འཕགས་པ་འཇམ་དཔལ་ནི་ཟག་པ་མེད་པའི་ཆོས་ཀྱི་བདག་ཉིད་ཅན་ཡིན་མོད་ཀྱི། ཚུལ་འདི་ལ་འགལ་བ་མེད་དེ། འདི་ལྟར་འཕགས་པ་འཇམ་དཔལ་ནི། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་རང་བཞིན་ཡང་ཡིན་པའི་ཕྱིར་དང་། དེ་ལ་ཁྱབ་པ་ཡིན་པའི་ཕྱིར་དང་། དེར་འཕྲུལ་པ་ཡིན་པའི་ཕྱིར་དང་། དེ་ལ་དགའ་བ་ཡིན་པའི་ཕྱིར་དང་། དེ་མཁྱེན་པ་ཡིན་པའི་ཕྱིར་དང་། དེ་གསུང་བ་ཡིན་པའི་ཕྱིར་དང་། དེ་ཡོངས་སུ་དག་པ་ཡིན་པའི་ཕྱིར་དང་། དེ་ལ་མངའ་བརྙེས་པ་ཡིན་པའི་ཕྱིར་དང་། དེ་བསྐྱེད་པ་ཡིན་པའི་ཕྱིར་དང་། དེ་ཉིད་ལས་སྐྱེས་པ་ཡང་ཡིན་པའི་ཕྱིར་ཏེ། ཚུལ་བཅུ་པོ་འདི་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །དེ་ལ་ཇི་ལྟར། དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་བདག་ཉིད་ཡིན་ཞེ་ན། འདི་ཉིད་ལས་གསུངས་པ། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་སྟོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་གསུངས་པ་ལྟ་བུ་དང་། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན། །ཞེས་གསུངས་པ་དང་། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཞེས་པ་དང་། རྣམ་ པ་བཅུ་པོ་དོན་བཅུའི་དོན། །ཞེས་པ་དང་། །དོན་འགྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །ཤེས་བྱ་བ་ལ་སོགས་པ་ལྟ་བུའི་སྐབས་སུ་བཤད་པ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་དང་། དངོས་པོ་མེད་པའི་ཆོས་ཀྱི་རང་བཞིན་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་ལྡན་པའོ། །ཞེས་བཤད་པ་དང་། གཞན་ཡང་། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་གྱི་སྐབས་སུ་སེམས་དང་ཡིད་དང་རྣམ་པར་རིག་པ་སྣང་བ་དང་བཅས་པའི་བདག་ཉིད་འཇམ་དཔལ་ལོ་ཞེས་བཤད་པ་དང་། དེ་བཞིན་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞིའི་སྐབས་སུ། སྡུག་བསྔལ་གསུམ་ནི། སྡུག་བསྔལ་ཉིད་དུ་བཤད་པ་ལ་ཡང་སྡུག་བསྔལ་ནི། སྡུག་བསྔལ་སྒྲུབ་པར་བྱེད་པའི་ཀུན་འབྱུང་དུ་བཤད་ལ། ཞི་བ་ནི་འགོག་པར་བཤད་དེ། །དེ་དག་ཀྱང་འཕགས་པ་འཇམ་དཔལ་ཡིན་པར་ བཤད་པ་དང་། རྣམ་པ་བཅུ་བོ་དོན་བཅུའི་སྐབས་སུ་བདག་ཏུ་ལྟ་བ་རྣམ་པ་བཅུར་བཤད་ལ། ཡང་དོན་ནི། གཉེན་པོ་རྣམ་པ་བཅུར་བཤད་དེ། དེ་ལྟར་ན་མི་མཐུན་པ་དང་། གཉེན་པོ་དེ་དག་འཕགས་པ་འཇམ་དཔལ་ལོ་ཞེས་བཤད་པ་ལྟ་བུ་ལ་སྩོགས་པ་ཆོས་ཐམས་ཅད་ཀྱི་བདག་ཉིད་འཕགས་པ་འཇམ་དཔལ་ཡིན་པར་བཤད་པའི་ཕྱིར། དེ་ལྟ་བུའི་ཡོན་ཏན་བརྗོད་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་འཕགས་པ་འཇམ་དཔལ་ཇི་ལྟར་ན་ཆོས་ཐམས་ཅད་ལ་ཁྱབ་པ་ཡིན་ཞེ་ན། འདིར་གསུངས་པ། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེ་འམ། སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །ཤེ་འམ། སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཞེས་བྱ་བ་ལ་སྩོགས་པ་ལྟ་བུ་སྟེ། དེ་ལ་རྣམ་པ་ བཞིའི་ཚུལ་གྱིས་ཁྱབ་པ་ནི་འདི་ལྟ་སྟེ། ཆོས་ཉིད་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། མཛད་པའོ། །དེ་ལ་ཆོས་ཉིད་ཀྱིས་ཁྱབ་པ་ནི། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་བདག་མེད་པ་སྟེ། འདི་ལྟར་གཞན་ལས། །ཆོས་ཀྱི་དབྱིངས་ནི་མ་གཏོགས་པ། །ཆོས་ནི་འགའ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་ཆོས་ཀྱི་དབྱིངས་ནི་འཕགས་པ་འཇམ་དཔལ་ཏེ། དེའི་ཕྱིར་ཐམས་ཅད་ལ་ཁྱབ་པའོ། །ཡེ་ཤེས་ཀྱི་སྒོ་ནས་ཁྱབ་སྟེ། འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་ཆོས་ཅན་ནི་རང་རིག་པ་ཙམ་སྟེ། ཆོས་ཐམས་ཅད་ཀྱང་རང་རིག་པ་ཙམ་དུ་འདུས་པ་དང་། ཡེ་ཤེས་ཀྱི་ཡུལ་དུ་མ་གྱུར་བའི་ཆོས་ཉིད་ཀྱང་མེད་དེ། དེའི་ཕྱིར་ཡེ་ཤེས་ཀྱི་ཚུལ་གྱིས་ཀྱང་ཁྱབ་བོ། །ཐུགས་རྗེས་ཀྱང་ཁྱབ་པ་སྟེ། འདི་ ལྟར་དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་བ་ག་ན་བ་དེ་ན། ཐུགས་རྗེ་ཆེན་པོ་ཡང་རྒྱུན་མི་འཆད་པ་ཡིན་ནོ། །དེ་བཞིན་དུ་མཛད་པས་ཀྱང་ཁྱབ་སྟེ། ཆོས་དེ་གསུམ་གང་དུ་ཚོགས་པ་དེར་མཛད་པ་རྒྱུན་མི་འཆད་དོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་ཐུགས་དང་སེམས་ཅན་རྣམས་ཀྱི་སེམས་ལ་འཕགས་པ་འཇམ་དཔལ་གྱིས་ཁྱབ་སྟེ། ཆོས་དེ་དག་གང་ནས་ཀྱང་མ་འོངས་ལ། གང་དུ་ཡང་མི་འགྲོ། གར་ཡང་གནས་པར་འགྱུར་བ་མེད་བཞིན་དུ། སྐལ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པར་ནུས་པ་ཡིན་ནོ། །དེ་ལྟ་བུའི་ཡོན་ཏན་བརྗོད་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་འཕགས་པ་འཇམ་དཔལ་ཇི་ལྟར་ཆོས་ཐམས་ཅད་དུ་སྤྲུལ་པ་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། གཟུགས་རྣམས་མ་ལུས་སྣང་བའི་དཔལ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་བྱ་བ་ལ་སྩོགས་པ་ཇི་ལྟར་འགྲོ་བ་འདུལ་བའི་དབང་གིས་སྣོད་དང་བཅུད་དུ་བཅས་པའི་གཟུགས་སྣ་ཚོགས་སུ་སྤྲུལ་པ་དང་། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་བ་མུཉྫ་ཅོད་པན་ཐོགས། །ཞེས་བྱ་བ་ལ་སོགས་པའི་སྐབས་སུ། བརྟུལ་ཞུགས་ཐམས་ཅད་འཛིན་པར་སྤྲུལ་བ་དང་། གཟུགས་ཀྱི་མཚན་ཉིད་ཀྱང་། ལོངས་སྤྱོད་རྫོགས་པའམ། སྤྲུལ་པའམ། བྱང་ཆུབ་སེམས་དཔའ་འམ། རང་རྒྱལ་པའམ། ཉན་ཐོས་སམ། སྐྱེ་དགུའི་བདག་པོ་ལ་སོགས་པའམ། གཞན་ཡང་མཛེས་པའི་གཟུགས་སམ། མི་སྡུག་པའི་གཟུགས་སམ། རྒན་པའམ། གཞོན་པ་ལ་སྩོགས་པའི་གཟུགས་སམ། གཞན་ཡང་ཉོན་མོངས་པ་དང་བཅས་པའི་གཟུགས་སམ། ཟག་པ་ཟད་པ་ལ་སྩོགས་པ་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་དུ་འཕགས་པ་འཇམ་དཔལ་མི་འཕྲུལ་བ་མེད་དོ། །དེ་བས་ན་དེ་ལྟ་བུའི་ཡོན་ཏན་བརྗོད་པའི་ཕྱིར་བརྗོད་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་འཕགས་པ་འཇམ་དཔལ་དེ་ཆོས་ཐམས་ཅད་ལ་དགའ་བ་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་བྱ་བ་ལ་སྩོགས་པ་ལྟ་བུ་སྟེ། འགྲོ་བ་འདུལ་བའི་དབང་གིས་ཆོས་ཐམས་ཅད་ལ་དགའ་བར་སྟོན་པ་དང་། སྙིང་རྗེའི་དབང་གིས་སྲིད་པ་ལ་ཆགས་ཤིང་དགའ་བ་དང་། ཤེས་རབ་ཀྱི་དབང་གིས་སྟོང་པ་ཉིད་ལ་ཆགས་ཤིང་དགའ་བ་སྟེ། དེ་བས་ན་དེ་ལྟ་བུའི་ཡོན་ཏན་གྱི་དབང་དུ་གསུངས་པའི་མིང་ཐམས་ཅད་ཀྱང་དེའི་ཡོན་ཏན་གྱི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ཆོས་ཐམས་ཅད་མཁྱེན་པ་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་པོ། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་ཆོས་ཐམས་ཅད་མཁྱེན་པའི་ཡོན་ཏན་བསྟན་པའི་དབང་དུ་གསུངས་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་ཆོས་ཐམས་ཅད་གསུངས་པ་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་རྒྱལ། །སྨྲ་བའི་སེངྒེ་ཚུགས་པ་མེད། །ཅེས་བྱ་བ་ལ་སོགས་ཏེ། ཇི་སྲིད་དུ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་སྟོན་པའི་མངའ་བདག་ཡིན་པས། དེའི་དབང་དུ་སྨོས་པའི་ཆོས་ཐམས་ཅད་ཀྱི་མིང་ཡང་དེའི་ མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་ཆོས་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་ཡིན་ཞེ་ན། འདི་ཉིད་དུ་གསུངས་པའི། ཟག་པ་ཟད་པ་དང་། སྒྲིབ་པ་ལས་གྲོལ་བ་དང་། ཉོན་མོངས་པ་ཞི་བར་བྱེད་པ་དང་། སྲིད་པ་འཇོམས་པ་དང་། འཁོར་བའི་ཕ་རོལ་ཕྱིན་པ་དང་། ཆུ་བོ་ལས་བརྒལ་བ་དང་། སྲིད་རྩ་བཏོན་པ་ལ་སོགས་པ་ཟག་པ་དང་བཅས་པའི་ཆོས་ཀྱི་དྲི་མ་དག་པའི་སྒོ་ནས་བརྗོད་པ་དང་། གཞན་ཡང་། དག་པ་རྣམ་པ་བཅུ་གཉིས་འཆང་དང་། རྣམ་དག་ཕུང་པོ་ལྔ་འཆང་དང་། ཕ་རོལ་ཕྱིན་བཅུ་དག་པ་དང་། ཤེས་བཅུ་རྣམ་དག་འཆང་བ་ལ་སྩོགས་ཏེ། ཟག་པ་མེད་པའི་ཆོས་རྣམས་ཀྱང་། མཐར་ཕྱིན་པའི་སྒོ་ནས། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་དུ་སྟོན་སྟེ། །དེ་ལྟར་ཆོས་ཐམས་ཅད་རྣམ་པར་དག་པའི་ཡོན་ཏན་སྟོན་པའི་ཕྱིར། མིང་གང་སྨོས་པ་དེ་དག་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཆོས་ཐམས་ཅད་ལ་མངའ་བརྙེས་ཤིང་། དེ་ལ་དབང་བསྒྱུར་བ་དང་། ཆོས་ཀྱི་རྒྱལ་པོ་དང་། གཙོ་བོ་དང་། བདག་པོར་སྟོན་པའི་སྒོ་ནས། ཡོན་ཏན་བརྗོད་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་དེས་ཆོས་ཐམས་ཅད་བསྐྱེད་པ་ཡིན་ཞེ་ན། འདི་ཉིད་དུ་གསུངས་པ། སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པ། །སྣ་ཚོགས་དོན་ཀུན་བསྐྱེད་པ་པོ། །གསང་སྔགས་དོན་ཀུན་བསྐྱེད་པ་པོ། །ལ་སོགས་པ། ཆོས་ཐམས་ཅད་འཕགས་པ་འཇམ་དཔལ་ལས་བྱུང་བར་སྟོན་པ་ལྟ་བུ་སྟེ། འདི་ལྟར་དེ་བཞིན་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་བསྐྱེད་པ་ཡིན་པ་དང་། ཐབས་དང་ཤེས་རབ་ཀྱི་ཕྱིར་སངས་རྒྱས་ཐམས་ཅད་བསྐྱེད་པ་ཡིན་པ་དང་། འདུལ་བའི་དབང་གི་ཕྱིར་སྤྲུལ་པ་ཐམས་ཅད་བསྐྱེད་པ་ཡིན་ཏེ། དེ་ལྟ་བུ་ལ་སོགས་པ་ཡོན་ཏན་བརྗོད་པའི་ཕྱིར་སྨོས་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ། །དེ་ལ་ཇི་ལྟར་ན་དེ་ཆོས་ཐམས་ཅད་ལས་སྐྱེས་པ་ཡིན་ཞེ་ན། དེ་ཆོས་ཉིད་ལས་སྐྱེས་པ་ཡིན་ཏེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་གསུངས་པ་ལྟ་བུའོ། །དེ་ཡེ་ཤེས་ལས་སྐྱེས་པ་ཡིན་ཏེ། ཡེ་ཤེས་འབའ་ཞིག་ལས་བྱུང་བ། །ཞེས་གསུངས་པ་ལྟ་བུའོ། །དེ་སེམས་ལས་སྐྱེས་པ་ཡིན་ཏེ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཤེས་གསུངས་པ་ལྟ་བུའོ། །དེ་ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐམས་ཅད་ལས་ཀྱང་སྐྱེས་པ་ཡིན་ཏེ། ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་གསུངས་པ་ལྟ་བུའོ། །དེ་ཐེག་པ་ཆེན་པོའི་ཡང་ཆེན་པོ་གསང་སྔགས་ཀྱི་ཚུལ་ལས་ཀྱང་སྐྱེས་པ་ཡིན་ཏེ། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་གསུངས་པ་ལྟ་བུའོ། །དེ་ལེགས་པར་སྦྱང་བའི་ཆོས་ལས་ཀྱང་སྐྱེས་པ་ཡིན་ཏེ། ཆོས་ལས་འབྱུང་བ་སྲིད་པ་སེལ། །ཞེས་གསུང་བ་ལྟ་བུའོ། །དེ་ཆོས་ ཐམས་ཅད་དབྱེར་མེད་པའི་མཚན་ཉིད་ལས་སྐྱེས་པ་ཡིན་ཏེ། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །ཅེས་པ་ལྟ་བུའོ། །དེ་ལྟར་ཆོས་ཐམས་ཅད་ལས་སྐྱེས་པར་བསྟན་པའི་ཕྱིར། དེའི་ཡོན་ཏན་བརྗོད་པའི་མིང་ཐམས་ཅད་ཀྱང་དེའི་མཚན་དུ་འགྱུར་རོ།། །།དེ་ལྟར་རྣམ་པ་བཅུའི་སྒོ་ནས་ཟག་པ་དང་བཅས་པའི་ཆོས་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་མིང་ཐམས་ཅད་དེའི་མཚན་དུ་འགྱུར་བ་ཐུན་མོང་དུ་བསྟན་ནས། ད་ནི་ཁྱད་པར་བརྗོད་པར་བྱའོ། །དེ་ལ་ཟག་པ་དང་བཅས་པའི་ཆོས་ལ་དེའི་བདག་ཉིད་དུ་སྟོན་པའི་ཚེ། འདི་ལྟར་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་མཚན་ཉིད་ནི་འཕགས་པ་འཇམ་དཔལ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །འཕགས་པ་འཇམ་དཔལ་གྱི་མཚན་ཉིད་ནི་ཟག་པ་དང་བཅས་པའོ། །ཞེས་བརྗོད་པར་མི་བྱ་སྟེ། དཔེར་ན་བུམ་པའི་མཚན་ཉིད་ནི་མི་རྟག་པ་ཉིད་དོ། །ཞེས་བརྗོད་པར་བྱའོ། །མི་རྟག་པ་ཉིད་ཀྱི་མཚན་ཉིད་ནི་བུམ་པའོ་ཞེས་བརྗོད་པར་མི་བྱ་སྟེ། འདི་ལྟར་མཚན་ཉིད་དང་མཚན་གཞི་རྣམ་པར་ བཞག་པ་ནི། ཁྱབ་ཆེ་ཆུང་དང་། ཕྲ་རགས་དང་། དམ་པ་དང་། དམ་པ་མ་ཡིན་པ་དང་། འཁྲུལ་པ་དང་བདེན་པ་ལྟ་བུའི་སྒོ་ནས་ཕན་ཚུན་མཚན་ཉིད་དང་མཚན་གཞིར་བཞག་སྟེ། ཐམས་ཅད་དུ་ཕན་ཚུན་བསྣོར་དུ་རུང་བ་ནི་མ་ཡིན་ནོ། །དེ་བས་ན་འཕགས་པ་འཇམ་དཔལ་གྱི་མཚན་ཉིད་ཟག་པ་དང་བཅས་པའི་ཆོས་ཡིན་པར་མཚན་མི་བརྗོད་དོ། །ཆོས་ཐམས་ཅད་ལ་ཁྱབ་པ་སྟོན་པའི་སྐབས་སུ། རྟེན་དང་བརྟེན་པར་བཞག་པའི་ཚེ། འཕགས་པ་འཇམ་དཔལ་ནི་ཟག་པ་དང་བཅས་པའི་ཆོས་ལ་ཁྱབ་པ་ཡིན་གྱི། བརྟེན་པ་ནི་མ་ཡིན་ནོ། །དཔེར་ན་ནམ་མཁའ་ནི་གཟུགས་ལ་ཁྱབ་པ་ཡིན་གྱི། ནམ་མཁའི་མཚན་ཉིད་གཟུགས་ལ་བརྟེན་པ་མ་ཡིན་ནོ། །དེ་བས་ན་ཟག་པ་དང་བཅས་པའི་ཆོས་ལ་འཕགས་པ་འཇམ་དཔལ་བརྟེན་པའི་ཚུལ་ནས་མཚན་མི་བརྗོད་དོ། །ཟག་པ་དང་བཅས་པའི་ཆོས་ལྟ་བུར་འཕྲུལ་ཞིང་འཇུག་པར་སྟོན་པའི་ཚེ། ཟག་པ་དང་བཅས་པའི་ཆོས་ལ་ཐུགས་རྗེ་དང་འཕྲུལ་པ་འཇུག་པར་སྟོན་ཀྱང་། ཟག་པ་དང་བཅས་པའི་ཆོས་ལ་ནི་དེས་བསྒོས་ཤིང་བྱིན་གྱིས་རློབས་ཀྱི། དེ་ལ་ཟག་པ་དང་བཅས་པས་མི་འཛིན་ཅིང་མི་གོས་ཏེ། དཔེར་ན་ཉི་མའི་འོད་ཟེར་མི་གཙང་བའི་ས་ཕྱོགས་སུ་ཤར་པའི་ཚེ། ཉི་མའི་འོད་ཀྱིས་མི་གཙང་བའི་ས་ཕྱོགས་སུ་བསྒོས་ཤིང་རེག་པར་གྱུར་ཀྱང་། དྲི་མ་དེས་འོད་ལ་བསྒོས་ཤིང་བྱིན་གྱིས་བརླབས་པ་མེད་དོ། །དེའི་ཕྱིར་ཐམས་ཅད་དུ་འཇུག་ཀྱང་གོས་པའི་ཚུལ་ནས་མཚན་བརྗོད་པར་མི་བྱའོ། །ཚུལ་དེ་དག་གིས་ཟག་པ་དང་བཅས་པའི་ཆོས་ལ་འཕགས་པ་འཇམ་དཔལ་ལྡན་པར་བསྒྲུབ་པ་ན་འགལ་བ་ནི་མེད་ཀྱི། འཕགས་པ་འཇམ་དཔལ་ལ་ཟག་པ་དང་བཅས་པའི་ཕྱོགས་ལྡན་པའི་སྒོ་ནས་མཚན་བརྗོད་པར་ནི་མི་བྱའོ། །རྣམ་པར་དག་པའི་སྒོ་ནས་མཚན་བརྗོད་པའི་ཚེ། ཟག་པ་དང་བཅས་པའི་ཆོས་རྣམས་ནི། ཉེས་སྐྱོན་གྱི་ཆོས་དྲི་མའི་མཚན་ཉིད་ཡིན་པའི་ཕྱིར། དེ་བསལ་ཞིང་ཟད་པར་བྱས་པའི་སྒོ་ནས་མཚན་བརྗོད་པ་ཡིན་ནོ། །ཟག་པ་མེད་པའི་ཆོས་རྣམ་པར་དག་པར་སྟོན་པའི་ཚེ་ནི། དེ་ལ་མི་མཐུན་པའི་དྲི་མ་ཐམས་ཅད་མ་ལུས་པར་གཏན་དུ་ཟད་པའི་ཕྱིར་རྣམ་པར་དག་པར་མཚན་བརྗོད་པ་དང་། དོན་དམ་པར་གཉིས་སུ་མེད་པའི་ཚུལ་ནས་བརྗོད་པ་ཡིན་ཏེ། ཀུན་རྫོབ་ཙམ་དུ་དེ་དག་སྤང་བར་བྱ་བ་ཡིན་པས། སྤངས་ཤིང་ཟད་པའི་ཚུལ་ནས་ནི་བརྗོད་པ་ཡིན་ནོ། །ཟག་པ་དང་བཅས་པའི་ཆོས་བསྐྱེད་པར་ སྟོན་པའི་ཚེ། ཆོས་ཅི་ཡང་མ་ཡིན་པ་དང་། ཤེས་པ་རང་རིག་པའི་སྒོ་དང་འཁྲུལ་བའི་ཆོས་སྣ་ཚོགས་སུ་སྣང་བའི་སྒོ་ནས་བདག་པོའི་རྐྱེན་དུ་བཤད་ཀྱི། རྒྱུའི་རྐྱེན་དུ་མི་བརྗོད་དོ། །དེ་ཆོས་ཐམས་ཅད་ལས་སྐྱེས་པར་བསྟན་པའི་སྐབས་སུ། ཟག་པ་དང་བཅས་པའི་ཆོས་ཀྱི་དབང་ལས་འཕགས་པ་འཇམ་དཔལ་སྐྱེ་བར་བཤད་ཀྱི། དེའི་རྒྱུའི་རྐྱེན་ཡིན་པར་མི་བཤད་དེ། དེ་བས་ན་དེ་དག་གི་སྒོ་ནས་མཚན་བརྗོད་པར་མི་བྱའོ། །ཟག་པ་མེད་པའི་ཆོས་ལ་ཁྱད་པར་དུ་བསྟན་པ་ནི། དེ་དག་ལས་བཟློག་པ་ཉིད་དེ། ཟག་པ་མེད་པའི་ཆོས་ཀྱི་མཚན་ཉིད་ཅན་དང་། ཆོས་ལ་བརྟེན་པ་དང་། ཆོས་ཀྱིས་བསྒོས་ཤིང་བྱིན་གྱིས་བརླབས་པ་ལ་སོགས་པའི་སྒོ་ནས་ཀྱང་མཚན་བརྗོད་པ་ཡིན་ཏེ། འདི་དག་ནི་ཆོས་ཐམས་ཅད་ཀྱི་མིང་འཕགས་པ་འཇམ་དཔལ་གྱི་མཚན་དུ་བསྟན་པ་ལས་བརྗོད་པའི་ཚུལ་གྱི་སྒོ་ནས། ཟག་པ་དང་བཅས་པའི་ཆོས་དང་། ཟག་པ་མེད་པའི་ཆོས་ལ་ཐུན་མོང་དུ་མཚན་བརྗོད་དུ་རུང་བ་དང་། བྱེ་བྲག་གི་སྒོ་ནས་ བརྗོད་པ་དང་། བརྗོད་པ་མ་ཡིན་པ་ཡོད་པར་བསྟན་པ་སྟེ། འདི་དག་ཙམ་གྱིས་དེའི་མཚན་གང་དང་གང་རྣམས་ཡིན་པ་མདོར་བསྟན་པ་སྟེ། རྒྱས་པར་ནི་གཞུང་འདི་ཉིད་དུ་བསྟན་པའི་མཚན་རྣམས་ཡན་ལག་དང་ཉིང་ལག་ཏུ་ཕྱེ་བ་དེའི་མཚན་རྣམས་ཡིན་ནོ། །ད་ནི་དེ་ཡང་དག་པར་བརྗོད་པ་ཇི་ལྟར་བརྗོད་པའི་ཚུལ་བཤད་པར་བྱ་སྟེ། དེ་ཡང་རྣམ་པ་གསུམ་མོ། གསུམ་གང་ཞེ་ན། འདི་ལྟར། མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་དང་། མཚན་གསང་སྔགས་ཀྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་དང་། མཚན་གཉིས་སུ་མེད་པའི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་ལོ། །དེ་ལ་མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་ཇི་ལྟར་བརྗོད་ཅེ་ན། འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་དག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། ཐེག་པ་ཆེན་པོའི་སྒོར་ཞུགས་པ། སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་པ་རྣམས་ཀྱིས། ཐོག་མ་ཉིད་དུ་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ། དེ་དག་ཐམས་ཅད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་མཛད་པ་རྒྱུན་མི་འཆད་པས། ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྒྲུབ་ཅིང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང་བའི་ཕྲིན་ལས་མཛད་པ། རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་མདུན་ན་བཞུགས་པ་སྟེ། །དེ་བས་ན་གང་གིས་འདིའི་མཚན་བརྗོད་པ་དེ་ལ་ནི། བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་ཐམས་ཅད་ཀྱི་མཚན་བརྗོད་པས། དེ་ལ་དཔེར་བཟོད་པ་མ་ཡིན་ནོ་ཞེས་དང་བའི་དད་པ་དང་། མོས་པས་མངོན་དུ་བྱས་ཏེ། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་བརྗོད་པར་བྱའོ། །ཞེས་སྨོན་ལམ་གྱིས་འཕངས་པའི་བསམ་པས། བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཚན་བརྗོད་པར་བྱའོ། །དེ་ཡང་མོས་པའི་དབང་གིས་འདི་ལྟར་ཡིད་ལ་བྱེད་པ་བཞག་པར་བྱ་སྟེ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། འདི་ལྟ་བུའི་ཡོན་ཏན་ཅན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཐུགས་རྗེ་དང་བྱམས་པའི་མངའ་བདག་པས། རྟག་ཏུ་གདུལ་བྱ་ཐམས་ཅད་ཀྱི་མདུན་ན་གནས་པའི་ཕྱིར། བདག་གིས་དེའི་སྐུ་ཁྱད་པར་ཅན་མདུན་དུ་ཡིད་ལ་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ་རྟག་ཏུ་མདུན་ན་གནས་པའི་ཕྱིར། དེ་ལ་མཆོད་པ་བརྗོད་པའི་དོན་དུ་བསམ་པ་གཡེང་བ་མེད་པས་མཚན་བརྗོད་པར་བྱའོ། །གཞན་དུ་ན་བཅོམ་ལྡན་འདས་ཀྱི་རང་བཞིན་ནི་དེ་ལྟ་བུ་ཡིན་མོད་ཀྱི། འོན་ཀྱང་དེའི་སྐུ་བཟང་པོ་ཁྱད་པར་ཅན་ཡིད་ལ་བྱས་ན། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་བྱིན་གྱིས་རློབས་པར་འགྱུར་རོ་ཞེས་ཤེས་པར་བྱས་ནས། མདུན་གྱི་ནམ་མཁའ་ལ་རང་གི་ཡིད་ལས་སྤྲུལ་པའི་རིན་པོ་ཆེའི་རང་བཞིན་གྱི་དཔག་བསམ་གྱི་ཤིང་ཆེན་པོ་རྒྱས་པའི་གྲིབ་མ་ལ། རིན་པོ་ཆེ་པདྨའི་གདན་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ། སྐུ་མདོག་ཁ་བ་ལ་གུར་གུམ་གཏོར་བ་ལྟ་བུ། སྣ་ཚོགས་ཀྱི་ན་བཟའ་མནབས་པ། ཕྱག་གཡོན་ན་ཨུཏྤལ་སྔོན་པོ་རྒྱས་པ་བསྣམས་པ། གཡས་པས་མཆོག་ སྦྱིན་པ་ཅན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆས་པ་ལྟར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམ་སྟེ། དེའི་ཡོན་ཏན་མངོན་པར་བརྗོད་པའི་དོན་དུ། གཡེང་བ་མེད་པའི་ཡིད་ལ་བྱེད་པས་མཚན་བརྗོད་པར་བྱའོ། །ཡང་ན་སྐུ་མདོག་ཕྱག་མཚན་ནི་གླེགས་བམ་དང་། རལ་གྲི་དང་། ཆོས་འཆད་ལ་སོགས་པ་དང་། ཟླ་བའི་ཁ་དོག་དང་། གསེར་བཙོ་མའི་ཁ་དོག་ལ་སོགས་ཏེ། ཇི་ལྟར་མོས་པ་བཞིན་དུ་ཡིད་ལ་བྱའོ། །མཆོད་པར་བརྗོད་པ་རྫོགས་ནས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ། ཡོངས་སུ་དག་པའི་ཞིང་ཁམས་སུ་གཤེགས་སུ་གསོལ་ནས་ལྡང་བར་བྱའོ། །ཡང་ན། འདུལ་བའི་དབང་གིས་འདི་ལྟར་བསམ་པར་བྱ་སྟེ། བཅོམ་ལྡན་འདས་ཉིད་སྔ་མ་བཞིན་དུ་བསམ་པའི་སྟེང་གི་ཕྱོགས་སུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སྩོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རབ་ཏུ་བྱུང་བའི་ཚུལ་གྱིས་བཞུགས་པར་བསམ་མོ། །དེའི་གཡས་ཀྱི་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཀུན་ཏུ་བཟང་པོ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་ཕྱག་ན་རྡོ་རྗེ་དང་། སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་ཏེ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཁྱིམ་པའི་ཚུལ་གྱིས་རྒྱན་མ་སྤངས་པའི་མཚན་ཉིད་དུ་བཞུགས་པར་བསམ་མོ། །དེའི་གཡོན་གྱི་ཕྱོགས་སུ་འཕགས་པ་ཤཱ་རིའི་བུ་དང་། མོའུ་གལ་གྱི་བུ་དང་། རབ་འབྱོར་དང་། ཀུན་དགའ་བོ་ལ་སོགས་ཏེ། དགྲ་བཅོམ་པ་ཆེན་པོ་རྣམས་རབ་ཏུ་བྱུང་བའི་ཚུལ་གྱིས་བཞུགས་པར་བསམ་མོ། །དེའི་འོག་གི་ཕྱོགས་སུ་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་ཏེ་གཙང་མ་རིགས་ཀྱི་ལྷ་རྣམས་དང་། ཚངས་པ་ཆེན་པོ་དང་བཅས་པའི་གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷའི་བུ་རྣམས་ཁ་དོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཁ་དོག་སྣ་ཚོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་སྟེ། དེ་རྣམས་ཀྱི་མདུན་དུ་བདག་གིས་ཕྱག་བཙལ་བ་དང་། མཆོད་པ་ལ་སྩོགས་པའི་ཡན་ལག་བདུན་དང་ལྡན་པའི་སྨོན་ལམ་གྱི་སྒོ་ནས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། དེ་དག་ཐམས་ཅད་ལ་མཆོད་པའི་དོན་དུ་བཅོམ་ལྡན་འདས་ཀྱི་མཚན་བརྗོད་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ནི། རྡོ་རྗེ་རིན་པོ་ཆེ་ལས་གྲུབ་པའི་སེངྒེའི་ཁྲི་དང་། རིན་པོ་ཆེའི་པདྨ་དང་། ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་མཉམ་པའི་སྐྱིལ་མོ་ཀྲུང་དང་། མཉམ་བཞག་གི་ཕྱག་རྒྱ་དང་། ཆོས་འཆད་པའི་ཕྱག་རྒྱ་ཅན་དུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རིན་པོ་ཆེའི་པདྨ་དང་། ཟླ་བའི་དཀྱིལ་འཁོར་ལ་ཞབས་གཡོན་པ་ཕབ་པའི་སྐྱིལ་མོ་ཀྲུང་ཕྱེད་མ་དང་། རང་རང་གི་མཚན་མ་དང་ཆོས་ཞུ་བའི་ཕྱག་རྒྱ་ཅན་ནོ། །ཉན་ཐོས་ཆེན་པོ་རྣམས་ནི། རིན་པོ་ཆེའི་པདྨའི་གདན་ལ་ཆོས་ཞུ་བའི་ཚུལ་དུ་བསམ་པར་བྱའོ། །ལྷའི་བུ་རྣམས་ནི་རང་རང་གི་བཞོན་པ་དང་། མཚན་མ་དང་ལྡན་པའམ། ཡང་ན་ཐམས་ཅད་ཀྱང་རིན་པོ་ཆེའི་ཁྲི་སྟེང་ན་ཆོས་ཞུ་བའི་ཚུལ་ཅན་ཤ་དག་གོ །མཆོད་པ་རྫོགས་པ་ནས་བཤགས་པ་དང་། འདོད་པའི་དོན་གསོལ་བ་བྱ་སྟེ། རང་རང་གི་ཞིང་དང་གནས་སུ་གཤེགས་སུ་གསོལ་ཏེ། ལྡང་བར་བྱའོ། །སྤྱན་དྲང་པ་ནི་མི་དགོས་ཏེ་བསམ་པ་ཙམ་ཉིད་ཀྱིས་བྱིན་གྱིས་རློབ་པར་འགྱུར་བའི་ཕྱིར་རོ། །དེ་དག་ནི་མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པའི་ཡིད་ལ་བྱེད་པའི་ཚུལ་ཡིན་ནོ། །ཡོན་ཏན་ཉིད་ཀྱི་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། ཕ་རོལ་དུ་ཕྱིན་པའི་ཚུལ་དང་གསང་སྔགས་ཀྱི་ཚུལ་རྣམ་པ་གཉིས་ཡིན་ནོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ནི། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་ཐུན་ མོང་དུ་གྱུར་པའི་ཡོན་ཏན་དང་། དེ་བཞིན་གཤེགས་པ་ཉག་གཅིག་གི་ཡོན་ཏན་དེ་དག་དང་ཐུན་མོང་མ་ཡིན་པའོ། །དེ་ལ་ཐུན་མོང་ནི་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་དང་ཚད་མེད་པ་དང་། སྙོམས་པར་འཇུག་པའི་ལམ་གྱིས་བསྡུས་པ་མངོན་པར་མཐོ་བའི་འབྲས་བུ་དང་བཅས་པ་རྣམས་དང་། གཞན་ཡང་བདེན་པ་བཞི་དང་། ཤེས་པ་བརྒྱད་དང་། རྣམ་པར་ཐར་པ་ལ་སོགས་པ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་བཅས་པ་དང་། དེ་བཞིན་དུ་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པ་དང་། དབང་དང་མངོན་པར་ཤེས་པ་དང་། ས་དང་བྱང་ཆུབ་སེམས་དཔའི་སྟོབས་དང་། བྱང་ཆུབ་སེམས་དཔའི་མི་འཇིགས་པ་དང་། བྱང་ཆུབ་སེམས་དཔའི་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་རྣམས་སོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མ་འདྲེས་པ་བཅྭོ་བརྒྱད་དང་། མཚན་དང་དཔེ་བྱད་བཟང་པོ་དང་། གཟུངས་དང་ཏིང་ངེ་འཛིན་དང་། ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤངས་པ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། རྣམ་པ་ཐམས་ཅད་མཆོག་གི་ཡེ་ཤེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། འདི་དག་ནི་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ཞེས་བྱ་སྟེ། རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བའི་ཕྱིར་དཔག་དང་ཚད་ལས་འདས་པའོ། །དེ་ཡང་མདོར་ བསྡུ་ན་ནི་རྣམ་པ་བཞི་ཡིན་ཏེ། ཤེས་པར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་ཡོངས་སུ་མཁྱེན་པ་དང་། སྤང་བར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་གཏན་དུ་སྤངས་པ་དང་། གནས་སྒྱུར་པར་བྱ་བའི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟག་ཏུ་གནས་གྱུར་པ་དང་། ཐོབ་པར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་རྟག་ཏུ་ཐོབ་པ་སྟེ། འདི་ལྟ་བུའི་ཚུལ་གྱིས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་མདོར་བསྡུ་ན་རྣམ་པ་བཞི་ཡིན་ནོ། །གསང་སྔགས་ཀྱི་ཚུལ་ལས་ནི། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རླབས་ཆེན་པོ་རྣམ་པ་གསུམ་གསུངས་ཏེ། གསུམ་གང་ཞེ་ན། ཡོངས་ལ་ཁྱབ་པའི་ཡོན་ཏན་དང་། རྩིས་ལས་འདས་པའི་ཡོན་ཏན་དང་། མཆོག་ཏུ་གྱུར་པའི་ཡོན་ཏན་ནོ། །དེ་ལ་ཡོངས་ལ་ཁྱབ་པའི་ཡོན་ཏན་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་ཡོན་ཏན་ནི། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ། ཆོས་ཀྱི་དབྱིངས་ཀྱི་མུར་ཐུག་པའི་དག་པ་དང་མ་དག་པའི་ཞིང་ཁམས་དག་དང་། དེ་དག་ན་གནས་པའི་གང་ཟག་སློབ་པ་དང་མི་སློབ་པ་དང་། གཉིས་ཀ་མིན་པས་བསྡུས་པའི་ཆོས་རྣམས། འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་མཆོག་གི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའི་བར་གྱི་ཆོས་རྣམས་ལ་མ་ཁྱབ་པ་མེད་པ་ནི་ཡོངས་ལ་ཁྱབ་པའི་ཡོན་ཏན་ཡིན་ཏེ། དེ་ཇི་ལྟར་ཁྱབ་པའི་ཚུལ་ནི་མཚན་བཤད་པའི་སྐབས་སུ་བཤད་པ་ལྟ་བུར་ཤེས་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་རྩིས་ལས་འདས་པའི་ཡོན་ཏན་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་སྐུའི་ཡོན་ཏན་དང་། དེ་བཞིན་དུ་གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་ཀྱི་དབང་གི་སྒོ་ནས་ཡོན་ཏན་དུ་གྱུར་པ་དང་། རྩ་བ་རེ་རེ་ལ་ཡང་ཡོན་ཏན་གྱི་ཆ་ལྔ་ལྔར་ཕྱེ་བས་སྐུ་ལྔ་དང་། དེ་བཞིན་དུ་གཞན་ལ་ཡང་ལྔ་ལྔ་དང་། ལྔ་ཕྲག་གཅིག་ལ་ཡང་། དེ་བཞིན་དུ་རིགས་ཉི་ཤུ་རྩ་ལྔ་དང་། དེ་རྣམས་ལ་ཡང་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་རྣམས་ཀྱི་རིགས་ཀྱིས་ཕྱེ་བས་རིགས་བརྒྱ་བརྒྱ་སྟེ། དེ་དག་ལ་ཡང་དེ་བཞིན་དུ་ཕྱེ་བས། རིགས་འབུམ་ཕྲག་བརྗོད་ཀྱིས་མི་ལངས་པ་དང་། གྲངས་མེད་པས་རིགས་རྒྱ་མཚོ་ཞེས་གསུངས་ཏེ། འདི་ལྟར་གཞན་ལས། རིགས་ནི་མཐའ་ཡས་གསུངས་པ་ཡང་། །རིགས་ཆེན་དག་ཏུ་ཟད་པར་འདུས། །ཞེས་གསུངས་པ་ལྟ་བུ་སྟེ། འདིར་གསུངས་པ། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་སོ། །རིགས་ལྔ་དང་དྲུག་དང་མཐའ་ཡས་པ་གསུངས་པ་ཡང་། འདི་ཉིད་ལས། གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིག་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་ རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཤེས་གསུངས་སོ། །རྡོ་རྗེའི་རིགས་འབའ་ཞིག་ཀྱང་མཐའ་ཡས་ཏེ། འདི་ཉིད་ལས། ཞུ་བ་པོ་རྡོ་རྗེ་འཛིན་པའི་ཡོན་ཏན་བརྗོད་པའི་སྐབས་སུ། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །ཞེས་གསུངས་པ་དང་། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་རྡོ་རྗེ་ཁྲོ་བོའི་རིགས་སྣ་ཚོགས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་རིགས་གཞན་ལ་ཡང་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྒོ་ནས། འདི་ཉིད་དུ་གསུངས་པ། གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཞེས་གསུངས་པ་ལྟ་བུའོ། །པདྨའི་རིགས་ཀྱི་དབང་དུ་གསུངས་པ། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ ཚོགས་འཆང་། །ཞེས་གསུངས་པ་ལྟ་བུའོ། །རིན་པོ་ཆེའི་རིགས་ཀྱི་དབང་དུ་གསུངས་པ། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་གསུངས་པ་ལྟ་བུའོ། །ལས་ཀྱི་རིགས་ཀྱི་དབང་དུ་བྱས་ཏེ་གསུངས་པ། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་གསུངས་པ་ལྟ་བུའོ། །འདི་ལྟ་བུའི་ཆེ་བའི་ཡོན་ཏན་ཡོངས་སུ་བགྲང་བ་ལས་འདས་པ་ནི། རྩིས་ལས་འདས་པའི་ཡོན་ཏན་ཞེས་བྱའོ། །དེ་ལ་མཆོག་ཏུ་གྱུར་པའི་ཡོན་ཏན་གང་ཞེ་ན། གང་དེ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་ནི། ཡོངས་སུ་མཐར་ཕྱིན་ཅིང་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཕུལ་དུ་བྱུང་ བ་སྟེ། འདི་ལྟར་འདི་ཉིད་དུ་གསུངས་པ། དབྱེར་མི་ཕྱེད་པའི་སྒོ་ནས། རྡོ་རྗེས་ཁྱད་པར་དུ་བྱས་པའི་ཡོན་ཏན་དང་། མཉམ་པ་མེད་པའི་སྒོ་ནས། ཆེན་པོས་ཁྱད་པར་དུ་བྱས་པའི་ཡོན་ཏན་དང་། དེ་བཞིན་དུ་རབ་མཆོག་དམ་པ་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཡོན་ཏན་དང་། དེ་བཞིན་དུ་གཙོ་བོ་དང་། དབང་ཕྱུག་དང་། བདག་པོ་དང་། རྒྱལ་པོ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཡོན་ཏན་དང་། གཞན་ཡང་མཐའ་དག་དང་ཀུན་དང་ལུས་པ་མེད་པ་དང་། རྟག་ཏུ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཡོན་ཏན་དུ་བྱས་པའི་སྒོ་ནས་མངོན་པར་བརྗོད་པ་རྣམས་ཏེ། འདི་ནི་མཆོག་ཏུ་གྱུར་པའི་ཡོན་ཏན་ཞེས་བྱའོ། །དེ་ལྟ་ན་ཡོན་ཏན་གྱི་རླབས་ཆེན་པོ་རྣམ་པ་གསུམ་པོ་ འདི་དག་གིས་ནི། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་བསྡུས་པར་ཤེས་པར་བྱའོ། །མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་རྫོགས་སོ། །ད་ནི་མཚན་གསང་སྔགས་ཀྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་བསྟན་པར་བྱ་སྟེ། དེ་ལ་འདིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཐབས་དང་ཤེས་རབ་ཟབ་མོའི་ཚུལ་ལ་མོས་ཤིང་། གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་རིག་སྔགས་དང་གསང་སྔགས་ཡོངས་སུ་མཉེས་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མྱུར་དུ་བསྒྲུབ་པར་འདོད་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པར་བྱ་བ་ལ། ཐབས་མཁས་པའི་སྤྱོད་པས་ཐབས་དང་ཤེས་རབ་དུས་གཅིག་ཏུ་ཟུང་དུ་འབྲེལ་བའི་ལམ་ཟབ་མོ་ལ་སྦྱར་བར་འདོད་པ་རྣམས་ཀྱིས། ཐོག་མ་ཉིད་དུ་ཐེག་པ་ཆེན་པོ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང་། དེས་བསྟན་པའི་གསང་བའི་དཀྱིལ་འཁོར་དུ་འཇུག་པ་དང་། དེའི་དུས་སུ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པར་གྱུར་པ། །སོ་སོར་ཐར་པའི་སྡོམ་པ་ལས་གཞི་བླངས་ཏེ། བྱང་ཆུབ་ཆེན་པོའི་སྡོམ་པ་དང་། རིག་པ་འཛིན་པའི་སྡོམ་པའང་བླངས་ནས། སྒྲུབ་ཐབས་ཀྱི་མན་ངག་ཀྱང་ཚུལ་བཞིན་དུ་མནོས་ཏེ། དེ་ཕྱིན་ཆད་ཀྱང་སྤྲོ་བ་མི་ལྷོད་པར་བརྩོན་པ་ལ་གནས་པས་རྣལ་འབྱོར་འདི་ལ་བརྩོན་པར་བྱའོ། །དེ་ལ་རྣལ་འབྱོར་གྱི་རིམ་པ་ནི་འདི་ཡིན་ཏེ། སྔགས་ཁང་ངམ་གང་ཡང་རུང་བའི་གནས་སུ་རིན་པོ་ཆེ་ལས་འབུར་དུ་བསྐོས་པའི་སྟེགས་བུ་ཁྲུ་གང་བའམ། དེ་ལས་ལྷག་ཀྱང་རུང་། ལེགས་པར་བྱི་དོར་བྱས་ཏེ། དེར་འཕགས་པ་འཇམ་དཔལ་གྱི་སྐུ་གཟུགས་སམ། རི་མོའི་གཟུགས་འབྱོར་ན་ཡང་བཞུགས་སུ་གསོལ། མེ་ཏོག་གི་གཅལ་དང་། མཆོད་པའི་བྱེ་བྲག་དག་ཀྱང་ཇི་ལྟར་འབྱོར་བ་བཞིན་བཞག་སྟེ། བདག་ཉིད་སྟན་བདེ་བ་ལ་འདུག་ནས་ཐོག་མ་ཉིད་དུ་ནང་བར་སྔར་ལངས་ཏེ། སྔར་སྡོམ་པ་མནོས་པ་རྣམས་ཞིག་པ་དང་མ་ཞིག་པ་བསམ་པར་བྱའོ། །ཞིག་པར་གྱུར་པ་རྣམས་ནི་བཤགས་པར་རིགས་པའམ། སླར་བླང་བར་རིགས་པ་དག་དེ་བཞིན་དུ་བྱ་བར་བསམས་ལ། མ་ཞིག་པ་རྣམས་ནི་བརྟན་པར་བྱའོ། །དེ་ནས་དེ་ཉིད་ཀྱི་ཤུགས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ། སྡོམ་པ་བརྟན་པོར་གཟུང་བ་དག་ཀྱང་འཕགས་པ་རྣམས་ཀྱི་སྤྱན་སྔར་བརྟན་པར་གཟུང་བར་བྱའོ། །དེ་ནས་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་སྟེ། འདི་ལྟར་མངོན་པར་བྱང་ཆུབ་པའི་རིམ་པ་ལྔ་བསྒོམ་པར་བྱའོ། །སེམས་ཅན་གྱི་ཁམས་སྣ་ཚོགས་གཟུགས་བརྙན་ལྟ་བུར་གསལ་བར་བལྟས་ནས། དེ་ལ་དང་པོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་སྦྱར་བར་བྱ་སྟེ། ཇི་ལྟར་མེ་ལོང་དག་པ་ལ་གཟུགས་སོ་སོར་གསལ་བ་ལྟར། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་པ་བྱང་ཆུབ་ཀྱི་སེམས་ལ། སེམས་ཅན་གྱི་ཁམས་སྣ་ཚོགས་གཟུགས་བརྙན་ལྟ་བུར་གསལ་བར་བལྟས་ནས། དེ་དག་གི་དོན་གྱི་ཕྱིར། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སྦྱར་བར་བྱ་སྟེ། ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །ཅེས་སྨོས་ཏེ། ཆོས་ཐམས་ཅད་བདག་མེད་པ་མཉམ་པ་ཉིད་ལ་སྦྱར་བར་བྱའོ། །དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦྦ་ངྷརྨྨཎཱཾ་ཨཱ་ཏྱ་ནུཏྤནྣ་ཏྭོ་ཏ། ཅེས་སྔགས་བརྗོད་པས་ཆོས་ ཐམས་ཅད་བདག་མེད་པར་རྟོགས་པའི་མཚན་ཉིད། སོ་སོར་རྟོག་པའི་ཡེ་ཤེས་ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་གོང་དུ་བསྟན་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྟོབས་ཀྱིས་བསྐྱེད་པ་བསྒོམ་པར་བྱའོ། །དེ་ནས་དེ་མ་ཐག་ཏུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བ་རང་བཞིན་གྱིས་འོད་གསལ་བ། མི་དམིགས་པའི་སྙིང་རྗེ་ཆེན་པོ་དང་། རྗེས་སུ་མཐུན་པར་སྒོམ་པར་བྱའོ། །དེ་ནས་སེམས་ཅན་གྱི་དོན་དུ་བྱ་བ་དང་བྲལ་བ་རིགས་པ་མ་ཡིན་པས། སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་དབང་ལས་གྱུར་པ། མི་དམིགས་པའི་སྙིང་རྗེ་ཆེན་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་མངོན་དུ་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མཚན་ཉིད། དེ་བཞིན་ གཤེགས་པའི་མཚན་ཉིད་ལ་མངོན་དུ་འཇུག་པར་བྱའོ། །དེ་ལ་དང་པོ་ཉིད་དུ་ནམ་མཁའི་དཀྱིལ་དུ་ཨཱ་ལི་དང་ཀཱ་ལིའི་བདག་ཉིད། སྒྱུ་འཕྲུལ་གྱི་ཚུལ་རང་བཞིན་གྱིས་འོད་གསལ་བར་སྐར་མ་དང་འདྲ་བར་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཡི་གེ་ཧཱུཾ་ཆེན་པོ་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཁ་དོག་སྔོན་པོ་འོད་ཀྱི་ཕྲེང་བ་ཅན། ཁྲོ་བོ་འབར་བའི་ཕྲེང་བས་འཁྲིགས་པར་བསྒོམ་སྟེ། དེའི་འོད་ཟེར་གྱི་རྩེ་མོ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་སྤྲུལ་ཏེ། ཞིང་ཁམས་ཐམས་ཅད་དུ་གཤེགས་ནས། སངས་རྒྱས་རྣམས་ཀྱི་འཕྲུལ་བས་དོན་གྱི་བྱ་བ་བྱས་ཏེ་སླར་ལོག་ནས་ཧཱུཾ་ཉིད་ལ་ཞུགས་པས་དེ་ལས་གྱུར་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོར་གྱུར་བར་བྱའོ། །དེ་ཡང་སྒོ་དྲུག་དང་ལྡན་པ་ཁ་དོག་དྲུག་དང་ལྡན་པ་སྒོ་དྲུག་ན་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་དྲུག་གནས་པ། དེའི་འབར་བའི་གཟི་བརྗིད་ཀྱིས་ཞིང་ཁམས་ཐམས་ཅད་དུ་ཁྱབ་པས་བདུད་ཐམས་ཅད་ཀྱི་ལྟ་བས་ཐུག་མི་ཐུབ་པའི་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །དེའི་བུམ་པའི་ནང་དུ་ཡི་གེ་བྷྲཱུཾ་དམར་པོ་ལས་གྱུར་པའི་རིན་པོ་ཆེ་བཞི་ལས་གྲུབ་པའི་མཆོད་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་བསྒོམས་ནས། དེའི་ནང་དུ་ཡི་གེ་ཧྲཱིཿལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་འགྲེང་བུར་གནས་པ། དེའི་ནང་དུ་ཡི་གེ་ཨ་ལས་རྡོ་རྗེ་རྒྱ་གྲམ། དེས་ས་གཞི་རྡོ་རྗེ་དཀར་པོ་བྱིན་གྱིས་བརླབ་བོ། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་ནོར་བུ་རིན་པོ་ཆེ་བརྩེགས་པའི་གཞལ་ཡས་ཁང་རྣམ་པར་བསྒོམ་མོ། །དེའི་མཚན་ཉིད་ནི། དཔལ་དེ་ཉིད་འདུས་པ་ལ་སོགས་པར་གསུངས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བསྒོམ་པར་བྱའོ། །དེའི་དབུས་ཀྱི་གདན་ལ་ཡི་གེ་ཨ་ལས་ཡོངས་སུ་བསྐྱེད་པའི་རྣམ་པར་སྣང་མཛད་ཆེན་པོ་སྐུ་མདོག་དཀར་པོ་ཀུན་ཏུ་ཞལ་གྱི་མཚན་ཉིད་རལ་བའི་དབུ་རྒྱན་ཅན། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཏེ། དེའི་གཞིའི་སངས་རྒྱས་སོ། །དེའི་ཐུགས་ཀར་ཡི་གེ་དྷཱིཿལས་བསྐྱེད་པའི་འཇམ་དཔལ་དང་པོའི་སངས་རྒྱས་ཞལ་ལྔ་གཙུག་ཕུད་ལྔ་དང་ལྡན་པ་ཁ་དོག་ལྔ་དང་ལྡན་པ་སྟེ། ཤར་སྔོན་པོ། ལྷོ་སེར་པོ། ནུབ་དམར་པོ། བྱང་ལྗང་གུ། དབུའི་སྟེང་ན་གནས་པའི་ཞལ་ཞི་བ་དཀར་པོ་བྱིས་པའི་རྒྱན་གྱིས་བརྒྱན་པ། འཇོ་སྒེག་དང་ལྡན་པ། སྣ་ཚོགས་ཀྱི་ན་བཟའ་མནབས་པ། ཕྱག་བརྒྱད་པ། བཞི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གླེགས་བམ་བཞིར་བགོས་ཏེ་ཐུགས་ཀར་འཛིན་པ། གཞན་གྱིས་ཤེས་རབ་ཀྱི་རལ་གྲི་འཛིན་པ་བསྒོམ་པར་བྱའོ། །གདན་གྱི་སངས་རྒྱས་དང་འོག་ནས་སྟོན་པའི་ཡེ་ཤེས་སེམས་དཔའ་རྣམས་ནི། མོས་པའི་དབང་གིས་རིགས་སོ་སོར་བསྒྱུར་བར་བྱའོ། །ཞེས་ཤེས་པར་བྱའོ། །དང་པོའི་སངས་རྒྱས་དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པར་བྱ་སྟེ། དེ་ཡང་ཨ་ལས་སྐྱེས་པ་ཁ་དོག་དྲུག་དང་ལྡན་པ་རྩིབས་དྲུག་པ། ཕྱི་དང་ནང་དུ་མུ་ཁྱུད་བཞི་དང་ལྡན་པ་སྟེ། དེའི་ལྟེ་བའི་དཀྱིལ་དུ་ཡི་གེ་ཨ་བསམ་བར་བྱའོ། །དེའི་ཕྱི་རིམ་གྱི་མུ་ཁྱུད་དང་པོ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་རྩ་བའི་གསང་སྔགས། ཨོཾ་སརྦྦ་ངྷརྨྨཱ་ཨ་བྷཱ་བ། སྭ་བྷཱ་བ། བི་ཤུདྡྷ། ཙཀྵུ། བཛྲ་ཨ་ཨཱ་ཨཾ་ཨཿརྣམས་འགོད་པར་བྱའོ། །དེའི་ཕྱི་རིམ་གྱི་མུ་ཁྱུད་གཉིས་པ་ལ་སྒྲ་ཡིག་བཅུ་གཉིས་འགོད་པར་བྱའོ། །དེའི་ཕྱི་རོལ་གྱི་རྩིབས་རྣམས་ལ་འདི་ལྟར། རྩིབས་དང་པོ་ལ། ཨོཾ་བཛྲ་ཏཱིཀྵྞ་ཡ་ཏེ་ན་མཿ གཉིས་པ་ལ། ཨོཾ་དུཿ ཁ་ཙྪེ་དཱ་ཡ་ཏེ་ན་མཿ གསུམ་པ་ལ། ཨོཾ་པྲཛྙཱ་ཛྙཱ་ན་མཱུརྟཱ་ཡ་ཏེ་ན་མཿ བཞི་པ་ལ། ཨོཾ་ཛྙཱ་ན་ཀཱ་ཡ་ཡ་ཏེ་ན་མཿ ལྔ་པ་ལ། ཨོཾ་ཝཱ་གཱི་ཤྭ་རི་ཡ་ཏེ་ན་མཿདྲུག་པ་ལ། ཨོཾ་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ དེའི་ཕྱིའི་མུ་ཁྱུད་དང་པོ་ལ། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿ བྷ་ག་ཝཱན། ཛྙཱ་ན་མཱུརྟི། ཝཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ། སརྦ་དྷཱརྨཱ་ག་ག་ན། ཨ་མ་ལ། སུ་པ་རི་ཤུདྡྷ། ངྷརྨྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཕྱི་རོལ་གྱི་མུ་ཁྱུད་གཉིས་པ་ལ། ཀ་ཁ་ལ་སོགས་པ་ས་ཧའི་མཐར་ཐུག་པའི་ཡི་གེ་སུམ་ཅུ་རྩ་གསུམ་འགོད་པར་བྱའོ། །མུ་ཁྱུད་བཞིའི་ཡི་གེ་ནི་ཁ་དོག་དཀར་པོའོ། །རྩིབས་དྲུག་གི་ ཡི་གེ་ནི་རིགས་དྲུག་གི་ཁ་དོག་གི་རིམ་པ་བཞིན་ནོ། །འཁོར་ལོའི་དབུས་ཀྱི་ཡི་གེ་ཨ་ལས་བསྐྱེད་པ་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་སྟོན་ཀའི་ཟླ་བའི་མདོག་ཅན་ཨིནྟྲ་ནི་ལའི་མདོག་གི་གཙུག་ཕུད་ཉི་མ་ཤར་གའི་དཀྱིལ་ལྟར་འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་གྱི་དངོས་པོའི་ཏིང་ངེ་འཛིན་དང་ལྡན་པ། སྣ་ཚོགས་པདྨའི་གདན་ལ་བཞུགས་པ་ཕྱག་གཉིས་ཀྱིས་ཨུཏྤལ་དམར་པོ་དང་སྔོན་པོ་གཉིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་གཉིས་གནས་པ་འཛིན་པ། ཞི་བའི་ཚུལ་དང་ལྡན་པར་བདག་ཉིད་བསམ་སྟེ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསྒོམས་ནས། དེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་རྐྱེན། ཉན་ཐོས་དང་རང་སངས་རྒྱས་ཐམས་ ཅད་སྐྱེ་བའི་དངོས་པོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་དངོས་པོ། དོན་དམ་པའི་ཡིག་འབྲུ། ཡི་གེ་ཐམས་ཅད་ཀྱི་རྐྱེན་ཡི་གེ་ཨ་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་བསྟན་པའི་ཡི་གེ་ཨ་རྣམས་ཀྱང་ཤིན་ཏུ་འོད་གསལ་བར་བསྒོམ་སྟེ། སྒྲིབ་པ་ཐམས་ཅད་སེལ་བར་བྱེད་པའི་འོད་དེས་རང་གི་ལུས་ལ་སྣང་བར་བྱས་ཏེ། དེ་ནས་ཞལ་བཞི་ལས་བྱུང་ནས། མི་མཇེད་ཀྱི་འཇིག་རྟེན་སྣང་བར་བྱས། དེ་ནས་རྡོ་རྗེ་སྒོ་དྲུག་ནས་འོད་ཟེར་ཁ་དོག་དྲུག་ཏུ་བྱུང་སྟེ། ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པའི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སེམས་ཅན་གྱི་དོན་བྱས། འཁོར་གྱི་དཀྱིལ་འཁོར་སྣང་བར་བྱས་ཏེ་སླར་ལོག་ནས་ཡེ་ཤེས་ཀྱི་རྡོ་རྗེ་ལ་ལན་གསུམ་བསྐོར། ཞལ་དུ་ཞུགས་ཏེ། ཤེས་རབ་ཡེ་ཤེས་དེ་དྲངས་ནས་ཆོས་བདག་མེད་པ་ཉིད་ཀྱིས་རང་གི་སྒོ་ནས་བཙུད་ནས། རང་གི་སྙིང་ཁའི་ཟླ་བ་ལ་གནས་པའི་ཡེ་གེ་དང་གཅིག་ཏུ་གྱུར་ནས་གནས་པར་བསྒོམ་པར་བྱའོ། །དེ་ཡང་དམིགས་པ་གསུམ་གྱི་སྒོ་ནས་རྗེས་སུ་དྲན་པར་བྱ་སྟེ། འདི་ལྟར་ཡེ་ཤེས་ཀྱི་སྐུའི་སྒོ་ནས་དམིགས་པ་དང་། ཟླ་བའི་དཀྱིལ་འཁོར་གྱི་སྒོ་ནས་དམིགས་པ་དང་། ཡི་གེ་ཨའི་སྒོ་ནས་དམིགས་པ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་དང་ལྷན་ཅིག་ཏུ་གནས་པ་ཡང་མངོན་ཏུ་བྱས་ནས་མཚན་བརྗོད་པར་བྱའོ། །རིགས་སོ་སོར་ཕྱེ་བའི་འཁོར་ལོ་རྣམས་ནི་འདིར་མ་བཤད་དོ། །དེ་ལྟར་མཚན་བརྗོད་པ་ལ་ཞུགས་ཏེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་བྱ་བ་ནས། ཡ་ཏེ་ན་མཿ ཞེས་པའི་སྔགས་ཀྱི་བར་དུ་ཏིང་ངེ་འཛིན་དེ་ཉིད་ཀྱིས་གདོན་པར་བྱ་སྟེ། དམིགས་པ་གཞན་བསམ་མི་དགོས་སོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་ནས་བཟུང་སྟེ། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག ། ཅེས་པའི་བར་དུ་མཚན་གྱི་སྔགས་ཀྱི་ཚིག་རྣམས་བརྗོད་པས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གཏོགས་པའི་རྩ་བའི་ལྷ་སུམ་ཅུ་རྩ་བདུན་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་བཅས་པ། རང་རང་གི་སྐུ་མདོག་ཕྱག་མཚན་དུ་ལྡན་པར་ཕྱུངས་ཏེ། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་སྤྲོས་ནས། མཛད་པ་ཉེ་བར་བསྒྲུབས་ཏེ། སླར་ལོག་ནས་རང་རང་གི་རིགས་ཇི་ལྟ་བར་གྱུར་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རང་རང་གི་གནས་སུ་རང་རང་གི་གདན་ལ་བཞུགས་པར་བསྒོམ་པར་བྱའོ། །དེ་ནས། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་བྱ་བ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་བྱ་བའི་བར་དུ། ཚིགས་བཅད་ཉི་ཤུ་རྩ་ལྔ་རྐང་པ་གཅིག་གིས་མ་ཚང་བ་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ཨ་ལས། མཚན་གྱི་སྔགས་ཀྱི་ཡི་གེ་བརྒྱ་བརྒྱད་ཅུ་རྩ་ལྔ་རྣམས་སྤྲོས་ཏེ། དེ་དག་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པའི་སྐུ་མདོག་དཀར་པོ། འཁོར་ལོ་དང་རལ་གྲི་ལ་སོགས་པ་འཛིན་པར་གྱུར་པ་ཕྱུང་སྟེ། ཕྱུང་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་སོང་ནས་རང་གི་རྣམ་པར་ཐར་པའི་སྒོ་ནས། གཏི་མུག་ལ་གནས་པའི་སེམས་ཅན་རྣམས་དག་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡང་སྣང་བར་བྱས་ནས། ཡང་ཕྱིར་ལོག་སྟེ། མཚན་གྱི་སྔགས་ཀྱི་ཡི་གེ་འབྲུ་རྣམས་སུ་གྱུར་ནས། དཀྱིལ་འཁོར་ཆེན་པོའི་རྩ་བའི་ལྷ་སུམ་ཅུ་རྩ་བདུན་ལ། མཚན་གྱི་སྔགས་ལྔ་ལྔ་ཐིམ་སྟེ་གནས་པར་མངོན་དུ་བྱའོ། །དེ་ནས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་དུ་ཚིགས་བཅད་བཅུ། རྐང་པ་གཅིག་གིས་ལྷག་པ་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས་མཚན་གྱི་གསང་སྔགས་བདུན་ཅུ་རྩ་གཅིག་འཕྲོས་པས། འཇིག་རྟེན་གསུམ་གྱི་གདུག་པ་འདུལ་བའི་དོན་དུ་རྒྱུད་ཐམས་ཅད་ལས་གསུངས་པའི་རྡོ་རྗེ་ཁྲོ་བོའི་ཚོགས། རབ་ཏུ་འབར་བའི་ཞལ་མི་བཟད་པ་དང་ལྡན་པ། རྡོ་རྗེ་འབར་བ་མེ་འབར་བའི་ཕྱག་ཕྱག་མཚན་གྱིས་མཚན་པ་དུ་མའི་མདོག་དང་རྒྱན་དང་གོས་གྱོན་པའི་ཁྲོ་བོའི་སྐུ་བྱུང་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྡང་བ་ཐམས་ཅད་འདུལ་བར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་སྣང་བར་བྱས་ཏེ། སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་དུ། དཀྱིལ་འཁོར་གཉིས་པ་ལ་མཚན་གྱི་ཡི་གེའི་ཚོགས་བདུན་ཅུ་རྩ་གཅིག་རྣམས་རང་རང་གི་རིགས་དང་ཁ་དོག་དང་གཟུགས་རྣམས་སུ་གྱུར་ཏེ། དེ་ལྟ་བུའི་རིམ་པས་གནས་པར་བསམ་མོ། །དེ་ཡང་བཅུ་བཞི་ཕྲག་ལྔར་བགོས་ཏེ། རིགས་ལྔའི་བདག་ཉིད་ཀྱིས་གནས་པར་མོས་པར་བྱའོ། །དེ་ནས། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་བྱ་བ་ནས། ཡེ་ཤེས་མེ་ལྕེ་འོད་འབར་གསལ། །ཞེས་བྱ་བའི་བར་དུ། ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས། མཚན་གྱི་སྔགས་ཀྱི་ཡི་གེ་ཉིས་བརྒྱ་བདུན་ཅུ་རྩ་ལྔ་ཕྱུང་སྟེ། དེ་ལ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་འཕྲུལ་པས་སེམས་ཅན་ཇི་ལྟར་འཚམས་པ་བཞིན་དུ། ཁ་ཅིག་ལ་ཚངས་པ་ལ་སྩོགས་པའི་གཟུགས་ཀྱིས། ཁ་ཅིག་ལ་ཉན་ཐོས་ལ་སྩོགས་པའི་གཟུགས་ཀྱིས། ཁ་ཅིག་ལ་བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ཀྱིས། དེ་བཞིན་དུ་ཁ་ཅིག་ལ་བུམ་པ་བཟང་པོ་དང་། སྨན་ཆེན་པོ་ལ་སོགས་ཏེ་གཡོ་བ་དང་། མི་གཡོ་བའི་དངོས་པོ་རྣམས་སུ་སྤྲུལ་པས་སངས་རྒྱས་ཀྱི་མཛད་པ་བྱས་ཏེ། རང་གི་རྣམ་པར་ཐར་པའི་སྒོ་ནས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གྱི་དོན་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡང་སྣང་བར་བྱས་ཏེ་སླར་ལོག་ནས་གསང་སྔགས་ཀྱི་ཡི་གེའི་ཚོགས་རྣམས་སུ་གྱུར་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་འཁོར་ལོ་གསུམ་པ་ལ་འདི་ལྟ་བུའི་རིམ་པས་རྣམ་པར་གནས་པར་མངོན་དུ་བྱའོ། །རིགས་ཀྱི་དབྱེ་བ་ནི་རིགས་རེ་རེ་ལ་མཚན་གྱི་སྔགས་ཀྱི་ཡི་གེའི་ཚོགས་ལྔ་བཅུ་རྩ་ལྔར་སྦྱར་བར་བྱའོ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་བྱ་བ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་བྱ་བའི་བར་དུ་ཚིགས་བཅད་ཉི་ཤུ་རྩ་བཞི་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས་མཚན་གྱི་སྔགས་ཀྱི་ཚིག་བརྒྱ་ཉི་ཤུ་རྩ་བཞི་ཕྱུང་སྟེ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་གྱིས་ཕྱོགས་བཅུ་མཐའ་ཡས་པར་གཤེགས་ནས། རང་གི་རྣམ་པར་ཐར་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་སེར་སྣ་བཅོམ་པ་དང་། སངས་རྒྱས་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣང་བ་བྱས་ཏེ། སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་འཁོར་ལོ་བཞི་པ་ལ། རང་རང་གི་ཁ་དོག་གི་ཡི་གེ་རྣམས་སུ་གྱུར་ཏེ་གོ་རིམ་ཇི་ལྟ་བ་བཞིན་དུ་རྣམ་པར་གཞག་གོ ། འདི་ཉིད་རིགས་ཀྱི་དབྱེ་བ་ནི་རིགས་རེ་རེ་ལ། མཚན་ཉི་ཤུ་རྩ་ལྔ་ལྔར་སྦྱར་བར་བྱའོ། །དེ་ནས་སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་བྱ་བ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་བཅོ་ལྔ་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས་མཚན་གྱི་སྔགས་ཀྱི་ཚིག་དགུ་བཅུ་རྩ་ལྔ་ཕྱུང་སྟེ། བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། རང་གི་རྣམ་པར་ཐར་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་ལེ་ལོ་མེད་པར་བྱས་ཏེ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཡང་གསལ་བར་བྱས་ནས་སླར་ལོག་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་གྱི་འཁོར་ ལོ་ལྔ་པ་ལ། ཇི་ལྟ་བའི་རིམ་པར་རྣམ་པར་གནས་པར་བྱའོ། །རིགས་ཀྱི་དབྱེ་བ་ནི། འདིར་རིགས་རེ་རེ་ལ་བཅུ་དགུ་ཡིན་ནོ། །རིགས་ཀྱི་དབྱེ་བ་འདི་ནི་སྤྲུལ་པ་སྤྲོ་བའི་དུས་ན་ཡང་འདི་ལྟ་བུའི་དབྱེ་བས་སྤྲོ་བ་ཡིན་ལ། སླར་བསྡུས་ཏེ་འཁོར་ལོ་བཀོད་པའི་དུས་ན་ཡང་། རིགས་ཀྱི་དབྱེ་བས་གནས་པའོ། །དེ་ནས་མཆོག་སྦྱིན་རྡོ་རྗེ་ལ་སོགས་པས་བསྟོད་པར་བྱའོ། །ཨོཾ་སརྦྦ་ངྷརྨྨཱ་ལ་སོགས་པའི་སྔགས་ནི་གོང་དུ་བཀོད་པ་ཉིད་དོ། །དེ་ནས་ལ་སོགས་པ་ནི་རྗེས་སུ་ཡི་རང་བའི་བསྟོད་པའི་ཚིག་གོ ། ཡོན་ཏན་བརྗོད་པ་རྣམས་ཀྱང་བརྗོད་པར་བྱ་བ་ཡིན་ནོ། །དེ་ནས་ཅུང་ཟད་ཡིད་བརྟན་པར་བྱས་ནས། གོང་དུ་ཇི་ལྟར་འབྱོར་བ་བཞིན་ཉེ་བར་བསྡོགས་པའི་མཆོད་པའི་ཚོགས་དབུལ་བར་བྱའོ། །བཤགས་པ་དང་འདོད་པའི་དོན་ལ་གསོལ་བ་ཡང་བྱ་སྟེ། བྱ་བ་རྫོགས་ནས་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་དེ་དག་ཀྱང་རིམ་པ་བཞིན་བསྡུས་ཏེ། དེ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལ་བསྡུ་བར་བྱའོ། །དེ་ནས་ལུས་བསྲུང་བ་བྱ་སྟེ་ཅི་བདེར་གནས་པར་བྱའོ། །ཚུལ་འདི་ནི་ཡོངས་སུ་རྒྱས་པའི་བསམ་གཏན་ཡིན་ཏེ། ཤིན་ཏུ་ཡོངས་སུ་རྒྱས་པ་ཡི་ནི་འཁོར་ལོ་བདུན་བསྒོམ་པའི་ ཚུལ་ཡིན་ནོ། །བསམ་གཏན་འདི་ནི། མོས་པ་དང་ལྡན་པ། བརྩོན་འགྲུས་དང་བློ་གྲོས་དང་ལྡན་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རྒྱ་ཆེ་བ་ཡིན་ཏེ། དེ་མི་ནུས་པའི་གང་ཟག་མོས་པའམ། བརྩོན་འགྲུས་སམ་བློ་གྲོས་དམན་པ་རྣམས་ཀྱི་དོན་གྱི་ཕྱིར་བསམ་གཏན་བསྡུས་པ་བསྟན་པར་བྱའོ། །དེ་ལ་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པར་འདོད་ཅིང་། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་མཚན་བརྗོད་པའི་སྒོ་ནས། བསོད་ནམས་དང་ཡེ་ཤེས་འཕེལ་བར་བྱ་བ་དང་། དངོས་གྲུབ་ལ་ཉེ་བར་བྱ་བ་དང་། སེམས་ཅན་གྱི་དོན་བྱ་བར་འདོད་པ་ཡོད་ལ། ཇི་སྐད་བསྟན་པའི་བསམ་གཏན་རྒྱ་ཆེ་བ་ནི་མི་ནུས་པའི་སྤྲོ་བ་མེད་པ་རྣམས་ཀྱིས། སྡོམ་པ་བཟུང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྗེས་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་མཚན་བརྗོད་པར་བྱའོ་སྙམ་དུ་བསམས་ཏེ་མཚན་བརྗོད་པར་བྱའོ། །དེ་ནས། ཨ་ཨཱ། ཨི་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿཞེས་བརྗོད་པས་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་རྣམ་པར་དག་པ། རང་བཞིན་གྱིས་འོད་གསལ་བར་བསྒོམ་མོ། །དེ་ནས། སྠི་ཏོ་ཧྲི་དི་ཛྙཱ་ན་མཱུརྟི་ར་ཧཾ་བུངྔྷོ་བུངྔྷ་ནཱཾ། ཏྲྱ་ངྷཱ་བརྟི་ནཱཾ། ཞེས་བརྗོད་པས། ང་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཐུགས་ལ་གནས་པ་སྟེ། ཡེ་ཤེས་ཀྱི་སྐུའི་སངས་རྒྱས་སོ་ཞེས་ཆོས་ཀྱི་སྐུའི་ང་རྒྱལ་དུ་གནས་པར་བྱའོ། །དེ་ནས། ཨོཾ་བཛྲ་ཏཱིཀྵྞ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་བརྗོད་པས། བཅོམ་ལྡན་འདས་རིགས་དྲུག་གི་རང་བཞིན་ཅན་ ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཀྱི་སྐུ་རབ་ཏུ་བསྒོམ་སྟེ་དེའི་ཐུགས་ཀར། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་བྱ་བ་ཀུན་ཏུ་བཟང་པོའི་བྱང་ཆུབ་སེམས་འབྲས་བུའི་ངོ་བོ། སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པ་དེ་ཉིད་དེ་ལྟར་གྱུར་བར་བྱའོ། །དེ་ཡང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་པས། གཡའ་གཡོའམ་རྩེགས་མ་ཇི་ལྟར་བདེ་བ་བསྒོམ་པར་བྱའོ། །དེ་ནས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཅེས་བྱ་བ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་བྱ་བའི་བར་དུ་བརྫོད་པས། ཉི་མ་དང་ཟླ་བ་དེ་དག་རེ་རེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད། ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་རྐྱེན། འཕགས་པའི་ཚོགས་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་གཞི། ཡིག་འབྲུ་ཐམས་ཅད་ཀྱི་སྙིང་པོ། ཡི་གེ་ཨ་རེ་རེ་བསམ་སྟེ། དེ་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ལ་སོགས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་བྱ་བའི་བར་དུ་བརྗོད་པས། གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་ཨ་དེ་དག་ལས་མཚན་གྱི་གསང་སྔགས་ཀྱི་ཡི་གེའི་ཚོགས་རྣམས་ཀྱི་འོད་ཟེར་རབ་ཏུ་འཕྲོ་བས། བདག་ཀྱང་རབ་ཏུ་སྣང་བར་བྱེད། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ན་གནས་པའི་སེམས་ཅན་རྣམས་ཀྱི་དོན་རབ་ཏུ་བྱེད་ཅིང་། སངས་རྒྱས་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཡང་སྣང་བར་བྱེད་པ་བསྒོམ་པར་བྱའོ། །དེ་ནས། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ལ་སོགས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །༼ཞེས་བྱ་བའི་བར་གྱིས། ཞེས་ཕྱིས་མཆན་བཏབ་པ་ཞིག་རྫོགས་ཆེན་པར་མ་ལ་ཡོད། རྨུགས་སངས་པར་མ་ལ་དེ་ལྟར་བསྣན་འདུག །༽རིགས་དྲུག་གི་རང་བཞིན་གྱི་བཅོམ་ལྡན་འདས་ལ་བསྟོད་པའི་བསམ་པས་བརྗོད་པར་བྱའོ། །ཨོཾ་སརྦྦ་ངྷརྨྨཱ་ཞེས་བྱ་བ་ལ་སོགས་པ་ནས། ཨ་ཨཱ། ཨཾ་ཨཿ ཞེས་བྱ་བའི་བར་གྱིས་གསང་སྔགས་བརྗོད་པ་ནི། བཅོམ་ལྡན་འདས་ཀྱི་རྩ་བའི་གསང་སྔགས་ཏེ། དེ་བཟླས་པ་ནི། རྩ་བའི་གསང་སྔགས་བཟླས་བརྗོད་བྱས་པའི་ཚུལ་གྱིས། མཉེས་པར་འགྱུར་བའི་བསམ་པས་བརྗོད་པར་བྱའོ། །པྲ་ཀྲྀ་ཏ་པ་རི་ཤུངྔྷ་ཞེས་བྱ་བ་ནས། མུ་པ་ད་ཡེ་ཏི། ཞེས་བྱ་བའི་བར་གྱིས་བརྗོད་པ་ནི། བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་ཡོངས་སུ་གཟུང་བར་དམ་བཅའ་ཞིང་ཁས་ལེན་པའི་ཚིག་སྟེ། དེ་བས་ན་དེ་དག་བརྗོད་ཅིང་དེ་བཞིན་དུ་ཡོངས་སུ་གཟུང་ངོ་སྙམ་དུ་ཡིད་ལ་བསམ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཞེས་བྱ་བ་ནས། ཛྙཱ་ན་གརྦྷ་ཨཱཿཞེས་བྱ་བའི་གསང་སྔགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བའི་སྔགས་ཡིན་ཏེ། དེ་བས་ན་དེ་བརྗོད་ཅིང་། ཕྲེང་བའི་གསང་སྔགས་བཟླས་བརྗོད་བྱས་པའི་སྒོ་ནས་བསྙེན་པར་བྱའོ། །དེ་ནས་འབྱོར་ན་མཆོད་པ་ཡང་ཕུལ་ཏེ། འདོད་པའི་དོན་གསོལ་ནས། ལྷའི་ཏིང་ངེ་འཛིན་ཀྱང་ཆོས་སྐྱེ་བ་མེད་པའི་ངང་དུ་བསྡུས་ཏེ་ལྡང་བར་བྱའོ། །མཇུག་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་རྗེས་སུ་ཡི་རང་བས་བསྟོད་པ་དང་། ཡོན་ཏན་གྱི་ཚོགས་བརྗོད་པ་ནི། བསམ་གཏན་གྱི་ཡུལ་དུ་གསུངས་པ་མ་ཡིན་ཏེ། བརྗོད་པ་ནི་གང་ཟག་རྣམས་ཀྱིས་ཕན་ཡོན་ཤེས་པར་བྱ་བ་དང་། དེ་ཉིད་ཀྱང་བརྗོད་པར་བྱ་བ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་འཐོབ་པའི་ཕྱིར་རོ། །མཚན་གསང་སྔགས་ཀྱི་ཚུལ་དུ་བརྗོད་པའི་ཚུལ་བསྟན་པ་རྫོགས་སོ། །དེ་ལ་མཚན་གཉིས་སུ་མེད་པའི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་གང་ཞེ་ན། འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག །ཐེག་པ་ཆེན་པོའི་དོན་ཚུལ་ཟབ་མོའི་སྒོ་ནས་སྤྱོད་པར་འདོད་ཅིང་། བདག་ཉིད་སྒྲིབ་པ་ཐམས་ཅད་དང་མྱུར་དུ་བྲལ་བར་འདོད་པ་དང་། ཇི་ལྟར་མེ་ལོང་དག་པ་ལ་གཟུགས་བརྙན་ཐམས་ཅད་སྣང་བ་བཞིན། སེམས་ཅན་རྣམས་ཀྱི་དོན་དུ། སངས་རྒྱས་ཀྱི་ཆོས་སྣ་ཚོགས་སྣང་བར་འདོད་པས། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། མངོན་པར་བརྗོད་ཅིང་ནན་ཏན་དུ་བརྗོད་པའི་སྒོ་ནས། གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པར་བྱའོ། །དེ་ལ་ཇི་ལྟར་ན་མཚན་བརྗོད་པས་གཉིས་སུ་མེད་པའི་ཡེ་ ཤེས་བསྐྱེད་པར་འགྱུར་བ་ཡིན་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་པ་གསུངས་པ་ཐམས་ཅད་ཀྱང་། ཕན་པ་དང་བདེན་པ་སྟོན་པ་ཁོ་ན་ཙམ་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཕན་པ་ནི་བདེན་པའི་དབང་གིས་འགྲུབ་པ་ཡིན་ལ། བདེན་པ་ཡང་ཕན་པས་ན་བདེན་པར་འགྲུབ་སྟེ། ལས་དང་བྱ་བ་གཉིས་ཀྱང་བདག་ཉིད་ཐ་དད་མེད་དོ། །དེ་བས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གིས་ཕན་པ་ཇི་སྙེད་པ་དང་། བདེན་པ་ཇི་སྙེད་པ་ཐམས་ཅད་ཀྱི་གཞིར་གྱུར་པ། རྩ་བར་གྱུར་པ། སྙིང་པོར་གྱུར་པ་ནི། ཆོས་གཉིས་སུ་མེད་པ་ཡིན་ཏེ། དེ་ལྟར་ཡང་གཞན་ལས་གསུངས་པ། ཆོས་ཉིད་ཀྱི་རྒྱུ་མཐུན་པ་གསུང་ རབ་ཡན་ལག་བཅུ་གཉིས་སོ། །ཞེས་གསུངས་སོ། །འདི་ཉིད་ལས་ཡོན་ཏན་གྱི་སྐབས་ནས་ཀྱང་། མཚན་གཟུང་བ་ཆོས་གཉིས་སུ་མེད་པར་འཛིན་པ་ཡིན་པར་གསུངས་ཏེ། དེ་བས་ན་དེ་ལྟར་ཤེས་པར་བྱའོ། །འདིར་བརྒལ་བ། བདེན་པ་གང་ཡིན་པ་དེ་ཕན་པ་ཡིན་ན། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལྟ་བུ་ཇི་ལྟར་ན་ཕན་པའི་བདག་ཉིད་ཅན་ཡིན། ཕན་པ་གང་ཡིན་པ་དེ་བདེན་པ་ཡིན་ན། མུ་སྟེགས་ལེགས་སྐྱོང་གི་རིག་བྱེད་ཀྱི་ཕན་པ་ལྟ་བུ་ཇི་ལྟར་བདེན་པ་ཡིན་ཞེ་ན། དེ་ལ་སྨྲས་པ། དེ་བཞིན་གཤེགས་པས་གསུང་བའི་ཕན་པ་གང་ཇི་སྙེད་པ་ནི་བདེན་པ་ཡིན་ཏེ། བདེན་པ་ལ་ཕན་པ་ཡང་དེ་བཞིན་ནོ། །འདི་ལྟར་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ནི། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ལ་སོགས་པའི་རྣམ་པར་བདེན་པར་གསུངས་པ་ཡིན་ལ། དེ་ལ་དེ་ལྟར་དམིགས་ཤིང་སྒོམ་པར་བྱས་པས་ནི་ཕན་པར་འགྱུར་རོ། །གནོད་པའི་མཚན་ཉིད་ནི་རྟག་པ་དང་བདེ་བ་དང་བདག་ལ་སོགས་པའི་རྣམ་པར་བལྟས་པས་ཡིན་ཏེ། མི་བདེན་པའི་ཕྱིར་བསླུས་པ་ཞེས་བྱའོ། །མུ་སྟེགས་ལེགས་སྐྱོང་རྣམས་ཀྱི་ཕན་པ་ནི། དེ་བཞིན་གཤེགས་པས་གསུངས་པའི་ཕན་པར་གྲགས་པ་ཡང་མ་ཡིན་ཏེ། འོན་ཀྱང་ཕན་པ་དེ་ཡང་བདེན་པའི་དོན་ལས་འདས་པ་ཡང་མ་ཡིན་ནོ། །ཡང་བརྒལ་བ། དེ་ལྟར་གྲུབ་པས་མཚན་ཡང་དག་པར་བརྗོད་པས་གཉིས་སུ་མེད་པའི་དོན་བརྗོད་པ་ལ་ཇི་ལྟར་ཕན་པར་འགྱུར་ཞེ་ན། དེ་ལ་སྨྲས་པ། འདི་ལྟར་རྒྱལ་བ་རྣམས་ཀྱི་བཀའ་མཐའ་དག །ཕན་པ་དང་བདེན་པ་སྟོན་པ་ཁོ་ན་ཙམ་ཡིན་ལ། ཕན་པ་དང་བདེན་པའང་བདག་ཉིད་གཅིག་པའི་ཕྱིར་གཉིས་སུ་བསྟན་དུ་མེད་དོ། །ཕན་པ་དང་བདེན་པ་ཐམས་ཅད་ཀྱི་དངོས་གཞི་དང་སྙིང་པོར་གྱུར་པའང་ཆོས་གཉིས་སུ་མེད་པ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་མཚན་གང་ཅི་བརྗོད་ཀྱང་རུང་སྟེ། དེ་དག་ཐམས་ཅད་ཀྱི་བརྗོད་བྱ་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ལྟར་ན་ཆོས་གཉིས་སུ་མེད་པ་ཁོང་དུ་ཆུད་ཅིང་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར། མཚན་བརྗོད་པར་བྱའོ་ཞེས་ཤེས་པར་བྱའོ། །དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་ཡང་། ཚུལ་འདི་ཉིད་ལས་གསུངས་པ་ཡིན་ནོ། །དེ་ལ་ཆོས་གཉིས་སུ་མེད་པ་རྒྱུད་ལ་བསྐྱེད་པའི་དོན་དུ་མཚན་བརྗོད་པར་མཚན་ཉིད་གཅིག་མོད་ཀྱི། གདུལ་བྱའི་དབང་གི་སྒོ་ནས་ཐ་དད་དེ། དེ་བས་ན་འདིར་སྒོ་གསུམ་དུ་ཤེས་པར་བྱའོ། །གསུམ་གང་ཞེ་ན། ཆོས་གཉིས་སུ་མེད་པར་རྟོགས་པས་ཟག་པའི་རྒྱུ་མི་སྐྱེ་བར་བྱ་བའི་ཚུལ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་ཟག་པའི་འབྲས་བུ་འཛག་པའི་ཟག་པ་བཟློག་པས། རྒྱུ་དང་བཅས་པ་ལྡོག་པར་འགྱུར་བ་བསྟན་པའི་ཚུལ་དང་། མཉམ་པ་ཆེན་པོའི་བློས་རྒྱུ་འབྲས་ཀྱི་སྒོ་དབྱེར་མེད་པར་རང་བཞིན་གྱིས་འོད་གསལ་བའི་བསམ་པ་ལྷུན་གྱིས་གྲུབ་པར་བྱ་བའི་ཚུལ་ལོ། །དེ་ལ་རྒྱུ་ནས་ ཟད་པར་བྱ་བའི་ཚུལ་ནི། མཚན་བརྗོད་པས་ཆོས་གཉིས་སུ་མེད་པའི་ཡོན་ཏན་བརྗོད་པར་མོས་པར་བྱའོ། །དྲན་པར་བྱའོ། །སྤྲོ་བར་བྱའོ། །ཡིད་ཆེས་པའི་དད་པ་བསྐྱེད་པར་བྱའོ། །དེའི་སྟོབས་ཀྱིས་ཆོས་གཉིས་སུ་མེད་པ་དང་མཐུན་པའི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་རྣམས་རྒྱུད་ལ་སྐྱེ་བར་འགྱུར་རོ། །དེའི་སྟོབས་ཀྱིས་བདག་དང་བདག་གིར་ལྟ་བ་ལྡོག་གོ ། བདག་ཏུ་མི་ལྟ་ན་རྣམ་པར་མི་རྟོག་གོ ། དེའི་དབང་གིས་མཚན་མར་མི་འཛིན་ཅིང་ཉམས་སུ་མི་མྱོང་མངོན་པར་མི་ཞེན་ཏོ། །དེའི་དབང་གིས་མི་ཆགས་མི་ལེན་ཏེ། དེ་ལྟར་ན་སྡུག་བསྔལ་མངོན་པར་སྦྱོར་བའི་གནས་མེད་དོ། །དེ་བས་ན་ཆོས་གཉིས་སུ་མེད་པར་གོམས་པར་བྱས་པས་ཡང་དང་ཡང་དུ་གོམས་པར་བྱས། ཤིན་ཏུ་གོམས་པར་བྱས་པས་ནི། ཟག་པ་མ་ལུས་ཟད་པར་འགྱུར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཉིད་དུ་འགྱུར་རོ། །དེ་བསྐྱེད་པའི་ཐབས་ནི་མཚན་བརྗོད་པ་ཡིན་ཏེ། འདི་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་དུས་གཅིག་ཏུ་བསྐྱེད་པར་འགྱུར་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར་དང་། སེམས་ཅན་ལ་ཕན་པ་བརྗོད་པ་ཡིན་པའི་ཕྱིར། བསོད་ནམས་རྫོགས་པར་འགྱུར་རོ། །ཆོས་གཉིས་སུ་མེད་པའི་དོན་བདེན་པ་བརྗོད་པ་ཡིན་ཞིང་། གཉིས་སུ་མེད་པ་རྒྱུད་ལ་བསྐྱེད་པའི་ཕྱིར། ཡེ་ཤེས་རྫོགས་པར་འགྱུར་རོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་མོས་པའི་གང་ཟག་ཡེ་ཤེས་ཀྱི་ཚོགས་ལ་ལྷུར་བླངས་པས། བསོད་ནམས་ཀྱི་ཚོགས་ཞར་ལ་བསྐྱེད་པར་འདོད་པ་རྣམས་ཀྱིས་ཀྱང་། འདི་ལྟ་བུ་ཡིད་ལ་བྱེད་པ་དང་ལྡན་པས། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི། མཚན་ཡང་དག་པར་བརྗོད་ཅིང་ཡིད་ལ་བྱའོ། །འདི་ཉིད་ལས་ཀྱང་སྐབས་དང་པོ་ཉིད་དུ། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་དམ་བཅའ་བ་མཛད་ནས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཏེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་ཆོས་གཉིས་སུ་མེད་པའི་དོན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་པར་བསྟན་པའི་སྒོ་ནས། མཚན་བརྗོད་པར་ཞལ་གྱིས་བཞེས་ཏེ་གསུངས་ཀྱི། དོན་གཞན་སྐབས་ཕྱེ་སྟེ་མ་གསུངས་སོ། །མཇུག་ཏུ་ཡང་རྩ་བའི་སྔགས་དང་། གཟུང་བར་དམ་བཅའ་བ་དང་། ཕྲེང་བའི་སྔགས་ཀྱི་སྐབས་སུ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་མཐོང་བར་བྱ་བ་ལ་ཨ་བཞིས་བྱིན་གྱིས་བརླབས་པ་ནི། རྩ་བའི་སྔགས་ སོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་གཟུང་བར་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པ་བརྗོད་པ་ཁས་ལེན་པ་ནི་གཟུང་བར་དམ་བཅའ་བའོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་ཀྱི་སྐུ། ཆོས་ཐམས་ཅད་ནམ་མཁའ་ལྟར་དྲི་མ་མེད་པ། ཤིན་ཏུ་ཡོངས་སུ་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ། །ཨ་གཉིས་ཀྱིས་བྱིན་གྱིས་བརླབས་པ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་འཕྲོག་པ། སྒྲིབ་པ་ཐམས་ཅད་བསྲེག་པ་ནི་ཕྲེང་བའི་སྔགས་ཡིན་ཏེ། དེ་བས་ན་འདིར་བཅོམ་ལྡན་འདས་ཀྱིས། ཆོས་གཉིས་སུ་མེད་པའི་མཚན་བརྗོད་པ་ཙམ་མ་གཏོགས་པ། གཞན་ནི་མ་གསུངས་སོ། །དེ་ལ་ཤེས་རབ་ཆེན་པོ་དང་ཐབས་ལ་མཁས་པ་དང་ ལྡན་པས། ཆོས་གཉིས་སུ་མེད་པ་མངོན་དུ་གྱུར་བར་བྱ་བའི་ཕྱིར། ཁུ་བའི་ཟག་པ་བཟློག་པས། ཉོན་མོངས་པའི་ཟག་པ་ཡང་ཟད་པར་འགྱུར་ཞིང་། གཉིས་སུ་མེད་པའི་ཡེ་ཤེས་མྱུར་དུ་རྒྱུད་ལ་སྐྱེ་བར་བྱ་བའི་ཐབས་གསུངས་པ། བཅོམ་ལྡན་འདས་ཀྱི་མཚན་བརྗོད་པ་གསུངས་ཏེ། འདི་ལྟར་འདིའི་དབུ་ཞབས་ནི་ཡེ་ཤེས་དྲུག་གི་མཚན་བརྗོད་པ་ཡིན་ལ། ཡེ་ཤེས་དྲུག་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ཡིན་ཏེ། འདི་ལྟར་གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་མེ་ལོང་ལྟ་བུའི་མཚན་ཉིད་ཡིན་ཏེ། འདི་ལྟར་དྲི་མ་ཐམས་ཅད་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བར་འགྱུར་རོ། །དེ་ནི་མཉམ་པ་ཉིད་ཀྱི་མཚན་ཉིད་ཡིན་ཏེ། བདག་ཏུ་ལྟ་བའི་གནས་མེད་པས་སྟོབས་དང་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པའོ། །དེ་ནི་སོ་སོར་རྟོག་པའི་མཚན་ཉིད་ཡིན་ཏེ། མཚན་མར་འཛིན་པ་ཐམས་ཅད་དང་བྲལ་བས། ཆོས་ཐམས་ཅད་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པ་དང་སྟོན་པའི་གནས་སུ་གྱུར་པའོ། །དེ་ནི་བྱ་བ་གྲུབ་པའི་མཚན་ཉིད་ཡིན་ཏེ། སེམས་ཅན་ལ་གཟིགས་པས། ཐུགས་རྗེ་དང་མཛད་པ་ལྷུན་གྱིས་གྲུབ་པའི་གནས་སུ་གྱུར་པའོ། །དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཡིན་ཏེ། ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །ཡེ་ཤེས་ལྔ་དབྱེར་མེད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་འོ། །དེ་ནི་དམ་པའི་ཡི་གེའོ། །བྱང་ཆུབ་ཀྱི་སེམས་སོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་དང་། ཀུན་ཏུ་བཟང་པོ་དང་། བདེ་བ་ཆེན་པོ་ལ་སོགས་པར་བརྗོད་པ་ཡང་དེ་ཡིན་ཏེ། དེ་བཞིན་དུ་མཚན་ཇི་སྙེད་པར་བརྗོད་པ་ཡང་ཚིག་གི་དོན་དེ་ཉིད་ཡིན་ནོ། །དེ་དག་ཉེ་བར་སྟོན་པ་འདི་ཉིད་ལས། དོན་ཆེན་ཡི་གེ་དམ་པ་སྟེ། །ཞེས་གསུངས་ཏེ། དེ་འདིར་དམ་པའི་ཡི་གེའི་སྒྲ་ནི་ཟག་པ་མེད་པའི་ཡེ་ཤེས་ལ་བྱ་སྟེ། ཟག་པ་དེ་ཡང་འདིར་ཁམས་བཅུའི་བདག་ཉིད་ཅན། གཟུགས་ཀྱི་ཕུང་པོ་དབང་དང་བཅས་པ་དེའི་བདག་ཉིད་ཀྱི་ས་བོན་ཞེས་འདོད་དེ། དེ་ཡང་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་དག་ལ་གོ་རིམ་གྱིས་གནས་སོ་ཞེས་འདོད་དོ། །འདིར་བརྒལ་བ། གཟུགས་དབང་དང་བཅས་པའི་ཟག་པ་བཟློག་པས་སེམས་དང་སེམས་ལས་བྱུང་བའི་ཟག་པ་ཇི་ལྟར་བཟློག་ཅེ་ན། དེ་ནི་འདི་ལྟར་སེམས་དང་སེམས་ལས་བྱུང་བ་གང་ལ་གཟུགས་ཀྱི་དྲི་མ་ནི་ཡོངས་སུ་དག་ལ། མིང་བཞིའི་དྲི་མ་ནི་ཡོངས་སུ་མ་དག་གོ་ཞེས་བྱ་བ་ནི་མི་སྲིད་ལ། དེ་བཞིན་དུ་མིང་བཞིའི་དྲི་མ་དག་ནས་གཟུགས་ཀྱི་དྲི་མ་མ་དག་པ་ཡང་མི་སྲེད་དེ། འོན་ཀྱང་གཟུགས་ནི་ཆེར་རགས་ཤིང་གནས་པ་དང་དམིགས་པར་གྱུར་པས། འདི་ཉིད་ཀྱི་དྲི་མ་སྔོན་ལ་གཞོམ་པར་བྱ་བ་ཡིན་ཏེ། འདི་ཉིད་བཅོམ་པས་ཐམས་ཅད་ཀྱང་དག་པར་འགྱུར་བའི་ཐབས་ཡིན་ནོ། །དཔེར་ན་ལྗོན་ཤིང་གི་རྩེ་མོ་བཅད་ཅིང་གཤགས་ཏེ་མངོན་པར་སྐྱེ་བའི་གནས་མེད་པར་བྱས་ན་རྩ་བ་ཡང་མྱུར་དུ་མེད་པར་འགྱུར་ལ། ཕྲ་མོས་ཀྱང་ཕན་གནོད་བྱེད་པར་ཡང་མི་འགྱུར་རོ། །དེ་བཞིན་དུ་ཟག་པ་འབྲས་བུ་ནས་བཟློག་ན་རྒྱུ་ཡང་མྱུར་དུ་ཟད་པར་འགྱུར་ལ། ཕྲ་མོས་ཀྱང་གནོད་པར་མི་འགྱུར་རོ། །དེ་བས་ན་ཐབས་ལ་མཁས་པ་རྣམས་ཀྱི་ཡུལ་ནི། འབྲས་བུ་ནས་བཟློག་པ་འདི་གསུངས་པར་ཤེས་པར་བྱའོ། །ཐབས་དང་ཤེས་རབ་ཟབ་མོའི་ཚུལ་འདི་ཐུན་མོང་དུ་མ་བསྟན་པའི་དགོངས་པ་ནི། ཐབས་དང་ཤེས་རབ་ཞན་པ་རྣམས་ལ་ཉེས་པ་རྒྱུའི་དུས་ན་མ་བཟློག་ན་འབྲས་བུ་མངོན་དུ་སྨིན་པའི་དུས་ན་བཟློག་པའི་ཐབས་མེད་པའི་དབང་དུ་གསུངས་པ་ཡིན་ནོ། །དེ་བས་ན་འདིར་འཕགས་པ་འཇམ་དཔལ་ནི་ཡེ་ཤེས་དྲུག་གི་བདག་ཉིད་དམ་པའི་ཡི་གེ་ཞེས་བྱ་བའི་སྒྲས་བསྟན་པ་ཟག་པ་ལྔ་ཡོངས་སུ་ཟད་པའི་ཡེ་ཤེས། བདེ་བ་ཆེན་པོའི་སྐུ་བདེ་བའི་ཡེ་ཤེས་སྐད་གཅིག་མ་བཅུ་དྲུག་གི་རང་བཞིན་སྐྱེ་བའི་སྐད་གཅིག་མ་བཞིའི་ཡེ་ཤེས་ཀྱི་མཐའ་ཅན། མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཡིན་ཏེ། དེ་སྟོན་པ་ནི་མཚན་ཡང་དག་པར་བརྗོད་པའི་གཞུང་གི་ཚོགས་ཡིན་ལ། ཉེ་བར་བསྟན་པ་ནི། དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་བྱ་བ་འདི་ཡིན་ནོ། །ཟག་པ་ལྔ་ཟད་པའང་། རྒྱུ་དང་འབྲས་བུའི་སྒོ་ནས་ཟུང་དུ་བཞག་པ་སྟེ། དེ་ལ་རྒྱུའི་ཟག་པ་ལྔ་ཟད་པས། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་པའོ། །འབྲས་བུའི་ཟག་པ་ལྔ་ཟད་པ་ནི། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་བྱ་བ་སྟེ། དེ་ལ་ཡི་གེ་ལྔ་ནི་ཟད་པ་ཤེས་པ་ཡིན་ལ། དྲུག་པ་ནི་མི་སྐྱེ་བ་ཤེས་པ་ཡིན་ནོ། །བདེ་བའི་ཡེ་ཤེས་སྐད་གཅིག་མ་བཅུ་དྲུག །སྐྱེ་བའི་སྐད་གཅིག་མ་བཞིར་བསྡུས་པ། དེའི་བདེ་བའི་ཡེ་ཤེས་ཀྱི་བདག་ཉིད་དུ་བསྟན་པ་ནི། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པ་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཞེས་གསུངས་ཏེ། བཅུ་དྲུག་ནི་ཡེ་ཤེས་ཀྱི་ཟླ་བའི་ཆ་བཅུ་དྲུག་གོ ། དེའི་ཕྱེད་ཕྱེད་ནི་བཞི་སྟེ། བདེ་བའི་ཡེ་ཤེས་སྐྱེ་བའི་སྐད་ཅིག་བཞིའོ། །ཐིག་ལེ་ཅན་ནི་བཞི་པ་སྟེ། གཡོ་བ་མེད་པའི་ཡེ་ཤེས་སོ། །དེ་ཉིད་བསམ་གཏན་བཞི་ཡི་རྩེ་མོ་ཞེས་ཀྱང་བྱའོ། །ཚིག་འདི་དག་གི་སྐབས་སུ་ཐ་སྙད་དུ་ཡི་གེ་ལྔ་དང་། དྲུག་དང་། བརྒྱད་དང་། བཅུ་དྲུག་ཕྱེད་ཕྱེད་ཀྱི་ཟླ་ཚེས་དང་། ཐིག་ལེ་དང་ང་རོ་རྣམས་སུ་བཤད་པ་ནི། སྒྲ་བཞིན་དུ་བཤད་པ་ཞེས་པ་སྟེ། ཚོགས་ལ་བཤད་པའི་ཚུལ་ཡིན་ནོ། །འདི་ལྟ་བུ་ནི་མན་ངག་གིས་བཤད་པ་ཡིན་པས། རེ་ཞིག་འཇུག་པའི་སྒོ་ཤེས་པར་བྱ་བའི་ཕྱིར་སྒོ་ཙམ་སྨྲས་ཀྱི། འདི་ལེགས་པར་བསྒྲུབ་པའི་ཚུལ་ནི། དབང་བསྐུར་བའི་སྒྲུབ་པ་ཡིན་ཏེ། དེ་ནི་མན་ངག་རྣ་བརྒྱུད་དུ་བསྟན་པར་བྱ་བ་ཡིན་པས། བདག་གིས་འདིར་མ་བྲིས་སོ། །ཚུལ་འདི་ནི་ཐབས་དང་ཤེས་རབ་ཆེན་པོའི་སྒོ་ནས་ཟག་པ་འབྲས་བུ་ནས་བཟློག་སྟེ། །གཉིས་སུ་མེད་པའི་ཡེ་ ཤེས་བསྐྱེད་པའི་ཚུལ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་འདིས་བསྟན་པ་ཡིན་ནོ། །ཞེས་འདོད་དོ། །དེའི་ཚུལ་ཡང་ཨ་ཨཱ་ཞེས་བྱ་བ་ནས་བཟུང་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག ། ཅེས་བྱ་བའི་བར་གྱི་གཞུང་གི་ཚོགས་ཀྱིས་ནི་ཡི་གེ་དྲུག་བསྟན་ཏོ། །ཡེ་ཤེས་དྲུག་གིས་ནི་གཉིས་སུ་མེད་པའི་ཡེ་ཤེས་བསྟན་ཏོ། །གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་དམ་པའི་ཡི་གེ་ཡིན་ཏེ། ཟག་པ་ལྔ་ཟད་པ་དང་། མི་གཡོ་བའི་བདེ་བ་ཐོབ་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ནི་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཏེ། དེ་ལྟར་ན་དེ་སྟོན་ཅིང་བསྒྲུབ་པའི་གཞུང་གི་ཚོགས་ཡིན་ནོ་ཞེས་འདོད་དོ། །དེ་ལ་མཉམ་པ་ཆེན་པོའི་བློས་རྒྱུ་འབྲས་ཀྱི་སྒོ་དབྱེར་མེད་པར་རང་བཞིན་གྱིས་འོད་གསལ་བའི་ལྷུན་གྱིས་གྲུབ་པར་བྱ་བའི་ཚུལ་གང་ཞེ་ན། འདི་ལ་རྣལ་འབྱོར་ཅན་གང་ལ་ལ་དག་མཉམ་པ་ཆེན་པོའི་སྒོ་ནས་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་རང་བཞིན་གྱིས་འོད་གསལ་བ་འབྲས་བུའི་ཆོས་ལྷུན་གྱིས་གྲུབ་པར་རྟོགས་ཤིང་། རྒྱུ་བསྒྲུབས་པས་འབྲས་བུ་འབྱུང་བའི་དུས་ལ་ལྟོས་པ་མེད་པ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་སུ་གྲགས་པ་རྣམས་ལ་བླང་བ་དང་དོར་བ་མེད་ཅིང་། དོན་དམ་པ་དང་ཀུན་རྫོབ་ཏུ་དབྱེ་བ་མི་འབྱེད་ལ་རྒྱུ་དང་འབྲས་བུའི་ཚུལ་དུ་ཡང་འབྱེད་པར་མི་བྱེད་པ་དང་། སེམས་དང་སེམས་སྣང་བས་བསྡུས་པའི་ཆོས་ཐམས་ཅད་ཀྱང་། འཇམ་དཔལ་རྡོ་རྗེའི་རང་བཞིན་དུ་རྫོགས་ཏེ་བསམ་དུ་མེད་པ། བཙལ་དུ་མེད་པ། བསྒྲུབ་ཏུ་མེད་པའི་ངང་དུ་རྩོལ་བ་མེད་པར་ལྷུན་གྱིས་རྫོགས་པར་གནས་པར་འདོད་པ་རྣམས་ཀྱིས་ཐོག་མ་ཉིད་དུ། དགེ་བའི་བཤེས་གཉེན་དམ་པ་ལས། མཉམ་པ་ཆེན་པོའི་ཚུལ་ལུང་བཞིན་མནོས་ཏེ། ཤེས་རབ་རྣམ་པ་གསུམ་གྱིས་སྒོ་ནས་རྟོགས་ཤིང་གོམས་པར་བྱའོ། །དེའི་ཚེ་ཡང་ཐེག་པ་ཆེན་པོའི་ཐབས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་ཀྱང་བཀག་པ་ཡང་མེད་ལ། ཞེན་པས་བསྒྲུབ་པའི་རྩོལ་བ་ཡང་མི་བསྐྱེད་དོ། །བདུད་ཀྱི་ལས་སུ་གྱུར་བ་རྣམས་ཀྱང་སྤང་བར་བྱ་བར་མི་ལྟ་ལ་ཡོངས་སུ་མི་འཛིན་པས། དེ་དག་གིས་གོས་པར་ཡང་མི་འགྱུར་ཏེ། འདི་ལྟ་བུ་ལ་གནས་པར་འདོད་པའི་རྣལ་འབྱོར་པས། འདི་ལྟར་སྣང་བ་ཐམས་ཅད་ཡེ་ཤེས་རྒྱན་གྱི་རོལ་པ་ལ། སྒོ་གསུམ་གྱི་སྤྱོད་པ་ཅི་ཡང་མ་བཀག་པའི་བསམ་པས་མཚན་བརྗོད་པར་བྱའོ། །དེ་ལ་དང་པོར་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཞེས་བརྗོད་པ་ན་དོན་འདི་ལྟར་ཤེས་པར་བྱ་སྟེ། ཡི་གེ་སྒྱུ་ འཕྲུལ་འདི་ནི་སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་བྱང་ཆུབ་པར་ཤེས་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། འདིར་རྡོ་རྗེ་འཛིན་པས་ཞུས་པ། ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་ཞུས་པ་ལས། ལན་དུ་སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ནི་ཨ་བཅུ་གཉིས་ཙམ་གསུངས་སོ། །སྒྱུ་འཕྲུལ་དྲྭ་བ་དེའི་དོན་རྒྱས་པ་ནི། འཇམ་དཔལ་གྱི་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཕྱི་མ་ལས་གསུངས་པ། འཇམ་དཔལ་འདི་ནི་དཔལ་འགྱུར་རྫོགས་པའི་སྐུ། །ཐུན་མོང་མ་ཡིན་གཉིས་མེད་ཁྱབ་པའི་ཆོས། །དུས་གསུམ་མཉམ་སྙོམས་རྒྱལ་བ་ཀུན་གྱི་ཡབ། །ཆོས་དབྱིངས་ཡུམ་ཉིད་སེམས་དཔའ་སྲས་མཆོག་སྟོན། །བློ་དང་ལྡན་པ་གང་ཞིག་མདོ་འདི་ནི། །མངོན་སུམ་ཚད་མས་གཞལ་ནས་མཐོང་འདོད་པ། །སྒྱུ་འཕྲུལ་དྲྭ་བ་འཁོར་ལོའི་ཚུལ་བཞིན་དུ། །ཡི་གེ་འཁོར་ལོའི་དོན་གྱི་འཇམ་དཔལ་ལོ། །གདོད་ནས་དག་ཅིང་སྐྱེ་བ་མེད་པའི་ངང་། །ཨ་ཨཱ་ཞེས་པས་འདུས་མ་བྱས་པའི་ཆོས། །རྒྱུ་ཉིད་མེད་པས་འབྲས་བུ་ཚོལ་མེད་ཕྱིར། །ཨ་ལྟར་མཉམ་བཞག་ཆོས་ཀྱི་སྐུ་ཉིད་བདེ། །དོན་དམ་དབྱིངས་ཉིད་མཁའ་ལྟར་དམིགས་མེད་ཁྱབ། །ཐུབ་པ་རང་བཞིན་མེད་པར་གནས་པ་ལ། །འཇམ་དཔལ་རལ་གྲིས་བཏབ་ན་གཅོད་པ་ལྟར། །ཨ་ཡི་གུ་གུ་ཐུགས་རྗེ་ངང་ཉིད་འཕྲོ། །ཨི་ཨཱི་ཞེས་པ་ཆོས་ཀྱི་ཡུམ་ཉིད་ལམ། །ཤེས་རབ་ཕ་རོལ་ཕྱིན་པ་འཇམ་པའི་དབྱངས། །ལྡང་དང་མི་ལྡང་བླང་དོར་མེད་ཚུལ་གྱིས། །ཐུན་མོང་མ་ཡིན་བསྟི་གནས་ཀུན་ཏུ་བཟང་། །མེད་པའི་ངང་ཉིད་མེད་པ་ལས་བྱུང་བ། །ཨུ་ཨཱུ་ཞེས་པ་མེད་པའི་སྙིང་པོ་འབྱུང་། །ཡེ་ཤེས་ཆེན་པོ་ཡོད་མེད་མཐའ་ལས་འདས། །ཆེ་བའི་ངང་གིས་འགྲོ་ཀུན་དགའ་ལ་སྦྱོར། ཉིད་དང་གཉིས་མེད་བསམ་འདས་བརྗོད་བྲལ་བ། །གྲུ་གསུམ་ཨེ་ཡི་རང་བཞིན་ཉིད་མི་གཡོ། །ཨེ་ཞེས་ཐ་སྙད་བཏགས་ཤིང་བརྗོད་དང་བྲལ། །སེམས་དང་སེམས་ནི་འཇམ་དཔལ་ཏིང་འཛིན་ནོ། །ཐབས་དང་ཤེས་རབ་སྒྱུ་འཕྲུལ་སྒྱུ་འདྲའི་ཚོགས། །ཨོ་ཨཽ་ཞེས་པ་འདུ་འཕྲོ་འོད་ཟེར་འཁྲུག །འཇའ་ཚོན་རྣམ་པ་སོ་སོར་ཡིད་བཞིན་སྦྱོར། །འཇམ་དཔལ་འཇམ་དཔལ་རྣམ་པར་རོལ་བ་བདེ། །རྣལ་འབྱོར་ཆེན་པོ་ཡེ་ཤེས་འབྱོར་བའི་དཔལ། །ནམ་མཁའ་མི་དམིགས་ཨཾ་ཞེས་ཡེ་ཤེས་མཛོད། །ཤེས་རབ་ཡེ་ཤེས་མ་འདྲེས་ཨ་ལས་འདས། །སྟོང་ཉིད་ཅི་ལའང་མ་རེག་ལྷུན་གྱིས་གྲུབ། །དོན་ཀུན་འབྱོར་པས་བླང་དོར་མེད་པ་ཡི། །བདག་ཉིད་རང་བཞིན་བཞག་དང་འཇམ་དཔལ་ཉིད། །བསམ་གྱིས་མི་ཁྱབ་མི་གནས་མི་སེམས་ན། །འཇམ་དཔལ་ཉིད་དང་ཡོན་ཏན་ རྫོགས་པར་མཉམ། །ཞེས་གསུངས་ཏེ། ཡི་གེ་སྒྱུ་འཕྲུལ་དྲྭ་བ་འདིའི་སྒོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ནི། ཨ་ནི་གདོད་མ་ནས་སྐྱེ་བ་མེད་ཅིང་འདུས་མ་བྱས་པས་རྒྱུ་མ་གྲུབ་པའི་ཕྱིར། འབྲས་བུ་བཙལ་དུ་མེད་པས་གདོད་མ་ནས་ཆོས་ཀྱི་སྐུ་བདེ་བ་ཆེན་པོའོ། །ཨི་ནི་དེ་ཉིད་ནམ་མཁའ་ལྟར་མི་དམིགས་པའི་ཕྱིར། ཤེས་རབ་ཆེན་པོས་དེ་ལྟར་ཆོད་ཅིང་། མི་དམིགས་པའི་ཐུགས་རྗེ་ཆེན་པོ་འཕྲོ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་གདོད་མ་ནས་ཡིན་པའི་རང་བཞིན་ནོ། །ཨུ་ནི་དེ་ལྟ་བུ་བས་ན་ཀུན་ཏུ་བཟང་པོའི་བྱང་ཆུབ་ཀྱི་རང་བཞིན་ཏེ། འདི་ལྟར་མཚན་མ་དང་རྟོག་པ་ལྡང་བ་ལ་ནི། དམན་པར་མི་དོར། མི་ལྡང་བ་ལ་དང་དུ་མི་ལེན་ཏེ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་མཐའ་ལས་འདས་པ་ཆེ་བའི་ངང་གིས་འགྲོ་བ་ཀུན་ཀྱང་བདེ་བ་ཆེན་པོ་ལ་རང་བཞིན་གྱིས་སྦྱོར་བའོ། །ཨེ་ནི་དེ་ལྟར་ན་ཆོས་ཐམས་ཅད་བསམ་བརྗོད་དང་བྲལ་ཞིང་གཡོ་བ་མེད་ལ། ཐ་སྙད་དུ་མི་འགྲུབ་པས་སེམས་དང་སེམས་ཀྱི་རྣམ་པར་རྟོག་པའང་འཇམ་དཔལ་དང་འཇམ་དཔལ་གྱི་ཏིང་ངེ་འཛིན་དུ་གནས་སོ། །ཨོ་ནི་དེ་ལྟ་བུའི་རང་བཞིན་ཡིན་པའི་ཕྱིར་ན། སེམས་ཀྱི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀྱང་། ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲྭ་བའི་ཚོགས་ཡིན་ཏེ། ནམ་མཁའི་འཇའ་ཚོན་བཞིན་དུ། འགྲོ་བ་སོ་སོའི་ཡིད་དང་མཐུན་པར་སྦྱོར་བ་འཇམ་དཔལ་རྣམ་པར་རོལ་བའི་ཆོ་འཕྲུལ་བདེ་བ་ཆེན་པོ་ལས་མ་ཉམས་པའོ། །ཨཾ་ནི་དེ་ལྟར་འབྱོར་བའི་རྣལ་འབྱོར་ཆེན་པོའི་ཡེ་ཤེས། དཔལ་ཐམས་ཅད་ཀྱི་འབྱུང་གནས། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ནོ། །ཨཿཞེས་བྱ་བ་ནི། ཤེས་རབ་དང་ཡེ་ཤེས་ཆོས་ཐམས་ཅད་ལ་མ་རེག་ཅིང་ཀུན་ལས་འདས་པ་སྟེ། དེ་ལྟ་ན་ཡི་གེ་བཅུ་གཉིས་ཀྱི་སྒོ་ནས། འཕགས་པ་འཇམ་དཔལ་ནི་ཆོས་ཐམས་ཅད་ལ་གདོད་མ་ནས་བླང་དོར་མེད་པར་རང་བཞིན་གྱིས་སངས་རྒྱས་པ་སྟེ། །དེ་ལྟར་དོན་ཐམས་ཅད་རྫོགས་པའི་བདག་ཉིད་དུ་ཡེ་ནས་གནས་པས། རྣལ་འབྱོར་ཅན་གང་གིས་ཆོས་ཐམས་ཅད་དེ་ལྟར་རྟོགས་ཏེ། ཆོས་གང་ལ་ཡང་མི་གནས། མི་སེམས། མི་ལེན། མི་འདོར་ན། འཇམ་དཔལ་ཉིད་དང་ཡོན་ཏན་རྫོགས་པར་མཉམ་པ་ཡིན་ནོ་ཞེས་བཤད་དོ། །ཡང་དེ་ཉིད་ལས་གསུངས་པ། ཇི་ལྟར་སྒྱུ་འཕྲུལ་དྲྭ་བ་ཉིད་ཀྱི་ཚུལ། །གྲགས་མ་ཐག་ཏུ་དོན་རེག་གསལ། །ཨ་ཨཱ་ཞེས་པ་འཇམ་དཔལ་ཉིད། །རང་བཞིན་ཆོས་ཉིད་སྐུ་ཡི་དབྱིངས། །ཨི་ཨཱི་ཞེས་པ་གཡོ་བ་མེད། །མ་བསྐྱོད་ངང་ལས་ཡུམ་དུ་གསལ། །ཨུ་ཨཱུ་ཞེས་པ་སྐྱེ་བ་མེད། །དག་པའི་ངང་ཉིད་ཀུན་ཏུ་བཟང་། །རྒྱུད་ལས་རྒྱལ་བ་སེམས་དཔའ་སྟེ། །ཡེ་ཤེས་ངང་ཉིད་གཅོད་པའོ། །ཨེ་ཨཻ་ཞེས་པ་མཁའ་ལ་སྦྱོར། །འབྲས་བུ་མེད་པས་རྒྱུ་ལ་གནས། །དེ་མ་དག་པར་གསལ་བ་ཡིས། །འཇམ་དབྱངས་ཕྲ་བའི་ལམ་འགྱུར་ལ། །ཨོ་ཨཽ་ཞེས་པ་ཨེ་ལས་འདས། །ཨོཾ་ཞེས་གསང་སྔགས་ཐབས་ཆེན་བསྟན། །ཨེ་དང་ཨོ་ཡི་རང་བཞིན་དབྱིངས། །མུཾ་ནི་ངོ་བོ་ཉིད་ཀྱི་མཁའ། །ཨ་ལས་རྣམ་པར་རོལ་བ་བསྟན། །ཨཾ་གིས་གཉིས་མེད་འབྱོར་པ་ཡིས། །ཟབ་མོ་རྡོ་རྗེ་ཏིང་འཛིན་མཐའ། །མ་ཞེས་མཉམ་དང་མི་མཉམ་མེད། །འཇམ་དཔལ་ཡེ་ཤེས་རྡོ་རྗེ་རྫོགས། །སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་འདི། །མྱ་ངན་འདས་དང་འཁོར་བ་ལ། །མི་གནས་རྡོ་རྗེ་རྩེ་མོ་སྟེ། །བསམ་ཚུལ་སྒྲུབ་པ་མེད་པ་ཡི། །དབྱིངས་ཉིད་བཞག་ན་ཡོངས་སུ་རྫོགས། །ཤེས་གསུངས་ཏེ། ཚུལ་འདི་ཡང་སྔ་མ་བཞིན་དུ། ཡི་གེ་བཅུ་གཉིས་ཀྱི་སྒོ་ནས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་དུ། མངོན་པར་རྫོགས་པ་བྱང་ཆུབ་པའི་རང་བཞིན་ཡེ་ནས་རྩོལ་སྒྲུབ་ལས་འདས་པར་སངས་རྒྱས་པའི་རང་བཞིན་འཕགས་པ་འཇམ་དཔལ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་ལྟ་བུ་ཡིན་པས་རྣལ་འབྱོར་ཅན་གྱིས་ཀྱང་དེ་ལྟ་བུའི་ངང་དུ་བློ་བཞག་ན། འཇམ་དཔལ་གྱི་ཡོན་ཏན་ཀྱང་རྫོགས་སོ་ཞེས་བཤད་དོ། །དེ་ཡང་རེ་ཤིག་ཡི་གེ་ཨ་ཨཱ་ནི་འཇམ་དཔལ་ཆོས་ཀྱི་སྐུའོ། །ཨི་ཨཱི་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཨུ་ཨཱུ་ནི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་སྟེ། སེམས་ཉིད་སེམས་དཔའ་ཆེན་པོའི་རང་བཞིན་ནོ། །ཨེ་ཨཻ་ནི། འདུ་འབྲལ་མེད་པའི་མཁའ་ལ་སྦྱོར་བའོ། །ཨོ་ཨཽ་ནི་དེ་ལས་འདས་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ཐབས་མཁས་པའི་འཕྲུལ་བ་རང་བཞིན་གྱིས་འཕྲོ་བའོ། །ཨོ་ལ་ཨཾ་སྦྱར་ན་ཨོཾ་དུ་འགྱུར་ཏེ། དེ་ནི་གསང་སྔགས་ཀྱི་སྐུའོ། །ཨཾ་གི་ཀླད་ཀོར་ནི་མུཾ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲོལ་བའོ། །ཨཾ་ནི་ཡོན་ཏན་ཐམས་ཅད་འབྱོར་བའི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ནོ། །ཀླད་ཀོར་གྱི་མ་ནི་ཆོས་མཉམ་པ་དང་མི་མཉམ་པར་དབྱེར་མེད་པ་སྟེ། འདི་ལྟ་བུའི་དོན་གྱི་འཇམ་དཔལ་ཡེ་ཤེས་རྡོ་རྗེ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་ཡེ་ཤེས་རྡོ་རྗེ་རྩེ་མོ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་ལྟ་བུ་ཡིན་པས། རྣལ་འབྱོར་ཅན་གང་གིས། དེ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། ཆོས་ཐམས་ཅད་ནི་བསམ་པར་བྱ་བ་དང་། བཙལ་བར་བྱ་བ་དང་། བསྒྲུབ་པར་བྱ་བ་ཐམས་ཅད་ལས་འདས་པ་སྟེ། གདོད་མ་ནས་རྣམ་པར་དག་པ། རང་བཞིན་གྱིས་འོད་གསལ་བ། ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པ། རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ། འདི་ལྟ་བུའི་རང་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་པས། འདི་ལྟ་བུའི་ངང་ལ་བློ་བཞག་སྟེ། མཚན་བརྗོད་པ་ཇི་སྙེད་པ་ཡང་། དེ་ལྟ་བུའི་རང་བཞིན་སྟོན་པ་ཤ་དག་སྟེ། ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲྭ་བའི་ཚོགས་སུ་གྱུར་པ། ཆོས་ཉིད་ཀྱི་རྒྱན་ཡེ་ཤེས་ཀྱི་རོལ་པ། འགག་པ་མེད་པའི་ཆོ་འཕྲུལ་དུ་རྟོགས་ནས། བླང་དོར་དང་རྩོལ་སྒྲུབ་ཀྱི་རྟོག་པས་མི་གཡོ་བར་བརྗོད་པར་བྱའོ། །བརྗོད་པ་རྫོགས་ནས་ཀྱང་དུས་གསུམ་མཉམ་པ་ཉིད་ཀྱི་རང་བཞིན་དུ་རྟོགས་པས། ལས་ཀྱི་མཐའ་ཡོངས་སུ་མ་མཐོང་བའི་བསམ་པས་གནས་པར་བྱའོ། །མཚན་གཉིས་སུ་མེད་པར་བརྗོད་པ་ཞེས་བྱ་བའི་ཚུལ་བསྟན་པ་ཞེས་བྱ་བ་རྣམ་པ་གསུམ་གྱི་མཚན་ཉིད་ཅན་བསྟན་པ་ཡིན་ནོ། །མཚན་ཙམ་རྣམ་པར་བཤད་པས་ཀྱང་། །གཞུང་གི་སྤྱི་ཙམ་རྟོགས་པ་དང་། །སེམས་ཅན་མོས་པ་སྣ་ཚོགས་པའི། །འཇུག་སྒོ་ཚུལ་ཙམ་ཤེས་བྱའི་ཕྱིར། །འཇམ་དཔལ་མཚན་བཅས་བརྗོད་ཚུལ་བཅས། །རྣམ་གསུམ་བཤད་པ་ཙམ་བྱས་པའོ། །ངྷརྨྨཱ་བྷ་དྲས་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པའོ།། །།དགེའོ་དགེའོ།། །།

མན་ངག་ལྟ་བའི་ཕྲེང་བ།

༄༅། །མན་ངག་ལྟ་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ལྟ་བ་དང་ཐེག་པ་ལ་སོགས་པའི་ཁྱད་པར་བསྡུས་པའི་བསྐྱུད་བྱང་། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་དང་། རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་གྲངས་མེད་པ་མདོ་རྣམ་པ་བཞིར་འདུས་ཏེ། ཕྱལ་བ་དང་། རྒྱང་འཕེན་དང་། མུར་ཐུག་དང་། མུ་སྟེགས་པའོ། །དེ་ལ་ཕྱལ་བ་ནི་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་ཡོད་མེད་དུ་མ་རྟོགས་ཏེ། །ཀུན་ཏུ་རྨོངས་པའོ། །རྒྱང་འཕེན་ནི་ཚེ་སྔ་ཕྱི་ཡོད་མེད་དུ་མ་རྟོགས་ཤིང་། །ཚེ་གཅིག་ལ་བཙན་ཕྱུག་དང་མཐུ་སྟོབས་སྒྲུབ་པ་སྟེ། འཇིག་རྟེན་གྱི་གསང་ཚིག་ལ་བརྟེན་པའོ། །མུར་ཐུག་པ་ནི། ཆོས་ཐམས་ཅད་རྒྱུད་པ་འབྲས་བུ་མེད་པ་སྟེ། །ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་གློ་བུར་དུ་སྐྱེས་ལ་མཐའ་ཆད་པར་ལྟ་བའོ། །མུ་སྟེགས་པ་ནི་ཆོས་ཐམས་ཅད་ལ་ཀུན་ཏུ་བརྟགས་པས་བདག་རྟག་པ་ཞིག་ཡོད་པར་ལྟ་བ་སྟེ། དེ་ལ་ཡང་རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་དང་། །རྒྱུ་འབྲས་ལོག་པར་ལྟ་བ་དང་། རྒྱུ་ཡོད་པ་ལ་འབྲས་བུ་མེད་པར་ལྟ་བ་དང་། འདི་དག་ནི་མ་རིག་པའི་ལྟ་བའོ། །འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་རྡོ་རྗེའི་ཐེག་པའོ། །མཚན་ཉིད་ཀྱི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། །ཆོས་ཐམས་ཅད་ལ་མུ་སྟེགས་པ་ལ་སོགས་པས་སྒྲོ་དང་སྐུར་བས་ཀུན་ཏུ་བརྟགས་པས། ཡེ་མེད་པ་ཆད་པའི་ལྟ་བ་དང་། རྟག་པ་ལ་སོགས་པའི་ཡོད་པར་ལྟ་བ་ནི། །ཐག་པ་ལ་སྦྲུལ་དུ་མཐོང་བ་བཞིན་དུ་མེད་དེ། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་། རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་པར་ལྟ་ཞིང་། འཕགས་པའི་བདེན་པ་བཞི་བསྒོམས་པས་རིམ་གྱིས་འབྲས་བུ་རྣམ་པ་བཞི་འགྲུབ་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་ལ་སོགས་པས་སྒྲོ་དང་སྐུར་པས་ཀུན་ཏུ་བརྟགས་པའི་བདག་རྟག་པ་ལ་སོགས་པ་མེད་པར་ལྟ་བ་ཉན་ཐོས་དང་མཐུན། དེ་ལས་ཁྱད་པར་དུ་གཟུགས་ཀྱི་ཕུང་པོའི་ཆོས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་ཤིང་། རང་བྱང་ཆུབ་ཀྱི་འབྲས་བུ་འཐོབ་པའི་དུས་ནའང་། ཉན་ཐོས་ལྟར་དགེ་བའི་བཤེས་གཉེན་ལ་མི་ལྟོས་པར་སྔོན་གོམས་པའི་ཤུགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་ཆོས་ཉིད་ཟབ་མོའི་དོན་རྟོགས་ནས། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ཡིན་ནོ། ༈ །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དོན་དམ་པར་ནི་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་དུ་ནི་སྒྱུ་མ་ཙམ་དུ་སོ་སོའི་མཚན་ཉིད་མ་འདྲེས་པར་ཡོད་དེ། ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱད་པའི་འབྲས་བུ་ས་བཅུ་རིམ་གྱིས་བགྲོད་པའི་མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་འདོད་པ་ཡིན་ནོ། ༈ །རྡོ་རྗེ་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། བྱ་བའི་རྒྱུད་ཀྱི་ཐེག་པ་དང་། གཉིས་ཀ་རྒྱུད་ཀྱི་ཐེག་པ་དང་། རྣལ་འབྱོར་ཀྱི་ཐེག་པའོ། །དེ་ལ་བྱ་བའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། དོན་དམ་པར་སྐྱེ་འགགས་མེད་པ་ལས། ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུར་སྒོམ་ཞིང་སྐུའི་གཟུགས་བརྙན་དང་། ཐུགས་མཚན་དང་། བཟླས་བརྗོད་དང་། གཙང་སྦྲ་དང་། དུས་ཚིག་དང་། གཟའ་དང་། རྒྱུ་སྐར་ལ་སོགས་པ་གཙོ་བོར་ཡོ་བྱད་དང་རྒྱུ་རྐྱེན་ཚོགས་པའི་མཐུ་ལས་འགྲུབ་པའོ། ༈ གཉིས་ཀ་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། །དོན་དམ་པར་སྐྱེ་འགགས་མེད་པ་ལས། ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུ་བསྒོམ་ཞིང་། དེ་ཉིད་རྣམ་པ་བཞི་དང་ལྡན་པར་སྒོམ་པའི་ཏིང་ངེ་འཛིན་དང་། ཡོ་བྱད་དང་རྒྱུ་རྐྱེན་ལ་སོགས་པ་གཉིས་ཀ་ལ་བརྟེན་པ་ལས་འགྲུབ་པའོ། ༈ རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་རྣམ་པ་གཉིས་ཏེ། རྣལ་འབྱོར་ཕྱི་པ་ཐུབ་པའི་རྒྱུད་ཀྱི་ཐེག་པ་དང་། རྣལ་འབྱོར་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དེ་ལ་རྣལ་འབྱོར་ཕྱི་པ་ཐུབ་པའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཕྱི་ཡོ་བྱད་ལ་གཙོ་བོར་མི་འཛིན་པར་དོན་དམ་པ་སྐྱེ་འགགས་མེད་པའི་ལྷ་དང་ལྷ་མོ་དང་། དེ་དང་འདྲ་བའི་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་གྱིས་འཕགས་པའི་གཟུགས་ཀྱི་སྐུ་ཕྱག་རྒྱ་བཞི་ལྡན་པར་བསྒོམས་པའི་རྣལ་འབྱོར་གཙོ་བོར་བྱས་པ་ལས་གྲུབ་པའོ། །རྣལ་འབྱོར་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་རྣམ་པ་གསུམ་སྟེ། བསྐྱེད་པའི་ཚུལ་དང་། རྫོགས་པའི་ཚུལ་དང་། རྫོགས་པ་ཆེན་པོའི་ཚུལ་ལོ། དེ་ལ་བསྐྱེད་པའི་ཚུལ་ནི་ཏིང་ངེ་འཛིན་རྣམ་པ་གསུམ་རིམ་གྱིས་བསྐྱེད་དེ་དཀྱིལ་འཁོར་རིམ་གྱིས་བཀོད་ཅིང་བསྒོམ་པས་འགྲུབ་པའོ། །རྫོགས་པའི་ཚུལ་ནི་དོན་དམ་པར་སྐྱེ་འགགས་མེད་པའི་ལྷ་དང་ལྷ་མོ་དང་། རྣམ་པར་མི་རྟོག་པའི་དོན་དབུ་མ་ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོས་ལ། ཀུན་རྫོབ་ཏུ་འཕགས་པའི་གཟུགས་ཀྱི་སྐུ་ཡང་གསལ་བར་བསྒོམས་ཞིང་མཉམ་ལ་མ་འདྲེས་པར་བསྒོམ་པས་འགྲུབ་བོ། ༈ །རྫོགས་པ་ཆེན་པོའི་ཚུལ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡེ་ནས་ཡིན་པར་རྟོགས་ནས་སྒོམ་པ་སྟེ། དེ་ཡང་རྒྱུད་ལས། རྡོ་རྗེ་ཕུང་པོའ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀི །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཅེས་འབྱུང་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་མ་སྐྱེས་ལ། བྱ་བ་བྱེད་ནུས་པའི་སྒྱུ་མ་བདེ་བར་གཤེགས་པ་ཡབ་ཡུམ་བཅུ་ལ་སོགས་པའི་རང་བཞིན་ཡེ་ནས་ཡིན་པའི་ཕྱིར། ཆོས་ཐམས་ཅད་རང་བཞིན་གྱི་མྱ་ངན་ལས་འདས་པ་སྟེ། ཆེན་པོ་ལྔ་ནི་ཡུམ་ལྔའི་རང་བཞིན། ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས། རྣམ་པར་ཤེས་པ་བཞི་ནི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན། ཡུལ་བཞི་ནི་མཛེས་པའི་ལྷ་མོ་བཞིའི་རང་བཞིན། དབང་པོ་བཞི་ནི་བྱང་ཆུབ་སེམས་དཔའི་རང་བཞིན། དུས་བཞི་ནི་མཆོད་པའི་ལྷ་མོ་བཞིའི་རང་བཞིན། ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་དང་། ཡུལ་དང་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནི། ཁྲོ་བོ་བཞིའི་རང་བཞིན། རྟག་ཆད་མུ་བཞི། ཁྲོ་མོ་བཞིའི་རང་བཞིན། ཡིད་ཀྱི་རྣམ་པར་ཤེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་པོའི་རང་བཞིན། ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་ནི། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོའི་རང་བཞིན་ཏེ། དེ་དག་ཀྱང་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་ཡིན་གྱི། དེ་ལམ་གྱིས་སྒྲུབ་པ་མ་ཡིན་ནོ། །དེ་ལྟར་ཕྱོགས་བཅུ་དུས་གསུམ་དང་། ཁམས་གསུམ་ལ་སོགས་པ་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་རང་གི་སེམས་ལས་གུད་ན་མེད་དེ། ཇི་སྐད་དུ། རང་སེམས་སོ་སོར་རྟོག་པ་ནི། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་པོ་དེ་ཉིད་དོ། །འབྱུང་བ་ཆེ་རྣམས་དེ་ཉིད་དོ། ཞེས་འབྱུང་ངོ་། །ཇི་སྐད་དུ། ཆོས་རྣམས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །ཞེས་འབྱུང་བ་དང་། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །ཆོས་ཐམས་ཅད་ནི་གདོད་མ་ནས་རྣམ་པར་དག་པའོ། །ཆོས་ཐམས་ཅད་ནི་ཡོངས་ཀྱི་འོད་གསལ་བའོ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །ཆོས་ཐམས་ཅད་ནི་མངོན་པར་རྫོགས་པ་སངས་རྒྱས་པའོ། །ཞེས་གསུངས་སོ། །འདི་ནི་རྫོགས་པ་ཆེན་པོའོ། རྫོགས་པ་ཆེན་པོའི་ཚུལ་དེ་ནི། དེ་ལ་རྫོགས་པ་ཆེན་པོའི་ཚུལ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ། འབྲས་བུའི་ཆོས་ལྷུན་གྱིས་གྲུབ་པའི། ཚུལ་འདི་ནི་དོན་ལ་འཇུག་པའོ། །རྟོགས་པ་རྣམ་བཞིའི་ལམ་གྱིས་ཡིད་ཆེས་ཏེ། རྟོགས་པ་རྣམ་པ་བཞི་ནི། རྒྱུ་གཅིག་པར་རྟོགས་པ་དང་། ཡིག་འབྲུའི་ཚུལ་གྱིས་རྟོགས་པ་དང་། བྱིན་གྱིས་རླབས་ཀྱིས་རྟོགས་པ་དང་། མངོན་སུམ་པར་རྟོགས་པའོ། དེ་ལ་རྒྱུ་གཅིག་པར་རྟོགས་པ་ནི། ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པས་སོ་སོ་མ་ཡིན་པ་དང་། ཀུན་རྫོབ་ཏུ་སྒྱུ་མའི་མཚན་ཉིད་དུ་སོ་སོ་མ་ཡིན་པ་དང་། མ་སྐྱེས་པ་ཉིད་ཆུ་ཟླ་ལྟར་སྒྱུ་མ་སྣ་ཚོགས་སུ་སྣང་ཞིང་བྱ་བ་བྱེད་ནུས་པ་དང་། སྒྱུ་མ་ཉིད་ངོ་བོ་མེད་དེ་མ་སྐྱེས་པས་ཀུན་རྫོབ་དང་དོན་དམ་པར་དབྱེར་མེད་པས་རྒྱུ་གཅིག་པར་རྟོགས་པའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ནི། ཆོས་ཐམས་ཅད་མ་སྐྱེས་པ་ནི་ཨ་སྟེ་གསུང་གི་རང་བཞིན། མ་སྐྱེས་པ་ཉིད་སྒྱུ་མར་སྣང་ཞིང་བྱ་བ་བྱེད་ནུས་པ་ནི་ༀ་སྟེ་སྐུའི་རང་བཞིན། དེ་ལྟར་རྟོགས་པའི་རིག་པ་སྒྱུ་མའི་ཡེ་ཤེས་མཐའ་དབུས་མེད་པ་ནི་ༀ་སྟེ་ཐུགས་ཀྱི་རང་བཞིན་དུ་རྟོགས་པའོ། །བྱིན་གྱིས་བརླབས་ཀྱིས་རྟོགས་པ་ནི་དཔེར་ན་རས་དཀར་པོ་ལ་དམར་པོས་བྱིན་གྱིས་རློབ་པའི་མཐུ་བཙོད་ལ་ཡོད་པ་བཞིན་དུ། ཆོས་ཐམས་ཅད་སངས་རྒྱས་པར་བྱིན་གྱིས་རློབས་པའི་མཐུ་ཡང་། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱིས་མཐུ་བྱིན་གྱིས་རློབ་པར་རྟོགས་པའོ། །མངོན་སུམ་པར་རྟོགས་པ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གནས་པ་དེ་ཡང་ལུང་དང་མན་ངག་དང་འགལ་བ་ཡང་མ་ཡིན་ལ། ལུང་དང་མན་ངག་གི་ཚིག་ཙམ་ལ་བརྟེན་པ་ཡང་མ་ཡིན་པར། རང་གི་རིག་པས་བློའི་གཏིང་དུ་ཡིད་ཆེས་པས་མངོན་སུམ་དུ་རྟོགས་པའོ། །ལམ་གྱི་ཡིད་ཆེས་པ་ནི། རྟོགས་པ་རྣམ་པ་བཞིའི་དོན་རིག་པ་ཉིད་རྣལ་འབྱོར་པའི་ལམ་སྟེ། དེ་ཡང་རྒྱུ་བསྒྲུབ་པའི་འབྲས་བུ་འབྱུང་བའི་དུས་ལ་ལྟོས་པ་ལྟ་བུ་མ་ཡིན་གྱི། རང་གིས་མངོན་སུམ་དུ་རྟོགས་ཤིང་ཡིད་ཆེས་པའོ། དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་འགྱུར་ཏེ། རྟོག་པ་རྣམ་པ་བཞིའི་ཚུལ་རིག་པ་ནི་ཤེས་པའི་མཚན་ཉིད་དོ། །ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འཇུག་པའི་མཚན་ཉིད་དོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི་འབྲས་བུའི་མཚན་ཉིད་དོ། །མཚན་ཉིད་གསུམ་གྱིས་འབྲེལ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་སྟོན་ཏེ། དེ་ལ་འབྲེལ་བ་ནི། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་སུ་བརྟགས་པ་ཐམས་ཅད། ཡི་ནས་སྐུ་གསུང་ཐུགས་ཀྱི་བདག་ཉིད། རང་བཞིན་གྱིས་སངས་རྒྱས་པའི་དབྱིངས་དང་། བྱིན་རླབས་པའི་དོན་རྟོགས་པ་ནི། རྒྱུ་ཤེས་པའི་མཚན་ཉིད་དེ། དེ་ནི་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པའི་རྒྱུ་ཡིན་པའི་དོན་དུ་འབྲེལ་བའོ། །དགོས་པ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་དང་། སྨན་ལྔ་དང་། བདུད་རྩི་ལྔ་ལ་སོགས་པར་བརྟགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོ་ལ་བླང་དོར་མེད་པར་སྤྱོད་པ་ནི་འཇུག་པའི་མཚན་ཉིད་དོ། །དེ་ནི་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པའི་རྒྱུ་ཡིན་པའི་ཕྱིར་དགོས་པའོ། །དགོས་པའི་ཡང་དགོས་པ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དང་། སྨན་ལྔ་དང་། བདུད་རྩི་ལྔ་སོགས་ཁྱད་པར་དུ་བཏགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོའི་ངང་དུ་བླང་དོར་མེད་པར་ལྷུན་གྱིས་གྲུབ་པའི་ཕྱིར། སྲིད་པའི་འཁོར་བ་ཉིད་ཡེ་ནས་བླ་ན་མེད་པར་སངས་རྒྱས་པའི་རང་བཞིན་མྱ་ངན་ལས་འདས་པའི་མཚན་ཉིད་དུ་ལྷུན་གྱིས་གྲུབ་པ་ཡིན་པས་འབྲས་བུའི་མཚན་ཉིད་དེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་སུམ་དུ་གྱུར་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ལ་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་དོན་ལྷུན་གྱིས་གྲུབ་པར་གྱུར་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ལ་བསྙེན་པ་ནི་བྱང་ཆུབ་སེམས་ཤེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ལམ་གྱིས་བསྒྲུབ་ཅིང་གཉེན་པོས་བཅོས་སུ་མེད་པར་རྟོགས་པའོ། །ཉེ་བའི་བསྙེན་པ་ནི་བདག་ཉིད་ལྷར་ཤེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་པས། བདག་ཉིད་ཀྱང་ཡེ་ནས་ལྷའི་རང་བཞིན་ཡིན་གྱི་ད་ལྟ་སྒྲུབ་པ་ནི་མ་ཡིན་པར་རྟོགས་པའོ། །སྒྲུབ་པ་ནི་ཡུམ་བསྐྱེད་པ་སྟེ། དེ་ཡང་ཡུམ་ཆེན་མོ་ནམ་མཁའི་དབྱིངས་ལས། ནམ་མཁའ་ཉིད་ཡུམ་ཆེན་མོ་ས་ཆུ་མེ་རླུང་བཞིར་སྣང་ཞིང་། བྱ་བ་བྱེད་པའི་ཡུམ་ཡེ་ནས་ཡིན་པར་རྟོགས་པའོ། །སྒྲུབ་པ་ཆེན་པོ་ནི། ཐབས་དང་ཤེས་རབ་འབྲེལ་བ་སྟེ། དེ་ཡང་ཡུམ་ཆེན་མོ་ལྔའི་ཤེས་རབ་དང་ཡུམ་གྱི་མཁའ་སྟོང་པ་ཉིད་ལས། ཕུང་པོ་ལྔ་སངས་རྒྱས་ཐམས་ཅད་ཀྱི་ཡབ་སྨོན་པ་མེད་པར་ཡེ་ནས་ཟུང་དུ་གྱུར་པས་འབྲེལ་བ་ལས། བྱང་ཆུབ་སེམས་སྤྲུལ་པ་ལྕམ་དྲལ་དུ་གྱུར་པའི་རང་བཞིན་ནི། ཡེ་ནས་སངས་རྒྱས་པའི་དོན་ལ་སྒྱུ་མ་ལ་སྒྱུ་མ་རོལ་ཅིང་བདེ་མཆོག་སྒྱུ་མའི་རྒྱུ་ལ་བདེ་བའི་དུས་ཉིད་ན། མཚན་མ་མེད་པའི་དོན་མི་དམིགས་མཁའ་དང་སྙོམས་པ་ནི་ཀླུང་དུ་བསྒྱུར་ནས་ལྷུན་གྱི་གྲུབ་པ་སྟེ། བདུད་རྣམ་བཞི་ཡང་བརྟུལ་ནས་མཐར་ཕྱིན་པའི་དོན་འགྲུབ་པའོ། །ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པས། ཡིད་བཞིན་གྱི་གཞལ་ཡས་ཁང་རྒྱ་ཡོངས་སུ་མ་ཆད་པའི་འཁོར་ལོ་ཡེ་ནས་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པ་ཡང་ཐབས་ཀྱི་ཐེག་པའི་གཞུང་ཐོས་པ་ནི་མི་ཕྱེ་བའོ། །དོན་རྟོགས་པ་ནི་དཀྱིལ་འཁོར་མཐོང་བའོ། རྟོགས་ནས་གོམས་པར་བྱེད་པ་ནི་དཀྱིལ་འཁོར་དུ་ཞུགས་པའོ། །ཞུགས་ནས་མངོན་དུ་གྱུར་པ་ནི་དངོས་གྲུབ་ཆེན་པོ་ཐོབ་པའོ། ༈ །དེ་ལྟར་ཚུལ་འདི་ནི་རྫོགས་པ་ཆེན་པོའི་མཐར་ཕྱིན་པའི་དོན་ཏོ། །ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་འཇུག་པ་སྟེ། སྐྱེས་བུ་བློ་རྩལ་རབ་ཀྱིས་ཡེ་ནས་སངས་རྒྱས་པའི་དོན་ལ་ཡེ་ནས་སངས་རྒྱས་པར་རིག་ནས། གོམ་པ་དྲག་དལ་དུ་འགྲོ་བ་ཡིན་གྱི་ཕལ་གྱི་བྱ་བ་ནི་མ་ཡིན་ནོ། །ཕལ་གྱིས་ཐོས་ཏེ་ཇི་ལྟར་བསམ་ཀྱང་བདེན་ཞིང་ཟབ་པར་ཡིད་ཆེས་པར་མི་འགྱུར་རོ། ཡིད་ཆེས་པ་དང་ཕལ་གྱི་བློ་ལ་གོ་དཀའ་ཞིང་བདེན་པ་དང་ཟབ་པར་མ་ཤེས་པས་ཉམས་དང་སྦྱར་ནས། ཀུན་ཀྱང་དེ་དང་འདྲ་སྙམ་ནས་ཡོགས་བརྫུན་ཞེས་སྐྱེས་བུ་རབ་ལ་སྐུར་བ་འདེབས་ཤིང་སུན་འབྱིན་པའི་བློ་སྐྱེ་བར་འགྱུར་བས་རབ་ཏུ་གསང་བའི་ཕྱིར་ཡང་གསང་བའི་ཐེག་པ་ཞེས་བཀའ་སྩལ་ཏེ། དེ་བས་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་ལ་རྟོག་པའི་བློ་མ་སྐྱེས་བར་དུ་ཐེག་པ་འོག་མ་བས་འགྲོ་བའི་དོན་བྱས་ན་གདུལ་བྱ་ཆུད་མི་ཟ་བར་སློབ་དཔོན་གྱིས་འཁོར་བའི་སྐྱོན་དང་། མྱ་ངན་ལས་འདས་པའི་ཡོན་ཏན་དང་། ཐེག་པ་མཐའ་དག་ལ་མཁས་པར་བྱ་བ་ཡིན་གྱི། ཕྱོགས་འགའ་མི་ཤེས་པས་སློབ་དཔོན་གྱིས་བཟུང་དུ་མི་རུང་བར་རྒྱ་ཆེར་འབྱུང་ངོ་། ༈ ལྟ་བའི་ཁྱད་པར་གྱི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་བྱེ་བྲག་ཏུ་འགྱུར་ཏེ། དཀའ་ཐུབ་མེད་པ་ནི། འཇིག་རྟེན་ཕྱལཕལ་པ་དང་མུར་ཐུག་གོ །དཀའ་ཐུབ་ཡོད་པ་ནི་རྣམ་པ་བཞི་སྟེ་རྒྱང་འཕེན་དང་། མུ་སྟེགས་པ་སྟེ། འཇིག་རྟེན་གྱི་དཀའ་ཐུབ་དང་། ཉན་ཐོས་ཀྱི་དཀའ་ཐུབ་དང་། བྱང་ཆུབ་སེམས་དཔའི་དཀའ་ཐུབ་དང་། བླ་ན་མེད་པའི་བཀའ་ཐུབ་པོ། དེ་ལ་ཕྱལ་བ་ནི་རྒྱུ་འབྲས་ལ་རྨོངས་པའི་ཕྱིར་དཀའ་ཐུབ་མེད་པའོ། མུར་ཐུག་པ་ནི་ཆད་པར་ལྟ་བའི་ཕྱིར་དཀའ་ཐུབ་མེད་པའོ། །རྒྱང་འཕེན་པ་ནི་ཚེ་འདིའི་ཁྱད་པར་སྒྲུབ་པའི་ཕྱིར་གཙང་སྦྲ་ལ་སོགས་པའི་དཀའ་ཐུབ་ཅན་ནོ། །མུ་སྟེགས་ན་བདག་རྟག་པ་ཞིག་ཡོད་པ་དེ་དག་པར་བྱ་བའི་ཕྱིར། ལུས་སུན་འབྱིན་ཅིང་མེ་ལྔ་བརྟེན་པ་ལ་སོགས་པའི་དཀའ་ཐུབ་དང་། བརྟུལ་ཞུགས་ལོག་པར་སྤྱོད་པའོ། །ཉན་ཐོས་ཀྱི་དཀའ་ཐུབ་ནི། འདུལ་བ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་འབྱུང་སྟེ། དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པར་གཉིས་ཀ་སོ་སོར་ཡོད་པར་ལྟ་བ་དང་། དགེ་བ་ནི་སྤྱོད་མི་དགེ་བ་ནི་སྤང་པའི་དཀའ་ཐུབ་དང་བརྟུལ་ཞུགས་སྤྱོད་པའོ། །བྱང་ཆུབ་སེམས་དཔའི་དཀའ་ཐུབ་ནི། །བྱང་ཆུབ་སེམས་དཔའི་སྡོམ་པ་ལས། །རྐྱེན་དུ་འཚམ་པར་དོན་མི་བྱེད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་འབྱུང་སྟེ། སྙིང་རྗེ་ཆེན་པོས་ཟིན་ན་ཆོས་ཐམས་ཅད་དགེ་བ་དང་མི་དགེ་བ་གང་སྤྱད་ཀྱང་སྡོམ་པ་ཉམས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། མདོར་ན་སྙིང་རྗེ་ཆེན་པོས་གཞི་བཟུང་ནས་སྤྱོད་དོ། །བླ་ན་མེད་པའི་དཀའ་ཐུབ་ནི། དམ་ཚིག་ཆེན་པོའི་མདོ་ལས། སངས་རྒྱས་ཐེག་པ་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས། ཞེས་འབྱུང་སྟེ། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་ཀྱི་ཕྱིར། སྙིང་རྗེ་ནི་བསྟེན་དུ་མེད་ལ། ཞེ་སྡང་ནི་སྤང་དུ་མེད་དེ། དེ་ལྟར་མ་རྟོག་པ་ལ་ཐུགས་རྗེ་མི་འབྱུང་བར་མ་ཡིན་ཏེ། ཇི་ལྟར་བལྟས་པས་ཡེ་ནས་རྣམ་པར་རྟོག་པ་དང་མི་རྟོག་པ་བཞིན་དུ་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་དེ་ལྟར་རྣམ་པར་དག་པ་དང་མ་དག་པ་སྤྱོད་དོ། །ལྟ་བའི་ཕྲེང་བ་གསང་བ་འདི། །དམུས་ལོང་རང་བྱས་མིག་རྙེད་ལྟར། །ཤེས་རབ་ཐབས་ཀྱི་རྩལ་འཆང་བའི། །སྐྱེས་མཆོག་ཡོད་ན་འཕྲད་གྱུར་ཅིག །ལྟ་བའི་ཕྲེང་བ་ཞེས་བྱ་བའི་མན་ངག་རྫོགས་སོ།། །།

མན་ངག་ལྟ་ཕྲེང་གི་འགྲེལ་པ།

༄༅། །མན་ངག་ལྟ་ཕྲེང་གི་འགྲེལ་པ་རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོས་མཛད་པ་བཞུགས་སོ། །

༄༅། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་སྔ་ནས། སྤྱིར་གང་ཟག་ངེས་པའི་དོན་ལ་མོས་པར་མཚུངས་སུ་ཟིནད་ཀྱང་། མོས་པ་དང་དབང་པོའི་བྱེ་བྲག་གིས། ཐ་དད་པ་ཕལ་མོ་ཆེ་རྣམས་ཀྱང་། ཤིན་ཏུ་རྣལ་འབྱོརད་ཀྱི་ཚུལ་ཟབ་མོ་ལ་འཇུག་པར་བྱ་བའི་ཕྱིར་དང་། རྒྱུད་དང་ལུང་ཐམས་ཅད་ཀྱི་སྤྱི་དཔལ་གསང་བའི་སྙིང་པོ་ལས། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཚུལ་བསྟན་པ། མན་ངག་གི་སྙིང་པོའི་ལེའུ་ལ་འཇུག་པའི་ཡན་ལག་ཏུ། མན་ངག་ལྟ་བའི་འཕྲེང་བ་འདི་མཛད་དོ། །དེ་ཡང་དེ་ཉིད་ལས་འདི་སྐད་དུ། །མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲས་བཏགས་མིང་ཚོགས་ལ། །བརྟེནད་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིནད་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་པ་འདི་ཉིད་ལེགས་པར་བསྟན་པའི་ཕྱིར་རོ། །དེ་ལ་མ་རྟོགས་པ་ནི། མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཕྱོགས་གཅིག་སྟེ། དེ་ལ་མ་རིག་པ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཡང་དག་པའི་དོན་ལ་རྨོངས་པའི་མ་རིག་པ་དང་། རྒྱུ་དང་འབྲས་བུ་ལ་རྨོངས་པའི་མ་རིག་པའོ། །དེ་ལས་འདིར་རྒྱུ་དང་འབྲས་བུ་ལ་རྨོངས་པའི་མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཕྱོགས་གཅིག་ནི། མ་རྟོགས་པ་ཞེས་བྱ་སྟེ། དེ་ཡང་འཇིག་རྟེན་ཕྱལ་བ་དང་རྒྱང་ཕན་གཉིས་ཏེ། དེ་དག་གིས་རྒྱུ་དང་འབྲས་བུའི་དངོས་པོ་རྣམ་པར་མ་དཔྱད་པའི་ཕྱིར་རོ། །ལོག་པར་རྟོག་པ་ནི། མུར་རྟུག་དང་། མུ་སྟེགས་པ་དག་སྟེ། དེ་དག་གིས་དཔྱད་ཀྱང་ཇི་ལྟ་བ་བཞིན་མ་རྟོགས་ཏེ། མཐར་ལྷུང་བའི་ཕྱིར་རོ། །ཕྱོགས་རྟོགས་པ་ནི། ཉན་ཐོས་དང་། རང་སངས་རྒྱས་དག་སྟེ། བདེན་པའི་དོན་ལ་སྤྱོད་ཀྱང་། རྣམ་པར་ཐར་པའི་སྒོ་ཕྱོགས་རེ་རྟོགས་པ་ལས་སྐྱེས་པའི་ཕྱིར་རོ། །ཡང་དག་ཉིད་མ་རྟོགས་པ་ནི། ཕ་རོལ་དུ་ཕྱིན་པའི་ཚུལ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ལ་སྤྱོད་ཀྱང་། བསམ་པ་མཉམ་པ་ཆེན་པོའི་དོན་ལ་རྨོངས་པ་ཕྱོགས་གཅིག་ཡོད་པའོ། །འདུལ་བ་ནི་བྱ་བའི་རྒྱུད་དེ། དེར་གསང་སྔགས་ཀྱི་འདུལ་བའི་གཞི་བཅས་པའི་ཕྱིར་རོ། །དགོངས་པ་ནི་རྣལ་འབྱོར་གྱི་རྒྱུད་དེ། དེར་གསང་སྔགས་ཀྱི་དགོངས་པ་མ་ལུས་པའི་གཞིའ་བཅས་ཏེ་བསྟན་པའི་ཕྱིར་ཏེ། འདི་ལྟར་དེར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རྣམས་ཀྱི་བཀོད་པའི་རྒྱན་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་གཞུང་བཙུགས་ཏེ། རྣལ་འབྱོརད་གྱི་ཚུལ་གཙོའ་བོར་མཛད་ནས། གསང་སྔགས་ཀྱི་ཁོག་པ་བཀྲོལ་ཏེ་བསྟན་ཏོ། །གསང་བ་ནི་རྣལ་འབྱོར་ཆེན་པོའི་ཚུལ་ཏེ། དེར་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པའི་སྒོར་གྱུརད་པ། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བའི་སྤྱོད་པ་བསྟན་པའི་ཕྱིར་རོ། །རང་བཞིན་གྱིས་གསང་བ་ནི་རྫོགས་པ་ཆེན་པོའི་ཚུལ་ཏེ། དེར་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ། ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པ། ད་ལམ་གྱིས་བསྒྲུབ་ཅིང་གཉེན་པོས་བཅོས་སུ་མེད་པར་བསྟན་པའི་ཕྱིར་རོ། །དེ་དག་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་གྲངས་མེད་པའི་མདོའ་རྣམ་པའ་བཞིར་འདུས་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འཇིག་རྟེན་ནི། གཡོ་བ་དང་མི་གཡོ་བའི་དངོས་པོ་སྟེ། ལོ་ཀ་ཞེས་བྱ་བའི་སྒྲ། འཇིག་པའི་ཆོས་དང་ལྡན་པ་ལ་འཇུག་པས། །འཇིག་རྟེན་ཞེས་བཏགས། ཁམས་ཀྱི་དོན་ནི་རིས་ཀྱི་དོན་ཏེ། དེ་ཡང་རྒྱུ་དང་འབྱུང་ཁུངས་དང་འཛིན་པ་དང་རིས་ཀྱི་དོན་ལ་འཇུག་སྟེ། དེ་ལ་འདིར་ནི་རིས་ཀྱི་སྒྲ་ཉེ་བར་བཟུང་སྟེ། སྣོད་ཀྱི་འཇིག་རྟེནད་གཙོར་བྱས་སོ། །སེམས་ཅན་ནི་བརྟགས་པ་དང་། བཏགས་པ་རྣམ་པ་གཉིས་ཏེ། དེ་ལ་བརྟགས་པའི་སེམས་ཅན་ཞེས་བྱ་བ། རྟག་པ་ཞིག་སྐྱེ་བ་གཞན་དུ་འཕོ་ཞིང་ལེནད་པར་བྱེད་པར་བརྟགས་པ་དང་། ཉན་ཐོས་བྱེ་བྲག་དུ་སྨྲ་བའི་རིགས་སུ་གཏོགས་པ། གནས་མ་བུའི་སྡེ་ལ་སོགས་པ་ཁ་ཅིག། སེམས་ཅན་ཡོད་ལ་རྟག་ནི་མི་རྟག་སྟེ། དེ་ཡང་ཕུང་པོ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཡོད་དེ། ཞེས་འདོད་པ་ལྟ་བུ་དག་གོ །བཏགས་པའ་སེམས་ཅན་ནི། སངས་རྒྱས་པ་ཕལ་ཆེར་སེམས་ཅན་ཞེས་བྱ་བ་གང་ཟག་གི་རྫས་ནི་མེད་ཀྱི། ཕུང་པོ་ལྔའི་རྒྱུན་བློས་རྣམ་པར་མ་ཕྱེ་བ་ཙམ་ལ། སེམས་ཅན། གང་ཟག་ཞེས་བཏགས་པར་འདོད་དེ། འདིར་ཡང་དེ་ཉིད་གཟུང་བར་བྱའོ། །ཤེས་རབ་དང་མོས་པའི་བྱེ་བྲག་ནི་ལྟ་བ་སྟེ། དེ་ཡང་མ་རིག་པ་དང་མཚུངས་པར་ལྡན་པས། ཡང་དག་པའི་དོན་ལས་གོལ་བའི་ཕྱིར། ཕྱིན་ཅི་ལོག་གི་ལྟ་བའོ། །གྲངས་མེད་པ་ནི། ཚངས་པ་དྲྭ་བའི་མདོ་ལ་སོགས་པ་ལས་གསུངས་པའི་ལྟ་བའི་གནས་སྣ་ཚོགས་པའོ། །རྣམ་པ་བཞི་ཞེས་བྱ་བ་ལ། རྣམ་པའི་སྒྲ་ནི་རྒྱུ་དང་བྱེ་བྲག་དང་འདྲ་བའམ་སྣང་བའི་དོན་ཏམ། གྲངས་ཀྱི་རྐྱེན་རྣམས་ལ་འཇུག་སྟེ། འདིར་གྲངས་ཀྱི་རྐྱེན་ནོ། །བཞི་ནི་འདི་དག་ཙམ་དུ་བསྡུར་རུང་བས་བཞི་སྟེ། འདི་ལྟར། ཕྱལ་བ་དང་། རྒྱང་ཕན་དང་། མུར་རྟུག་དང་། མུ་སྟེགས་པའོ། །དེ་ལ་ཕྱལ་བ་ནི་ལྟ་བ་ཐིབས་པོ་སྟེ། འདུ་ཤེས་དང་ཤེས་རབ་ཀྱི་ཆ་ཤས་ཞན་པས། རྒྱུ་དང་འབྲས་བུའི་དངོས་པོ་རྣམས་ལ་མཚནད་མར་བཟུང་ཞིང་བྱེ་བྲག་མ་ཕྱེད་པ་སྟེ། འདི་ནི་འགྲོ་བ་རིས་དྲུག་གི་སེམས་ཅན་ཕལ་མོ་ཆེ་རྣམས་དངོས་པོ་ལ་ཞེན་ཅིང་འཇིག་ཚོགས་ལ་ལྟ་བ་ལ་གནས་སུ་ཟིན་ཀྱང་། ལྟ་བ་ཐིབས་པོས་ནོན་པའི་ཕྱིར། དེ་ལྟ་བུར་གྱུརད་པས་དེ་སྐད་ཅེས་བྱའོ། །གྲུབ་པའི་མཐའ་མ་ཆགས་པ་ལྟ་བ་ཁོངས་སུ་ཅིའི་ཕྱིར་གཞུག་ཅེ་ན། དཔེར་ན་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཅིག་ལམ་པོ་ཆེ་གཅིག་ན་གནས་པ་ལས། འགྲོ་བ་ཁ་ཅིག་གིས་ནི་གཞི་ནས་མ་མཐོང་། ཁ་ཅིག་གིས་ནི་ནོར་བུ་འཆིང་བུར་མཐོང་། ཁ་ཅིག་གིས་ནི་རིན་པོ་ཆེ་ཕལ་པར་མཐོང་། ཁ་ཅིག་གིས་ནི་ཇི་ལྟ་བ་བཞིན་དུ་མཐོང་ན། གཞི་ནས་མ་མཐོང་བ་རྣམས་ཀྱང་། མཐོང་སྟངས་ཀྱི་མདོ་རིས་གཅིག་ཏུ་བྱེད་པ་ལྟ་བུའོ། །རྒྱང་ཕན་པ་ཞེས་བྱ་བ་ནི། ལོ་ཀ་ཡ་ཏི་ཞེས་བྱ་བ། ལོ་ཀ་ནི་འཇིག་རྟེན་ཏེ། ད་ལྟར་སྐྱེ་བ་མངོན་པར་གྲུབ་པའི་ཕུང་པོ་འདི་ལ་བྱ། ཡ་ཏིའི་སྒྲ་ནི། ཇི་སྲིད་པའམ་ཇི་ཙམ་པའི་དོན་ཏེ། འཇིག་རྟེན་ཙམ་གྱིས་ཟིན་ཏེ། དེ་ལས་འདའ་མི་ནུས་ཤིང་དོན་ཆུང་བ་ལ་སྙེགས་པ་ལས། བོད་ཀྱི་ལུགས་སུ་དོན་དེ་དང་མཐུན་པའི་མིང་གདགས་པར་བྱ་ན། སྔོན་ཆད་འཇིག་རྟེན་ན་གྲགས་པ། བྱ་བ་འཕྲ་མོ་རེ་རེ་ལ་བས་ཏེ། དེས་ཟིན་ཅིང་དེ་ལས་འདའ་མི་ནུས་ཏེ། དོན་ཆེན་པོ་དང་བྲལ་བ་ལ་ཕན་ཅེས་གྲགས་ཏེ། དཔེར་ན་འགྲོ་བ་ལ་བས་པ་ནི་འགྲོ་ལ་ཕན། ཟ་བ་ལ་བས་པ་ནི་ཟ་བ་ལ་ཕན་ཞེས་བྱ་བ་ལྟ་བུའམ། གཞན་ཡང་རྒྱལ་པོའི་ཕོ་བྲང་འཁོར་ན་མཐིལ་ཕབ་པའི་དོན་མེད་པར། གློ་བུར་བའི་བྱ་བ་སྣ་ཚོགས་ཅུང་ཟད་ཙམ་ལ་སྦྱོར་བའི་གོས་དང་སྣོད་དག་ལ། མང་ལ་ཕན་གྱི་ཟུངས། མང་ལ་ཕན་གྱི་སྣོད་ཅེས་བཏགས་པ་ལྟ་བུའོ། །རྒྱང་ཞེས་བྱ་བ་ནི་སྔོན་ཆད་གྲགས་པ། ཡོར་ཡོར་པོ་ལ་མཚན་མར་བཙུགས་པ་ན་ཐོ་ཡོར་ཞེས་བྱ། པྲེང་པྲེང་པོ་ལ་མཚན་མ་བཙུགས་པ་ནི་རྒྱང་ཞེས་བྱ། ཐག་པའམ་ཐག་ཅེས་ཀྱང་བྱ་སྟེ། དེ་བས་ན་རྒྱང་རིང་ཐུང་ཞེའམ་ཐག་རིང་ཐུང་ཞེའམ་རྒྱུནད་ཅེས་བྱ་བ་དོན་འདྲ་སྟེ། དེ་བས་ན་མིང་བསྡུས་ན། འཇིག་རྟེན་པྲེང་པྲེང་པོའི་ངོར་ཕན་པས་ཏེ། དེ་ལས་འདའ་མི་ནུས་༼པ་དང་། ཡིན་ནམ་སྙམ་ཀྱང་མ་ངེས། ཡང་ན། འདིར་ཤད་ཀྱིས་བཅད།༽དོན་ཆེན་པོ་མཐིལ་ཕབ་པ་མེད་པས་འཇིག་རྟེན་རྒྱང་ཕན་ཞེས་བཏགས་སོ། །འདི་ལ་ཡང་སྒྲ་མ་འདོམ་པའི་ཚེ་ནི། སངས་རྒྱས་པ་མ་ཡིན་པའི་ཕྱི་རོལ་པ་ཐམས་ཅད་ལ་ཡང་ཐུན་མོང་དུ་འཇུག་སྟེ། འདི་ལྟར་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། བཅོམ་ལྡན་འདས་ཀྱི་ལྟར་ན་ཞེའམ། འཇིག་རྟེན་རྒྱང་ཕན་པའི་ལྟར་ན་ཞེས་གསུངས་པ་ལྟ་བུའོ། །ཁ་ཅིག་ཏུ་ལྟ་བའི་བྱེ་བྲག་ཕྱོགས་གཅིག་ཏུ་འཛིན་པ་ལ་འཇུག་པ་ཡང་ཡོད་ན། འདིར་ལྟ་བ་རྣམ་པ་བཞི་འདོམ་པའི་སྐབས་སུ་སྤྱིའི་སྒྲ་བྱེ་བྲག་ལ་འཇུག་པར་སྦྱར་ཏེ། ཇི་སྐད་གསུངས་པའི་ལྟ་བ་ཕྱོགས་གཅིག་ཏུ་སྦྱར་རོ། མུར་རྟུག་ཞེས་བྱ་བ་ནི། མཐའ་ཟད་ཅིང་ཕ་རོལ་དུ་མ་ཕྱིན་པའི་མིང་སྟེ། འདི་ཡང་སྒྲ་མ་འདོམ་པའི་ཚེ་ཕྱི་རོལ་པ་ཐམས་ཅད་ལ་ཐུན་མོང་དུ་འཇུག་སྟེ། ཇི་ལྟར་འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་ངའི་བསྟན་པ་འདི་ནི། མུར་རྟུག་དགུ་བཅུ་རྩ་དྲུག་གིས་ནི་འཇིག་པར་བྱེད་མི་ནུས་ཏེ། ངའི་དགེ་སློང་ང་དང་འདྲ་བས་འཇིག་པར་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་འདིར་སྒྲ་འདོམ་པའི་སྐབས་ཡིན་པས། ཡན་ལག་ལ་འཇུག་པར་སྦྱར་རོ། །མུ་སྟེགས་ཞེས་བྱ་བ་ནི། །ཏྀཪྠི་ཀ་ཞེས་བྱ་བ། ༼འདི་གནས་སྐབས་རྩིས་འཕྲུལ་ནང་འཇུག་མ་བཏུབ། ཏིིརྠི་ཙམ་ལས།༽ཏིཪྠི་ཏེཪྠེ་ན་ཏིཪྠི་ཀ་ཞེས་བྱ་སྟེ། མྱ་ངན་ལས་འདས་པའི་རྒྱ་མཚོར་འབབ་པའི་ལམ་གྱི་ཆུ་རྒྱུན་གྱི་མུ་ལ་སྟེགས་བཅས་ཤིང་བརྟེན་པ་སྐད་དུ་འཆད་པས། མུ་སྟེགས་སུ་བཏགས་ཏེ། འདིའ་ཡང་དབང་ཕྱུག་རྒྱུར་ལྟ་བ་དང་། བྱེད་པ་པོ་རྒྱུར་ལྟ་བ་ལྟ་བུ་ཐརད་བ་ཚོལ་བའི་ལམ་ལ་རྟེན་པར་འདོད་པ་རྣམས་ལ་འཇུག་གི ། དུས་རྒྱུར་ལྟ་བ་དང་། ཆད་པར་ལྟ་བ་ལྟ་བུ་ཐར་པའི་ལམ་ལ་མི་རྟེན་པ་རྣམས་ལ་མི་འཇུག་མོད་ཀྱི། ཡན་ལག་གི་མིང་སྤྱི་ལ་འཇུག་པའི་མཚན་མར་བྱས་པ་སྟེ། དཔེར་ན་འཛམ་བུའི་གླིང་ཞེས་བྱ་བ། ཤིང་འཛམ་བུས་ཕྱོགས་ཐམས་ཅད་དུ་མ་ཁྱབ་མོད་ཀྱི། ཕྱོགས་ཅིག་ན་ཤིང་འཛམ་བུ་ཡོད་ལ། དེ་དང་འབྲེལ་པའི་གླིང་ལ་འཛམ་བུ་གླིང་ཞེས་བརྗོད་པ་ལྟར། མུ་སྟེགས་དང་འབྲེལ་པའི་ལྟ་བ་ལ་མུ་སྟེགས་ཀྱི་ལྟ་བ་ཞེས་བྱའོ། །དེ་ལ་འདིར་ནི། སྒྲ་འདོམ་པའི་སྐབས་ཡིན་པས། ཡན་ལག་གི་སྒྲ་ཡན་ལག་ཉིད་དང་། དེ་དང་ཉེ་བར་འབྲེལ་བ་ཙམ་ལ་འཇུག་པར་སྦྱར་རོ། །དེ་ལ་འཇིག་རྟེན་པའི་ལྟ་བའི་སྐབས་འདིར་ནི། ལྟ་བ་ཙམ་ཞིག་བསྟན་གྱི། ལམ་དང་འབྲས་བུ་ནི་མ་བསྟན་ཏེ། དོན་མེད་པར་དགོངས་པར་ཟད་དོ། །དེ་ལ་ཆོས་ཐམས་ཅད་ཞེས་བྱ་བ་ནི། འདིར་ལྟ་བའི་ཡུལ་བསྟན་པ་ཡིན་ཏེ་ཤེས་བྱ་ཐམས་ཅད་ལ་བྱའོ། །དེ་ལ་ཆོས་ཞེས་བྱ་བའི་ངེས་པ་ཚིག་ནི། ངྷརྨཱ་ཞེས་བྱ་བ་འཛིན་པའི་དོན་ལ་འཇུག་སྟེ། དེ་ཡང་འདིས་འཛིན་པའམ། འདི་འཛིནད་པར་བྱ་བ་ཡིན་ཞེས་བྱེད་པ་དང་ལས་སུ་སྒྲུབ་པར་བྱེད་དེ། དེ་ལ་ཤེས་བྱ་ཐམས་ཅད་ལ་ཆོས་ཞེས་བརྗོད་པའི་ཚེ་ནི། མཚན་ཉིད་འཛིནད་པར་བྱེད་པས་ཆོས་ཏེ། བྱེད་པ་དང་ལས་གཉིས་གར་དྲང་ངོ་། །ལམ་དང་དོན་དམ་པ་དང་བསོད་ནམས་དག་ལ་ཆོས་ཞེས་བརྗོད་པའི་ཚེ་ནི། ལྟུང་བ་ལས་འཛིན་པས་ཆོས་ཏེ་བྱེད་པར་སྦྱར་རོ། །གསུང་རབ་དང་། བདེན་ཞིང་ངེས་པ་དང་། ཡུལ་ཆོས་ལྟ་བུ་ལ་ཆོས་ཞེས་བརྗོད་པའི་ཚེ་ན། རིགས་པ་འཛིནད་པས་ཆོས་ཏེ་བྱེད་པར་སྦྱར། ཁམས་སམ་རྒྱུ་ལ་ཆོས་ཞེས་བརྗོད་པའི་ཚེ། འབྲས་བུ་འཛིན་པས་ཆོས་ཏེ་བྱེད་པར་སྦྱར། ཚེ་ལ་ཆོས་ཞེས་བརྗོད་པའི་ཚེ། ལུས་འཛིན་པས་ཆོས་ཏེ་བྱེད་པར་སྦྱར། ཡིད་ཀྱི་ཡུལ་ལ་ཆོས་ཞེས་བརྗོད་པའི་ཚེ། ཆོས་ཕལ་ཆེ་བ་དང་། འདུས་བྱས་དང་འདུས་མ་བྱས་ཀྱང་བསྡུས་པའྀ་ཕྱིར། སྤྱིའི་མིང་ཡན་ལག་ལ་བཏགས་པར་སྦྱར། སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྲས་བུའྀ་ཆོས་ཞེས་བརྗོད་པའི་ཚེ་ནི། ཆོས་ལས་བྱུང་བ་དང་། ལྟུང་བ་ལས་འཛིན་པ་དང་། ཁམས་ཀྱི་དོན་ཏེ། བྱིངས་ཆེ་བའི་ཕྱིར་ཆོས་ཞེས་བྱའོ། །ཆོས་ལ་ཆོས་སུ་རྣམ་པར་བཞག་པའི་ཚེ་ནི། འདི་འཛིན་པས་ཆོས་ཏེ་ལས་སུ་སྦྱར། ཆོས་ཀྱི་ངེས་ཚིག་འདི་ལྟ་བུ་ནི། ཐམས་ཅད་ཀྱི་སྐབས་སུ་བརྗོད་པར་བྱའོ། །རྒྱུ་དང་འབྲས་བུ་ཞེས་སྨོས་པ་ནི། འཇིག་རྟེན་པའི་ལྟ་བ་འདི་དག་གཙོ་བོར་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཡིན་པའི་ཕྱིར། དེའི་ཡུལ་ཆོས་རྒྱུ་འབྲས་ཀྱི་དངོས་པོ་གཞག་པར་རིགས་པས། དེ་དག་བསྟནད་ཏོ། །འཇིག་རྟེན་གྱི་གསང་ཚིག་ནི། རྣམ་པར་གྲོལ་བའི་སྒོར་མ་གྱུརད་པའི་གསང་སྔགས་ཏེ། འཇིག་རྟེན་པས་བཤད་པ། འཇིག་རྟེན་གྱི་བྱ་བ་བསྒྲུབ་པ་རྣམས་སོ། །ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་ཀྱང་གློ་བུར་དུ་སྐྱེས་ལ་མཐའ་ཆད་པར་ལྟ། ཞེས་བྱ་བ་ནི། འབྲི་ཧ་སྟི་ལ་སོགས་པ་ཁ་ཅིག་གི་གྲུབ་མཐའ་ལས། མ་ཤི་བར་དུ་བདེ་བར་འཚོ། །ཤི་ནས་དེ་ཡི་སྤྱོད་ཡུལ་མེད། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་སྐྱེ་བ་དག་ག་ལ་ཡོད། །ཅེས་གཞུང་འདི་དག་གིས་བསྒྲུབས་ཏེ། དཔེར་ན་བུད་ཤིང་མང་པོ་སྤུངས་པའི་རྐྱེན་དེ་ཉིད་ཀྱིས་མེ་བྱུང་ནས། འབར་བའི་ཚེ་ཇི་སྲིད་དུ་བུད་ཤིང་མ་ཟད་པ་དེ་སྲིད་དུ་མེ་འབར་ཏེ། ཤིང་ཟད་ནས་མེ་ཤི་བ་ན། ཤིང་དང་མེའི་རྒྱུན་འབྲེལ་བ་གཞན་སྐྱེ་བ་མེད་པ་བཞིན་དུ། ལུས་ཀྱི་འབྱུང་བ་ཆེནད་པོ་ཤིང་དང་འདྲ་བ་གློ་བུར་དུ་རང་འོངས་ཏེ། དེ་དག་རྒྱུན་ཆད་པ་ན་སྲིད་པར་ཉིང་མཚམས་སྦྱོར་བ་མེད་དོ། །ཞེས་འདོད་པའོ། །ཆོས་ཐམས་ཅད་ལ་ཀུན་ཏུ་བརྟགས་པའི་བདག་རྟག་པ་ཞིག་ཡོད་པར་ལྟ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུར་སྣང་བའི་དངོས་པོའི་ཆོས་རྣམས་ལ། མངོན་པར་ཤེས་པ་དང་། ལུང་ལ་སོགས་པའི་རྐྱེན་དག་གིས། དངོས་པོ་ལ་མེད་བཞིན་དུ། ཀུན་དུ་བརྟགས་ནས་བདག་རྟག་པ་ཞིག་ཡོད་པར་ལྟ་བ་སྟེ། དེ་ཡང་རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་དང་། རྒྱུ་འབྲས་ལོག་པར་ལྟ་བ་དང་། རྒྱུ་ཡོད་ལ་འབྲས་བུ་མེད་པར་ལྟ་བ་དང་གསུམ་པོ་འདི་དག་ཏུ་འདུས་སོ། །ཞེས་བསྟན་པའོ། །དེ་ཡང་རང་བཞིན་རྒྱུར་ལྟ་བ་དང་། དབང་ཕྱུག་རྒྱུར་ལྟ་བ་དང་། བྱེད་པ་རྒྱུར་ལྟ་བ་ཡིན་ནོ། །ཞེས་སངས་རྒྱས་པས་བཏགས་པ་སྟེ། དེ་དག་རང་རང་གི་གྲུབ་མཐའ་ལས་ནི། ཁ་ཅིག་གིས་གྲུབ་མཐའ་ལས། བ་ནི་བ་སྦྲ་ཉིད་ཀྱི་རྒྱུ། །བླག་ཤ་ཡལ་ག་ཀུན་གྱི་གཞི། །ཆུ་ཤེལ་ཆུ་ཡང་དེ་བཞིན་ཏེ། །སུས་ཀྱང་མ་བྱས་རང་བཞིན་བྱུང་། །ཞེས་བྱ་བ་ལ་སོགས་པས་སྒྲུབ་སྟེ། དེ་ལ་རང་བཞིན་ཞེས་བྱ་བ་ཡང་རྒྱུ་དང་རྐྱེནད་ལ་མི་ལྟོས་པ། གཟུགས་དང་སེམས་ཀྱིས་མཚན་མར་མ་བྱས་པ། རྣམ་པ་དང་བྱེ་བྲག་ཏུ་མི་ཕྱེད་པ། འགྱུར་བ་མེད་པ་རྟག་པ་ཞིག་ཏུ་འདོད་དེ། དེ་ཡང་རང་བཞིན་དེས་རྒྱུ་བྱས་ནས། འབྲས་བུ་དངོས་པོ་གཞན་ཞིག་གྲུབ་པར་འདོད་པ་ལྟ་བུ་ནི་མ་ཡིན་ཏེ། གཡོ་བ་དང་མི་གཡོ་བའི་དངོས་པོ་འདི་ཉིད་རང་བཞིན་དེ་ཡིན་པར་སྨྲ་སྟེ། ད་ལྟར་སྤྱོད་ཡུལ་དུ་སྣང་བའི་རྒྱུ་དང་འབྲས་བུ་དང་འཕེལ་འགྲིབ་ལ་སོགས་པའི་མི་རྟག་པ་ནི། དེའི་གནས་སྐབས་ཡིན་པར་སྨྲ་ལ། རང་བཞིན་དང་གནས་སྐབས་ཀྱང་ཐ་དད་དུ་མི་འདོད་དེ། དཔེར་ན་གསེར་ནི་དངུལ་ཆུས་བསྒྲིབས་སམ་སྣ་བསྒྱུར་ཡང་རང་བཞིན་མི་འགྱུར་རོ་ཞེས་ཟེར་རོ། །འདི་ནི་བདག་གཅིག་པུར་འཛིན་པ་ཞེས་ཀྱང་བྱ། རིལ་པོར་འཛིན་པ་ཞེས་ཀྱང་བྱ་སྟེ། སྣང་བའི་དངོས་པོ་ནི་ཡེ་ནས་གྲུབ་པ་ཡིན་ལ། དེ་སྐྱེད་པའི་རྒྱུ་གཞན་ནི་མེད་པར་ལྟ་བས། རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་ཞེས་ཀྱང་བྱའོ། །རྒྱུ་ལ་མ་ལྟོས་ན་འབྲས་བུ་ཇི་ལྟར་གཞག་ཅེ་ན། ཡོད་པ་ཉིད་ལ་འབྲས་བུའམ་གྲུབ་པ་ཞེས་བྱ་སྟེ། ནམ་མཁའ་གདོད་ནས་གྲུབ་པ་ཞེས་བྱ་བ་བཞིན་ནོ། །འདི་ནི་དམིགས་པ་གཅིག་པུ་བ་ཡིན་ནོ། །དབང་ཕྱུག་རྒྱུར་ལྟ་བ་ནི། འདི་སྐད་དུ། དབང་ཕྱུག་གིས་ནི་ཡང་ན་གཡེང་ས་འམ། །མཐོ་རིས་ཁོ་ནར་ངེས་པར་འདྲེན་པར་བྱེད། །ཅེས་བྱ་བ་ལ་སོགས་པས་བསྒྲུབས་ཏེ། འདི་ལྟར་དབང་ཕྱུག་ཅེས་བྱ་བའི་གང་ཟག་གདོད་མ་ནས་གྲུབ་པ། རྟག་པ། གཡོ་བ་དང་མི་གཡོ་བ་ཐམས་ཅད་རྣམ་པར་འཕྲུལ་པ་པོ། དབང་སྒྱུར་བ་ཞེས་བྱ་བ་ལ་སོགས་པར་ལྟ་སྟེ། དེས་ན་དབང་ཕྱུག་ནི་རྟག་ལ། དེས་སྤྲུལ་པ་ནི་མི་རྟག་པར་འདོད་དེ། བདེ་བ་དང་སྡུག་བསྔལ་གྱི་དངོས་པོའང་། དབང་ཕྱུག་མཉེས་པ་དང་མ་མཉེས་པའི་དབང་ལས་བྱུང་བར་འདོད་པས། དེ་མཉེས་པར་བྱ་བའི་ཕྱིར་སྲོག་ཆགས་མང་པོ་སྦྱིན་བསྲེག་བྱ་བ་ལ་སོགས་པ་མི་དགེ་བའི་ལས་ཀྱིས། མཐོ་རིས་ཀྱི་བདེ་བ་གྲུབ་པར་འདོད་པས། རྒྱུ་འབྲས་ལོག་པར་ལྟ་བ་ཞེས་ཀྱང་བྱའོ། །འདི་ནི་དམིགས་པ་གཉིས་དང་ལྡན་པ་ཡིན་ཏེ། དབང་ཕྱུག་རྟག་པ་དང་། སྤྲུལ་བ་མི་རྟག་པར་ལྟའོ། །བྱེད་པ་པོ་རྒྱུར་ལྟ་བ་ནི། འདི་སྐད་དུ། ང་ནི་རྟག་གོ་བློ་ནི་འགྱུར། །རྫ་བཅག་བྱེའུ་འཕུར་ཇི་བཞིན་དུ། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །རྟག་པ་མཐེ་བོ་ཡུངས་འབྲུ་ཙམ། །བདག་ཅེས་བྱ་བ་དེས་ལེན་ཏོ། །ཞེས་བྱ་བ་ལ་སོགས་པས་བསྒྲུབས་ཏེ། འདི་ལྟར་སེམས་ཅན་ཐམས་ཅད་ལ། བདག་ཅེས་བྱ་བ་བྱེད་པ་པོ་རང་དབང་ཐོབ་པ། རྟག་པ་མི་འགྱུར་བར་གནས་པ། སེམས་ཅན་གང་ཟག་དང་སྐྱེས་བུ་ལ་སོགས་པའི་མིང་གིས་བརྗོད་པ། ལུས་ཆེ་ཆུང་གི་བྱེ་བྲག་གིས། ཆེ་བ་དང་ཆུང་བར་གནས་པ། ལུས་གཅིག་ནས་གཅིག་ཏུ་འཕོ་བ་ཞིག་ཡོད་པར་འདོད་དེ། དེ་ཡང་ཁ་ཅིག་ནི་ཤེལ་སྦྱངས་པ་འདྲ་བ་ཅིག་ཡོད་དོ་ཟེར། ཁ་ཅིག་ནི་སྐྱེས་བུ་འོད་སྟོང་དང་ལྡན་པ་ཞིག་རིག་བྱེད་ཀྱི་སྨྲེང་འདོན་ཞིང་ཡོད་དོ་ཟེར། ཁ་ཅིག་ནི་སོ་སོའི་ལུས་དང་མཐུན་པ། རྫུས་ཏེ་སྐྱེ་བའི་སེམས་ཅན་ཡོད་དོ། །ཞེས་ཟེར་ཏེ། དེ་དག་ལ་སོགས་པ་ཐ་དད་པར་སྨྲ་འོ། །འདི་ནི་དམིགས་པ་གསུམ་དང་ལྡན་པ་ཡིན་ཏེ། བདག་རྟག་པ་རྒྱུ་བྱ་བ་ཁོ་ན་བྱེད་པར་འདོད་པ་དང་། དེས་བྱས་པའི་ཕུང་པོ་འབྲས་བུའི་ངོ་བོ་མི་རྟག་ཅིང་འགྱུར་བའི་ཆོས་ཅན་དུ་འདོད་པ་དང་། འབྲས་བུ་དེ་ཡང་ཐེབས་ཅིག་གི་འབྲས་བུ་ཙམ་ཡིན་ཏེ། དེས་ཕུང་པོ་གཞན་སྐྱེད་པའི་རྒྱུན་མེད་ཅིང་རྒྱུནད་ཆད་པར་འདོད་པའོ། །འདི་དག་ནྀ་མ་རྀག་པའྀ་ལྟ་བའོ། །ཞེས་བྱ་བ་ནི། དེ་ལ་མ་རིག་པ་ནི་རིག་པའི་མི་མཐུན་པའི་ཕྱོགས་ཏེ། དེ་དང་མཚུངས་པར་ལྡན་པའི་ལྟ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཡང་དག་པའི་ལྟ་བ་བསྟན་པའི་ཕྱིར། དེའི་གོལ་ས་དང་སྒྲིབ་པ་བསྟན་དགོས་སོ། །ཞེས་དགོངས་པའོ། །སྤྱིར་མུ་སྟེགས་ཅན་རྒྱུ་གནས་སུ་འདོད་པ་རྣམས་ཀྱི་གཞི་ནི་རྣམ་པ་ལྔ་སྟེ། དབང་ཕྱུག་གིས་བསྐོས་པ་དང་། བྱེད་པ་པོས་བྱས་པ་དང་། རང་བཞིན་བྱུང་བ་དང་། དུས་ཀྱིས་བསྒྱུར་བ་དང་། རྒྱུ་མེད་པ་ལས་བྱུང་བ་སྟེ། དེ་དག་ཀྱང་ཇི་སྐད་དུ་བསྟན་པ་དེ་རྣམས་སུ་འདུས་པར་དགོངས་པའོ། །མུ་སྟེགས་ཅན་རྟག་པར་སྨྲ་བ་རྣམས་ཀྱི་གཞུང་ནི་རྣམ་པ་ལྔ་སྟེ། ཚངས་པ་ཆེནད་པོ་རྟག་པ་དང་། དབང་སྒྱུར་གྱི་ལྷ་རྟག་པ་དང་། བདག་རྟག་པ་དང་། རང་བཞིན་རྟག་པ་དང་། རྡུལ་ཕྲ་མོ་རྟག་པ་སྟེ། དེ་དག་ཀྱང་ཇི་སྐད་དུ་བསྟན་པ་དེ་དག་ཏུ་འདུས་པར་དགོངས་པའོ། །གཞན་ཡང་ཆད་པར་ལྟ་བ་རྣམས་ཀྱི་གཞི་ནི་ལྔ་སྟེ། རྒྱུ་མེད་པ་དང་། འབྲས་བུ་མེད་པ་དང་། སྲིད་པ་ཉིང་མཚམས་སྦྱོར་བ་མེད་པ་དང། ཁམས་གསུམ་དུ་སེམས་ཅན་འབྱུང་བ་མེད་པ་དང་། ཁམས་གསུམ་ལས་ཐར་པའི་དཀོན་མཆོག་རྣམས་མེད་པར་ལྟ་བ་སྟེ། དེ་དག་ཀྱང་ཇི་སྐད་དུ་བསྟནད་པ་དེ་དག་ཏུ་འདུས་པར་དགོངས་པའོ། །ཕྱིན་ཅི་ལོག་གི་ལྟ་བ་འདི་དག་འབྱུང་བའི་རྒྱུ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད། ཇི་ལྟ་བ་བཞིན་ཁོང་དུ་མ་ཆུད་པ་དང་། སྐྱེས་བུ་དམ་པ་མ་ཡིན་པའི་ལུང་ལ་རྟེན་པ་དང་། མངོན་སུམ་དང་མི་དམིགས་པས་བསྒྲུབས་པ་རྣམས་ལས་འབྱུང་སྟེ། རྒྱུ་འདི་རྣམས་ཀྱི་དབང་གིས་ནི། ཕྱིན་ཅི་ལོག་གི་ལྟ་བ་འབའ་ཞིག་ཏུ་མ་ཟད་ཀྱི། སངས་རྒྱས་པའི་ལྟ་བ་རྣམས་ཀྱང་གོང་མ་རྣམས་ཀྱིས་གཞལ་ན། འོག་མ་རྣམས་ལ་ཉེས་སྐྱོན་དེ་རྣམས་འབྱུང་བར་འགྱུར་རོ། །དེ་ལ་དབང་ཕྱུག་རྒྱུར་སྨྲ་བ་རྣམས་མངོན་སུམ་དང་མི་དམིགས་པས་ཇི་ལྟར་བསྒྲུབ་ཅེ་ན། དང་པོ་འཇིག་རྟེན་ཆགས་པའི་དུས་སུ། ཚངས་ཆེན་གྱི་གནས་གྲུབ་པ་ན། ཚངས་པ་ཆེན་པོ་འབྱུང་བར་འགྱུར་ཏེ། ཚངས་པ་ཆེནད་པོ་དེའི་འདོད་པའི་དབང་གིས་བློན་པོ་དང་ཞམ་འབྲིང་དུ་གྱུརད་པ། འདུན་ན་འདོན་དང་ཚངས་འཁོར་ལ་སོགས་པ་སྐྱེད་ཅིང་འཕྲུལ་པར་འདོད་པའི་བསམ་པ་སྐྱེས་པ་དང་མཐུན་པར། ཚངས་པ་འདུན་ན་འདོན་དང་། ཚངས་འཁོར་ལ་སོགས་པའི་གནས་དང་སེམས་ཅན་ཆགས་ཤིང་བྱུང་བར་གྱུརད་ཏེ། གཞི་དེ་ལས། སྔར་ནི་མི་དམིགས་ལ། ཁོས་བསྐྱེད་ཅིང་སྤྲུལ་པས་ནི་དེ་ལྟ་བུར་མངོན་སུམ་དུ་གྲུབ་པ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་ལས་སྐྱེ་བ་ནི་མ་དམིགས་པས། ཚངས་ཆེན་ནི་ལྟ་བའི་གནས་ཆེན་པོར་འགྱུར་ཏེ། དེ་ལྟར་ན་འདི་ཡང་མངོན་སུམ་དང་མི་དམིགས་པ་ལ་རྟེན་པ་ཡིན་ནོ། །དེ་ནས་གཞན་ཡང་དེའི་རིག་བྱེད་སྤྱོད་པར་གྱུརད་པ། ཕྱི་རོལ་གྱི་དགེ་སློང་དག་གིས། བསམ་གཏན་གྱི་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ཐོབ་སྟེ། བདག་དང་འཇིག་རྟེན་གྱི་མཐའ་བརྟགས་པ་ཁ་ཅིག་གིས། ཚངས་པ་ཆེན་པོ་འཆི་བ་ནི་མ་མཐོང་། གཞན་འཆི་བ་ནི་མཐོང་ལ། སེམས་ཅན་གྱི་ལས་ཀྱི་བག་ཆགས་ཀྱང་མ་མཐོང་བས། ཚངས་པ་ཆེན་པོ་རྟག་པ་རྒྱུར་ལྟ་བ་བྱུང་སྟེ། འདི་ཡང་མངོན་སུམ་དང་མི་དམིགས་པ་ལ་རྟེན་པ་ཡིན་ནོ། །གཞན་ཡང་ཁ་ཅིག་གིས་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན། ལྷའི་རྒྱལ་པོ་དབང་སྒྱུར། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་རང་གིས་འཕྲུལ་མི་དགོས་པར། གཞན་ཀྱིས་འཕྲུལ་པ་ཐམས་ཅད་ལ་དབང་བྱེད་པར་མཐོང་ལ། དབང་སྒྱུར་གྱི་ལྷ་འཆི་བ་ཡང་མ་མཐོང་བས། གཞི་དེ་ལས་དབང་སྒྱུར་གྱི་ལྷ་རྟག་གོ་ཞེས་ལྟ་བ་འབྱུང་སྟེ། དེ་ཡང་མངོན་སུམ་དང་མི་དམིགས་པ་ལ་རྟེན་པའོ། །ཡང་ཁ་ཅིག་གིས་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ཞེས་བྱ་བ་ལྷའི་མིག་ཐོབ་སྟེ། དེས་འཆི་འཕོ་བ་རྣམས་ལ་བལྟས་ན། དེའི་ལུས་ལས་རྫུས་ཏེ་སྐྱེས་པའི་སེམས་ཅན་ཅིག་བྱུང་ནས། གནས་གཞན་དུ་སྐྱེ་བ་ལེན་པ་མཐོང་བ་ལས། གང་ཟག་རྟག་པ་དང་འཕོ་བར་ལྟ་བ་འབྱུང་སྟེ། དེ་བས་ན་ལྟ་བ་འདི་དག་ཀྱང་། རྣལ་འབྱོརད་ཀྱི་མངོན་སུམ་གྱིས་གྲུབ་པ་དང་། དེས་མི་དམིགས་པ་ལས་རྟེན་ཏེ་བྱུང་བའོ། །གཞན་ཡང་ཁ་ཅིག་གིས། དབང་པོའི་མངོན་སུམ་དང་མི་དམིགས་པ་ལ་བརྟེན་ནས། འགྲོ་བ་རིས་གཉིས་སུ་ལྟ་བ་ལ་སོགས་པ་ཡང་བྱུང་སྟེ། དེ་ལྟ་བས་ན་ཡོད་པ་དང་མེད་པའི་ཐ་སྙད་དང་། རྒྱུ་དང་འབྲས་བུའི་དངོས་པོ་ལ་ཚུལ་ཐ་དད་དུ་འཛིན་པ་ཐམས་ཅད་ཀྱང་། མངོན་སུམ་དང་མི་དམིགས་པ་ལ་རྟེན་པ་ཁོ་ན་ཡིན་ནོ། །དེ་བས་ན་མངོན་སུམ་གྱིས་གྲུབ་པའང་། ཇི་ལྟར་སྣང་བ་ཙམ་དུ་སྐུར་པ་གདབ་དུ་མི་རུང་བ་ནི་བདེན་མོད་ཀྱི། སྣང་བ་ཙམ་གྱིས་དེའི་མཚན་ཉིད་དེ་ལྟར་བདེན་པར་བསྒྲུབ་ཏུ་མི་རུང་ངོ་། །མི་དམིགས་པས་ཀྱང་ཤེས་པ་རང་རེའི་སྐབས་སུ་སྒྲོ་གདགས་སུ་མི་རུང་བར་ནི་བདེན་མོད་ཀྱི། དེ་ཙམ་གྱིས་དངོས་པོའི་མཚན་ཉིད་རྣམས་དགག་པར་ནུས་པ་ནི་མ་ཡིན་ནོ། །ལྟ་བ་འདི་རྣམས་གཞི་གང་ལ་ཇི་ལྟར་བརྟེན་པ་ཞིབ་ཏུ་ཤེས་པར་འདོད་པ་རྣམས་ཀྱིས། ཚངས་པ་དྲྭ་བའི་མདོ་ལ་སོགས་པར་བལྟ་བར་བྱའོ།། །། དེ་ལྟར་མ་རྟོགས་པ་དང་། ལོག་པར་རྟོག་པ་གཉིས་ཀྱི་སྒོ་ནས་འཇིག་རྟེན་གྱི་ལྟ་བ་བཤད་ནས། ད་ནི་ཕྱོགས་རྟོགས་པ་ལ་སོགས་པའི་སྒོ་ནས་ཐར་པ་མྱ་ངན་ལས་འདས་པའི་ལམ་བསྟན་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་། རྡོ་རྗེའི་ཐེག་པའོ། །ཞེས་བྱ་བ་སྨོས་ཏེ། དེ་ལ་མཚན་ཉིད་ཅེས་བྱ་བ་ནི། ཆོས་རྣམས་ཀྱི་སྤྱི་དང་རང་གི་མཚན་ཉིད་དག་སྟེ། དེ་ཡང་མཚན་མ་ནི། འདི་མཚོན་པར་བྱ་བ་ཡིན་པས་མཚན་མའམ། འདིས་མཚོན་པར་བྱེད་པས་མཚན་མ་སྟེ། ས་སྲ་བ་དང་ཆུ་གཤེར་བ་ལྟ་བུའོ། །དེའི་དངོས་པོ་ནི་མཚན་ཉིད་དེ། སྲ་བ་ཉིད་དང་གཤེར་བ་ཉིད་ལྟ་བུའོ། །མཚན་ཉིད་དེ་དག་གཙོར་སྟོན་པའི་གཞུང་ནི། མཚན་ཉིད་ཀྱི་ཐེག་པ་ཞེས་བྱའོ། །དེ་ཡང་འདི་ལྟར། འདི་དག་ནྀ་སྤྱིའི་མཚན་ཉིད་དོ། །འདི་དག་ནི་རང་གི་མཚན་ཉིད་དོ། །འདི་དག་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དོ། །འདི་དག་ནི་རྣམ་པར་བྱང་བའི་མཚན་ཉིད་དོ། །ཞེས་བྱ་བ་ལ་སོགས་པར་སྟོན་པས་དེ་སྐད་ཅེས་བྱའོ། །རྡོ་རྗེའི་ཐེག་པ་ནི། མཚན་ཉིད་དེ་དག་དེ་ལྟར་གཙོར་མི་སྟོན་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་རྣམ་པ་གསུམ་གྱི་རང་བཞིན་དུ་མི་ཕྱེད་པར་སྟོན་པས་དེ་སྐད་ཅེས་བྱའོ། །དེ་ལ་མཚན་ཉིད་ཀྱི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའ་ཐེག་པའོ། །ཞེས་བྱ་བ་ནི། མཚན་ཉིད་གཙོར་སྟོན་པར་མཚུངས་ཀྱང་། སྐལ་བ་དང་མོས་པ་དང་དབང་པོའི་བྱེ་བྲག་གིས་མཚན་ཉིད་དེ་དག་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ། མངོན་པར་ཞེན་པ་དང་མ་ཞེན་པའི་བྱེ་བྲག་གིས། ཐེག་པ་ཆེ་ཆུང་གཉིས་སུ་འགྱུར་ལ། ཞེན་པ་རྣམས་ལའང་ཆ་ལས་གྲོལ་བ་དང་མ་གྲོལ་བའི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་བས། དེ་བས་ན་ཐེག་པ་གསུམ་དུ་ཕྱེ་སྟེ་བསྟན་ཏོ། །དེ་ལ་ཉན་ཐོས་ཞེས་བྱ་བ་ནི། སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་ཀྱིས་བསྡུས་པའི་འཕགས་པའི་གང་ཟག་རྣམས་སོ། །དེ་ལ་ཅིའི་ཕྱིར་དེ་སྐད་ཅེས་བྱ་ཞེ་ན། སྲ་བ་ཀ་ཞེས་བྱ་བའི་སྒྲ། ཉན་པར་བྱེད་པ་ལ་འཇུག་སྟེ། ཉན་ཐོས་རྣམས་ནི་རང་སངས་རྒྱས་ལྟར། དགེ་བའི་བཤེས་གཉེན་ལས་ལུང་མ་ནོད་པ་མ་ཡིན་གྱི། འབྲས་བུ་ཐོབ་ཀར་ཡང་དགེ་བའི་བཤེས་གཉེན་ལས་ལུང་ནོད་ཅིང་ཉན་པར་བྱེད། རྐྱེན་གྱིས་འབྲས་བུ་ཐོབ་པར་བྱེད་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་དུ་ཤྲ་བའི་སྒྲ་ནི། ཐོས་ཤིང་སྒྲོགས་པར་བྱེད་པ་སྟེ། རང་སངས་རྒྱས་ལྟར་རང་གིས་ཐོས་པའི་འབྲས་བུ་གཞན་ལ་སྒྲོགས་པར་མི་བྱེད་པ་ལྟ་བུ་ནི་མ་ཡིན་གྱི། རང་གིས་ཐོས་པའི་འབྲས་བུ་གཞན་ལ་སྒྲོགས་པར་བྱེད་པས། དེ་སྐད་ཅེས་བྱའོ། །རང་སངས་རྒྱས་ཞེས་བྱ་བ་ནི། རང་གི་འབྲས་བུ་ཐོབ་པ་ལ། ཉན་ཐོས་ལྟར་དགེ་བའི་བཤེས་གཉེན་ལས་ཉན་པར་མི་བྱེད་ལ་མངོན་པར་ཐོབ་པའི་ཆོས་དེ། ངག་གི་སྒོ་ནས་གཞན་ལ་ཐོས་པར་མི་བྱེད་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་དུ་བྱང་ཆུབ་སེམས་དཔའ་ལྟར་སེམས་ཅན་མང་པོའི་ཕྱིར་བྱང་ཆུབ་ཏུ་སེམས་མི་བསྐྱེད་ཀྱི། བདག་གཅིག་པུ་གྲོལ་བར་བྱ་བའི་ཕྱིར་སེམས་བསྐྱེད་པས་དེ་སྐད་ཅེས་བྱའོ། །ཡང་ན་པྲ་ཏེ་ཀ་བྷུ་ཏ་ཞེས་བྱ་བའི་སྒྲ། པྲ་ཏ་ཡ་ནི་རྐྱེན། །བུདྡྷ་ནི་རྟོགས་པའི་ཚིག་སྟེ། རང་སངས་རྒྱས་བསྐལ་པ་དུ་མར་ཚོགས་བསོགས་པ་གྲུབ་པའི་མཐའ་ལ་བབ་པ་ན། རྐྱེན་ཞིག་གིས་བསྐུལ་ནས་བྱང་ཆུབ་རྟོགས་པར་འགྱུར་བ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད། རྐྱེན་རྣམས་རྟོགས་པ་ལས་བྱང་ཆུབ་ཐོབ་པས་རྐྱེནད་རྟོགས་ཞེས་ཀྱང་བཤད་དོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ། བྱང་ཆུབ་ནི་བོ་ངྷི་ཞེས་བྱ་བའི་སྒྲ། དྲི་མ་ཐམས་ཅད་ཟད་ཅིང་དག་པའ་ལ་ཡང་སྙེགས། ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཁོང་དུ་ཆུད་པ་ལ་ཡང་སྙེགས་པས་བྱང་ཆུབ་ཅེས་བཏགས། སེམས་དཔའ་ཞེས་བྱ་བ་ནི། ས་ཏྭ་ཞེས་བྱ་བའི་སྒྲ་ལས་དྲངས་ན། འདོད་པ་དང་སྙིང་སྟོབས་དང་བསམ་པ་བརྟན་ཞིང་མི་ནུར་བ་དང་སེམས་ཅན་དང་ཤེས་རིག་དང་སྡུད་པ་དག་ལ་འཇུག་སྟེ། དེ་ལ་འདིར་ནི་བྱང་ཆུབ་འདོད་པའམ། བྱང་ཆུབ་ཀྱི་ཕྱིར་བསམ་པ་བརྟནད་པའམ། བྱང་ཆུབ་དང་སེམས་ཅན་ལ་དམིགས་པ་ཡོད་པས་དེ་སྐད་ཅེས་བྱ་སྟེ། འདི་ལྟར། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི། སེམས་ཅན་བྱང་ཆུབ་པས་བྱང་ཆུབ་སེམས་དཔའོ་ཞེས་བཤད་དེ། དེ་ལྟ་ན་ཡང་སེམས་ཅན་བྱང་ཆུབ་ཏུ་རྟོགས་པའོ་ཞེས་བྱ་བར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་ཅན་ཞེས་བྱ་བའི་སྒྲ་ལྟར་ན། སེམས་ཅན་ནྀ་སྲོག་ཆགས་ཀྱི་སྒྲ་སྟེ། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྲོག་ཆགས་གང་དག་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་འོ་ཞེས་བྱ་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ནི་མདོར་བསྡུ་ན་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཞེས་བྱ་བ་ལ། ཉན་ཐོས་ནི་འབྲས་བུའོ། །ཐེག་པ་ནི་དེའི་ལམ་དང་གཞུང་ངོ་། །དེ་ལ་ཞུགས་པ་ནི་གང་ཟག་རྣམས་སོ། །དེའི་ལྟ་བ་ནི་གྲུབ་པའི་མཐའ་སྟེ། ཤེས་རབ་དང་མོས་པའི་བྱེ་བྲག་གོ། ཞེས་སྦྱར་ཏེ། འོག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ཡང་འདིར་ལྟ་བ་དང་སྒོམ་པ་དང་འབྲས་བུ་གསུམ་དུ་སྟོན་ཏེ། དེ་ལ་ལྟ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་ལ། ཕྱི་རོལ་པས་ཀུན་དུ་བརྟགས་པའི་རྟག་ཆད་གཉིས་ནི། ཐག་པ་ལ་སྦྲུལ་དུ་མཐོང་བ་བཞིན་དུ་མེད། ཐག་པ་དང་འདྲ་བའི་ཆོས་རྣམས་ཀྱི་མཚན་ཉིད་ནི་ཡོད་པར་འདོད་དེ། དེ་ཡང་ལྟ་བའི་གཞི་ཕུང་པོ་ལྔ་ཡང་ལུས་སེམས་གཉིས་སུ་འདུས་ལ། ལུས་འབྱུང་བ་ཆེན་པོ་བཞིའི་རྡུལ་འཕྲ་རབ་དང་། སེམས་རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་པར་ལྟའོ། །ཞེས་སྦྱར་རོ། །དེ་ཡང་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་པ་དང་། མདོ་སྡེ་པའི་ལྟ་བ་རྣམ་པ་གཉིས་ཀྱི་བྱེ་བྲག་མི་མཐུན་པ་རྣམས་ཀྱང་མདོར་བསྡུ་ན། བྱེ་བྲག་པས་དབང་པོ་དང་དོན་དུ་ཕྲད་པའི་བློ་རྣམ་པ་མེད་པར་སྐྱེ་ཞིང་། དབང་པོ་དང་དོན་ཡང་གོང་བུ་དང་མཐུན་པའི་རྡུལ་ཕྲ་རབ་རྫས་སུ་ཡོད་ལ། འདུས་བྱས་ཐམས་ཅད་མི་རྟག་པ་དང་། འདུས་མ་བྱས་རྟག་པར་འདོད་དོ། །ཞེས་འབྱུང་ངོ་། །མདོ་སྡེ་པ་ནི། དབང་པོ་དང་དོན་དུ་ཕྲད་པའི་བློ་རྣམ་པ་དང་བཅས་པར་སྐྱེ་ཞིང་། དབང་པོ་དང་དོན་ཡང་ཁ་དོག་དང་མཐུན་པའི་རྡུལ་ཕྲ་རབ་རྫས་སུ་ཡོད་ལ། གང་ཡོད་པ་ཐམས་ཅད་མི་རྟག་པ་དང་། འདུས་མ་བྱས་རྣམས་ཀྱང་མོ་གཤམ་གྱི་བུ་བཞིན་འདོད་དོ། །ཞེས་འབྱུང་ངོ་། །གོང་བུའི་མཚན་ཉིད་ལ་ཡང་རྡུལ་ཕྲ་རབ་རྣམས། ཕན་ཚུན་འབྱརད་བར་གནས་པ་དང་། བར་དང་བཅས་པ་དང་། བར་ཡང་མེད་ལ་འབྱར་བ་ཡང་མ་ཡིན་ཞེས་འདོད་པའི་བྱེ་བྲག་དང་། གཞན་ཡང་དབྱིབས་དང་རིག་བྱེད་མ་ཡིན་པའི་གཟུགས་དང་མི་ལྡན་པའི་འདུ་བྱེད་ལ་སོགས་པ་ཁ་ཅིག་རྫས་སུ་འདོད་མི་འདོད་ཀྱི་བྱེ་བྲག་ཡོད་དོ། །ཞེས་འབྱུང་ངོ་། །བྱེ་བྲག་ཏུ་སྨྲ་བ་ཉིད་ལ་ཡང་། གང་ཟག་རྫས་སུ་འདོད་པ་དང་མི་འདོད་པའི་བྱེ་བྲག་དང་། ཁ་ཆེའི་བྱེ་བྲག་དུ་སྨྲ་བ་དང་། ཡུལ་དབུས་ཀྱི་བྱེ་བྲག་དུ་སྨྲ་བ་དང་། ལྟ་བ་འཕྲ་མོ་མི་མཐུན་ནོ། །ཞེས་འབྱུང་ངོ་། །སྒོམ་པ་ནི་འཕགས་པའི་བདེན་པ་བཞིའ་སྒོམ་པའི་རིམ་གྱིས་ཞེས་འབྱུང་སྟེ། འདི་ལྟར། སྡུག་བསྔལ་གྱི་ཆོས་རྣམས་དང་། དེ་བཞིན་དུ་སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་རྣམས་ལ། རང་གི་ངོ་བོ་ཇི་ལྟ་བ་བཞིན་ཡིན་ཏེ། རྟག་ཏུ་ཕྱིན་ཅི་ལོག་མེད་པས་བདེན་པ་ཡིན་ལ། དེ་དག་འཕགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པ་དང་། ཁ་ཅིག་འཕགས་པའི་རང་བཞིན་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །བསྒོམ་པའི་རིམ་གྱིས་ཞེས་བྱ་བ་ནི། ཁམས་གསུམ་གྱི་བདེན་པ་བཞི་ལ་དམིགས་ནས། དེ་དག་གི་མཚན་ཉིད། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ་དང་། རྒྱུ་ཀུན་འབྱུང་བ། རབ་དུ་སྐྱེ་བ། རྐྱེན་གྱི་རྣམ་པ་དང་། འགོག་པ། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བ་དང་། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པ་ཞེས་བྱ་བ་རྣམས་ཀྱི་མཚན་ཉྀད་དུ་རྟོགས་ཤིང་གོམས་པར་བྱེད་པའི་མཚན་ཉིད་ཅན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་བྱ་བ་ལ་སོགས་པ། འདོད་པའི་ཁམས་ལ་དམིགས་པ་དང་། ཁམས་གོང་མ་ལ་དམིགས་པའི་བྱེ་བྲག་གིས་ཕྱེ་བ་དང་། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱིས་ཕྱེ་བས། ཇི་སྐད་དུ་གྲགས་པའི་ཡེ་ཤེས་བཅུ་དྲུག་རྣམས། རྟོགས་པ་དང་གོམས་པར་བྱས་པའི་མཐུས། ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས། རིམ་གྱིས་སྤོང་བར་བྱེད་པའོ། །དེ་ལ་འདི་སྐད་དུ། སྡུག་བསྔལ་གྱི་རྩ་བ། སྤང་བར་བྱ་བ་ཉོན་མོངས་པ་དག་དང་། ཀུན་འབྱུང་གི་རྩ་བ་སྤང་བར་བྱ་བའི་ཉོན་མོངས་པ་ལྟ་བུ་དེ་དག་གཅིག་གམ་ཐ་དད་པར་བཞག །གལ་ཏེ་གཅིག་ན་ནི། གཉེན་པོ་ཕྱི་མ་དོན་མེད་པར་འགྱུར་ལ། གལ་ཏེ་ཐ་དད་ན་ནི་ཁམས་དང་འགྲོ་བ་དང་ཆོས་ཇི་སྙེད་པ་ལ་དམིགས་ནས་ཀྱང་། ཉོན་མོངས་པ་ཐ་དད་སྤང་དགོས་པར་འགྱུར་བས་སྤང་བར་ཅི་ཡང་མི་འགྱུར་རོ་ཞེ་ན། འདི་ལྟརད་བསྟན་པར་འགྱུར་ཏེ། ཉོན་མོངས་པའི་སྒྱུ་འཕྲུལ་རྣམས་ནི། བདག་ཏུ་ལྟ་བའི་གནས་ནས་དངོས་པོ་དང་མཚན་མར་འཛིན་པའི་ཡུལ་ལ་འབྱུང་སྟེ། དེ་དག་ལྡན་གྱི་བར་དུ། དམིགས་པ་ཇི་སྙེད་པ་དེ་སྲིད་དུ་ཉོན་མོངས་པ་དེ་སྙེད་པ་འབྱུང་བར་འགྱུར་རོ། །བདག་དུ་ལྟ་བའི་གནས་ཞིག་ན། སྒྱུ་མ་མཁནད་མེད་པས་སྒྱུ་འཕྲུལ་འབྱུང་བར་མི་འགྱུར་རོ། །དེ་བས་ན་ཉོན་མོངས་པ་དེ་དག་ནི་གཅིག་པ་དང་ཐ་དད་པ་ལས་གྲོལ་བ་ཡིན་ཏེ། དེ་བས་ན་འདིར་ཉན་ཐོས་རྣམས། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་ཞེན་པ་དག་གདུལ་བའི་ཕྱིར། འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་དང་། མྱ་ངན་ལས་འདས་པ་རྒྱུ་དང་འབྲས་བུར་བཅས་པར་ཕྱེ་བའི་བྱེ་བྲག་གིས། བསྡུས་ནས་བདེན་པ་བཞིར་ཕྱེ་སྟེ་བསྟན་པའི་བྱེ་བྲག་ལ་དམིགས་ནས་ཡེ་ཤེས་དང་ཉོན་མོངས་པ་གཉིས་ག་ཐ་དད་དུ་རྣམ་པར་ཕྱེ་བར་ཟད་དེ། དངོས་སུ་ན་ཡེ་ཤེས་ཐམས་ཅད་ཀྱང་གཅིག་ཡིན་ཏེ། ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པའི་ཤེས་རབ་བོ། །ཉོན་མོངས་པ་ཐམས་ཅད་ཀྱང་གཅིག་ཡིན་ཏེ། འདི་ལྟར་བདག་དུ་རྨོངས་པའྀ་རྟོག་པའོ། །དེ་བས་ན་གང་ཟག་ལ་དམིགས་པའི་ཤེས་རབ་ཀྱྀས་ནི་ཉོན་མོངས་པ་སྤོངས་པར་མི་འགྱུར་ལ། ཆོས་ལ་དམིགས་པའི་ཤེས་རབ་ཀྱང་། ཕྱིན་ཅི་ལོག་གི་སྤྲོས་པ་བཅད་པའི་ཕྱོགས་ཀྱི་མཐུས་སྤོངས་པར་འགྱུར་གྱི། དངོས་པོར་ལྟ་བའི་ཕྱོགས་ཀྱིས་ནི་སྤོངས་པར་མི་འགྱུར་རོ། །འོ་ན་ཉན་ཐོས་ནི་དམིགས་པ་དང་བཅས་པའི་ས་ལ་གནས་པ་དངོས་པོར་ལྟ་བ་དང་མ་བྲལ་བ་ཡིན་ན། དེ་དག་གིས་ཉོན་མོངས་པ་ཟད་ཅིང་བྱང་ཆུབ་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། དེ་ལ་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཉན་ཐོས་ནི་རང་གི་གྲུབ་པའི་མཐའ་ལས། ཉོན་མོངས་པ་ཟད་ཅིང་འདུས་མ་བྱས་ཐོབ་པར་འདོད་ཀྱང་། ཐེག་པ་ཆེན་པོ་ལས་ཉོན་མོངས་པའི་དངོས་པོ་ཟད་པ། བག་ལ་ཉལ་མ་ཟད་པ། ༼བག་ལ་ཉལ་ཡང་ཕུང་པོའི་ཁོངས་སུ་གཏོགས་པས། ༽རྣམ་པར་སྨིན་པའི་ཕུང་པོ་ལས་མ་འདས་པའི་གང་ཟག །ཁམས་གསུམ་དུ་ཀུན་དུ་སྦྱོར་བ་རྣམས་སྤངས་པས། སེམས་ཅན་ལས་ཀྱི་ཚེ་བཀག་པ་ཅེས་བྱ་བར་འདོད་དེ། ཇི་སྐད་དུ། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་ལས། །ཐབས་དང་ཤེས་རབ་རྣམ་སྤངས་ཤིང་། །ཕྱི་རོལ་དངོས་ལ་མངོན་ཞེན་པའི། །ཐེག་པ་དམན་པ་པ་རྣམས་ཀྱིས། །བླ་མེད་བྱང་ཆུབ་ཇི་ལྟར་ཐོབ། །ཅེས་པའི་ལན་དུ། བྱང་ཆུབ་རྣམ་པ་གཉིས་གསུངས་ཏེ། །ལྷག་མ་དང་བཅས་ལྷག་མ་མེད། །ལྷག་བཅས་ཕུང་པོའི་ངོ་བོ་སྟེ། །ཉོན་མོངས་པ་རྣམས་ཡོངས་སུ་བསྲེགས། །ལྷག་མེད་བག་ཆགས་མེད་པ་སྟེ། །མཁའ་ལྟར་དྲི་མེད་དག་པ་ཡིན། །བྱང་ཆུབ་རྣམ་པ་འདི་ལྟ་བུར། །རྒྱལ་བ་རྣམས་ཀྱི་ཐབས་ཀྱིས་བསྟནད། །ཅེས་གསུངས་པ་ལྟ་བུར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་འབྱུང་ལ། འདུས་མ་བྱས་ཀྱིས་ཕྱེ་བ་ནི་འཕགས་པའི་གང་ཟག་གོ། ཞེས་ཀྱང་འབྱུང་ན། བྱང་ཆུབ་རྣམ་པ་གསུམ་དུ་བསྟན་པ་རྣམས། ཅི་ཞིག་ཟད་ཅིང་མི་སྐྱེ་བ་ཤེས་ཞེ་ན། དེ་ལ་འདི་སྐད་དུ། ཁམས་གསུམ་དུ་ཀུན་དུ་སྦྱོར་བའི་ཉོན་མོངས་པ་རྣམས་སྤངས་པས་དགྲ་བཅོམ་པའོ། །གང་ཅི་ཡང་རུང་སྟེ། ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་སུ་ཤེས་པས། རང་བྱང་ཆུབ་བོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་གསུངས་པ་ལྟ་བུའོ། །ཧ་ཅང་སྤྲོས་པས་ཆོག་གོ །གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལྟར་གཉེན་པོ་མཐོང་བ་དང་བསྒོམ་པའི་ལམ་རིམས་ཀྱིས་བསྒོམས་ཤིང་། སྤང་བར་བྱ་བའི་ཉོན་མོངས་པ་རིམས་ཀྱིས་སྤངས་པས་འབྲས་བུ་ཅི་ཞིག་འཐོབ་ཅེ་ན། འདི་གསུངས་པ། འབྲས་བུ་རྣམ་པ་བཞི་ཐོབ་པ་ཡིན་ནོ། ཞེས་གསུངས་ཏེ། འདི་ལྟར་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའོ། །དེ་ལ་ཁམས་གསུམ་གྱི་ཉོན་མོངས་པའི་མཐོང་བས་སྤང་བར་བྱ་བ་མཐའ་དག་སྤངས་པ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་ལས་ཀྱང་། འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཆེ་འབྲིང་དགུར་ཕྱེ་བ་ལས། རྣམ་པ་གསུམ་པ་བཞི་པ་ཡན་ཆད་ལས་གྲོལ་བ་ནི་རྒྱུན་དུ་ཞུགས་པ་སྟེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་གྱི་རྒྱུན་ལ་ཞུགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །དྲུག་པ་ཟད་པ་ནི་ལན་ཅིག་ཕྱིར་འོང་བ་སྟེ། ཆུང་ངུའི་རྣམ་པ་ལུས་པས། འདོད་པའི་ཁམས་ཀྱི་ལྷ་དང་མིར་ཕྱིར་སྐྱེ་བ་ལེན་པས་སོ། །དགུ་པ་སྤངས་པ་ནི་ཕྱིར་མི་འོང་བ་སྟེ། འདོད་པའི་ཁམས་སུ་ཕྱིར་མི་སྐྱེ་བའི་ཕྱིར་རོ། །སྲིད་པའི་རྩེ་མོའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་ཡང་སྤངས་པ་ནི་དགྲ་བཅོམ་པ་སྟེ། ཨ་རི་ཧ་ཏ་ཞེས་བྱ་བའི་སྒྲ། ཨ་རི་ནི་དགྲ། ཧ་ཏ་ནི་བཅོམ་པ་སྟེ། ཁམས་གསུམ་དུ་སྐྱེ་བ་ལེན་པར་བྱེད་པའི་ཉོན་མོངས་པ་རྣམས་ཉིད་བདུད་དང་དགྲ་ཡིན་ལ། དེ་དག་བཅོམ་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་ཨ་རི་ན་ཧ་ཏ་བ་ཞེས་བྱ་སྟེ། ཨ་རི་ན་ནི་འོས་ཤིང་རིགས་པའི་དོན། ཧ་ཏ་བ་ནི་མཆོད་སྦྱིན་གྱི་ཚིག་སྟེ། ཁམས་གསུམ་གྱི་སྲེད་པ་ཟད་པ་དེ་ལ། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པའི་འོས་ཡིན་པས། མཆོད་འོས་ཞེས་བྱ་བར་ཡང་བཤད་དོ། །རང་བྱང་ཆུབ་ཅེས་བྱ་བ་ནི། མྱ་ངན་ལས་འདས་པའི་མཚན་ཉིད། རང་སངས་རྒྱས་ཀྱི་འབྲས་བུའི་ངོ་བོ། འདུས་མ་བྱས་པའི་མཚན་ཉིད་དོ། །གཞན་ནི་གོང་དུ་བསྟན་པ་བཞིན་ནོ། །འདི་ཡང་ལྟ་བ་ནི་ཉན་ཐོས་ལས་ཁྱད་པར་དུ་གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་ཤིང་། ཞེས་སྨོས་ཏེ། དེ་ལ་ཕུང་པོ་ལྔ་ལས་ནི་གཟུགས་ཀྱི་ཕུང་པོ་ལ་བདག་མེད་པར་རྟོགས། སྐྱེ་མཆེད་དང་ཁམས་ལས་ནི། གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་ཁམས་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཀྱི་ཕྱོགས་གཅིག་སྟེ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ། མདོར་ན་གཟུགས་ཀྱི་ཕུང་པོར་བསྡུས་པའི་ཆོས་ལ་བདག་མེད་པར་རྟོགས་སོ་ཞེས་སྦྱར་རོ། །རིག་བྱེད་མ་ཡིན་པའི་གཟུགས་འབའ་ཞིག་ནི་མ་ཡིན་ཏེ། མདོ་རྒྱུད་གཞན་ལས། རང་སངས་རྒྱས་ཀྱིས་གཟུགས་ཀྱི་ཕུང་པོ་རིལ་ལ་བདག་མེད་པར་རྟོགས་པར་འབྱུང་བ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཙམ་ནི། ཉན་ཐོས་མདོ་སྡེ་པས་ཀྱང་རྫས་སུ་མེད་པར་རྟོགས་པའ་ཕྱིར་རོ། །ལ་ལ་ན་རེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཅེས་བྱ་བ། གཟུང་བའི་རྟོག་པ་སྤངས་པའོ། །ཞེས་ཟེར་ཏེ། དེ་ཡང་དེ་སྤངས་པ་ནི་ཡིན་མོད་ཀྱི། དེའི་སྒྲ་དང་མཐུན་པ་ཡང་མ་ཡིན་ལ། དགོས་པ་དང་མཐུན་པ་ཡང་མེད་པས་ཆེད་པོར་མི་རུང་ངོ་། །བསྒོམ་པ་བསྟན་པ་ནི། སྔོན་གོམས་པའི་ཤུགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས། ཆོས་ཉིད་ཟབ་མོ་རྟོགས་ནས། ཞེས་སྨོས་པ་སྟེ། དེ་ལ་སྔོན་གོམས་པ་ནི། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དག་ལ། སངས་རྒྱས་ལ་བརྟེན་ཅིང་སྦྱངས་པའ་ཡིན་ལ། དེ་ནས་སྨོན་ལམ་གྱི་དབང་གིས་སངས་རྒྱས་འབྱུང་བ་དང་མ་འཕྲད་ན་རང་སངས་རྒྱས་སུ་འགྱུར་བས། སྔོན་གོམས་པའི་ཤུགས་ཀྱིས་ཞེས་བྱའོ། །གཞན་ཡང་རང་སངས་རྒྱས་བསེ་རུ་ལྟ་བུ། བསྐལ་པ་བརྒྱར་ཚོགས་བསགས་པའི་རྒྱུ་ལས་འགྲུབ་པས། སྔོན་སྦྱངས་པའི་ཤུགས་ཅན་ནོ། །དེ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ནི། དྲོད་ལས་དང་པོར་གཟུང་བའི་རྟོག་པའི་ཕྱོགས་ཆ་ཉམས་པར་བྱས་པས། ཆོས་ཀྱི་མིག་དང་པོ་རྙེད་པའོ། །རིགས་ཀྱི་ས་ནི། ཆོས་ལ་བཟོད་པ་ཐོབ་ནས། བྱང་ཆུབ་རྣམ་གསུམ་ཐོབ་པའི་རིགས་དང་ལྡན་པ་སྟེ། དེ་ནས་རིགས་འབྱེད་ཞེས་ཀྱང་བཤད་དོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ་ནས་ཆོས་ཉིད་ཟབ་མོ་རྟོགས་པ་ནི། འདི་ལྟར་ཆོས་ཐམས་ཅད་ནི། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་དེ། བྱེད་པ་པོས་མ་བྱས། དབང་ཕྱུག་གིས་མ་བསྐོས། རང་བཞིན་མ་བྱུང་། དུས་ཀྱིས་མ་བསྒྱུར། རྒྱུ་མེད་པ་ལས་མ་བྱུང་སྟེ། རྟག་པ་མ་ཡིན། ཆད་པ་མ་ཡིན། སེམས་ཅན་འཕོ་བ་མ་ཡིན་ཏེ། རྒྱུ་རྐྱེན་རྟེན་ཅིང་འབྲེལ་ཏེ་འབྱུང་བ། སྒྱུ་མ་ལྟ་བུའི་མཚན་ཉིད་དུ་རྟོགས་ནས། ཚིག་གི་དོན་མེད་པར་ཁོང་དུ་ཆུད་པས། བརྗོད་པ་དང་བྲལ་ཏེ། ངག་ཤིན་ཏུ་འགོག་པའི་ཏིང་ངེ་འཛིནད་ལ་ཡང་དག་པར་རེག་པར་བྱེད་དེ་གནས་པ་ཡིན་ནོ། །འོན་ཀྱང་ཆོས་ཐམས་ཅད་བརྗོད་དུ་མེད་དོ་སྙམ་པའི་འདུ་ཤེས་ནི་འཇུག་སྟེ། དེ་བས་ན་ཏིང་ངེ་འཛིན་འདི་ནི་འཛིན་པའྀ་རྟོག་པ་ན་མ་སྤངས་པའོ་ཞེས་་འདོད་དོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་རྟོགས་པའི་ཚེ། བདེན་པ་བཞིའི་དོན་བསྒོམས་པ་ཡང་ཡིན་ཏེ། དེ་ལ་ཡན་ལག་བཅུ་གཉིས་ལས། སྡུག་བསྔལ་བདུན་ནི་སྡུག་བསྔལ་གྱི་བདེན་པ། ཉོན་མོངས་པ་གསུམ་དང་ལས་གཉིས་ནི་ཀུནད་འབྱུང་གི་བདེན་པ། ཀུནད་ནས་ཉོན་མོངས་པ་དེ་དག་དང་བྲལ་བ་ན་འགོག་པའི་བདེན་པ། དེར་འགྲོལ་བའི་ལམ་གྱི་མཚན་ཉིད་རྟེན་ཅིང་འབྲེལ་པའི་དོན་རྟོགས་ནས་སྒོམ་པར་བྱེད་པ་ནི་ལམ་གྱི་བདེན་པའོ། །རྣམ་པ་གཅིག་ཏུ་ཡན་ལག་བཅུ་གཉིས་རེ་རེ་ལ་ཡང་བདེན་པ་བཞི་བཞི་དང་ལྡན་ཏེ། ཡན་ལག་དེ་དག་རང་གི་བདག་ཉིད་ཐོབ་པ་ནི། སྡུག་བསྔལ་གྱི་བདེན་པའོ། །དེ་དག་གཅིག་གི་རྐྱེན་གྱིས་གཅིག་མངོན་པར་གྲུབ་པར་བྱེད་པ་ནི། ཀུནད་འབྱུང་གི་བདེན་པའོ། །དེ་དག་གཅིག་འགགས་པས་གཅིག་འགོག་པ་ནི་འགོག་པའི་བདེན་པའོ། །དེ་དག་འགོག་པར་བྱ་བའི་ཕྱིར། དེ་དག་ཉིད་ཕྱིན་ཅི་མ་ལོག་པར་བསྒོམས་པ་ནི་ལམ་གྱི་བདེན་པ་སྟེ། དེ་ལྟར་བདེན་པ་བཞི་ལ་དམིགས་པའི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཀྱང་། ཡན་ལག་རེ་རེ་ལ་འབྱུང་བས། ཡེ་ཤེས་སྐད་ཅིག་མ་བརྒྱ་དགུ་བཅུ་རྩ་གཉིས། སྟན་ཅིག་གིས་སྟེང་དུ་སྐྱེས་ནས། རང་བྱང་ཆུབ་ཀྱི་འབྲས་བུ་འཐོབ་བོ་ཞེས་ཟེར་རོ། །ཡོང་ནི་དེ་ལྟར་རྣམ་པར་བཞག་ན། ཡེ་ཤེས་དེ་དག་གི་སྤང་བར་བྱ་བའི་ཉོན་མོངས་པའང་དེ་སྙེད་དུ་འགྱུར་བས། དེ་བས་ན་གོང་དུ་ཉན་ཐོས་ཀྱི་སྐབས་སུ་བཤད་པ་བཞིན་དུ། ཡེ་ཤེས་དང་ཉོན་མོངས་པའི་རྣམ་གྲངས་ནི། དམིགས་པའི་ཡུལ་གྱིས་ཕྱེ་བའི་བྱེ་བྲག་ཙམ་ཡིན་པས། གང་ཟག་དང་ཆོས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་སྒོར་གྱུརད་པ། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་རྟོགས་པའི་ཤེས་རབ་དང་ཏིང་ངེ་འཛིནད་དེ་ཉིད་ཀྱིས། བདག་ཏུ་ལྟ་བ་ལས་བྱུང་བའི་ཉོན་མོངས་པའི་སྒྱུ་འཕྲུལ་རྣམས་རང་ཞི་བར་འགྱུར་རོ། །དེ་ལ་ཕྱིན་ཅི་ལོག་གི་ལྟ་བ་སེལ་བའི་ཚུལ་ནི། རྟེན་པའི་དོན་གྱིས་བྱེད་པ་པོས་བྱས་པ་དང་། དབང་ཕྱུག་གིས་བསྐོས་པ་དང་། རང་བཞིན་བྱུང་བ་ལྟ་བུ་སེལ་བར་བྱེད་དོ། །འབྲེལ་བའི་དོན་གྱིས་དུས་ཀྱིས་བསྒྱུར་བ་དང་། རྒྱུ་མེད་པ་ལས་བྱུང་བར་ལྟ་བ་ལྟ་བུ། རྒྱུ་དང་འབྲས་བུ་མཚུངས་པར་མི་འབྱུང་བར་ལྟ་བ་རྣམས་སེལ་ཏོ། །འབྱུང་བའི་དོན་གྱིས་སྐུར་པའི་གནས་རྣམས་སེལ་ཏོ། །མདོར་བསྡུ་ན་རྟེན་པའི་དོན་གྱིས། རྟག་པར་ལྟ་བ་བདག་རང་དབང་ཐོབ་པར་སྨྲ་བ་སེལ་ཏོ། །འབྲེལ་ཏེ་འབྱུང་བའི་དོན་གྱིས། ཆད་པར་ལྟ་བ་འཇིག་རྟེན་མེད་པར་སྨྲ་བ་སེལ་ཏོ། །དེ་ལྟར་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་ལ་མཁས་པས། དངོས་པོ་རྣམས་འབྲས་བུའང་རྒྱུ་ལ་ལྟོས། རྒྱུའང་འབྲས་བུ་ལ་ལྟོས་པས། བདག་ཉིད་ཐོབ་པ་མེད་པར་ཁོང་དུ་ཆུད་པས་ནི། ཕྱི་རོལ་པའི་རྟག་ཆད་ཀྱི་མཐའ་བསལ་བ་ཙམ་དུ་མ་ཟད་ཀྱི། ཆོས་ཐམས་ཅད་ལ་གཟུང་བར་བྱ་བའི་དོན་གྱི་རང་གི་ངོ་བོ་གང་ཡང་མ་མཐོང་བས། ཕྱིའི་ཡུལ་ལ་བདག་མེད་པར་རྟོགས་ཤིང་། གཟུང་བའི་རྟོག་པའ་ཡང་སྤངས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །འོ་ན་རྟེན་འབྲེལ་གྱི་ཚུལ་ཟབ་མོ་རྟོགས་ན། དེས་ཅིའི་ཕྱིར་འཛིནད་པ་ལ་བདག་མེད་པར་མ་རྟོགས་ཤིང་། འཛིན་པའི་རྟོག་པ་མི་སྤོངས་ཤེ་ན། དེ་ལ་འདི་བརྗོད་པར་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ཟབ་མོའི་ཆོས་ནི། ཉན་ཐོས་ཀྱིས་ཀྱང་རྟོགས། རང་སངས་རྒྱས་ཀྱིས་ཀྱང་རྟོགས། རྣལ་འབྱོརད་སྤྱོད་པ་པས་ཀྱང་རྟོགས། དབུ་མ་པས་ཀྱང་རྟོགས་མོད་ཀྱི། ཚུལ་དེ་རྣམས་ཀུན་ཁྱད་པར་ཅུང་ཟད་ཀྱང་མེད་པར་མཐརད་ཕྱིན་པར་རྟོགས་པར་མཚུངས་པ་ནི་མ་ཡིན་ཏེ། འདི་ལྟར་ཉན་ཐོས་ཀྱིས་ནི་རྟེན་འབྲེལ་རྟོགས་ཀྱང་། དེའི་མཐུས་ཕུང་པོ་སྐྱེ་བ་དང་འཇིག་པར་རྟོགས་ནས། མཐའ་གཉིས་བསལ་བར་ཟད་དེ། རྒྱུ་དང་འབྲས་བུའི་དངོས་པོ། སྤྱི་དང་རང་གི་མཚན་ཉིད་ལ་མངོན་པར་ཞེན་པ་ནི་མ་སྤངས་སོ། །རང་སངས་རྒྱས་ཀྱིས་རྟེན་འབྲེལ་ཀྱི་ཚུལ་རྟོགས་པས་ནི། དེའི་སྟེང་དུ་རྒྱུ་འབྲས་ཀྱི་དངོས་པོ་རྣམས་ཀྱི་བདག་ཉིད་ཐོབ་པ་མེད་པར་རིག་པས། བཟུང་བར་བྱ་བའི་དོན་མེད་པར་རྟོགས་ཀྱི། དོན་མེད་དོ་སྙམ་པའི་འཛིན་པའི་བློ་ཡང་མི་འཇུག་གོ་སྙམ་པའི་བློ་མི་སྐྱེ་བར་སྤོངས་པ་ནི་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་རྟེན་འབྲེལ་གྱི་ཚུལ་རྟོགས་པས་ཀྱང་། དེའི་སྟེང་དུ་གཟུང་བ་དང་འཛིན་པའི་ངོ་བོ་བདག་ཉིད་ཐོབ་པ་མེད་པར་རྟོགས་པས། ཆོས་ཐམས་ཅད་ལ་གཟུང་འཛིནད་གཉིས་ཀྱིས་སྟོང་བར་རྟོགས་ཀྱི། འདི་ལྟར་སེམས་དང་སེམས་ལས་བྱུང་བ། གང་གི་ཡང་གཟུང་བ་མ་ཡིན་པ། གང་ལ་ཡང་འཛིན་པར་བྱེད་པ་མ་ཡིན་པ། རང་རིག་པ་ཙམ་པོ། རྒྱུ་རྐྱེན་རྟེན་འབྲེལ་ལས་སྐྱེ་བ་འདི་ནི། རང་གི་ངོ་བོ་གྲུབ་པར་སྨྲ་སྟེ། བདག་མེད་པར་མ་རྟོགས་སོ། །དབུ་མ་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཚུལ་རྟོགས་པས་ནི། རང་རིག་པ་དེ་ཉིད་ཀྱང་། རྒྱུ་དང་འབྲས་བུའི་དངོས་པོའི་བདག་ཉིད་ཐོབ་པ་མེད་པར་རྟོགས་ཏེ། སྤྲོས་པ་ཐམས་ཅད་ལས་ཡོངས་སུ་འདས་པར་རྟོགས་སོ། །དེ་ལྟ་བས་ན་རྟེནད་འབྲེལ་གྱི་ཚུལ་ནི། རྒྱུ་དང་འབྲས་བུ་རང་གི་ངོ་བོ་ལ་མཁས་པ་ཡིན་ལ། དེའི་མཐུས་རྒྱུ་འབྲས་ལ་ལོག་པར་རྟོག་པ་སེལ་བ་ནི། ཐམས་ཅད་ཀྱི་ཐུན་མོང་གི་ཆོས་ཡིན་པ་ལས། ཉན་ཐོས་ཀྱིས་ནི། ཆོས་ཀྱི་རྒྱུ་འབྲས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པས། ཕྱི་རོལ་གྱི་མུ་སྟེགས་ཅན་གྱི་རྒྱུ་འབྲས་ལ་ལོག་པར་རྟོག་པ་བསལ་ཏོ། །རང་སངས་རྒྱས་ཀྱས་ནི། རྟེན་འབྲེལ་དེ་ཉིད་དེ་བས་ཟབ་ཏུ་རྟོགས་པས། རྒྱུ་དང་འབྲས་བུའི་དངོས་པོ་གཟུང་བའི་དོན་དུ་ཡང་མེད་པར་རྟོགས་སོ། །རྣལ་འབྱོརད་སྤྱོད་པ་བས་ནི། རྟེན་འབྲེལ་དེ་ཉིད་དེ་བས་ཟབ་དུ་རྟོགས་པས། རྒྱུ་དང་འབྲས་བུའི་དངོས་པོ་འཛིན་པའི་བདག་ཉིད་དུ་ཡང་མེད་པར་རྟོགས་སོ། །དབུ་མ་པས་ནི། རྟེན་འབྲེལ་དེ་ཉིད་དེ་བས་ཀྱང་ཟབ་ཏུ་རྟོགས་པས། རྒྱུ་དང་འབྲས་བུའི་དངོས་པོ་རང་རིག་པའི་བདག་ཉིད་དུ་ཡང་མེད་པར་རྟོག་པས། སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་ཞེས་བྱའོ། །དེ་ལྟ་བས་ན་རྒྱུ་དང་འབྲས་བུའི་ཚུལ་རྟོགས་པ་རགས་པ་དང་ཟབ་པར་རྟོགས་པ་ལ་བརྟེན་ནས། རྒྱུ་དང་འབྲས་བུ་ལ་ལོག་པར་རྟོག་པ་སེལ་བ་ཡིན་པས་སོ། །འདི་སྐད་དུ། རྟེན་འབྲེལ་ཐམས་ཅད་ཀྱི་ཐུན་མོང་ཡིན་ན། རང་སངས་རྒྱས་རྣམས་ཀྱི་ཁྱད་པར་གྱི་ལམ་དུ་ཅིའི་ཕྱིར་བསྟན་ཅེ་ན། དེ་ནི་འདི་ལྟར་རང་སངས་རྒྱས་རྣམས་དགེ་བའི་བཤེས་གཉེན་གྱི་སྒྲ་ལ་མི་རྟེན་པས། འཁོར་བའི་ཉེས་དམིགས་སྡུག་བསྔལ་མཐོང་བ་ཉིད། བྱང་ཆུབ་ཀྱི་རྐྱེན་དུ་འགྱུར་ཏེ། དེས་བསྐུལ་པ་དང་། གཞན་ལ་མི་རྟེནད་པས། རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་འཇུག་པའི་ཕྱིར། སྡུག་བསྔལ་གྱི་མཚན་ཉིད་དང་། དེའི་རྒྱུ་བརྟག་པ་དང་། དེ་དགག་པ་དང་། དེ་དགག་པའི་ཐབས་བརྟག་པ་ལས་སྒོ་གཞན་མེད་དེ། དེའི་ཕྱིར་དེ་དག་ཁོ་ན་གཙོར་བསྟནད་དགོས་པ་ཉིད་དོ། །ཧ་ཅང་སྤྲོས་པས་ཆོག་གོ །དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། དེ་ལྟར་རྟེན་ཅིང་འབྲེལ་པའི་སྒོ་ནས་ལམ་བསྒོམ་པ་བསྟན་ནས། འབྲས་བུ་བསྟན་པ་ནི། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ཡིན་ནོ། །ཞེས་གསུངས་པ་སྟེ། དེ་ཡང་འདི་ལྟར་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས་ལས། རྒྱུ་ལ་ཞུགས་པ་དང་འབྲས་བུ་ཐོབ་པའི་བྱེ་བྲག་གིས། གང་ཟག་རྣམ་པ་བཞི་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལ་བསེ་རུ་ལྟ་བུ་ནི། དབང་པོ་རྣོན་པོ་ཡུལ་དང་དུས་ལ་མི་ལྟོས་པ། བསྐལ་པ་བརྒྱར་ཚོགས་བསགས་པས། སྐལ་བ་རབ་དང་ལྡན་པ། ལས་ཀྱི་མཐའ་ལ་བབ་པས། ལྟོས་པ་མེད་པར་གཅིག་པུར་གནས་པའི་ཕྱིར། བསེ་རུ་ལྟ་བུ་ཞེས་བྱའོ། །ཚོགས་དང་སྤྱོད་པ་ནི། དབང་པོ་རྟུལ་པོ་ཡུལ་དང་དུས་ལ་ལྟོས་ཤིང་། དེ་ལྟ་བུའི་སྐལ་བ་རབ་དང་མི་ལྡན་པས། གཞན་ལ་ལྟོས་པའི་ཕྱིར། སྡེ་དང་ཁྱུས་གནས་པས། ཚོགས་དང་སྤྱོད་པ་ཞེས་བྱའོ། །འོ་ན་གཅིག་ལ་གཅིག་སློབ་དཔོན་དུ་མི་འགྱུར་རམ་ཞེ་ན། རང་རེ་གཙོ་བོ་ཡིན་པའི་ཕྱིར། སློབ་དཔོན་ནི་མེད་དེ། འོན་ཀྱང་དེ་བཞིན་གཤེགས་པའི་བྱིན་རླབས་རྐྱེནད་གཞན་དུ་སྣང་བ་ནི་འབྱུང་དུ་རུང་ངོ་། །དེ་ཡང་སངས་རྒྱས་ལ་བརྟེན་པའི་གྲངས་སུ་ནི་མི་འགྱུར་ཏེ། སངས་རྒྱས་སུ་མི་སྣང་བའི་ཕྱིར་རོ། །འདི་ལྟ་བུའི་གང་ཟག་ཀྱང་། སྔོན་སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་སྔོན་རོལ་དུ། ཡུལ་བ་ར་ན་སེ་ལ་སོགས་པར། རང་སངས་རྒྱས་ཤེས་རབ་མགྱོགས་ཆེན་དང་། རྫུ་འཕྲུལ་ཆེར་སྟོན་ལ་སོགས་པ་བྱུང་བར་གྲགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ནི་རྒྱུའི་སྒོ་ནས་སྨོས་པ་སྟེ། འབྲས་བུ་ནི་གསང་སྔགས་དང་བྱེ་བྲག་མེད་པས། དེ་བས་ན་ལམ་གྱིས་བྱེ་བྲག་དུ་བྱ་བའི་ཕྱིར། དེ་སྐད་སྨོས་སོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད། དོན་དམ་པར་ནི་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་སྒྱུ་མ་ཙམ་དུ་མཚན་ཉིད་མ་འདྲེས་པར་ཡོད་དེ། ཞེས་པ་ནི་ལྟ་བ་བསྟན་པ་ཡིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་ནི། འདིར་འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་ལ་འཇུག་སྟེ། འདིས་སམ་འདི་ཀུན་ནས་ཉོན་མོངས་པར་བྱེད་པས་དེ་སྐད་ཅེས་བྱའོ། །རྣམ་པར་བྱང་བ་ཡང་དེ་བཞིན་ནོ། །དོན་དམ་པར་རང་བཞིན་མེད་ཅེས་བྱ་བ་ལ། དོན་དམ་པ་རང་གི་ངོ་བོ་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་བྱ་སྟེ། དོན་གྱི་སྒྲ་ཡུལ་ལ་འཇུག་པས། ཡེ་ཤེས་དམ་པའི་ཡུལ་ཡིན་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་དུ་དོན་གྱི་སྒྲ་དགོས་པ་ལ་འཇུག་པས། ཐོབ་པར་བྱ་བའི་དགོས་པ་རྣམས་ཀྱི་ནང་ན་དམ་པ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་དག་ལྟར་ན་སྤྱིར་ཆོས་ཉིད་དུ་མཐུན་ཡང་། སྔ་མ་ནི་དེ་བཞིན་ཉིད་སྤྱི་ལ་འཇུག། །ཕྱི་མ་ནི་ཆོས་ཉིད་དག་པ་སྟེ། མྱ་ངན་ལས་འདས་པ་ལ་འཇུག་གོ །དེ་ཉིད་ཕྱིན་ཅི་མ་ལོག་པས་དོན་དམ་པའི་བདེན་པ་ཞེས་ཀྱང་བྱ་སྟེ། འཕགས་པ་བདེན་པ་མཐོང་བ་རྣམས་ལ་དེ་ལྟར་བདེན་པར་གྲུབ་པའི་ཕྱིར་རོ། །འདི་ཡང་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་བྱས་ཞེའོ། །དེ་ལ་དབྱེ་བ་ནི་རྣམ་པ་གཉིས་ཏེ། རྣམ་གྲངས་ཀྱི་དོན་དམ་པ་དང་། སྤྲོས་པ་དང་བྲལ་བའི་དོན་དམ་པའོ། །དེ་ལ་རྣམ་གྲངས་ཀྱི་དོན་དམ་པ་ནི། སྤྲོས་པ་ཕྱོགས་རེ་ཆད་པ་དང་། ཕྱོགས་རེ་མ་ཆད་པའི་བློའི་ཡུལ་ཏེ། འདི་ལྟར་སྟོང་པ་ཉིད་བཅོ་བརྒྱད་ལས་སོགས་པ། དོན་དམ་པའི་རྣམ་གྲངས་ཀྱི་ཚིག་གིས་བསྟན་པར་བྱ་བའི་ཚིག་གི་དོན་རྣམས་སོ། །སྤྲོས་པ་དང་བྲལ་བའི་དོན་དམ་པ་ནི། སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བའི་རང་བཞིན་གང་ཡིན་པའོ། །དེའི་དབང་དུ་བྱས་ན་དངོས་པོ་རྣམས་ཀྱི་རང་བཞིན་གང་ཡང་མི་འགྲུབ་པས། དོན་དམ་པར་རང་བཞིན་མེད་ཅེས་བྱ་སྟེ། ཚུལ་འདི་ནི་ལུང་བརྩན་པར་བསྒྲུབ་པའི་ཚུལ་ཞེས་བྱའོ། །རིགས་པ་བརྩནད་པར་བསྒྲུབ་པའི་ཚུལ་ལྟར་ན། དོན་དམ་པར་རང་བཞིན་མེད་ཅེས་བྱ་བ་ལ། །དམ་པ་ནི་བློའི་དམ་པ་སྟེ། དངོས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱི་མཐརད་ཐུག་པ། རིག་པའི་དམ་པ་ལ་བྱ་སྟེ། དེའི་ཡུལ་དུ་བསྒྲུབ་དུ་རུང་བའི་དངོས་པོའི་རང་བཞིན་གང་ཡང་མི་འགྲུབ་པས། དོན་དམ་པར་རང་བཞིན་མེད་ཅེའམ། དམ་པའི་དོན་དུ་རང་བཞིན་མེད་ཅེས་བྱའོ། །ཀུནད་རྫོབ་ཅེས་བྱ་བའི་རང་གི་ངོ་བོ་ནི། འཁྲུལ་པའི་ཤེས་པ་སྣང་བ་དང་བཅས་པ་ལ་བྱ་སྟེ། དེ་ཡང་སམ་བྷྲི་ཏ་ཞེས་བྱ་བའི་སྒྲ། སམ་ནི་ས་མ་ཀ་སྟེ་ཡང་དག་པ། བྷྲི་ཏ་ནི་སྒྲིབ་པའི་དོན་ལ་འཇུག་པས། ཡང་དག་སྒྲིབ་ཅེས་བཤད་དེ། དེ་ལྟ་ན་འཁྲུལ་པའི་བློ་ཉིད་ཀྱིས་བློ་དེ་ཉིད་ལ་བསྒྲིབས་ནས། ཡང་དག་པའི་དོན་མཐོང་བ་ལ་གེགས་བྱས་པས་ཡང་དག་སྒྲིབ་ཅེས་བྱའོ། །དེ་ལྟར་ན་བློའི་སྣང་བ་ལ་ཀུན་རྫོབ་པ་ཞེས་གདགས། ཡང་ན་སམ་ནི་ས་མ་ཏ་སྟེ་ཀུན་ལ་བྱ། འབྲི་ཏ་ནི་བརྫབས་པའི་ཚིག་སྟེ། དེ་ལྟ་ན་མཁས་པ་པཎྜི་ཏ་ནས། བླུན་པོ་བ་ལང་རྫི་ཡན་ཆད་ཀུན་གྱིས་མཐུན་པར། གློ་བུར་འཁྲུལ་པའི་བློས་བརྫབས་ཤིང་བརྟགས་ཏེ། རྣམ་པར་བཞག་པའི་དོན་ཡིན་གྱི། དོན་མ་བཅོས་པ། མ་བརྟགས་པ། མ་བསླད་པ། གཉུག་མའི་དོན་མ་ཡིན་པས་ཀུན་རྫོབ་ཅེས་བྱ་སྟེ། དེ་ལྟ་ན་སྣང་བའི་དོན་ནི་ཀུན་རྫོབ་ཡིན་ལ། འཁྲུལ་པའི་བློ་ནི་ཀུན་རྫོབ་པ་ཞེས་བྱའོ། །ཀུནད་རྫོབ་ཀྱི་འཇུག་ཚད་ནི། ཇི་སྲིད་དུ་མངོན་པར་འདུ་བྱ་བ་དང་བཅས་པའི་བློའི་སྤྱོད་ཡུལ་དུ་བྱས་པ། ཚིག་དང་ཡི་གེས་བརྗོད་པ་ཐམས་ཅད་ཀུན་རྫོབ་ཅེས་ཤེས་པར་བྱའོ། །འདི་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་བློ་ལ་གྲགས་པ་དང་། ཐ་སྙད་ཙམ་དུ་བདེན་པས། ཀུནད་རྫོབ་ཀྱི་བདེན་པ་ཞེས་ཀྱང་བྱའོ། །འདི་ཡང་ཤེས་པ་ནི་འཁྲུལ་པའི་ཤེས་པའི་སྤྱོད་ཡུལ་དུ་བྱས་སོ་ཞེས་སྦྱར་རོ། །དབྱེ་བ་ནི་རྣམ་པ་གཉིས་ཏེ། ཡང་དག་པའི་ཀུནད་རྫོབ་དང་། ལོག་པའི་ཀུན་རྫོབ་བོ། །དེ་ལ་ཡང་དག་པའི་ཀུན་རྫོབ་ནི། དངོས་པོ་རྒྱུ་རྐྱེན་ལས་སྐྱེས་པ། མཐུན་པར་སྣང་བ། དོན་བྱེད་ནུས་པ། བརྟགས་ན་དབེན་པའི་མཚན་ཉིད་ཅན་རྣམས་སོ། །ལོག་པའི་ཀུན་རྫོབ་ནི། སྣང་དུ་འདྲ་ཡང་དེ་ལྟར་དོན་བྱེད་མི་ནུས་པ་རྣམས་སོ། །གཞན་ཡང་གཟུགས་བརྙན་ལྟ་བུ། སྣང་ཡང་དོན་བྱེད་མི་ནུས་དང་། བདག་རྟག་པ་ལྟ་བུ། སྣང་ཡང་མི་སྣང་དོན་བྱེད་ཀྱང་མི་ནུས་པ་དང་། ཡི་གེ་དང་མིང་དང་ཚིག་གི་ཚོགས་ལྟ་བུ། དངོས་པོ་མེད་པ་ལ་དངོས་པོར་བརྟགས་པ་རྣམས་ནི། ལོག་པའི་ཀུན་རྫོབ་བོ་ཞེས་འབྱུང་ངོ་། །སྒྱུ་མ་ཙམ་དུ་ཞེས་བྱ་བ་ནི། སྣང་ཡང་ཡང་དག་པར་མ་གྲུབ་པས་ན་སྒྱུ་མ་ལྟ་བུ་ཞེས་བྱའོ། །ཙམ་གྱི་སྒྲ་ནི་ཡང་དག་པར་གྲུབ་པ་དགག་པའོ། །མཚན་ཉིད་མ་འདྲེས་པར་ཡོད་དོ་ཞེས་བྱ་བ་ནི། རང་རང་གི་བྱ་བ་བྱེད་པ་ལ་སོགས་པའི་ནུས་པ་ལ་མེད་པར་སྐུར་པ་གདབ་ཏུ་མི་རུང་བའོ། །ཡང་ན་མཚན་ཉིད་མ་འདྲེས་པར་ཡོད་ཅེས་བྱ་བ་འདི་ཡང་། གང་ཟག་ལས་མཐུན་ཕྱོགས་གཅིག་གི་བློའི་སྤྱོད་ཡུལ་གྱི་དབང་དུ་བྱས་པར་ཟད་དེ། གང་ཟག་སྤྱིའི་དབང་དུ་གཞག་ན། སྤྱོད་ཡུལ་ཡོངས་སུ་དག་པ་དང་མ་དག་པ་དང་། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དང་། སྤྱོད་པ་མ་ཡིན་པ་དག་དང་། ཉེ་བར་སྤྱོད་པ་དང་ཉེ་བར་སྤྱོད་པ་མ་ཡིན་པ་དག་དང་། བྱ་བ་བྱེད་པ་དང་། བྱེད་པ་མ་ཡིན་པ་དག་དང་། མཚན་ཉིད་པ་དང་ཀུན་དུ་བརྟགས་པ་དག་དང་། རྫས་སུ་ཡོད་པ་དང་བཏགས་པའི་ཡོད་པ་ལ་སོགས་པར་རྣམ་པར་བཞག་པ་དག་གིས་ཐུན་མོང་དུ་གཞལ་ན། མཚན་ཉིད་སོ་སོར་གཞག་པ་གང་ཡང་མི་འགྲུབ་སྟེ། ཀུན་རྫོབ་རྣམ་པ་གཉིས་སུ་གཞག་པ་ཡང་དེ་ལྟར་གྲུབ་པར་མི་འགྱུར་རོ། །འདི་ནི་ལུང་བརྩན་པར་བྱས་པའི་ཚུལ་གྱིས་བསྒྲུབས་པའོ། །རིགས་པ་བརྩན་པར་བྱས་པའི་ཚུལ་ལྟར་ན། ཀུན་རྫོབ་ནི་དབང་པོའི་བློ་ལ་བྱ་སྟེ། དེའི་ཡུལ་དུ་གྲུབ་པས་ཀུན་རྫོབ་ཏུ་གྲུབ་ཅེས་བྱའོ། །ད་ནི་བསྒོམ་པའི་ལམ་བསྟན་པའི་ཕྱིར། ཕ་རོལ་དུ་ཕྱིན་པ་བཅུ་སྤྱད་པའི་འབྲས་བུ་ས་བཅུ་རིམ་གྱིས་བགྲོད་པ་ཞེས་སྨོས་ཏེ། དེ་ལ་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་འདི་བཅུ། ཤེས་རབ་ཀྱིས་ཡོངས་སུ་ཟིན་ན། ཕ་རོལ་དུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་སྟེ། དེ་ཡང་པ་ར་མི་ཏ་ཞེས་བྱ་བའི་སྒྲ། པ་ར་མི་ནི་དམ་པ། །ཨི་ཏ་ནི་གྱུརད་པ་སྟེ། འདི་ལྟར་ཤེས་རབ་ཐམས་ཅད་ཀྱི་ནང་ན་དམ་པར་གྱུརད་ཅིང་མཐར་ཕྱིན་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཡིན་པས། དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་དེས་ཡོངས་སུ་ཟིན་པའི་སྦྱིན་པ་ལ་སོགས་པའང་དམ་པར་འགྱུར་བ་དང་། དེའི་གྲོགས་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི། རྒྱ་ཆེ་བ་དང་ཡུན་རིང་བ་དམ་པ་ལ་སོགས་པར་གྱུརད་པས་ཀྱང་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་དུ་པ་ར་མི་ཏ་ཞེས་བྱ་སྟེ། ཕ་རོལ་དུ་ཕྱིན་པའི་སྒྲ་ཡིན་པས་ཤེས་རབ་ལས་འདས་ཏེ། ཡུལ་དུ་མ་གྱུརད་པ་ནི། །ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་བྱ་སྟེ། འདི་ཕ་རོལ་དུ་ཕྱིན་པས་ཅེས་སྦྱར། ཡང་ན་འདིས་འཁོར་བའི་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པར་བྱེད་པས་དེ་སྐད་ཅེས་བྱ་སྟེ། ལམ་ལ་སྦྱར་རོ། །ས་ཞེས་བྱ་བ་ནི། ས་དང་འདྲ་བས་ས་ཞེས་བྱ་སྟེ། ས་དང་པོ་ནས་བཅུ་པ་དག་གི་ཤེས་རབ་དང་ཏིང་ངེ་འཛིན་ཟུང་དུ་འབྲེལ་བའི་བདག་ཉིད། ཡེ་ཤེས་ཀྱི་ས་ཡིན་ཏེ། སྒྲིབ་པའི་གཉེན་པོར་གྱུརད་པས། ཇི་ཙམ་དུ་སྒྲིབ་པ་འབྲི་བ་དང་། ཡེ་ཤེས་འཕེལ་བའི་ཤེས་རབ་དང་ཏིང་ངེ་འཛིན་དེ་ཉིད། དགེ་བའི་རྩ་བ་ཐམས་ཅད་ཀྱི་གནས་དང་རྒྱུར་གྱུརད་པ་དང་། གང་ཟག་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། ཡེ་ཤེས་དེ་དག་ལ་གནས་ཤིང་སྤྱོད་པས། དེ་བས་ན་གནས་པ་དང་འཛིན་པ་དང་སྤྱོད་པའི་དོན་ཀྱིས། ས་དང་འདྲ་བས་ས་ཞེས་བྱའོ། །ད་ནི་འབྲས་བུ་བསྟན་པའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་འགྲུབ་པ་ཡིན་ནོ། །ཞེས་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལས་འདས་པ། མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ། ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པའི་མཚན་ཉིད། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤངས་པ། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། རྣམ་པ་ཐམས་ཅད་མཆོག་གི་ཡེ་ཤེས་ཀྱི་གནས་བརྙེས་པ་ནི། བླ་ན་མེད་པའི་བྱང་ཆུབ་བོ། །དེ་ལྟར་མཚན་ཉིད་ཀྱི་ཐེག་པ་རྣམ་པ་གསུམ་ལ། སོ་སོའི་ལྟ་བ་དང་ལམ་དང་འབྲས་བུ་རྣམ་པ་གསུམ་དུ་ཕྱེ་སྟེ་བསྡུས་ནས་བསྟན་པ་མཛད་དེ། དེ་ལས་འདིར་དབྱེ་བ་གཞན་ཡང་ཅུང་ཟད་རྣམ་པར་གཞག་ན། སྤྱོད་ཡུལ་གྱི་བྱེ་བྲག་ནི། ཉན་ཐོས་རྣམས་ནི། དམིགས་པ་དང་བཅས་པའི་ས་ལ་གནས་པའི་སྤྱོད་ཡུལ་ཅན། རང་སངས་རྒྱས་ནི་བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པའི་སྤྱོད་ཡུལ་ཅན། བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅན་ནོ། །རྣམ་པར་གྲོལ་བའི་སྒོའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་རྒྱུ་དང་རྐྱེན་ལས་རྣམ་པར་གྲོལ་བའི་རྣམ་པར་ཐརད་པའི་སྒོ་ནས་སྐྱེས་པའོ། །རང་སངས་རྒྱས་ནི་རྒྱུ་དང་འབྲས་བུ་རྣམ་པར་བཤིག་པའི་རྣམ་པར་ཐར་པའི་སྒོ་ལས་སྐྱེས་པའོ། །བྱང་ཆུབ་སེམས་དཔའ་ནི་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ལས་སྐྱེས་པའོ། །ཏིང་ངེ་འཛིན་གྱི་མཐུའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ལས་ཀྱི་ཚེ་རྣམ་པར་སྦྱོང་བ་ལ་ཏིང་ངེ་འཛིན་གྱི་མཐུའི་ཁྱད་པར་ཅན་མ་རྙེད་པའོ། །རང་སངས་རྒྱས་ནི་མཐུ་ཁྱད་པར་ཅན་རྙེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ལས་ཀྱི་ཚེ་ལ་དབང་ཐོབ་པའོ། །ཤེས་རབ་ཀྱི་སྟོབས་ཀྱི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ནང་གི་གང་ཟག་ལ་བདག་མེད་པར་རྟོགས་པའོ། །རང་སངས་རྒྱས་ནི། ཕྱིའི་སྤྱོད་ཡུལ་དང་གཉིས་ལ་བདག་མེད་པར་རྟོགས་པའོ། །བྱང་ཆུབ་སེམས་དཔའ་ནི་ཕྱི་ནང་གི་ཆོས་དང་གང་ཟག་ཐམས་ཅད་ལ་བདག་མེད་པར་རྟོགས་པའོ། །ཡེ་ཤེས་ཀྱིས་རྟོག་སྒྲིབ་སྤངས་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ཀྱིས་ནི་བདག་དུ་རྟོག་པ་སྤངས་པའོ། །རང་སངས་རྒྱས་ནི་གཟུང་བའི་རྟོག་པའང་སྤངས་པའོ། །བྱང་ཆུབ་སེམས་དཔའ་ནི་འཛིནད་པའི་རྟོག་པའང་སྤངས་པའོ། །ཟད་པ་དང་མི་སྐྱེ་བ་ཤེས་པའི་མཚན་ཉིད་བྱང་ཆུབ་ཀྱི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ཁམས་གསུམ་དུ་ཀུན་དུ་སྦྱོར་བའི་ཉོན་མོངས་པ་རྣམས་ཟད་པ་ཤེས་པའི་མཚན་ཉིད་ཐོབ་པའོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ནི་གང་ཅི་ཡང་རུང་སྟེ་ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་སུ་ཤེས་པའོ། །བླ་ན་མེད་པའི་བྱང་ཆུབ་ནི། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཟད་པ་ཤེས་པའོ། །གཞན་ཡང་དོན་དམ་པ་རྣམ་པར་འཇོག་པའི་ཚུལ་དང་། ཞེན་པ་ལ་སོགས་པའི་བྱེ་བྲག་གིས་ནི། ཐེག་པ་ཆེན་པོ་ལའང་རྣམ་པ་གཉིས་ཏེ། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པའོ། །དེ་ལ་དོན་དམ་པ་རྣམ་པར་འཇོག་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི། བདག་གིས་སྟོང་པའི་ཆོས་རྣམས་ཀྱི་མཚན་ཉིད་ནི་དོན་དམ་པའོ་ཞེའོ། །རང་སངས་རྒྱས་ནི་བརྗོད་པས་མ་བསླད་པའི་ཆོས་ཀྱི་མཚན་ཉིད་ནི་དོན་དམ་པའོ་ཞེའོ། །རྣལ་འབྱོརད་སྤྱོད་པ་ནི། གཟུང་འཛིནད་གྱིས་སྟོང་པའི་རང་རིག་པའི་མཚན་ཉིད་ནི་དོན་དམ་པའོ་ཞེའོ། །དབུ་མ་པ་ནི། སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བའི་ཆོས་ཉིད་ནི་དོན་དམ་པའོ་ཞེའོ། །མངོན་པར་ཞེན་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་སྤྱི་དང་རང་གི་མཚན་ཉིད་ལ་མངོན་པར་ཞེན་པའོ། །རང་སངས་རྒྱས་ནི་སྤྱི་དང་རང་གི་མཚན་ཉིད་ཀྱི་ཕྱོགས་དང་། འདུ་འཛི་མེད་པ་ལ་མངོན་པར་ཞེན་པའོ། །རྣལ་འབྱོརད་སྤྱོད་པ་ནི། ཀུནད་གཞིའི་རྣམ་པར་ཤེས་པའི་དབའ་རླབས་རང་གི་སེམས་སྣང་བའི་མཚན་ཉིད་ལ་མངོན་པར་ཞེན་པའོ། །དབུ་མ་པ་ནི་ཀུན་རྫོབ་ཀྱི་བདེན་པ། ཡོངས་སུ་མ་དག་པའི་མཚན་ཉིད་ཀྱི་སྤྱོད་ཡུལ་ལ་མངོན་པར་ཞེན་པའོ། །ཡོངས་སུ་མ་ཞེན་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ལྟ་བའི་གནས་ལ་མངོན་པར་ཞེན་པ་མེད་པའོ། །རང་སངས་རྒྱས་ནི། འདུ་འཛིའི་སྤྱོད་ཡུལ་ལ་མངོན་པར་ཞེན་པ་མེད་པའོ། །རྣལ་འབྱོརད་སྤྱོད་པ་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་མེད་པའོ། །དབུ་མ་ནི་དོན་དམ་པ་ལ་མངོན་པར་ཞེན་པ་མེད་པའོ། །མཐའ་གཉིས་བསལ་བའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི། ཕུང་པོ་སྐྱེ་བ་དང་འཇིག་པ་རྟོགས་པའི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །རང་སངས་རྒྱས་ནི་ཚིག་གི་དོན་མེད་པར་རྟོགས་པའི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །རྣལ་འབྱོརད་སྤྱོད་པ་ནི། མཚན་ཉིད་གསུམ་གྱི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །དབུ་མ་ནི་བདེན་པ་གཉིས་ཀྱི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །འདི་དག་ལ་སོགས་པ་བྱེ་བྲག་མང་དུ་བཤད་པ་ནི། གཞུང་སོ་སོ་ན་བཞུགས་མོད་ཀྱི། དོན་གྱི་སྤྱི་ཙམ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མདོ་ཙམ་སྨོས་པར་ཟད་དོ། །ཉན་ཐོས་དང་རང་སངས་རྒྱས་ཐེག་པ་ཆུང་ངུར་བསྡུས་ཤིང་། ཕལ་ཆེར་ཉན་ཐོས་ཀྱི་ཁོངས་སུ་ཡང་ལྟ་སྤྱོད་མཐུན་པར་བཤད་པ་ནི། བདག་གཅིག་པུ་གྲོལ་བར་བྱ་བའི་ཕྱིར་བྱང་ཆུབ་དུ་སེམས་བསྐྱེད་པ་མཐུན། ཚུལ་ཁྲིམས་ཀྱི་གཞི་མཐུན། འབྲས་བུ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པར་མཐུནད། བདེན་པའི་ཚུལ་གནས་པའི་སྒོ་མཐུནད། རྣམ་པར་གྲོལ་བའི་སྒོ་ཕྱོགས་རེ་རྟོགས་པ་ལས་སྐྱེས་པར་མཐུན། ཐབས་དང་བྲལ་བའི་ཡེ་ཤེས་དང་བསླབ་པ་ལ་སྤྱོད་པར་མཐུན་པས། གཅིག་ཏུ་ཡང་བསྡུས་ཏེ་སྟོན་པ་ཡིན་ནོ། །རྣལ་འབྱོརད་སྤྱོད་པའི་སྒོ་ལ་ཡང་། རྣམ་པ་དང་བཅས་པར་སྨྲ་བ་དང་། རྣམ་པ་མེད་པར་སྨྲ་བའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་རྣམ་པ་མེད་པར་སྨྲ་བ་ནི། སེམས་ཅན་གྱི་དུས་ན་ཡང་བློ་རྣམ་པ་མེད་པར་སྐྱེ་ལ། གཟུང་བ་དང་འཛིན་པའི་རྣམ་པར་སྐྱེ་བར་སྣང་བ་ནི། སེམས་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཡིན་ཏེ། བག་ཆགས་དག་ནས་སངས་རྒྱས་ཀྱི་ས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབའ་ཞིག་མངའ་སྟེ། འགྲོ་བའི་དོན་མཛད་པའི་ཚུལ་ཡང་། སྔོན་གྱི་སྨོནད་ལམ་གྱི་ཤུགས་ཀྱིས། དཔག་བསམས་ཀྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ། རྟོག་པ་མེད་པར་ལྷུན་གྱིས་གྲུབ་པར་མཛད་པར་འདོད་དོ་ཞེས་སོ། །རྣམ་པ་དང་བཅས་པ་སྨྲ་བ་ལ་ཡང་། རྣམ་པ་བདེན་པར་སྨྲ་བ་དང་། བདེན་པ་མ་ཡིན་པར་སྨྲ་བ་གཉིས་ཏེ། དེ་ལ་རྣམ་པ་བདེན་པར་སྨྲ་བ་ནི། ཕྱི་རོལ་གྱི་དོན་མེད་ཀྱང་། །སེམས་ཉིད་ལུས་དང་གནས་དང་སྤྱོད་ཡུལ་གྱི་རྣམ་པར་སྣང་བ་ནི་དོན་དམ་པར་ཡོད་དེ། སངས་རྒྱས་ཀྱི་ས་ལ་ཡང་གཟུང་འཛིན་དུ་མངོན་པར་ཞེན་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་དེ་ཉིད་སྐུ་དང་ཞིང་གི་རྒྱན་གྱི་རྣམ་པར་སྣང་བ་ནི། དོན་དམ་པར་ཡོད་དོ་ཞེས་འདོད་དོ། །རྣམ་པ་བདེན་པ་མ་ཡིན་པར་སྨྲ་བ་ནི། སེམས་ཅན་གྱི་དུས་ན་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་རྣམ་པར་ཤེས་པ་སྐྱེ་འང་། དེ་ལྟར་བདེན་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་ས་ལའང་སེམས་ཅན་གྱི་ཁམས་དང་བག་ལ་ཉལ་བ་ལ་སོགས་པ་མཁྱེནད་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་མངའ་ཡང་། དེ་ལྟར་བདེན་པ་ནི་མ་ཡིན་ཏེ། དོན་དམ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མའི་མཚན་ཉིད་ཙམ་འདི་ནི་གྲུབ་བོ་ཞེས་འདོད་པའོ། །དབུ་མ་ཡང་རྣལ་འབྱོརད་སྤྱོད་པའི་དབུ་མ་དང་། མདོ་སྡེ་དབུ་མ་གཉིས་ཏེ། འདི་གཉིས་ཀྱང་དོན་དམ་པའི་ལྟ་བ་ནི་བྱེ་བྲག་མེད་ལ། ཀུན་རྫོབ་དུ་རྣལ་འབྱོརད་སྤྱོད་པ་དང་སྒོ་མཐུན་པ་དང་། ཉན་ཐོས་མདོ་སྡེ་པ་དང་སྒོ་མཐུནད་པས་ཕྱེ་བར་ཟད་དོ། །དེའི་དབང་གིས་མདོ་སྡེ་དབུ་མ་པ་ནི། གཞན་དབང་གི་རྒྱུད་ཀྱང་། ཕྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ནང་རྟེན་ཅིང་འབྲེལ་པར་འབྱུང་བའི་བྱེ་བྲག་གིས་རྒྱུད་གཉིས་སུ་འདོད་དོ།། །། དེ་ལྟར་མཚན་ཉིད་ཀྱི་ཐེག་པ་བསྟན་ནས། ད་ནི་རྡོ་རྗེའི་ཐེག་པ་བསྟན་པའི་ཕྱིར། རྡོ་རྗེ་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བྱ་བའི་རྒྱུད་ནི། བྱ་བ་གཙོར་སྟོན་པ་སྟེ། དེ་ཡང་ནང་སེམས་ཀྱི་ཏིང་ངེ་འཛིན་རྒྱུའི་གཙོ་བོར་སྨྲ་མོད་ཀྱི། ཕྱི་རོལ་གྱི་གཙང་སྦྲ་དང་དཀའ་ཐུབ་ལ་སོགས་པའི་བྱ་བ་ལ་མ་ལྟོས་པར་དངོས་གྲུབ་མི་ཐོབ་པར་འདོད་པས། བྱ་བ་གཙོར་སྟོན་པའི་རྒྱུད་ཅེས་བྱའོ། །རྣལ་འབྱོར་གྱི་རྒྱུད་ནི། ཕྱི་རོལ་གྱི་བྱ་བ་ལ་མ་ལྟོས་ཀྱང་། ནང་གི་རྣལ་འབྱོརད་འབའ་ཞིག་གིས་ཀྱང་གྲུབ་པར་འདོད་པས་དེ་སྐད་ཅེས་བྱའོ། །དེ་ལ་དོན་དམ་པར་སྐྱེ་འགག་མེད་པ་ལས། ཞེས་བྱ་བ་ནི། སྐྱེ་འགག་ཉིད་མ་གྲུབ་པར་སྟོན་པ་སྟེ། དངོས་པོ་རྣམས་ཀྱི་རང་བཞིན་ཉིད་སྐྱེ་འགག་མེད་པ་ཡིན་གྱི། ༼ལྷ་ཁང་དགེ་འདུན་གྱིས་སྟོང་པ་ལ་སྟོང་པར་བརྗོད་པ་ལྟ་བུའི། འདི་མཆན་ཡིན། ༽འདི་ལ་གཞན་གྱི་རང་བཞིན་གྱིས་སྟོང་པའི་མཚན་ཉིད་ཅན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པར་མི་བྱེད་དོ། །དེ་ལས་ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུ་སྒོམ་ཞིང་ཞེས་བྱ་བ་ནི། སྐབས་འདིར་བྱང་ཆུབ་ཀྱི་སེམས་དང་དེ་ཉིད་གསུམ་དང་ལྡན་པ་ནི་དངོས་གྲུབ་ཀྱི་སྣོད་དུ་བཤད་ལ། དེ་ཉིད་གསུམ་ཡང་བདག་གི་དེ་ཁོ་ན་ཉིད་ནི། ཕུང་པོ་ལྔའི་དོན་བློས་རྣམ་པར་མ་ཕྱེ་བ་ནི་བདག་ཅེས་བྱ་ལ། དེའི་དེ་ཁོ་ན་ཉིད་ནི། གཟུང་བ་དང་འཛིན་པར་ཀུན་ཏུ་བརྟགས་པས་སྟོང་པ། སེམས་དང་སེམས་ལས་བྱུང་བ་རང་རིག་པ་ཙམ་པོ་མེད་པར་སྐུར་པ་གདབ་ཏུ་མི་རུང་བ་འདི་ནི་བདག་གི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་ནི། །ཆོས་ཉིད་དང་སྒྲ་ལ་སོགས་པ་གསང་སྔགས་ཀྱི་དངོས་པོ་ལྷ་དྲུག་ཏུ་གྲགས་པ་རྣམས་སོ། །དེ་ལ་བདག་གི་དེ་ཁོ་ན་ཉིད་གསེར་གྱི་གླེགས་བམ་ལྟ་བུ་ལ། ལྷའི་དེ་ཁོ་ན་ཉིད་དངུལ་ཆུ་ཞུན་མ་ལྟ་བུ་བསྒོས་ཏེ། ལྷའི་སྐུར་བསྒོམ་པར་བཞེད་དོ། །དེ་ཡང་དེ་ཉིད་གསུམ་གཟུགས་༼ཡེ་ཤེས། མིང་། གཟུགས། ཕྱག་རྒྱ། འདི་མཆན་ཡིན། ༽ བརྙན་ཆེན་པོ་གསུམ། དམིགས་པ་གསུམ། ཡན་ལག་བཞི་དང་ལྡན་པའི་བཟླས་བརྗོད་ནི། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཡིན་ཏེ། དེ་ལ་གཟུགས་བརྙན་ཆེན་པོ་གསུམ་ནི། སྐུ་མཚནད་དང་དཔེ་བྱད་དུ་གསལ་བ་ནི་སྐུའི་གཟུགས་བརྙན། དེའི་ཐུགས་ཀར་བྱང་ཆུབ་ཀྱི་སེམས་ཀྱི་རྟགས་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི་ཐུགས་ཀྱི་གཟུགས་བརྙན། དེ་ལ་སྙིང་པོ་བཀོད་པ་ནི་གསུང་གི་གཟུགས་བརྙན་ནོ། །དམིགས་པ་གསུམ་ནི་བཟླས་བརྗོད་ཀྱི་དུས་སུ་ཡེ་ཤེས་སེམས་དཔའ་མདུན་དུ་དམིགས་པ་ལ། གཟུགས་བརྙནད་གསུམ་པོ་དེ་ཀུན་ཀྱང་དམིགས་པར་བྱ་བ་ཡིན་པས་དམིགས་པ་གསུམ་ཞེས་བྱའོ། །ཡན་ལག་བཞི་ནི། དམིགས་པ་གསུམ་པོ་དང་བདག་དམ་ཚིག་སེམས་དཔའ་ཟློས་པ་པོ་དང་བཞིའ་ཅར་ཡང་། བཟླས་བརྗོད་ཀྱི་ཡན་ལག་རེ་རེ་ཡིན་པས་ཡན་ལག་བཞི་ཞེས་བྱའོ། །དམིགས་པ་གཉིས་དང་ཡན་ལག་གསུམ་ལ་སོགས་པའང་དེ་ཡིས་བསྡུས་པར་ཟད་དོ། །དེ་ལྟ་བུའི་ཏིང་ངེ་འཛིན་དང་བཟླས་བརྗོད་དང་། དེའི་གྲོགས་ཕྱི་རོལ་གྱི་ཡོ་བྱད་སྐུ་གཟུགས་ལ་སོགས་པ་ལ་བརྟེན་ནས། གཙང་སྦྲ་དང་དཀའ་ཐུབ་དྲག་པོའི་བྱ་བ་གཙོར་བླངས་ཏེ་བསྒྲུབས་པས། དངོས་གྲུབ་རབ་འབྲིང་རྣམ་པ་གསུམ་འགྲུབ་པར་འདོད་པ་ཡིན་ནོ། །དེ་ལ་རྡོ་རྗེ་ཐེག་པའི་སྐབས་འདིར་ནི། དོན་དམ་པར་སྐྱེ་འགག་མེད་པ་དང་། ཀུན་རྫོབ་དུ་ལྷར་བསྒོམ་པའི་ཚུལ་སོ་སོ་ཙམ་བསྟན་གྱི། ཀུན་རྫོབ་ཀྱི་སྤྱོད་ཡུལ་ལ་དག་མ་དག་ཇི་ལྟར་ལྟ་བའི་ཚུལ་དང་། འབྲས་བུའི་ཁྱད་པར་དག་ནི་མ་གསུངས་ཏེ། འདིའི་དགོངས་པ་ནི། ཀུན་རྫོབ་དུ་ལྷར་བསྒོམ་མོ་ཞེས་གསུངས་པ་ཉིད་ཀྱིས། ཀུན་རྫོབ་དུ་ལྷར་ལྟའོ་ཞེས་སྨོས་མི་དགོས་ཏེ། ལྟ་བས་ཇི་ལྟར་བཅད་པ་བཞིན་དུ་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར་ལྟ་བ་དང་སྒོམ་པ་ནི་འགལ་དུ་མི་རུང་སྟེ། རིག་པ་དང་རྐང་པར་ལྡན་དགོས་པའི་ཕྱིར་དང་། གསང་སྔགས་ཀྱི་གཞུང་དམིགས་པ་རྣམ་པར་དག་པའི་སྤྱོད་ཡུལ་ཅན་ཡིན་པར་འདོད་པའི་ཕྱིར་རོ། །འོ་ན་མི་སྡུག་པ་བསྒོམ་པ་ལ་སོགས་པ་ལྟ་བུ་ཀུནད་བརྟགས་པའི་གཟུགས་རྣམས་ཀྱང་གཉེན་པོར་བསྒོམ་པ་ཡོད་དོ་ཞེ་ན། ལན་དུ་མི་སྡུག་པ་བསྒོམ་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ། ཀུན་ཏུ་བརྟགས་པའི་གཟུགས་ཡིན་པར་གསུངས་པ་དང་། འདོད་ཆགས་ཀྱི་གཉེན་པོར་གསུངས་པ་ནི་བདེན་མོད་ཀྱི། ཆོས་བསྟནད་པ་ཐམས་ཅད་ལ་དགོངས་པའི་དབང་ཐ་དད་པ་ཡོད་དེ། འདི་ལྟར་སེམས་ཅན་ཡོངས་སུ་མ་དག་པའི་སྤྱོད་ཡུལ་ཅན། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་རྣམས་ལ། དབང་པོའི་བློའི་སྤྱོད་ཡུལ། ཚད་མས་གྲུབ་པར་བཞག་པའི་སྐབས་སུ་དེ་ལྟར་བཤད་པ་སྟེ། འོན་ཀྱང་མི་སྡུག་པ་དང་ཟད་པར་ལ་སོགས་པའི་བསམ་གཏན་གྱི་ཡུལ་འདི་དག །རིགས་པ་དང་ལུང་གིས་གཞལ་ན། དངོས་པོ་རྣམས་ཀྱི་མཚན་ཉིད་དང་འགལ་བར་བསྒོམ་པ་མ་ཡིན་ཏེ། འདི་ལྟར་སེམས་ཅན་རྣམས་ནི་ཕྱིན་ཅི་ལོག་གི་ལྟ་བ་བཞིས་འཁོར་ཏེ། བཞི་གང་ཞེ་ན། ང་གཙང་རྟག་སྐྱིད་དུ་ལྟ་བའོ། །ལྟ་བ་དེའི་གཞི་ཡང་རྣམ་པ་བཞི་སྟེ། ལུས་ཚོར་བ་སེམས་ཆོས་སོ། །དེ་ཡང་འདི་ལྟར། མི་གཙང་བའི་ལུས་ལ་གཙང་བར་འཛིན་ཏེ་རྨོངས་ཤིང་ཆགས་སོ། །སྡུག་བསྔལ་གྱི་ཚོར་བ་ལ་བདེ་བར་ལྟ་སྟེ་རྨོངས་ཤིང་ཆགས་སོ། །ང་མེད་པའི་སེམས་ལ་ང་བདག་ཏུ་འཛིན་ཏེ་རྨོངས་ཤིང་ཆགས་སོ། །མི་རྟག་པའི་ཆོས་ལ་དངོས་པོ་དང་མཚན་མར་འཛིན་ཏེ་རྨོངས་ཤིང་ཆགས་སོ། །ཕྱིན་ཅི་ལོག་གི་ལྟ་བ་དེ་བཞི་བསལ་བའི་དོན་དུ། དེའི་གཉེན་པོ་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་གསུངས་ཀྱང་། དངོས་པོའི་མཚན་ཉིད་དང་འགལ་བ་མེད་དོ། །འདི་ལྟར་ལུས་ནི་ཤ་རྒྱས་པ་དང་མདངས་དང་དབྱིབས་ཀྱི་སྒོ་ནས། འདོད་ལྡན་རྣམས་ཀྱི་འདོད་ཆགས་ཀྱི་ཡུལ་དུ་གྱུརད་ཀྱང་། ལུས་ཀྱི་མཚན་ཉིད་ནི། དབང་བྱེད་པ་དང་། ལོངས་སྤྱོད་པ་དང་། ཞུམ་པའི་གནས་སྐབས་གསུམ་ཅར་ན་ཡང་། མི་གཙང་བའི་མཚན་ཉིད་ལས་མ་འདས་ཏེ། མི་གཙང་བར་བརྟགས་པ་ཇི་སྙེད་པ་ནི། ལུས་ཁོ་ན་ཙམ་སྟེ། འདི་ལྟར་རླུང་མཁྲིས་བད་ཀན་གསུམ་གྱི་རང་བཞིན་ལས་གཞན་པའི་ལུས་མེད་ལ། བད་ཀན་གྱི་རང་བཞིན་ནི་ཤིན་ཏུ་རུལ་བའི་མཚན་ཉིད། མཁྲིས་པའི་རང་བཞིན་ནི་རྣམ་པར་སྐྱུར་བའི་མཚན་ཉིད། རླུང་གི་རང་བཞིན་ནི་ཀུན་ཏུ་ཁྱབ་པར་བྱེད་པ་སྟེ། མཁྲིས་པ་དང་བད་ཀན་གཉིས་དང་མཚུངས་པར་ལྡན་པའི་རླུང་ནི། ཤིན་ཏུ་བརྩོག་པར་གསལ་བར་བྱེད་པ་སྟེ། ༼ཤིན་ཏུ་བརྩོག་པར་བྱེད་པ་དང་གསལ་བར་བྱེད་པ་སྟེ། ཡིན་ནམ་སྙམ་ཀྱང་མ་ངེས། ཤིང་པར་ན་ཡང་འདི་བཞིན་ཡིན། མ་བཅོས་ཀྱང་འགལ་བ་ཆེར་མེད་དོ། །༽ཁམས་འདི་དག་དང་ལྡནད་པའི་མདངས་བཟང་བ་དང་ཤ་རྒྱས་པ་ལ་སོགས་པའང་རང་བཞིན་དེ་རྣམས་ཉིད་ཡིན་ཏེ། གཙང་བའི་རང་བཞིན་མེད་ལ། རྣམ་པར་སྔོས་པ་ལ་སོགས་པའང་དེ་ལྟ་བུའི་རང་བཞིན་ཉིད་ཡིན་ཏེ། དེ་བས་ན་ལུས་ལ་བརྟེནད་ནས་མི་སྡུག་པ་བསྒོམ་པ་འདི་ཡང་། ལུས་ཀྱི་མཚན་ཉིད་ཇི་ལྟ་བ་ཡིན་པ་དང་། བསྒོམ་པའི་དོན་འགལ་བར་གྱུརད་པ་མེད་དོ། །དེ་བཞིན་དུ་ཟད་པར་གྱི་ཏིང་ངེ་འཛིན་དག་ཀྱང་ཆོས་ཀྱི་མཚན་ཉིད་དང་འགལ་བར་བསྒོམ་པ་མ་ཡིན་ཏེ། འདི་ལྟར་ཆོས་རྣམས་ནི་མི་རྟག་པ། མི་བརྟན་པ། རྣམ་པར་འགྱུར་བའི་ཆོས་ཅན། ངོ་བོ་ཉིད་མེད་པ། མཚན་མ་དང་བྲལ་བ། སྨོན་པའི་ཡུལ་མ་ཡིན་པ། ཇི་ལྟར་བལྟས་པ་དེ་ལྟར་སྣང་བ། ཇི་ལྟར་མཚནད་མར་བཟུང་བ་དེ་ལྟའི་རྗེས་སུ་འབྲང་བ་ཡིན་པས་ན། ཟད་པར་གྱི་ཏིང་ངེ་འཛིནད་དག་ཀྱང་ལྟ་བ་དང་སྒོམ་པ་འགལ་བར་གྱུརད་པ་མེད་དོ། །འོན་ཀྱང་མི་སྡུག་པ་དང་ཟད་པར་ལྟ་བུ་ནི་ཡོངས་སུ་མ་དག་པའི་སྤྱོད་ཡུལ་གྱི་དབང་དུ་བཤད་པ་ཡིན་ལ། ཡོངས་སུ་མ་དག་པ་ཡང་གནས་ངན་ལེན་གྱི་ལས་ཀྱི་བག་ཆགས་ཀྱི་བགོ་སྐལ་ཡིན་ཏེ། དེ་བས་ན་འདི་ལ་ཡང་རིགས་པས་གྲུབ་ཅིང་ལུང་དང་མཐུན་པ་ཡིན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་ཏིང་ངེ་འཛིནད། ལྷའི་རྣལ་འབྱོར་དུ་བསྒོམ་པ་འདི་ཡང་། ལྟ་བ་དང་སྒོམ་པ་མཐུནད་པ་ཡིན་ཏེ། ཟད་པར་ལ་སོགས་པ་ལས་ཅུང་ཟད་དུ་ན། ལྷའི་སྐུ་ནི་ཡོངས་སུ་དག་པའི་སྤྱོད་ཡུལ་གྱི་དབང་དུ་བྱས་ཤིང་། ཤིན་ཏུ་སྦྱངས་པའི་ལས་ཀྱི་བག་ཆགས་ཀྱི་བགོ་སྐལ་གྱི་དབང་གིས་བྱེ་བྲག་ཏུ་ཕྱེ་བར་ཟད་དོ། །ལས་ཀྱི་བག་ཆགས་འདི་གཉིས་ཀྱང་། བག་ཆགས་ཙམ་དུ་འདྲར་ཟིན་ཀྱང་། སླུ་མི་སླུ་དང་བརྟནད་མི་བརྟནད་མི་འདྲ་བས། ཀུན་རྫོབ་དུ་བདེན་མི་བདེན་གྱི་བྱེ་བྲག་ཡོད་པ་ཡིན་ལ། ཤིན་ཏུ་སྦྱངས་པའི་བག་ཆགས་ཀྱང་། གང་ཟག་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པར་གྲུབ་པ་ཡིན་ནོ། །འོན་ཀྱང་དག་པར་མི་སྣང་བ་ནི་མཐུ་ཆེ་ཆུང་གི་དབང་ཡིན་ཏེ། རང་བཞིན་ནི་ཁམས་སྣ་ཚོགས་པར་གྲུབ་པའོ། །གྲུབ་པའི་འབྲས་བུ་ནི། ཐུན་མོང་གི་ལས་དང་དངོས་གྲུབ་དག་མི་མཐུན་ཡང་། མཆོག་གི་དངོས་གྲུབ་བླ་ན་མེད་པའི་བྱང་ཆུབ་མཚུངས་པས་གུད་དུ་མ་སྨོས་སོ། །གཉིས་ག་རྒྱུད་ཀྱི་སྐབས་སུ། དེ་ཉིད་རྣམ་པ་བཞི་དང་ལྡན་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི། གཉིས་ག་རྒྱུད་དུ་གྲགས་པའི་གཞུང་ཁ་ཅིག་ལས། དྲལ་བའི་ཕྱག་རྒྱས་དམ་ཚིག་སེམས་དཔའི་ལུས་དྲལ་ཏེ། ཡེ་ཤེས་སེམས་དཔའ་བསྟིམས་ནས། གཉིས་སུ་མེད་པའི་སྐུར་བསྒོམ་པ་གཙོར་གསུངས་པ་ཡོད་པས། དེའི་དབང་གིས་དེ་ཉིད་རྣམ་པ་བཞིར་འགྱུར་ཏེ། འདི་ལྟར་ལྷའི་སྐུ་ལ་བདག་དང་ལྷ་གཉིས། དེ་གཉིས་སུ་མེད་པའི་ཐུགས་ཀ་ན་གནས་པའི་ཡིག་འབྲུ་དང་གསུམ། དེ་དག་གི་བཟླས་བརྗོད་དང་བཞིར་འགྱུར་རོ། །ཀྲི་ཡའི་སྐབས་སུ་ནི་ལྷ་དྲུག་ལྷར་གུད་དུ་ཕྱེ་བས་དེ་ཉིད་གསུམ་དུ་བཤད་དོ། །རྣལ་འབྱོརད་ཕྱི་པ་ཐུབ་པ་རྒྱུད་ཅེས་བྱ་བ་ལ། ཕྱི་པ་ནི་མདོར་བསྡུ་ན་ལྟ་སྤྱོད་གཉིས་ཀྱི་སྒོ་ནས་ཕྱིར་གཞག་སྟེ། དེ་ལ་ལྟ་བས་ཀུནད་རྫོབ་ཏུ་བདག་དང་སངས་རྒྱས་མཉམ་པར་མི་ལྟ་བ་དང་། སྤྱོད་པས་མཉམ་པའི་བརྟུལ་ཞུགས་དང་དུ་མི་ལེན་པའོ། །ཐུབ་པ་ནི་བསྲུང་དུ་མེད་པའི་དམ་ཚིག་ཉམས་སུ་ལེན་མི་ནུས་ཏེ། ཐུན་མོང་གི་སྡོམ་པ་རྣམས་དང་མ་བྲལ་བའོ། །ནང་པ་ཐབས་ཀྱི་རྒྱུད་ཅེས་བྱ་བ་ནི། དེ་ལས་བཟློག་པ་ཉིད་ཡིན་ཏེ། བདག་ཉིད་མ་ནོར་བའི་དབང་ཕྱུག་ཆེན་པོར་ལྟ་བ་དང་། མཉམ་པའི་བརྟུལ་ཞུགས་དང་དུ་ལེན་པ་དང་། སྒོ་གསུམ་གྱི་སྤྱོད་པ་ལ་བཀག་པ་མེད་ཀྱང་སྐྱོན་ཀྱིས་མི་གོས་པས་ན་ཐབས་མཁས་པའོ། །དེ་ལ་དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང་ཞེས་བྱ་བ་ནི། དེའི་རང་བཞིན་དང་བྱིན་རླབས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་ལ་ལྷ་འདི་ནི། ལྷར་བཏགས་པ་ཞེའམ། ལྷའི་ངོ་བོ་ཞེས་གྲགས་པ་སྟེ། འདི་ལྟར་དོན་དམ་པའི་ལྷ་༼ཆོས་ཉིད། མཆན། ༽ དང་། སེམས་དཔའི་བྱེ་བྲག་གི་ལྷ་༼དེ་ལས་གཞན་པ། འདི་མཆན་ཡིན། ༽ ཞེས་གྲགས་པ་ལས། དེའི་ཆར་གཏོགས་པ་ཡོངས་སུ་དག་པའི་ལྷར་གྲགས་པ་ལ་གཟུང་ངོ་། །དེ་དང་འདྲ་བའི་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་གྱིས། ཀུནད་རྫོབ་དུ་འཕགས་པའི་གཟུགས་ཀྱི་སྐུ། ཕྱག་རྒྱ་བཞི་དང་ལྡནད་པའི་རྣལ་འབྱོརད་བསྒོམ་ཞེས་བྱ་བ་ནི། དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ལྷར་གཟུང་སྟེ། དེ་ལས་ཀྱང་ཕལ་ཆེར་འདིར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་། ཆོ་འཕྲུལ་ཆེན་པོ་བཞིའི་སྒོ་ནས་ལྷར་བསྐྱེད་ཅིང་བསྒོམས་པ། ཇི་སྐད་དུ་གྲགས་པའི་ཕྱག་རྒྱ་བཞིའི་མཚན་ཉིད་དང་ལྡན་པའི་རྣལ་འབྱོརད་ལ་གཙོར་གཟུང་ངོ་། །དེ་ལ་ཕྱག་རྒྱ་བཞི་ནི། བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་མཛད་པ་དང་བཅས་པའི་མཚན་མ་སྟེ། དེ་ལ་དམ་ཚིག་ནི་ཐུགས་གསང་བའི་ཡེ་ཤེས། ཕྱག་རྒྱ་ནི་དེའི་མཚན་མ་རྣམས་ཏེ། དེ་བས་ན་དམ་ཚིག་གི་ཕྱག་རྒྱ་ཞེས་བྱའོ། །འདི་ནི་ཕན་ཚུན་ཐ་དད་པར་སྦྱར་བ་སྟེ། ལྷ་སྤྱིན་གྱི་རིལ་བ་སྤྱི་བླུགས་བཞིན་ནོ། །ཡང་ན་ཕྱག་རྒྱ་འདི་ལྷ་མི་འདའ་བའི་མཚན་ཉིད་དང་ལྡན་པས་དེ་སྐད་ཅེས་བྱའོ། །འདི་ནི་ཆོས་དང་ཆོས་ཅན་དུ་སྦྱར་བ་སྟེ། མར་གྱི་བུམ་པ་བཞིན་ནོ། །ཡང་ན་འདི་ཉིད་འདའ་བར་བྱ་བ་མ་ཡིན་པས་དེ་སྐད་ཅེས་བྱའོ། །འདི་ནི་བདག་ཉིད་གཅིག་པར་སྦྱར་བ་སྟེ། ཨུད་པ་ལ་སྔོན་པོ་བཞིན་ནོ། །ཆོས་ནི་ཕན་པ་དང་བདེན་པ་སྟོན་པའི་རྒྱལ་བའི་བཀའི་མཚན་ཉིད་དོ། །ལས་ནི་རྒྱལ་བ་རྣམས་ཀྱི་འགྲོ་བའི་དོན་མཛད་པའི་ལས་ཀྱི་མཚན་ཉིད་དོ། །དེ་དག་གི་ཕྱག་རྒྱའི་ཚུལ་བཤད་པ་ནི་སྔ་མ་བཞིན་ནོ། །ཕྱག་རྒྱ་ཆེན་པོ་ནི་སྐུའི་མཚན་མ་སྟེ། ལྷ་དྲན་པའི་རྒྱུར་ཆེ་བའི་ཕྱིར་ཆེན་པོ་ཞེས་བཤད། ཁ་ཅིག་ལས་ཕྱག་རྒྱ་རྣམས་ཀྱི་གཞིར་གྱུརད་པས་ཆེན་པོ་ཞེས་ཀྱང་བཤད་དོ། །རྣལ་འབྱོརད་ནང་པའི་ཚུལ་ལ། བསྐྱེད་རྫོགས་རྣམ་པ་གསུམ་གྱི་ཚུལ་གསུམ་དུ་གཞག་པ་ནི། རྒྱུད་ཀྱི་གཞུང་གཅིག་གམ། ལྷའི་དཀྱིལ་འཁོར་གཅིག་བསྒོམ་པའི་ཚུལ་ལའང་། རྣལ་འབྱོརད་པ་ཤེས་རབ་དང་ཏིང་ངེ་འཛིནད་གྱི་སྟོབས་ཆེ་ཆུང་གི་བྱེ་བྲག་གིས། ཚུལ་གསུམ་དུ་བཤད་པ་ཡིན་ལ། གཞུང་སོ་སོ་ལ་ཡང་ཚུལ་གསུམ་གྱི་ཤས་ཆེ་ཆུང་གི་བྱེ་བྲག་ཡོད་དོ་ཞེས་ཀྱང་གྲགས་སོ། །དེ་ལ་ཏིང་ངེ་འཛིནད་རྣམ་པ་གསུམ་རིམ་གྱིས་བསྐྱེད་ཅིང་ཞེས་བྱ་བ་ནི། ཚུལ་འདི་ལ་གནས་པ་རྣམས་བསྐྱེད་ན་ལྷར་ལྟ། མ་བསྐྱེད་ན་མི་ལྟ་བ་ནི་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དབྱེར་མེད་པར། ལྷུནད་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་མོད་ཀྱི། ཏིང་ངེ་འཛིནད་ཀྱི་རྩལ་སྦྱང་བ་ལ། རིམས་ཀྱིས་སྦྱང་བར་བྱ་བ་ཙམ་དུ་ཟད་དོ། །དེ་ཡང་འདི་ལྟར། རྣལ་འབྱོརད་ཆེན་པོའི་ལྟ་བ་ལ། ཆོས་ཐམས་ཅད་༼ལྷུན་གྱིས་གྲུབ་པའི། འདི་མཆན་ཡིན། ༽ གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སངས་རྒྱས་པར་ལྟ་བ་ལ། སངས་རྒྱས་ཀྱི་བྱེ་བྲག་གསུམ་དུ་སྨྲ་སྟེ། རང་བཞིན་ཀྱི་སངས་རྒྱས་དང་། རྟོགས་པའི་སངས་རྒྱས་དང་། གྲུབ་པའི་སངས་རྒྱས་སོ། །དེ་ལ་རང་བཞིན་གྱི་སངས་རྒྱས་ནི། སེམས་ཅན་ཉིད་ཡིན་ཏེ། དེ་ཡང་གནས་སྐབས་གསུམ་དུ་སྨྲ་སྟེ། སྐྱེ་བ་རྒྱུའི་སངས་རྒྱས་དང་། སྐྱེ་བ་རྟེན་པའི་སངས་རྒྱས་དང་། སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་སོ། །དེ་ལ་སྐྱེ་བ་རྒྱུའི་སངས་རྒྱས་ནི། སེམས་ཅན་གྱི་ལུས་འགྲུབ་པའི་རྒྱུ། ཕ་མ་གཉིས་ཀྱི་ས་བོན། རྣམ་པར་ཤེས་པའི་ཁམས་ཀྱིས་བཟུང་བའི་དུས་ན། ཉོན་མོངས་པ་དང་ཕུང་པོ་དང་སྐྱེ་མཆེད་ཐམས་ཅད་ཀྱི་ས་བོན་དང་ཁམས་ཀྱི་རང་བཞིན་དུ་གནས་པའི་དུས་ན། དེ་ཉིད་ཡོངས་སུ་རྫོགས་པའི་ལྷའི་དཀྱིལ་འཁོར་དུ་སངས་རྒྱས་པར་ལྟའོ། །སྐྱེ་བ་རྟེན་པའི་སངས་རྒྱས་ནི། ཕ་མ་གཉིས་ཀྱི་ལུས་དང་སེམས་ཀྱི་ཁམས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གྲུབ་པར་ལྟའོ། །སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་ནི། རང་གི་ལུས་མངོན་པར་གྲུབ་པ་འདི་ཉིད། དེ་ལྟ་བུའི་ཚུལ་དུ་ལྟ་བའོ། །རྟོགས་པའི་སངས་རྒྱས་ནི། དེ་ལྟར་རྟོགས་པའི་རིག་འཛིན་གྱི་ས་ལ་གནས་པ་རྣམས་སོ། །གྲུབ་པའི་སངས་རྒྱས་ནི་དེ་ཉིད་མངོན་དུ་གྱུར་པའོ། །འདི་རྣམས་ཀྱང་རང་བཞིན་དང་གནས་སྐབས་ཀྱི་བྱེ་བྲག་དུ་འདོད་དོ། །འདི་ལྟ་བུ་ལ་སོགས་པའི་ཚུལ་གྱིས་སངས་མ་རྒྱས་པའི་ཆོས་མི་འདོད་ཀྱང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མ་གོམས་པ་གོམས་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ས་གསུམ་ལ་བློ་སྦྱང་བར་འདོད་དེ། དེ་ཡང་ཀུན་དུ་འོད་ཀྱི་ས་ལ་བློ་སྦྱང་བར་བྱ་བའི་ཕྱིར། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིནད་རྣམ་པར་མི་རྟོག་པ་བསྒོམ་པ་དང་། པདྨ་ཅན་གྱི་ས་ལ་གོམས་པར་བྱ་བའི་ཕྱིར། ཀུན་དུ་སྣང་གི་ཏིང་ངེ་འཛིནད་ཤེས་རབ་དང་སྙིང་རྗེ་འབྲེལ་བར་བསྒོམ་པ་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་གོམས་པར་བྱ་བའི་ཕྱིར། རྒྱུའི་ཏིང་ངེ་འཛིནད་ཡིག་འབྲུ་བསྒོམ་པ་ནས། དཀྱིལ་འཁོར་རིམས་ཀྱིས་བསྐྱེད་ཅིང་གོམས་པར་བྱེད་པའི་ཚུལ་ལོ། །རྫོགས་པའི་ཚུལ་ནི། དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང་། རྣམ་པར་མི་རྟོག་པའི་དོན་དབུ་མ་ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོས་ལ། ཀུནད་རྫོབ་དུ་འཕགས་པའི་གཟུགས་ཀྱི་སྐུ་ཡང་གསལ་བར་བསྒོམ་ཞིང་། མཉམ་ལ་མ་འདྲེས་པར་བསྒོམས་པས་འགྲུབ་ཅེས་པ་ནི། འདིར་རྣལ་འབྱོརད་རྒྱུད་ཀྱི་གཞུང་ལས་གྲགས་པའི་བསྒོམ་ཞིང་ཉམས་སུ་བླང་བར་བྱ་བའི་དོན་ཐམས་ཅད། བྱང་ཆུབ་སེམས་ཀྱི་རང་བཞིན་རིག་པ་སྐད་ཅིག་མ་གཅིག་ལ་རྫོགས་པར་གསལ་བར་སྒོམ་ནུས་པའི་དབང་དུ་གསུངས་པ་སྟེ། དེ་ཡང་འདི་ལྟར། ཆོས་ཉིད་རྣམ་པར་མི་རྟོག་པ་དང་། སྒྱུ་མ་ལྷའི་དཀྱིལ་འཁོར་བསྒོམ་པའམ། གཞན་ཡང་ལྷུནད་ཀྱིས་གྲུབ་པའི་དཀྱིལ་འཁོར་དང་། ལྷག་པའི་ཏིང་ངེ་འཛིནད་ཀྱི་དཀྱིལ་འཁོར་རམ། གཞན་ཡང་རང་བཞིན་དང་ཏིང་ངེ་འཛིན་དང་གཟུགས་བརྙནད་ཀྱི་དཀྱིལ་འཁོར་ལྟ་བུ། དགོངས་དོན་སོ་སོར་གསུངས་པ་ཐམས་ཅད་དུས་གཅིག་དུ་གསལ་བར་རྫོགས་ཞེས་པའི་དོན་ཏེ། དཔེར་ན་རྫུ་འཕྲུལ་ཅན་གྱིས་སྤྱོད་ལམ་རྣམ་བཞི་དུས་གཅིག་དུ་སྟོནད་པ་ལ་འགལ་བ་མེད་པ་ལྟ་བུའོ། །དེ་ཡང་མདོར་བསྡུ་ན། གཉིས་ལས་མ་གཡོས་བཞིན་དུ་ནི་གཅིག་དུ་གསལ། གཅིག་དུ་དབྱེར་མེད་པ་བཞིན་དུ་ནི་གསུམ་དུ་མ་འདྲེས། འདི་ལྟར་རིག་པ་སྐད་ཅིག་མ་ལ་རྫོགས་པ་ནི། རྫོགས་པའི་ཚུལ་ཞེས་བྱ་སྟེ། དེ་ལ་གཉིས་ལས་མ་གཡོས་པ་ནི། དོན་དམ་པར་སྐྱེ་འགག་མེད་པའི་རང་བཞིན་དུ་ལྷུནད་ཀྱིས་གྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ། སྣང་སྲིད་ཐམས་ཅད་ལྷུནད་ཀྱིས་གྲུབ་པར་སངས་རྒྱས་པའི་དགོངས་དོན་ལས་མ་གཡོས་པ་དང་གཅིག །དོན་དམ་རྣམ་པར་མི་རྟོག་པ་དབུ་མ་ཆོས་ཀྱི་དབྱིངས་སུ་རྟོགས་པའི་དགོངས་པ་ལས་མ་གཡོས་པ་དང་གཉིས་སོ། །དེ་ལས་མ་གཡོས་བཞིན་དུ་རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པ་ནི། གསལ་བ་གཅིག་ཅེས་བྱའོ། །གཅིག་དུ་དབྱེར་མེད་པ་ནི། ཅིར་སྣང་ཅིར་བསྒོམས་ཀྱང་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སྐྱེ་འགག་མེད་པའི་དབྱིངས་སུ་དབྱེར་མེད་པར་རྟོགས་པའོ། །མ་འདྲེས་པ་གསུམ་ནི། ཐམས་ཅད་ལྷུནད་ཀྱིས་གྲུབ་པའི་དཀྱིལ་འཁོར་དུ་བསྒོམ་པ་ཡང་། ཏིང་འཛིན་གཞན་དང་མ་འདྲེས་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་གསལ་བ་ཡང་གཞན་དང་མ་འདྲེས་པ་དང་། གཙོ་གཟུངས་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་སོ་སོར་གསལ་བ་ནི་མ་འདྲེས་པ་གསུམ་ཞེས་བྱའོ། །འདི་ལྟ་བུའི་ཏིང་ངེ་འཛིནད་ཡང་བརྩལ་བ་མེད་པར་ལྷུནད་ཀྱིས་གྲུབ་པར་སྦྱོར་ནུས་ཤིང་། ཕྱོགས་དུས་མཉམ་པ་ཉིད་དུ་སྦྱོར་ནུས་ན་ནི། རྫོགས་པ་ཆེན་པོའི་ཚུལ་ཉིད་དང་ཡང་ཁྱད་པར་མེད་པར་འགྱུར་བ་ལས། འདིར་དེ་ལྟར་ཅུང་ཟད་མ་ནུས་ཏེ། སྦྱོར་བ་རྩོལ་བ་དང་བཅས་པ་དང་། རིག་པ་ཕྱོགས་སུ་སྦྱོར་བ་དང་། སྐད་ཅིག་མ་དུས་སུ་སྦྱོར་བས་བྱེ་བྲག་དུ་བྱས་པ་ཡིན་ཏེ། དེ་ཡང་འདི་ལྟར་རིག་པ་སྐད་ཅིག་མ་གཅིག་ལ། དོན་ཐམས་ཅད་འདི་ལྟར་རྫོགས་པར་སྦྱར་རོ་ཞེས་འདོད་པའོ། །བསྐྱེད་པའི་ཚུལ་དང་། རྫོགས་པའི་ཚུལ་འདི་གཉིས་སུའང་། སྤྱིའི་ལྟ་བ་དང་འབྲས་བུའི་ཁྱད་པར་དག་ནི་མ་གསུངས་ཀྱི། ལམ་བསྒོམ་པ་འབའ་ཞིག་ཙམ་ཞིག་གསུངས་ཏེ། འདིའི་དགོངས་པ་ཡང་གོང་དུ་བསྟན་པ་བཞིན་དུ། དོན་དམ་པར་སྐྱེ་འགག་མེད་པ་དང་། ཀུནད་རྫོབ་སྒྱུ་མ་ཡོངས་སུ་དག་པའི་ལྷའི་དཀྱིལ་འཁོར་དུ་ལྟ་བ་དང་། བདེན་པ་རྣམ་གཉིས་ཀྱང་དབྱེར་མེད་པར་ལྟ་བ་དང་། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ལ་ཐེག་པ་ཆེན་པོ་ཐམས་ཅད་ཁྱད་པར་མེད་པས། དབྱེ་མི་དགོས་སོ་ཞེས་དགོངས་པའོ། །འོན་ཀྱང་སྔོནད་ཀྱི་སློབ་དཔོན་རྣམས་ཀྱིས། ཚུལ་འཕྲ་མོའི་སྒོ་ནས་དབྱེ་བ་མཛད་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤྱིའི་ཚུལ་ཆོས་ཉིད་སངས་རྒྱས་སུ་ལྟ། ཆོས་ཅན་མཚན་མ་རང་ཀ་མ་ཇི་ལྟར་སྣང་སྣང་ཙམ་དུ་ལྟ། ངེས་པ་དོན་གྱི་མདོ་སྡེ་དང་གསང་སྔགས་ཀྱི་ཚུལ་ནི། བདེན་པ་གཉིས་དབྱེར་མེད་པར་ལྟ་ཞིང་། ཕུང་པོ་ལྔ་ཡང་སངས་རྒྱས་སུ་ལྟ། གསང་སྔགས་ཀྱི་ཚུལ་ལ་ཡང་། བྱ་བའི་རྒྱུད་ནི། མཚན་མ་རང་ཀ་མའི་ཆོས་དང་། བྱིན་གྱིས་བརླབས་པའི་ལྷ་དང་། རྣམ་པར་སྤྲུལ་པའི་ལྷ་རྣམས་ཀྱང་། ཆོས་ཉིད་དག་པའི་ལྷ་ལས་མི་གཞན་པས། ཆོས་ཉིད་དག་པའི་ལྷར་ལྟའོ་ཞེས་འཆད་དོ། །རྣལ་འབྱོརད་ཕྱི་པའི་ཚུལ་ནི། ཆོས་ཉིད་དག་པ་དང་། བྱིན་གྱིས་བརླབས་པའ་ཚུལ་གཉིས་ཀ་ནས་ལྷར་ལྟའོ་ཞེས་འཆད་དོ། །རྣལ་འབྱོར་ནང་པའི་ཚུལ་ནི། ཆོས་ཉིད་དག་པ་དང་། བྱིན་གྱིས་རླབས་དང་། ལྷུན་གྱིས་གྲུབ་པའི་གཟུགས་བརྙན་ཀྱི་དཀྱིལ་འཁོར་གྱི་ཚུལ་གསུམ་ཅར་ནས་ལྷར་ལྟའོ་ཞེས་འཆད་དོ། །ནང་པའི་བསྐྱེད་རྫོགས་གསུམ་གྱི་ཚུལ་ལས་ཀྱང་། བསྐྱེད་པའི་ཚུལ་མ་ཧཱ་ཡོ་ག་པ་ནི། འཇིག་རྟེན་འདི་དག་སྐྱེ་བ་རྒྱུའི་སངས་རྒྱས་དང་། སྐྱེ་བ་རྟེན་པའི་སངས་རྒྱས་དང་། སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་རྣམ་པ་གསུམ་གྱི་ཚུལ་ནས། རང་བཞིན་གྱིས་སངས་རྒྱས་སུ་ལྟའོ་ཞེས་འཆད་དོ། །རྫོགས་པའི་ཚུལ་ནི། རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ལས་གཞན་པའི་ཆོས་མེད་ལ། དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེན་པོར་སངས་རྒྱས་པར་ལྟ་བས་ལྷར་ལྟའོ། །ཞེས་འཆད་དོ། །རྫོགས་པ་ཆེན་པོའི་ཚུལ་ནི། མན་ངག་གི་ཡི་གེ་འདིའི་བརྩམ་པའི་གཞི་ཉིད་ཡིན་པའི་ཕྱིར། དོན་གཏན་ལ་ཕབ་ནས་རྒྱས་པར་གསུངས་ལ། ལྟ་བ་གཞན་ཐམས་ཅད་ནི་འདིའི་གོལ་སྒྲིབ་དང་ལམ་སྟེགས་ཙམ་ཡིན་པ་ཕྱིར། ཕྱོགས་ཙམ་གསུངས་སོ། །དེ་ལ་འདིར་བརྩམ་པའི་གཞི་རྫོགས་པ་ཆེན་པོའི་ལྟ་བའི་དོན་གཏན་ལ་ཕབ་སྟེ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་བླང་དུ་རུང་བར་བསྟན་པའི་ཕྱིར། འདིར་རྫོགས་པའ་ཆེན་པོའི་ལྟ་བ་མཐརད་ཕྱིན་པའི་དོན་བསྟན་པ་དང་། དེ་ཉམས་སུ་བླང་ཞིང་གོམས་པར་བྱ་བའི་ཐབས་འབྲས་བུ་དང་བཅས་པ་བསྟན་པའི་ཕྱིར། རྫོགས་པ་ཆེན་པོའི་ཚུལ་བསྟན་པ་དང་། དེ་ཆུད་མི་གཟན་པའི་ཕྱིར་རྫོགས་པ་ཆེན་པོའི་དོན་འདི་རྙེད་པར་དཀའ་ཞིང་ཀུན་གྱི་ཐུན་མོང་མ་ཡིན་པ་དང་། འདི་སྟོན་པའི་སློབ་དཔོན་ཡང་དོན་འདི་ཙམ་ཤེས་པས་བྱར་མི་རུང་སྟེ། སེམས་ཅན་གྱི་སྣོད་དང་སྦྱར་ནས་སྟོན་ཤེས་པས་བྱ་དགོས་པར་སྟོན་ཏོ། །དེ་ལྟ་བུའི་ཚུལ་དེ་དག་བསྟན་པའི་ཕྱིར། རྫོགས་པ་ཆེནད་པོའི་ཚུལ་ནི། ཞེས་བྱ་བ་ལས་སྩོགས་པ་སྨོས་ཏེ། དེ་ཡང་འདིར་རྫོགས་པ་ཆེན་པོའི་དོན་དང་། དེའི་ཚུལ་གཉིས་མདོར་བསྟན་པར་དགོངས་ནས། རྫོགས་པ་ཆེན་པོའི་ཚུལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན། ཡེ་ནས་ཡིན་པར་རྟོགས་ནས་བསྒོམ་པ་སྟེ། ཞེས་བྱ་བ་གསུངས་ཏེ། དེ་ལ་ཀུནད་ནས་ཉོན་མོངས་པའི་ཆོས་འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་དང་། རྣམ་པར་བྱང་བའི་ཆོས་མྱ་ངན་ལས་འདས་པ་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་དབྱེར་མེད་ཞེས་སྦྱར་ཏེ། དེ་ལ་དབྱེ་བ་ནི་གང་། དབྱེར་མེད་པ་ནི་གང་དུ་ཇི་ལྟར་མེད་ཅེ་ན། དེ་ལ་དབྱེ་བ་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་མཚན་ཉིད་སོ་སོའི་དབྱེ་བ་སྟེ། འདི་ལྟར་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དག་ནི། འདི་དང་འདི་དག་ཞེའམ། སྤྱི་དང་རང་གི་མཚན་ཉིད་དག་ནི་འདི་དང་འདི་དག་ཞེའམ། ནག་པོ་དང་དཀར་པོའི་ཆོས་ཀྱི་མཚན་ཉིད་དག་ནི། འདི་དང་འདི་དག་གོ་ཞེས་བྱ་བ་ལ་སོགས་པ། ཆོས་ཀྱི་རབ་དུ་དབྱེ་བ་ཇི་སྙེད་པ་ཐམས་ཅད་དོ། །དེ་དག་དབྱེར་གང་དུ་མེད་ཅེ་ན། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་དབྱེར་མེད་ཅེས་སྦྱར་ཏེ། དཔེར་ན་འཇིག་རྟེན་ཕལ་པ་དང་། ཕྱི་རོལ་མུ་སྟེགས་ཅན་གྱིས་རྣམ་པར་བཞག་པའི་ཐ་སྙད་ཀྱི་མཚན་ཉིད་ཐམས་ཅད་དང་། གང་ཟག་གི་མཚན་ཉིད་ཐམས་ཅད་ཀྱང་། སངས་རྒྱས་པ་རྣམས་ཀྱིས་ཆོས་ཀྱི་མཚན་ཉིད་དུ་དབྱེར་མེད་པར་བསྡུས་ཏེ་བསྟན་པ་བཞིན་ནོ། །ཇི་ལྟར་དབྱེར་མེད་ཅེ་ན། དེའི་རང་བཞིན་ཡེ་ནས་ཡིན་པའི་ཕྱིར་ཏེ། འདི་ལ་སྒྲོ་སྐུར་དང་སྩོལ་བ་༼རྩོལ་བ་ལ་སྩོལ་བ་ཞེས་ཡིག་རྙིང་མང་པོར་འབྱུང་བས་མ་བཅོས།༽དག་གིས་བསྙད་པའི་གླགས་མི་རྙེད་པའི་ཕྱིར་རོ། །དེས་ནི་རྫོགས་པ་ཆེནད་པོའི་ལྟ་བའི་དོན་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །དེ་ལྟར་ཡིན་པར་རྟོགས་ནས་བསྒོམ་ཞེས་བྱ་བ་ནི། ཚུལ་མདོར་བསྟན་པ་སྟེ། དེ་ཡང་འོག་ནས་འབྱུང་བ་ལྟར། རྟོགས་པ་རྣམ་བཞིའི་ལམ་གྱིས་ཡིད་ཆེས་པར་བྱ་བ་དང་། ཡིད་ཆེས་པ་དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་བྱ་བ་དང་། མཐར་ཕྱིན་པར་བྱ་བ་དེ་ཉིད་ལ་ཡང་། བསྙེན་སྒྲུབ་རྣམ་པ་བཞིས་བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པར་དོན་ལ་བཟླའ་བ་དང་། དེ་ལྟ་བུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འཇུག་པའི་ཐབས་བསྟན་པ་རྣམས་ཀྱིས། རྟོགས་ནས་བསྒོམ་པའི་ཚུལ་ལེགས་པར་སྟོན་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས། ད་ནི་རྫོགས་པ་ཆེན་པོའི་དོན་རྒྱས་པར་བསྟན་པར་བཞེད་དེ། དེ་ཡང་ལུང་གིས་ཡིད་ཆེས་པར་བྱ་བའི་ཕྱིར། རྒྱུད་ཀྱི་ཁུངས་སྨོས་པའི་ཚུལ་གྱིས་བཤད་པ། དེ་ཡང་རྒྱུད་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་བྱ་བ་ལ་སོགས་པ། རྒྱུད་ལས་གསུངས་པའི་ཚིག་དང་སློབ་དཔོན་གྱིས་རྣམ་པར་སྦྱར་བར་མཛད་པ་དག་སྟེ། དེ་ལས་ཕལ་ཆེར་ནི་སྤྱིར་གྲགས་པས་མ་བཤད་དོ། །རྡོ་རྗེ་ཕུང་པོ་ཞེས་བྱ་བ་ནི། གསང་སྔགས་ཀྱི་གྲུབ་པའི་མཐའ་ལས། ༼ཆོས་ཅན། ༽ ཕུང་པོ་རྣམས་ཀྱང་རྡོ་རྗེ་ཕུང་པོ། སྐྱེ་མཆེད་རྣམས་ཀྱང་རྡོ་རྗེ་སྐྱེ་མཆེད་དུ་བཞེད་དེ། ༼དམ་བཅའ། ༽ སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་ལྷའི་རང་བཞིན་ཡིན་པའི་ཕྱིར་རོ། ༼ འཐད་པ། ༽ ། ལུས་ཀྱི་དབང་པོ་དང་། རྣམ་པར་ཤེས་པ་དང་། ཡུལ་དང་། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཞེས་སྨོས་པ་ལ། ཡུལ་སྐུ། དབང་པོ་གསུང་། རྣམ་པར་ཤེས་པ་ཐུགས། ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད་དོ། །དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི། ལུས་ཀྱི་རྣམ་པར་ཤེས་པའི་རྗེས་སུ་སྐྱེས་པའི་ཡིད་ཀྱི་ཁམས་ལ་བྱ་ཞེས་ཡོངས་གྲགས་ཁམས་ལུགས་པ་གསུང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བྱ་ཞེས། དབུས་ལུགས་པ་གསུང་སྟེ། དེ་ལྟ་ན་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་བདེ་བ་མྱོང་བའི་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་འཆད། ཡོང་ནི་འདི་ལུས་ཀྱི་དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་གསུམ་ཕྲད་པ་ལས་སྐྱེས་པའི། སེམས་དང་སེམས་ལས་བྱུང་བ་གང་ཡིན་ཡང་འགལ་བ་མ་མཐོང་ངོ་། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་པོའི་རང་བཞིན་ཞེས་སྨོས་པ་ནི། སེམས་ཀྱི་རང་བཞིན་བྱང་ཆུབ་ཡིན་པས་རྡོ་རྗེ་ལྟ་བུ་སྟེ། དེ་བས་ན་ཐམས་ཅད་ནས་ཐམས་ཅད་དུ་སྤང་ཞིང་དོར་བར་བྱ་བའི་ཆོས་མེད་པས་ཀུན་ཏུ་བཟང་པོའོ། །དེ་ལྟར་རང་གི་རྒྱུད་ཀྱི་གཞུང་དྲངས་ནས། དེ་དང་མཐུནད་པའི་ལུང་གཞན་དག་དྲངས་པའི་ཕྱིར། ཆོས་ཐམས་ཅད་རང་གི་སེམས་ལས་གུད་ན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པ་ལས། རང་སེམས་སོ་སོར་རྟོགས་པ་ནི། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་པོའང་༼ནི་ཁམས་གསུམ་གྱི་སེམས་ཅན་སྟེ། ༽ དེ་ཉིད་དོ། །འབྱུང་བ་ཆེ་རྣམས་༼སྟེ་ཕྱི་སྣོད་ཀྱང་། ༽དེ་ཉིད་དོ། །ཞེས་གསུངས་ཏེ། དེ་ལ་རང་གི་སེམས་སོ་སོར་རྟོགས་པ་ཞེས་བྱ་བ་ནི། སེམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་བྱ་སྟེ། དེ་ཡང་འདི་སྐད་དུ། སེམས་འཁྲུལ་པའི་དུས་ན་འཁོར་བ། མ་འཁྲུལ་བར་རྟོགས་ན་བྱང་ཆུབ་ཅེས་བཤད་པ་ནི། རྫོགས་པ་ཆེན་པོའི་གཞུང་དུ་ཡང་མི་འགྱུར་ཏེ། ༼དམ་བཅའ། ༽ ཐེག་པ་འོག་མ་རྣམས་ཀྱང་དེ་ལྟར་འདོད་པའི་ཕྱིར་རོ། །༼འཐད་པ། ༽ དེ་བས་ན་༼རྗོགས་པ་ཆེན་པོའི་རང་གཞུང་སྟོན་པའི་སྐབས། ༽ འདིར་ཆོས་ཐམས་ཅད་སེམས་སུ་སྣང་ཡང་། སྣང་བ་དེ་ཉིད་སངས་རྒྱས་བྱང་ཆུབ་ཀྱི་རང་བཞིན་ནོ་ཞེས་སྦྱར་རོ། །དེ་དང་ཚུལ་མཐུནད་པ་གཞན་ཡང་། གསང་བ་འདུས་པ་ལས། ཆོས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་པའོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །ཞེས་གསུངས་ཏེ། འདིའི་དོན་ཡང་ཆོས་ཐམས་ཅད་ནི་སེམས་སུ་འདུས་ལ། སེམས་ཀྱི་རང་བཞིན་ནི་ནམ་མཁའ་དང་འདྲ་སྟེ། ནམ་མཁའི་རང་བཞིན་ནི་མཚན་ཉིད་མེད་པའོ་ཞེས་སྟོན་པའོ། །དེ་དང་ཚུལ་མཐུན་པ་གཞན་ཡང་ལུང་ཐོར་བུ་རྣམས་ནས་འབྱུང་བ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཆོས་ཐམས་ཅད་ལ་ཆོས་ཅན་དང་ཆོས་ཉིད་རྣམ་པར་བསྒྲུབ་པ་དང་བྲལ་བས། ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། འདི་ལ་འདིས་སྟོང་ཞེས་རྣམ་པར་གཞག་པ་དང་བྲལ་བའོ། །དེ་བཞིན་དུ་ཉོན་མོངས་པའི་དྲི་མ་ཉིད་ཡེ་ནས་གྲུབ་མ་མྱོང་བས། གཟོད་མ་ནས་རྣམ་པར་དག་པའོ། །སྒྲིབ་པའི་མུན་པ་ཉིད་ཡེ་ནས་མ་གྲུབ་པས། ཡོང་གིས་འོད་གསལ་བའོ། །མི་མཐུན་པ་དང་གཉེན་པོ་གཉིས་སུ་དབྱེར་མེད་པས། རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །སྒྲིབ་པའ་རྣམ་པ་གཉིས་འབྲི་བ་དང་། ཚོགས་རྣམ་པ་གཉིས་བསག་པ་དང་བྲལ་བས། ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་གསུངས་པ་འདི་དག་ནི། རྫོགས་པ་ཆེན་པོའི་དོན་བཤད་པའོ། །དེའི་ཚུལ་བཤད་པའི་ཕྱིར་རྫོགས་པ་ཆེན་པོའི་ཚུལ་ནི། རྟོགས་པ་རྣམ་བཞིའི་ལམ་གྱིས་ཡིད་ཆེས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྟོགས་པ་རྣམ་པ་བཞི་ནི་ཡུལ་གྱི་ཚུལ་ཏེ་མཚན་གཞིར་གཞག །མཚན་ཉིད་གསུམ་ནི་ཐབས་ཀྱི་ཚུལ་ཏེ། དེའི་མཚན་ཉིད་དུ་གཞག །བསྙེན་སྒྲུབ་བཞི་ནི་འབྲས་བུའི་ཚུལ་ཏེ། ལ་བཟླའ་བའི་མན་ངག་དུ་གཞག །ལྷུནད་ཀྱིས་གྲུབ་པའི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ནི་འཇུག་རིམས་སུ་གཞག་གོ །དེ་དག་ལ་ཡང་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གཉིས་ནི་ཡུལ་གྱི་ཚུལ། བྱིན་གྱིས་བརླབས་པར་རྟོགས་པ་ནི་ཐབས་ཀྱི་ཚུལ། མངོན་སུམ་པར་རྟོགས་པ་ནི་འབྲས་བུའི་ཚུལ་ལོ། །དེ་བཞིན་དུ་མཚན་ཉིད་གསུམ་ལ་ཡང་། ཤེས་པའི་མཚན་ཉིད་ནི་ཡུལ་གྱི་ཚུལ། འཇུག་པའི་མཚན་ཉིད་ནི་ཐབས་ཀྱི་ཚུལ། འབྲས་བུའི་མཚན་ཉིད་ནི་འབྲས་བུའི་ཚུལ་ལོ། །བསྙེནད་སྒྲུབ་བཞིའ་ལ་ཡང་། བསྙེན་པ་ནི་ཡུལ་གྱི་ཚུལ། ཉེ་བའི་བསྙེནད་པ་དང་སྒྲུབ་པ་ནི་ཐབས་ཀྱི་ཚུལ། སྒྲུབ་པ་ཆེན་པོ་ནི་འབྲས་བུའི་ཚུལ་ལོ། །དེ་བཞིན་དུ་འཇུག་རིམས་གསུམ་ལ་ཡང་། ཐོས་པས་མིག་ཕྱེ་བ་ནི་ཡུལ་གྱི་ཚུལ། གོམས་པར་བྱེད་པས་དཀྱིལ་འཁོར་དུ་ཞུགས་པའ་ནི་ཐབས་ཀྱི་ཚུལ། གོམས་པའི་མཐུས་མངོན་དུ་གྱུརད་པས་དངོས་གྲུབ་ཆེན་པོ་ཐོབ་པ་ནི་འབྲས་བུའི་ཚུལ་ལོ། །དེ་ལྟར་ཁོག་བཀྲོལ་ནས། ཡི་གེ་འབྲུའི་དོན་ཅུང་ཟད་བཤད་ན། ཚོགས་རྣམ་པ་གཉིས་རྫོགས་པས་ན་རྫོགས་པ་ཞེས་བྱ་ལ། དེ་ཡང་ཐེག་པ་འོག་མ་ལྟར། བགྲོད་ཅིང་སྦྱོང་བ་ལ་ལྟོས་པ་མ་ཡིན་གྱི་སྐུ་གསུང་ཐུགས་འབྲས་བུའི་ཆོས་སུ་གདོད་མ་ནས་ལྷུན་གྱིས་གྲུབ་པས་ཆེན་པོ། དེ་ལྟ་བུའི་དོན་ལ་འཇུག་པའི་ཐབས་དང་སྒོ་ནི་ཚུལ་ལོ། །རྟོགས་པ་རྣམ་པ་བཞི་ལ། རྒྱུ་གཅིག་པར་རྟོགས་པ་ནི་རང་བཞིན་གཅིག་པར་རྟོགས་པ་སྟེ། སྐྱེ་བ་གྲུབ་པར་བྱེད་པའི་རྒྱུ་དང་གཏན་ཚིགས་གཅིག་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ཡང་ཆོས་ཐམས་ཅད་དོནད་དམ་པར་མ་སྐྱེས་པས་སོ་སོ་མ་ཡིན་པ་དང་། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་སོ་སོ་ཡིན་པ་གཉིས་ནི། ཐེག་པ་ཆེན་པོའི་ཐུན་མོང་སྟེ། དེའི་ཕྱིར་བདེན་པ་གཉིས་ཀྱི་སྐད་ཀྱིས་གཞག་གོ །དེ་གཉིས་དབྱེར་མེད་པར་རྟོགས་པ་ནི་ཐུན་མོང་མ་ཡིན་པའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ནི། གསང་སྔགས་འབྲས་བུའི་ཆོས་སུ་སངས་རྒྱས་པར་རྟོགས་པ་སྟེ། དེ་ཡང་ཡི་གེ་འབྲུ་གསུམ་ནི་རྣམ་པར་ཐར་པའི་སྒོ་ཡིན་ལ། སྐུ་གསུང་ཐུགས་འབྲས་བུའི་ཆོས་སུ་ལྷུནད་ཀྱིས་གྲུབ་པ་ནི་རྣམ་པར་ཐརད་པའི་དོན་ཡིན་ནོ། །དེ་ཡང་ཨ་ནི་སྐྱེ་བ་མེད་པའི་སྒོ། ཨོ་ནི་ཆོ་འཕྲུལ་འབྱུང་བའི་སྒོ། ཨོཾ་ནི་གཉིས་སུ་མེད་པའི་སྒོའོ། །བྱིན་གྱིས་བརླབས་པར་རྟོགས་པ་ནི། རྟོགས་པ་གཉིས་པོའི་མཐུ་ཤེས་པའོ། །མངོན་སུམ་པར་རྟོགས་པ་ནི། འདིར་ཤེས་རབ་ཀྱི་དབང་པོའི་མངོན་སུམ་སྟེ། མངོན་སུམ་གཞན་ནི་མ་ཡིན་ནོ། །དེ་ཡང་ཇི་ལྟར་བསྲེགས་བཅད་བདར་བ་གསུམ་གྱིས་གསེར་རྟོགས་པར་བྱེད་པ་ནི། བསྲེགས་པས་ནི་གསེར་ཡིན་ནམ་མ་ཡིན་ཤེས་པར་བྱེད་དོ། །བཅད་པས་ནི་ཟོལ་ཡོད་མེད་ཤེས་པར་བྱེད་དོ། །རྡོ་ནག་པོ་ལ་བདར་བས་ནི་གསེར་བཟང་ངན་རྟོགས་པར་བྱེད་དོ། །དེ་བཞིན་དུ་རྟོགས་པའི་དོན་གསེར་དང་འདྲ་བར་གཏན་ལ་དབབ་པར་བྱ་བ་དེ་ཡང་། ལུང་དང་མི་འགལ་ན་ནི་སྤྱི་ལ་འཁྲུལ་པ་མེད་དེ། བསྲེགས་པས་གསེར་བརྟག་པ་དང་ཆོས་མཚུངས་སོ། །ལུང་ལ་ཡང་སྒྲ་ཇི་བཞིན་མ་ཡིན་པར་བཤད་ཅིང་། དགོངས་པའི་ཚིག་དོན་གཞན་དུ་འདྲེན་པ་དང་། དོན་རྟོགས་པར་དཀའ་བ་ཡང་ཡོད་པས། བླ་མ་རྣམས་ཀྱི་མན་ངག་དང་མ་འགལ་ན་སྐྱོན་དེ་ལྟ་བུ་ཡང་སེལ་བས། བཅད་པས་གསེར་བརྟག་པ་དང་ཆོས་མཚུངས་པ་ཡིན་ནོ། །དེ་ལྟར་ལུང་དང་མན་ངག་དང་མི་འགལ་ཡང་། ཚིག་ཙམ་གྱིས་སྒྲ་ཕྱིར་འབྲངས་ཏེ། རང་གི་བློའི་གཏིང་དུ་ཉམས་སུ་མ་ལོན་པ་ཡང་ཡོད་པས། ལུང་དང་མན་ངག་གི་ཚིག་ཙམ་ལ་མ་བརྟེན་པར། བློའི་གཏིང་དུ་ཡིད་ཆེས་ཤིང་མངོན་སུམ་དུ་རྟོགས་པས་ནི། ཉེས་སྐྱོན་དེ་ཡང་སེལ་ཏེ། བདར་བས་གསེར་བརྟག་པ་དང་ཆོས་མཚུངས་སོ། །མངོན་སུམ་དེ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱི་དུས་ན་ཡིན་ཏེ། རྣལ་འབྱོར་གྱི་མཐུས་མངོན་དུ་གྱུར་པའི་དུས་ན་ནི་འབྲས་བུ་ཉིད་ཡིན་ནོ། །དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐརད་ཕྱིན་པར་འགྱུར་བ་ནི། རྟོགས་པ་རྣམ་པ་བཞི་མཚན་གཞིར་བཞག་པ་དེ་ལ། ཤེས་པ་དང་འཇུག་པ་དང་མངོན་དུ་གྱུརད་པའི་ཚུལ་གྱིས་མཚན་ཉིད་གསུམ་དུ་འགྱུར་ལ། དེས་རྫོགས་པ་ཆེན་པོའི་དོན་མཐརད་ཕྱིན་པར་འགྱུར་བས། འདི་དང་མི་ལྡན་དུ་མྀ་རུང་ངོ་ཞེས་ཤེས་པར་བྱའོ། །མཚན་ཉིད་གསུམ་གྱིས་དགོས་འབྲེལ་གསུམ་བསྟན་པ་ནི། ལམ་གྱི་དགོས་འབྲེལ་ཡིན་ཏེ། དེ་ཡང་འདི་སྐད་དུ། རྟོགས་པ་རྣམ་བཞིའི་ཚུལ་རིག་པ་ནྀ་ཤེས་པའི་མཚན་ཉིད་དེ། དེ་ནི་འབྲེལ་པའོ། །གང་དང་འབྲེལ་ཞེ་ན། བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པའི་རྒྱུ་ཡིན་པའི་དོན་དང་འབྲེལ་པའོ་ཞེས་སྦྱར་རོ། །རྟོགས་པ་རྣམ་བཞིའི་ཚུལ་ཇི་ལྟར་རིག་ཞེ་ན། ཀུནད་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་སུ་བཏགས་པ་ཐམས་ཅད། ཡིག་འབྲུའི་ཚུལ་གྱིས་རྟོགས་པའི་དོན་གྱིས། ཡེ་ནས་སྐུ་གསུང་ཐུགས་ཀྱི་བདག་ཉིད། རྒྱུ་གཅིག་པར་རྟོགས་པའི་དོན་གྱིས། རང་བཞིན་གྱིས་སངས་རྒྱས་པའི་དབྱིངས་དང་། བྱིན་གྱིས་བརླབས་པར་རྟོགས་པ་དང་མངོན་སུམ་པར་རྟོགས་པའི་དོན་གྱིས། བྱིན་གྱི་རླབས་ཡིན་པར་དོན་རྟོགས་པ་སྟེ། དེ་ནི་ཤེས་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དགོས་པ་ནི་འཇུག་པའི་མཚན་ཉིད་དེ། གང་གི་ཕྱིར་དགོས་ཞེ་ན། བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པའི་རྒྱུ་རྐྱེན་ཡིན་པའི་ཕྱིར་དགོས་པའོ། །དགོས་པའི་ཡང་དགོས་པ་ནི་འབྲས་བུའི་མཚན་ཉིད་དེ། དེ་ཡང་གང་ཞེ་ན། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཆེན་པོའི་ངང་དུ་བླང་དོར་མེད་པར་ལྷུན་གྱིས་གྲུབ་པ་ནི། འབྲས་བུའི་མཚན་ཉིད་ཡིན་ཏེ། དེ་ཡང་གང་གི་ཕྱིར་ཞེ་ན། སྲིད་པའི་འཁོར་བ་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན། མྱ་ངན་ལས་འདས་པའི་མཚན་ཉིད་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་ཏེ། དངོས་སུ་ན་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་མངོན་སུམ་དུ་གྱུརད་པ་ནི། དགོས་པའི་ཡང་དགོས་པའོ་ཞེས་སྦྱར་རོ། །དེ་ལ་འདི་སྐད་དུ་རྒྱུ་རྐྱེནད་འབྲས་བུ་དང་གསུམ་ནི། ཐེག་པ་འོག་མའི་གཞུང་དང་མཐུན་པ་ཡིན་ན། རྫོགས་པ་ཆེན་པོ་ཡེ་ནས་སངས་རྒྱས་པ་ལ། རྒྱུ་རྐྱེན་འབྲས་བུར་བཞག་པ་མི་འགལ་ལམ་ཞེ་ན། དེ་ལ་འདི་ལྟར་མ་ཧཱ་ཡོ་ག་ལ་སོགས་པ་ཐེག་པ་འོག་མའི་གཞུང་གིས། ལམ་གྱི་དངོས་པོ་བསྙེན་སྒྲུབ་ཀྱི་ཡན་ལག་གི་༼རྒྱུ་རྐྱེན་དངོས། ༽སྒོ་ནས། འབྲས་བུ་གྲུབ་པར་བྱ་བ་འདོད་པ་ཡིན་ལ། རྫོགས་པ་ཆེནད་པོའི་གནས་སྐབས་ན། དེ་ཡང་དེ་ལྟར་བྱ་མི་དགོས་ཏེ། བསྙེན་སྒྲུབ་རྣམ་པ་བཞི་ཡང་། བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ལ་རྫོགས་པས། རྒྱུ་རྐྱེན་འབྲས་བུའི་དངོས་པོར་དངོས་སུ་གྱུརད་པ་ནི་མེད་དོ། །ཞེས་༼དོན་ལྷུན་གྱིས་གྲུབ་པར། ༽ལ་བཟླའ་བའི་མན་ངག་ཏུ་སྦྱར་རོ། །དེ་ལ་མ་ཧཱ་ཡོ་གའི་བསྙེནད་སྒྲུབ་བཞི་ལས། རྫོགས་པ་ཆེན་པོར་ལ་བཟླའ་བ་ནི་ཅུང་ཟད་གསལ་ལོ། །༼སྟེ་བསྙེན་པ་བྱང་ཆུབ་ཀྱི་སེམས་ཞེས་འདོད་པ་ལ་སོགས་པའམ་ད་ལམ་གྱིས་མ་ཡིན་ནོ་ཞེས་པ་ལྟ་བུའོ། །༽སྒྲུབ་པ་ཆེན་པོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ། བྱང་ཆུབ་ཀྱི་སེམས་དང་བཅས་པ་འབྲེལ་པར་སྟོན་པ་ལ། ཐབས་དང་ཤེས་རབ་བྱང་ཆུབ་སེམས་དང་གསུམ། ཡབ་ཡུམ་སྤྲུལ་པ་ལྕམ་དྲལ་དང་གསུམ། རྣམ་པར་ཐརད་པའི་སྒོ་སྟོང་པ་ཉིད་དང་སྨོན་པ་མེད་པ་མཚན་མ་མེད་པ་དང་གསུམ་ཡེ་ནས་ཟུང་དུ་འབྲེལ་ཅིང་། ལྷུན་གྱིས་གྲུབ་བོ། །ཞེས་སྦྱར་རོ། །བདུད་རྣམ་པ་བཞི་བཏུལ་བ་ནི། སྤྱིར་གཞུང་སོ་སོ་ལས་བདུད་བཏུལ་བའི་ཐབས་སོ་སོར་གྲགས་པ་ཡོད་དེ། དེ་ལས་འདིར་ནི་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས། བདུད་རྣམ་བཞི་བཏུལ་བར་འདོད་དེ། དེ་ཡང་འདི་ལྟར་བསྙེན་པ་བྱང་ཆུབ་ཀྱི་སེམས་ཤེས་པའི་མཚན་ཉིད། མ་སྐྱེས་པའི་ཏིང་ངེ་འཛིནད་ཀྱིས་འཆི་བདག་གི་བདུད་བཅོམ་མོ། །ཉེ་བའི་བསྙེནད་པ་བདག་ཉིད་ལྷར་ཤེས་པའི་མཚན་ཉིད། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕུང་པོའི་བདུད་བཅོམ་མོ། །སྒྲུབ་པ་ཡུམ་བསྐྱེད་པའི་མཚན་ཉིད། རྡུལ་དང་བྲལ་བའི་ཏིང་ངེ་འཛིན་གྱིས། ཉོན་མོངས་པའི་བདུད་བཅོམ་མོ། །སྒྲུབ་པ་ཆེན་པོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མཚན་ཉིད། མི་དམིགས་མཁའ་དང་སྙོམས་པའི་ཏིང་ངེ་འཛིན་གྱིས་ལྷའི་བུའི་བདུད་བར་ཆད་གཡེང་བའི་བདུད་བཅོམ་མོ། །དེ་ལྟར་ན་གང་ལ་བདུད་རྣམ་པ་བཞི་འདུལ་བར་བྱེད་པའི་མཐུ་ཡོད་པའི་ལམ་དེ་ནི། རྣམ་པར་དག་པའི་ལམ་ཡིན་ལ། དེ་ཡང་བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པའི་ལམ་ཆེན་པོའོ། །ད་ནི་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་རིམ་བསྟན་ཏེ། དེ་ཡང་ཐེག་པ་འོག་མའི་གནས་སྐབས་ན། རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་དུ་འཇུག་པའི་རིམ་པའང་། མིག་ཕྱེ་བ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་དོན་བསྟན་པ་དང་། དབང་བསྐུར་བར་བྱས་ནས། དངོས་གྲུབ་བསྒྲུབ་པ་ལ་འཇུག་པར་བྱེད་པ་ཡིན་ཏེ། འདིར་ནི་དེ་ལྟ་བུ་ལ་ལྟོས་པའང་མ་ཡིན་ཏེ། དཀྱིལ་འཁོར་ནི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་གོ ། འཇུག་ཐབས་ནི་ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་འཇུག་སྟེ། དེ་ཡང་ཐེག་པ་ཆེན་པོ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ལས། དང་པོར་ཉན་པའི་ཤེས་རབ་ཀྱིས་གཞུང་ཐོས་པ་ནི་མིག་ཕྱེ་བའོ། །དེ་ནས་བསམ་པའི་ཤེས་རབ་ཀྱིས་དོན་རྟོགས་པ་ནི་དཀྱིལ་འཁོར་མཐོང་བ་སྟེ། ལྷའི་མཚན་ཉིད་ངོ་ཤེས་པའོ། །རྟོགས་ནས་བསྒོམ་པའི་ཤེས་རབ་ཀྱིས་གོམས་པར་བྱེད་པ་ནི། །དཀྱིལ་འཁོར་དུ་ཞུགས་པ་སྟེ་དབང་བསྐུར་བ་ཐོབ་པའོ། །ཞུགས་ནས་མངོན་དུ་གྱུརད་པ་ནི་དངོས་གྲུབ་ཆེན་པོ་ཐོབ་པ་སྟེ། དེ་ལྟར་ཡང་གཞུང་འདི་ཉིད་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདའ་བར་མི་མཛད་དམ་ཚིག་མཆོག །ཅེས་གསུངས་པའི་དོན་ཡིན་པར་དགོངས་སོ། །ད་ནི་རྫོགས་པ་ཆེན་པོའི་ཚུལ་འདི་ཀུནད་ཀྱི་ཐུནད་མོང་མ་ཡིན་པར་སྟོན་ཏེ། དེའི་ཕྱིར། དེ་ལྟར་ཚུལ་འདི་ནི་རྫོགས་པ་ཆེན་པོ་མཐརད་ཕྱིན་པའི་དོན། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་འཇུག་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་བྱ་བ་ནི། སྤྱིར་གཞུང་སོ་སོ་ལས་སངས་རྒྱས་ཀྱི་སའི་བྱེ་བྲག་སོ་སོར་གྲགས་པའང་། མཚན་ཉིད་ཀྱི་ཐེག་པ་སྤྱི་ལས་སངས་རྒྱས་ཀྱི་ས་ཀུན་དུ་འོད་ཅེས་གྲགས་ཏེ། འདི་ལྟར་འོད་ཟེར་མང་པོ་བཀྱེ་བས་གདུལ་བྱའི་འགྲོ་བ་སྣོད་དུ་རུང་བར་མཛད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་གྲགས་སོ། །རྡོ་རྗེ་ཐེག་པ་སྤྱི་ལས་ནི། སངས་རྒྱས་ཀྱི་ས་གསུམ་དུ་གྲགས་ཏེ། འདི་ལྟར་ཀུན་དུ་འོད་ཀྱི་ས་དང་། པདྨ་ཅན་གྱི་ས་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། དེ་ལ་ཀུན་དུ་འོད་ནི། ཆོས་ཀྱི་སྐུ་མཚན་མ་མེད་པ་རང་བཞིན་གྱིས་འོད་གསལ་བས། ཀུན་ལ་ཁྱབ་པའོ། །པདྨ་ཅན་ནི་དམིགས་པ་མེད་པའི་ཤེས་རབ་ཀྱིས། ཆོས་ཀྱི་སྐུའི་དོན་ཅིར་ཡང་མ་གཟིགས་པ་ཉིད། མ་ཆགས་པའི་ཐུགས་རྗེའི་གཞི་ཡིན་པའོ། །ཡི་གེ་འཁོར་ལོ་ཚོགས་ཆེན་ནི། དེ་ཉིད་ཀྱི་དུས་ན་ཡེ་ཤེས་དང་མཚན་མའི་དཀྱིལ་འཁོར་གྱི་བདག་ཉིད། རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། དེ་ལ་ཡི་གེ་ནི་གཉིས་ཏེ། ཡེ་ཤེས་དང་མཚན་མའོ། །མཚན་མ་ལའང་རྣམ་པ་གཉིས་ཏེ། མིང་དང་གཟུགས་སོ། །གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་རྫོགས་པ་དང་ཆ་ཤས་སུ་སྣང་བའོ། །འདི་ལྟ་བུའི་འབྲས་བུའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཚོགས་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་ཀྱང་བྱ། སངས་རྒྱས་ཀྱི་ས་བཅུ་གསུམ་པ་ཞེས་ཀྱང་བྱའོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་ཀྱི་ས་བཅུ་གཉིས་གསུངས་ཏེ། དེ་ཡང་ཐབས་དང་ཤེས་རབ་གཉིས། སྐུ་ལྔ་ཡེ་ཤེས་ལྔ་སྟེ་བཅུ་གཉིས་ལ་བཞག་པར་སྣང་ངོ་། །འདི་ལྟ་བུ་ལ་ནི་གཞུང་འདི་ཉིད་ལས། ས་རབ་རིག་པའ་འཛིན་ལ་གནས་ཞེས་གསུངས་པ་དང་། ཐབས་དང་ཤེས་རབ་མཆོག་གི་ས་ཞེས་གསུངས་པ་དང་། གཞན་ལས་ཀྱང་རྡོ་རྗེ་འཛིན་གྱི་ས་ཞེ་འམ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཞེ་འམ། ཡེ་ཤེས་བླ་མའི་ས་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཀྱང་དོན་འདི་ལྟ་བུ་ལ་བྱ་སྟེ། ཆེ་བའི་ཡོན་ཏན་གྱི་སྒོ་སོ་སོ་གཙོར་བཞག་པ་ཙམ་དུ་ཟད་དོ། །འདི་ལྟ་བུ་ལ་མ་བརྩལ་ལྷུན་གྱིས་འཇུག་པ་འདི་ཡང་། སྐྱེས་བུ་བློ་རྩལ་རབ་ཀྱིས་གོམས་པ་དྲག་རྡལ་དུ་འགྲོའ་བ་ཡིན་གྱི། ཕལ་གྱིས་བྱ་བ་ནི་མ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པར་བསྟན་པ་སྟེ། དེ་ལ་གོམ་པ་དྲག་རྡལ་དུ་འགྲོ་ཞེས་བྱ་བ་ནི། ཅིག་ཅར་འགྲོ་བ་སྟེ་རིམས་ཀྱིས་འགྲོ་བ་བཀག་པའོ། །སྔོནད་གྱི་སློབ་དཔོན་ལ་ལ་དག་གི་མན་ངག་ལས། དལ་བ་ཞེས་བྱ་བ་ནི། བློའི་རྩལ་ཆུང་བ་རིམས་ཀྱིས་འགྲོ་བ་ཡིན་ནོ་ཞེས་ཟེར་བ་ནི། དོན་གྱི་སྐབས་མ་ཡིན་པ་དང་ཚིག་གི་ཤུགས་དང་འགལ་བའི་ཕྱིར་གཞག་གོ །དེ་ལྟར་ན་ཀུནད་ཀྱི་ཐུནད་མོང་མ་ཡིན་པས། སློབ་དཔོན་ཀྱི་ས་འཛིནད་པ་རྣམས་ཀྱིས་ཀྱང་། ཐེག་པ་ཐམས་ཅད་ལ་མཁས་པར་བྱས་ལ། གདུལ་བྱའི་སྣོད་དང་སྦྱར་ཏེ་བསྟན་དགོས་སོ་ཞེས་གསུངས་པ་སྟེ། འདི་ཉིད་ཀྱི་གཞུང་ལས་ཀྱང་། སྣོད་མ་ཡིན་པ་ལ་བྱིན་པའི་སྐྱོན་བསྟན་པ་འབྱུང་ལ། དབང་བསྐུར་བའི་ཏན་ཏྲ་ལ་སོགས་པ་བཀའ་ཕལ་མོ་ཆེ་ལས་ཀྱང་གྲགས་པས། གསང་བ་འདི་ཡང་རང་བཟོ་མ་ཡིན་པར་དགོངས་པའོ། །ད་ནི་གོང་དུ་བསྟན་པའི་ལྟ་བའི་ཁྱད་པར་དེ་དག་གི་སྤྱོད་པ་དང་གྲོགས་ཀྱི་མཚན་ཉིད། སྡོམ་པའི་ངོ་བོ་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་བྱེ་བྲག་བསྟན་པར་བཞེད་ནས། ལྟ་བའི་ཁྱད་པར་གྱིས་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་བྱེ་བྲག་དུ་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལྟ་བ་མིག་དང་འདྲ་བས་ཇི་ལྟར་བཅད་པ་བཞིན་དུ། དཀའ་ཐུབ་དང་བརྟུལ་ཞུགས་རྐང་པ་དང་འདྲ་བ་རྗེས་སུ་འགྲོ་བར་འགྱུར་རོ་ཞེས་པའི་དོན་ཏེ། དེ་ལ་དཀའ་ཐུབ་ནི་ཐ་བ་ས་ཞེས་བྱ་བ་གདུང་བའི་དོན་ཏེ། ཡོན་ཏན་གྱི་འབྲས་བུ་འདོད་པའི་ཕྱིར་ལུས་གདུང་བར་བྱེད་པའི་སྤྱོད་པའི་མཚན་ཉིད་སྟེན་པའོ། །བརྟུལ་ཞུགས་ནི། པརྠ་ཞེས་བྱ་བ་སྒྱུར་བའི་དོན་ཏེ། ཡོན་ཏན་གྱི་འབྲས་བུ་འདོད་པའི་ཕྱིར། རང་གི་ངང་ཚུལ་སྔ་མའི་གནས་ལས་གཞན་དུ་བསྒྱུར་བའི་སྤྱོད་པའི་མཚན་ཉིད་སྟེན་པའོ། །དེ་ལ་ལྟ་བའི་བྱེ་བྲག་གིས་དཀའ་ཐུབ་ཡོད་མེད་གཉིས་སུ་འགྱུར་ཏེ། དེ་ལ་དཀའ་ཐུབ་མེད་པ་ནི། ལྟ་བ་ལ་བསྒྲུབ་པར་བྱ་བ་མེད་པའི་དབང་གིས། འཇིག་རྟེན་ཕྱྭལ་བ་དང་། མུ་རྟུག་དག་གོ །དཀའ་ཐུབ་ཡོད་པ་ནི། ལྟ་བ་ལ་བསྒྲུབ་པར་བྱ་བ་ཡོད་པའི་དབང་གིས། རྣམ་པ་བཞིའོ། །དེ་ལ་རང་སངས་རྒྱས་ལྟ་བའི་སྐབས་སུ་གུད་དུ་བཞག་ནས། དཀའ་ཐུབ་མ་སྨོས་པ་ནི་ཉན་ཐོས་དང་མཐུན་པར་སྦྱར། མེ་ལྔ་སྟེན་པའི་དཀའ་ཐུབ་ཅེས་བྱ་བ་ནི། འཇིག་རྟེན་གྱི་མངོན་པར་ཤེས་པ་ཐོབ་པའི་བྱེ་བྲག་གང་གིས། འགྲོ་བ་གང་དག་ལྷར་སྐྱེ་བའི་ལས་ཉེ་བར་གནས་པ་ལས། གྲང་བའི་རྐྱེན་ཀྱིས་ཕྱོགས་བཞིར་མེ་བཞི་སྟེན་པ་མཐོང་སྟེ། དེས་ལས་ཀྱི་རྐྱེན་ནི་མ་མཐོང་། སྤྱོད་པའི་ཚུལ་ལས་འདི་ལ་ཡོན་ཏན་ཅི་ཞིག་ཡོད་སྙམ་དུ་བསམས་ཏེ། འཇིག་རྟེན་ཀྱི་མངོན་ཤེས་ཀྱིས་བརྟགས་ན། ཤི་འཕོས་ནས་ལྷར་སྐྱེ་བ་མཐོང་བ་ལས། མེས་གདུངས་པའི་ཡོན་ཏན་དུ་མཐོང་སྟེ། དེ་ནས་ཤིན་ཏུ་ཉི་མ་ཚ་བ་ཉིད་ལ། མེས་གདུངས་པ་ཡོན་ཏན་དུ་ལྟ་སྟེ། མེ་བཞི་ཉི་མ་དང་ལྔ་སྟེནད་པས་མེ་ལྔ་སྟེན་པའི་དཀའ་ཐུབ་འཇིག་རྟེན་དུ་འབྱུང་ངོ་། །དེ་བས་ན་འདི་ཡང་ལྟ་བས་རྣལ་འབྱོརད་ཀྱི་མངོན་སུམ་གྱིས་གྲུབ་པ་དང་། དེས་མི་དམིགས་པ་ཚད་མར་བྱས་ཏེ། ཡོངས་སུ་བཅད་པའི་རྗེས་སུ་འབྲངས་པ་ཡིན་ཏེ། གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །བརྟུལ་ཞུགས་ལོག་པར་སྤྱོད་པའོ་ཞེས་པ་ནི། ལུས་སྡུག་བསྔལ་བར་བྱེད་པའི་མཚན་ཉིད་ནི། སངས་རྒྱས་པའི་དཀའ་ཐུབ་ལ་ཡང་ཡོད་དེ། ཇི་སྐད་དུ། ལུས་ནི་ཉོན་མོངས་སྤྱད་པ་ལས། །འབྲས་བུ་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་དེ་ལྟ་བུ་རྣམ་པར་བཅད་པའི་ཕྱིར་དེ་སྐད་ཅེས་སྨོས་ཏེ། ངལ་བ་འབྲས་བུ་མེད་པའི་ལས་ཅན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཉན་ཐོས་ཀྱི་དཀའ་ཐུབ་ནི། སོ་སོར་ཐརད་པའི་མདོ་ལས། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པའི་དོན་ནི། བསླབ་པ་གསུམ་མདོར་བསྡུས་ནས་སངས་རྒྱས་ཀྱི་བཀའ་བཞག་པ་སྟེ། དེ་ལ་སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་ནི། ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་གསུངས་པ་སྟེ། འདི་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་ཀྱང་། ཤིན་དུ་ལྕི་བར་གྱུརད་པ། སྲོག་གཅོད་པ་དང་། །མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། །རྫུན་སྨྲ་བ་ལྟ་བུ། ཕམ་པར་འགྱུར་བའི་ལུས་ངག་གི་གནས་ངན་ལེན་གྱི་ལས་རྣམས་དང་། དེ་ལ་སོགས་པ་བྱ་བ་མ་ཡིན་པ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་སོ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཞེས་བྱ་བ་ནི། ཤེས་རབ་ཀྱི་བསླབ་པའི་དབང་དུ་གསུངས་པ་སྟེ། བདེན་པ་བཞིའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཀྱིས་བསྡུས་པ། འཕགས་པའི་ལམ་དང་འབྲས་བུའི་ཆོས་སྤྱད་ཅིང་ཐོབ་པར་བྱ་བའི་ཆོས་རྣམས་སོ། །རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་བྱ་བ་ནི། ལྷག་པའི་སེམས་ཀྱི་བསླབ་པའི་དབང་དུ་གསུངས་པ་སྟེ། འདི་ལྟར་འགྲོ་བ་ཕལ་པ་རྣམས་ནི་འདོད་པའི་ཡོན་ཏན་ལྔ་ལ་རང་བཞིན་གྱིས་སེམས་འཕྲོ་བས། ཉོན་མོངས་པ་ཐམས་ཅད་སྐྱེ་བའི་སྤྱོད་ཡུལ་ལ་ངང་གིས་སྟེན་པ་ཅན་ཡིན་ལ། འཕགས་པ་རྣམས་ནི་བསམ་གཏན་དང་ཏིང་ངེ་འཛིནད་དང་སྙོམས་པར་འཇུག་པའི་མཐུས་སེམས་དབང་དུ་གྱུརད་པས། མ་དག་པའི་སྤྱོད་ཡུལ་ལས་ཕྱིར་བཟློག་སྟེ། རྣམ་པར་དག་པའི་སྤྱོད་ཡུལ་ལ་འཇུག་པར་བྱེད་པའི་ཏིང་ངེ་འཛིན་སྟེན་པ་ཡིན་ནོ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི། ཚད་མར་བྱེད་པའི་ཚིག་སྟེ། འདི་ལྟ་བུའང་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་ལ་སོགས་པས་བཤད་པའི་ལུང་དང་མི་འདྲ་སྟེ། ཀུནད་ཀྱིས་ཡིད་བརྟན་དུ་རུང་བའི་ཚད་མ་སངས་རྒྱས་ཉིད་ཀྱིས་བསྟན་པ། དམ་པའི་ཆོས་འདུལ་བ་ལེགས་པར་གསུངས་པ་ཡིན་ནོ། །དེའི་དབང་གིས་དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད། ཀུན་རྫོབ་དང་དོན་དམ་པ་གཉིས་གར་སོ་སོར་ཡོད་པར་ལྟའོ་ཞེས་སྦྱར་ཏེ། དེ་ལ་ཡོད་པ་ཞེས་བྱ་བ་ནི་རིགས་པས་རྣམ་པར་བཞག་པ་ཡིན་ཏེ། དེའི་ཕྱིར་ཀུནད་རྫོབ་ཏུ་ཡང་ཡོད་དོན་དམ་པར་ཡང་ཡོད་ཞེས་གཞག་སྟེ། འདི་ལྟར་ཀུནད་རྫོབ་ཀྱི་ཤེས་པ་ལ་སྣང་བའི་ཆོས་གང་དག །དོན་དམ་པའི་ཤེས་པ་ལའང་སྣང་སྟེ། དེ་བས་ན་གཉིས་གར་ཡོད་པ་ཞེས་བྱའོ། །བདེན་པ་ཞེས་མ་སྨོས་པ་ནི། སྒྲིབ་པས་བཞག་པ་ཡིན་པའི་ཕྱིར། གཉིས་ག་བདེན་དུ་མི་རུང་སྟེ། འདི་ལྟར་གང་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་གྲུབ་པ་དེ་ནི། དོན་དམ་པའི་བདེན་པ་ཡིན་པར་འགལ་ལ། དེ་ལས་བཟློག་པའང་དེ་བཞིན་ཏེ། དེ་བས་ན་འདིར་བདེན་པར་སྒྲུབ་པ་མ་ཡིན་གྱི། ཡོད་པར་སྒྲུབ་པ་ཡིན་པས། དེ་བས་ན་འདི་ཀུན་རྫོབ་དང་དོན་དམ་པ་གཉིས་གར་སོ་སོར་ཡོད་པར་ལྟ་བ་ཞེས་རྣམ་པར་གཞག་པ་གྲུབ་པོ། །དེའི་དབང་གི་ལུས་ངག་གི་དགེ་མི་དགེ་དག་ཀྱང་བླང་དོར་དུ་སྤྱོད་དོ། །བྱང་ཆུབ་སེམས་དཔའི་དཀའ་ཐུབ་ནི། ཇི་སྐད་དུ། སྡོམ་པ་ཉི་ཤུ་པ་ལས། རྐྱེན་དུ་འཚམ་པར་དོན་མི་བྱེད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་ནི། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་བསྐྱེད་པ་ནི། སྡོམ་པའི་དངོས་གཞི་ཡིན་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་མ་ཐོབ་པར་སེམས་ཅན་གྱི་དོན་བྱེད་ཀྱང་མི་ནུས་པས། དེ་ཐོབ་པར་བྱ་ན་རྒྱུ་ནི་༼ཤེས་རབ་དང་སྙིང་རྗེས་བསྡུས་པའི་བསྐྱེད་པའོ། ༽ བྱང་ཆུབ་ཀྱི་སེམས། རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐརད་ཕྱིན་པ་ནི་ཐབས་ལ་མཁས་པ་སྟེ། འདི་གསུམ་ནི་མི་ཚང་དུ་མི་རུང་ངོ་། །དེའི་མི་མཐུན་པའི་ཕྱོགས་སུ་གྱུརད་པ། རང་བཞིན་གྱིས་ཁ་ན་མ་ཐོ་བར་གྱུརད་པ། བྱང་ཆུབ་སེམས་དཔའི་ཕམ་པ་ནི་རྣམ་པ་བཞི་ཡིན་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་མི་མཐུན་པ་ནི། བྱང་ཆུབ་ཀྱི་སེམས་གཏོང་བའོ། །དེའི་རྩ་བ་སྙིང་རྗེ་ཆེན་པོའི་མི་མཐུན་པའི་ཕྱོགས་ནི། སེར་སྣའི་དབང་གིས་སེམས་ཅན་མི་སྐྱོབ་པ་དང་། གནོད་སེམས་ཀྱིས་སེམས་ཅན་ལ་གནོད་པ་བྱེད་པའོ། །དེ་མཐརད་ཕྱིན་པར་བྱེད་པའི་ཐབས་ལ་མཁས་པའི་མི་མཐུན་པའི་ཕྱོགས་ནི། དམ་པའི་ཆོས་ཡོངས་སུ་སྤོང་བ་ཡིན་ཏེ། དེ་ལྟ་ན་དམ་པའི་ཆོས་ཡོངས་སུ་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པ་བྱེད་པ་རྣམ་པ་བཞིའི་ཕམ་པ་མ་བྱུང་ཞིང་། རྩ་བ་སྙིང་རྗེ་ཆེན་པོས་ཟིན་ན། ལུས་ངག་གི་སྤྱོད་ཚུལ་སེམས་ཅན་ཚར་བཅད་པ་དག་ཀྱང་ཆེད་དུ་བྱ་དགོས་ཏེ། དེ་བས་ན། རྐྱེན་དུ་འཚམ་པར་ཚར་མི་གཅོད། །ཅེས་ཏེ། བྱང་ཆུབ་སེམས་དཔའ་དག་ཚར་གཅད་པའི་ལས་ཀྱིས་འགྲོ་བ་འདུལ་བའི་རྐྱེན་དུ་འཚམ་བཞིན་དུ། ཚར་གཅོད་པར་མི་བྱེད་ན་ཡང་ཉམས་པར་འགྱུར་རོ། །དེ་བཞིན་དུ་རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །ཞེས་ཏེ། རྫུ་འཕྲུལ་བསྟན་པས་བྲིད་པ་དང་སྤྱོའ་བ་དང་བསྡིགས་པ་ལ་སོགས་པ་སྦྱོར་བ་དམ་པ་མ་ཡིན་པ་རྣམས་ཀྱིས་འདུལ་བཞིན་དུ་དེ་ལྟར་མི་སྟོན་ན་ཡང་ཉམས་པར་འགྱུར་བ་སྟེ། དེ་དག་ནི་བཟློག་སྟེ་བསྟན་པའོ། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་ནི། ཚུལ་བཞིན་བསྟནད་པ་སྟེ། འདི་ལྟར་བསམ་པ་བྱམས་པ་དང་སྙིང་རྗེས་ཟིན་ཏེ། སེམས་དགེ་ན་སྦྱོར་བ་རྩུབ་ཀྱང་སྡོམ་པ་ཉམས་པའི་ཉེས་པ་མེད་ཅེས་སྦྱར་རོ། །གསང་བ་བླ་ན་མེད་པའི་དཀའ་ཐུབ་ནི། དམ་ཚིག་ཆེན་པོའི་མདོ་ཉིད་ལས། སངས་རྒྱས་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུནད་སྤྱད་ཀྱང་། །པད་མ་ལ་ནི་འདམ་བཞིན་ཏེ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་འཚོགས། །ཞེས་གསུངས་ཏེ། དེ་ལ་སངས་རྒྱས་ཐེག་པར་རབ་ངེས་ན་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཟབ་མོའི་ཚུལ་གདིང་དུ་གྱུརད་པའི་བློ་ཡོད་པ་སྟེ། བསམ་པ་མཉམ་པ་གདིང་དུ་གྱུར་ན་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ལྔ་དང་། འདོད་པ་ལྔ་ལ་སྤྱད་ཀྱང་། པད་མ་ལ་འདམ་གྱིས་མི་གོས་པ་བཞིན་ནོ་ཞེས་བྱ་བ་ནི། བྱས་ལ་མི་གསོག་པར་བསྟན་པའི་ཚིག་སྟེ། ཇི་ལྟར་སོ་སོར་ཐརད་པའི་སྡོམ་པ་ལས། གཞན་གྱི་དོན་དུ་བསམ་པའི་ལས་ནི། ཕམ་པ་ལས་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ལས། བསམ་པ་སྙིང་རྗེས་ཟིནད་པའི་སྦྱོར་བ་རྩུབ་མོ་རྣམས་ནི་ཉེས་བྱས་མེད་པར་མ་ཟད་ཀྱི། སྡོམ་པ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་འདོད་པ་བཞིན་དུ། འདིར་བསམ་པ་མཉམ་པས་ཟིན་ན། ལས་ཇི་ལྟར་སྤྱད་ཀྱང་སྐྱོན་གྱིས་གོས་པར་མི་འགྱུར་ཏེ། གཞན་དུ་ན་ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་བའོ། །ཞེས་བྱ་བའི་དོན་ཏེ། ཆོས་མཉམ་པ་ཉིད་ཀྱི་བློས་ཟིན་ན་ཅི་ཡང་མི་འགལ་ལོ་ཞེས་དགོངས་པའོ། །མདོར་བསྡུ་ན་ཉན་ཐོས་ཀྱི་སྡོམ་པ་ནི། སེམས་ཅན་ལ་གནོད་པར་སྦྱོར་བ་ལས་ལོག་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། སེམས་ཅན་ལ་གནོད་པར་སྦྱོར་བ་ལས་ལོག་གི་སྟེང་དུ་ཡང་། སེམས་ཅན་ལ་ཕན་འདོགས་པ་ལ་ཞུགས་པའོ། །གསང་སྔགས་ཀྱི་སྡོམ་པ་ནི། །སེམས་ཅན་ལ་གནོད་པར་སྦྱོར་བ་ལས་ལོག་ཅིང་ཕན་འདོགས་པ་ལ་ཞུགས་པ་དེ་ཡང་། དེ་བཞིན་གཤེགས་པའི་མཛད་སྤྱོད་ཉམས་སུ་བླངས་ཏེ་སྤྱོད་པའོ། །གཞན་ཡང་ཉན་ཐོས་ཀྱི་སྡོམ་པ་ནི། འདུ་ཤེས་དང་དངོས་གཞིའི་སྒོ་ནས་ལས་གཙོའ་བོ་ཡིན་པར་འདོད་དོ། །བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་གཙོ་བོ་ཡིན་པར་འདོད་དོ། །གསང་སྔགས་ཀྱི་ནི་ཤེས་རབ་གཙོ་བོ་ཡིན་པར་འདོད་དོ། །གཞན་ཡང་ཉན་ཐོས་ཀྱི་ནི། སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པའོ། །བྱང་ཆུབ་སེམས་དཔའ་ནི། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པའོ། །གསང་སྔགས་ཀྱི་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་རྗེས་སུ་སློབ་པའོ། །ཧ་ཅང་སྤྲོས་པས་ཆོག་གོ །གཞུང་ཉིད་ལ་འཇུག་པར་བྱ་སྟེ། གསང་སྔགས་མཉམ་པ་ཆེན་པོའི་དམ་ཚིག་ལ་སྤྱོད་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་མ་དག་པ་མེད་དེ། དེ་བས་ན་ཇི་ལྟར་ལྟ་བས་ཡེ་ནས་རྣམ་པར་དག་པར་རྟོགས་པ་བཞིན་དུ། དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་དེ་ལྟར་རྣམ་པར་དག་པར་སྤྱོད་པའོ་ཞེས་གསང་སྔགས་མཉམ་པ་ཆེན་པོའི་དམ་ཚིག་གི་སླར་སྡུད་པའི་ཚིག་དུ་སྦྱར་རོ། །འདིའི་ཤུགས་ཀྱིས་ན། ལྟ་བ་མ་དག་པ་རྣམས་ཀྱི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་རིམས་ཀྱིས་མ་དག་པར་སྤྱོད་དོ་ཞེས་བྱ་བ། མ་སྨོས་ཀྱང་དོན་ཀྱིས་རྟོགས་པར་ཤེས་པར་བྱའོ། །དེ་ལྟར་གཞུང་གི་དོན་བསྟན་པ་རྫོགས་ནས། ལས་སུ་བརྩམས་པ་དོན་ཡོད་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་བསྔོ་བ་མཛད་པ་ནི། ལྟ་བའི་འཕྲེང་བ་གསང་བ་འདི། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ལྟ་བ་མཐོ་དམན་གྱི་བྱེ་བྲག་རྣམས་འཕྲེང་བ་བཞིན་དུ་རིམ་པས་རྒྱུན་ཆགས་སུ་བཀོད་ཅིང་། དགོས་པ་ཚང་བར་བསྡུས་པས་ན། ལྟ་བའི་འཕྲེང་བ་ཞེས་བྱའོ། །གསང་བ་ཞེས་བྱ་བ་ནི་མན་ངག་གི་དོན་ཏེ། ཐེག་པ་མཐའ་དག་གི་དོན་ཚིག་ཉུང་ངུར་བསྡུས་ནས་བློ་ལ་བཅང་བའི་མན་ངག་ཏུ་བཞག་པ་ཡིན་པ་དང་། ཚིག་ཉུང་ངུ་འདིས་དོན་མང་པོ་རྟོགས་པར་བྱེད་པའི་སྒོ་དང་སྒྲོན་མ་ཡིན་པས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ། གཅེས་སྤྲས་སུ་བྱས་ཏེ། གསང་ཞིང་སྦས་ཏེ་བཅང་བར་བྱ་བ་ཡིན་པས་ན་གསང་བ་འདི་ཞེས་བྱའོ། །རྣམ་པ་གཅིག་ཏུ་རྫོགས་པ་ཆེན་པོའི་དོན་ནི། ཀུན་གྱི་ཐུན་མོང་མ་ཡིན་པས། ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་ཀྱང་གསང་བར་བྱ་བ་ཡིན་པས་ན། གསང་བ་འདི་ཞེས་བྱའོ། །དམུས་ལོང་རང་ཕྱེ་མིག་རྙེད་ལྟར། །ཤེས་རབ་ཐབས་ཀྱི་རྩལ་འཆང་བའི། །སྐྱེས་མཆོག་ཡོད་ན་ཕྲད་འགྱུར་ཅིག །ཅེས་བྱ་བ་ནི། ཇི་ལྟར་དམུས་ལོང་གཟུགས་ཀྱི་བྱེ་བྲག་མཐོང་མ་མྱོང་བ་དག །ནམ་ཞིག་ན་སྔོན་གྱི་བསོད་ནམས་ཀྱི་ལས་ཀྱིས་མིག་རང་ཕྱེ་བ་སྲིད་དེ། དེ་བཞིན་དུ་འགྲོ་བ་རྣམས་ཐོག་མ་མེད་པ་ནས་མ་རིག་པའི་ལིང་ཐོག་གིས། ཤེས་རབ་ཀྱི་མིག་ལྡོངས་ཏེ། ཕྱིན་ཅི་མ་ལོག་པའི་དོན་མཐོང་མ་མྱོང་བ་ལས། སྔོན་གྱི་བསོད་ནམས་ཀྱི་ལས་ཀྱིས ། སྐྱེ་བས་ཐོབ་པའི་ཤེས་རབ་དང་། ཐབས་ཀྱི་རྩལ་དང་ལྡན་པའི་སྐྱེས་མཆོག་དག་ཡོད་ན། འདི་དང་ཕྲད་པར་གྱུར་ཅིག་ཅེའོ། །རྣམ་པ་གཅིག་ཏུ་དམུས་ལོང་དག་གིས། ཕྱག་དར་གྱི་ཕུང་པོ་ལ་ནོམས་པ་ལས། བསོད་ནམས་ཀྱི་ལས་ཀྱིས་ནོར་བུ་རིན་པོ་ཆེ་ཞིག་དང་ཕྲད་དེ། དེའི་དབང་གིས་མི ག་རང་ཕྱེ་ནས ། འབྱོར་པ་སྣ་ཚོགས་དང་ཡང་ལྡན་པ་བཞིན་དུ། གང་དག་གིས་འཁོར་བའི་ཕྱག་དར་གྱི་ཕུང་པོ་ལས། རྐྱེན་དགེ་བའི་བཤེས་གཉེན་དང་ཕྲད་དེ། དེའི་དབང་གི་ཤེས་རབ་རྣམ་པ་གསུམ་གྱིས་མིག་ཕྱེ་ནས། ཐབས་དང་ཤེས་རབ་ཀྱི་རྩལ་རྙེད་པའི་སྐྱེས་མཆོག་དག་ཡོད་ན། དེ་དག་གི་དོན་དུ་རུང་བའི་མན་ངག་འདི་དང་ཕྲད་པར་གྱུར་ཅིག་ཅེའོ། །མན་ངག་གི་ཡི་གེ་འདི་ནི། སློབ་དཔོན་པད་མ་འབྱུང་གནས། བོད་ཡུལ་ནས་སླར་གཤེགས་ཀར། བྲག་དམར་མཚོ་མོ་འགུར་གྱི་ནེའུ་ཐང་དུ་དགུང་གསུམ་གཞེས་ནས། ལྷ་སྲས་ཁྲི་སྲོང་ལྡེ་བཙན་དང་རྗེ་འབངས་འགྱེས་ཕྱག་གི་དུས་སུ། འདི་དང་མ་མོ་གསང་བ་ལས་ཀྱི་ཐིག་ལེ་གཉིས་མཛད་ནས། ལྷ་སྲས་ལ་མན་ངག་དུ་གནང་སྟེ་བཞག་པ་ལགས་སོ། །།། མན་ངག་ལྟ་ཕྲེང་གི་འགྲེལ་པ་འདི་རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོ་ཞེས་བྱ་བ་རྒྱ་བོད་གཉིས་ན་མཁས་པའི་ཁྱུ་མཆོག་ཆེན་པོར་གྱུར་པ་གང་དེས་མཛད་པའོ། །དགེའོ།། །། འདིའི་བརྡ་དག་རྣམས་ཡིག་རྙིང་ལྟར་མི་ཕམ་རིན་པོ་ཆེས་རྫོགས་ཆེན་ཤྲཱི་སེང་པར་སྐྲུན་ཞུ་དག་སྐབས་ཕྱི་རབས་ལ་མིག་དཔེ་ལྟ་ཕྱིར་སོར་བཞག་མཛད་པ་ལྟར་ལྟར་འདིར་ཡང་གསར་བཅོས་མ་བྱས་པར་བཞག་པའོ།།༼མཆན་འདི་རྨུགས་སངས་པར་མ་ན་ཡོད།༽

འཇམ་དཔལ་ཁྲོ་བོ་སྔགས་ཀྱི་དོན་གྱི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ། རོང་ཟོམ་འགྱུར་བཞུགས།?

རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བ་ལས་འབྱུང་ཞིང་གསང་སྔགས་ཀྱི་ལུགས་སུ་སཱཙྪ་གདབ་པ་འཕྲིན་ལས་བཞི་སོགས་བསྒྲུབ་ཚུལ།

༄༅། །རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བ་ལས་འབྱུང་ཞིང་གསང་སྔགས་ཀྱི་ལུགས་སུ་སཱཙྪ་གདབ་པ་འཕྲིན་ལས་བཞི་སོགས་བསྒྲུབ་ཚུལ་བཞུགས་སོ། །

༄༅། །རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་ལས་འབྱུང་ཞིང་གསང་སྔགས་ཀྱི་ལུགས་སུ་སཱཙྪ་གདབ་པ་འཕྲིན་ལས་བཞི་སོགས་སྒྲུབ་ཚུལ། གསང་སྔགས་ཀྱི་ལུགས་སུ་མཆོད་རྟེན་གདབ་པའི་ཆོ་ག ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ལས་བྱུང་བ། །མཆོད་རྟེན་གདབ་པ་ལ་ཡང་། བསམ་རྒྱུད་དང་། དགོས་པ་དང་། དོན་དང་། རྒྱུ་དང་། གདབ་ཐབས་ཀྱི་བྱེ་བྲག་དང་། ལས་དང་། དངོས་གྲུབ་སོ་སོའི་དབང་གིས། གང་ཟག་སོ་སོའི་འདོད་པའི་བྱེ་བྲག་གིས་ཕྱེ་བར་བསྟན་པར་ཤེས་པར་བྱའོ། །དེ་ལ་བསམ་རྒྱུད་ནི། སྤྱི་དང་བྱེ་བྲག་གི་སྒོ་ནས་རྣམ་པ་གཉིས་ཏེ། དེ་ལ་སྤྱིར་བསྟན་པ་ནི་འདི་སྐད་དུ། དེ་བཞིན་ཉིད་ཀྱི་གཞལ་ཡས་ལ། །རིག་པ་རང་དབང་གྱུར་པ་ཡིས། །མཉམ་ལ་མཉམ་པར་གནས་པ་ཡི། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ལས། ཤེས་རབ་དང་སྙིང་རྗེའི་དབང་གིས། ཆོས་ཀྱི་སྐུའི་གཟུགས་བརྙན་མཆོད་རྟེན་གྱི་ཚོགས་མཐའ་ཡས་པས་འཕྲུལ་བར་བསྒོམ་མོ། །བསམ་རྒྱུད་སོ་སོའི་བྱེ་བྲག་ནི་གནས་དང་དགོས་པ་སོ་སོའི་གནས་སྐབས་ནས་ཤེས་པར་བྱའོ། །མཆོད་རྟེན་གདབ་པའི་དགོས་པ་ནི། འདི་སྐད་དུ། འཇིག་རྟེན་བརྟན་གཡོ་ཐམས་ཅད་ལ། །རང་བཞིན་དཀྱིལ་འཁོར་གནས་མོད་ཀྱང་། །གཟུང་འཛིན་རྣམ་རྟོག་ཞགས་པ་ཡིས། །རང་རིག་བསྒྲིབས་ཤིང་བདག་ཏུ་བཅིངས། །ཀུན་གྱིས་ཡང་དག་རྟོགས་བྱའི་ཕྱིར། །དེ་བཞིན་སྐུའི་གཟུགས་བརྙན་བསྟན། །ཞེས་གསུངས་ཏེ། སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱི་དཀྱིལ་འཁོར་ཅན་ཡིན་མོད་ཀྱི། འགྲོ་བ་རྣམས་ཀྱིས་དེ་ལྟར་མ་རྟོགས་པ་དག ། རྟོགས་པར་བྱ་བའི་ཕྱིར་སྐུའི་གཟུགས་བརྙན་བསྟན་ཏོ་ཞེའོ། །མཆོད་རྟེན་གདབ་པའི་དོན་ནི། ལྟ་བས་ཇི་ལྟར་ཤེས་པར་བྱ་བའི་དོན་ལ་བྱ་སྟེ། འདི་སྐད་དུ། རྟོགས་དང་མི་རྟོགས་རང་རིག་དང་། །ཡང་དག་ཐབས་ཆེན་རྫོགས་པའི་དོན། །ཞེས་གསུངས་ཏེ། སེམས་དང་སེམས་ལས་བྱུང་བ་རྟོག་པ་ཅན་ནི། ཡེ་ཤེས་རང་རིག་པར་རྫོགས་པའི་དོན་ཡིན་ལ། ཡུལ་དང་དབང་པོ་རྟོག་པ་མེད་པ་ནི། ཐབས་ཆེན་པོའི་འཕྲུལ་བར་རྫོགས་པའི་དོན་དུ་བལྟའོ། །མཆོད་རྟེན་གདབ་པའི་རྒྱུ་ནི། འདི་སྐད་དུ། རིན་ཆེན་སྣ་ཚོགས་ལ་སོགས་དང་། འབྱུང་བ་བཞི་ལས་གྱུར་རྣམས་ཀུན། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱུ། །གཟུགས་སོགས་རི་མོར་བྲིས་པ་དག ། ཡེ་ཤེས་ཆེན་པོ་རབ་འབྱམ་གྱིས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་གསུངས་ཏེ། རྒྱུ་འདི་དག་ལས་བཟོའི་བྱེ་བྲག་སྣ་ཚོགས་ཀྱི་བྱ་བ་སྟོན་ཏོ། །གདབ་ཐབས་ཀྱི་བྱེ་བྲག་བསྟན་པ་ནི། རྣམ་པ་གཉིས་ཏེ། བཟོ་བོའི་བྱེ་བྲག་དང་། གཞིའི་བྱེ་བྲག་གོ། དེ་ལ་བཟོ་བོའི་བྱེ་བྲག་ནི། གོང་དུ་བསྟན་པའི་གཟུགས་སོགས་རི་མོར་བྲིས་པ་དག ། ཅེས་པ་ལྟ་བུ་སྟེ། འཇིམ་གོང་ལྟ་བུ་ལ་ལག་གིས་བྱས་པ་དང་། དེ་བཞིན་དུ་རྒྱུ་སོ་སོ་ལས་བརྐོས་པ་དང་། བླུགས་པ་དང་། བརྡུངས་པ་དང་། བྲིས་པ་ལྟ་བུའོ། །གཞིའི་བྱེ་བྲག་གིས་ནི་རྣམ་པ་དྲུག་སྟེ། འབྱུང་བ་ཆེན་པོ་ལྔ་ཆོས་ཉིད་དང་དྲུག་ལ། གདབ་པའི་བྱེ་བྲག་གིས་རྣམ་པ་དྲུག་ཏུ་ཤེས་པར་ བྱའོ། །དེ་ལ་ཆོས་ཉིད་ལ་གདབ་པའི་དབང་དུ་བྱས་ཏེ་གསུངས་པ། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས། །ཐམས་ཅད་དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་བསྟིམ་བྱས་ཏེ། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ། །ཞེས་གསུངས་ཏེ། འདི་ལྟར་ཆོས་ཐམས་ཅད་ནི་སེམས་སྣང་བ་ཡིན་ལ། སེམས་ངོ་བོར་མ་གྲུབ་པར་རྟོགས་པར་བྱས་ལ། དེ་ནས་བདག་གི་ཏིང་ངེ་འཛིན་གྱིས། སེམས་སྣང་བའི་ཆོས་ཐམས་ཅད། བདག་གི་སེམས་ལ་བསྡུས་ཏེ། སེམས་ཆོས་ཀྱི་དབྱིངས་སུ་དག་པར་བསྒོམས་ལ་དེའི་ངང་ལས་ཡེ་ཤེས་ཀྱི་འཕྲུལ་པ་ཆོས་ཀྱི་སྐུའི་གཟུགས་བརྙན། མཆོད་རྟེན་གྱི་རང་བཞིན་དུ་མ་གྱུར་པའི་ཆོས་གཅིག་ཀྱང་མེད་པར་བསྒོམ་མོ། །ཆོས་ཀྱི་དབྱིངས་ལ་ཏིང་ངེ་འཛིན་གྱིས་མཆོད་རྟེན་ གདབ་པའི་ཚུལ་འདི་ནི། འོག་ནས་འབྱུང་བའི་འབྱུང་བ་ཆེན་པོ་ལ་གདབ་པའི་སྐབས་སུ་ཡང་བསྒོམ་པར་བྱའོ། །ནམ་མཁའ་ལ་གདབ་པའི་དབང་དུ་བྱས་ཏེ་གསུངས་པ། དཀྱིལ་འཁོར་རྣམ་གསུམ་དག་བྱས་པས། །ནམ་མཁའ་དབྱིངས་ཀྱི་དཀྱིལ་འཁོར་དུ། །རང་རིག་ཡེ་ཤེས་འཕྲོ་འདུ་ཡིས། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་མ་བརྩལ་བར་སངས་རྒྱས་པ་ནི་རང་བཞིན་གྱི་དཀྱིལ་འཁོར། དེ་ལས་མ་གཡོས་པར་སོ་སོའི་དབང་པོའི་སྤྱོད་ཡུལ་དུ་སྣང་བ་ནི། གཟུགས་བརྙན་གྱི་དཀྱིལ་འཁོར། དེ་ལྟ་བུའི་དཀྱིལ་འཁོར་ཡིད་ཀྱི་ཡུལ་དུ་རྩེ་གཅིག་ཏུ་བྱས་པ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ། དེ་ལྟར་རྟོགས་པས་མདུན་གྱི་ནམ་མཁའ་ལ། ཡེ་ཤེས་ཀྱི་འཕྲོ་འདུས། མཆོད་ རྟེན་བསྐྱེད་པར་བསྒོམ་ཞིང་། འདི་ལ་ནི་ལག་གི་འདུ་བྱེད་ཀྱིས་ནམ་མཁའ་ལ་གདབ་པར་ཡང་བྱའོ། །ཆུ་ལ་གདབ་པའི་དབང་དུ་བྱས་ཏེ་གསུངས་པ། ཡང་དག་རྟོགས་པའི་ཁྱད་པར་གྱིས། །ཏིང་འཛིན་དོན་རྣམས་གསལ་བསྒོམས་ནས། །མཱ་མ་ཀཱི་ནི་རྒྱུན་ཆགས་ལ། །ཡང་དག་ཆོས་སྐུ་ཕྱག་རྒྱ་ཆེ། །ཞེས་གསུངས་ཏེ། གོང་མ་ལྟ་བུའི་དགོངས་པ་དང་ལྡན་པའི་རྣལ་འབྱོར་པས། ཆུ་ཀླུང་ཆེན་པོའི་འགྲམ་དུ་སོང་སྟེ། ཆུ་ལ་མཆོད་རྟེན་བཏབ་པས། ཆུ་བོའི་རྒྱུན་དེ་དག་ཐམས་ཅད་མཆོད་རྟེན་དུ་གྱུར་པར་བསྒོམ་མོ། །ཡང་ན་ཆུའི་རྡུལ་ཕྲ་རབ་ཐམས་ཅད་མཆོད་རྟེན་དུ་གྱུར་པར་བསྒོམ་མོ། །ཚུལ་འདི་ནི་འབྱུང་བ་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །རླུང་ལ་གདབ་པའི་དབང་དུ་བྱས་ཏེ་གསུངས་པ། དེ་བཞིན་ཏིང་འཛིན་གསལ་བསྒོམས་ནས། །དོན་མཆོག་མ་ལུས་རྫོགས་བྱའི་ཕྱིར། །མཁའ་ལ་འཕྱོ་བའི་དཀྱིལ་འཁོར་དུ། །དྲི་མེད་ཆོས་སྐུའི་ཕྱག་རྒྱ་གསལ། །ཞེས་གསུངས་ཏེ། རླུང་འབྱུང་བའི་ཚེ་ན་ཡང་སྔ་མ་བཞིན་དུ་གདབ་པར་བྱའོ། །ས་ལ་གདབ་པའི་དབང་དུ་བྱས་ཏེ་གསུངས་པ། དབྱིངས་དང་ཡེ་ཤེས་གཉིས་མེད་པར། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། ཁ་དོག་དབྱིབས་དང་གཟུགས་སུ་བསྒྱུར། །ཞེས་གསུངས་ཏེ། ལས་དང་དངོས་གྲུབ་ཀྱི་བྱེ་བྲག་གིས། ཁ་དོག་དང་དབྱིབས་ལ་སོགས་པ་ཅི་རིགས་སུ་བྱ་བའི་དོན་ཏོ། །གང་ཟག་གི་འདོད་པའི་བྱེ་བྲག་གིས་ནི། ཞི་བའི་ལས་ལ་སོགས་པའི་ལས་རྣམ་པ་བཞི་བསྒྲུབ་པར་བྱ་བར་འདོད་པ་དང་། རང་གི་ལྷ་མཉེས་པར་བྱ་བའི་ཆོ་གས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ཐབས་སུ་བསྟན་པ་དང་། ཆོས་ཉིད་ཀྱི་ཕྱག་རྒྱས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བར་བསྟན་པ་དང་། སེམས་ཅན་ལས་ངན་པ་སྤྱོད་པ་རྣམས་ཀྱི་དོན་དུ། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་ཐབས་སུ་བསྟན་པའོ། །བྱེ་བྲག་དེ་དག་གི་ཡོན་ཏན་གྱི་སྒོ་ནས་དོན་མཐའ་དག་འགྲུབ་པར་བསྟན་པ་ཡིན་ཏེ། དངོས་སུ་ནི་བསོད་ནམས་ཀྱི་ཚོགས་བསགས་པའི་རྒྱུ་ཡིན་པར་ཤེས་པར་བྱའོ། །ཇི་ལྟར་ཞེ་ན་མཆོད་རྟེན་ནི་ཆོས་ཀྱི་སྐུའི་གཟུགས་བརྙན་ཡིན་ཏེ། དེ་བྱས་པ་ནི་སེམས་ཅན་མང་པོའི་བསོད་ནམས་བསགས་པའི་དོན་གྱི་ཕྱིར་དང་། དཀོན་མཆོག་མཆོད་པའི་ཕྱིར་ཡིན་ཏེ། དཀོན་མཆོག་གསུམ་ཡང་ཆོས་ཀྱི་སྐུར་འདུས་སྟེ། འདི་སྐད་དུ། སངས་རྒྱས་ཆོས་ཤེས་བྱ་བ་སྟེ། །དེ་ལྟར་ཆོས་ཉིད་ཕྱག་རྒྱར་བརྗོད། །ཞེས་གསུངས་པའི་སྐབས་སུ་བཤད་པ། སློབ་པ་དང་མི་སློབ་པ་རྣམས་ཀྱི་འབྲས་བུའི་ངོ་བོ་ཉིད་ནི་སངས་རྒྱས་ཏེ། ཆོས་ཀྱང་དེའི་ངོ་བོ་ཉིད་དོ། །དེ་བས་ན་སངས་རྒྱས་གང་ཡིན་པ་དེ་ཆོས་སོ། །ཞེས་གསུངས་པ་ལྟ་བུ་དང་། སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ནི་ཤེས་པར་བྱེད་པ་ཡིན་ལ། ཆོས་ཉིད་མ་ནོར་བ་ནི་ཤེས་པར་བྱ་བ་ཡིན་ཏེ། །དེ་བས་ན་ཤེས་པ་དང་ཤེས་བྱ་ཁྱད་མེད་ཅེས་འབྱུང་བས། དཀོན་མཆོག་གསུམ་མཉམ་པར་སྟོན་པ་ལྟ་བུའི་ཕྱིར། ཆོས་ཀྱི་སྐུའི་གཟུགས་བརྙན་ཡིན་པའི་སྒོ་ནས། ཆོས་དང་དགེ་འདུན་གྱི་གཟུགས་བརྙན་དུ་གྱུར་པ་ཡང་ཡིན་ནོ། །ཆོས་ཀྱི་སྐུ་ཞེས་བྱ་བ་དེ་ཉིད་ཀྱང་ཆོས་བདག་མེད་པ་ལ་གསུངས་པའི་སྐབས་ཀྱང་ཡོད་དེ། འདི་སྐད་དུ། གདུང་མཆོག་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཡང་སངས་རྒྱས་ཀྱི་གདུང་ནི་དེ་བཞིན་ཉིད་དོ་ཞེས་ཀྱང་གསུངས་ཏེ། ཚུལ་འདི་དག་དང་ཡང་གཞན་ལས་དགེ་དོན་ལེགས་ཀྱི་གཞི། ཆོས་ཚུལ་རབ་ཀྱི་དབྱིངས། ཞེས་གསུངས་ཏེ། ལེགས་པ་ཐམས་ཅད་ཀྱི་གཞི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ནི་མཆོད་རྟེན་གྱི་ དོན་དུ་བསྟན་ཏོ། །ཡང་གཞན་ལས་ཆོས་ཀྱི་སྐུ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་བསགས་པའི་ལུས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ནི་ཆོས་ཀྱི་སྐུ་ཡིན་ལ། དེའི་གཟུགས་བརྙན་དང་ཕྱག་རྒྱར་གྱུར་པ་ནི་མཆོད་རྟེན་ནོ་ཞེས་སོ། །དོན་དེ་དག་གིས་དཀོན་མཆོག་མཆོད་ཅིང་བཀུར་བའི་སྒོ་ནས་བསོད་ནམས་ཀྱི་ཚོགས་ཀྱི་གཞིར་བསྟན་ཏོ། །གཟུགས་བརྙན་དེ་ཡང་འགྲོ་བའི་དོན་དུ་ཉེ་བར་གནས་པའི་ཕྱིར་ཡིན་གྱི། གཞན་གྱི་ཕྱིར་མ་ཡིན་པའི་སྒོ་ནས་ཀྱང་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་ཡིན་ནོ། །ད་ནི་ཡོན་ཏན་གྱི་བྱ་བ་རྣམས་ཇི་ལྟར་བསྒྲུབ་པའི་ཐབས་གོང་དུ་སྨོས་པ་རྣམས་གསལ་བར་བརྗོད་པར་བྱ་སྟེ། དེ་ལ་ལས་གྲུབ་པར་བྱ་བ་ལ་ཞི་བའི་ལས་གྲུབ་པར་འདོད་པ་རྣམས་ཀྱིས། བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དུ་ཞུགས་ཏེ། བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པས། དེ་ཉིད་ཀྱི་གསང་སྔགས་གང་ཡང་རུང་བ་བརྗོད་ཅིང་མཆོད་རྟེན་གདབ་པར་བྱ་སྟེ། དེའི་ཚེ་ཏིང་ངེ་འཛིན་གྱིས་བདག་དང་མཆོད་རྟེན་དཀར་པོ་འོད་འབར་བ་ལས། འོད་ཟེར་དཀར་པོ་ཡི་གེ་ཨོཾ་གྱི་རང་བཞིན་ནམ། འཁོར་ལོ་འམ། སྐུ་ཕྲ་མོ་ འམ། འོད་ཟེར་དཀར་པོ་ཉིད་དམ། གང་ཡང་རུང་བ་ཕྱོགས་བཅུར་འཕྲོས་པས། འོག་མིན་གྱི་གནས་དང་ཕྱོགས་བཅུའི་ཞིང་ཁམས་ནས། སངས་རྒྱས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་སྤྱན་དྲངས་ཏེ། བདག་དང་མཆོད་རྟེན་ལ་ཐིམ་པས། བདག་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་བཅུད་དང་ལྡན། མཆོད་རྟེན་ནི་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་བྱེད་པའི་ནུས་མཐུ་དང་ལྡན་པར་གྱུར། ཁམས་གསུམ་གྱི་སེམས་ཅན་རྣམས་ནི་ལས་དང་ཉོན་མོངས་པའི་སྒྲིབ་པ་བྱང་བར་བྱས་ཤིང་། ཁོང་ནད་དང་གནོད་སྡིག་རྣམས་ནི་འོད་ཟེར་གྱིས་བགག་ནས། མཆོད་རྟེན་གྱི་འོག་ཏུ་བཅུག་ནས། མཆོད་རྟེན་ལས་ཡེ་ཤེས་ཀྱི་འོད་ཟེར་ཞི་ཞིང་དཀར་ལ་འཁྱིལ་བ་བྱུང་བས། གདུག་པ་ཅན་གྱི་གདུག་སེམས་ཞི་བར་བྱས་ཏེ། བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱ་སྟེ། འདི་ལྟ་བུའི་ཏིང་ངེ་འཛིན་གྱིས་ཞི་བའི་ལས་གྲུབ་པར་འགྱུར་རོ། །ཚུལ་འདི་ཉིད་ལས་གདུག་པ་ཅན་གདན་དུ་འདིང་བ་མ་གཏོགས་པའི་ཏིང་ངེ་འཛིན་གྱིས་བཏབ་ན། ཚོགས་ཆེན་པོའི་རྒྱུར་འགྱུར་རོ། །ཞི་བའི་ལས་ཀྱི་དུས་ན་ནི་བསྒྲུབ་བྱའི་མིང་དང་མཚན་མ་མཆོད་རྟེན་གྱི་གདན་དུ་གཞུགས་པར་བྱའོ། །རྒྱས་པའི་ལས་གྲུབ་པར་འདོད་པ་ལ་ནི། བདག་ཉིད་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་གྱིས་མཆོག་སྦྱིན་པའི་ཕྱག་རྒྱ་དང་ལྡན་པས། དེའི་གསང་སྔགས་གང་ཡང་རུང་བ་བརྗོད་ཅིང་མཆོད་རྟེན་གདབ་པར་བྱའོ། །དེའི་ཚེ་འོད་ཟེར་སེར་པོ་སྦྱར་བ་སྔ་མ་བཞིན་དུ་འཕྲོས་པས། སངས་རྒྱས་རྣམས་རིན་ཆེན་འབྱུང་ལྡན་གྱི་གཟུགས་སུ་སྔ་མ་བཞིན་དུ་ཐིམ་པར་བྱའོ། །ཁྱད་པར་དུ་ཡང་བསྒྲུབ་བྱ་རྒྱས་པར་བྱ་བ་མཆོད་རྟེན་གྱི་གདན་དུ་བཞག་སྟེ། འོད་ཟེར་སེར་པོ་སྤྲོས་ཤིང་བསྟིམ་པས། ཡོན་ཏན་ཡོངས་སུ་འཕེལ་བར་བསྒོམ་མོ། །དབང་དུ་བྱ་བར་འདོད་པས། བདག་ཉིད་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སུ་བསྒོམ་ལ། བསམ་གཏན་གྱི་ཕྱག་རྒྱ་བཅས་ཏེ། དེ་ཉིད་ཀྱི་གསང་སྔགས་གང་ཡང་རུང་བ་ཟློས་ཤིང་། མཆོད་རྟེན་གདབ་པར་བྱ་སྟེ། ཏིང་ངེ་འཛིན་གྱིས་འོད་ཟེར་དམར་པོའི་སྦྱོར་བས་སྔ་མ་བཞིན་དུ་སངས་རྒྱས་རྣམས་སྤྱན་དྲང་བར་བྱ་སྟེ། བདག་དང་མཆོད་རྟེན་ལ་བསྟིམ་ཞིང་བསྒྲུབ་བྱ་དགུག་པའི་སྦྱོར་བ་ཡང་བྱ་སྟེ། མཆོད་རྟེན་གྱི་འོག་ཏུ་བཅུག་པས། མྱོས་ཏེ་དབང་དུ་གྱུར་པར་བསྒོམས་ ན་དབང་དུ་འགྱུར་རོ། །ལས་དེ་དག་ལ་ཡང་སྔགས་པའི་འདུག་སྟངས་དང་། ཁའི་ལྟ་ཕྱོགས་དང་། ཡིད་ལ་བྱེད་པ་དང་། ཁ་དོག་རྣམས་ནི་སྤྱིའི་གཞུང་དང་མཐུན་པར་བྱའོ། །གསང་སྔགས་སྤེལ་བའི་ཐབས་ཅུང་ཟད་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ལ་ཞི་བའི་ལས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གསང་སྔགས་དང་། ཡུམ་སངས་རྒྱས་སྤྱན་དང་སྐུལ་བྱེད་མ་ལྟ་བུའི་གསང་སྔགས་ཀྱི་རྗེས་སུ། ཆེ་གེ་མོ་ཞིག་ཤཱིནྟཾ་ནྟ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་གཞུགས་ཏེ། བཟླས་པ་དང་། ཡི་གེ་བྲིས་ཏེ་མཆོད་རྟེན་དུ་གཞུག་པར་བྱའོ། །རྒྱས་པ་ལ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང་། ཡུམ་རིན་ཆེན་སྒྲོན་མ་དང་། གོས་དཀར་མོ་ལྟ་བུའི་གསང་སྔགས་ཀྱི་རྗེས་སུ། ཆེ་གེ་མོ་པུ་ཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་སྦྱར་རོ། །དབང་ལ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དང་། ཡུམ་སྒྲོལ་མ་དང་། ལུ་གུ་རྒྱུད་ལྟ་བུའི་གསང་སྔགས་ཀྱི་རྗེས་སུ། ཆེ་གེ་མོ་ཞིག་ཝ་ཤཾ་མ་ན་ཡེ་སྭཱ་ཧཱ། ཞེས་སྦྱར་རོ། །དེ་ལྟར་ཡང་། གསུངས་པ། ཆོས་སྐུ་ཕྱག་རྒྱ་དེ་དག་ལས། །ལས་ལྔའི་དཀྱིལ་འཁོར་རབ་ཏུ་སྒྲུབ། །ཞེས་བྱ་བ་ལ་སོགས་པ་ལ་སོ་སོའི་བྱ་བ་གསུངས་ཏེ། འདི་སྐད་དུ་ཞི་བའི་ལས་ལ། གཏུམ་ཁྲོ་མ་ལུས་ཞི་བའི་ཕྱིར། །དཀར་ཞིང་འཚེར་བའི་ཆོས་སྐུ་བསྒོམ། །གང་ཞིག་གཏུམ་ཁྲོ་ཞི་བའི་གདན། །དེ་བཞིན་ཏིང་འཛིན་བྱིན་རླབས་ན། གཏུམ་པོ་རྔམ་པ་ཞི་བར་འགྱུར། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱས་པའི་ལས་ལའང་འདི་སྐད་དུ། ཐམས་ཅད་ཡོན་ཏན་འཕེལ་བྱའི་ཕྱིར། །བདག་ཉིད་རྒྱལ་བའི་ཁྱུ་མཆོག་སྟེ། །གསེར་གྱི་མདོག་འདྲའི་ཕྱག་རྒྱར་བསྒོམ། །གང་འཕེལ་ཆོས་སྐུའི་ གདན་དུ་བཞག ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་ལ་ཡང་འདི་སྐད་དུ། བདག་ཉིད་ཧ་ཡ་གྲཱྀ་བར་བསྒོམ། །དམ་ཚིགས་ཆོས་སྐུར་གསལ་བསྒོམ་སྟེ། །མི་མཐུན་ཕྱོགས་རྣམས་གདན་དུ་བཏིང་། །ཏིང་འཛིན་གསལ་བར་བྱིན་རླབས་ན། །ཐམས་ཅད་མ་ལུས་དབང་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དྲག་པོ་ལ་ཡང་འདི་སྐད་དུ། །བདག་ཉིད་དྲག་པོར་བསྒོམ་ནས་ནི། །ཆོས་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིངྒ་མནན་པར་བྱ། །གཏུམ་པོ་དྲག་པོའང་བརླག་པར་འགྱུར། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེ་དག་ནི་མཆོད་རྟེན་གདབ་པའི་སྒོ་ནས་ཞི་བ་ལ་སོགས་པའི་ལས་རྣམ་པ་བཞི་སྒྲུབ་པར་བྱ་བའི་ཚུལ་བསྟན་པ་ཡིན་ནོ། །ད་ནི་རང་གི་ལྷ་མཉེས་པར་བྱ་བའི་ཆོ་གས། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་ཐབས་སུ་བསྟན་པའི་མཆོད་རྟེན་གདབ་པའི་ཆོ་ག་བསྟན་པར་བྱ་སྟེ། དེ་ཡང་འདི་སྐད་དུ། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ནི། །དངོས་གྲུབ་གང་འདོད་སྦྱིན་པར་ངེས། །ཉེ་བའི་ལྷ་ནི་གང་བསྒྲུབ་པ། །ཕྱག་རྒྱ་སྙིང་པོ་བྲིས་བཅུག་ན། །གང་བསྒོམ་ཐེ་ཚོམ་མེད་པར་འགྲུབ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རང་གི་ལྷག་པའི་ལྷའི་དངོས་གྲུབ་ཉེ་བར་བསྒྲུབ་པར་འདོད་པ་རྣམས་ཀྱིས། མཆོད་རྟེན་གདབ་པར་འདོད་ན། རང་གི་ལྷའི་ཕྱག་རྒྱ་སྙིང་པོ་དང་བཅས་པ། མཆོད་རྟེན་གྱི་དཀྱིལ་དུ་བཅུག་སྟེ་གདབ་པར་བྱའོ། །དེའི་བྱ་བའི་ཚུལ་འདི་ཡིན་ཏེ། དང་པོར་བདག་ཉིད་རང་གི་ལྷའི་ཏིང་ངེ་འཛིན་དུ་སྐད་ཅིག་མས་བསྐྱེད་ལ། རང་གི་ལྷའི་གསང་སྔགས་བཟླས་ཤིང་མཆོད་རྟེན་བཏབ་པས། རང་གི་སྙིང་ཁ་ ནས་ཡེ་ཤེས་ཀྱི་འོད་ཟེར་སྐུ་ཕྲ་མོའམ་མཚན་མའམ། སྙིང་པོའམ་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་ལྔའི་རྣམ་པ་ཅན་དག་ཏུ་འཕྲོས་ཏེ། དེ་དག་སངས་རྒྱས་ཀྱི་ཞིང་ཁམས་སུ་འཕྲོས་པས། ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། སངས་རྒྱས་ཐམས་ཅད་མཉེས་པར་བྱས་པ་དང་། སྔོན་སེམས་ཅན་གྱི་དོན་མཛད་པ་དང་། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་ཞལ་གྱིས་བཞེས་པས། དེའི་ཐུགས་དམ་གྱི་རྒྱུད་བསྐུལ་བར་བསམ། སེམས་ཅན་གྱི་གནས་རིས་ཐམས་ཅད་དུ་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་ས་བོན་ཉིད། གནས་གསུམ་དང་ལྔ་ན། ཡི་གེ་དུ་ནག་པོ་ལ་སོགས་པ་གསུམ་མམ་ལྔ་རུ་འཁོད་པ། ཡེ་ཤེས་ཀྱི་འོད་ཟེར་གྱིས་སྦྱངས་ཏེ། སངས་རྒྱས་ཀྱི་སྐུར་གྱུར་ནས་ཡོངས་སུ་དག་པའི་ཞིང་ཁམས་སུ་འཁོད་པར་བསམ། མདུན་ན་གནས་པའི་མཆོད་རྟེན་ལ་འཕྲོས་པས། མཆོད་རྟེན་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་གྱུར་པའི་ནང་ན། རང་གི་ལྷའི་ཡེ་ཤེས་ཀྱི་ཕྱག་རྒྱར་བཞུགས་པར་བསམ་སྟེ། དཔལ་གསང་བ་འདུས་པ་ལས་ཀྱང་། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །ཕོ་ བྲང་གནས་ཞེས་བྱ་བ་ཡིན། །ཞེས་གསུངས་པ་དང་། གཞན་ཡང་། ཡེ་ཤེས་སེམས་དཔས་གང་རེག་པ། །ཡེ་ཤེས་འཁོར་ལོ་ཞེས་སུ་བཤད། །ཞེས་གསུངས་པ་ནི། ཡེ་ཤེས་ཀྱི་ལྷ་དང་ལྡན་པའི་མཆོད་རྟེན་ནི། ལྷའི་ཕོ་བྲང་དུ་གསུངས་པ་ཡིན་པས། འདིར་དེ་ལྟར་བསམ་པར་བྱའོ། །དེ་ནས་ཡང་ཡེ་ཤེས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད། སྔར་གྱི་ཐུགས་དམ་བསྐུལ་བ་དང་། སྔར་མཛད་པས་བསྒྲལ་བའི་སངས་རྒྱས་རྣམས། རང་གི་ལྷའི་གཟུགས་སུ་སྤྱན་དྲངས་ནས། མདུན་ན་གནས་པའི་མཆོད་རྟེན་གྱི་ལྷ་ལ་ཐིམ་པས། སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དང་ལྡན་པར་གྱུར་ཏེ། འཁོར་བ་མ་སྟོངས་ཀྱི་བར་དུ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་རྒྱུན་མི་འཆད་པར་འབྱུང་བ་དང་། སྒྲུབ་པ་པོ་བདག་ཉིད་ལའང་། དུས་ཐམས་ཅད་དུ་ཉེ་བའི་སྲས་སུ་དགོངས་ཏེ་བྱིན་གྱིས་རློབས་པར་བསམ་མོ། །འདི་ལྟ་བུའི་སྦྱོར་བས་མཆོད་རྟེན་གདབ་ཟིན་པའི་རྗེས་ཐོགས་སུ་ཡང་། ཉེ་བའི་ལོངས་སྤྱོད་དུ་གྱུར་པའི་མཆོད་པ་རྣམ་པ་ལྔ་དབུལ་བ་དང་། གཏོར་མ་བསྔོ་བ་དང་། བདེན་པའི་བྱིན་གྱིས་རླབས་དམིགས་པར་བྱའོ། །དེ་ལ་ཕྱག་རྒྱ་དང་། སྙིང་པོ་གཞུག་པའི་ཚུལ་ནི། དཔལ་རྡོ་རྗེ་སེམས་དཔའི་ཡི་དམ་བྱེད་པར་འདོད་པ་རྣམས་ཀྱིས། རྡོ་རྗེ་རྩེ་ལྔ་བའི་ཕྱག་རྒྱ་ལ་གསང་སྔགས་འདིས་བསྐོར་བར་བྱའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཿཛཿཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ་ཞེས་བྱ་བས་བསྐོར་ཏེ་གཞུགས་པར་བྱའོ། །གལ་ཏེ་རིགས་ལྔ་སངས་རྒྱས་ཀྱི་ཡི་དམ་བྱེད་འདོད་པ་རྣམས་ཀྱིས་ནི། འདི་ལྟར་མི་འཁྲུགས་པ་ལ་རྡོ་རྗེའི་མཚན་མ་དང་། སྙིང་པོ་ཧཱུཾ་བཛྲ་བྷྲྀག་ཅེས་བྱའོ། །རྣམ་པར་སྣང་མཛད་ལ་ནི་འཁོར་ལོའི་མཚན་མ་དང་། སྙིང་པོ། ཨོཾ་ཛི་ན་ཛི་ཀ་ཅེས་བྱའོ། །དེ་བཞིན་དུ། རིན་པོ་ཆེའི་མཚན་མ་དང་། སྭཱ་རཏྣ་དྷྲྀ་ཀ་ཅེས་བྱ་བ་ནི། རིན་ཆེན་དཔལ་གྱིའོ། །པདྨ་དང་། ཨཱྃ་ཨ་རོ་ལི་ཀ་ཅེས་བྱ་བ་ནི་འོད་དཔག་མེད་ཀྱིའོ། །རལ་གྲི་དང་ཧཱ་པྲ་ཛྙཱ་ཌྷྲྀ་ཀ་ཅེས་བྱ་བ་ནི། གདོན་མི་ཟ་བའི་འོ། །གལ་ཏེ་དཔལ་ཧེ་རུ་ཀའི་ཡི་དམ་བྱེད་པར་འདོད་པ་རྣམས་ཀྱིས་ནི། རིན་པོ་ཆེ་ཟུར་བརྒྱད་ཀྱི་དབུས་སུ་རྡོ་རྗེ་རྩེ་དགུ་བྲིས་ཏེ། དབུས་སུ་ཨོཾ་བྲི། ཟུར་བརྒྱད་ལ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཞེས་བྱ་བ་བྲིས་ཏེ་གཞུགས་པར་བྱའོ། །གཞན་ཡང་འཕགས་པ་འཇམ་དཔལ་གྱི་ཡི་དམ་བྱེད་པ་རྣམས་ཀྱིས་ནི། ཨུད་པ་ལའི་མཚན་མ་དང་། ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་བྱ་བ་བྲིའོ། །འཇམ་པའི་ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་ནི། བེ་ཅོན་གྱི་མཚན་མ་དང་། སྙིང་པོའི་སྔགས་ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊཿ ཅེས་བྱ་བའམ་རྩ་བའི་གསང་སྔགས་ཡ་མ་རཱ་ཛའི་སྔགས་ལ་སོགས་པ་གང་ཡང་རུང་བ་བྲི་བར་བྱའོ། །དེ་དག་གི་རིགས་ཀྱི་ལྷ་མོ་རོ་ལངས་མ་དང་རལ་པ་གཅིག་མ་དང་། ཁྲོ་གཉེར་མ་དང་། མི་ཕམ་མ་ལྟ་བུ་དག་གི་བྱེད་པར་འདོད་ནའང་། རང་རང་གི་མཚན་མ་དང་སྙིང་པོ་བྲི་བར་བྱའོ། །གལ་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་ཡི་དམ་བྱེད་པར་འདོད་ན། པདྨའི་མཚན་མ་དང་། རྩ་བའི་སྙིང་པོ་ཨོཾ་མ་ཎི་པངྨེ་ཧཱུཾ། ཞེས་བྲི་བར་བྱའོ། །དེའི་རིགས་ཀྱི་ཁྲོ་བོ་རྟ་མགྲིན་གྱི་ཡི་དམ་བྱེད་པར་འདོད་ན། པད་མའི་ཕྱག་རྒྱ་དང་། སྙིང་པོའི་སྔགས་ཨོཾ་པདྨཱ་ནྟ་ཀྲྀ་ཏ་ཧཱུཾ་ཕཊ། ཞེས་བྱ་བའམ། རྩ་བའི་གསང་སྔགས། ཏ་རུ་ལུའི་སྔགས་ལ་སོགས་པ་གང་ཡང་རུང་བ་བྲི་བར་བྱའོ། །དེ་དག་གི་རིགས་ཀྱི་ལྷ་མོ་སྒྲོལ་མ་དང་། ཁྲོ་གཉེར་མ་ལྟ་བུ་དག་གི་བྱེད་པར་འདོད་ན་ཡང་རང་རང་གི་མཚན་མ་དང་སྙིང་པོ་བྲི་བར་བྱའོ། །གལ་ཏེ་འཕགས་པ་ཕྱག་ན་རྡོ་རྗེ་ཡི་དམ་བྱེད་པར་འདོད་པ་རྣམས་ཀྱིས། རྡོ་རྗེའི་མཚན་མ་དང་། སྙིང་པོ་ཨོཾ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཞེས་བྱ་བ་བྲིའོ། །དེའི་རིགས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་བ་བྱེད་པར་འདོད་ན། སྣ་ཚོགས་རྡོ་རྗེའི་མཚན་མ་དང་། སྙིང་པོའི་སྔགས་ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་བིགྷཱ་ནྟ་ཀ་ཧཱུཾ་ཕཊ་ཞེས་བྱ་བའམ། རྩ་བའི་སྔགས། ཁཱ་ཧིའི་སྔགས་ལ་སོགས་པ་གང་ཡང་རུང་བ་བྲི་བར་བྱའོ། །དེ་དག་གི་རིགས་ཀྱི་ལྷ་མོ་མཱ་མ་ཀིའམ། བདེན་གནས་མ་ལྟ་བུས་བྱེད་པར་འདོད་ན་ཡང་། རང་རང་གི་མཚན་མ་དང་སྙིང་པོ་བྲི་བར་བྱའོ། །ཡང་ན་དེ་དག་གི་གཟུགས་ཀྱི་སྐུ་ཉིད་བྱས་ཀྱང་རུང་སྟེ། ཕྱག་རྒྱ་དེ་དག་ཀྱང་ཟུང་རེ་ཁ་སྦྱོར་དུ་བྱས་ཏེ། མཆོད་རྟེན་གྱི་དབུས་སུ་གཞུག་གོ། །ཞེས་སློབ་དཔོན་དག་གིས་བཤད་དོ། །འདི་དག་ནི་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་ལས་གྲགས་པའི་ལྷའི་གཙོ་བོ་ཉེ་བར་མཚོན་པ་ཙམ་ཡིན་ཏེ། །འདི་དག་ཙམ་དུ་མ་ཟད་ཀྱི་མདོ་སྡེ་དང་གསང་སྔགས་ཀྱི་ཚུལ་ལས་གྲགས་པའི་ལྷ་རྣམས་ལས། གང་ཡང་རུང་བ་ཡི་དམ་བྱེད་པར་འདོད་པས་སྙིང་པོ་ཙམ་གསུངས་པ་རྣམས་ལ་ནི་སྙིང་པོ་ཙམ་བྲིས་ཏེ། མཆོད་རྟེན་དུ་གཞུག་པར་བྱའོ། །གལ་ཏེ་མདོ་སྡེའི་ཚུལ་དུ་ཡི་དམ་བྱེད་པར་འདོད་པ་རྣམས་ཀྱིས་ནི། ཏིང་ངེ་འཛིན་གྱི་འཕྲོ་འདུ་དེ་ལྟར་བསྒོམ་པ་དག་བྱ་བ་མེད་དེ། རྣམ་པར་སྨིན་པའི་ལུས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྙིང་རྗེ་ཆེན་པོའི་མཐུས་བསླང་ནས་བདག་གིས་སེམས་ཅན་གྱི་དོན་དུ། དེ་བཞིན་གཤེགས་པའི་མི་ཕྱེད་པའི་སྐུ་འཇིག་རྟེན་དུ་གཞག་པར་བྱའོ། །སྙམ་དུ་བསམ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་འབྱུང་བའི་སྙིང་པོ་གང་ཡང་རུང་བ་དང་། ཆོས་ཉིད་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྙིང་པོ་དག་བྲི་ཞིང་གཞུགས་པ་དང་། བཟླས་ཤིང་གདབ་པར་བྱའོ། །མེ་ཏོག་དང་བདུག་པ་ལ་སོགས་པའི་མཆོད་པ་ཅི་འབྱོར་བ་ཡང་ཕུལ་ཏེ། སྨོན་ལམ་ཡང་དེ་བཞིན་དུ་གདབ་པར་བྱའོ། །དེ་དག་ནི་བྱང་ཆུབ་ཀྱི་དོན་དུ་བསྒྲུབ་པའི་ཆོ་གའི་ཚུལ་ཡིན་ནོ། །གལ་ཏེ་འཇིག་རྟེན་པའི་ལྷ་དག་ཉེ་བར་བསྒྲུབ་ཅིང་དབང་དུ་བྱ་བར་འདོད་ན་ཡང་། འདི་སྐད་དུ། འཇིག་རྟེན་པའི་ལྷ་བསྒྲུབ་ན། །ལྷའི་སྙིང་པོ་གང་ཡང་རུང་། །བྲིས་ཏེ་དཀྱིལ་འཁོར་ནང་བཅུག་ན། །ལྷ་དེ་ཉེ་བར་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། སྔགས་པ་གང་ཞིག་འཇིག་རྟེན་གྱི་ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པ་མཐུ་ཆེན་པོ་དང་ལྡན་པ་རྣམས་སམ། དེ་དག་གི་འཁོར་དུ་གྱུར་པ་རྣམས་སམ། གང་ཡང་རུང་སྟེ། ལྷ་འམ་བདུད་དམ། གཤིན་རྗེའམ། གནོད་སྦྱིན་ནམ། སྲིན་པོའམ། ཤ་ཟའམ། མ་མོའམ། བྱད་མ་ལ་སོགས་པ་གང་ཡང་རུང་བའམ། གཞན་ཡང་རང་རང་གི་ཡུལ་གྱི་ཞིང་སྐྱོང་ལ་སོགས་པ། གང་བསྒྲུབ་པར་འདོད་པ་རྣམས་ཀྱིས། དེ་དག་གི་རང་རང་གི་སྙིང་པོ་འམ། ཡང་ན་ཕྱག་རྒྱ་དང་བཅས་པ་ཡང་རུང་སྟེ། དེ་ལྟ་བུ་དག་བྲིས་ཏེ་དཀྱིལ་འཁོར་གྱི་ནང་དུ་གཞུགས་ཅིང་ཏིང་ངེ་འཛིན་གྱིས། བདག་ཉིད་རང་གི་ལྷག་པའི་ལྷ་སྐུ་མདོག་དམར་པོ་ཟླ་བ་དམར་པོའི་སྟེང་ན་འདུག་པར་བསྒོམས་ལ། མདུན་ཏུ་བསྒྲུབ་པར་བྱ་བའི་ལྷ་དེ་ཡང་མདོག་དམར་པོ་ཟླ་བ་དམར་པོའི་སྟེང་ན། ཐལ་མོ་སྦྱར་ཏེ་སྒྲུབ་པ་པོ་ལ་དགའ་བའི་ཚུལ་གྱིས་བལྟ་བར་བསམས་ནས། དེ་ནས་བདག་གི་སྙིང་ཁ་ནས་གསང་སྔགས་ཀྱི་ཡི་གེ་འོད་ཟེར་དམར་པོ་འཕྲོས་པས། བསྒྲུབ་བྱའི་ལྷའི་སྙིང་ཁར་ཐིམ་སྟེ། སྙིང་པོ་དང་དབྱེར་མེད་པར་གྱུར་ནས་ཕྱིར་བྱུང་སྟེ། བདག་ཉིད་ཀྱི་ཐུགས་ཀར་ཐིམ་པས་དབྱེར་མེད་པར་གྱུར་པར་བསམ་ནས། བཟླས་པ་དང་བཅས་པས་མཆོད་རྟེན་བཏབ་ན། ལུས་ལ་གྲིབ་མ་བཞིན་དུ་འཁོར་བར་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་གནས་ཤིང་། བདག་གཟི་བྱིན་ཆེ་བར་འགྱུར་ཏེ། འཇིག་རྟེན་གྱི་ལྷ་དེ་དག་གི་དབང་དུ་བདག་འགྲོ་བར་མི་འགྱུར་རོ། །ད་ནི་ཆོས་ཉིད་ཀྱི་ཕྱག་རྒྱས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བར་བསྟན་པའི་ཕྱིར། གསུངས་པ། འདི་སྐད་དུ། ཆོས་ཉིད་རྟེན་ཅིང་འབྲེལ་བྲིས་ན། །ཆོས་ཀྱི་དོན་རྣམས་རྟོགས་འགྱུར་ཏེ། །རང་དང་སྤྱིའི་དོན་རྟོགས་ནས། །སྐྱེ་རྒ་ན་འཆི་མེད་པར་རྟོགས། །ཞེས་གསུངས་ཏེ། ཆོས་ཉིད་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྙིང་པོ། ཡེ་ངྷརྨྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་ངྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཞེས་བྱ་བ་བྲིས་ཏེ་བཅུག་ན། ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་རྟོགས་ནས། འཁོར་བའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་བཤད་དེ། འདི་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་ཕྱེ་བ་ཡིན་ཏེ། སྔོན་དུ་བརྗོད་པ་བཞིན་དུ་བསོད་ནམས་ཀྱི་ཚོགས་ནི་སྤྱི་ཡིན་ནོ། །སེམས་ཅན་ལས་ངན་པ་སྤྱོད་པ་རྣམས་ཀྱི་དོན་དུ། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་ཐབས་སུ་བསྟན་པ་ནི། འདི་སྐད་དུ། ཕྱག་རྒྱ་ཆེན་པོ་དེ་དག་ལ། །ཉོན་མོངས་ལས་རྣམས་སྦྱོང་བྱེད་པའི། །སྙིང་པོ་མ་ནོར་དོན་བྲིས་ན། །ངན་སོང་སྡུག་བསྔལ་མེད་པར་འགྱུར། །ཞེས་གསུངས་ཏེ། འདི་ནི་ཁྱད་པར་དུ་ཡང་འགྲོ་བ་ཚེ་འདས་པ་རྣམས་ཀྱི། ངན་སོང་གི་སྡུག་བསྔལ་སྦྱོང་བའི་ཐབས་སུ་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་ཕྱག་རྒྱ་སེར་པོ་འོད་འབར་བ་དང་། སྙིང་པོ། ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་ངྷ་ནེ། རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་གྷེཿ སམྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་ངྷ་ནེ། ཤོ་ངྷེ་ནེ། །སརྦ་པཱ་པཾ་བི་ཤྭོ་ངྷ་ནི་ཤུད་ངྷེ་བི་ཤུད་ངྷེ། ཆེ་གེ་མོའི་སརྦ་ཀརྨ། ཨཱ་ཝ་ར་ཎ་བི་ཤོ་ངྷ་ནི་སྭཱ་ཧཱ། ཞེས་བྱ་བ་བྲི་བར་བྱའོ། །གཞན་ཡང་ངན་སོང་གསུམ་གྱི་སྒོ་གཅོད་པའི་སྙིང་པོ་འདི་དག་ཀྱང་བྲི་བར་བྱ་སྟེ། ཨོཾ་ད་ཧ་ད་ཧ་ཆེ་གེ་མོའི་སརྦ་ན་ར་ཀ་ག་ཏི་ཧི་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་ཆེ་གེ་མོའི་སརྦ་པྲི་ཏ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་ཆེ་གེ་མོའི་སརྦ་ཏིརྱཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཞེས་བྱ་བ་ཡང་བྲིས་ཏེ་གཞུགས་པར་བྱའོ། །ཏིང་ངེ་འཛིན་གྱིས་བདག་ཉིད་ཡི་གེ་བྷ་ ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུར་བསྒོམ་སྟེ། ཐུགས་ཀར་ཟླ་བའི་གདན་ལ། སྙིང་པོ་དེ་དག་ཁ་དོག་དཀར་པོ་བསམ་སྟེ། དེ་ལས་ཡི་གེའི་རྣམ་པའི་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་རྣམས་ལ། མཆོད་པ་དང་ཐུགས་དམ་གྱི་རྒྱུད་བསྐུལ་བ་བྱས། འགྲོ་བ་རིགས་དྲུག་གི་གནས་སུ་འཕྲོས་པ་ལས་སོ་སོའི་ལས་ཀྱི་སྒྲིབ་པར་རྣམ་པར་སྦྱངས་ཏེ། ཡོངས་སུ་དག་པའི་ལུས་སུ་གྱུར་ནས། འོད་ཟེར་གྱི་རྗེས་སུ་འབྲང་སྟེ། ཡོངས་སུ་དག་པའི་ཞིང་ཁམས་སུ་འཁོད་པར་བྱས། ཁྱད་པར་དུ་ཡང་ཚེ་འདས་དེ་ཉིད་ཀྱི་ངན་སོང་གི་ལུས་རྣམས་སྦྱངས་ཤིང་དག་པར་བྱས་ཏེ། བདེ་འགྲོ་མི་དང་ལྷའི་ལུས་དག་པ་ཞིག་གི་ཚུལ་བཟུང་ནས། བདག་གི་མདུན་ན་ཟླ་བའི་མཎྜལ་གྱི་སྟེང་ན་ཁ་དོག་དཀར་པོར་གནས་པ་ལ། གསང་སྔགས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་གསང་སྔགས་ཀྱི་གཟུགས་སུ་སྤྱན་དྲངས་ཏེ། མདུན་གྱི་བསྒྲུབ་བྱའི་ལུས་ལ་ཐིམ་པས་ལས་ཀྱི་སྒྲིབ་པ་ལྷག་མ་ཐམས་ཅད་ཀྱང་མ་ལུས་པ་བསལ་ཞིང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཕྱག་ རྒྱས་བྱིན་གྱིས་བརླབས་ཤིང་རྒྱས་བཏབ་ནས། རྒྱལ་བའི་སྲས་སུ་གྱུར་ཏེ། ཡོངས་སུ་དག་པའི་ཞིང་ཁམས་སུ་བཀོད་ནས་སྤྲུལ་པས་སེམས་ཅན་གྱི་དོན་བྱེད་དེ། སངས་རྒྱས་ཀྱི་མཛད་པ་བསྟན་ནས། མྱ་ངན་འདས་པའི་མཆོད་རྟེན་འཇིག་རྟེན་དུ་བཞག་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་སངས་རྒྱས་ཐམས་ཅད་མཛད་པ་བསྟན་པའི་སྐུ་གདུང་འཇིག་རྟེན་དུ་བཞག་པ། ཐམས་ཅད་དབྱེར་མེད་པར་འདུས་པའི་མཆོད་རྟེན་ཀྱང་མཆོད་རྟེན་དེ་ཉིད་ཡིན་པར་བསམས་ཏེ་བཏབ་ནས། མཆོད་པ་དབུལ་བ་དང་། གཏོར་མ་དབུལ་བ་དང་། བདེན་པའི་བྱིན་གྱིས་རླབས་དམིགས་པ་དང་། སྨོན་ལམ་ཡང་དེ་བཞིན་དུ་གདབ་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པའི་མཐུ་དང་། གསང་སྔགས་བདེན་པའི་བྱིན་གྱིས་རླབས་དང་། ཏིང་ངེ་འཛིན་དང་མོས་པའི་མཐུས། འགྲོ་བ་ལ་ཕན་གདགས་པའི་སྦྱོར་བ་ཡིན་ཡང་། གཙོ་རུ་ཕྱག་རྒྱས་གདབ་པ་དང་། བཟླས་བརྗོད་ཀྱི་དབང་དུ་བྱས་པ་ཡིན་ནོ། །ལས་འདི་བྱེད་པའི་ཚེ་སྡིག་པ་སྲེག་པའི་སྦྱིན་སྲེག་བྱས་པར་གྱུར་ན་ཡང་བཟང་སྟེ། ཞི་བའི་ཐབ་ཁུང་དུ་མེའི་ལྷ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མཆོད་པ་བྱས་ལ། དེ་ནས་ཏིལ་ལམ་ཡུངས་དཀར་པོ་ལ་གོང་མའི་གསང་སྔགས་ཟློས་ཤིང་ལན་བརྒྱ་སྟོང་དུ་མར་བསྲེག་ནས། བསྒྲུབ་བྱའི་སྡིག་པ་རྣམས་ཡེ་ཤེས་མེས་བསྲེགས་པར་བསམ་ཞིང་། དེ་ལྟར་སྨོན་ལམ་བཏབ་ནས་སྦྱིན་སྲེག་བྱས་ན། དེ་དག་གི་ལས་ཀྱི་སྒྲིབ་པ་འབྱང་བར་འགྱུར་རོ། །ཞེས་བཤད་དོ། །མཆོད་རྟེན་གདབ་པའི་ཐབས་འདི་དག་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་ཚུལ་ལ་བརྟེན་པ་ཡིན་ཡང་། མདོ་སྡེ་དང་གསང་སྔགས་ཀྱི་ཚུལ་ཐམས་ཅད་ཀྱང་འདུས་པར་སྣང་ལ། དགོས་པའི་སྒོ་ནས་ཀྱང་ལས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར་བྱ་བ་དང་། ཡུན་དུ་ཚོགས་རྣམ་པ་གཉིས་བསྐྲུན་པར་བྱ་བའི་ཕྱིར་བྱ་བ་དང་། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱ་བའི་ཕྱིར་བྱ་བ་དང་། ཞི་བ་ལ་སོགས་པའི་ལས་སྣ་ཚོགས་བསྒྲུབ་པ་རྣམས་ཀྱང་ཚང་བར་གསུངས་པས། འདི་ནི་བརྩོན་པ་རྣམས་ཀྱིས་རྟག་ཏུ་དང་དུ་བླང་བར་རིགས་སོ།། །།རྫོགས་སོ། །ངྷརྨཱ་བྷ་དྲས་མཛད་པའི་སཱཙྪའོ། །༄། །དྲག་པོའི་ལས་སྒྲུབ་པར་འདོད་ན། བདག་ཉིད་བཅོམ་ལྡན་འདས་མི་འཁྲུགས་པའི་ཏིང་ངེ་འཛིན་དང་། རིག་པའི་རྒྱལ་པོ་ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། དེ་དག་རང་རང་གི་ཕྱག་རྒྱ་བཅས་ནས། མཆོད་རྟེན་གདབ་པར་བྱ་སྟེ། དགྲ་བགེགས་ཀྱི་ལིང་གའི་ནང་དུ། གསང་སྔགས་དང་། མིང་དུ་བཅས་པ་བྲིས་ལ་མཆོད་རྟེན་གྱི་ཞབས་སུ་བཅུག་སྟེ། ཏིང་ངེ་འཛིན་གྱིས། བདག་གི་ཐུགས་ཀ་ནས་འོད་ཟེར་ནག་པོ་འཕྲོས་པས་སངས་རྒྱས་ཐམས་ཅད་རྡོ་རྗེ་ཁྲོ་བོར་སྤྱན་དྲངས་ཏེ། མཆོད་རྟེན་ལ་ཐིམ་པས། མཆོད་རྟེན་ནག་པོ་འོད་འབར་བར་བསམས་ལ། ཡང་འོད་ཟེར་སྤྲོ་བའི་སྦྱོར་བས་བསྒྲུབ་བྱ་བཀུག་སྟེ་མཆོད་རྟེན་གྱི་འོག་ཏུ་མནན་པས། དེ་དག་རྨོངས་པ་དང་། མནན་པ་དང་། བསྲེག་པ་ལ་སོགས་པའི་སྦྱོར་བས་གཟིར་བར་བསམས་ན། དྲག་པོའི་ལས་འགྲུབ་པར་འགྱུར་རོ། །ཁྱད་པར་དུ་ཡང་མནན་པའི་ལས་བྱ་བ་ལ་ཤིས་པ་ཡིན་ཏེ། གདོན་མ་རུང་བ་དག་སྒྲུབ་པ་པོ་ལ་འཚེ་བ་དང་། དེ་བཞིན་དུ་སྲོག་ཆགས་གཞན་ལ་འཚེ་བ་དང་། གཙུག་ལག་ཁང་ལ་སོགས་པར་ཞུགས་ཏེ། དགེ་འདུན་མང་པོ་ལ་འཚེ་བར་བྱེད་པ་དག་ལ། རིག་པའི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་སྔགས་ཀྱིས། བགེགས་ཀྱི་མིང་གཟིར་བའི་མནན་པའི་སྔགས་དང་སྤེལ་བ། མཆོད་རྟེན་གྱི་འགྲམ་དུ་བཅུག་སྟེ་བཏབ་ན། བགེགས་རྣམས་མཐུ་མེད་པར་འགྱུར་རོ། །དྲག་པོ་ལ་ནི་བཅོམ་ལྡན་འདས་མི་བསྐྱོད་པ་དང་། ཡུམ་མཱ་མ་ཀི་དང་ཁྲོ་གཉེར་མ་ལྟ་བུའི་སྔགས་དང་། རིག་པའི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་སྔགས་ཀྱི་རྗེས་སུ། བསྐུལ་བ་པོའི་སྔགས་སྦྱར་བར་བྱ་སྟེ། དེ་ལ་གསད་པ་ལ་ནི། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་སྦྱར་རོ། །མནན་པ་ལ་ནི། ཆེ་གེ་མོ་སྟམྦྷ་ནི་ཀུ་རུ་ལཾ། ཅེས་སྦྱར་རོ། །དབྱེ་བ་ལ་ནི། ཆེ་གེ་མོ་བྷེ་གེ་ཤ་ཡ་ཕཊ། ཅེས་སྦྱར་རོ། །བསྐྲད་པ་ལ་ནི། ཆེ་གེ་མོ་ཨུ་ཙྪ་ཏ་ཡ་ཕཊ། ཅེས་སྦྱར་རོ། །དེ་དག་ནི་ལས་གྲུབ་པར་བྱ་བའི་ཕྱིར། མཆོད་རྟེན་གདབ་པ་བསྟན་པ་ཡིན་ནོ། །དེ་ནི་དྲག་པོའི་ལས་ཀྱི་བྱ་ཐབས་སོ། །ངྷརྨ་བྷ་དྲས་མཛད་པ་དྲག་པོའི་སཱཙྪའོ།། །།

རྡོ་རྗེ་གཙུག་ཏོར་དང་ཚེ་དཔག་མེད་ཀྱི་ལྷ་རྒྱུད་ཀྱི་སྒོ་ནས་མཆོད་རྟེན་གདབ་པ།

༄༅། །རྡོ་རྗེ་གཙུག་ཏོར་དང་ཚེ་དཔག་མེད་ཀྱི་ལྷ་རྒྱུད་ཀྱི་སྒོ་ནས་མཆོད་རྟེན་གདབ་པ་བཞུགས་སོ། །

གང་ཞིག་གང་ཟག་ལ་ལ་དག ། རྡོ་རྗེ་གཙུག་ཏོར་གྱི་ལྷ་རྒྱུད་ཀྱི་སྔགས་དང་ཕྱག་རྒྱའི་སྒོ་ནས། མཆོད་རྟེན་གདབ་པས་ཕན་གདགས་པའི་སྦྱོར་བ་ལ་དགའ་བ་རྣམས་ཀྱི་དོན་དུ། དེའི་ཆོ་ག་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་འདིའི་ཡན་ལག་ཀྱང་། ཐལ་བ་བསྡུ་བའི་ཆོ་ག་དང་། བུམ་པ་དང་། བའི་རྣམ་ལྔ་སྦྱར་བ་དང་། དྲི་བཟང་པོ་དང་སྦྱར་བའི་ཆུ་དང་། ས་བཟང་པོའི་འཇིམ་པ་བཞག་པ་རྣམས་ནི། ཀུན་རིག་གི་སྐབས་སུ་བསྟན་པ་དང་མཐུན་ནོ། །ཅུང་ཟད་བྱེ་བྲག་ཏུ་ན། ལྷའི་རྣལ་འབྱོར་བསམ་པ་ནི། རྣམ་པར་མི་རྟོག་པའི་ངང་ལས། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་བྷ་གསེར་བཙོ་མ་ལྟ་བུ་ཞིག་ལས། ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། གཡས་པ་མཆོག་སྦྱིན་པར་བྱས་ལ། གཡོན་པ་མི་འཇིགས་པ་སྦྱིན་པར་བྱས་པ་ནི། དེ་བཞིན་གཤེགས་པའི་ཕྱག་རྒྱ་སྟེ། སྔགས་དང་ཕྱག་རྒྱ་འདི་བཅས་ཤིང་བརྗོད་པས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུར་གྱུར་པར་བྱའོ། །དེ་ཡང་སྐུ་མདོག་གསེར་བཙོ་མ་ལྟ་བུ། དགེ་སློང་གི་ཆ་བྱད་ཅན། ཕྱག་རྒྱ་དེ་ཉིད་དང་ལྡན་པར་བསྐྱེད་དོ། །ཏིང་ངེ་འཛིན་དེ་ཉིད་དང་། ཕྱག་རྒྱ་དེ་ཉིད་དང་། རྡོ་རྗེ་གཙུག་ཏོར་གྱི་ལྷ་རྒྱུད་ཀྱི་སྔགས་རྣམས་ཀྱིས། བུམ་པ་ལ་སོགས་པའི་རྫས་ཐམས་ཅད་བཏབ་སྟེ། འདི་སྐད་དུ། དིང་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་སོགས་པ། རྡོ་རྗེ་གཙུག་ཏོར་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས། དིང་སྐྱབས་སུ་གསོལ་བ་ཆེ་གེ་མོ་ཞེས་བྱ་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད། གཙུག་ཏོར་ཆེན་པོའི་ལྷ་རྣམས་ཀྱི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྲེག་ཅིང་སྦྱང་བ་དང་། དེ་བཞིན་དུ། མེ་ཏོག་གིས་གསལ་བར་མཛད་པ་དང་། ཡེ་ཤེས་ཀྱི་མར་མེས་སྣང་བར་མཛད་པ་དང་། ཆོས་ཉིད་ཀྱི་དྲིས་བརླག་པར་མཛད་དུ་གསོལ་ལོ། །གཞན་ཡང་དམྱལ་བ་ལ་སོགས་པའི་ངན་སོང་ལས་ལྕགས་ཀྱུས་དྲང་བ་དང་། ཞགས་པས་གདོན་པ་དང་། ལྕགས་སྒྲོག་གིས་དགྲོལ་བ་དང་། དྲིལ་བུས་སྒྲིབ་པ་ཐམས་ཅད་གཞི་ནས་བརླག་པར་མཛད་དུ་གསོལ་ལོ། །ཞེས་བརྗོད་དེ། དེ་ནས་བུམ་པའི་ཆུ་དེས། ཐལ་བ་དང་རུས་པའི་རྡུལ་སྤུངས་པ་དེ་ལ་བཏབ་ནས། བའི་རྣམ་ལྔ་ཡང་བླུགས་ཏེ། ལྷ་རྣམས་ཀྱི་གསང་སྔགས་ཟློས་ཤིང་། སྔོན་ལ་ཐལ་བ་འཇིམ་པར་བརྫིའོ། །དེ་ནས་ག་པུར་ལ་སོགས་པའི་དྲི་ལ། ཁྲོ་བོ་ལས་ཐམས་ཅད་པའི་སྔགས་བཏབ་ནས། དེ་ས་བཟང་པོའི་འཇིམ་པ་དང་སྦྱར་བ་དང་། སྔར་གྱི་ཐལ་བའི་འཇིམ་པ་འཕྱོད་པར་བརྫིས་ནས། ལྷའི་གཟུགས་ཀྱི་རྣམ་པའམ། མཆོད་རྟེན་གྱི་དབྱིབས་སུ་གདབ་པར་བྱའོ། །དེའི་དུས་སུ་ཡང་གུར་གུམ་གྱིས་དེའི་མིང་དང་གསང་སྔགས་སུ་སྦྱར་བ་བྲིས་ནས། མཆོད་རྟེན་གྱི་སྙིང་པོར་བཅུག་ཅིང་གདབ་པར་བྱའོ། །དེ་ལ་གསང་སྔགས་ནི་འདི་རྣམས་ཡིན་ཏེ། ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦྦ་ཨ་པ་ཡ་བི་ཤོ་ངྷ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦྦ་ཀརྨྨ་ཨཱ་བ་ར་ཎཱ་ནི་མེ་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲུཾ་བི་ནཱ་ཤ་ཡ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་བི་ཤོ་ངྷ་ཡ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་ངྷ་ཀ་ངྷ་ཀ་ཧ་ན་ཧ་ན་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཕཊ་སརྦྦ་ཨཱ་བ་ར་ཎཱ་ནི་སྥ་ཊ་ཡ་ཧཱུཾ་ཕཊ། ཨོཾ་པྲྀ་ཏ་པྲྀ་ཏ་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ༑ ཨོཾ་བི་དྲ་བ་བི་དྲ་བ་སརྦྦ་ཨ་པཱ་ཡ་ཏཏྟྲ་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦྦ་ན་ར་ཀ་ག་ཏི་ཧེ་དུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦྦ་པྲེ་ཏ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦྦ་ཏཱིརཱ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་སརྦྦ་ཨ་པཱ་ཡ་བི་ཤོ་ངྷ་ནི་ངྷ་མ་ངྷ་མ་དྷུ་པ་ཡ་ཧཱུཾ་ཕཊ། ཨོཾ་སརྦྦ་དུ་རྒ་ཏི་བི་ཤོ་ངྷ་ནི་པུཥྤ་བི་ལོ་ཀི་ནི་ཧཱུཾ་ཕཊ། ཨོཾ་སརྦྦ་ཨཱ་པཱ་ཡ་བི་ངྷ་མ་ནི་ཛྙཱ་ན་ཨཱ་ལོ་ཀ་ཀ་རི་ཧཱུཾ་ཕཊ། ཨོཾ་སརྦྦ་ཨ་པཱ་ཡ་ག་ཏི་གནྡྷ་ནཱ་ཤ་ནི་གནྡྷ་བ་ཏི་ཧཱུཾ་ཕཊ། ཨོཾ་སརྦྦ་ན་ར་ཀ་ག་ཏྱ་ཨཱ་༼ཥརྴ། འདི་ནན་ཐབས་བྲལ། ༽་ཎི་ཧཱུཾ་ཕཊ། ཨོཾ་སརྦྦ་ན་ར་ཀ་ཨ་བྷུདྡྷ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦྦ་ཨ་པཱ་ཡ་བནྡྷ་མོ་ཙ་ནི་ཧཱུཾ་ཕཊ། ཨོཾ་སརྦྦ་ཨ་པཱ་ཡ་ག་ཏི་ག་ནཱ་ཤ་ནི་ཧཱུཾ་ཕཊ། གསང་སྔགས་འདི་དག་ཉིད་ཀྱིས་སྦྱར་ཞིང་གདབ་པར་བྱའོ། །མཆོད་རྟེན་གདབ་པ་ཟིན་ནས། མཆོད་པ་རྣམ་པ་ལྔས་མཆོད་དེ། འགྲོ་བ་ལ་སྦྱིན་གཏོར་ཡང་བསྩལ་ནས། དེ་ནས་དབང་བསྐུར་ཏེ་གཞག་པར་བྱའོ། །དེ་ལ་མཆོད་པ་དབུལ་བ་དང་། དབང་བསྐུར་བ་ནི། ཀུན་རིག་གི་སྐབས་སུ་བཤད་པ་བླང་ངོ་། །སྦྱིན་གཏོར་བཏང་བ་ནི་སྤྱི་ལ་ལྟོས་སོ། །རྡོ་རྗེ་གཙུག་ཏོར་གྱི་ལྷ་རྒྱུད་ཀྱིས་མཆོད་རྟེན་གདབ་པའི་ཐབས་བསྟན་པ་རྫོགས་སོ། །༄། ཚེ་དཔག་མེད་ཀྱི་ལྷ་རྒྱུད་ཀྱི་སྒོ་ནས་མཆོད་རྟེན་གདབ་པར་འདོད་ན་སྔོན་དུ་བྱ་བའི་ཆོ་ག ། ཐལ་བ་བསྡུ་བ་དང་། བུམ་པ་དང་། བའི་རྣམ་ལྔ་སྦྱར་བ་དང་། དྲི་བཟང་པོའི་ཆུ་ལ་ཁྲོ་བོའི་སྔགས་ཀྱིས་བཏབ་པས། ས་བཟང་པོའི་འཇིམ་པ་དང་སྦྱར་བ་རྣམས་ནི། གོང་དུ་ཀུན་རིག་གི་སྐབས་སུ་བསྟན་པ་བཞིན་དུ་བྱས་ལ། འདིར་ཁྱད་པར་བྱ་བའི་ཆོ་ག་ནི། དང་པོར་བདག་ཉིད་རྣམ་པར་མི་རྟོག་པ་ཅུང་ཟད་ཅིག་བསྒོམས་ཏེ། དེ་ལས་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེའི་དགདྷྭིདཀར་པོ་འམ་ཧཱུཾ་དཀར་པོ་གང་རུང་བ་ཞིག་བསམས་ཏེ། རྡོ་རྗེའི་ཕྱག་རྒྱ་བཅས་ལ། གསང་སྔགས། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏཱ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སམྦྷ་རོ་པ་ཙ་ཡ་ཀ་རི་ཎི་སྭཱ་ཧཱ། ཞེས་བརྗོད་པས། བདག་ཉིད་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཟླ་བ་རྒྱས་པ་ལྟ་བུའི་ཞལ་འཛུམ་པ། ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ། བྱང་ཆུབ་སེམས་དཔའི་ཆ་བྱད་ཅན་ཞིག་ཏུ་བསམ་མོ། །དེ་ནས་བྱིན་གྱིས་བརླབ་པ་སྔ་མ་དང་མཐུན། དེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པས། གསང་སྔགས་གོང་མ་དེ་ཉིད་དང་། ཕྱག་རྒྱ་དེ་ཉིད་ཀྱིས་བུམ་པ་ལ་སོགས་པའི་རྫས་རྣམས་ལ་བཏབ་སྟེ། འདི་སྐད་དུ། དིང་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ས་བཅུ་གཉིས་ཡོངས་སུ་རྫོགས་པའི་སངས་རྒྱས་སུ་བྱིན་གྱིས་བརླབས་པ། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱི་བདག་ཉིད། བཅོམ་ལྡན་འདས་མི་འཁྲུགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད། བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས། དིང་སྐྱབས་སུ་གསོལ་བ་ཆེ་གེ་མོ་ཞེས་བྱ་བའི། ལས་ཀྱི་ སྒྲིབ་པ་ཐམས་ཅད་གཞོམ་དུ་གསོལ་ལོ། །ཞེས་བརྗོད་དེ། དེ་ནས་བུམ་པའི་ཆུ་དེས་ཐལ་བ་དང་རུས་པའི་རྡུལ་སྤུངས་པ་དེ་ལ་བཏབ་ནས། བའི་རྣམ་ལྔ་ཡང་བླུགས་ཏེ། ལྷ་རྣམས་ཀྱི་གསང་སྔགས་ཟློས་ཤིང་སྔོན་ལ་ཐལ་བ་དང་འཇིམ་པར་བརྫིའོ། །དེ་ནས་ག་པུར་ལ་སོགས་པའི་དྲི་ཆབ་ལ། ཁྲོ་བོ་ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་ནས། དེ་ས་བཟང་པོའི་འཇིམ་པ་དང་སྦྱར་བ་དང་། སྔར་གྱི་ཐལ་བའི་འཇིམ་པ་འཕྱོད་པར་བརྫིས་ནས། ལྷའི་གཟུགས་ཀྱི་རྣམཔའམ། མཆོད་རྟེན་གྱི་དབྱིབས་སུ་གདབ་པར་བྱའོ། །དེའི་དུས་སུ་ཡང་། གུར་གུམ་གྱིས་དེའི་མིང་དང་གསང་སྔགས་སུ་སྤེལ་བ་བྲིས་ནས། མཆོད་རྟེན་གྱི་སྙིང་པོར་གཞུག་པར་བྱའོ། །དེ་ལ་གསང་སྔགས་ནི་འདི་རྣམས་སོ། །ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སམྦྷ་རོ་པ་ཙ་ཡ་ཀ་རི་ཎི་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་གསང་སྔགས་སྟེ། ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར་འཕེལ་བ། ངན་སོང་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས་སྔགས་སོ། །ཨོཾ་དགཏྣ་ཀ་ནི་ཀཾ་ཀ་ནི་རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦྦ་ཀརྨྨ་ཨཱ་པ་ར་ཎ་པ་རཾ་པ་ར་ཎི་སརྦྦ་སྭ་ཏྭཱ་ནཱཾ་སྭཱ་ཧཱ། བཅོམ་ལྡན་འདས་མི་འཁྲུགས་པའི་གསང་སྔགས་ཏེ། ངེས་པར་སྒྲིབ་པ་ཐམས་ཅད་འཇོམས་པ། སྒྲིབ་པ་གཅོད་པ་ཞེས་བྱ་བའི་གཟུངས་སྔགས་སོ། །ཨོཾ་རཏྣ་རཏྣ་མ་ཧཱ་ར། ར་ཏྣ་སམྦྷ་བེ། རཏྣ་ཀི་ར་ཎེ། རཏྣ་མ་ལ་བི་ཤུདྡྷེ། ཤོ་ངྷ་ཡ་སརྦྦ་པཱ་པཾ་ཧཱུཾ་ཏྲ་ཊ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་གསང་སྔགས་ཏེ། སྒྲིབ་པའི་རྣམ་པ་མ་ལུས་པ་རྣམ་པར་འཇོམས་པ། རིན་པོ་ཆེའི་སྣང་བ་དྲི་མ་མེད་པས། སྡིག་པ་ཐམས་ཅད་སྦྱོང་བ་ཞེས་བྱ་བའི་གཟུངས་སྔགས་སོ། །ཨོཾ་ཨ་མི་ཏེ་ཨ་མི་ཏ་ཨ་མི་ཏོ་ཏྦྷ་པེ་ཨ་མི་ཏ་སམྦྷ་པེ་ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏཱ་བི་ཀྲཱནྟ་ག་མི་ནི་སརྦྦ་ཀརྨྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་གསང་སྔགས་ཏེ། མཐའ་མེད་པར་རྣམ་པར་གནོན་པར་འགྲོ་བ། ལས་དང་ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པའི་གཟུངས་སྔགས་སོ། །ཨོཾ་ཨ་མོ་གྷེ་ཨ་ཨོ་གྷ་ཨ་པྲ་ཏི་ཧ་ཏ། སརྦྦ་པཱ་པཾ་བི་ནཱ་ཤ་ནི་ཏ་ར་ཧ་ར་ཧཱུཾ་ཕཊ། བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་གསང་སྔགས་ཏེ། ངེས་པར་མི་ཆོམས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་སྔགས་སོ། །གསང་སྔགས་འདི་དག་ཉིད་ཀྱིས་སྦྱར་ཞིང་གདབ་པར་བྱའོ། །མཆོད་རྟེན་གདབ་པ་ཟིན་ནས་མཆོད་པ་རྣམ་པ་ལྔས་མཆོད་དེ། འགྲོ་བ་ལ་སྦྱིན་གཏོར་ཡང་བསྩལ་ནས། དེ་ནས་དབང་བསྐུར་ཏེ་གཞག་པར་བྱའོ། །མཆོད་པ་དབུལ་བ་དང་། དབང་བསྐུར་བ་ནི་ཀུན་རིག་གི་སྐབས་སུ་བཤད་པ་བླང་ངོ་། །ཆོ་ག་ཅུང་ཟད་རྒྱས་པར་བྱ་བར་འདོད་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། དེ་བཞིན་གཤེགས་པ་བཞི་པོའི་གསང་སྔགས་ཟློས་པའི་སྐབས་སུ། ཉིད་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཞུགས་དེ་བསྒྱུར་ནས། ཉིད་ཉིད་ཀྱི་ཐུགས་ཀར་ཡང་། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཉིད་ཉིད་ཀྱི་ཆོས་ཀྱི་ཡི་གེ་དེ་ཉིད་ཇི་ལྟ་བ་བཞིན་དུ་བསྒོམས་ཏེ། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་སྣང་བར་བྱས་ཏེ། སྣང་བར་བྱས་ནས་ཀྱང་། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་རྣམ་པར་སྦྱངས། ཁྱད་པར་དུ་ཆེ་གེ་མོའི་ལས་ཀྱི་སྒྲིབ་པ་སྦྱངས་ནས། མངོན་པར་སངས་རྒྱས་པར་བྱས་ཏེ། མཛད་པ་བཅུ་གཉིས་མཐར་ཕྱུང་ནས། མཐར་མྱ་ ངན་ལས་འདས་པའི་སྐུ་གདུང་ཡང་། མཆོད་རྟེན་དེ་ཉིད་དུ་གྱུར་པར་བསམས་ཏེ། དོན་མཛད་པའི་འོད་ཟེར་དེ་དག་ཀྱང་སྐུ་གདུང་རིང་བསྲེལ་དེ་ཉིད་ལ་ཞུགས་ཏེ། འཇིག་རྟེན་གནས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པའི་མཐུ་དང་ལྡན་པར་བྱིན་གྱིས་བརླབས་ཏེ་གདབ་སོ། །དེ་ལ་ལྷ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་གྱི་ངེས་པ་ནི། དཔལ་ཕྱག་ན་རྡོ་རྗེ་ནི་གོང་དུ་བསྟན་ཟིན། དེ་བཞིན་གཤེགས་པ་བཞི་ནི། ཐམས་ཅད་མཐུན་པར་སྐུ་མདོག་དཀར་པོ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། འཁོར་ལོ་སྒྱུར་བ་ཆས་པའི་ཚུལ་འཛིན་པ། ཟླ་བའི་དཀྱིལ་འཁོར་ལྟ་བུའི་མདངས་དང་འོད་ཅན། ཕྱག་གཉིས་མཆོག་སྦྱིན་དང་མི་འཇིགས་པ་སྦྱིན་པ། །གདན་པད་མ་དང་ཟླ་བའི་དཀྱིལ་འཁོར་ལ། རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །ཚེ་དཔག་མེད་ལས་ཀྱི་སྒྲིབ་པ་གཅོད་པའི་ཚུལ་ གྱིས་མཆོད་རྟེན་གདབ་པའི་ཐབས་བསྟན་པ་རྫོགས་སོ།། །།ཇི་སྐད་དུ་བསྟན་པའི་མཆོད་རྟེན་གདབ་པ་འདི་དག ། འདི་ལྟར་འདེབས་པའི་དུས་སུ། གྲུབ་པར་གྱུར་ན་སྦྱིན་སྲེག་ཁོར་བུ་དང་། བཟླས་བརྗོད་ཁོར་བུས་ཀྱང་། ཕན་གདགས་པར་བྱ་སྟེ། དེའི་ཆོ་ག་ནི་མཆོད་རྟེན་རྣམས་ཀྱི་དྲུང་དུ། ཐབ་ཁུང་ཟླུམ་པོ་ཁྲུ་གང་པ། ཟབས་སུ་ཁྲུ་ཕྱེད་བརྐོས་པ། ཐབ་ལས་སོར་བཞི་དོར་བའི་ཕྱི་རོལ་དུ་ཁ་ཁྱེར་སོར་བཞི་པ་བཏང་བ། ཕྱི་རོལ་ཁོར་ཡུག་མཎྜལ་གྱིས་བསྐོར་བ་ཞིག་བྱས་ཏེ། ཐབ་ཀྱི་དབུས་སུ་རྡོ་རྗེའམ། འཁོར་ལོའམ། གཙུག་ཏོར་གྱི་ཕྱག་རྒྱ་དཀར་པོ་བྲི། ཁ་ཁྱེར་ལ་རྡོ་རྗེ་ར་བ་དཀར་པོ་བཏང་། ཁ་ཁྱེར་གྱི་ཕྱི་རོལ་དུ་པད་མ་དཀར་པོ་འདབ་བརྒྱད་ཀྱིས་བསྐོར་བ་ཞིག་བྱས་ཏེ། ཐབ་ཀྱི་ནང་དུ་བུད་ཤིང་ལས་ཐམས་ཅད་པའི་གསང་སྔགས་ཀྱིས་བཟླས་པའི་དྲི་ཆབ་ཀྱིས་བཏབ་པ་བརྫང་། སྲེག་རྫས་མར་དང་། དཀར་གསུམ་དང་། མངར་གསུམ་དང་། འབྲུ་དང་མེ་ཏོག་ལ་སོགས་པ་ཅི་འབྱོར་པ་བཤམ། འབྱོར་ན་ཤག་ཐེའུ་ཤུག་ཐེའུ་ཡང་བཤམ། སྡིག་པ་བསྲེག་པའི་ཕྲིན་ལས་གྲུབ་པར་བྱ་བའི་རྫས་ཡུངས་ཀར་བཤམས་ཏེ། དང་པོར་ཁྲུས་བྱས་ལ། རང་གི་ལྷའི་རྣལ་འབྱོར་ཅུང་ཟད་ཅིག་བསྒོམས་ཏེ། དེ་ནས་མེ་སྤར་ལ། དྲི་ཆབ་ལ་ལས་ཐམས་ཅད་པའི་གསང་སྔགས། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཅེས་བཏབ་པའི་ཆུས་མེ་བསངས་ནས། མེ་ཏོག་ཅིག་ལ། ཨོཾ་ཨགྣེ་ཡེ་ས་མ་ཡ་སྟྭཾ། ཞེས་བརྗོད་དེ་ཐབ་ཏུ་བསྐྱུར་བས། མེ་ཉིད་མེ་ལྷའི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ནས་མེ་ལྷ་ལ་མཆོད་ པ་ལྔ་དབུལ་བར་གྲུབ་ན་ཡང་དབུལ། མ་གྲུབ་ན་ཡང་། སྲེག་རྫས་དབུལ་བ་ནི། དང་པོར་མར་ལས་དགང་བླུགས་གསུམ་དབུལ་ཞིང་། ཨོཾ་ཨགྨ་ཡེ་ཧ་བྱ་ཀ་བྱ་བཧྣ་དི་བྱ་དི་བྱ་དི་བྱ་ནཱ་ཡ་སྭཱཧཱ། ཞེས་དབུལ། སྲེག་རྫས་གཞན་ཅི་འབྱོར་བ་ཡང་གསང་སྔགས་དེ་ཉིད་ཀྱིས་དབུལ། དེ་ནས་ཡུངས་དཀར་ཐབ་ཏུ་གཏོར་ཏེ། ཨགྣེ་ཆེན་པོ་ལ་ཕྲིན་ལས་དང་སྙན་སྙུངས་སུ་གསོལ་བ་ནི། སྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ། ཆེ་གེ་མོའི་ལས་ཀྱི་སྒྲིབ་པ་སྦྱང་བའི་ཕྲིན་ལས་མཛད་དུ་གསོལ་ལོ། །ཞེས་བརྗོད། དེ་ནས་སྔ་མ་བཞིན་དུ་ཡང་མེ་བསངས་ཏེ། མེ་ཏོག་ཞིག་ཐབ་ཏུ་བོར་ཏེ། དཀྱིལ་འཁོར་གྱི་གཙོ་བོ་གང་ཡང་རུང་བ་ཞིག་ཐབ་ཏུ་བྱོན་པར་བསམ་སྟེ། དེ་ནས་བསྲེག་རྫས་དབུལ་བ། ལྷ་རང་རང་གི་སྔགས་ཀྱིས་དབུལ། དེ་བཞིན་དུ་ལྷ་རིམ་པ་ བཞིན་དུ་དབུལ། མཇུག་ཏུ་ཡུངས་དཀར་ལ་ལྷ་སོ་སོའི་གསང་སྔགས་བཟླས་ཤིང་ཐབ་ཏུ་གཏོར་ལ། ངན་སོང་ན་གནས་པའི་སེམས་ཅན་རྗེས་སུ་དྲན་པར་བྱ་ཞིང་། དེ་ལ་ཕན་གདགས་པའི་བསམ་པའི་གསང་སྔགས་བཟླས་ཤིང་སྦྱིན་བསྲེགས་བྱས་པས། བདག་དང་ལྷ་དང་མཆོད་རྫས་དང་མེ་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་འཕྲོས་པས། ངན་སོང་ན་གནས་པ་དེའི་ཕུང་པོ་ལ་ཐིམ་པས། དེའི་སྡིག་སྒྲིབ་ཀྱི་ཉེས་པ་ཐམས་ཅད་སེལ་བར་བསམ་ཞིང་སྦྱིན་བསྲེག་བྱའོ། །འདི་ནི་ཡུངས་དཀར་འབའ་ཞིག་ཏུ་མ་ཟད་དེ། སྲེག་རྫས་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །དེ་ལྟར་ཡང་འདི་ཉིད་དུ་གསུངས་པ། །ངན་སོང་རྒྱུད་ན་གནས་པ་ཡི། །སེམས་ཅན་རྗེས་སུ་དྲན་བྱེད་ཅིང་། །སྡིག་པའི་སྒྲིབ་པ་ཞི་བྱའི་ཕྱིར། །མར་དང་འོ་མ་སྦྲང་རྩི་ཆན། །འབྲས་ཡོས་ཡུངས་དཀར་བསྲེས་པ་དང་། །དེ་ཡི་རུས་པ་ཤ་ལ་སོགས། །ཡང་ན་མིང་ནས་སྨོས་བྱས་ཏེ། །དག་པའི་རྒྱུད་ཀྱིས་སྦྱིན་སྲེག་བྱ། །ཞེས་གསུངས་པ་དང་། གཞན་ཡང་དེ་ཉིད་ལས། བཟླས་དང་སྦྱིན་སྲེག་ཉིད་བྱེད་ཅིང་། །འོད་ཟེར་སྤྲིན་གྱིས་དེ་ལུས་ལ། །འཕྲོ་བར་གྱུར་པར་རྣམས་བསྒོམས་ཏེ། །རྟག་ཏུ་ཤར་བལྟས་འོད་ཟེར་གྱིས། །ཉེས་པ་ཐམས་ཅད་སེལ་བྱེད་པ། །འདི་ནི་སེམས་ཅན་ཕན་དགའ་བས། །དེ་བཞིན་གཤེགས་པའི་རིགས་ལ་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྦྱིན་སྲེག་ཟིན་ནས་ལྷ་གཤེགས་སུ་གསོལ་ཏེ། དཀྱིལ་འཁོར་བསྡུའོ། །འདི་ལ་སྤྱན་དྲངས་དང་། བསྟོད་པ་བརྗོད་པ་ལ་སོགས་མི་དགོས་ཏེ། མཆོད་རྟེན་གདབ་པའི་སྟོངས་སུ་བྱ་བའི་དགེ་བ་ཙམ་ཡིན་ནོ། །གལ་ཏེ་བཟླས་བརྗོད་ཀྱི་སྒོ་ནས་མཆོད་རྟེན་གདབ་པའི་སྟོངས་ཀྱི་ཕན་གདགས་པ་བྱེད་པར་སྤྲོ་ན་ཡང་། མཆོད་རྟེན་གྱི་བྱ་བ་རྫོགས་པའི་འོག་ཏུ། བཟླས་བརྗོད་ཀྱི་བྱ་བ་ལ་འཇུག་པར་བྱ་སྟེ། བདག་ཉིད་ལྷའི་གཙོ་བོ་གང་ཡིན་པའི་ཏིང་ངེ་འཛིན་དུ་ཞུགས་ཏེ། སྙིང་ གར་ཟླ་བའི་དཀྱིལ་འཁོར་ལ། རང་གི་རིགས་ཀྱི་གསང་སྔགས་བསྒོམས་ཏེ། དེ་ལ་ཡི་གེ་ཨོཾ་གྱི་ཕྲེང་བས་བསྐོར་བར་བསམ་ནས། གསང་སྔགས་ཀྱི་བཟླས་བརྗོད་བྱ་ཞིང་། ཏིང་ངེ་འཛིན་གྱིས་རང་གི་སྙིང་ཀའི་ས་བོན་གྱི་འོད་ཟེར་དཀར་པོ་འཕྲོས་པས། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་སྦྱང་བར་བསམ་ཞིང་བཟླས་བརྗོད་བྱའོ། །གལ་ཏེ་ལྷ་ཁྲོ་བོ་ལྟ་བུ་བསྒོམས་ན་ནི། སྙིང་ཀའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ། ཡི་གེ་ཕཊ་བསྒོམས་ཏེ། དེ་ལ་ཡི་གེ་ཧཱུཾ་གིས་བསྐོར་བ་བསྒོམ་པར་བྱ་བ་རྒྱུད་འདི་ཉིད་ལས་འབྱུང་ངོ་། །མཆོད་རྟེན་གདབ་པས་ཕན་གདགས་པའི་སྐབས་སུ། སྦྱིན་བསྲེག་དང་བཟླས་བརྗོད་ཀུན་ནས་བསྡུས་པས་ཕན་གདགས་པའི་ཐབས་བསྟན་པའོ། །དཔལ་ངན་སོང་སྦྱོང་བའི་རྒྱུད་འདི་ལས། ཤི་བ་ལ་ཕན་གདགས་པའི་ཐབས་ཀྱི་སྒོ་མང་དུ་གསུངས་པ་ལས། མཆོད་རྟེན་གདབ་པ་འདིའི་སྐབས་སུ། ཐལ་བ་ལ་མཆོད་རྟེན་དུ་གདབ་པས་ཕན་གདགས་པ། རྒྱུད་འདི་ཉིད་ལས་གོང་དུ་བསྟན་པ་བཞིན་དུ། དེ་ལས་ཐལ་བར་གྱུར་པ་དང་། །ཞེས་བྱ་བ་ནས། ཐལ་བ་དེ་དང་རུས་པའི་རྡུལ། །ཞེས་བྱ་བ་དང་། ག་པུར་དྲི་དང་བསྒོས་པ་ཡི། །འཇིམ་པ་དང་ནི་བསྲེས་ནས་ཀྱང་། །གཟུགས་སུ་བྱའམ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྷར་བྱས་ལ། །ཞེས་བྱ་བ་གཙོར་བསྟན་པའི་ཞར་ལ། དབང་བསྐུར་བས་ཕན་གདགས་པ་དང་། བུམ་པའི་ཆུས་ཕན་གདགས་པ་དང་། བཟླས་བརྗོད་དང་སྦྱིན་སྲེག་གིས་ཕན་གདགས་པ་རྣམས་དུས་གཅིག་ཏུ་བྱར་རུང་བར་བསྟན་པའོ།། །།རོང་ཟོམ་པཎྜི་ཏ་ཆེན་པོས་མཛད་པའོ།། །།

གདུང་བསྲེག་གི་ཐོ་ཡིག

༄༅། །གདུང་བསྲེག་གི་ཐོ་ཡིག་བཞུགས་སོ། །

༄༅། །སྭ་སྟི། བླ་མ་རོང་ཟོམ་ལོ་ཙཱ་བ་དཔལ་ཆོས་ཀྱི་བཟང་པོས་མཛད་པའི། རོང་ལུགས་ཀྱི་གདུང་བསྲེག་གི་ཆོ་ག །སེ་འབྲོ་དབང་ཕྱུག་རྒྱ་མཚོ་ཅེས་པ།བླང་རོ་གད་ཁའི་དགེ་བའི་བཤེས་གཉེན་དེ་ཉིད་ཀྱིས་ཞུས་པའི་ཆོ་ག་འདི་དག་རིམ་པའི་ཡི་གེ་བྲིས་པ་ལ།སྤྱིར་བླ་མ་བཞི་པ་ཞེས་གྲགས་ནའང་། ཡི་གེ་བཅུ་གསུམ་ཡོད་གསུང་། དེ་ཡང་ལུགས་གཉིས་སུ་བྱ་སྟེ། དང་པོ་བསྲེགས་ཀྱི་རྩ་བ།གཉིས་པ་བློ་བུར་བག་ཆགས་སྦྱང་། གསུམ་པ་འཇུག་ཆོག །ཡན་ལག་བདུན་པ། བཞི་པ་རིག་དྲུག་བཅུ་རུ། ལྔ་པ་དགག་ཡིག །ལྷ་ངོ་བསྟན།ཟན་གཏད་ཆེ་ཆུང་གཉིས། གཅགས་སྦྱང་། ལམ་བསྟན། ས་འཕར་སྨོན་ལམ། སྨོན་བཤགས་བྱ། ཡང་བྲིས་པ་ལ། སྐོས་གདབ། འཛབ་བསྐུལ། བཤགས་བྱང་བླ་མ། སྐར་མ་ཞི་ཁྲོའི་རྣམ་པ་གཉིས། དཀར་ནག་ལྡང་འཛིན། འདི་རྣམས་ཀྱིས་རོང་ལུགས་སུ་གྲགས་པའི་གདུང་བསྲེག་གི་ཆོ་ག་ཚོ་ཚར་བར་ཐལ་བ་ལགས་སོ། །མདོར་བསྡུས་ན་བཅུ་གསུམ་ཅེས་གྲགས་ཀྱང་། ཡི་གེ་དངོས་བཅོ་བརྒྱད་སྣང་ངོ་། །དོན་དུ་འགྱུར་བར་ཤོག །ཞི་དཀར་དབུལ་སྟོན་རྡོར་བསོད་ཀྱི་དོན་དུ་མཛད་དོ། །གཞན་ཚོ་སེ་འབྲོ་དབང་ཕྱུག་རྒྱ་མཚོའི་དོན་དུ་མཛད་གསུང་ངོ་། །གདུང་བསྲེག་བློ་བུར་བ་ནི། གདུང་ཁང་བརྩིགས་ཏེ། གཙུག་ལག་མཁན་དང་འཐུན་པར། ཕུང་པོ་སྡོང་ཁང་དུ་བཅུག་སྟེ། །མཚམས་བཅད་པ་ལ་སོགས་བྱས་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ནི།སྤྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པ་ཡིན་ནའང་། ཁྱད་པར་དུ་སྡོང་ཁང་དང་ཕུང་པོར་བཅས་པ་སྟོང་པ་ཉིད་དུ་བསྒོམས་ཏེ། དེའི་ངང་ལས་གནས་ཀྱང་གཞལ་ཡས་ཁང་ཉིད་དུ་བསྒོམས་ཏེ། དེར་ལྷའི་དཀྱིལ་འཁོར་བསྐྱེད་ནས། མཆོད་པ་ལ་སོགས་པའི་ཆོ་ག་ཐམས་ཅད་ཀྱང་། དེ་ཉིད་ལ་དབུལ་བར་བྱའོ། །ཚོགས་མཆོད་ལ་སོགས་པ་རྫོགས་པར་བྱས་ནས། བསྲེག་ཁང་གཞལ་ཡས་ཁང་དུ་གསལ་བར་བྱས་ནས།དེར་ལྷ་རྣམས་ཀྱི་སྙིང་པོ་བརྗོད་ཀྱང་རུང་། ལྷ་རྣམས་ཀྱི་སྙིང་པོ་མ་བརྗོད་ཀྱང་རུང་། ཏིང་ངེ་འཛིན་གྱིས་གསལ་བཏབ་སྟེ། །སྦྱིན་བསྲེག་གི་མཆོད་པ་ལ་འཇུག་པར་བྱའོ། །རྫོགས་སོ།། །། རྗེ་ཆོས་ཀྱི་བཟང་པོས་མཛད་པ། ཞི་ཁྲོའི་ཆོ་ག་གཞུང་བསྲང་།མཆོད་པ་རྫོགས་ནས། ཟན་གཏོད་བྱ་བར་འདོད་ན། དཀྱིལ་འཁོར་གྱི་ཆོ་ག་གཞུང་བཞིན་དུ་བགྱི། དེའི་རྗེས་ལ་ཡང་ཕུད་དང་། གཅགས་གཏོར་བཏང་། བདེན་པ་གང་རིག་བདར། ཕུང་པོ་ཤིང་ཁང་དུ་བཅུག་སྟེ། ཕུང་པོ་དང་ཚེ་འདས་དབྱེར་མེད་པར་བྱས་ནས། དེའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ།བསྲེག་ཁང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་དམིགས་ཏེ། དེར་བཞུགས་སུ་གསོལ། མེ་ལྷ་སྤྱན་དྲངས་ལ་ཚོགས་རིམ་གྱིས་མཆོད་པར་བྱའོ། །རྫོགས་སོ།། །།རྗེ་ཆོས་ཀྱི་བཟང་པོ་ཞེས་བྱ་བ། སྤྲུལ་པའི་སྐུ་ཐུགས་རྗེ་ཕུལ་དུ་བྱུང་བ་དེས་མཛད་པའི་གདུང་བསྲེག་བློ་བུར་བ་ཞེས་གྲགས་པ། རྗེ་རོང་ཟོམ་པའི་གདམས་ངག་གོ། །།

ཆེ་མཆོག་གི་སྒོམ་ཁོག་བསྟོད་པ་དང་བཅས་པ།

༄༅། །ཆེ་མཆོག་གི་སྒོམ་ཁོག་བསྟོད་པ་དང་བཅས་པ་བཞུགས་སོ། །

༄༅། །མི་གནས་མི་རྟོག་བསམ་དང་བྲལ། །མ་ཆགས་ཆགས་བྲལ་ཡུལ་ལས་འདས། །ཅི་ཡང་མི་འབྱུང་ཅིར་མ་ཡིན། །རང་འབྱུང་རང་ཞི་བརྗོད་དང་བྲལ། །ཡོངས་ལ་ཁྱབ་པ་ཉི་མའི་འོད། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །རྣམ་རྟོག་མུན་པ་སེལ་བར་སྣང་། །ཡིད་བཞིན་རིན་ཆེན་འབར་བའོ། །ཨ་ནི་མ་ཆགས་ཡི་གེའི་མཛོད། །ཆོ་འཕྲུལ་རྟོག་པ་ཀུན་གྱི་རྒྱུད། །ཉོན་མོངས་སྐྱོན་བྲལ་ཟླ་བའི་མདོག །ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་རྒྱུ། །ཨེ་ནི་ཨའི་རང་བཞིན་ཏེ། །ཨ་ལས་ཨེ་འབྱུང་མཁའ་ཁྱབ་བདལ། །མི་འགྱུར་ཐོགས་མེད་བསམ་ལས་འདས། །མཐའ་དང་དབུས་མེད་ཀུན་དུ་བདལ། །ཨི་ཡི་བྱིན་རླབས་ཡེ་ཤེས་ལས། །རླུང་གི་ཆོ་འཕྲུལ་ཡཾ་དུ་ཤར། །ཐམས་ཅད་འདེགས་པའི་སྟོབས་ལྡན་ཞིང་། །རང་བཞིན་གཡོ་ཞིང་ཐོགས་མེད་འཕྱོ། །ཨ་ཡི་བྱིན་རླབས་ཡེ་ཤེས་ལས།།ཆོ་འཕྲུལ་མེ་ཡི་སྙིང་པོར་ཤར། །འབར་བ་གསལ་བྱེད་ཡེ་ཤེས་འཕྲོ། །དངོས་པོ་ཀུན་ཟད་མེ་ཀློང་འཚུབ། །རྒྱུ་ཡི་ཡི་གེ་འོད་ཟེར་ལས། །ཆུ་ཡི་སྙིང་པོ་ཆོ་འཕྲུལ་ཤར། །ནམ་མཁའི་མཐའ་དང་མཉམ་པ་ཡིས། །རླུང་མཚོ་ཐམས་ཅད་རྒྱས་པར་གྱུར། །མི་དམིགས་པ་ལས་སྣ་ཚོགས་པར། །སྣང་བ་ཆོ་འཕྲུལ་འདི་བྱུང་བས། །རྣལ་འབྱོར་ས་བཅུ་རྫོགས་པའི་དོན།།ལྷུན་གྱིས་གྲུབ་པར་བདེ་བ་ཆེ། །རྣམ་དག་ཤེས་རབ་མཁའ་ཀློང་ནས། །རྡོ་རྗེ་འབར་བའི་རི་བོ་ཤར། །རྒྱ་ཆེ་གཏིང་ཟབ་ནམ་འཕང་གཅོད། །རྟོག་པའི་རི་བོ་འཇོམས་པར་བྱེད། །བྷ་ག་གསང་བའི་འོད་ཟེར་ལས། །བདེ་གཤེགས་བཞུགས་པའི་གཞལ་ཡས་ཁང་། །ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །དུས་གསུམ་རྒྱལ་བ་རྒྱ་མཚོའི་དབྱིངས། །སྟོང་ཉིད་མི་རྟོག་མེ་ལོང་ལས། །མི་སྐྱེ་མི་འགག་གཟུགས་སྣང་བ། །མཁའ་ལ་འཇའ་སྣང་ཇི་བཞིན་དུ། །དབྱིངས་ལས་ཕྱག་རྒྱར་བཞེངས་སུ་གསོལ། །སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཙཎྜ་སརྦ་དུ་ཥྚི་སཾ་ར་ཤྲཱི་ཧེ་རུ་ཀ་ངྷ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ། ཞེས་བརྗོད་པས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ །༼ཕྱི་མོར་འདི་ལས་མ་བྱུང་བས་བརྟག །༽ཨེ་མ་ཧོ། །ཆོས་ཀུན་སྐུ་ལ་རྫོགས་པ་ཆོས་ཀྱི་སྐུ། །རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ །ཆོས་ཉིད་མཁའ་ལ་སྐར་ཚོགས་རྒྱས་པའི་སྐུ། །དབྱར་གྱི་ཆར་སྤྲིན་གཏིབས་པ་ལྟ་བུའི་གཟུགས། །ཆུ་རླབས་ལྟ་བུ་བརྗིད་པའི་ཞལ་གདངས་ཤིང་། །ཉི་མ་འབུམ་གྱི་འོད་ཟེར་བདལ་བ་བཞིན། །ཐེག་ཆེན་དགུ་དང་འཁོར་བའི་ཆོས་རྣམས་ཀུན། །ཕྱག་རྒྱ་གཅིག་ཏུ་བཀོད་ནས་རྫོགས་པའི་སྐུ། །སྐུ་གསུམ་ལྷུན་གྲུབ་ཆོས་སྐུ་རྟོག་སྟོང་འབར། །དབུ་སྐྲ་ཁམ་ནག་རལ་པའི་ཅོད་པན་ཅན། །ཀླུ་རྒྱལ་འབུམ་གྱིས་ཀླུབས་ཤིང་མཆོད་པ་འབུལ། །རྡོ་རྗེ་གསུང་གི་ལྗགས་སྒྲ་བརྡབས་པས་ཀྱང་། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྐད་འཇིགས་པར་སྒྲོགས། །ཐེག་ཆེན་དོན་དམ་གསང་སྔགས་སྒྲོགས་པའི་ཚེ།།འབར་བའི་སྨིན་མ་མུན་རུམ་གློག་ལྟར་འགྱུ། །སྤྱན་དམར་བཟློག་པའི་སྡང་མིག་ཉི་ལྟར་འབར། འབར་བའི་ཤངས་ནས་བསྐལ་པའི་ཚུབ་ནག་འཁྱིལ། །རྡོ་རྗེ་ཐོག་དང་གནམ་ལྕགས་སེར་ཆེན་འབེབས། །རྣོ་དབལ་མཆེ་བ་ཟང་ཡག་གཙིགས་པ་ཡིས། །ཉོན་མོངས་ལོག་ལྟའི་ཚོགས་ལ་རྔམ་ཞིང་འཁྲུག །ཐོད་རུས་ཤ་ཁྲག་རྐང་རུས་འབུ་དང་རྣག །ཟ་བྱེད་རྔམས་པ་ཞལ་དུ་ཆེམ་ཆེམ་གསོལ། །སྦྲུལ་གདུག་ཀོ་རློན་ལ་སོགས་འཇིགས་པས་བརྒྱན། །རྔམ་པའི་སྐུ་ལ་ཤིན་དུ་བརྗིད་པའི་བརྒྱན། །ཟ་བྱེད་རྔམ་དང་འཇིགས་བྱེད་མང་པོའི་ཚོགས། །འབར་བའི་ཕྱག་མཚན་སྤྲུལ་པའི་ཕོ་ཉ་མཛད། །འཁོར་བ་ཀུན་དང་ཐར་བའི་ཆོས་རྣམས་ནི། །དཔའ་བོ་ཆེན་པོའི་གདན་དུ་བརྗིད་ཅིང་རོལ། །འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད། །གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །ཆེ་མཆོག་གི་སྒོམ་ཁོག་བསྟོད་པ་དང་བཅས་པ་རྫོགས་སོ།། །། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཞིང་། ཕྱག་བྱ་བ་དང་།བཞུགས་པ་དང་། ཕྱག་རྒྱ་དང་། སྨན་གྱི་མཆོད་པ་བགྱི། འབྱུང་བ་ཆེན་པོ་ནམ་མཁའ་ནིའི་མཆོད་པ་བྱ། དེ་ནས་སྨན་མཆོད་བྱ། དེ་ནས་སྨན་སྦྱོར་སྒྲོལ་བགྱི། ཛབ་དགུ་པའི་སྔགས་བགྲང་། ཚོགས་ཀྱི་མཆོད་པ་དང་། གཏོར་མའི་ཆོ་ག་ཡན་ཆད་རྫོགས་པར་བགྱིའོ། །དེ་ནས་རྟགས་མ་བྱུང་གི་བར་དུ། བདུད་རྩི་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་དང་། དཔང་གསོལ་བ་སྐབས་སུ་བྱས་ལ། རྟགས་བྱུང་བ་དང་བདུད་རྩི་བསྐྱིལ་ཞིང་དབབ་པ་དང་། དབང་དུ་བྱ་ཞིང་དངོས་གྲུབ་བླང་བ་བགྱི། དེ་ནས་སློབ་དཔོན་གྱི་རིག་པའི་མེ་ཏོག་དོར་ཏེ། ཧེ་རུ་གར་གྱི་ཕྱག་རྒྱས་སྤྱི་བོར་བླངས་ཏེ་གཉིས་སུ་མེད་པར་བསྟིམ་པར་བྱའོ། །སློབ་མ་རྣམས་ཀྱིས་རུ་ལུ་གར་གྱི་བྲོས་བསྐོར་ཏེ། རྡོ་རྗེ་སློབ་དཔོན་དུ་དབང་གསོལ་ཏེ། མེ་ཏོག་ཕུལ་ལ་དཀྱིལ་འཁོར་དུ་འཇུག་པར་བྱའོ། །སློབ་དཔོན་གྱིས་ཀྱང་ཕོ་བྲང་སློབ་མའི་སྤྱི་བོར་བཞག་སྟེ་དབང་བསྐུར་བར་བྱའོ། །དེ་ནས་བཀྲ་ཤིས་གསོལ་ཏེ། རྒྱ་བཅག་ལ། དང་ལ་ལྷ་ལ་མཆོད་ཅིང་དངོས་གྲུབ་བླང་། དེ་ནས་གཏོར་མ་བཏང་སྟེ། ཆ་གསུམ་དུ་བགོས་ལ། དང་པོ་སྦྱིན་བསྲེག་བྱ། བར་མ་མི་ཟད་གཏེར་དུ་སྦ། ཐ་མ་མཁའ་འགྲོ་མ་བསྐྱང་སྟེ། ཤར་སྒོ་ནས་གོམ་པ་བདུན་ཅུར་མཎྜལ་ཟླ་གམ་གྱི་ཧོམ་བྱ་སྟེ། དང་པོར་གོམ་པ་བདུན་བོར་ནས། གནས་དང་པོ་མཆོད། དེ་ནས་གོམ་པ་བརྒྱད་ལ་གནས་གཉིས་པ། དེ་བཞིན་དུ་དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། ཐ་མ་བཅུ་གསུམ་པའི་མཎྜལ་ཟླ་གམ་ལ་མཁའ་འགྲོ་མའི་ཧོམ་བྱས་ལ། མར་གྱི་གནས་ཀྱི་སྦྱིན་བསྲེག་བྱ། དེ་ནས་སླར་ལོག་པ་དང་སྨོན་ལམ་གདབ་སྟེ། དཀྱིལ་འཁོར་བསྡུ་བ་དང་། བསྲུང་བ་བྱས་ལ། གཞན་གྱིས་མི་རིག་པར་བྱ་བའི་ཕྱིར་རྫས་ཀྱི་སྙིགས་མ་ཐམས་ཅད་ཀྱང་། རྩ་འམ་ཆུ་ཀླུང་དུ་དོར་བར་བྱའོ། །མཆེད་ཀུན་ཡང་གཞན་གྱིས་མ་ཚོར་བར་རང་གི་གནས་སུ་སླེབས་པར་བྱའོ། །རྫོགས་སོ།། །།ཤུ་བྷཾ་མས་ཏུ། །

ཞི་བ་འབྲིང་པོ་དང་ཁྲོ་བོ་སྣང་བ་དམ་པ་རྒྱན་གྱི་སྔགས་རྒྱ་དཔེ་ལ་གཏུག་པ།

༄༅། །ཞི་བ་འབྲིང་པོ་དང་ཁྲོ་བོ་སྣང་བ་དམ་པ་རྒྱན་གྱི་སྔགས་རྒྱ་དཔེ་ལ་གཏུག་པ་བཞུགས་སོ། །

༄༅། །ཞི་བ་འབྲིང་པོ་དང་ཁྲོ་བོ་སྣང་བ་དམ་པ་རྒྱན་གྱི་སྔགས་རྒྱ་དཔེ་ལ་གཏུག་པ། ༈ །ཨ་སྥ་ར་སྤྲོས། ཎ་ཕཊ། སཾ་ཧ་ར་ཡང་དག་པར་བསྡུས། ཎ་ཧཱུྃ། །ཨེ་ཨོཾ་ཐཾ་སུཾ་ལཾ་རཾ། སྥ་ར་ཎ། སཾ་ཧ་ར་ཎ། ཨེ་ཨཱ་ཀཱ་ཤ་ཨེ་ལས་ནམ་མཁའི་དཀྱིལ་འཁོར།མཎྜལ། ཡཾ་ཡང་ལས་རླུང་གི་དཀྱིལ་འཁོར།བཱ་ཡུ་མཎྜལ། བཾ་བཾ་ལས་རྒྱུ་མཚོའི་དཀྱིལ་འཁོར།ས་མུ་ཏྲ་མཎྜལ། སུཾ་སུམ་ལས་སའི་དཀྱིལ་འཁོར། པྲི་ཐི་བི་མཎྜལ། ལཾ་ལམ་ལས་སའི་དཀྱིལ་འཁོར།གརྦྷེ་མཎྜལ། རཾ་ཛྭ་ལ་རཾ་ལས་འབར་བའི་དཀྱིལ་འཁོར།མཎྜལ། ཧཱུྃ། སྥསྤྲོས། སཾབསྡུས། ཧཱུྃ་བི་ཤྭ་སྣ་ཚོགས། བི་ཤུད་དྷེ་རྣམ་པར་དག་པ།བཛྲ་རྡོ་རྗེ།ཛྙཱ་ན།ཡེ་ཤེས།ཙཀྲ་འཁོར་ལོ།སུརྱ་ཉི་མ།ཙནྡྲ་ཟླ་བ།རཏྣ་རིན་ཆེན། པདྨ་མཎྜལ།དཀྱིལ་འཁོར། བཛྲ་རྡོ་རྗེ། ཙཀྲ་འཁོར་ལོ།རཏྣ་རིན་ཆེན།པདྨ་ཁཌྒ་རལ་གྲི།གཎྜ།དྲིལ་བུ། ཧཱུྃ་བཛྲ་རྡོ་རྗེ་འཛིན།ཌྷྀ་ཀ མྱི་དབྱིངས་ཀྱི་དབང་ཕྱུག་མ།དྷཱ་ཏཱི་ཤྭ་རི། ཨོཾ་རྒྱལ་བའི་རྒྱལ།ཛི་ན་ཛི་ག ལཾ་ཞེ་སྡང་དགའ་མ།དྭེ་ཥ་ར་ཏེ། སཱ་རཏྣ་དྷཱིཀ་རིན་ཆེན་འཛིན། མཱཾ་མོ་ཧ་ར་གཏི་མུག་དགའ་མ།ཏེ། ཨཱི་ཨཱ་རོ་ལི་ཀ་སྣང་བྱེད་དམ་ཆགས་བྱེད་མཚོན། པཱཾ་ར་ག་ར་འདོད་ཆགས་དགའ་མ།ཏི། ཧཱུྃ་ཤེས་རབ་འཛིན།པྲ་ཛྙཱ་དྷི་ཀ། ཏཱཾ་བཛྲ་ར་ཏི་རྡོ་རྗེ་དགའ་མ། ༈ ཀྵི་ཏི་རཱ་ཛཱ་ཡ།ཨའི་རྒྱལ་པོ། ཧཱུྃ་ལཱ་སྱ་ས་མ་ཡ་སྭཱ་ཧཱ།སྒེག་མའི་དམ་ཚིག་ཁྱོད། ཏྲཾ་ཨཱ་གགྷ་ཡ།ནམ་མཁའི་སྙིང་པོ། ཏྲི་མཱ་ལྕེ་ས་མ་ཡ་ཕྲེང་བའི་དམ་ཚིག་ཡིན།ཧོ། ཧྲཱི་ཧཱ་ཧཱུཾ་པདྨ་དམ།པདྨའི་ཕྱག ཧྲཱི་གཱི་ཏི་རཱ་གོ་གླུ་མོ་ཆགས་པའི་བདགཧཾ། ཛིཾ་ཀུ་རུ་པཱ་ཎ་རྒྱལ་བྱེད་ཕྱག ཧྲཱིཿ ཨ་ནི་ཏྱེ་རཱ་ག་གར་མ་ཆགས་པའི་བདག་ཉིད།ཡ་མྱ། མེ་དྷཱ་ར་ནི་སྭཱ་ཧཱ།བྱམས་པ་འཛིན་པ་གཞི་ཚུགས། ཛཿདྷུ་བདུག་སྤོས་རབ་ཏུ་བཞུགས་ཤིགཔ་པྲ་བེ་ཤ །ཐླིཾ་ནི་སྒྲིབ་སེལ་གཞི་ཚུགས།ས་རཾ་བྷ་ཡ་སྭཱ་ཧཱ། ཧཱུྃ་པུབྦེ་ཨཱ་བེ་ཤམེ་ཏོག་ཀུན་ཏུ་བཞུགས་ཤིག །ཧཱུྃ་ས་ཀུན་བཟང་རྒྱལ་པོ་གཞི་ཚུགས།རཱ་ཛཱ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་སྣང་གསལ་བདེ་བ་མ།ཁི་ནི། །མུཾ་འཇམ་དཔལ་གཞི་ཚུགས། ཤྲཱི་ཨོཾ་རཾ་བྷ་སཱ་ཧཱ། ཧོ་གནྡྷེ་ཙིཏྟཾ། དྲི་ཆབ་ཐུགས། ༈ །ཧཱུྃ་གཤིན་རྗེ་གཤེགས་མཐར་བྱེད།ཡ་མཱནྟ་ཀྲི་ཏ་ཕཊ། ༀ་བཛྲ་མ་ཧཱ་དྷ་ར་ཀྲོ་དྷི་ཤྭ་རི་ཛཱ་ལ་ནཱི་ཧཱུྃ་ཆེན་མོ་གཟུངས་མ་ཁྲོ་མོ་དབང་ཕྱུག་འབར་བ།ཕཊ། ཧཱུཾ་པྲ་ཛྙཱ་ཤེས་རབ་མཐར་བྱེད།ཏ་ཀྲི་ཏ་ཕཊ། ༀ་མ་ཧཱ་རཏྣ་རིན་ཆེན་གཟུངས་མ།དྷ་ར། ཧཱུྃ་པདྨ་པདྨ་མཐར་བྱེད།ན་ཏ་ཀྲི་ཏ་ཕཊ། ཨོཾ་མ་ཧཱ་པདྨ་དྷ་ར།བགེགས། ཧཱུྃ་བིགྷན་ཏ་ཀྲི་ཏ་མཐར་བྱེད།ཕཊ། ༀ་མ་ཧཱ་འཕྲིན་ལས་གཟུངས་མ།ཀརྨ་དྷ་ར། ༈ །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨ་བཛྲ་གྷ་ཏྲ་ས་མནྟ་ཨཱཿ ཨོཾ་མུ་ནེ་ཧྲཱིཾ་སྭཱ་ཧཱ། ཏྲུཾ། སུཾ། གྲཾ། ཨོཾ་ཐུབ་པ།མུ་ནེ་ཡེ་སྭཱ་ཧཱ། ༈ །ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཆེན་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་བདག་ཡིན།ཀོ་ཧཾ། ཨ་དཪྴ།མེ་ལོང་། ས་མ་ཏཱ།མཉམ་པ་ཉིད། པྲ་ཧྱ་བེཀྵ་སོ་སོར་རྟོགཎ། ཀྲྀ་བྱ་བ་གྲུབ་པ་ཏྱེ་ཨ་ནུ་ཥྛ་ན། ༈ །ཨ་ཙནྡྲ་མཎྜལ་ཟླ་བའི་དཀྱིལ་འཁོར།ཨོཾ། པཾ་པདྨ་མཎྜལ་པདྨའི་དཀྱིལ་འཁོར། ཨཱཿ མ་སཱུཪྻ་ཉི་མའི་དཀྱིལ་འཁོར།མཎྜལ་ཧཱུྃ། ཨོཾ་སརྦ་ཐམས་ཅད་དེ་བཞིན་གཤེགས་པ་ཆེན་པོ་སྐུ་རྡོ་རྗེའི་རང་བཞིན་བདག་ཡིན།ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ་ཧཾ། ཝཱ་གགསུང་། ཙིཏྟ།ཐུགས། ཨ་ནུ་རཱ་ག རྗེས་སུ་ཆགས་པ། པཱུ་ཛཿ མཆོད་པ། ༈ །ཨོཾ་བཛྲ་རྡོ་རྗེ་དམ་ཚིག་ཚུར་བྱོན། མ་ཡཱ་ཧཱུྃ་ཛ༔ ཨོ་ཨེ་ཚུར་གཤེགས། ཧྱེ་ཧི་བྷ་ག་ཝན།བཅོམ་ལྡན་འདས། མ་ཧཱ་ཀ་རུ་ཎི་ཆེན་པོ་སྙིང་རྗེ།ཀ་ཏྲི་ཥྛ་ཧོཿལྟོས་ཤིག ས་མ་ཡ་སྟཱ་དམ་ཚིགས་པ། ཛཿཧཱུྃ་བཾ་ཧོ། ཀཱ་ཡ་ཝ་ཀ་ཙིཏྟ་ཏིཥྛ་བརྟན་པའི་རྡོ་རྗེ།བཛྲ། ཨ་ཏི་པུ་ཕྱག་ཧོ པྲ་ཏཱི་ཕྱག་ལན།ཙ་ཧོཿ ༈ ། ཨོཾ་ན་མཿཕྱག་འཚལ།སརྦ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ།ཏ་ཐཱ་ག་ཏ་བྷྱཿབི་ཤྭ་མི་ཁེ་བྷྱཿསརྦ་ཏ་ཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ༈ ཨོཾ་ཨཱ་ཧ་ར་ཨཱ་ཀུན་ཏུ་སྡུས་ཤིག་གཉིས།ཧ་ར་སརྦ་བི་དྱཱ་དྷ་ར་མཆོད་པ།པཱུ་ཛི་ཏེ། ན་མ་ས་མནྟ་སངས་རྒྱུས་ཀུན་ལ་བུད་དྷཱ་ནཾ་ག་ནམ་མཁའ་ག་ན་ཁཾ་དམ་ཚིག་ས་མ་ཡེ་སྭཱ་ཧཱ། ༈ །ཨོ་པ་ན་པེཾ། པེ་ནུ་སུ་ར་ཏོ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ། ས་མ་ཡོ་དམ་ཚིག་དམ་པ།ཏ་མུ། སརྦ་མ་ཧཱ་སུ་ཐམས་ཅད་བདེ་བ་ཆེན་པོ་དམ་པ་གྲུབ་པར་མཛོད།ཁ་སིདྡྷི་ཧུ། ཨོཾ་ཤྲཱི་བཛྲ་རཱ་དཔལ་རྡོ་རྗེ་ཆགས་པ་བདུག་སྤོས།ག་དྷཱུ་པེ་དྷཱུ། པུཥྤེ་པུ།མེ་ཏོག ཨཱ་ལོ་ཀེ་ཧྲཱི། སྣང་གསལ། གནྡྷེ་གན། དྲི་ཆབ། ༈ །ཨོཾ་ན་མཕྱག་འཚལ་ལོ། སརྦ་ཐམས་ཅད། ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཆེན་པོ།མ་ཧཱ་པཉྩ་ལྔ་བདུད་རྩི།ཨ་མྲྀ་ཏ་ཁ་རཾ་ཟོ་རོལ་ཟ་བར་མཛོད། ཁཱ་ཧི། ༈ །ཨོཾ་ཨཱཿཧཱུཾ་སུ་ར་ཏོ། རབ་ཏུ་དགའ་བ། པ་སྣ་ཚོགས་དབུ་རྒྱན་པདྨོ།བྷྱོ་ཀ་མ་ལྱེ། མཱ་ལྱེ་ཕྲེང་བ་མ།བཛྲ་ཨ་མྲྀ་བདུད་རྩི། ཏ་ཧ་འཕྲོགས། ར་ཎ་སོ་སོར་བཞེས། པྲ་ཏཱི་ཙྪ་བཅོམ་ལྡན་འདས།བྷ་ག་ཝཱན། ཛཿཧཱུྃ་བཾ་ཧོཿ །ཨ་ལ་ལ་ཧོ། ས་མ་ཡ་དམ་ཚིག་པ་ཁྱོད།སྟྭཾ། ས་མ་ཡ་དམ་ཚིག་པ་ཡིན།ཧོཿ ཨ་ནུ་རཱ་ག་ཡ་ཧཾ། ཨ་ནུ་རཱ་ག་ཡ་མྱ། ཛཿཧཱུྃ་བཾ་ཧོཿབོདྷི་ཙིཏྟ། བྱང་ཆུབ་སེམས། སྥ་ར་སཾ༔ ༈ ཨོཾ་བཛྲ་ཨེ་ས་ཧཱུྃ། པེ་ས་ཧཱུཾ། ས་མ་དམ་ཚིགཡ་བྷ་ཀྵ་ཧཱུཾ། ཛཿཧཱུྃ་བཾ་ཧོཿ ཨགྷཾ་པྲ་མཆོད་ཡོན་སོ་སོར་བཞེས།ཏཱི་ཙྪ་ཧོ ༈ །ཨོཾ་བོ་དྷི་བྱང་ཆུབ་ཙིཏྟ་སེམས་མ་ཧཱ་ཆེན་མོ་ཛྙཱ་ན་ཡེ་ཤེས་དྷཱ་ཏུ་ཨཱཿདབྱིངས། ཨོཾ་མ་ཧཱྃ་ཆེན་མོ་ཁྲོ་མོ། ཀྲོ་དྷ་ཤྭ་རི་དབང་ཕྱུག་མ།སརྦ་ཐམས་ཅད་དྲ་བྱཾ་རྫས།ཤཱ་དྷ་དག་པར་མཛོད་ཨོཾ། ༈ ཨོཾ་ཨཱཿཧཱུྃ་ཧྲཱི་ཐཱ། ཨོཾ་བི་ཤུད་དྷ་ཨ་མྲྀ་ཏ་རྣམ་པར་དག་པའི་བདུད་རྩི།ཧཱུྃ་ཧཱིཿཐཱ། དྷརྨ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཐཱ། ཨོཾ་བཛྲ་ཡཀྵ་གནོད་སྦྱིན་ཁྲོ་བོ་ཀྲོ་དྷ་སྣུན་ཅིག་གཉིས།ཧ་ན་ཧ་ན་ཧཱུྃ་ཕཊ། རཾ་ཡཾ་ཁཾ། པདྨ་བ་ལིནྟ་གཏོར་མ། གཏོར་མ།བི་ཤྭ་སྣ་ཚོགས།ཙ་ཀྲ་འཁོར་ལོ་བྷུཾ་མ་སཱུརླ་མཿ ཨོཾ་བ་ལིནྟ་གཏོར་མ།ཏེ་ཛཱ་འོད་ཟེར། བ་ལིནྟ་གཏོར་མ།བ་ལ་སྟོབས་ལྡན།བ་ཏེ་གུ་བྱེ་ས་མ་གསང་བའི་དམ་ཚིག་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་ཧྲཱི་ཐཱ། ཨོཾ་ཤྲཱི་བཛྲ་ཨང་ཀུ་ལྕགས་ཀྱུ། ཤ་ཛ༔ བཛྲ་ཞགས་པ། པཱ་ཤ་ཧཱུྃ། བཛྲ་སྥོཊ་ལྕགས་སྒྲོག བཾ། བཛྲ་གནྡྷེ་དྲིལ་བུ།ཧོ ༈ ཛཿཧཱུྃ་བཾ་ཧོ༔ ཌཱ་ཀི་ནཱི་མཁའ་འགྲོ་མ། ཧཱུྃ་ཛ༔ ཨེ་ཨ་རོལ་སྒེག ར་ལི་ཧྲིཾ་ཧྲིཾ་ཧཱུཾ། ཨོཾ་བཛྲ་རྡོ་རྗེ་མཁའ་འགྲོས།ཌཱ་ཀི་ནི་པྲ་ཏཱི་ཙྪ་སོ་སོར་བཞེས།མཱ་ན། བ་ལིནྟ་ལྡན་པའི་གཏོར་མ་ཧཱུཾ་ཕཊ་ཁཱ་ཧི། ཨོཾ་བུདྡྷ་སངས་རྒྱས་མཁའ་འགྲོ། ཊཱ་ཀི་ནི་པྲ་ཏཱི་ཙྪ་མཱ་ན་བ་ལིནྟ་ཨོཾ། ཨོཾ་རཏྣ་རིན་ཆེན་མཁའ་འགྲོ།ཌཱ་ཀི་པྲ་ཏཱི་ཙྪ་མཱ་ན་བ་ལིནྟ་ཏྲཾ་ཕཊ། ཨོཾ་པདྨ་པདྨ་མཁའ་འགྲོ་ཌཱ་ཀི་ནི་པྲ་ཏི་ཙྪ་མཱ་ན་བ་ལིནྟ་ཧྲིཿཕཊ། ཨོཾ་ཀརྨ་ལས་ཀྱི་མཁའ་འགྲོ།ཌཱ་ཀི་ནི་པྲ་ཏཱི་ཙྪ་མཱ་ན་བ་ལིནྟ་ཨ་ཕཊ་ཁ་ཧཱི། ༈ །ཨོཾ་རཏྣ་རིན་པོ་ཆེའི་དབུ་རྒྱན་གྱི། མུ་ཀུ་ཏྲ་དབང་བསྐུར་དུ་གསོལ། ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ། ༈ །ཨོཾ་བཛྲ་ཨ་བ་རྡོ་རྗེ་དར་དཔྱང་འཛིན་པ།ལམ་བ་དྷ་ར་ཧྲཱིཿཧྲིཿ ༈ །ཨོཾ་རཏྣ་མཱ་ལ་ཨ་རིན་པོ་ཆེའི་ཕྲེང་བས་མངོན་པར་དབང་བསྐུར་དུ་གསོལ།བྷི་ཥིཉྩ་ཏྲཱཾ་ཏྲཱཾ། ༈ ཁྲོ་བོ་དམ་པ་རྒྱན་གྱི་སྔགས་ནི། །ཧཱུྃ་ཨེ་ཡཾ་ར་ཀེཾ་རཾ་སྥ་སཾ་ཨེ་ཨཱ་ཀཱ་ཤ་མཎྜལ།ནམ་མཁའི་དཀྱིལ་འཁོར། ཡཾ་ཀརྨ་རཀྵ་ཧཾ། ར་རཀྟ་མུ་ཏྲ་མཎྜལ།ཁྲག་གི་རྒྱུ་མཚོའི་དཀྱིལ་འཁོར། ཀེཾ་ནི་རི་ཏེ་ཛཱ་ལ་ཀེང་རུས་འབར་བའི་དཀྱིལ་འཁོར།མཎྜལ། རཾ་འབར་མ། བཛྲ་ཛྭ་ལ་རཾ། བྷྲཱུྃཿ སྥཿ སཾཿ བྷྲཱུྃ་བི་ཤྭ་སྣ་ཚོགས་རྣམ་པར་དག་པ།བི་ཤུདྡྷ་བནྡྷ་ཛྙཱ་ན་ཙ་ཀྲ་སུརྻ་ཙནྟྲ་མཎྜལ། དེ་བ་ལྷའི་གདན།ཏི་ཥྛཱ་ནཾ། དུ་ཏི་ཙ་དུད་འགྲོ་བཞི་རྣམས། ཏུར་ཎཱཾ། སྟི་རོ་གདན།ར་བཾ་ཧཱུཾ་སྥཿ སཾཿ བཛྲ་སྥཿ སཾཿ ༈ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། མ་སཱུརྻ་མཎྜལ། ཧཱུྃ་བཛ། ཨོཾ་ཕཊ། པཾ་པདྨ་མཎྜལ། ཨེ་ཨཾ། ས་མ་ཡ་སྟཾ། ས་མ་ཡ་ཧོཿཨ་ནུ་རཱ་ག་ཡ་ཧཾ། ཨ་ནུ་རཱ་ག་ཡཱ་མྱ། ཛཿཧཱུྃ་བཾ་ཧོཿ བོ་དྷི་ཙིཏྟ་ཧཱུྃ། ༈ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧལ་ཧལ་ཧལ་ཧཱུྃ་ཕཊ། ཨོཾ་བཛྲ་ཤྲཱི་ཧ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུད་དྷ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ། ཧ་བརྒྱད། ཧེ་བརྒྱད། །ཕཊ་བཞི། ཧཱུྃ་བཛྲ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ། བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། མ་སཱུརྻ་མཎྜལ། ཧཱུྃ་བཛྲ། ཨོཾ་ཕཊ། པཾ་པདྨ་མཎྜལ་ཨེ་ཨོཾ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ ཨ་ནུ་རཱ་ག་ཡ་ཧཾ། །ཨ་ནུ་རཱ་ག་ཡཱ་མྱ་ཛཿཧཱུྃ་བཾ་ཧོཿབོ་དྷི་ཙིཏྟ་ཧཱུྃ། ༈ །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་རུ་ཥྚཱ་ན་གདུག་པ་ཅན་མཐར་བྱེད་པ།ཏ་ཀ་ཧ་ན་ད་ཧ་པ་རྒྱབ་བསྲེག་ཚོས།ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བཛྲ་དྷཱ་ར་གཟུངས་མ།མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་རུ་ཥྚཱ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སརྦ་དུ་ཥྚཱ་ན་ཧཱུཾ་ཕཊ། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ༀ་མ་ཧཱ་སཱུཪྻ་རཏྣ་མ་ཧཱ་ཀྲོ་དྷཱ་ཤྭ་རི་བ་ཌ་རིག་མ།བ་མུ་ཁེ་ཧཱུྃ་ཕཊ། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་སརྦ་དུ་ཥྚཱ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཤྲཱི་ཤྭ་ར་ས་མནྟ་ཀུན་ནས་རྒོད་མ།མ་ཧཱ་པདྨ་ཀྲོ་དྷཱ་ཤྭ་རི་ཁ་གསོལ་ཅིག་ཧི་ཧཱུྃ་ཕཊ། ༀ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུ་ཥྚཱ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཨོཾ་སརྦ་ཨ་མོ་གྷ་དོན་ཐམས་ཅད་ཡོད་པ་མ་ཧཱ་ཀྲོ་དྷི་ཤྭ་རི་བི་ཤུ་ཧཱུྃ་ཕཊ། ༈ །ཨོཾ་བཛྲ་གཽ་རཱི་དཀར་མོ།ཧཿ ཨོཾ་བཛྲ་ཙཽ་རཱི་ཆོམ་རྐུན་མ།ཧཿ ཨོཾ་བཛྲ་པྲ་མོ་ཧེ་རབ་རྨོངས་མ།ཧཿ ཨོཾ་བཛྲ་རོ་ལངས་མའམ་ཐལ་བྱེད་མ།བེ་ཏྟཱ་ལཱི་ཧཿ ཨོཾ་བཛྲ་ཙཎྜ་གཏུམ་མོའམ་སྨེ་ཤ་ཅན། ལཱི་ཧཿ ཨོཾ་བཛྲ་པུཀྐ་སྤོས་མོ།སཱི་ཧཿ ཨོཾ་བཛྲ་གྷ་དྲོད་མོ་ཆེའམ་སྨོས་མོ།སྨ་རཱི་ཧཿ ཨོཾ་བཛྲ་དུར་ཁྲོད་མའམ་མཚོགས་མ།སྨཱ་ཤ་ནཱི་ཧཿ ༈ ཨོཾ་བཛྲ་སེང་ཧ་སེང་གེ་མུ་ཁཱི་ཧེ། ཨོཾ་བཛྲ་བྱེ་སྟག་གྷྲ་མུ་ཁཱི་ཧེ། ཨོཾ་བཛྲ་སྲི་ཝ།གཱ་ལ་མུ་ཁཱི་ཧེ། ཨོཾ་བཛྲ་ཤྭ་ཁྱིའམ་སྤྱང་ཀི།ན་མུ་ཁཱི་ཧེ། ཨོཾ་བཛྲ་གྷྲྀ་ཏ་དྷཱ་བཞད་དམ་བྱ་རྒོད། མུ་ཁཱི་ཧེ། ཨོཾ་བཛྲ་ཀང་དུར་བྱ། ཀ་མུ་ཁཱི་ཧེ། ཨོཾ་བཛྲ་ཀཱ་ཀ་བྱ་རོག་མུ་ཁཱི་ཧེ། ཨོ་བཛྲ་ཨུ་ལུ་འུག་པ་ཀ་མུ་ཁཱི་ཧེ། ཨོ་བཛྲ་ཨརྱ་ཏེ་ཛ་འཕགས་མ་སྲིང་འགྲོ་མ། ཏེ་ང ཨོཾ་བཛྲ་ཨ་མོ་དྲོན་ཡོད་མ།གྷ་ཧཱུཾ། ཨོཾ་བཛྲ་ལོ་ཀེ་འཇིག་རྟེན་མ།བཾ། ཨོཾ་བཛྲ་བྷ་སྨི་བ་ཐལ་བྱེད་སྐྱོང་མ། ལ་ཡ་བ་ཏོ་ཧོ ༈ བྷྱོ་ཉེར་བརྒྱད། བྷྱོ་མ་ནུ་རཀྴ་སཱི།མིའི་སྲིན་མོ། པྲཏྨ་ཎཱི། ཚངས་མ། རཽ་ཏཱི།འཁྱུགས་མོ། བིཥྞ་པཻ།ཁྱབ་འཇུག་མ། ཀུ་མཱ་རཱི། གཞོན་ནུ་མ། ཨིནྡ་ཎཱི།དབང་མོ། བཛྲ་པིངྒ་ལཾ།དམར་སེར་མ། ཨ་མྲྀ་ཏཾ།འདུད་རྩི་མ། སོ་མྱ།ཞི་བ་མོ། དཎྚ་དཾ།དབྱུག་པ་མ། རཀྵ་སཱི།སྲིན་མོ། བྷ་ཀྵ་སཱི།ཟབ་མོ། ར་ཏི་བཛྲ།དགའ་བའི་རྡོ་རྗེ་མ། རུ་དྷི་རམ་རྟཱ།ཁྲག་གིས་མྱོས་མ། ཨེ་ཀ་ཙ་རཾ།གཅིག་པུར་སྤྱོད་མ། མ་ནོ་ཧ་རཾ།ཡིད་འཕྲོག་མ། སིདྡྷི་ཀཾ། གྲུབ་མོ། བཱ་ཡ་བེ།རླུང་མོ། མ་ཧཱ་ཆེན་མོ། མཱ་ར་ཎ་གསོད་བྱེད་མ།བཛྲ། ཨ་གྣེ།མེ་མོ། བ་ར་ཧི།ཕག་མོ། ཙ་མུཎྜི་རྒན་བྱེད་མ། སུ་ཏ་ནཾ།རྣ་ཆ་མོ། བ་རུ་ཎི།ཆུ་ལྷ་མོ། བཛྲ་མ་ཧཱ་ཀཱ་ལི།རྡོ་རྗེ་ཆེན་མོ་ནག་མོ། བཛྲ་ཙ་ཀཱ་ལ།རྡོ་རྗེ་དམར་སེར་མ། བཛྲ་ཀུམྦྷ་ཀ་རྞ།རྡོ་རྗེ་བུམ་རྣམ། བཛྲ་ལམྦྷོ་ད་ར།རྡོ་རྗེ་གསུས་འཕྱང་མ། ༈ ཨོཾ་ཧྱེ་ཧི་ཨཱ་ན་ཡ་ཧོ། ཨོཾ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཨོཾ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་ཀྲོ་དྷ་ས་ས་མ་ཡ་ཧོཿ ཨོཾ་ཀྲོ་དྷ་ས་མ་ཡ་ཕཊ། འདི་ལན་འགྱུར་ཉག་མ་ལུས་པ་བྲིས། ༈ ཨ་ལེ།ཆང་། ཨུ་ལེ།ཤ། ཏ་དེ་ལ་སོགས་པ་དམ་ཚིག་མཆོད་རྫས་སྣ་ཚོགས།ལི་ཏ་པ་ལི། དཥྚཾ་མཆེ་བ།གོ་ན་རྡོ་རྗེ་དྲག་གི་རཽ་ཏྲི། ཁ་རཾ།ཟོ་རོལ། ཡོ་གི་ནཱི།རྣལ་འབྱོར་མ་རྣམས། ཁཱ་ཧི་ཧོཿཟོ་ཞིག་༈ ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱ་ན་གདུག་པ་ཅན་ས་མ་ཡ་མུ་ཏྲ་མཱ་ར་དམ་ཚིག་གི་ཕྱག་རྒྱས་རབ་ཏུ་ཆོམས་པྲ་བྷ་ཉྩ་ཀྲ་ཧཱུཾ་ཕཊ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ། དཥྚཾ་མཆེ་བས།ཨ་བ་སྟྭཾ་བྷ། ཡ་ཀ་ཧཱུཾ་ཕཊ། གུ་ཧྱ་ཏྲི་ཤྱ་ས་མ་ཡ་སྟྭཾ་ཧོཿཕཊ། ༈ ཛཿཧཱུྃ་བཾ་ཧོཿ ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་དུཥྚཱ་ན་ས་མ་ཡ། མུ་ཏྲ། མཱ་སོད།ར་པྲ་བྷ་ཉྫ་རབ་ཏུ་ཆོམས་ཀ བྷ་ཀྵ་ཟོ་ཟོ།ཡ་བྷ་གྷ་ཡ། བི་དྷྭཾ་གཞིག་པར་མཛོད་གཉིས།ས་ཡ་བི་དྷྭཾ་ས་ཡ། ཧེ་ཀྱེ་བྷ་ག་ཝཱན། བུད་དྷཱ་སངས་རྒྱས་ཀྱི་ཞིང་།ཀྵེ་ཏི་པྲ་ཏི་སོ་སོར།ཏཱཾ་བྷ་ཡ་ཀ་ཧཱུྃ་ཕཊ། ༈ ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨི་དཾ།འདི། དྷཱུ་པ། པུཥྤ་དཱི་པཾ། གནྡྷེ། པ་ལིནྟ་པྲཾ་ཏཱི་ཙྪ་ཧོཿ ཤྲི་དཔལ་ལྡན། མཱ་ན་ཁ་ཁ་ཁཱ་ཧི་ཁཱ་ཧཱི། ཟོ་ཟོ་ཟ་བར་གྱིས། ༈ ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུཥྚཱ་ན་ས་མ་ཡ་མུ་ཏྲ་མཱ་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧྲཱི་ད་ཡ་སྙིང་པི་པ་ཧཱུཾ་འཐུང་།ཕཊ། ༈ ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་མཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཀཾ་ནི་རི་ཏི། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་ཨ་རྒྷཾ་པྲ་ཏཱི་ཙྪ་སོ་སོར་བཞེས།ཧོ ཁ་ཁ་ཁ། ལེ་ལེ་ལེ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུྃ་བྷྱོ། ཀོ་ཐ་ཀྵ།འདི་རྣམས་ཀྱི་དོན་ནི། ཁྱོད་ནི་གླང་ཆེན་རྣ་བ་ཅན། ཀོ་ཏ་གཁྱོད་ནི་སེངྒེའི་ལྟ་སྟངས་ཅན།ཀོ་ཏ་ཀོ་ཏ།ཁྱོད་ནི་མེ་ལུ་འབར་བ་ཅན། ཀོ་ཏ་པཥྩ། ཁྱོད་ནི་བདེན་པའི་སྤྲིན་ཡིན་ཏེ། ཀོ་ཏཾ་ར་བ།ཁྱོད་ནི་ཕ་ལྟར་སློབ་པ་ཡིན། ཀོ་ལ་ཀྵཿཁྱོད་ནི་མ་ལྟར་སྐྱེད་པ་ཡིན། ཀོ་ལ་བ།ཁྱོད་ནི་རྟེན་པའི་ས་ཡིན་ནོ། །ཀོ་ལ་ཀོ་ལ།ཁྱོད་ནི་ཆུ་ཡི་རྒྱུན་ཡིན་ནོ། །ཀོ་ལ་པཤྩ།ཁྱོད་ནི་འཐོར་བའི་རླུང་ཡིན་ཏེ། ཀོ་ལ་ཏ་ཐཱ།ཁྱོད་ནི་རིན་ཆེན་འབྱུང་གནས་ཡིན། འདི་མན་ཆད་ལ་མཆན་མ་བཏབ་གདའོ། ༈ ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ། སུ་ར་ཏོ་པ་བྷྱོ་ཀ་མ་ལེ། མ་ལྱེ་བཛྲ་ཨ་མྲྀ་ཏ། ཧ་ར་ན་པྲ་ཏཱི་ཙྪ། བྷ་ག་བཱན། ཛཿཧཱུྃ་ཁཾ་ཧོཿ ཨ་ལ་ལ་ཧོ ༈ ཨེ་རཾ་ཛྭ་ལ་རཾ། ཧཱུྃ་ཧ་ཧེ་ཕཊ་༷བྷྱོ་རཾ། ཨོ་བ་ཧུ་བི་ཧུ་དྷ། རོ་ཧུ་ཏི། བཉྩ་ཏི། ཨ་བི་ཥ། ནི་ཤེ་ཥ། པཱ་ད་བེ་ན་ཡ། བི་དྱ་ག་ཏེ། སརྦ་ཏ་ཐཱ་ག་ཏེ། ཙ་ལེ་པྲ་ཙ་ལེ། གུཪྤ་གུཪྤ་བི་གུར་པ། བཛྲ་སཾ་པཱ་ལ། ཙ་ལེ་ཙ་ལེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༈ ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨ་གརྟ་ཡ། ཨ་གརྟ་ཡ། ཨཱ་པེ་ཤ་ཡ། ཨཱ་པེ་ཤ་ཡ། བན་དྷ་ཡ། བན་དྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནི་ནཱཾ། ཧྲཱི་ད་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཏྲེ་ཤྱ་ཧོཿཨོཾ་ཤྲཱི་ཧེ་རུ་ཀ་ཨེ་ཧྱེ་ཧི་ཏྲི་ཤྱ་ཧོཿ ས་མ་ཡ་སྟྭཾ། ཨེ་ཨ་ར་ལི་ཧྲཱིཾ་ཧྲཱིཾ། ༈ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་ཛཿ ཧ་ན་ཧ་ན་དཱིཔྟ་ཙེ་ཀྲ་ཨོཾ། ཧྲཱིཿཕུར་པ་ཏཱ་ཨ་བཛྲ་ས་ཏཱ་རཱ་ཛ་ཧཱུཾ། ན་མཿས་མནྟ་ཀ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཨོཾ་གྷ་གྷ། གྷ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚ་ན་མ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་རོད་ཨ་ཛྷཱ་བ་ཡ་ཏི། ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ༈ ཨོཾ་བོ་དྷི་ཙིཏྟ་སིདྡྷི་ཀུ་རུ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཀྲོ་ཏ་ཕཊ་ཛཿ ཨོཾ་ཧྲཱིཿཥྚཱི་བི་ཀྲི་ཏཱ་ན་ན་སརྦ་ཤ་ཏྲུཾ་ནཱ་ཤཱ་ཡ། ནཱ་ཤ་ཡ། སྟཾ་གྷ་ཡ་སྟཾ་གྷ་ཡ། རངས་པར་མཛོད་གཉིས། ཨཱ་ཀཪྵཡ། ཀུན་ཏུ་ཁུག་ཅིགཔྲ་བེ་ཤ་ཡ། རབ་ཏུ་ཁུག་ཅིག བ་ན་དྷ་ཡ།ཆིངས་ཤིག ཏོ་ཥ་ཡ། མོ་ཧཱ་ཡ། སརྦ་ཌཱ་ཀི་ནི་ནཾ། ཧྲཱི་ད་ཡ་ཧཱུྃ་ཛཿཨོཾ་བ་ཏ་བ་མུ་ཀ་ཨ་ཀཪྵ་ཡ་ཨ་བེ་ཤ་ཡ་བྷནྡྷ་ཡ་ཏོ་ཥ་ཡ་མོ་ཧ་ན་སརྦ་བཛྲ་ཌཱ་ཀི་ནི་ནཱཾ། ཧྲཱི་ད་ཡ་ཧ་ཧེ་ཧི་ཧི། རཏྣ་ཏྲཻ་ལོ་ཀྱ་ཧཱུྃ་སརྦ་པྲ་ཏི་ནཱཾ། ཨ་མྲྀ་ཏ་ཧཱུྃ། ༈ རྒྱ་དཔེ་ལས་དཔང་མོ་ཉེར་བརྒྱད་ཀྱི་མཚན་འདི་ལྟར་རོ། །མ་ཆུ་རཀྐ་སཱི།མི་སྲིན་མ། པྲ་ཧྥ་ཊཱི།ཚངས་མ། བི་ཀྵོ་བྷི་ནཱི།འཁྲུག་མ། ཨིནྡྲ་ནཱི། དབང་མོ། པྲ་པེ་ཤར་ཏི།འཇུག་སྲེད་མ། ཀུ་མཱ་རི།གཞོན་ནུ་མ། རཀྟ་ཀདམར་མོ། ཨ་མྲྀ་ཏི།བདུད་རྩི་མ། སཻ་ཙི་ཀཻ།ཞིབ་མ། རུཎྜེ།བཻ་ཅོན། རཀྵ་སི།སྲིན་མོ། བྷཀྵ་སི།ཟ་བ་མོ། ནནྡ་ནཱི།དགའ་བ་མོ། པྲ་ལ་ཡ་མུ་ཀྟ་བཱ་ན་ས་རྟ། ར་རོ་ཁྲག་འཐུང་མྱོས་མ། ཨེ་ཀ་ཙ་རི་ཎི། གཅིག་པུར་སྤྱོད་མ།མ་མོ་ཧ་རི་ཎཱི།ཡིད་འཕྲོག་མ།སིདྡྷི་ནི།གྲུབ་མོ།བྱ་ས་བཱི།རླུང་མོ། མཱ་ར་ཀགསོང་བྱེད་མོ། ཨ་གི་ཡེ།མི་མོ།སཱུ་ཀ་རཱ།ཕག་མོ། བྲྀཏྟ་དྷཱ་ཀྲྀ་ཏཱི།རྒན་བྱེད་མོ། ལམྤ་ནཱ་པཱ།རྣ་ཆད་མ། བཱ་རུ་ཎཱི།ཆུ་ལྷ་མོ། མ་ཧཱ་ཀཱ་ལཱི།ནག་མོ་ཆེན་མོ། ཚྭ་ག་ཤིཪྵི་ཀཱ། མ་ཧཱ་པིངྒ་ལི་ནཱི།ར་མགོ་དམར་སེར་ཆེན་མོ། ཀུམྦྷ་ཀརྣྣ་ཀྲྀ་ནི་ལ།བུམ་ལྷ་སྔོ་ནག་ཆེན་མོ། པཱི་ཏ་ཀྲྀཥྞ་ལནྡྷོ་དྷ་ར་མ་ཧཱ།གསུས་འཛིན་སེར་ནག་ཆེན་མོ། ༈ ཡང་རྒྱ་དཔེར། ས་མྱ་གླ་རྒ་ཤི་རཿ པྲཽཀྟཿ པཱུ་ཏུཾ། པྲ་ཛྙེ་ཏི་ཀ་ཐྱ་ཏེ། པཱ་དེ་ཙྪ་དོ་མ་ཧཱོ་པཱ་ཡ་ག པྲཛྙོ་པཱ་ཡཱཏྨ་ཀཱ། བི་ལམ་ཞེས་སོ། །གནས་ལུང་གི་ཆོ་ག་དང་། བུམ་པ་བཅས་ཀྱི་སྔགས་ནི། ཨོཾ་མ་ཧཱ་བོདྷི་ཙིཏྟ་མཎྜལ་ཧཱུྃ་ཕཊ། མ་ཧཱ་བི་ཌ།དྲི་ཆེན། མ་ཧཱ་ཡཱཾ་ས།ཤ་ཆེན། མ་ཧཱ་རཀྟ།ཁྲག་ཆེན། མ་ཧཱ་མུ་ཏྲ།དྲི་ཆུ་ཆུ་ཆེན། ཨོཾ་བཛྲ་ས་མ་ཡ་པུ་ཏྲ་མ་ཏི་ཀྲ་མ་ཧཱུྃ་ཕཊ། ཨོཾ་བཛྲ་པཱུ་ཏྲཾ་པདྨ་དྷཱ་ར་ཧྲཱིཿ ཨོཾ་སརྦ་པཉྩ། རཏྣ་ས་མ་ཡ་ཧཱུྃ་ཧཱུྃ། ཨོཾ་ཀུ་ལན་དྷ་རི་རིག་འཛིན་རྣམས་ཀྱིས་ཆིངས་ཤིག།བན་དྷ་བན་དྷ་ཧཱུཾ་ཧཱུཾ། ཕཊ། ཨོཾ་ཙ་ཏུར་བཞི།མ་ཧཱ་ཆེན་པོ།མུ་ཏྲ་ཕྱག་རྒྱུས།ཀ་ལ་ཤ་བུམ་པ་ཁྱེད་ཀྱིས་བདག་ལ་གྲུབ་པར་མཛོད། སིད་དྷ་ན་ཏེ་མེ་སིད་དྷི་ཧཱུྃ་ཨོཾ་ཏྲཱི་ཧྲིཿཨཱཿ ཨོ་ཀ་ལ་ཤ་སརྦ་གུ་ཎ་སིད་དྷི་ཧཱུཾ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། བཛྲ་ཙ་ཀྲ་ཨེ། བཾ་མཱ་མ། མཎྜལ་ཨོཾ་པཉྩ་ཙཱ་ན་གརྦྷ་སིད་དྷི་ཧཱུྃ། ཨོཾ་པཉྩ་ཏྲི་དྷཱུ་པནྡྲ་གུ་ཎ་སིད་དྷི་ཧཱུྃ། ཨོཾ་པཉྩ་རཏྣ་སིད་དྷི་ཧཱུཾ། ཨོ་པཉྩ་འབྲུ་ལྔའི་ཕྲེང་བ། བཱི་ཛ་ཏཱ་མཱ་ལ་སིད་དྷི་ཧཱུཾ། ཨོཾ་པཉྩ་ཏྲི་བི་ཤཱ་སིད་དྷི་སྭཱ་ར་ཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏ་ཨ་དྷི་དྲིའི་བདུད་རྩིའི་བྱིན་རླབས་ལ་ལྷག་པར་གནས་པའི་དངོས་གྲུབ།ཏིཥྛ་སིད་དྷི་ཧཱུཾ། ཨོཾ་ཛྙཱ་ན་རསྨི་འོད་ཟེར་ཆེན་པོ།མ་ཧཱ་ཀ་རུ་ཎཱ་པ་ཎི་སྤཪྴ་སིདྡྷི་ན་བཟའི་དངོས་གྲུབ། ཧཱུཾ། ཨོཾ་རཏྣ་བ་ཌ་ལ་ཨ་རིན་པོ་ཆེའི་འདབ་མས་མངོན་པར་དབང་བསྐུར་བ་གྲུབ་པར་མཛོད།བྷི་ཥིཉྩ་སིད་དྷི་ཧཱུཾ། ཨོཾ་ཀ་ལྦ་པྲྀ་ཀྵ་དཔག་བསམ་གྱི་ཤིང་རི་བོ་མཆོག་རབ་ལས་འཁྲིལ་པའི།སུ་མེ་རུ་ཝ་ར་ལ་ཏ་གུ་ཎ་ཀལྦ་པྲྀ་ཀྵ་ཧཱུྃ། ཨི་དཾ་འདི་ཕུན་སུམ་ཚོགས་པར་གྱུར་ཅིག ལ་ཀྵྨི་བྷ་ཝ་ནཱུ། འོད་ཟེར་ཆེན་པོ། ཞི་ཁྲོའི་སྔགས་འདི་རྣམས་ནི། ལོ་ཙཱ་བ་ནམ་མཁའ་གྲགས་པས་དཔལ་གསང་བ་སྙིང་པོའི་རྒྱ་དཔེ་སོགས་ལ་གཏུགས་ནས་ཤིན་ཏུ་དག་པར་བགྱིས་ཤིང་། མཆན་བུ་རྣམས་ཀྱང་ལོ་ཙཱ་བས་གཏན་ལ་ཕབས་པའི་ཕྱག་བྲིས་ཉིད་ལས་ཡི་གེ་གཅིག་ཀྱང་མ་ནོར་བར་མཁས་གྲུབ་ཆོས་ཀྱི་རྒྱལ་མཚན་གྱིས་ཞལ་བཤུས་པ་ལ་མ་ཕྱི་བྱས་ནས་སྨིན་གླིང་གི་ཕྱག་དཔེར་བྲིས་པ་ལས་བདག་གིས་བཤུས་སོ། །མངྒ་ལཾ། །མ་བཞིན་བཤུས་པའི་ཤོག་གྲངས་བརྒྱ་དྲུག་ཅུ། །ཟབ་དོན་སྟོན་པའི་བླ་མ་སྤྲུལ་པའི་སྐུ། །གཞན་ཕན་མཐའ་ཡས་འོད་ཟེར་ཞེས་གྲགས་པའི། །ཕྱག་དཔེར་གུས་ལྡན་ཁམས་སྤྲང་གྱི་འདའ་བ། །སངས་རྒྱས་བསྟན་འཛིན་གྲགས་པས་འབད་དེ་བྲིས། །བྲེལ་བས་ཡིག་གཟུགས་ཞེལ་དང་ལྷག་ཆད་སོགས། །ཉེས་གང་དམ་པའི་སྤྱན་སྔར་མཁའ་མཉམ་འགྲོའི། །སྡིག་དང་ལྷན་ཅིག་འཆགས་སོ་འདིར་འབད་དགེ །འཁོར་གསུམ་དག་བསྔོ་བསྟན་དར་བསྟན་འཛིན་མཆོག །ཞབས་པད་བསྐལ་བརྒྱར་བཞུགས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས།

༄༅། །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ། །

༄༅། །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་མདོ་ཙམ་བརྗོད་པ། གང་ཟག་གང་དག་འཁོར་བའི་རྒྱ་མཚོ་ལས་ཐར་པར་འདོད་ཅིང་། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་འདོད་པ་རྣམས་ཀྱིས། ཐོག་མ་ཁོ་ནར་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་ལ་བརྟག་པའྀ་རིགས་སོ། །གང་གི་ཕྱིར་ཉོན་མོངས་པ་རྣམས་ཀྱིས་བཅིངས་ཏེ། འགྲོ་བ་རྣམས་འཁོར་བའི་རྒྱ་མཚོར་འཁྱམས་སོ་ཞེས་བཀའ་སྤྱི་ལས་གྲགས་པའི་ཕྱིར་རོ། །དེའི་འོག་ཏུ་དེ་རྣམས་ཀྱི་གཉེན་པོར་གྱུར་པའི་ལམ་གྱི་མཆོག་ཏུ་གྱུར་པ་གང་ཡིན་པ་ཞིག་བཙལ་ཏེ། དེ་ལ་གོམས་པར་བྱ་བའྀ་རིགས་སོ། །གང་གི་ཕྱིར་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་ཁོང་དུ་མ་ཆུད་པར། དེའི་གཉེན་པོའང་ཁོང་དུ་ཆུད་པར་མི་འགྱུར་ལ། དེ་དག་ཁོང་དུ་མ་ཆུད་ན་གོམས་པར་བྱ་བའི་ཐབས་ཀྱང་མི་ཤེས་ཏེ། དེ་རྣམས་དང་མ་བྲལ་ན་ཐར་པའི་གོ་སྐབས་མི་རྙེད་པའི་ཕྱིར་རོ། །འདི་དག་ཙམ་གྱིས་ཤེས་བྱ་མ་ལུས་པ་ཁོང་དུ་ཆུད་པར་འགྱུར་ཏེ། གང་གི་ཕྱིར་སེམས་ཀྱི་རང་བཞིན་ཇི་ལྟ་བ་ཡིན་པ་དང་། སེམས་འཁྲུལ་པའི་གནས་སྐབས་དང་། སེམས་མ་འཁྲུལ་བའི་གནས་སྐབས་ཙམ་ཤེས་པས། ཤེས་བྱ་ཐམས་ཅད་འདུས་པའི་ཕྱིར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལྟར། རྣམ་པར་གྲོལ་བའི་སྒོ་ཕྱོགས་གཅིག་ལ་སྐྱེས་པར་ཡང་མི་འགྱུར་རོ། །དེ་ལ་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་ལ་བརྟག་པ་བསྟན་པར་བྱ་སྟེ། འདི་ལྟར་ཉོན་མོངས་པ་ཞེས་བྱ་བ་འདིའི་མཚན་ཉིད་རྫས་སུ་གྲུབ་པ་ཞིག་ཡིན་ཏེ། དེས་འགྲོ་བ་རྣམས་བཅིངས་པར་གྱུརད་ཏམ། འོན་ཏེ་སྤང་བར་བྱ་བའི་རྫས་མེད་ཀྱང་བཅིངས་པ་ལྟ་བུར་སྣང་བར་འགྱུར་བ་ཞིག་ཡིན་ཞེ་ན། ཉོན་མོངས་པ་རྣམས་ལ་ནི་སྤང་བར་བྱ་བའི་རྫས་ཀྱི་མཚན་ཉིད་མེད་པར་ཤེས་སོ། །ཇི་ལྟར་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཚུལ་ལས། འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་མཐའ་དག་མ་ལུས་པར་སྤངས་ཏེ། སྲིད་པར་ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་བཅད་ནས། དགྲ་བཅོམ་པའི་འབྲས་བུ་ཐོབ་པའོ་ཞེས་གྲགས་ན། འདི་ལྟར་དགྲ་བཅོམ་པ་རྣམས་ཀྱིས་སྤངས་པའི་ཉོན་མོངས་པ་དེ་རྣམས་ལ། རྫས་ཀྱི་རྣམ་གྲངས་དུ་ཞིག་ཡོད་ཞེས་བརྟགས་ན། རྫས་ཀྱི་རྣམ་གྲངས་རྙེད་པར་མི་འགྱུར་རོ། །ཇི་ལྟ་ཞེ་ན། རེ་ཤིག་འདི་ལྟར། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ལས། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དེ་དག་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལ་སོགས་པ་དེ་དག །རྫས་གཅིག་ཡིན་ནམ། འོན་ཏེ་རྫས་ཐ་དད་རེ་རེ་ཡོད་ཅེས་བརྟག་གྲང་ན། དེ་ལ་རྫས་གཅིག་ཡིན་པར་གྱུར་ན་ནི། སྡུག་བསྔལ་མཐོང་བས་སྤང་བ་འབའ་ཞིག་སྤངས་པས། ཐམས་ཅད་སྤོངས་པར་འགྱུར་ཏེ། དེ་ལྟ་ན་ལམ་གཞན་བསྒོམ་པ་དོན་མེད་པར་འགྱུར་རོ། །གལ་ཏེ་རྫས་ཐ་དད་རེ་རེ་ཡོད་དོ་ཞེ་ན། དེ་ལྟ་ན་ནི་བདེན་པ་བཞི་ནི། ཤེས་བྱ་མ་ལུས་པ་མདོར་བསྡུས་ནས་བདེན་པ་བཞིར་རྣམ་པར་ཕྱེ་བ་ཙམ་དུ་ཟད་པས། ཡུལ་བདེན་པ་བཞི་ལ་དམིགས་པའི་དབང་གིས། སྤང་བར་བྱ་བའི་ཉོན་མོངས་པའང་བཞི་བཞིར་འགྱུར་བར་གདོན་མི་ཟ་སྟེ། དེ་ལྟ་ན་ནི་ཤེས་བྱའི་རབ་ཏུ་དབྱེ་བ་ལ་གྲངས་ངེས་པར་གཟུང་བ་མེད་དེ། འདི་ལྟར་སྡུག་བསྔལ་གྱི་བདེན་པ་འབའ་ཞིག་ལའང་། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པར་ཤེས་པ་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་པས། དེའི་དབང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རེ་རེའང་བཞི་བཞིར་འགྱུར་རོ། །དེ་དག་སྡུག་བསྔལ་གྱི་མཚན་ཉིད་དུ་གཅིག་པས་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་ཀུན་འབྱུང་གི་བདེན་པའང་སྡུག་བསྔལ་གྱི་མཚན་ཉིད་ལས་མ་འདས་ཏེ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བའི་མཚན་ཉིད་ཡིན་པ་དང་། གང་ཅི་ཚོར་ཡང་རུང་སྟེ་འཕགས་པ་རྣམས་ཀྱིས་སྡུག་བསྔལ་དུ་བཤད་པའི་ཕྱིར་རོ། །དེ་བཞིན་དུ་སྡུག་བསྔལ་གྱི་བདེན་པ་ཉིད་ཀྱང་ཀུན་འབྱུང་གི་མཚན་ཉིད་ལས་མ་འདས་ཏེ། འདི་ལྟར་མུ་སྟེགས་ཅན་བྱེད་པ་པོར་རྒྱུར་སྨྲ་བ་ལྟར། འདི་ལྟར་རྒྱུ་ནི་འབྲས་བུ་ལ་མི་ལྟོས་ཏེ། རྟག་ཏུ་རྒྱུ་ཁོ་ནའི་བྱ་བ་བྱེད་ལ། འབྲས་བུའང་རྟག་ཏུ་རྒྱུའི་བྱ་བ་མི་བྱེད་དོ་ཞེས་སྨྲ་བ་ལྟར་སངས་རྒྱས་པ་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བར་སྨྲ་བ་ནི་དེ་ལྟ་མ་ཡིན་ཏེ། རྒྱུའང་འབྲས་བུ་ལ་ལྟོས། འབྲས་བུའང་རྒྱུ་ལ་ལྟོས་ཏེ། དངོས་སུ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་རྣམ་པར་སྨིན་པའི་ཚུལ་གྱིས་ཁུར་ལྟར་གནོད་པའི་བདག་ཉིད་དུ་གྲུབ་པས། སྡུག་བསྔལ་གྱི་མཚན་ཉིད་ཡིན་ལ། དེ་ཉིད་མ་འོངས་པ་ན་སྡུག་བསྔལ་མངོན་པར་འགྲུབ་པའི་གནས་སུ་གྱུར་པས་ཀུན་འབྱུང་བའི་མཚན་ཉིད་ཡིན་ཏེ། དེ་བས་ན་ཕུང་པོ་ལྔ་ཙམ་ལ་དམིགས་ཏེ། ཆོས་བདག་མེད་པ་རྟོགས་པས་ཀྱང་། ཉོན་མོངས་པ་ཐམས་ཅད་སྤངས་པར་གདོན་མི་ཟའོ། །གཞན་ཡང་གང་ཞིག་གིས་ཤེས་བྱ་རྣམས་ལ་རྣམ་པར་དབྱེ་བ་གྲངས་ལས་འདས་པ་ཞིག་ཏུ་རྣམ་པར་ཕྱེ་སྟེ། དེ་རྣམས་ལ་ཆོས་བདག་མེད་པར་རྟོགས་པར་བྱས་ན། དེ་དག་ཐམས་ཅད་ཀྱིས་ཀྱང་ཉོན་མོངས་པ་སྤོང་བར་འགྱུར་བར་གདོན་མི་ཟའོ། །རྣམ་པ་གཅིག་ཏུ་གང་ཟག་གི་དབང་དུ་བྱ་ན། སྐྱེས་བུ་ཞིག་གི་ཕ་ཤིང་གིས་བསད་དེ། དེའི་རྐྱེན་གྱིས་ཤིང་ལ་ཞེ་སྡང་སྐྱེས་པར་གྱུར་ན། དེ་ཤིང་གཅིག་ལ་ཞེ་སྡང་སྐྱེས་པ་ནས། ཤིང་གཉིས་དང་གསུམ་ནས་ཤིང་ཇི་སྙེད་པ་ལ་ཞེ་སྡང་སྐྱེ་བར་གྱུར་པ་ན། ཞེ་སྡང་དེ་དག་ཐམས་ཅད་རྫས་གཅིག་ཡིན་ནམ། འོན་ཏེ་རྫས་ཐ་དད་རེ་རེ་ཡོད། དེ་ལ་གཅིག་ཡིན་ན་ནི་ཤིང་གཅིག་ཐལ་བར་བསྲེགས་པས་ཞེ་སྡང་ཐམས་ཅད་ལྡོག་པར་རིགས་ན་དེ་ལྟའང་མ་ཡིན་ནོ། །གལ་ཏེ་ཐ་དད་རེ་རེ་ཡོད་ན་ནི་དེའི་རྣམ་གྲངས་བརྗོད་པ་ཙམ་ཡང་བསྐལ་པའི་མཐར་ཐུག་པར་བརྗོད་ཀྱང་རྫོགས་པར་མི་འགྱུར་ཏེ། གལ་ཏེ་དེ་དག་སྤང་བར་བྱ་བ་ན། དུས་ཀྱི་མཐའི་སྐད་ཅིག་མ་རེ་རེས་ཞེ་སྡང་རེ་རེ་སྤངས་ཀྱང་ཟད་པར་འགྱུར་བའི་མཐའ་རྙེད་པར་མི་འགྱུར་རོ། །གལ་ཏེ་ཉོན་མོངས་པ་མང་པོ་ལམ་གཅིག་གིས་སྤོངས་པར་འགྱུར་ན། ལམ་གྱི་བྱེ་བྲག་མང་པོའི་བསྒོམ་པ་དོན་མེད་པར་འགྱུར་རོ། །གལ་ཏེ་ཉོན་མོངས་པ་གཅིག་ལམ་མང་པོས་སྤོང་བར་འགྱུར་ན། ཉོན་མོངས་པའི་བྱེ་བྲག་གསུངས་པ་ཡང་དོན་མེད་པར་འགྱུར་ལ། གལ་ཏེ་ལམ་གྱི་བྱེ་བྲག་རྣམས་ཀྱིས། ཉོན་མོངས་པ་ཅུང་ཟད་ཀྱང་ཉམས་པར་མ་བྱས་ན་ནི། ལམ་མང་པོ་ཡིས་སྤངས་པར་ཡང་མི་འགྱུར་ལ། བྱས་པར་གྱུར་ན་ནི་ཉོན་མོངས་པ་རྫས་གཅིག་དུ་ཡང་མི་འགྱུར་རོ། །དེ་ལྟ་ན་ཉོན་མོངས་པ་རྣམས་ལ་རྫས་ཀྱི་གྲངས་ངེས་པ་མེད་དེ། དེ་བས་ན་ཉན་ཐོས་ཀྱི་ཚུལ་ལྟར་ན། ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་མ་གྲུབ་བོ། །འོ་ན་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཉོན་མོངས་པ་རྣམས་ཇི་ལྟར་སྤངས་ཞེས་བརྗོད་ཅེ་ན། འདི་ལྟར་དགྲ་བཅོམ་པ་རྣམས་ནི། གང་ཟག་ལ་བདག་མེད་པར་རྟོགས་པས། འཇིག་ཚོགས་ལ་ལྟ་བའི་སྒྱུ་མ་མཁན་ཉེ་བར་ཞི་བར་གྱུར་ཏེ། དེས་ཉོན་མོངས་པའི་སྒྱུ་འཕྲུལ་ཐམས་ཅད་ཞི་བར་གྱུར་པར་ཟད་དོ། །འཇིག་ཚོགས་ལ་ལྟ་བ་དེ་ཉིད་ཀྱང་། སྨོན་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན། བསོད་ནམས་ཀྱི་ཚོགས་ཚད་མེད་པའི་གནས་སུ་འགྱུར་ལ། བདག་མེད་པའི་ཤེས་རབ་ཀྱིས་ཟིན་ན། ཉོན་མོངས་པའི་དྲི་མ་དག་པར་སྣང་བར་འགྱུར་ཏེ། འོན་ཀྱང་དྲི་མའི་རྫས་ནི་ཡོད་པ་མ་ཡིན་ནོ། །དཔེར་ན་རྨི་ལམ་ལ་བརྟེན་ནས་རྨི་ལམ་སྣང་། སྒྱུ་མ་ལ་བརྟེན་ནས་སྒྱུ་མ་སྣང་ཡང་། གཉིས་ག་ལ་རྫས་མེད་པར་འགོ་མཚུངས་ཤིང་། རྫས་སུ་གྲུབ་པ་ལྟར་སྣང་བ་ཡང་དམིགས་པ་བཞིན་ནོ། །འཕགས་པ་རང་རྒྱལ་བ་རྣམས་ཀྱི་ཚུལ་ལྟར་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས། ཆོས་ཉིད་ཟབ་མོ་རྟོགས་ཏེ། ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་མ་ལུས་པ་སྤངས་ཏེ། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པའོ་ཞེས་འབྱུང་བས། དེ་བས་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དབང་གིས། རེ་རེ་ལའང་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་གཉིས་གཉིས་སུ་འགྱུར་བས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་གཅིག་ཀྱང་བཅུ་གཉིས་བཅུ་གཉིས་སུ་འགྱུར་རོ། །གཞན་ཡང་ཡན་ལག་དེ་དག་རེ་རེའང་བདེན་པ་བཞིའི་མཚན་ཉིད་ཅན་ཡིན་ཏེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་མངོན་པར་འགྲུབ་པའི་སྒོ་ནས། ཁུར་ལྟར་གནོད་པའི་བདག་ཉིད་དུ་གྱུར་པས། སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་ཡིན་ནོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལ་སོགས་པ། མ་འོངས་པ་ན་སྡུག་བསྔལ་མངོན་པར་འགྲུབ་པའི་གནས་སུ་གྱུར་པས། ཀུན་འབྱུང་གི་བདེན་པ་ཡིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ལ་སོགས་པས། འགོག་པའི་བདེན་པ་ཡིན་ལ། དེ་རྣམས་འགོག་པར་བྱ་བའི་ཕྱིར། རྟེན་འབྲེལ་གྱི་མཚན་ཉིད་ལམ་བསྒོམས་པས། ལམ་གྱི་བདེན་པ་ཡིན་ཏེ། དེ་བས་ན་བདེན་པ་བཞིའི་དབང་གིས། སྤང་བར་བྱ་བའི་ཉོན་མོངས་པ་གཅིག་ཀྱང་བཞི་བཅུ་རྩ་བརྒྱད་དུ་འགྱུར་རོ། །ཚུལ་འདི་ལྟར་ནའང་ཉོན་མོངས་པ་རྣམས་ལ་རྫས་ཀྱི་གྲངས་ངེས་པར་གཟུང་བ་མི་རྙེད་དོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ཚུལ་ལྟར་ནའང་། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་མཚན་ཉིད་ནི། གང་གིའང་གཟུང་བ་མ་ཡིན་ཞིང་གང་ལའང་འཛིན་པར་བྱེད་པ་མ་ཡིན་ཏེ། གཉིས་པོས་སྟོང་པ་རང་རིག་པ་ཙམ་གྱི་མཚན་ཉིད་ཡིན་པར་གྲུབ་པའི་མཐས་འདོད་ལ། དེ་ལྟར་ན་ནི་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་དུ་འགལ་ཏེ། ཉོན་མོངས་པ་རྣམས་ནི་ཡུལ་ལ་སྐྱེ་བ་ཕྱིན་ཅི་ལོག་གི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །གང་ཡང་འདི་སྐད་དུ། དཔེར་ན་ས་ཁོང་ན་གསེར་ཡོད་པ་ལ། ས་དང་གསེར་དང་སའི་ཁམས་གསུམ་དམིགས་སོ། །དེ་ལ་གསེར་ལ་སར་མཐོང་བ་ནི་ཕྱིན་ཅི་ལོག་དུ་མཐོང་བའོ། །གསེར་དུ་མཐོང་བ་ནི་ཡང་དག་པར་མཐོང་བའོ། །སའི་ཁམས་ནི་གཉིས་གའི་ཆར་གཏོགས་པའོ། །དེ་བཞིན་དུ་གཞན་གྱི་དབང་གི་མཚན་ཉིད་ལ་གཟུང་བ་དང་འཛིནད་པར་མཐོང་བ་ནི་ཕྱིན་ཅི་ལོག་དུ་མཐོང་བའོ། །ཡོངས་སུ་གྲུབ་པར་མཐོང་བ་ནི་ཡང་དག་པར་མཐོང་བའོ། །གཞན་གྱི་དབང་ནི་གཉི་གའི་ཆར་གཏོགས་པའོ། །ཞེས་གྲུབ་པའི་མཐའ་ལས་གྲགས་ན། གཞན་དབང་ལ་ཆ་གཉིས་ཀྱི་རྫས་མི་རྙེད་དེ། དེ་ནི་འདི་ལྟར་འགལ་མེའི་འཁོར་ལོ་ལ་འགལ་དུམ་དང་འཁོར་ལོ་དང་གསལ་བ་གསུམ་དམིགས་སོ། །དེ་ལ་འགལ་དུམ་ལ་འཁོར་ལོར་མཐོང་བ་ནི་ཕྱིན་ཅི་ལོག་དུ་མཐོང་བའོ། །འགལ་དུམ་དུ་མཐོང་བ་ནི་ཡང་དག་པར་མཐོང་བའོ། །གསལ་བ་ནི་གཉིས་གའི་ཆར་གཏོགས་པའོ་ཞེས་ཟེར་བ་ལྟ་བུ་ཡིན་ཏེ། འདི་ལྟར་འགལ་དུམ་ཡང་རྫས་སུ་གྲུབ་ལ་འཁོར་ལོ་ཡང་རྫས་སུ་གྲུབ་པ་ཞིག་ན། གསལ་བའང་གཉིས་གའི་ཆར་གཏོགས་པ་ཡོད་པར་གྲུབ་ཏུ་རུང་ལ། གལ་ཏེ་འཁོར་ལོ་རྫས་སུ་གྲུབ་ལ་འགལ་དུམ་རྫས་སུ་མ་གྲུབ་པ་ཞིག་ན། གསལ་བའང་འཁོར་ལོ་ཉིད་ཀྱི་མཚན་ཉིད་ཡིན་ཏེ། ཆ་གཉིས་པ་མེད་དོ། །འགལ་དུམ་རྫས་སུ་གྲུབ་ལ་འཁོར་ལོ་མ་གྲུབ་པ་ཡིན་ཡང་དེ་བཞིན་ཏེ། དེ་བས་ན་འདིར་འཁོར་ལོར་སྣང་བའི་དུས་ཉིད་ན། འགལ་མེ་གཅིག་ཡུལ་རིམ་གྱིས་གནོན་པ་ཡིན་ཏེ། འཁོར་ལོ་ནི་གཏན་མ་གྲུབ་པས། དེ་བས་ན་གསལ་བའང་འགལ་དུམ་ཉིད་ཡིན་པར་ཟད་དེ། གསལ་བ་ཆ་གཉིས་མེད་དོ། །དེ་བཞིན་དུ་གཉིས་པོའང་རྫས་སུ་གྲུབ། ཡོངས་སུ་གྲུབ་པའང་རྫས་སུ་གྲུབ་པ་ཞིག་ན། ཀུན་དུ་རྟོག་པའང་གཉིས་གའི་ཆར་གཏོགས་སུ་རུང་ན། གཉིས་སུ་སྣང་བའི་དུས་ཉིད་ན་རང་རིག་པའི་མཚན་ཉིད་ཡིན་ཏེ། གཉིས་པོ་གཏན་མ་གྲུབ་པས། དེ་བས་ན་ཀུན་དུ་རྟོག་པ་ཆ་གཉིས་མི་འགྲུབ་བོ། །དེ་བས་ན་ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་རྙེད་པར་མི་འགྱུར་རོ། །དེ་ལྟར་དངོས་པོར་ལྟ་བ་རྣམས་ཀྱི་རང་རང་གི་གྲུབ་པའི་མཐའི་དབང་དུ་བྱས་ཀྱང་། ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་ཀྱང་མི་རྙེད་ན། དབུའ་མའི་ཚུལ་གྱིས་ཆོས་ཐམས་ཅད་ལ་དོན་དམ་པར་བསྒྲུབ་པར་བྱ་བ་གང་ཡང་མེད་དེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བར་འདོད་པ་ལ། སྤང་བར་བྱ་བའི་རྫས་རྙེད་པར་ག་ལ་འགྱུར་ཞེས་ཤེས་པར་བྱའོ། །དེ་ལ་འདི་སྐད་དུ་དོན་དམ་པར་སྤང་བར་བྱ་བའི་རྫས་མེད་ཀྱང་ཀུན་རྫོབ་ཏུ་ཡང་དག་པའི་ཀུན་རྫོབ་དང་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱང་དམིགས་པས། དེ་བས་ན་ཡང་དག་པའི་ཀུན་རྫོབ་ཏུ་ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་ཡོད་པ་ལ་འགལ་བ་མེད་དོ་ཞེ་ན། དེ་ལ་འདི་བརྗོད་པར་བྱ་སྟེ། གང་གི་ཚེ་ཡང་དག་པར་བསྒྲུབ་པར་བྱ་བ་ཞིག་ཡོད་པར་འདོད་པ་དེའི་ཚེ་ནི། ཀུན་རྫོབ་ཀྱི་བྱེ་བྲག་ཇི་སྙེད་དུ་དབྱེ་བ་ཐམས་ཅད་ཀྱང་དེ་བཞིན་དུ་བསྒྲུབ་ཏུ་རུང་བར་འགྱུར་ལ། གང་གི་ཚེ་ཡང་དག་པར་བསྒྲུབ་པར་བྱ་བ་ཞིག་བསྒྲུབ་ཏུ་མེད་པར་འདོད་པ་དེའི་ཚེ། ཀུན་རྫོབ་ཀྱི་བྱེ་བྲག་ཐམས་ཅད་འགོ་མཉམ་པར་འགྱུར་རོ། །གཞན་ཡང་འདི་སྐད་དུ། ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཀུནད་རྫོབ་ཀྱི་དབྱེ་བ་རྣམ་པར་གཞག་པ། སྣང་དུ་འདྲ་ཡང་དོན་བྱེད་ནུས་པ་དང་མི་ནུས་པའི་བྱེ་བྲག་གིས་རྣམ་པར་གཞག་སྟེ། འདི་ལྟར་བུམ་པའི་གཟུགས་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་ལ། བུམ་པའི་གཟུགས་བརྙན་གྱི་གཟུགས་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་མི་ནུས་པ་ལྟ་བུའོ། །ཞེས་རྣམ་པར་གཞག་པ་འདི་ཉིད། གང་ཟག་གི་རྫས་ཀྱིས་བྱ་བ་བྱེད་པར་བསྒྲུབ་པར་ཟད་དེ། ཆོས་ཀྱི་རྫས་ཀྱིས་བྱ་བ་བྱེད་པར་བསྒྲུབ་པ་ནི་མ་ཡིན་ནོ། །དེ་ལ་གང་ཟག་གི་རྫས་བསྒྲུབ་པ་ཇི་ལྟ་བུ་ཞེ་ན། ཕྱི་དང་ནང་གི་རྒྱུད་དུ་གཏོགས་པ་རྣམ་པ་གཉིས་ཏེ། དེ་ལ་ནང་གི་རྒྱུད་ནི། སྐྱེས་པ་དང་བུད་མེད་དང་མི་དང་ལྷ་ལ་སོགས་པའི་གང་ཟག་གི་རྒྱུད་དུ་གཏོགས་པ་རེ་རེ་རྫས་རེ་རེར་འཛིན་ཏེ། ཆོས་ཀྱི་དབང་ལྟར་ན་ནི། གང་ཟག་རེ་རེའང་། ཁམས་དྲུག་པ་སྐྱེ་མཆེད་དྲུག་པ་ཕུང་པོ་ལྔ་པ་སྟེ། དུ་མ་འདུས་པ་ཙམ་ལ་གཅིག་གི་བློ་འབྱུང་བར་ཟད་དེ། ལྷ་དང་མི་ལ་སོགས་པའི་སེམས་ཅན་གྱི་རྫས་མི་རྙེད་དོ། །ཕྱི་རོལ་གྱི་རྒྱུད་ཀྱི་དབང་དུ་ན། ཀ་བ་དང་བུམ་པ་ལ་སོགས་པ་མཐུན་པ་གཅིག་གི་རྒྱུན་གནས་པ་ལ། བུམ་པའི་ངོ་བོ་ཉིད་གཅིག་ཅེའམ། ཀ་བའི་ངོ་བོ་ཉིད་གཅིག་ཅེས་འཛིན་ཏེ། ཆོས་ནི་དེ་དག་ཀྱང་ཁམས་ལྔ་པ་ཕྱིའི་སྐྱེ་མཆེད་དྲུག་པ་ཙམ་སྟེ། བུམ་པའི་ངོ་བོ་ཉིད་གཅིག་གི་རྫས་མི་རྙེད་དོ། །དེ་བས་ན་འདི་ལྟར་བུམ་པས་ནི་ཆུ་འཛིན་པའི་བྱ་བ་བྱེད་དོ་ཞེས་བྱ་བ་འདིའང་། གང་ཟག་གི་རྫས་ཀྱིས་བྱ་བ་བྱེད་པར་བསྒྲུབ་པ་སྟེ། ཆོས་ཀྱི་རྫས་ལྟར་ན་བློ་གང་ལ་དོན་གྱི་མཚན་ཉིད་གང་སྣང་བ་དེ་ཉིད་ཆོས་ཡིན་ཏེ། དེ་ལྟ་ན་བུམ་པའི་གཟུགས་བརྙན་བུམ་པའི་དབང་གིས་སྣང་བ་ཡིན་པས་ན། བུམ་པའི་ཁ་དོག་དང་དབྱིབས་ཀྱི་དབང་ཡིན་པར་ཟད་དེ། རེག་བྱ་ལ་སོགས་པའི་མ་ཡིན་ནོ། །ཁ་དོག་གི་བྱ་བ་ནི་གཟུགས་བརྙན་གྱིས་ཀྱང་བྱེད་དེ། བྱ་བ་བྱེད་པ་ཡང་ཕལ་ཆེར་ཕན་གནོད་ཀྱིས་གཞག་པ་ཡིན་ན། འདི་ལྟར་ཉི་མའི་གཟུགས་བརྙན་གྱིས་ནི་མིག་ལ་གནོད་པར་བྱེད་དོ། །ཟླ་བའི་གཟུགས་བརྙན་གྱིས་ནི་ཕན་པར་བྱེད་དོ། །གཉིས་གས་ཀྱང་གྲིབ་མ་སེལ་བར་བྱེད་དོ། །ཆུ་འཛིན་པར་བྱེད་པ་ནི་རེག་བྱ་ཡིན་ཏེ། ཁ་དོག་གིས་ནི་མ་ཡིན་ནོ། །དེ་བས་ན་ཁ་དོག་དང་རེག་བྱ་གཉིས་འགྲན་ཟླར་གཞག་དུ་མེད་དེ། ཆོས་ཐ་དད་ཀྱིས་བྱ་བ་ཐ་དད་བྱེད་པར་ཟད་དོ། །དེ་བས་ན་འདི་ལྟར་བུམ་པས་ནི་ཆུ་འཛིན་པའི་བྱ་བ་བྱེད། བུམ་པའི་གཟུགས་བརྙན་གྱིས་ནི་མི་བྱེད་དོ་ཞེས་གཞག་པ་འདི་ནི། འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་གང་ཟག་གི་རྫས་ཀྱིས་བྱ་བ་བྱེད་པར་འདོད་དུ་ཟད་དེ། གང་ཟག་ཉིད་མ་གྲུབ་པར་དེ་ལ་བྱ་བ་བྱེད་པའི་རྫས་ག་ལ་ཡོད་དེ། འདི་ལྟ་བུ་བསྒྲུབ་པ་ནི་ཆུས་ཁྱེར་བ་རྩྭ་དྲུངས་བྱུང་ལ་འཇུ་བ་དང་འདྲའོ། །དེ་ལ་འདི་སྐད་དུ། དོན་དམ་པར་བསྒྲུབ་པར་བྱ་བ་མི་འདོད་ན། ཀུན་རྫོབ་ཙམ་ནི་མ་བརྟགས་ན་ཉམས་དགའ་བ། བརྟགས་ན་རིགས་པའི་སྤུངས་མི་བཟོད་པ་ཡིན་པས། རིགས་པས་གནོད་པ་ལ་འགལ་བ་མེད་དོ་ཞེ་ན། འོ་ན་ཀུན་རྫོབ་དུ་བསྒྲུབ་པ་ཙམ་ལ་རིགས་པ་མི་དགོས་པ་ཞིག་ན། སྣང་དུ་འདྲ་ཡང་དོན་བྱེད་ནུས་པ་དང་མི་ནུས་པའི་བྱེ་བྲག་གིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྣམ་པར་གཞག་གོ་ཞེས་པ་དེ་ཉིད་རིགས་པ་མ་ཡིན་ནམ། འདི་ལྟར་ཡང་དག་པར་སྒྲུབ་ཀྱང་རུང་། རེ་ཤིག་ཙམ་དུ་སྒྲུབ་ཀྱང་རུང་སྟེ། རང་རང་གི་ཚད་ཙམ་སྒྲུབ་པར་བྱེད་པའི་རིག་པའི་སྤུངས་ཙམ་ཡང་མི་བཟོད་ན། ཐ་སྙད་ཙམ་ཡང་ཇི་ལྟར་འགྲུབ་པར་འགྱུར། དཔེར་ན་དགྲའི་དཔུང་འཇོམས་པར་བྱེད་པའི་གླང་པོ་ཆེ་ལ་དཔུང་གི་ཚོགས་ཁུར་ནས་ཐོ་བའི་ལྕགས་ཀྱིས་བསྐུལ་བའི་སྤུངས་བཟོད་པ་ལྟ་བུ་མ་ཡིན་དུ་ཟིན་ཀྱང་། ཞིང་ཙམ་རྨོ་བའི་བྱ་བ་བྱེད་པའི་བ་ལའང་གཉའ་ཤིང་ཁུར་ནས། འཁྲི་ཤིང་གི་ལྕག་གིས་བསྐུལ་བའི་སྤུངས་ཙམ་ཡང་མི་བཟོད་ན། ཞིང་རྨོ་བའི་བྱ་བ་བྱེད་ཅེས་བྱ་བའི་ཐ་སྙད་ཀྱང་ཇི་ལྟར་འཇུག་སྟེ། ར་སྐྱེས་ཀྱི་སྤུངས་དང་བྱེ་བྲག་དུ་གྱུར་པ་ཅི་ཞིག་ཡོད། དེ་བཞིན་དུ་དོན་དམ་པར་རྫས་སུ་ཡོད་པར་བསྒྲུབ་པའི་རིགས་པའི་སྤུངས་མི་བཟོད་ཀྱང་། ཡང་དག་པའི་ཀུན་རྫོབ་ཙམ་དུ་རྫས་སུ་ཡོད་པར་བསྒྲུབ་པ་ལ་ཡང་། ཆོས་ཀྱི་རྫས་ཀྱིས་བྱ་བ་བྱེད་པར་མི་སྒྲུབ་པར། གང་ཟག་གི་རྫས་ཀྱིས་བྱ་བ་བྱེད་པར་སྒྲུབ་པ་འདི་ལ། ཡང་དག་པའི་ཀུན་རྫོབ་ཅེས་ཀྱང་ཇི་ལྟར་ཐ་སྙད་འཇུག་སྟེ། འཇིག་རྟེན་ཕལ་པའི་ལྟ་བ་དང་བྱེ་བྲག་དུ་གྱུར་པ་ཅི་ཞིག་ཡོད། འདི་ལྟ་བུའི་ལྟ་བ་ཡ་བྲལ་འཆང་བ་འདི་ནི། ཤིན་ཏུ་ངོ་མཚར་བའི་གནས་ཡིན་ནོ། །དཔེར་ན་སྔོན་བྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲགས་པ་མཐའ་ཡས། མིའི་འདོད་པས་མ་ངོམས་ནས་སུམ་ཅུ་རྩ་གསུམ་ཀྱི་གནས་སུ་ཕྱིན་པ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྟན་ཕྱེད་བགོས་ཏེ། ལྷའི་དབང་པོ་དང་ལོངས་སྤྱོད་མཉམ་པར་ཐོབ་པ་ལས། དེ་ལས་ཀྱང་འདོད་པའི་བརྣབ་སེམས་ཆེར་སྐྱེས་པས། དེའི་དབང་གིས་འཛམ་བུ་གླིང་ཉིད་དུ་སླར་ལྷུང་སྟེ། རྨོངས་པར་གྱུརད་ནས་མི་རྣམས་ལ་དྲིས་པ། ཡུལ་འདི་སུའི་ཡུལ་ཡིན། སླར་སྨྲས་པ། བདག་ཅག་རྣམས་ཀྱིས་རྒན་རབས་རྒན་རབས་རྣམས་ལས་ཐོས་ན། ཡུལ་འདི་ནི་དང་པོ་རྒྱལ་པོ་གྲགས་པ་མཐའ་ཡས་ཞེས་བྱ་བའི་ཡུལ་ཡིན་ནོ་ཞེས་ཐོས་སོ་ཞེས་སྨྲས་པ་དང་། འདོད་པའི་སེམས་ནད་ཀྱིས་མར་མེ་རླུང་གིས་བསྐྱོད་པ་བཞིན་དུ་དེ་ཉིད་དུ་ཤི་བར་གྱུརད་ཏོ། །དེ་ལྟར་གྱུར་པ་མི་རྣམས་ཀྱིས་ཐོས་པ་དང་། ཤིན་ཏུ་ངོ་མཚར་བའི་གནས་སུ་གྱུརད་ཏེ་སྨྲས་པ། སྤྱི་བོ་ལས་བྱུང་རིན་ཆེན་བདུན་ཐོབ་གྲགས་པ་མཐའ་ཡས་འདི། །ལྷ་དབང་བརྒྱ་བྱིན་མཉམ་པས་འདི་ལས་ལྷག་པའི་མི་མ་བྱུང་། །འདོད་པའི་ནད་ཀྱིས་ཤི་བས་འདི་ལས་དམན་པའི་མིའང་མེད། །ཨེ་མ་འོ་ཀྱི་ཧུད་འདི་ལ་བདག་ཅག་རྣམས་ཀྱིས་མཚར་དུ་བརྩིས། །ཅེས་སྨྲས་པ་ལྟ་བུ་སྟེ། ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་ཐམས་ཅད་ཉེ་བར་ཞི་སྟེ། བསྒྲུབ་པར་བྱ་བ་གང་ཡང་མི་སྒྲུབ་པར་ལྟ་བཞིན་དུ། ཡང་དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་སྤང་བ་དང་བླང་བར་བྱ་བའི་རྫས་ཡོད་པར་འཛིན་པ་འདི་ནི། ཤིན་ཏུ་མི་འཚམ་པ་འཛིན་པ་སྟེ་ངོ་མཚར་བའི་གནས་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབ་པར་བྱ་བ་མི་འདོད་ན། ཀུན་རྫོབ་ཐམས་ཅད་འགོ་མཉམ་པར་འགྱུར་བ་ཇི་ལྟ་བུ་ཞེ་ན། དཔེར་ན་ཐག་པ་ལ་སྦྲུལ་དུ་མཐོང་བའི་ཚེ། ཐག་པ་ནི་ཡང་དག་པར་ཡོད་པའོ། །སྦྲུལ་ནི་གཏན་མེད་པའོ། །ཐག་པར་མཐོང་བའི་བློ་ནི་ཡང་དག་པའི་ཤེས་པའོ། །སྦྲུལ་དུ་མཐོང་བའི་བློ་ནི་འཁྲུལ་བའི་ཤེས་པའོ། །འཁྲུལ་ན་མ་དག་པ་ཡིན་པའི་ཕྱིར་བློ་དེ་ཉིད་ཀྱང་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་མ་ཡིན་པས། དེའི་བདག་ཉིད་ཐོབ་པར་མི་འགྱུར་ཏེ། གཞན་ལས་གཞན་དུ་བཏགས་པ་ཙམ་མོ། །དེ་ནས་ཡང་ཐག་པ་དེ་ཉིད་ལ་ཞིབ་ཏུ་བརྟགས་ན། རྩྭའམ་སྤུའི་ཆ་ཤས་དུ་མ་འདུས་པ་ཙམ་དུ་མཐོང་སྟེ། ཐག་པ་ཟླུམ་རིལ་གཅིག་པུའི་བློ་ཞིག་པ་ན། ཆ་ཤས་འདུས་པ་ཙམ་ནི་ཡང་དག་པར་ཡོད་པའོ། །ཐག་པ་དང་སྦྲུལ་ནི་འགོ་མཉམ་སྟེ་གཏན་མེད་པའོ། །ཆ་ཤས་འདུས་པ་ཙམ་དུ་མཐོང་བའི་བློ་ནི་ཡང་དག་པའི་ཤེས་པའོ། །ཐག་པའི་བློ་ནི་སྦྲུལ་གྱི་བློ་དང་འདྲ་སྟེ་འཁྲུལ་པའི་ཤེས་པའོ། །དེ་ནས་ཡང་སྤུ་དང་རྩྭ་དེ་ཉིད་ལ་ཞིབ་དུ་བརྟགས་ན། རྡུལ་འདུས་པ་ཙམ་དུ་མཐོང་སྟེ། སྤུ་དང་རྩྭའི་ཆ་ཤས་ཀྱང་མ་གྲུབ་པར་རྟོགས་པ་ན། དོན་དང་བློའི་ཚུལ་ཐམས་ཅད་སྔ་མ་བཞིན་ནོ། །དེ་ནས་ཡང་རྡུལ་དེ་ཉིད་ལ་བློས་རྣམ་པར་ཕྱེ་ན། རྡུལ་ཉིད་ཀྱང་མ་གྲུབ་པར་རྟོགས་ཏེ། གཟུགས་ཀྱིས་སྟོང་པའི་སྟོང་པ་ཉིད་ཙམ་ཡོད་པར་མཐོང་བ་དེའི་ཚེ། དོན་དང་བློར་བཅས་པ་ཐམས་ཅད་སྔ་མ་བཞིན་ནོ། །དེ་ནས་ཡང་སྟོང་པ་ཉིད་ལ་རྣམ་པར་བརྟགས་ན། སྟོང་པ་ཞེས་བྱ་བ་འདིའང་དངོས་པོ་ལ་ལྟོས་ནས་རྣམ་པར་བཞག་པ་ཙམ་སྟེ། དངོས་པོ་ཉིད་མ་གྲུབ་ན་སྟོང་པ་ཉིད་མི་འགྲུབ་སྟེ། གང་ཞིག་སྟོང་། ཆོས་གང་གིས་སྟོང་། སུའི་སྟོང་པ་སྟེ། བསྒྲུབ་པར་བྱ་བའི་ཆོས་གང་ཡང་མེད་པར་རྟོགས་པ་ན། དོན་ཐམས་ཅད་མེད་པར་འགོ་མཉམ་མོ། །བློ་ཐམས་ཅད་འཁྲུལ་པར་འགོ་མཉམ་མོ། །འཁྲུལ་པ་ཐམས་ཅད་ཇི་ལྟར་སྣང་བ་དེ་ལྟར་མ་ཡིན་པར་འགོ་མཉམ་མོ། །དེ་ལྟར་མ་ཡིན་པ་ཐམས་ཅད་དེའི་བདག་ཉིད་ཐོབ་པ་མེད་པར་འགོ་མཉམ་མོ། །བདག་ཉིད་ཐོབ་པ་མེད་པར་གྱུར་པ་ན། དོན་དང་བློ་གཉིས་ག་ལའང་མཚན་ཉིད་འགོ་མི་མཉམ་པ་མེད་དོ། །དེ་ལ་དང་པོ་སྦྲུལ་དུ་མཐོང་བ་ན་སྐྲག་སྟེ་སྡང་བ་སྐྱེས་སོ། །དེ་ནས་ཐག་པར་མཐོང་བ་ན་སྡང་བ་སྤངས་པའི་རློམ་སེམས་འབྱུང་སྟེ། ཆགས་པ་སྐྱེས་པའི་བློ་འབྱུང་ངོ་། །དེ་ནས་ཐག་པའི་བློ་ཞིག་པ་ན་ཐག་པ་ཟླུམ་རིལ་ལ་ཆགས་པའི་བློ་སྤངས་ནས། དུ་མ་འདུས་པ་ཙམ་ལ་ཆགས་པའི་བློ་སྐྱེ་སྟེ། ཇི་སྲིད་དུ་དངོས་པོར་ལྟ་བ་མ་ལོག་པ་དེ་སྲིད་དུ་ཆགས་སྡང་སྤང་བ་དང་སྐྱེ་བའི་བློ་ནི་ལྡོག་པར་མི་འགྱུར་མོད་ཀྱི། དོན་གྱི་མཚན་ཉིད་ལ་ནི་ཡང་དག་པར་གཞག་པའི་རྫས་མ་གྲུབ་ཙམ་ན། རེ་ཤིག་བར་གཞག་པའི་རྫས་དང་འགོ་མི་མཉམ་པར་མི་འགྲུབ་སྟེ། སྣང་བ་ཙམ་ལ་མི་སྐུར་པ་མ་གཏོགས་པ། མཚན་ཉིད་ཐམས་ཅད་འགོ་མཉམ་མོ། །དེ་བཞིན་དུ་ཀུན་རྫོབ་ཀྱི་བྱེ་བྲག་དུ་སྣང་བ་ཐམས་ཅད་ནི་འདི་ལྟ་སྟེ། ཐུན་མོང་གི་སྣང་བ་མཐུན་པ་ཞིག་གཞིར་བྱས་པ་ལ། བྱེ་བྲག་མི་མཐུན་པར་སྣང་བ་ནི་འདི་ལྟར། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་དང་མི་མཐུན་པར་སྣང་བ་དག་དང་། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པར་སྣང་བ་དག་དང་། ཉེ་བར་སྤྱོད་པ་དང་བཅས་པ་དང་ཉེ་བར་སྤྱོད་པ་དང་ལྡན་པ་མ་ཡིན་པར་སྣང་བ་དག་དང་། ཕྱིན་ཅི་ལོག་དུ་སྣང་བ་དང་ཕྱིན་ཅི་མ་ལོག་པར་སྣང་བ་དང་། གཉི་གའི་ཆ་དང་ལྡན་པར་སྣང་བ་རྣམས་དང་། ཕྱིན་ཅི་ལོག་དུ་སྣང་བ་མཐོང་བ་ཕྱིན་ཅི་ལོག་དང་བཅས་པ་དང་། ཕྱིན་ཅི་ལོག་དུ་སྣང་བ་མཐོང་བ་ཕྱིན་ཅི་མ་ལོག་པ་དང་ལྡན་པ་དག་དང་། སྣང་བ་རྟེན་གཞི་ཡོད་པ་དང་། རྟེན་གཞི་མེད་པ་དང་། རྟེན་གཞི་ཡང་དག་པ་མ་ཡིན་པ་དང་ལྡན་པ་རྣམས་དང་། བྱ་བ་བྱེད་ནུས་པ་དང་ནུས་པ་མ་ཡིན་པར་སྣང་བ་དག་དང་། རྫས་སུ་ཡོད་པ་དང་བཏགས་པའི་ཡོད་པར་སྣང་བ་དག་དང་། ཀུན་ཏུ་བརྟགས་པ་དང་མཚན་ཉིད་པར་སྣང་བ་ལ་སོགས་ཏེ། ཀུནད་རྫོབ་དུ་སྣང་བའི་བྱེ་བྲག་རྣམ་པར་གཞག་པ་ཐམས་ཅད་ཀྱང་ཇི་ལྟར་གྲགས་པ་བཞིན་དུ་སོ་སོའི་བྱེ་བྲག་ཡོད་པར་བསྒྲུབ་དུ་རུང་བ་དང་། ཐམས་ཅད་འགོ་མཉམ་པར་འགྱུར་བའི་སྐབས་སུ་འགྱུར་རོ། །དེ་ལ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་དང་མི་མཐུན་པར་སྣང་བ་དག་གང་ཞེ་ན། དེ་ལ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་དབང་དུ་ན། ཐུན་མོང་གི་ལས་ཀྱི་དབང་གིས་གྲུབ་པའི་གཟུགས་ཀྱི་བྱེ་བྲག་མེ་ལྟ་བུ་གཅིག་ལ་ཞེ་འམ། ཕྱི་རོལ་གྱི་དོན་མེད་པར་སྨྲ་བའི་དབང་ལྟར་ན། ཐུན་མོང་གི་ལས་ཀྱི་བག་ཆགས་ཀྱི་དབང་གིས་སེམས་ཉིད་ཕྱི་རོལ་གྱི་དོན་ལྟར་སྣང་བ། གཟུགས་ཀྱི་བྱེ་བྲག་མེར་སྣང་བ་གཅིག་ལ་ཞེས་ཆོས་ཅན་གཅིག་ཐུན་མོང་དུ་གྲུབ་པ་གཞིར་བྱས་པ་ལ། ནང་གི་བྱེ་བྲག་མི་མཐུན་པར་སྣང་བ་ནི་འདི་ལྟར། མི་རྣམས་དང་དུད་འགྲོ་ཕལ་ལ་ནི་མེ་ལ་རེག་ན་འཚིག་པར་སྣང་སྟེ། སྡུག་བསྔལ་གྱི་གནས་སུ་སྣང་ངོ་། །དུད་འགྲོའི་རིགས་ལས་རི་དྭགས་མེའི་གཙང་སྦྲ་ཅན་ཞེས་བྱ་བ་ནི། མེ་ཡིས་ཁྲུས་བྱེད་དེ་འཚིག་པར་མི་འགྱུར་ཞིང་སྤུའི་ཁ་དོག་དང་གྲ་ཤིན་དུ་རྒྱས་པར་འགྱུར་ཏེ། ཆུའི་བྱ་བ་མེས་བྱེད་དོ། །དུད་འགྲོའི་རིས་ལས་མེའི་བྱི་བ་ཞེས་བྱ་བ་ནི་མེ་རྒོད་རྒྱུན་དུ་གནས་པའི་གནས་དག་ན་གནས་ནས། མེ་དོང་རབ་ཏུ་འབར་བ་དག་དུ་ཞུགས་ཏེ། གནས་དང་ཟས་ཀྱི་བྱ་བ་ཐམས་ཅད་མེས་བྱེད་དོ། །ཡི་དྭགས་ཀྱི་རིགས་ལས་མེའི་ཡི་དྭགས་མ་ཞེས་བྱ་བ་དང་། ལྷའི་རིགས་ལས་ལྷའི་དྲང་སྲོང་བྲམ་ཟེའི་རིགས་སྦྱིན་བསྲེག་ལེན་པར་བྱེད་པ་མེ་ལྷ་ཞེས་བྱ་བ་རྣམས། ལུས་ཉིད་མེའི་ཁམས་ལས་གྲུབ་པ་ཡོད་པར་གྲགས་སོ། །འདི་ལྟ་བུ་ནི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་དང་མི་མཐུན་པར་སྣང་བ་དག་གོ །དེར་ཡང་མ་ཟད་དེ་རྩྭ་ལྟ་བུ་གཅིག་ལ་དུད་འགྲོ་ཕལ་ལ་ནི་ལོངས་སྤྱོད་པའི་གནས་སུ་སྣང་སྟེ། སྲོག་འཛིན་པའི་བྱ་བ་ཡང་བྱེད་དོ། །ཕལ་དང་མི་རྣམས་ལ་ནི་དེ་ལྟར་མི་སྣང་སྟེ། འཚོ་བའི་བྱ་བ་ཡང་མི་བྱེད་དོ། །འདི་ལྟ་བུའང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་དང་མི་མཐུན་པའི་བྱེ་བྲག་དག་གོ །གཞན་ཡང་སེམས་ཅན་དམྱལ་བའི་གནས་ན། ལྕགས་བསྲེགས་པའི་ས་གཞི་དང་ཤལ་མ་རིའི་ཚལ་ལྟ་བུ་སྡུག་བསྔལ་གྱི་གནས་སུ་སྣང་བ་དང་། ལྷའི་གནས་ན་དཔག་བསམས་ཀྱི་ཤིང་དང་བུམ་པ་བཟང་པོ་ལ་སོགས་པ་ལོངས་སྤྱོད་ཀྱི་གནས་སུ་སྣང་བ་དེ་དག །སོ་སོ་རང་རང་གི་སྣང་བ་ཁོ་ན་ཙམ་ནི་མ་ཡིན་ཏེ། འགྲོ་བ་མིར་གྱུར་པ་རྣམས་ཀྱིའང་ཐུན་མོང་གི་ལས་ཀྱི་དབང་གིས་གྲུབ་པའམ། ཐུན་མོང་གི་ལས་ཀྱི་བག་ཆགས་ཀྱི་དབང་གིས་སེམས་ཉིད་ཐུན་མོང་གི་དོན་དུ་སྣང་བར་ནི་གྲུབ་མོད་ཀྱི། འོན་ཀྱང་དེ་དག་གི་དབང་གིས་མི་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་གྱི་རྐྱེན་ཡང་མི་བྱེད་དོ། །དེར་ཡང་མ་ཟད་དེ་མི་རྣམས་ཀྱི་བཟའ་བ་དང་བཏུང་བ་དང་བགོ་བ་ལ་སོགས་པ་མངོན་སུམ་དུ་གྲུབ་ཅིང་ཐུན་མོང་དུ་ལོངས་སྤྱོད་དུ་རུང་བ་ཡིན་མོད་ཀྱི། ལ་ལ་ནི་དབང་ཕྱུག་གཞན་དང་གཞན་གྱིས་དབང་བྱས་ཏེ་ལོངས་སྤྱོད་པའི་དབང་མེད་དོ། །ལ་ལ་ནི་རང་དབང་ཐོབ་སྟེ་ཅི་དགར་ལོངས་སྤྱོད་དོ། །འདི་ལྟ་བུ་དག་ནི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་དང་མི་མཐུན་པར་སྣང་བའི་བྱེ་བྲག་དག་གོ །དེ་ལ་ཡོངས་སུ་དག་པ་དང་ཡོངས་སུ་དག་པ་མ་ཡིན་པར་སྣང་བ་དག་གང་ཞེ་ན། འདི་ལྟར་ཆུ་ཀླུང་གངྒཱ་ལྟ་བུ་གཅིག་ལ། མི་དང་ཡི་དྭགས་གཉི་གས་ཀྱང་ས་ཕྱོགས་ཞིག་ན། ཆུ་ཀླུང་ཆེན་པོ་ཞིག་འབབ་པར་ནི་མཐུན་པར་སྣང་སྟེ། གཞི་ཆོས་ཅན་ཐ་དད་ནི་མེད་དོ། །འོན་ཀྱང་ཡི་དྭགས་རྣམས་ལ་ནི་ཆུར་ཡང་སྣང་ལ་མ་དག་པར་ཡང་སྣང་སྟེ། རྣག་ལ་སོགས་པས་ཡོངས་སུ་གང་ཞིང་ལོངས་སྤྱོད་དུ་མི་རུང་བར་སྣང་ངོ་། མི་རྣམས་ལ་ནི་ཆུར་ཡང་སྣང་ཞིང་དག་པར་སྣང་སྟེ། དྲི་མ་མེད་ཅིང་ལོངས་སྤྱོད་དུ་རུང་བར་སྣང་ངོ་། །གཞན་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་ཁམས་གླིང་བཞི་པའི་འཇིག་རྟེན་འདི་ཉིད་ཡོངས་སུ་མ་དག་པའི་ཞིང་ཁམས་ཡིན་པར་གྲགས་ཏེ། དེ་བཞིན་དུ་ཚེ་དང་ལྡན་པ་ཤ་རིའི་བུ་ན་རེ། ངས་ནི་བཅོམ་ལྡནད་འདས་ཀྱི་ཞིང་འདི་མཐོན་དམན་དང་གཅོང་རོང་དང་གཡང་ས་དང་ལྗན་ལྗིན་གྱིས་གང་བར་མཐོང་ངོ་ཞེས་ཟེར་རོ། །སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོངས་པའི་ཚངས་པ་རལ་པ་ཅན་ན་རེ། ཚེ་དང་ལྡན་པ་ཤ་རིའི་བུ་དེ་སྐད་མ་ཟེར་ཅིག །ཁྱོད་རང་གི་སེམས་ལ་མཐོན་དམན་ཡོད་པར་ཟད་དེ། བཅོམ་ལྡན་འདས་ཀྱི་ཞིང་ལ་ནི་ཡོངས་སུ་མ་དག་པ་མེད་དོ། །ངས་ནི་བཅོམ་ལྡན་འདས་ཀྱི་ཞིང་འདི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་རིན་པོ་ཆེའི་གཞི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་དག་པར་མཐོང་ངོ་ཞེས་ཟེར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་དུ་སངས་རྒྱས་ཀྱི་ཞིང་འདི་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་དུ་སྣང་བར་མཛད་ནས། ཤ་རིའི་བུ་ལ་བཀའ་སྩལ་པ། ཅི་ཉི་མ་དང་ཟླ་བ་ཡོངས་སུ་མ་དག་གམ། དམུས་ལོང་རྣམས་ཀྱིས་མི་མཐོང་ངོ་། །ཤ་རིའི་བུས་གསོལ་པ། ཉི་མ་དང་ཟླ་བས་མ་ནོངས་ཀྱི། དམུས་ལོང་རྣམས་ཀྱིས་ནོངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་ངའི་སངས་རྒྱས་ཀྱི་ཞིང་འདི་ནི་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་དུ་རྟག་དུ་འདི་འདྲ་བ་སྟེ། ཁྱེད་རྣམས་ཀྱིས་མ་མཐོང་ངོ་། །དཔེར་ན་ལྷའི་བུ་རྣམས་རིན་པོ་ཆེའི་སྣོད་གཅིག་གི་ནང་ནས་བདུད་རྩིའི་ཟས་ཟའང་། ཇི་ལྟར་བསོད་ནམས་བསགས་པ་བཞིན་དུ་བདུད་རྩིའི་རོ་སོ་སོར་མྱོང་བར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྐྱེས་ཀྱང་ཇི་ལྟར་ལས་དག་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཡང་མ་དག་པ་དང་དག་པར་མཐོང་ངོ་ཞེས་གསུངས་སོ། །དེ་བས་ན་སྣང་བ་འདི་ལྟ་བུ་ལ་ཐམས་ཅད་དུ་ཐ་དད་པར་སྣང་བ་མ་ཡིན་ཏེ། གཞི་གཅིག་ཏུ་སྣང་ངོ་། །ཐམས་ཅད་དུ་མཐུན་པར་སྣང་བ་མ་ཡིན་ཏེ། དག་པ་དང་མ་དག་པ་སོ་སོར་སྣང་ངོ་། །འདི་ལྟ་བུ་ནི་ཡོངས་སུ་དག་པ་དང་ཡོངས་སུ་དག་པ་མ་ཡིན་པར་སྣང་བའི་བྱེ་བྲག་དག་གོ །དེ་ལ་ཉེ་བར་སྤྱོད་པ་དང་བཅས་པ་དང་ཉེ་བར་སྤྱོད་པ་དང་ལྡན་པ་མ་ཡིན་པར་སྣང་བ་དག་གང་ཞེ་ན། འདི་ལྟར་འགྲོ་བ་མིར་གྱུར་བ་གཉིས་ལྷན་ཅིག་ན་གནས་པ་ལས། གཅིག་ནི་ར་རོའམ་བརྒྱལ་བར་གྱུརད་ཏེ། ཚོར་བ་དང་ཉེ་བར་སྤྱོད་པའི་འདུ་ཤེས་དང་མི་ལྡན་ནོ། །གཅིག་ནི་དྲན་པ་དང་ཤེས་བཞིན་དུ་ལྡན་ཏེ་གནས་པ་ལས། གཉིས་ག་ལ་མེས་མཉམ་དུ་རེག་པར་གྱུར་པ་ལ། གཅིག་ནི་མེས་རེག་པའི་སྡུག་བསྔལ་ཉམས་སུ་མ་མྱོང་བཞིན་དུ་ཚིག་གོ །གཅིག་ནི་མྱོང་བཞིན་དུ་ཚིག་སྟེ། གཉིས་གའང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པར་སྣང་བ་ཡིན་པས་ཚིག་ནི་མཉམ་དུ་ཚིག་གོ །འདི་ལྟ་བུ་ནི་ཉེ་བར་སྤྱོད་པ་དང་བཅས་པ་དང་ཉེ་བར་སྤྱོད་པ་དང་ལྡན་པ་མ་ཡིན་པར་སྣང་བའི་བྱེ་བྲག་དག་གོ །དེ་ལ་ཕྱིན་ཅི་ལོག་དུ་སྣང་བ་གང་ཞེ་ན། འགལ་མེ་མྱུར་དུ་བསྐོར་བ་ལ་འཁོར་ལོར་སྣང་བ་ལྟ་བུའོ། །ཕྱིན་ཅི་མ་ལོག་པར་སྣང་བ་གང་ཞེ་ན། གང་དོན་ཇི་ལྟ་བ་བཞིན་དུ་སྣང་བའོ། །གཉིས་གའི་ཆ་དང་ལྡན་པར་སྣང་བ་གང་ཞེ་ན། ཐག་པ་ལ་སྦྲུལ་དུ་མཐོང་བའི་ཚེ་དབང་པོའི་ཤེས་པ་ནི་ཐག་པའི་རྣམ་པར་སྣང་ངོ་། །རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་ནི། སྦྲུལ་གྱི་རྣམ་པར་སྣང་བ་དང་ཡང་ལྡན་ཏེ། འདི་ལྟ་བུ་ནི་གཉིས་གའི་ཆ་དང་ལྡན་པར་སྣང་བ་ཞེས་བྱའོ། །དེ་ལ་ཕྱིན་ཅི་ལོག་དུ་སྣང་བ་མཐོང་བ་ཕྱིན་ཅི་ལོག་དང་བཅས་པ་གང་ཞེ་ན། གང་བྱིས་པ་རྣམས་ཀྱི་མདུན་དུ་འགལ་མེ་བསྐོར་བ་ལྟ་བུའོ། །ཕྱིན་ཅི་ལོག་དུ་སྣང་བ་མཐོང་བ་ཕྱིན་ཅི་མ་ལོག་པ་དང་ལྡན་པ་གང་ཞེ་ན། མཁས་པ་རྣམས་ཀྱི་མདུན་དུ་འགལ་མེ་བསྐོར་བ་ལྟ་བུའོ། །དེ་ལ་སྣང་བ་རྟེན་གཞི་དང་བཅས་པ་གང་ཞེ་ན། འགལ་མེ་མྱུར་དུ་བསྐོར་བས་འཁོར་ལོར་སྣང་བ་དང་། རབ་རིབ་ཅན་ལ་ཟླ་བ་གཉིས་སུ་སྣང་བ་དང་། གྲུར་ཞུགས་པ་ལ་རི་གཡོ་བར་སྣང་བ་རྣམས་སོ། །རྟེན་གཞི་མེད་པ་གང་ཞེ་ན། རབ་རིབ་ཅན་ལ་ནམ་མཁའ་ལ་སྐྲ་ཤད་སྣང་བ་དང་། ལང་ཏང་ཙེ་ཟོས་པ་ལ་ནམ་མཁའ་ཁབ་ཀྱིས་གང་བར་སྣང་བ་དང་། གཞན་ཡང་སྣང་བའི་བག་ཆགས་ལས་གཞན་དུ་སྣང་བ་འབྱུང་སྟེ། འདི་ལྟར་རྒྱལ་པོའི་དམག་མི་དང་རྔ་སྒྲའི་ཆ་དང་ལྡན་པར་ལམ་དུ་ཞུགས་ཏེ། ཡུན་རིང་དུ་ལྷན་ཅིག་འགྲོགས་པ་ལས། ཕ་རོལ་གྱི་སྡེའི་སོ་མཚམས་སུ་ཕྱིན་པ་དང་། དེས་རང་གི་སྡེའི་དམག་གི་ཆ་བོར་ཏེ་ཕ་རོལ་གྱི་དམག་མི་བྱུང་ངམ་མ་བྱུང་ལྟར་ཕྱིན་པ་དང་། དེས་ཕ་རོལ་གྱི་གཟུགས་ནི་མ་མཐོང་རྔ་སྒྲ་ནི་གྲགས་པར་ཐོས་ཏེ། དེས་རང་གི་བག་ཆགས་ཀྱིས་རྔའི་སྒྲ་གྲགས་པར་སྣང་བ་ཙམ་ཡིན་པར་མ་རྟོགས་ནས། རིང་མོ་ཞིག་ན་ཚུར་ཕ་རོལ་གྱི་དམག་ཚོགས་བྱུང་ངོ་སྙམ་སྟེ། གཟུགས་མ་མཐོང་ཡང་རྔ་སྒྲ་གྲག་གོ་སྙམ་དུ་སེམས་པ་ལྟ་བུའོ། །རྟེན་གཞི་ཡང་དག་པ་མ་ཡིན་པ་དང་ལྡན་པ་གང་ཞེ་ན། གང་སྨིགས་རྒྱུ་ལ་ཆུར་མཐོང་བ་ལྟ་བུ་སྟེ། སྨིགས་རྒྱུ་ཉིད་ཀྱང་རྟེན་གཞི་འབྱུང་བ་ཆེན་པོའ་མེད་པའི་ཕྱིར། ཇི་ལྟར་སྣང་བ་དེ་ལྟ་བུའི་རྫས་མེད་པ་ཡིན་ན། དེ་ལས་ཀྱང་ཆུའི་རྣམ་པ་འབྱུང་བ་ལྟ་བུའོ། །སྣང་བ་འདི་དག་མཐུན་པ་དང་མི་མཐུན་པའི་དབང་གིས། འགྲོ་བ་སོ་སོའི་རྒྱུད་ལ་བྱ་བ་བྱེད་ནུས་པར་སྣང་བ་ནི། ནུས་པ་མ་ཡིན་པར་སྣང་བར་འགྱུར་རོ། །ནུས་པ་མ་ཡིན་པ་ནི་ནུས་པར་སྣང་བར་འགྱུར་རོ། །རྫས་སུ་ཡོད་པར་སྣང་བ་ནི་བཏགས་པའི་ཡོད་པར་སྣང་བར་འགྱུར་རོ། །བཏགས་པའི་ཡོད་པར་སྣང་བ་ནི་རྫས་སུ་ཡོད་པར་སྣང་བར་འགྱུར་རོ། །ཀུན་དུ་བརྟགས་པ་བར་སྣང་བ་ནི་མཚན་ཉིད་པར་སྣང་བར་འགྱུར་རོ། །དེ་བས་ན་སོ་སོའི་མཚན་ཉིད་ཀྱི་བྱེ་བྲག་འདི་དག་སོ་སོར་གྲུབ་པར་སྒྲུབ་པར་བྱེད་པ་ན། ཡང་དག་པར་བསྒྲུབ་པར་བྱ་བ་གཅིག་ཀྱང་ཡོད་པར་སྒྲུབ་ཅིང་། གང་ཟག་ཐུན་མོང་གི་སྣང་བ་ཡང་མཐུན་པ། བྱེ་བྲག་གི་སྣང་བ་ཡང་མཐུན་པ། ཁོ་རེ་ཆུང་ངུ་ཙམ་ལ་སྒྲུབ་པར་བྱེད་ན། ཀུན་རྫོབ་ཀྱི་བྱེ་བྲག་དེ་དག་ཐམས་ཅད་ཇི་ལྟར་གྲགས་པ་བཞིན་དུ་བསྒྲུབ་ཏུ་རུང་བར་འགྱུར་རོ། །ཡང་དག་པར་བསྒྲུབ་པར་བྱ་བ་མི་འདོད་ན། གང་ཟག་སྣང་བ་མཐུན་པ་རྣམས་ལ་སྒྲུབ་ཀྱང་བྱེ་བྲག་མི་འགྲུབ་སྟེ། ཀུན་རྫོབ་ཐམས་ཅད་འགོ་མཉམ་པར་འགྱུར་རོ། །གལ་ཏེ་གང་ཟག་སྣང་བ་མི་མཐུན་པ་རྒྱ་ཆེན་པོའི་དབང་དུ་སྒྲུབ་པར་བྱེད་ན། ཡང་དག་པར་བསྒྲུབ་པར་བྱ་བ་ཅིག་འདོད་དུ་ཟིན་ཀྱང་། སྣང་བ་གཅིག་གིས་གཅིག་བསལ་ཏེ། བྱེ་བྲག་གང་ཡང་མི་འགྲུབ་ཅིང་། ཐམས་ཅད་འགོ་མཉམ་པར་འགྱུར་རོ། །དེ་བས་ན་དབུ་མ་དང་གསང་བ་བླ་ན་མེད་པའི་ཚུལ་གྱིས་ནི། ཆོས་ཐམས་ཅད་ལ་ཡང་དག་པར་བསྒྲུབ་པར་བྱ་བ་གང་ཡང་མི་སྒྲུབ་ཅིང་། གདུལ་བྱ་ཚད་མེད་པའི་དབང་དུ་གསུངས་པ་ཡིན་པས། འཇིག་རྟེན་གྱི་གྲགས་པའི་བྱེ་བྲག་ཐམས་ཅད་ཀྱང་། རང་རང་གི་སྣང་ཚད་ཙམ་དུ་ཟད་ཀྱི་མཚན་ཉིད་ནི་འགོ་མཉམ་པར་འགྱུར་ཏེ། འདི་ལྟར་རྨི་ལམ་གྱི་བུམ་པའི་གཟུགས་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་ནུས་པར་སྣང་ལ། བུམ་པའི་གཟུགས་བརྙན་གྱི་གཟུགས་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་མི་ནུས་པར་སྣང་སྟེ། འོན་ཀྱང་རྨི་ལམ་གྱི་སྣང་ཚོད་ཙམ་ལས་མ་གཏོགས་པ། རང་གི་ངོ་བོ་ལ་ནི། བྱ་བ་བྱེད་ནུས་པ་དང་མི་ནུས་པའི་མཚན་ཉིད་ཐ་དད་མེད་དོ། །དེ་བས་ན་ཆོས་ཐམས་ཅད་ནི། སྒྱུ་མ་ལྟ་བུའོ། །སྨིགས་རྒྱུ་ལྟ་བུའོ། །རྨི་ལམ་ལྟ་བུའོ། །གཟུགས་བརྙན་ལྟ་བུའོ། །སྤྲུལ་པ་ལྟ་བུའོ་ཞེས་གསུངས་སོ། །དེ་ལ་སྒྱུ་མའི་མཚན་ཉིད་གང་ཞེ་ན། འདི་ལྟར་སྒྱུ་མ་མཁན་གྱིས་རྡེའུ་དང་ཤིང་བུ་དང་གསེག་མ་ལ་སོགས་པ་ལ་འདྲ་གཟུགས་བྱས་ཏེ། གྱོ་མོ་ལ་སྔགས་ཀྱིས་བཏབ་ནས་སྦྱོར་བ་གོམས་པས་བསྣུན་ན། སྐྱེས་པ་དང་བུད་མེད་དང་རྟ་དང་གླང་པོ་ལ་སོགས་པའི་གཟུགས་སྣ་ཚོགས་སྣང་བ་འབྱུང་བར་འགྱུར་ཏེ། དེ་དང་པོ་བྱུང་བའི་ཚེ་ན་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་སྒྱུ་མ་ཡིན་པའི་ཕྱིར་མཚན་ཉིད་གང་ཡང་ཡོད་པ་མ་ཡིན། སྒྱུ་མ་བསྡུས་ནས་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདི་སྐད་དུ་སྒྱུ་མ་བསྡུས་པའི་རྐྱེན་གྱིས་དབང་པོའི་སྤྱོད་ཡུལ་དུ་མ་གྱུརད་ནས་མི་སྣང་བ་ཙམ་དུ་ཟད་དེ། དེའི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ། །ཞེས་རྣམ་པར་གཞག་པའང་མེད་དེ། འདི་ལྟར་སྣང་བ་དང་མི་སྣང་བ་གཉིས་གའང་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བར་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པས་སྒྱུ་མ་སྒྱུ་མ་ཞེས་བརྗོད་དོ། །དེ་ལ་སྨིགས་རྒྱུའི་མཚན་ཉིད་གང་ཞེ་ན། ས་ཕྱོགས་ན་ས་རྒོ་ཉེ་བར་གནས་པ་དང་། ཉི་མ་ཚ་བས་གདུངས་པ་དང་། སེར་བུའི་བཞོལ་ཕྱོགས་སུ་བབ་པ་དང་། ལྟ་བ་པོ་རྒྱང་མ་ན་གནས་པའི་རྐྱེན་གྱིས། ཀླུང་ཆུས་གང་བ་ལྟ་བུར་སྣང་བ་འབྱུང་བར་འགྱུར་ཏེ། དེ་དང་པོ་བྱུང་བའི་ཚེ་ནའང་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་རྟེན་གྱི་འབྱུང་བ་ཆེན་པོ་མེད་པའི་ཕྱིར། མཚན་ཉིད་གང་ཡང་ཡོད་པ་མ་ཡིན། ཉི་མ་ནུབ་ནས་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདི་སྐད་དུ་ཉི་མ་ནུབ་པའི་རྐྱེན་གྱིས་དབང་པོའི་སྤྱོད་ཡུལ་དུ་མ་གྱུརད་ནས་མི་སྣང་བ་ཙམ་དུ་ཟད་དེ། དེའི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ་ཞེས་རྣམ་པར་གཞག་པའང་མེད་དེ། འདིའ་ལྟར་སྣང་བ་དང་མི་སྣང་བ་གཉིས་གའང་དབྱེར་མེད་པར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བར་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་བ་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པས། སྨིགས་རྒྱུ་སྨིགས་རྒྱུ་ཞེས་བྱའོ། །དེ་ལ་རྨི་ལམ་གྱི་མཚན་ཉིད་གང་ཞེ་ན། སྐྱེས་བུ་གཉིད་ཀྱིས་ལོགས་པའི་རྨི་ལམ་ན། ཀུན་དགའི་ར་བ་དང་སྐྱེད་མོས་ཚལ་ལ་སོགས་ཏེ་ལོངས་སྤྱོད་ཀྱི་གནས་ཀྱང་དམིགས་ཤིང་སྣང་བར་འགྱུར་ལ། བཙོན་ར་དང་ཁྲི་མུན་ལ་སོགས་ཏེ་སྡུག་བསྔལ་གྱི་གནས་ཀྱང་དམིགས་ཤིང་སྣང་བར་འགྱུར་ཏེ། དེ་དང་པོ་འབྱུང་བའི་ཚེ་ནའང་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་རྨི་ལམ་ཡིན་པའི་ཕྱིར་མཚན་ཉིད་གང་ཡང་ཡོད་པ་མ་ཡིན། གཉིད་སད་ནས་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདི་སྐད་དུ་གཉིད་སད་པའི་རྐྱེན་གྱིས་དབང་པོའི་སྤྱོད་ཡུལ་དུ་མ་གྱུརད་ནས་མི་སྣང་བ་ཙམ་དུ་ཟད་དེ། དེའི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ། །ཞེས་རྣམ་པར་གཞག་པའང་མེད་དེ། སྣང་བ་དང་མི་སྣང་བ་གཉིས་ག་དབྱེར་མེད་པར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བར་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་བ་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པར་རྨི་ལམ་རྨི་ལམ་ཞེས་བརྗོད་དོ། །དེ་ལ་གཟུགས་བརྙན་གྱི་མཚན་ཉིད་གང་ཞེ་ན། འདི་ལྟར་མེ་ལོང་ལ་སོགས་པ་དང་པའི་གཟུགས་དང་བཞིན་ལ་སོགས་པ་གསལ་བའི་གཟུགས་ཉེ་བར་གནས་པ་ན། གཟུགས་བརྙན་སྣང་བ་འབྱུང་བར་འགྱུར་ཏེ། དེ་དང་པོ་འབྱུང་བའི་ཚེ་ནའང་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་རྟེན་གྱི་འབྱུང་བ་ཆེན་པོ་མེད་པའི་ཕྱིར། མཚན་ཉིད་གང་ཡང་ཡོད་པ་མ་ཡིན། རྐྱེན་ཞིག་མ་ཚང་བས་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདིའ་སྐད་དུ་རྐྱེན་མ་ཚང་བའི་དབང་གིས་དབང་པོའི་སྤྱོད་ཡུལ་དུ་མ་གྱུརད་ནས་མི་སྣང་བ་ཙམ་དུ་ཟད་དེ། དེའི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ་ཞེས་རྣམ་པར་གཞག་པའང་མེད་དེ། སྣང་བ་དང་མི་སྣང་བ་གཉིས་གའང་དབྱེར་མེད་པར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བས་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་བ་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པར་གཟུགས་བརྙན་གཟུགས་བརྙན་༼རྨུགས་སངས་ལ་བསྣན་འདུག །རྫོགས་ཆེན་ཤིང་པར་ལ་མེད། ༽ཞེས་བྱའོ། །དེ་ལ་སྤྲུལ་པའི་མཚན་ཉིད་གང་ཞེ་ན། འདི་ལྟར་ཡེ་ཤེས་ཀྱི་སྤྲུལ་པའམ། ཏིང་ངེ་འཛིན་གྱི་སྤྲུལ་པའམ། དེ་མ་ཡིན་པ་རིག་སྔགས་གྲུབ་པའི་སྤྲུལ་པ་དག་ཀྱང་། འདི་ལྟར་མེ་ཏོག་དཀར་པོ་ལ་སྔགས་ཀྱིས་བཏབ་སྟེ་ནམ་མཁའ་ལ་གཏོར་ན། དེ་བཞིན་གཤེགས་པ་སྟོང་སྙེད་ལ་སོགས་པ་ནམ་མཁའ་ལ་བཞུགས་པར་སྣང་བར་འགྱུར་རོ། །དེ་བཞིན་དུ་མེ་ཏོག་སེར་པོ་ལ་བཏབ་སྟེ་གཏོར་ན་དགྲ་བཅོམ་པ་མང་པོ་སྣང་བར་འགྱུར་རོ། །མེ་ཏོག་དམར་པོ་ལ་བཏབ་སྟེ་གཏོར་ན་ལྷའི་རྣམ་པ་མང་པོ་སྣང་བར་འགྱུར་རོ། །མེ་ཏོག་སྔོན་པོ་ལ་བཏབ་སྟེ་གཏོར་ན་གནོད་སྦྱིན་དང་སྲིན་པོ་མང་པོ་སྣང་བར་འགྱུར་ཏེ། དེ་དང་པོ་བྱུང་བའི་ཚེ་ནའང་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་སྤྲུལ་པ་ཡིན་པའི་ཕྱིར་མཚན་ཉིད་གང་ཡང་ཡོད་པ་མ་ཡིན། སྤྲུལ་པ་བསྡུས་ན་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདི་སྐད་དུ་སྤྲུལ་པ་བསྡུས་པའི་རྐྱེན་གྱིས་དབང་པོའི་སྤྱོད་ཡུལ་དུ་མ་གྱུརད་ནས་མི་སྣང་བ་ཙམ་དུ་ཟད་དེ། དེའི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ་ཞེས་རྣམ་པར་གཞག་པའང་མེད་དེ། སྣང་བ་དང་མི་སྣང་བ་གཉིས་གའང་དབྱེར་མེད་པར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བར་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་བ་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པའང་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པས་སྤྲུལ་པ་སྤྲུལ་པ་ཞེས་བརྗོད་དོ། །དེ་བཞིན་དུ་ཕྱི་ནང་གི་དངོས་པོ་སྣ་ཚོགས་སྣང་བ་འདི་དག་ཐམས་ཅད་ཀྱང་། ཇི་སྲིད་དུ་གཟུང་བ་དང་འཛིནད་པའི་རྣམ་པར་རྟོག་པའི་བག་ཆགས་ཀྱི་དབང་ཉེ་བར་གནས་པ་དེ་སྲིད་དུ། དངོས་པོ་སྣ་ཚོགས་སྣང་བ་འབྱུང་བར་འགྱུར་ཏེ། དེ་དང་པོ་བྱུང་བའི་ཚེ་ནའང་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན་པའི་ཕྱིར། མཚན་ཉིད་གང་ཡང་ཡོད་པ་མ་ཡིན། གཟུང་བ་དང་འཛིན་པ་གཉིས་ཀྱི་བག་ཆགས་ཟད་ན་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདི་སྐད་དུ་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་བྲལ་བའི་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་མ་གྱུར་ནས་མི་སྣང་བ་ཙམ་དུ་ཟད་དེ། སྣང་བ་འདི་དག་གི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ་ཞེས་རྣམ་པར་གཞག་པའང་མེད་དེ། སྣང་བ་དང་མི་སྣང་བ་གཉིས་གའང་དབྱེར་མེད་པར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བར་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་བ་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པས། དེ་བས་ན་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ། སྨིགས་རྒྱུ་ལྟ་བུ། རྨི་ལམ་ལྟ་བུ། གཟུགས་བརྙན་ལྟ་བུ། སྤྲུལ་པ་ལྟ་བུའོ་ཞེས་བརྗོད་དོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་མཚན་ཉིད་འདི་ལྟ་བུ་ཡིན་པའི་ཕྱིར། ཤིན་ཏུ་འཁྲུལ་པའི་མཚན་ཉིད་ཅན་གྱི་ཉོན་མོངས་པ་རྣམས་ལ་རྫས་ཀྱི་མཚན་ཉིད་མི་རྙེད་དོ། །འདི་ལྟར་ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་མེད་པར་བསྟན་པའི་རིགས་པ་འདི་དག །ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་ཡོད་པར་འདོད་པའི་གྲུབ་མཐའ་རྣམས་ལ་གནོད་པ་དམིགས་པ་འདིའང་། གཞན་གྱི་གྲུབ་མཐའ་དང་འགལ་བས་གནོད་དོ་ཞེས་བརྗོད་པ་ནི་མ་ཡིན་ཏེ། རང་རང་གི་གྲུབ་མཐའ་ཉིད་ཀྱིས་རང་རང་གི་གྲུབ་མཐའ་འཇོམས་པར་བྱེད་པ་མཐོང་བ་བརྗོད་པ་ཡིན་ཏེ། དཔེར་ན་ནགས་ལ་རླུང་གི་གནོད་པ་བྱུང་ན་ཤིང་སྐྱབས་སུ་ཤིང་འགྱུར་ཏེ། ཤིན་ཏུ་གནོད་པར་ཡང་མི་འགྱུར་ལ། ནགས་ལ་མེའི་གནོད་པ་བྱུང་ན་ཤིང་གཤེད་དུ་ཤིང་འགྱུར་ཏེ། སྐྱབས་མེད་ཅིང་ལྷག་མ་མ་ལུས་པའི་བར་དུ་ཡང་འགྱུར་བ་བཞིན་ནོ། །འོ་ན་རང་གིས་རང་ལ་གནོད་པའི་གྲུབ་མཐའ་དེ་དག་སུ་ཞིག་སྒྲུབ་པར་བྱེད་ཅེ་ན། འདི་ནི་གྲུབ་མཐའ་འཛིནད་པ་རང་རང་གི་བློ་དྲི་མ་མེད་པར་མཐོང་བ་རྣམས་ཀྱིས་སྐྱོན་མེད་པར་བསྒྲུབས་པ་ཡིན་མོད་ཀྱི། དེ་བས་བློ་ཟབ་ཅིང་ཡངས་པ་རྣམས་ཀྱིས་བལྟས་ན། ཆུ་བརྙོགས་པ་བཞིན་དུ་རང་གིས་རང་ཉམས་པར་བྱས་པ་མཐོང་བ་བརྗོད་པ་ཡིན་ནོ། །དཔེར་ན་སྔོན་བྱུང་བ་ཚངས་པ་སའི་མེ་ཏོག་ཅེས་བྱ་བས། ཚངས་པ་མི་འཆི་བ་ཞེས་བྱ་བ་ལ་སྨྲས་པ། ཀྱེ་མ་ཚངས་པ་ཁྱོད་ཀྱི་བློ། །ཤིན་དུ་དྲི་མ་མེད་པ་དག །བློ་གྲོས་ལྡན་པ་ངས་བལྟས་ན། །ཚིག་རེ་ལ་ནི་བརྙོགས་པ་བཞིན། །ཞེས་པ་ལྟ་བུ་སྟེ། ཚངས་པ་མི་འཆི་བའི་བློ་རང་གིས་ཤིན་དུ་དྲི་མ་མེད་པར་མཐོང་བས་སྨྲས་པའི་ཚིག་རྣམས། ཚངས་པ་སའི་མེ་ཏོག་གིས་བལྟས་ན། ཚིག་རེ་རེ་ལའང་བརྙོགས་པ་བཞིན་དུ་རང་གིས་རང་ཉམས་པར་བྱེད་པར་མཐོང་བ་བཞིན་ནོ། །དེ་ཡང་འདི་ལྟར་ཉན་ཐོས་ཀྱི་ཚུལ་ལས་ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་རྣམ་གྲངས་ཀྱི་མཚན་ཉིད་དུ་ཡོད་པར་འདོད་དེ། དེའི་དབང་གིས་རྣམ་གྲངས་ཀྱི་དབྱེ་བ་བྱས་པས། དེ་ཉིད་ཀྱིས་གྲངས་ཀྱི་ངེས་པ་ཉམས་པར་བྱས་ཏེ། བརྙོགས་པ་བཞིན་དུ་རང་གི་འདོད་པའི་རྫས་ཉམས་པར་བྱས་སོ། །རྣལ་འབྱོར་སྤྱོད་པའི་ཚུལ་ལས་སྤང་བར་བྱ་བའི་རྫས་ཀྱི་མཚན་ཉིད་འདོད་པས། མཚན་ཉིད་ཀྱི་དབྱེ་བ་བྱས་པས། བརྙོགས་པ་བཞིན་དུ་རང་གིས་རང་ཉམས་པར་བྱས་སོ། །དབུ་མའི་ཚུལ་ལས་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཁྱད་པར་གྱི་དབྱེ་བ་བྱས་པས། དེ་ཉིད་ཀྱིས་བརྙོགས་པ་བཞིན་དུ་རང་གིས་རང་ཉམས་པར་བྱས་པ་བརྗོད་པ་ཙམ་ཡིན་ཏེ། གསང་བ་བླ་ན་མེད་པའི་ཚུལ་དང་འགལ་བས་གནོད་དོ་ཞེས་ནི་མ་སྨྲས་ཏེ། འདི་ནི་གནོད་དུ་ཟིན་ཀྱང་རང་རང་གི་གྲུབ་པའི་མཐའ་སྐྱབས་ལ་ཞེན་པས་གནོད་པར་མཐོང་བར་ཡང་མི་འགྱུར་རོ། །རང་རང་གི་གྲུབ་པའི་མཐའ་ཉིད་ཀྱིས་རང་འཇོམས་པར་བྱེད་པ་སྣང་བ་བརྗོད་པ་ནི། སྐྱབས་མེད་ཅིང་ལྷག་མ་མ་ལུས་པའི་བར་དུ་ཡང་འགྱུར་བས། དེ་བས་ན་སྐྱོན་འདི་དག་བརྗོད་པ་ཡིན་ནོ། །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པར་འདོད་པ་རྣམས་ཀྱིས། ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་མེད་པར་ཤེས་པར་བྱ་ཞིང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འགོ་མཉམ་པར་བསྟན་པའི་སྐབས་ཏེ། དང་པོའོ།། །། འདིར་བརྒལ་བ་བཀའ་རྣམས་ལས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གསུངས་པ་ནི། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་ལ་གང་ཟག་གི་བདག་མེད་པའི་སྒོ་ནས་ཀྱང་སྒྱུ་མ་ལྟ་བུའི་སྒྲ་འཇུག་ལ། ཆོས་དང་གང་ཟག་ལ་བདག་མེད་ཅིང་ངོ་བོ་ཉིད་རྣམ་པ་གསུམ་གྱི་ངོ་བོ་ཉིད་མེད་པ་རྣམ་པའང་གསུམ་ལ་དགོངས་ནས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་ཞིང་། རྒྱུ་རྐྱེན་གཞན་གྱི་དབང་ལས་སྐྱེ་བས་སྒྱུ་མ་ལྟ་བུའི་སྒྲ་འཇུག་གོ །ཆོས་རྣམས་ལ་དོན་དམ་པའི་ངོ་བོ་ཉིད་མེད་པས། ཡང་དག་པའི་ཀུན་རྫོབ་དུ་རྫས་སུ་ཡོད་པར་འདོད་དུ་ཟད་ཀྱང་། སྒྱུ་མ་ལྟ་བུར་གསུངས་པར་ཟད་དེ་སྒྱུ་མ་དང་ཕུང་པོ་གཉིས་ཤིན་དུ་འགོ་མཉམ་པ་ནི་མ་ཡིན་ནོ། །ཇི་ལྟའ་བུ་ཞེ་ན། སྒྱུ་མ་ནི་སྐད་ཅིག་ཙམ་སྣང་བ་ཡིན་ལ། འགྲོ་བའི་ཕུང་པོ་ནི་ཡུན་རིང་དུ་བརྟན་པར་སྣང་བ་ཡིན་ནོ། །སྒྱུ་མ་ནི་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་ཟིན་པའང་མ་ཡིན་ཏེ། ཚོར་བ་དང་འདུ་ཤེས་ཀྱི་ཉེ་བར་སྤྱོད་པ་ཅན་མ་ཡིན་ལ། འགྲོ་བའི་ཕུང་པོ་ནི་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་ཟིན་པ། ཚོར་བ་དང་འདུ་ཤེས་ཀྱི་ཉེ་བར་སྤྱོད་པ་ཅན་ཡིན་པས། དེ་བས་ན་འདི་གཉིས་ཤིན་དུ་འགོ་བསྙམ་དུ་མི་རུང་ངོ་། །དེ་ལ་འདི་བརྗོད་པར་བྱ་སྟེ། འདི་ལྟ་བུའི་བྱེ་བྲག་དུ་སྣང་བ་ནི། སྒྱུ་མ་དང་སྤྲུལ་པ་ལའང་ཡོད་དེ། འདི་ལྟར་སྤྲུལ་པ་དག་ལའང་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་དབང་ཐོབ་པ་རྣམས་ཀྱིས། འགྲོ་བའི་དོན་དུ་སྤྲུལ་པ་རྣམ་པར་འཕྲུལ་པ་ལ་ལ་དག ། བསྐལ་པའམ་བསྐལ་པ་ལས་ལྷག་པར་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་པ་ཡོད་དོ། །ལ་ལ་ནི་ལོ་གཅིག་དང་ཟླ་བ་གཅིག་དང་ཞག་གཅིག་དང་ཉིན་གཅིག་དང་སྔ་དྲོ་གཅིག་དང་ཆུ་ཚོད་གཅིག་ཙམ་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་པ་ཡོད་དོ། །དེ་རྣམས་ལའང་ལ་ལ་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པར་སྣང་ཞིང་མ་ཟིན་པར་སྒྲུབ་པར་བྱེད་དོ། །ལ་ལ་ནི་ཟིན་པར་སྣང་ཞིང་ཟིན་པ་ཉིད་དུ་སྒྲུབ་པར་བྱེད་པ་ཡོད་དོ། །ལ་ལ་ནི་མ་ཟིན་པར་སྣང་ཞིང་མ་ཟིན་པ་ཉིད་དུ་སྒྲུབ་པར་བྱེད་པ་ཡོད་དོ། །ལ་ལ་ནི་མ་ཟིན་པར་སྣང་ཞིང་ཟིན་པར་སྒྲུབ་པར་བྱེད་པ་ཡོད་དེ། །འོན་ཀྱང་སྤྲུལ་པའི་མཚན་ཉིད་ལ་ནི་བྱེ་བྲག་མེད་དེ་འགོའ་མཉམ་མོ། །འདི་ལྟར་གཟུགས་བརྙན་དག་ལ་ཡང་པྲ་སེ་ནའི་སྔགས་གྲུབ་པས་མངོན་པར་བསྔགས་པའི་མེ་ལོང་ལ་གཞོན་ནུ་མ་གཙང་མས་བལྟས་ན། ལྐོག་ཏུ་གྱུར་པ་རྐུན་མོའི་གཟུགས་བརྙན་མཐོང་བ་ཡོད་ལ། ཕལ་པས་ནི་མ་ཡིན་ཏེ། གཟུགས་བརྙན་གྱི་མཚན་ཉིད་ལ་ནི་བྱེ་བྲག་མེད་དོ། །རྨི་ལམ་དག་ལའང་ལྷ་ཁྱད་པར་ཅན་གྱི་དབང་གིས་ལྟས་ཉེ་བར་སྟོན་པའི་རྨི་ལམ་མཐོང་བ་དག་མ་འོངས་པའི་དངོས་པོའི་ལྟས་སྟོན་པར་ནུས་པ་ཡོད་དོ། །ཕལ་གྱིས་ནི་མ་ཡིན་ཏེ་རྨི་ལམ་གྱི་མཚན་ཉིད་ལ་ནི་བྱེ་བྲག་མེད་དོ། །སྨིགས་རྒྱུ་དག་ལའང་རྐྱེན་གྱི་དབང་གིས་ལ་ལ་ནི་ལམ་སྒྲིབ་པའི་བྱ་བ་བྱེད་ལ། ལ་ལས་ནི་མ་ཡིན་ཏེ། སྨིགས་རྒྱུའི་མཚན་ཉིད་ལ་ནི་བྱེ་བྲག་མེད་དོ། །སྒྱུ་མ་དག་ལའང་སྒྱུ་མའི་གསང་སྔགས་ཀྱི་བདེན་པའི་མཐུ་ཆེ་ཆུང་གི་དབང་གིས། ལ་ལ་ནི་ཅུང་ཟད་ཙམ་སྣང་ལ། ལ་ལ་ནི་དེ་བས་ཡུན་རིང་དུ་སྣང་ངོ་། །ལ་ལ་ནི་ཁ་དོག་དང་དབྱིབས་ཙམ་སྣང་ལ། ལ་ལ་ནི་དྲི་དང་རོ་དང་རེག་བྱའང་སྣང་སྟེ། འདི་ལྟར་སྒྱུ་མ་མཁན་བཟང་པོས། བཅོམ་ལྡནད་འདས་ལ་ཐམས་ཅད་མཁྱེན་པ་ཡིན་ནམ་མ་ཡིན་སད་པའི་ཕྱིར། སྒྱུ་མའི་ལོངས་སྤྱོད་ཀྱི་རྣམ་པ་མང་པོ་སྤྲུལ་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སྤྱན་དྲངས་པས། བཅོམ་ལྡན་འདས་དུས་མཁྱེན་ཅིང་རྒྱུད་རིག་པས་དེ་བཞིན་དུ་གཤེགས་ཏེ། བཟང་པོས་སྤྲུལ་པའི་སྒྱུ་མའི་ལོངས་སྤྱོད་རྣམས་ཀྱང་བརྟན་པར་བྱིན་གྱིས་བརླབས་ནས་གདུགས་ཚོད་ཀྱང་གསོལ། སྨོན་ལམ་ཡང་ཡོངས་སུ་རྫོགས་པར་མཛད་དེ། འདི་སྐད་དུ། གང་གིས་བྱིན་དང་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགས་ཤོག །ཅེས་གསུངས་ཏེ། ཚོགས་རྣམ་པ་གཉིས་རྫོགས་པར་བྱེད་པའི་སྒྱུ་མའང་ཡོད་དོ། །དེ་ཡང་བཟང་པོའི་གསང་སྔགས་ཀྱི་བྱིན་རླབས་ནི་མཐུ་ཆུང་བས། དེ་ལྟ་བུར་བརྟན་པར་སྣང་བར་ནུས་པ་ཡང་མ་ཡིན་ན། བཅོམ་ལྡན་འདས་ཀྱི་བདེན་པའི་བྱིན་རླབས་དེ་བས་མཐུ་ཆེས་ཆེ་བས། བརྟན་པར་སྣང་བར་ནུས་པ་སྟེ། འོན་ཀྱང་སྒྱུ་མའི་མཚན་ཉིད་ལ་ནི་བྱེ་བྲག་དུ་གྱུར་པ་མེད་དེ་འགོ་མཉམ་མོ། །སེམས་ཀྱིས་ཡོངས་སུ་ཟིན་པར་སྣང་བའང་རང་གི་ཉམས་སུ་མྱོང་བ་མ་གཏོགས་པ། གཞན་གྱི་སྤྱོད་ཡུལ་དུ་སྣང་བ་ནི་བྱེ་བྲག་མེད་པར་དུས་ཡུན་རིང་པོར་སྣང་བར་ནུས་པ། སྒྱུ་མ་མཁན་གྱི་སྔགས་ཀྱི་མཐུ་ཆེ་བ་རྣམས་ལ་འབྱུང་སྟེ། འདི་ལྟར་རྒྱལ་པོ་ར་མ་ནའི་བུ་འབའ་ལེ་ཞེས་བྱ་བ་དྲང་སྲོང་ལ་བཅོལ་ནས། མས་གྲོང་གཞན་ཞིག་དུ་བྱ་བ་ཞིག་གི་ཕྱིར་ཕྱིན་པ་དང་། བུ་མ་ཕྱིར་འབྲངས་པ་དང་དྲང་སྲོང་གིས་མ་ཚོར་ཏེ། བུ་སྟོར་ནས་བཙལ་བས་ནི་མ་རྙེད། ཐབས་གཞན་མྱེད་ནས། སྒྱུ་མའི་བུ་འབའ་ལེ་ཅི་འདྲ་བ་ཞིག་བྱས་ཏེ་བསྡད་པ་དང་། ལྷ་མོ་སི་ཏ་ལོག་ཙམ་ན་བུ་འབའ་ལེ་ཡང་མ་ཕྱི་ནས་ཚུར་བྱུང་། བཅོལ་ས་ན་ཡང་བུ་འབའ་ལེ་ཅིག་འདུག །མས་ཀྱང་ངོ་མ་ཤེས་པར་གྱུར་ནས། ཅིག་ཀྱང་བརྫུས་ཏེ་སྐྱེས་པའི་བུ་ཅིག་ཡིན་པར་བསམས་ཏེ། གཉིས་ག་ཁྲིད་ནས་རྒྱལ་པོའི་དྲུང་དུ་ཕྱིན་ཏེ། ཞིབ་ཏུ་བསྙད་པ་དང་། རྒྱལ་པོའང་དེ་བཞིན་དུ་བསམས་ནས། དུས་ཡུན་རིང་མོར་སྲས་འབའ་ལེ་མཆེད་གཉིས་ཀྱིས་རྒྱལ་པོའི་སྲས་ཀྱི་བྱ་བ་བྱས་སོ། །འདི་ལྟ་བུའང་དྲང་སྲོང་གི་མཐུ་སྒྱུ་མ་མཁན་ལས་ཆེས་ཆེ་བས། སྒྱུ་མ་དེའང་སྒྱུ་མ་གཞན་པས་བརྟན་པར་སྣང་ངོ་། །དེ་བཞིན་དུ་སྒྱུ་མའི་གསང་སྔགས་ཀྱི་མཐུ་ནི་ཆུང་བས་བརྟན་པར་སྣང་བར་མི་ནུས་པར་ཟད་ལ། ལས་དང་ཉོན་མོངས་པའི་མཐུ་ནི་དེ་བས་ཆེས་ཆེ་བས། དེ་བས་ན་ལས་དང་ཉོན་མོངས་པས་སྤྲུལ་པ་རྣམས་ཡུན་རིང་དུ་བརྟན་པར་སྣང་བར་ཟད་དོ། །ཀུན་བརྟགས་པའི་གཟུགས་དང་དབང་འབྱོར་བའི་གཟུགས་ཀྱང་དེ་འདྲ་སྟེ། སྔོན་བྱུང་བ་རྣལ་འབྱོར་བྱ་བར་འདོད་པའི་གང་ཟག་གཅིག །སློབ་དཔོན་ལ་ལུང་ནོད་དུ་ཕྱིན་པ་དང་། སློབ་དཔོན་གྱིས་སྒོམ་ནུས་སམ་མི་ནུས་སད་པའི་ཕྱིར་སྒོམ་པའི་ལུང་མ་ཕོག་པར། འདི་སྐད་དུ་ཁྱོད་ཀྱིས་མགོ་ལ་མ་ཧེའི་རྭ་ཤིན་དུ་ཆེ་བ་གཉིས་ཡོད་པར་སྒོམས་ཤིག་ཅེས་སྨྲས་སོ། །དེས་དེ་བཞིན་དུ་མཉན་ཏེ་རང་གི་གནས་སུ་ཕྱིན་ནས་མི་གཡོ་བར་བསྒོམས་པ་དང་། ནམ་ཞིག་ཏིང་ངེ་འཛིན་ཐོབ་སྟེ། མ་ཧེའི་རྭ་མངོན་སུམ་བཞིན་དུ་གསལ་བར་གྱུརད་ཏོ། །དེ་ནས་ལག་པས་བྱུགས་པ་དང་གཟུང་དུ་རུང་བ་ནི་མི་སྣང་ངོ་། །དེའི་ཚེ་ཀུནད་བརྟགས་པའི་གཟུགས་ཅེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ཡུན་རིང་དུ་བསྒོམས་པས་ནམ་ཞིག་ན་རེག་ཏུ་རུང་བར་གྱུར་ཏོ། །དེས་བསམས་པ་མ་ཧེའི་རྭ་ནི་གྲུབ་ན། འདིས་ཇི་ལྟར་བྱ་བ་སློབ་དཔོན་ལ་དྲིའོ། །སྙམ་བསམས་ནས་སྒོར་འབྱུང་བར་གཟས་པ་ལས། སྒོ་ལ་མ་ཤོང་སྟེ། གྲོང་མི་རྣམས་སྦྲན་ནས་ངའི་སྒོ་འདི་ཤིག་ཅིག་ཅེས་སྨྲས་པ་དང་། གྲོང་མི་རྣམས་ཀྱིས་ཕྱིན་པ་ན་མི་དེའི་མགོ་ལ་མ་ཧེའི་རྭ་ཤིན་དུ་བཟང་བ་འདུག་གོ །དེ་ནས་སྒོ་བཤིག་སྟེ་སློབ་དཔོན་གྱི་དྲུང་དུ་ཕྱིན་པ་དང་། སློབ་དཔོན་ཡང་ངོ་མཚར་སྐྱེས་ཏེ་ལུང་ལེགས་པར་ཕོག་པ་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །བྱ་བ་བྱེད་ནུས་པའི་རྭ་དེ་ནི་རང་ལ་ནུས་པ་ཙམ་ན་དབང་འབྱོར་པའི་གཟུགས་ཅེས་བྱ་སྟེ་ཡིད་ཀྱི་ཡུལ་ལོ། །དེ་ཀུན་ཀྱི་ཐུན་མོང་དུ་དབང་པོ་གཟུགས་ཅན་གྱི་སྤྱོད་ཡུལ་དུ་གྱུར་ཙམ་ན། གྲུབ་པའི་གཟུགས་ཅེས་བྱ་སྟེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་གཟུགས་དང་བྱེ་བྲག་མེད་དོ། །རང་གི་རྟོག་པ་མ་ཡིན་པ་གཞན་གྱི་སྨོན་ལམ་གྱིས་ཀྱང་ལུས་འགྲུབ་སྟེ། སྔོན་བྱུང་བ་ཐ་ག་བ་ཞིག་ནགས་ཚལ་དུ་ཐགས་ཆ་གཅོད་དུ་ཕྱིན་པ་དང་། ཤིང་ལེགས་པ་རྣམས་ལ་ཤིང་འདི་ལྟ་བུ་ནི་ངའི་ཐགས་ཆ་ཙམ་གྱི་ཕྱིར་གཅད་པར་མི་རིགས་སོ་སྙམ་དུ་བསམས་ཏེ། འཚམས་པའི་ཤིང་ཚོལ་དུ་ཕྱིན་པ་དང་རྙེད་པར་མ་གྱུར་ནས། དཀའ་བས་ནགས་ཀུན་བསྐོར་བ་དང་། ནགས་ཀྱི་ལྷ་མོ་དགའ་བར་གྱུར་ནས་དྲུང་དུ་ཕྱིན་ཏེ། མི་ཁྱོད་བྱ་བ་འཕྲ་མོའི་ཕྱིར་ཤིང་ལེགས་པ་མི་གཅོད་པ་ནི་ལེགས་སོ། །དངོས་གྲུབ་ཅི་འདོད་ཅེས་སྨྲས་པ་དང་། དེས་རང་གིས་འདམ་མ་ཤེས་ཏེ་གྲོགས་པོ་ཞིག་ལ་དྲིས་པ་དང་། གྲོགས་པོ་བློ་ཆུང་སྟེ་ཡུ་བུ་ཅག་ཐ་ག་བ་ཡིན་པས། མདུན་རྒྱབ་གཉིས་གས་ཐགས་འཐག་ཤེས་པ་ཞིག་མི་རུང་ངམ་ཟེར་ནས། དེར་མཉན་ཏེ་ལྷ་མོའི་དྲུང་དུ་ཕྱིན་ནས། མདུན་རྒྱབ་གཉིས་གས་ཐགས་འཐག་ཤེས་པ་ཅིག་འཚལ་ལོ་ཞེས་བགྱིས་པ་དང་། ལྷ་མོས་དེ་བཞིན་དུ་གྱུརད་ཅིག་ཅེས་སྨྲས་མ་ཐག་དུ། ལྟག་པར་ཡང་བྱད་དབང་པོ་ཚང་བ་ཅིག་བྱུང་བར་གྱུར་ཏོ། །ལག་པ་གཉིས་དང་རྐང་པ་གཉིས་ཀྱང་རྒྱབ་དུ་བྱུང་སྟེ། མི་མ་ཡིན་པའི་ལུས་འདྲ་བ་ཅིག་དུ་གྱུརད་ཏོ། །དེས་གྲོང་དུ་ཕྱིན་པ་དང་གྲོང་མི་རྣམས་ན་རེ། འདྲེ་མངོན་སུམ་དུ་བྱུང་ངོ་ཞེས་ཟེར་ཏེ། རྡོ་རུབ་བྱས་པས་མི་དེ་ཤི་བར་གྱུརད་ཏོ། །དེ་ནས་དེ་བཞིན་དུ་བཞག་པ་དང་རོ་དེ་བརྟན་པར་འདུག་ནས། མི་རྣམས་ན་རེ་ཀྱེ་མ་འདྲེ་བསད་པ་ལ་ནི་རོ་མི་འོང་ན། འདི་ཅི་ཞིག་ཡིན་ཟེར་ཏེ་བཤས་པ་དང་། ཤ་དང་ཁྲག་དང་རུས་པ་དང་དབང་པོ་ཐམས་ཅད་ཀྱང་མི་ཉིད་དུ་འདུག་པ་ལ་ཡན་ལག་མང་བར་འདུག་ནས། གཏམ་གྲགས་པ་དང་ཐ་ག་བ་གྲུབ་པ་ཐོབ་པ་ཡིན་པར་ཐོས་སོ། །དེ་ལྟར་གཞན་གྱི་སྨོན་ལམ་གྱི་མཐུས་ཀྱང་ལས་ཀྱི་རྣམ་པར་སྨིན་པའི་ལུས་དང་བྱེ་བྲག་མེད་པར་འགྲུབ་བོ། །ཅུང་ཟད་བྱེ་བྲག་དུ་ན། ལས་དང་ཉོན་མོངས་པའི་མཐུ་ནི་དུས་ཕྱིས་སྣང་བར་འགྱུར། མཉམ་པར་བཞག་པའི་མཐུ་ཆེན་པོ་ནི་མཐོང་བའི་ཆོས་ལ་སྣང་བར་འགྱུར། བདེན་པའི་ཚིག་གྲུབ་པ་རྣམས་ཀྱི་སྨོན་ལམ་བཏབ་པའི་མཐུས་ནི་དེ་མ་ཐག་དུ་སྣང་བར་འགྱུར་རོ། །འདི་ལྟར་རྒྱུ་དང་རྐྱེན་གཞན་དང་གཞན་གྱི་དབང་གིས་སྣ་ཚོགས་སུ་སྣང་བ་ཙམ་དུ་ཟད་དོ། །སྒྱུ་མ་ཞེས་བྱ་བའི་ངེས་པའི་ཚིག་ཀྱང་། མ་ཡ་ཞེས་བྱ་བའི་སྒྲ་སླུ་ཞིང་ཡང་དག་པའ་མ་ཡིན་པའི་དོན་སྟོན་པའོ། །ནིར་མ་ན་ཞེས་བྱ་བ་རང་གི་ངོ་བོ་ཉིད་མ་ཡིན་པ་གཞན་དང་གཞན་དུ་རྣམ་པར་འཕྲུལ་པ་སྟེ་སྤྲུལ་པ་ཞེས་བྱའོ། །དེ་ལྟར་ན་སྣང་བའི་དངོས་པོ་ཐམས་ཅད་ཀྱང་རང་གི་ངོ་བོ་ཉིད་ཐོབ་པ་མེད་དེ། རྒྱུ་རྐྱེན་གཞན་དང་གཞན་གྱི་དབང་གིས་སྣང་ཞིང་། སླུ་བའི་ཆོས་ཅན་ཡང་དག་པ་མ་ཡིན་པའི་དོན་སྟོན་པ་ཁོ་ན་ཙམ་སྟེ། དེ་བས་ན་སྣང་བའི་དངོས་པོ་ཐམས་ཅད་ནི་སྒྱུ་མ་དང་སྤྲུལ་བ་དང་འགོ་མཉམ་པ་ཁོ་ན་ཙམ་དུ་ཤེས་པར་བྱའོ། །ཡང་གཞན་དག་གིས་བརྒལ་བ། རྒྱུ་དང་འབྲས་བུར་སྣང་བའི་དངོས་པོ་འདི་དག་ནི་ཡུན་རིང་དུ་བརྟན་པར་སྣང་བ་ཙམ་དུ་མ་ཟད་དེ། རྒྱུ་དང་འབྲས་བུའི་སྐད་ཅིག་མའི་རྒྱུན་ནི་དུས་ནམ་དུའང་འཆད་ཅིང་ལྡོག་པར་མི་འགྱུར་ཏེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ལའང་སྣང་བའི་ཕྱིར་དང་། གལ་ཏེ་རྒྱུན་ཆད་པར་གྱུར་ན་ཆད་པར་སྨྲ་བ་ཉིད་དུའང་འགྱུར་རོ། །དེ་ལ་འདི་བརྗོད་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པ་ནི། འདི་ལྟར་རྒྱུ་ཡོད་ན་འབྲས་བུ་འབྱུང་བར་འགྱུར་ལ། རྒྱུ་དང་རྐྱེན་འགགས་ན་འབྲས་བུའང་འགགས་པར་འགྱུར་ཏེ། འདི་ཉིད་ཙམ་མཐའ་གཉིས་བསལ་བའི་རྣམ་པར་གྲོལ་བའི་ལམ་པོ་ཆེ་ཡིན་པར་གསུངས་ཀྱི། རྒྱུ་འབྲས་ཀྱི་རྒྱུན་ནམ་ཡང་མི་ལྡོག་གོ་ཞེས་མ་གསུངས་སོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཀྱི་གསུང་རབ་མཐའ་དག་དང་། སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ་མཐའ་དག་ལ། འཇིག་རྟེན་གྱི་གཙུག་ལག་དང་མཆོད་རྟེན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱག་རྒྱས་བཏབ་པ་ནི། རྟེན་འབྲེལ་གྱི་སྙིང་པོ་ཡིན་ཏེ། འདི་ལྟར། ཡེ་ངྷ་རྨཱ་ཧེ་ཏུ་པྲ་བྷ་བཱ། ཧེ་དུན་ཏེ་ཥང་ཏ་ཐ་ག་ཏོ་ཧྱ་བ། ཏད་ཏེ་ཥན་ཙ་ཡོ་ནི་རོ་ངྷ། ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ། ཞེས་བྱ་བ་འདིས་རྒྱས་བཏབ་པ་ཐམས་ཅད། སངས་རྒྱས་ཀྱི་ཕྱག་རྒྱས་བཏབ་པར་ཤེས་སོ། །འདིའི་དོན་ནི། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེའམ། ཆོས་གང་རྒྱུས་འབྱུང་དེ་དག་ནི། །རྒྱུ་ལ་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུང་བ་དགེ་སྦྱོང་ཆེ། །ཞེས་བཤད་དེ། འདི་ལྟར་ཆོས་རྣམས་ནི་འཇིག་རྟེན་པའི་སྟོན་པ་རྣམས་ཀྱིས་བཤད་པ་ལྟར། བྱེད་པ་པོས་མ་བྱས། དབང་ཕྱུག་གིས་མ་སྤྲུལ། རང་བཞིན་གྱིས་མ་བྱུང་། དུས་ཀྱིས་མ་བསྒྱུར། རྒྱུ་མེད་པ་ལས་མ་བྱུང་སྟེ། ཆོས་རྣམས་ནི་རྒྱུ་དང་རྐྱེན་ལས་བྱུང་བར་གསུང་བ་འདིའང་། དེ་བཞིན་གཤེགས་པས་ཡིན་ཏེ་གཞན་གྱིས་མ་ཡིན་ནོ། །ཆོས་གང་རྒྱུ་འགགས་པས་འབྲས་བུ་འགག་པར་འགྱུར་བ་འདིའང་། འདི་སྐད་གསུངས་པ་དགེ་སྦྱོང་ཆེན་པོ་སངས་རྒྱས་བཅོམ་ལྡནད་འདས་ཡིན་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ན་འདི་སྐད་སྨྲ་བ་གཞན་མེད་དོ་ཞེས་བཤད་པ་སྟེ། རྒྱུ་འབྲས་ཀྱི་རྒྱུན་ནམ་ཡང་མི་ལྡོག་གོ་ཞེས་ནི་མ་གསུངས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་བཤད་པའི་མདོ་གཞན་ལས་ཀྱང་། ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་འབྱུང་ལྡན་འགྱུར་ཅིང་། །ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེའང་འདྲེན་པས་མཁྱེན་ཏེ་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་རབ་ཏུ་མི་གནས་པ། །ཐར་པའི་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་ཏེ་གསུངས། །ཞེས་གསུངས་པའི་དོན་ཡང་དེ་འདྲའོ། །དགེ་སློང་དག་འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདིར་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས་འཁོར་བ་ཇི་སྲིད་པའི་ཕུང་པོ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དང་། འདི་འགགས་པས་འདི་འགག་སྟེ་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས། འཁོར་བ་ཇི་སྲིད་པའི་ཕུང་པོ་འགག་པར་འགྱུར་རོ་ཞེས་གསུངས་པའི་དོན་ཡང་དེ་འདྲ་སྟེ། རྒྱུ་འབྲས་ཀྱི་རྒྱུན་ནམ་ཡང་མི་འཆད་དོ་ཞེས་ནི་མ་གསུངས་སོ། །མཐའ་གཉིས་བསལ་བའང་གང་ཟག་པ་འཕོ་བ་མེད་པ་ཉིད་ཀྱིས་རྟག་པའི་མཐའ་བསལ་བ་ཡིན་ཏེ། འདི་སྐད་དུ། ཁ་ཐོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བའང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་གསུངས་པ་ལྟ་བུའོ། །རྒྱུ་དང་རྐྱེན་ལས་སྐྱེ་བ་ཉིད་ཀྱིས་ཆད་པའི་མཐའ་བསལ་བ་ཡིན་ཏེ། འདི་སྐད་དུ། ཤིན་ཏུ་འཕྲ་བའི་དངོས་ལའང་། །གང་གིས་ཆད་པར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། རྐྱེན་ལས་བྱུང་བའི་དོན་མ་མཐོང་། ཞེས་བཤད་པ་ལྟ་བུ་ཡིན་ཏེ། རྒྱུ་འབྲས་ཀྱི་རྒྱུན་ནམ་ཡང་མི་འཆད་པས་ཆད་པའི་མཐའ་བསལ་བ་ཡིན་ནོ་ཞེས་ནི་མ་བཤད་དོ། །དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་སྣང་བའང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་སྣང་བ་ནི། ད་དུང་འཛིན་པ་གཉིས་ཀྱི་བག་ཆགས་མ་ཟད་པའི་དབང་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ལ་ནི། དག་པ་འཇིག་རྟེན་པའི་ཡེ་ཤེས་མངའ་འམ་མི་མངའ་བ་ཉིད་ཀྱང་བརྟག་པར་བྱ་བ་གཞན་ཡོད་དོ། །དེ་བས་ན་འདི་ལྟ་བུའི་གྲུབ་མཐའ་འཛིན་པའི་གང་ཟག་ནི། དཔེར་ན་སྐྱེས་བུ་ཕོ་རོག་གི་ཁུ་འཕྲིག་ཅན་ཞིག །ལམ་པོ་ཆེ་སྲོལ་བཏོད་པ་ཞིག་ཏུ་རྒྱུ་བ་ལས། ལམ་གྱི་གཞི་ཅུང་ཟད་ཅིག་འགྱུར་བ་མཐོང་བས། རླིབས་ཡོད་པར་དོགས་ཏེ་ལམ་གྱི་མཐར་བཟུར་བ་ལས། ཤིང་ཚལ་ཟུག་པར་གྱུར་པ་ལྟ་བུ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ། རྒྱུ་དང་རྐྱེན་ཡོད་ན་འབྲས་བུ་འབྱུང་བར་འགྱུར་ལ། རྒྱུ་དང་རྐྱེན་འགགས་ན་འབྲས་བུ་འགག་པར་འགྱུར་བ། མཐའ་གཉིས་བསལ་བར་གྱུར་པ་རྣམ་པར་གྲོལ་བ་ལམ་པོ་ཆེའི་སྲོལ་བཏོད་པར་ཞུགས་པ་ལས། འདི་ལྟར་གལ་ཏེ་རྒྱུ་འབྲས་ཀྱི་རྒྱུན་ཆད་པར་གྱུར་པ་ན་ཆད་པའི་ལྟ་བར་ལྟུང་བར་དོགས་ནས། རྒྱུན་གྱི་རྟག་པར་འཛིན་པའི་མཐའ་ལ་བཟུང་བས། དངོས་པོར་ལྟ་བའི་ཤིང་ཚལ་ཟུག་པར་གྱུར་པ་ཡིན་ནོ། །ཡང་གཞན་དག་གིས་བརྒལ་བ། ཀུན་ནས་ཉོན་མོངས་པའི་རྒྱུ་འབྲས་ཡོངས་སུ་མ་དག་པའི་སྤྱོད་ཡུལ་རྣམས་ནི། རྒྱུ་འགགས་པས་འབྲས་བུ་འགག་པར་འགྱུར་བ་བདེན་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་ལས་བསྒྲུབས་པའི་རྣམ་པར་སྨིན་པའི་སྐུ་དང་། ཡོངས་སུ་དག་པའི་ཞིང་གི་བཀོད་པ་དང་། སྐུ་གསུང་ཐུགས་མི་ཟད་རྒྱན་ཀྱི་འཁོར་ལོ་ཕུན་སུམ་འཚོགས་པར་སྣང་བ་ནི་ལྡོག་པར་མི་འགྱུར་རོ། །དེ་ལ་འདི་བརྗོད་པར་བྱ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ལུས་དང་སྤྱོད་ཡུལ་ཡོངས་སུ་དག་པ་འཛིན་ཅིང་སྣང་བའི་རྒྱུ་དང་རྐྱེན་དུ་འགྱུར་བ་ནི་བདེན་མོད་ཀྱི། སྣང་བའི་དངོས་གཞིའི་རྒྱུ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ལ་རེ་ཤིག་བསོད་ནམས་ཀྱི་ཚོགས་ནི་གང་གི་ཚེ་གནས་ངན་ལེན་གྱི་ལས་ཀྱིས་གནོད་པར་འགྱུར་བའི་གཞི་ཡོད་པ་དེའི་ཚེ། བསོད་ནམས་ཀྱི་ལས་ཀྱིས་ཀྱང་ཕན་འདོགས་པར་སྣང་སྟེ། དཔེར་ན་གཞི་རས་ཡུག་དཀར་པོ་ཡོད་ན། དྲི་མས་ཀྱང་གནོད་པ་བསྒོར་རུང་། ཁྲུས་ཀྱིས་ཀྱང་འདག་ཏུ་རུང་། ཚོན་བཟང་པོས་ཀྱང་བསྒོར་རུང་ལ། གཞི་མེད་ན་དེ་ལྟ་མ་ཡིན་པ་བཞིན་ནོ། །འདི་ལྟར་ས་དང་ཆུ་དང་དུས་ཀྱི་ཁམས་དང་ལྡན་ན། ས་བོན་སྣ་ཚོགས་རང་རང་གི་འབྲས་བུ་འབྱིན་པར་འགྱུར་ཏེ། དེ་ལས་ཆུ་ཙམ་མེད་ཀྱང་སྐྱེ་བར་མི་ནུས་སོ། །དེ་བཞིན་དུ་འཛིན་པ་གཉིས་ཀྱི་བག་ཆགས་དང་བཅས་པའི་ས་གཞི་ལ། སྲེད་པའི་རླན་གྱིས་བརླན་ན་ལས་ཀྱི་ས་བོན་ཐམས་ཅད་སྐྱེ་བར་འགྱུར་ཏེ། སྲེད་པའི་རླན་ཙམ་དང་བྲལ་ཡང་ལས་ཀྱི་ས་བོན་རྣམས་སྐྱེ་བར་མི་འགྱུར་ཏེ། །འདི་ལྟར་འཕགས་པ་དགྲ་བཅོམ་པ་རྣམས་དམིགས་པ་དང་བཅས་པའི་ས་ལ་གནས་ཀྱང་སྲེད་པའི་རླན་དང་བྲལ་བས་བསོད་ནམས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་ཕུང་པོའང་སྐྱེ་བར་མི་བྱེད་པ་བཞིན་ནོ། །གཞན་ཡང་འདི་ལྟར་ཇི་སྲིད་དུ་ཆུ་ཀླུང་གི་གནོད་པ་ཡོད་པ་དེ་སྲིད་དུ། གྲུ་གཟིངས་ཀྱིས་ཀྱང་ཕན་འདོགས་པའི་བྱ་བ་བྱེད་ལ། །ཆུ་ཀླུང་གི་གནོད་པ་དང་བྲལ་ཏེ་སྐམ་ས་ལ་འགྲོ་བ་དེའི་ཚེ་གྲུ་གཟིངས་ཀྱིས་ཀྱང་ཕན་འདོགས་པའི་བྱ་བ་མི་བྱེད་དོ། །དེ་བཞིན་དུ་གནས་ངན་ལེན་གྱི་ལས་ཀྱིས་གནོད་པ་ཡོད་པ་དེ་སྲིད་དུ། བསོད་ནམས་ཀྱི་ལས་ཀྱིས་ཀྱང་ཕན་འདོགས་པར་བྱེད་ལ། གང་གི་ཚེ་གནས་ངན་ལེན་གྱི་ལས་ཀྱིས་གནོད་པ་མེད་པ་དེའི་ཚེ༑ བསོད་ནམས་ཀྱི་ལས་ཀྱིས་ཕན་འདོགས་པའང་མེད་དོ། །གང་ཕན་གནོད་ཐམས་ཅད་དང་བྲལ་བ་དེ་ཉིད་བྱང་ཆུབ་ཅེས་སངས་རྒྱས་ཀྱིས་ཀྱང་གསུངས་ཏེ། འདི་སྐད་དུ། དཔེར་ན་ཆུས་གང་ཆུ་ཀླུང་གི། ཕ་རོལ་འགྲོ་བའི་འགྲོ་གང་དག །རྩྭ་དང་ཤིང་ལ་སོགས་བསྡུས་ནས། །ཆུ་ལས་བརྒལ་བའི་གཟིངས་བྱས་ཏེ། །དེ་ལ་འཇུག་ཏེ་ལེགས་བརྒལ་ནས། །བོར་ཏེ་བདེ་བར་འགྲོ་བ་ལྟར། །དེ་བཞིན་འཁོར་བའི་ཕ་རོལ་གྱི། །ཆོས་ཀྱི་ལམ་ནི་བསྐྱེད་ནས་ཀྱང་། །ཆོས་དང་ཆོས་མིན་རྣམ་སྤངས་ནས། །བྱང་ཆུབ་བདེ་བར་ཐོབ་པ་བཞིན། །ཞེས་གསུངས་པའམ། སྒྱུ་མ་འདྲ་བའི་དངོས་པོ་ཀུནད། །འབྱིན་དང་སྡུད་པར་བྱེད་པ་པོ། །དེས་ན་དེ་ལ་སྡིག་མི་འགྱུར། །བསོད་ནམས་དག་ཀྱང་དེ་བཞིན་ནོ། །གང་ལ་བསོད་ནམས་སྡིག་མེད་པ། །དེ་ལ་བྱང་ཆུབ་རབ་ཏུ་གསུངས། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། བྱང་ཆུབ་ཀྱི་མཚན་ཉིད་ནི་ངེས་པའི་དོན་དུ་ན། སྡིག་དང་བསོད་ནམས་གཉིས་ག་ཉེ་བར་ཞི་བའི་མཚན་ཉིད་ཙམ་ཡིན་ནོ། །བྱང་ཆུབ་ནི་ཞི་བ་མྱ་ངན་ལས་འདས་པའི་མཚན་ཉིད་ཅེས་གསུངས་པའང་འདི་ལྟ་བུ་ཡིན་ཏེ། སྒྲའི་བསྟན་ཆོས་ལས་ཀྱང་། ཎིརྦ་ན་ཞེས་བྱ་བ། མེ་ཤི་བའི་མིང་ཡང་ཡིན། དགེ་སློང་མྱ་ངན་ལས་འདས་པའི་མིང་ཡང་ཡིན་ཏེ། ཎིརྦ་ཎོ་ཨ་ག་ནི་ཞེས་བྱ་བ་མེ་ཤི་བའི་མིང་སྟེ། འདི་ལྟར་མེ་ཤི་ཞེས་བརྗོད་པ་ན། འབར་བའི་མཚན་ཉིད་ཉེ་བར་ཞི་བར་ཟད་དེ། གང་དུའང་མ་སོང་གང་ནའང་མི་གནས་པ་ཙམ་ལ་ཎྀརྦ་ཎ་ཞེས་ཟེར་རོ། །ཎིརྦ་ཎོ་བི་ཀྵུ་ཞེས་བྱ་བ་དགེ་སློང་མྱ་ངན་ལས་འདས་པའི་མིང་ཡིན་ཏེ། འདི་ལྟར་དོན་དམ་པའི་དགེ་སློང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་འབར་བ་ཉེ་བར་ཞི་བ་ཙམ་ལ་མྱ་ངན་ལས་འདས་ཞེས་བརྗོད་དོ། །གང་དུའང་མ་སོང་གང་ནའང་མི་གནས་པ་ཙམ་གྱི་མཚན་ཉིད་ལ་ཎིརྦ་ཎ་ཞེས་ཟེར་རོ། །དེ་བས་ན་བསོད་ནམས་ཀྱི་ལས་ཀྱང་སྣང་བ་དག་པར་བྱེད་པའི་རྐྱེན་ཡིན་ཡང་། དངོས་གཞིའི་རྒྱུ་དང་རྐྱེན་ནི་མ་ཡིན་ནོ། །ཡེ་ཤེས་ཀྱི་ཚོགས་ཀྱང་མ་ཡིན་ཏེ། དེ་ལ་རེ་ཤིག་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། རིགས་དང་བཤེས་གཉེན་གྱི་སྟོབས་ཀྱིས། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་རྩ་བ་ཚད་མེད་པ་བསགས་པའི་རྒྱུན་དང་། ཆོས་ཀྱི་དབྱིངས་ཕྱིན་ཅི་མ་ལོག་པ་ལ་དམིགས་པ་དང་། དྲན་པའི་དབང་ལས་སྐྱེས་པ་ཡིན་ཡང་། ཡེ་ཤེས་ཀྱི་མཚན་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་མཚན་ཉིད་དུ་སྐྱེ་བས། སྣང་བའི་རྐྱེན་དུ་མི་འཚམ་སྟེ། དཔེར་ན་བསྐལ་པའི་མེ་འབར་བ་ནི་མངོན་པར་འདུ་བྱེད་པ་རྣམས་ཀྱི་འདུ་འཕྲོད་ཀྱི་རྐྱེན་དུ་མི་འཚམ་པ་བཞིན་ནོ། །དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་གཟུང་འཛིན་དུ་སྣང་བ་དང་བཅས་ཤིང་། འཁོར་གསུམ་ཡོངས་སུ་དག་པའི་དགེ་བའི་རྩ་བ་ལ་བརྟེན་ཏེ་སྐྱེ་བས། སྣང་བ་ལ་བརྟེན་ཏེ་སྐྱེ་བ་ནི་ཡིན་མོད་ཀྱི། དེའི་མཚན་ཉིད་ནི་སྣང་བ་ཕྱིན་ཅི་ལོག་དང་བཅས་པ་ཡིན་ཡང་། མཐོང་བ་ཕྱིན་ཅི་མ་ལོག་པ་དང་ལྡན་པ་ཡིན་ཏེ། དཔེར་ན་མཁས་པ་རྣམས་ཀྱི་མདུན་དུ་འགལ་མེ་བསྐོར་བ་བཞིན་ནོ། །དེ་བས་ན་དེའང་རྐྱེན་དུ་མི་འཚམ་སྟེ། དཔེར་ན་བུད་ཤིང་མང་པོ་སྤུངས་པ་ལས་མེ་སྦར་ན། དེ་ན་ཤིང་ཚིག་པ་ཡང་ཡོད། མ་ཚིག་པ་ཡང་ཡོད། ཉེ་བར་ཚིག་པའང་ཡོད་ལ། མེ་དེའང་ཤིང་ལ་བརྟེན་ཏེ་སྐྱེ་བ་ཡིན་མོད་ཀྱི། འོན་ཀྱང་མེ་དེ་ནི་ཤིང་གི་རྒྱུན་ཡུན་རིང་དུ་གནས་པར་བྱེད་ཅིང་རྒྱས་པར་བྱེད་པའི་རྐྱེན་མ་ཡིན་ཏེ། ཤིང་ཉམས་པར་བྱེད་པའི་རྐྱེན་དུ་ཉེ་བར་གནས་སོ། །དེ་བཞིན་དུ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་། ཐོག་མ་མེད་པའི་དུས་ཀྱི་འཛིན་པའི་བག་ཆགས་ཀྱི་དབང་གིས་སྣང་བ་ས་བོན་དང་བཅས་པ་དང་། འཁོར་གསུམ་ཡོངས་སུ་དག་པའི་དགེ་བའི་རྩ་བ་ལ་བརྟེན་ནས་སྐྱེ་སྟེ། ཆོས་ཐམས་ཅད་སྒྱུ་མ་དང་སྤྲུལ་པ་ལྟ་བུར་ཁོང་དུ་ཆུད་དེ། རང་གི་ངོ་བོ་ཉིད་མེད་དེ་མིང་དང་རྒྱུ་མཚན་གྱིས་སྟོང་པ། རྒྱུ་དང་རྐྱེན་ལས་སྐྱེ་བ་ཙམ་དུ་ཐུགས་སུ་ཆུད་པ་ཡིན་པས། སྣང་བའི་རྒྱུན་རྒྱས་པར་བྱེད་པའི་རྐྱེན་དུ་མི་འཚམ་མོ། །རྒྱུ་དང་རྐྱེན་མེད་པར་སྐྱེད་པ་དང་། རྒྱུ་དང་རྐྱེན་དུ་མི་རུང་བ་ལས་སྐྱེ་བའི་ཆོས་ནི་ཅུང་ཟད་ཙམ་ཡང་མེད་དེ། དེ་བས་ན་སྣང་བའི་རྣམ་པར་ཤེས་པ་གནས་གྱུར་པའི་ཚེ། དག་པ་འཇིག་རྟེན་པའི་ཡེ་ཤེས་སྐྱེ་བའི་རྒྱུ་དང་རྐྱེན་གཞན་མི་རྙེད་དོ། གང་ཡང་འདི་སྐད་དུ་དོན་དམ་པར་སྐྱེ་བ་མི་འདོད་ན། ཀུན་རྫོབ་སྒྱུ་མ་ཙམ་དུ་སྐྱེ་བར་སྣང་བ་ལ་འགལ་བ་མེད་དོ་ཞེ་ན། དོན་དམ་པར་རང་བཞིན་མེད་ན་ཀུན་རྫོབ་དུ་སྐྱེ་བར་མི་འགྱུར་ཞེས་འགལ་བ་ནི་མེད་ན། རྒྱལ་བས་གསུངས་པའི་ཆོས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ནི། དོན་དམ་པར་འདོད་ཀྱང་རུང་ཀུན་རྫོབ་དུ་འདོད་ཀྱང་རུང་སྟེ། རྐྱེན་རྣམས་རྒྱུན་ཆད་པར་གྱུར་ཀྱང་། འབྲས་བུ་དམིགས་པར་འགྱུར་བ་ལ་འགལ་བ་མེད་པ་ནི། ཀུན་རྫོབ་ཙམ་དུ་ཡང་མེད་ལ་ཆ་ཤས་ཙམ་དུ་ཡང་ཡོད་དུ་མི་རུང་ངོ་། །དེ་བས་ན་ཡོངས་སུ་དག་པའི་སྣང་བའང་རྒྱུན་མི་འཆད་ཅེས་བརྗོད་དུ་མི་རུང་ངོ་། །ཡེ་ཤེས་ཆེན་པོའི་རྟེན་གྱི་བདག་ཉིད་རྣམ་པར་སྨིན་པའི་སྐུ་མངའ་ཞེས་ཟེར་བའང་། བདག་ཏུ་ལྟ་བ་བག་ཆགས་དང་བཅས་ནས་སྤངས་པ་ལ་ལུས་ཁོར་བུ་འཛིན་ཅིང་གནས་བེགས་གླིང་ན་གནས་པར་ཇི་ལྟར་འགྱུར། སྣང་བའི་རྒྱུན་གནས་སུ་མི་རུང་ན། དེ་བཞིན་གཤེགས་པ་རྣམས་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་མངའ་བར་གང་གིས་བསྒྲུབ། ཡོང་ནི་བློ་ཞིབ་མོས་བརྟགས་ན། དེ་བཞིན་གཤེགས་པ་རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཀྱང་མངའ་བར་བསྒྲུབ་ཏུ་མི་རུང་བར་སྣང་སྟེ། གང་གི་ཕྱིར་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་བཞག་གི་དུས་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ནི། བྱང་ཆུབ་སེམས་དཔའ་ཤེས་པ་ཚོགས་བརྒྱད་དུ་སྨྲ་བའི་གཞུང་ལྟར་ན། ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་སྨིན་པ་གནས་མ་གྱུར་པ་ས་བོན་ཐམས་ཅད་པ་ལ་བརྟེན་ནས། ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་ལ། དགེ་བའི་རྩ་བ་ཚད་མེད་པ་བསགས་པའི་ས་བོན་དང་། ཡུལ་ཆོས་ཀྱི་དབྱིངས་ཕྱིན་ཅི་མ་ལོག་པ་ལ་དམིགས་པ་དང་། དྲན་པའི་དབང་ལས་སྐྱེས་པའི་ཤེས་རབ་དང་ཏིང་ངེ་འཛིན་དང་ལྡན་པའི་ཡིད་བདག་ཏུ་ལྟ་བའི་གནས་དང་བྲལ་ཞིང་། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་སྣང་བ་དང་བྲལ་བར་སྐྱེས་པ་ན། ཟག་པ་མེད་པའི་སེམས་འཇིག་རྟེན་ལས་འདས་པའི་སེམས་སམ་ཡེ་ཤེས་ཞེས་གདགས་པ་ཐོབ་པ་ཡིན་ན། རྣམ་པར་སྨིན་པའི་ཀུན་གཞི་གནས་གྱུར་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟོག་པའི་ཡེ་ཤེས་དེའི་རིགས་མཐུན་པའི་ཡེ་ཤེས་དེ་ལྟ་བུ་རྒྱུ་རྐྱེན་གང་ལ་བརྟེན་ཏེ་སྐྱེ། གལ་ཏེ་ཀུན་གཞི་གནས་གྱུར་པ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པས། དེ་ཉིད་མི་རྟོག་པའི་ཡེ་ཤེས་ཡིན་ནོ་ཞེའམ། དེ་ཉིད་ལས་ཡིད་གནས་གྱུར་པའི་སོ་སོར་རྟོགས་པའི་ཡེ་ཤེས་དོན་དམ་པའི་བདེན་པའི་ཡུལ་ཅན་སྐྱེའོ་ཞེས་བརྟག་གྲང་ན། དེ་ཉིད་ཡིན་པར་གྱུར་ན་ནི་གནས་འཕོ་བ་འགལ་ལོ། །གལ་ཏེ་བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་ནོ་ཞེ་ན་ནི། ནན་གྱིས་ཀུན་བརྟགས་པ་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་པར་ཁུངས་དབྱུང་དུ་རུང་བར་འགྱུར་རོ། །གལ་ཏེ་དེ་ལས་སྐྱེས་པ་ཡིན་ནོ་ཞེ་ན་ནི། དེའི་རྒྱུ་དང་རྐྱེན་བཙལ་དགོས་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་དང་འདྲའོ། །གཅིག་པུར་སྨྲ་བའི་གཞུང་ལྟར་ན། དཔེར་ན་གསེར་རྔུལ་གྱི་རྡོ་ལས་མེས་བཞུ་བས་གསེར་རྔུལ་བྱུང་བ་ན། དང་པོ་རྡོར་སྣང་བ་བསྟན་པ་ལས་ཕྱིས་གསེར་བྱུང་བ་མཐོང་བ་ན། གསེར་རྔུལ་གྱི་རྒྱུ་ཅན་གྱི་རྡོ་ལས་གསེར་རྔུལ་བྱུང་ངོ་སྙམ་དུ་ཐ་སྙད་འདོགས་སོ། །དེ་ནས་གསེར་རྔུལ་གྱི་བདག་ཉིད་བརྟན་པ་ཐོབ་པ་ན། སྐབས་སུ་རྐྱེན་གྱིས་གཡའ་ལྡང་བ་མཐོང་བ་ལས། གཡའི་རྒྱུ་ཅན་གྱི་གསེར་རྔུལ་ལས་གཡའ་ལྡང་ངོ་སྙམ་དུ་ཐ་སྙད་འདོགས་སོ། །ཞིབ་མོའི་བློས་བརྟགས་ན་དེ་གཉིས་ཕན་ཚུན་རྒྱུ་དང་འབྲས་བུའི་ངོ་བོ་མ་ཡིན་ཏེ། གསེར་རྔུལ་དང་རྡོ་གཉིས་གའང་སའི་ཁམས་ཀྱི་མཚན་ཉིད་གཅིག་ཡིན་པ་ལས། མེས་ཉེན་ཅིང་ཁམས་ངན་པ་སྔོན་ལ་ཟད་པར་འགྱུར། བཟང་པོ་ཕྱི་ན་ལུས་པར་འགྱུར་བ་ལས། ཁམས་ངན་པ་ཕལ་ཆེ་བ་ན་རྡོ་ཡིན་ནོ་སྙམ་མོ། །ཁམས་བཟང་པོ་སྣང་བར་གྱུར་པ་ན་དེར་གསེར་རྔུལ་བྱུང་ངོ་སྙམ་མོ། །དེ་ནས་གསེར་རྔུལ་གྱི་བདག་ཉིད་སྣང་ནས་རྐྱེན་གྱིས་ཁམས་ངན་པ་སྣང་བ་ལ། གསེར་རྔུལ་ལས་གཡའ་ལྡང་ངོ་སྙམ་མོ། །དེ་ནས་གསེར་ཚུར་ལ་སོགས་པའི་རྐྱེན་གྱིས་དྲི་མ་མི་སྣང་བ་ན་གསེར་རྔུལ་དག་གོ་སྙམ་མོ། །དེ་བཞིན་དུ་ཤེས་པའི་ཁམས་གཅིག་ལ་ཤེས་རབ་དང་ཏིང་ངེ་འཛིན་གྱི་འདུ་བྱེད་ཀྱིས་སྦྱངས་པའི་དུས་ན། ཤེས་པའི་ཁམས་ངན་པ་སྔོན་ལ་ཟད་ཅིང་བཟང་པོ་ཕྱི་ནས་ལུས་པ་ལ། སེམས་དང་ཡེ་ཤེས་སུ་ཐ་སྙད་འདོགས་སོ། །ཡང་རྐྱེན་འགས་ནི་དྲི་མ་མི་སྣང་ལ་རྐྱེན་འགས་ནི་དྲི་མ་ལྡང་བ་ལ། རྣམ་པར་མི་རྟོག་པ་དང་དག་པ་འཇིག་རྟེན་པར་ཐ་སྙད་འདོགས་སོ། །ཚུལ་འདི་ལྟར་ནའང་ཁམས་བཟང་པོ་ཁམས་ངན་པ་དང་བྲལ་བ་མེད་དེ། གསེར་རྔུལ་ཡང་མེས་བསྲེགས་ཤིང་ཚུར་དུ་ཇེ་བཟང་དྲི་མ་ཇེ་ཆུང་འགྱུར་ཏེ། མཐར་ལྷན་ཅིག་ཟད་པར་འགྱུར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའང་ཤེས་པའི་ཁམས་གཅིག་ཡིན་པའི་ཕྱིར། ངན་པ་དང་བྲལ་བའི་བཟང་པོ་ཁོ་ན་མེད་པས། མཐར་སྣང་བར་མི་འགྱུར་རོ། །གནོད་པ་འདི་ནི་ཚོགས་བརྒྱད་དུ་འདོད་ཀྱང་གནོད་པ་ལས་མ་གྲོལ་ཏེ། ཡིད་ཟག་མེད་དུ་སྐྱེས་པས་ཀུན་གཞིའི་ས་བོན་ཐམས་ཅད་འཇོམས་པའི་དུས་ན། ཤེས་རིག་དུ་སྐྱེ་བའི་ས་བོན་ཞིག་ལྷག་མར་ལུས་པ་ནི། རྒྱུ་མཚན་གང་ཡང་རྙེད་པ་མ་མཐོང་ངོ་། །ཡོངས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེའང་། ཚུལ་གཉིས་གའི་ལྟར་ནའང་ཤེས་རིག་གི་མཚན་ཉིད་ལས་མ་འདས་པར་བསྒྲུབ་ཏུ་མི་རུང་སྟེ། འདི་ལྟར་ཡེ་ཤེས་དེ་ཚོར་བ་དང་མཚུངས་པར་ལྡན་པར་སྐྱེའམ་བྲལ་བར་སྐྱེ། གལ་ཏེ་ཚོར་བ་དང་ལྡན་ན་ནི་མི་རྟོག་པར་ཡང་ཇི་ལྟར་འགྱུར། བྲལ་ན་ནི་ཤེས་རིག་དུའང་ཇི་ལྟར་འགྱུར། ཚོར་བ་ལ་མ་ལྟོས་ན་བེམས་པོར་ཡང་ཐ་སྙད་ཇི་ལྟར་མི་གདགས། དེ་ལྟར་ན་ཚོར་བ་དང་བྲལ་བར་སྨྲ་ན་ནི་རྩོད་མི་དགོས་སོ། །ཡང་ལ་ལ་དག་འདི་སྐད་དུ། ཆོས་ཉིད་ཀྱི་བག་ཆགས་ལས་འབྱུང་ངོ་། །རང་གི་ཉེ་བར་ལེན་པའི་རྒྱུ་ལས་འབྱུང་ངོ་ཞེས་ཟེར་ན། ཆོས་ཉིད་ཀྱི་བག་ཆགས་གཞན་གྱིས་བསྒོས་པ་ཞིག་གམ་མ་བསྒོས་པ་ཞིག །བསྒོས་ན་ནི་ཆོས་ཉིད་དུའང་ཇི་ལྟར་རུང་། མ་བསྒོས་ན་ནི་རང་བཞིན་རྒྱུར་སྨྲ་བར་ཇི་ལྟར་མི་འགྱུར། ཉེ་བར་ལེན་པའི་རྒྱུ་དེ་ཡང་རྐྱེན་གཞན་གྱི་དབང་ལ་ལྟོས་པ་ཞིག་གམ་མ་ལྟོས་པ་ཞིག །མ་ལྟོས་ན་ནི་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བར་ཡང་ཇི་ལྟར་འགྱུར། བྱེད་པ་པོ་རང་དབང་ཐོབ་པ་རྒྱུར་སྨྲ་བར་ཡང་ཇི་ལྟར་མི་འགྱུར། ལྟོས་ན་ནི་རྒྱུ་རྐྱེན་སྤྱི་དང་རང་བཞིན་བྱེ་བྲག་ཏུ་གྱུརད་པ་ཅི་ཞིག་ཡོད། གལ་ཏེ་འདི་སྐད་དུ། འདི་ནི་ཆོས་ཉིད་ཀྱི་རིགས་པས་གྲུབ་པ་ཡིན་ཏེ། རིགས་པ་གཞན་གྱིས་བསྒྲུབ་ཀྱང་མི་དགོས། །གནོད་པ་བྱར་ཡང་མེད་ཞེས་ཟེར་ན་ནི། ཆོས་ཉིད་ཀྱི་རིགས་པའི་ཡུལ་དང་ཚད་དང་ཐལ་བ་ལ་སོགས་པ་འོག་ནས་འཆད་དོ། །དེ་བས་ན་རྣམ་པར་བྱང་བའི་ཆོས་སུ་སྣང་བ་རྣམས་ཀྱི་རྒྱུ་འབྲས་ཀྱི་རྒྱུན་མི་ལྡོག་གོ་ཞེས་བསྒྲུབ་ཏུ་མི་རུང་སྟེ། ཆོས་ཐམས་ཅད་ནི་སྒྱུ་མ་དང་འགོ་མཉམ་མོ། །འོ་ན་འདི་སྐད་དུ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། བྱང་ཆུབ་ཀྱི་མཚན་ཉིད་དོན་དམ་པ་ཞི་བ་མྱ་ངན་ལས་འདས་པ་འདུས་མ་བྱས་པའི་མཚན་ཉིད་དེ། ཇི་ལྟར་སྒྱུ་མ་ལྟ་བུར་བཞག་ཅེ་ན། འདིའང་བྱང་ཆུབ་ཀྱི་མཚན་ཉིད་ནི་ཐ་སྙད་དང་བྲལ་མོད་ཀྱི། འགྲོ་བ་རྣམས་ཀྱིས་བྱང་ཆུབ་ཐོབ་པ་འདུས་མ་བྱས་ཀྱི་མཚན་ཉིད་ཐོབ་ཏུ་ཡོད་དོ་ཞེས་ཐ་སྙད་ཀྱི་ཤེས་པ་ལ་དམིགས་པས། དམིགས་སུ་ཡོད་པ་ན་ཡོད་པར་སྒྲུབ་པ་ནི་སྒྱུ་མ་ལྟ་བུ་ཡིན་ཏེ། འདི་སྐད་དུ། སེམས་ནི་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དཔེར་ན་སྒྱུ་མའི་མཁན་པོ་འགས། །གྱོ་མོ་ལ་ནི་སྔགས་བཟླས་ནས། །ལེགས་པར་བྱས་པའི་གཟུགས་དག་ལ། །སྦྱོར་བ་གོམས་པས་བསྣུན་ན་ནི། །རྐང་བཞི་པ་ལ་སོགས་པའི་གཟུགས། །ཞེན་པའི་སེམས་ལ་སྣང་བར་འགྱུར། །དེ་བཞིན་བསོད་ནམས་ཡེ་ཤེས་ལས། །བྱུང་བའི་ཚོགས་ཀྱིས་བསྒོས་པའི་སེམས། །སེམས་ཅན་རྣམས་ཀྱི་བསམ་པ་ལ། །བླ་མེད་བྱང་ཆུབ་སྣང་བར་བྱེད། །ཞེས་གསུངས་པ་ལྟ་བུའམ། ཇི་སྐད་དུ་མྱ་ངན་ལས་འདས་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ནའང་། དེའང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་སྨྲའོ་ཞེས་གསུངས་པ་ལྟ་བུ་སྟེ། གང་ཡོད་པའི་ཐ་སྙད་ཀྱི་ཡུལ་དུ་གཞག་ཏུ་རུང་བ་ཐམས་ཅད་སྒྱུ་མ་ལྟ་བུ་མ་ཡིན་པ་མེད་དོ། །མྱ་ངན་ལས་འདས་པ་རང་གི་ངོ་བོའི་དབང་དུ་བརྗོད་ན་ནི། སྒྱུ་མ་ལྟ་བུའི་མཚན་ཉིད་དུ་བསྒྲུབ་པའི་མཚན་གཞི་མེད་དེ། འོན་ཀྱང་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ། ཁྱབ་པ་ངེས་པའི་ཚིག་ཏུ་གསུངས་པ་ཁ་ཅིག་ཚིག་ལྷག་མ་ཅན་དུ་གསུངས་པར་མདོ་ལས་འབྱུང་སྟེ། འདི་སྐད་དུ། །ཆུ་བོ་ཐམས་ཅད་གྱ་གྱུར་འབབ། །བུད་མེད་ཐམས་ཅད་སྒྱུ་གཅམ་བཅས། །ནགས་ཚལ་གཏོགས་པ་ཐམས་ཅད་ནི། །གདོན་མི་ཟ་བར་ཤིང་དུ་ངེས། །བྱས་པ་ཐམས་ཅད་མི་རྟག་སྟེ། །ཇི་ཙམ་སྐྱེ་བ་སྡུག་བསྔལ་བཅས། །ཆོས་ཀུན་སྒྱུ་མ་ལྟ་བུའོ། །ཞེས་ཁྱབ་པ་ངེས་པའི་ཚིག་དུ་གསུངས་ནས། ཡང་དེ་ཉིད་ཚིག་ལྷག་མ་ཅན་དུ་གསུངས་པ། །ཆུ་བོ་ཐམས་ཅད་གྱ་གྱུར་འབབ། །ནེ་ར་འཛའ་ན་དྲང་པོར་འགྲོ། །བུད་མེད་ཐམས་ཅད་སྒྱུ་གཅམ་བཅས། །དགྲ་བཅོམ་མ་ལ་སྒྱུ་གཅམ་མེད། །ནགས་ཚལ་ཐམས་ཅད་ཤིང་དུ་ངེས། །རིན་ཆེན་ནགས་ཚལ་ཤིང་མ་ཡིན། །བྱས་པ་ཐམས་ཅད་མི་རྟག་སྟེ། །བདེར་གཤེགས་སྐུ་མཆོག་རྟག་པར་བཞུགས། །ཇི་ཙམ་སྐྱེ་བ་སྡུག་བསྔལ་བཅས། །མི་རྟོག་ཡེ་ཤེས་སྐྱེས་པ་བདེ། །ཆོས་ཀུན་སྒྱུ་མ་ལྟ་བུ་སྟེ། །མྱ་ངན་འདས་པ་སྒྱུ་འཕྲུལ་བྲལ། ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་གང་མཚན་ཉིད་འཛིན་པར་ཡོད་པ་ནི་ཆོས་ཞེས་དངོས་སུ་བསྒྲུབ་ཏུ་རུང་ལ། མཚན་ཉིད་མེད་པའི་མཚན་ཉིད་ཅན་ཞེས་བརྗོད་པ་ནི་བཏགས་པ་ཙམ་དུ་ཟད་དོ། །གང་ཡང་འདི་སྐད་དུ་ཡེ་ཤེས་ཆེན་པོའི་རྒྱུན་ཙམ་ཡང་མི་དམིགས་ན། ཐུགས་རྗེ་ཆེན་པོའི་མཛད་པ་འབྱུང་བ་རྟེན་མེད་པའི་ཕྱིར། ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པར་ཇི་ལྟར་མི་འགྱུར། མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་སྒྲའང་ཇི་ལྟར་འཇུག་ཅེ་ན། དེ་ནི་འདི་ལྟར་སྔོན་ཀྱི་ལས་ཀྱིས་འཕངས་པས་འདུ་བྱེད་རྣམས་གནས་པའི་དུས་ངེས་པ་མངོན་པར་འགྲུབ་པ་ན། འགྲོ་བ་རྣམས་ཀྱི་སྤྱི་ཐུན་གྱི་ལས་ཀྱི་དབང་གིས། སྣོད་ཀྱི་འཇིག་རྟེན་བསྐལ་པ་ཆེན་པོ་གཅིག་གི་བར་དུ་འཇིག་ཆགས་སྟོངས་གནས་མཐུན་པར་འགྲུབ་པར་འཕེན་ནུས་ན། སངས་རྒྱས་རྣམས་ཀྱིས་ཐུགས་དང་པོ་བསྐྱེད་པ་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་གི་བར་དུ། ཕ་རོལ་དུ་ཕྱིན་པ་བཅུའི་སྒོ་ནས་འགྲོ་བའི་དོན་དུ་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་བསྒྲུབས་པའི་དབང་གིས། ཐུགས་རྗེའི་སྤྱོད་པ་འགག་པ་མེད་པར་འཕེན་ནུས་པ་ལ་མི་ནུས་པའི་གནས་ཀྱང་ཅི་ཞིག་ཡོད་ལ། ངོ་མཚར་བའི་གནས་ཀྱང་ཅི་ཞིག་ཡོད། ཡང་འདི་སྐད་དུ་སྣོད་ཀྱི་འཇིག་རྟེན་འགྲུབ་པ་ནི་འགྲོ་བ་རྣམས་ཀྱི་རྒྱུན་རྒྱུད་མ་ཆད་པ་ལ། འཇིག་རྟེན་མངོན་པར་འགྲུབ་པའི་ལས་དེ་ལྟར་བྱུང་བ་ཡོད་པའི་དབང་ཡིན་ནོ་ཞེ་ན། དེ་ལྟ་ན་འཇིག་རྟེན་སྟོངས་པའི་ཚེ་འཇིག་རྟེན་མངོན་པར་འགྲུབ་པར་ཇི་ལྟར་འགྱུར། ཡང་འདི་སྐད་དུ་སྔོན་གྱི་འཕེན་པའི་ལས་དང་ད་ལྟར་བྱུང་བའི་ལས་ཆ་མཉམ་པ་ལས་འཇིག་རྟེན་འགྲུབ་བོ་ཞེ་ན། དེ་ལྟ་ན་དགྲ་བཅོམ་པ་སྐྱེས་ནས་མྱ་ངན་ལས་འདས་པ་རྣམས་འདུས་མ་བྱས་ཐོབ་མ་ཐག་དུ་ལུས་ཇི་ལྟར་འཇིག་པར་མི་འགྱུར། སྐུ་གདུང་རིང་བསྲེལ་ཀྱང་ཅི་ལ་ལུས། དེ་བས་ན་སྔོན་གྱི་ལས་ཀྱི་ཤུགས་དྲག་པོས་འཕངས་པ་ནི། ད་ལྟར་བྱུང་བའི་ལས་ལ་ལྟོས་མི་དགོས་སོ། །གལ་ཏེ་ད་ལྟར་བྱུང་བའི་ལས་ཀྱི་རྩལ་དྲག་པོ་ཡོད་ནའང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལྡོག་ནུས་ནའང་འགལ་བ་མེད་དོ། །གཞན་ཡང་འདི་ལྟར་དྲང་སྲོང་འགའི་སྨོན་ལམ་གྱི་མཐུས། དྲང་སྲོང་ཤི་ནས་ལོ་བརྒྱའམ་སྟོང་འདས་ཀྱང་རུང་སྟེ། གང་དུ་སྨོན་ལམ་བཏབ་པའི་ཕྱོགས་དེར་དགེ་ཤིས་དང་གནོད་སྡིག་འབྱུང་བ་འཕེན་ནུས་ན། སངས་རྒྱས་ཐམས་ཅད་ཀྱིས་དང་པོ་སྨོན་པའི་ཐུགས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ས་དགུ་པ་སྨོན་ལམ་ཡོངས་སུ་རྫོགས་པའི་མཐར་ཐུག་པར་སྨོན་ལམ་ཚད་མེད་པ་བསྒྲུབས་པའི་མཐུས། གདུལ་བྱ་རྣམས་ལ་ཇི་ལྟར་འཚམ་པའི་འཕྲུལ་པ་སྣང་བར་འཕེན་ནུས་པ་འདི་ལ། དེ་ལྟར་མི་རུང་བའི་གནས་ཀྱང་ཅི་ཞིག་ཡོད་ལ། ངོ་མཚར་བའི་གནས་ཀྱང་ཅི་ཞིག་ཡོད། ཡང་འདི་སྐད་དུ་དྲང་སྲོང་གི་སྨོན་ལམ་གྱི་རྟེན་ཡུལ་དང་སེམས་ཅན་ལ་བྱིན་གྱིས་བརླབས་ཏེ་བཞག་པ་ཡིན་ནོ་ཞེ་ན། ཚུལ་འདི་ལ་བཀག་པ་མེད་དེ། སྨོན་ལམ་འདེབས་པ་པོ་རང་གི་རྒྱུད་ལ་མི་རྟེན་ན། སེམས་ཅན་ལ་རྟེན་བཅས་པ་འདོད་པ་ཉིད་ཡིན་ཏེ། འདི་ལྟར་སྙིང་རྗེའི་ཡུལ་ཡང་སེམས་ཅན་ཡིན་ཏེ། འདི་སྐད་དུ་འགྲོ་བ་རྣམས་ཀྱི་ཉོན་མོངས་པའི་ནད་མ་སོས་ཀྱི་བར་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་སྙུན་མི་གདངས་སོ། །ཞེས་འབྱུང་བ་དང་། སྨོན་ལམ་གྱི་མཐའ་བསྟན་པ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པར། །བདག་གི་སྨོན་ལམ་མཐའ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཡང་འདི་སྐད་དུ། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན་དུ་བཅས་པ་རྣམས་ཀྱི། རྡུལ་འཕྲ་མོ་རེ་རེ་དང་བ་སྤུའི་བུ་ག་རེ་རེ་ལའང་། ཐུགས་རྗེ་ཆེན་པོའི་བྱིན་བརླབས་གྲངས་མེད་པ་འཇུག་གོ། ཞེས་ཀྱང་བཤད་པ་ཡིན་ནོ། །འདི་དག་ཙམ་དུ་བཤད་པ་འདི་ནི་རིགས་པ་ཙམ་དུ་མ་ཟད་ཀྱི། ངེས་པའི་དོན་ཀྱི་མདོ་རྣམས་ལས་ཀྱང་གསལ་བར་མང་དུ་འབྱུང་སྟེ། འདི་སྐད་དུ། འདུས་མ་བྱས་ཀྱིས་ཕྱེ་བ་ནི། འཕགས་པའི་གང་ཟག་གོ ། ཞེའམ། སངས་རྒྱས་གཟུགས་སུ་མི་བལྟ་མཚན་དང་ནི། །རིགས་དང་རྒྱུད་དུ་མི་བརྟག་སྒྲ་དང་ནི། །ཆད་པར་འགྱུར་བ་མ་ཡིན་སེམས་དང་ནི། །རྣམ་ཤེས་ཡིད་ཀྱིས་རབ་ཏུ་ཕྱེ་མ་ཡིན། །ཆོས་ཉིད་གང་ཡིན་དེ་ནི་བཅོམ་ལྡན་འདས། ཞེའམ། ཇི་སྲིད་མཚན་ཉིད་རྣམ་བཞག་པ། །དེ་དག་བྱིས་པའི་སྤྱོད་ཡུལ་ཏེ། །གང་ཞིག་མཚན་ཉིད་ཀུན་མེད་པའི། །སངས་རྒྱས་རྣམས་ནི་མི་མཐོང་ངོ་། །ཞེའམ། དེ་བཞིན་གཤེགས་པ་དགེ་ཆོས་ཟག་མེད་ནི། །ཆོས་ཀྱི་སྐུ་མཆོག་ཡིན་ཏེ་དེ་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་མེད་དེ། །འཇིག་རྟེན་དག་ན་གཟུགས་བརྙན་ཀུན་དུ་སྣང་། །ཞེའམ། རྟག་དུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཞེའམ། གང་གིས་ང་ལ་གཟུགས་སུ་མཐོང་། །གང་གིས་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བ་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་སངས་རྒྱས་བལྟ། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་གི་ངོ་བོ་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་ཡིན་པར་ལུང་དང་རིགས་པ་གཉིས་གས་མངོན་ནོ། །དེ་ལྟ་ན་སེམས་ཅན་དང་སངས་རྒྱས་རང་བཞིན་མཉམ་སྟེ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བའོ། །ཆོས་ཐམས་ཅད་ནི་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའོ། །གང་གིས་དོན་འདི་ལྟ་བུ་རྟོགས་ཏེ། བདག་དང་སངས་རྒྱས་དབྱེར་མེད་པའི་བློ་དང་ལྡན་ཞིང་། ཕུང་པོ་ལྔ་སྒྱུ་མ་ཙམ་དུ་སྣང་བའང་དེ་བཞིན་གཤེགས་པ་ཉིད་ཡིན་པའི་བློ་དང་ལྡན་ན། ལམ་གྱི་མཆོག་ཡིན་ཏེ། གང་གིས་ཁྱད་པར་ཡོད་པར་མཐོང་བ་ནི་ལམ་གྱི་མཆོག་མ་ཡིན་ནོ། །དོན་ཀྱི་ཚུལ་འདི་ལྟ་བུ་ནི་གསང་སྔགས་ཀྱི་ཚུལ་འབའ་ཞིག་དུ་མ་ཟད་ཀྱི། ངེས་པའི་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་པ་ཡིན་ཏེ། འདི་ལྟར་འཕགས་པ་སྡོང་པོས་བརྒྱན་པའི་མདོ་ལས། །གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། ལ་ལ་དག་ཕུང་པོ་རྒྱལ་བའི་དཀྱིལ་འཁོར་དུ་བསྟན་པ་ལ་སྐུར་པ་རྣམས། འདི་ལྟ་བུའི་དོན་སྟོན་པའི་མདོ་སྡེ་རྣམས་ལའང་མཉམ་དུ་བསྐུར་དགོས་སོ། །ཡང་ལམ་གྱི་དོན་དུ་གཉེན་པོའི་དོན་ལ་དགོངས་ནས་ཀུན་བརྟགས་ཙམ་བསྒོམས་པར་བསྟན་པ་ཡིན་པར་འདོད་ན། གོང་དུ་སྨོས་པའི་ཀུན་བརྟགས་པ་དང་། དབང་འབྱོར་པའི་གཟུགས་ལ་སོགས་པ་བསྟན་པ་དང་། གཞན་ཡང་ཀུན་དུ་རྟོག་པ་དང་ཀུན་དུ་བརྟགས་པའི་མཚན་ཉིད་འོག་ནས་འཆད་དོ། །ཡང་གཞན་དག་གིས་བརྒལ་བ། ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་མེད་ཅིང་། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ན། འོ་ན་འགྲོ་བ་རྣམས་གང་གིས་བཅིངས་ཏེ་འཁོར་བའི་རྒྱ་མཚོར་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར། དེ་ལ་འདི་བརྗོད་པར་བྱ་སྟེ། འདི་ལྟར་འཆིང་བར་བྱེད་པ་མེད་ཀྱང་བཅིངས་པ་ལྟར་སྣང་བ་ལས། སྡུག་བསྔལ་མྱོང་བར་སྣང་བར་འགྱུར་ཏེ། དཔེར་ན་རྒྱལ་པོའི་བུའམ་ཁྱིམ་བདག་གི་བུ་གཞོན་ནུ་ཤེད་མ་བྱེ་བ་འདོད་པས་རྒྱགས་ཤིང་མྱོས་པ་ཞིག །རྩེད་མོའི་ཕྱིར་རང་གི་ཁྱིམ་དུ་ཞུགས་ཏེ། དེས་བང་མཛོད་ན་ཟ་མ་ཏོག་གི་ནང་ན། ནོར་བུ་རིན་པོ་ཆེ་རས་དམར་པོའི་ནང་དུ་དྲིལ་ཏེ་བཞག་པའང་ཕྱུང་སྟེ་བཏུང་བའི་ནང་དུ་བསྐྱུར། །ཟ་མ་ཏོག་གི་ཐག་པའང་འབྲས་ཆན་གྱི་ནང་དུ་བསྐྱུར། དེ་བཞིན་དུ་བྱ་བ་མང་པོས་གཡེན་སྤྱོས་ཤིང་རྩེ་བ་ལས། དེ་ཉིད་ཀྱི་རྐྱེན་ཀྱིས་བཀྲེས་པར་གྱུར་ནས་ཟས་ཚོལ་དུ་ཕྱིན་པ་ལས། འབྲས་ཆན་གྱི་ནང་ན་སྦྲུལ་འདུག་པར་མཐོང་། དེ་ནས་རབ་ཏུ་སྐྲག་སྟེ་ཕྱིར་ལོག་ནས་བཏུང་བ་ཚོལ་དུ་ཕྱིན་པ་ན། བཏུང་བ་ཁྲག་ཏུ་གྱུར་པར་མཐོང་ནས་ཡང་ཕྱིར་ལོག་སྟེ་སྐྲག་པ་དང་། བཀྲེས་པ་དང་སྐོམ་པས་ཉེན་པར་གྱུར་ནས་ངུ་ཞིང་ང་རོ་ཆེན་པོ་འདོན་ཞིང་འདུག་པ་ལས། ཉེ་གནས་ཞིག་གིས་དྲུང་ཏུ་ཕྱིན་ཏེ་སྨྲས་པ། བུ་ཁྱོད་ཅིའི་ཕྱིར་ངུ་། ང་བཀྲེས་ཤིང་སྐོམ་ནས་ཟས་ཚོལ་དུ་ཕྱིན་ན། འབྲས་ཆན་གྱི་ནང་ན་ནི་སྦྲུལ་འདུག །བཏུང་བ་ནི་ཁྲག་དུ་གྱུར་ནས་འཇིགས་ཤིང་སྐྱུག་བྲོ་ལ་བཀྲེས་ཤིང་སྐོམ་ཡང་བཟའ་བའི་དབང་མེད་དེ་ངུའོ། །དེ་ནས་ཉེ་གནས་དེས་གཞོན་ནུ་དེ་གདམ་ངག་གི་གནས་ཅུང་ཟད་ཀྱང་མེད་པ་ཞིག་ཡིན་ན་ནི། འདི་སྐད་དུ་བུ་མ་ངུ་ཤིག་ངས་སྦྲུལ་ཡང་བསལ་ཁྲག་ཀྱང་བསལ་ལ་དྲི་མ་དང་བྲལ་བའི་བཟའ་བཏུང་སྦྱིན་ནོ་ཞེས་སྨྲས་ཏེ། ཐག་པ་དང་ནོར་བུ་བསལ་ནས་བཟའ་བཏུང་བྱིན་པ་ན། གཞོན་ནུ་དེ་འདི་སྙམ་དུ་ཉེ་གནས་འདིས་དྲི་མ་བསལ་ནས། དྲི་མ་དང་བྲལ་བའི་བཟའ་བཏུང་བྱིན་ནོ་སྙམ་དུ་བསམས་ཏེ་སྡུག་བསྔལ་གྱི་འཆིང་བ་ལས་གྲོལ་ལོ། །གལ་ཏེ་གཞོན་ནུ་དེ་གདམ་ངག་བསྟན་པའི་གནས་ཅུང་ཟད་ཡོད་པ་ཞིག་ཡིན་ན་ནི། འདི་སྐད་དུ་འདི་ན་སྦྲུལ་ག་རེ། འདི་ནི་ཁྱོད་རང་གིས་བཞག་པའི་ཐག་པ་ཡིན་ན། འདི་ན་ཁྲག་ག་རེ། འདི་ནི་ཁྱོད་རང་གིས་བཞག་པའི་ནོར་བུའི་འོད་ཡིན་ན། ཞེས་བརྗོད་པ་ན། གཞོན་ནུ་དེས་བཟའ་བཏུང་རྣམས་གདོད་མ་ནས་དྲི་མ་དང་བྲལ་བར་ཤེས་ནས་བཅིངས་པ་ལས་གྲོལ་ལོ། །དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ཡང་། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་ཤེས་ཏེ་དངོས་པོར་ལྟ་བའི་དབང་གིས་ཉོན་མོངས་པས་བཅིངས་པར་སྣང་ཞིང་སྡུག་བསྔལ་མྱོང་བར་སྣང་སྟེ། འདི་ལྟར་སྒྱུ་མ་ཙམ་དུ་སྣང་བ་ལ་དངོས་པོར་ཞེན་ཏོ། །དེ་ལས་མཚན་མར་འཛིན་ཏོ། །དེ་ལས་སྨོན་ཆགས་འབྱུང་སྟེ་ཉོན་མོངས་པ་རྣམས་ཀུན་ནས་འཁྲུག་གོ །དེའི་དབང་གིས་ལས་སྣ་ཚོགས་མངོན་པར་འདུ་བྱེད་དོ། །དེའི་དབང་གིས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་བར་སྣང་བར་འགྱུར་རོ། །སྣང་བའི་དབང་གིས་ཡང་དངོས་པོར་ཞེན་པ་འབྱུང་བ་ལ་སོགས་པ་འབྱུང་བ་སྔ་མ་བཞིན་ནོ། །ཡང་འདི་སྐད་དུ། དེ་ལྟ་ན་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གྱི་མཚན་ཉིད་རྒྱུ་དང་འབྲས་བུའི་ཚུལ་དུ་འབྱུང་བ་འདི་ཉིད་ཁོ་ན་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡིན་མོད། རྫས་སུ་ཡོད་པའང་དེ་ཉིད་ཡིན་མོད་ཞེ་ན། འདི་ལྟར་དངོས་པོར་སྣང་བ་རྣམས་ལ་དངོས་གཞི་གཞན་མི་ཚོལ། དངོས་གཞིའི་ཆ་གཞན་མི་ཚོལ། ཡོན་ཏན་གྱི་ཆ་གཞན་མི་ཚོལ། རྟེན་གཞི་གཞན་མི་ཚོལ་ན། མཚན་མར་སྣང་བ་ཙམ་ལ་མཚན་ཉིད་ཅེས་འདོགས་ན་ནི་འདོགས་སུ་ཟད་དེ་བཟོད་པར་བྱའོ། །དེ་ལ་དངོས་གཞི་གཞན་ཚོལ་བ་གང་ཞེ་ན། དཔེར་ན་རས་ཡུག་སྔོན་པོ་མཐོང་བ་ན། རྣམ་པར་ཤེས་པ་ཉིད་སྔོན་པོའི་རྣམ་པར་སྣང་བ་ཙམ་མ་གཏོགས་པ། དོན་རང་གི་མཚན་ཉིད་འབྱུང་བ་ཆེན་པོ་ལས་གྲུབ་པ། བྱ་བ་བྱེད་ནུས་ཤིང་རྫས་སུ་ཡོད་པའི་དངོས་གཞི་གཞན་ཤེས་པར་བྱ་བ་ཡོད་དོ་ཞེས་ཟེར་བ་ལྟ་བུའོ། །དེ་ལ་དངོས་གཞིའི་ཆ་ལས་གཞན་སྒྲུབ་པར་བྱེད་པ་གང་ཞེ་ན། འདི་སྐད་དུ་སྣང་བ་འདི་ནི་རས་ཡུག་གི་སྔོན་པོ་ཙམ་ཡིན་གྱི། སྔོན་པོའི་ཆ་གཞན་བཻ་ཌཱུརྱ་དང་ཨིན་དྲ་ནི་ལ་དང་ལོ་མ་ལ་སོགས་པ་སྔོན་པོའི་ཆ་གཞན་དང་། རས་ཡུག་འདི་ཉིད་ཀྱིའང་སྒྲིབ་གཡོགས་ཀྱིས་མ་ཆོད་པ་ཙམ་སྣང་བར་ཟད་དེ། སྒྲིབ་གཡོགས་ཀྱིས་ཆོད་པ་རྣམས་ཀྱི་སྔོན་པོའི་ཆ་མ་མཐོང་བ་ཤེས་པར་བྱ་བ་གཞན་ཡོད་དོ་ཞེས་ཟེར་བ་ལྟ་བུའོ། །དེ་ལ་ཡོན་ཏན་གྱི་ཆ་གཞན་སྒྲུབ་པར་བྱེད་པ་གང་ཞེ་ན། འདི་སྐད་དུ། འདི་ནི་རས་ཡུག་གི་ཁ་དོག་དང་དབྱིབས་ཙམ་མཐོང་བར་ཟད་དེ། འདིའི་རིགས་དང་རྒྱུ་དང་འབྱུང་ཁུངས་དང་བཟོ་དང་ལྕི་ཡང་དང་འཇམ་རྩུབ་དང་ནུས་པ་དང་རིན་ཐང་ལ་སོགས་པ་ཤེས་པར་བྱ་བ་གཞན་ཡོད་དོ་ཞེས་ཟེར་བ་ལྟ་བུའོ། །དེ་ལ་རྟེན་གཞི་གཞན་སྒྲུབ་པར་བྱེད་པ་གང་ཞེ་ན། འདི་ལྟར་ལོ་མ་སྔོན་པོ་ལ་རས་ཡུག་སྔོན་པོར་མཐོང་བའི་ཚེ། འདི་སྐད་དུ་འདི་ནི་རས་ཡུག་སྔོན་པོ་ལྟ་བུར་སྣང་བ་སྟེ། འདིའི་དངོས་གཞི་ནི་ལོ་མ་སྔོན་པོ་ཡིན་ཏེ། མ་ཤེས་པ་ཤེས་པར་བྱ་བ་གཞན་ཡོད་དོ་ཞེས་ཟེར་བ་ལྟ་བུའོ། །འདི་ལྟར་མཚན་ཉིད་གཞན་སྒྲུབ་པར་བྱེད་པ་འདི་རྣམས་ནི། གང་ཟག་དང་ཆོས་ཀྱི་རྫས་ཡོད་པར་འདོད་པ་ལས་བྱུང་བ་ཡིན་ཏེ། དེ་ལ་དངོས་གཞི་ཆ་གཞན་སྒྲུབ་པར་བྱེད་པ་དང་ཡོན་ཏན་གྱི་ཆ་གཞན་སྒྲུབ་པར་བྱེད་པ་གཉིས་ནི། གང་ཟག་གི་རྫས་འདོད་པ་ལས་བྱུང་ངོ་། །དངོས་གཞི་གཞན་སྒྲུབ་པར་བྱེད་པ་དང་། རྟེན་གཞི་གཞན་སྒྲུབ་པར་བྱེད་པ་གཉིས་ནི། ཆོས་ཀྱི་རྫས་ཡོད་པར་འདོད་པ་ལས་འབྱུང་སྟེ། འདི་ལྟར་གང་ཟག་གི་རྫས་འདོད་པ་རྣམས་རས་ཡུག་དམིགས་པ་ན། དེ་རིགས་མི་མཐུན་པ་བུམ་པ་ལ་སོགས་ལས་ཀྱང་བཟློག །རིགས་མཐུན་པ་རས་ཡུག་གཉིས་པ་ལ་སོགས་པ་ལས་ཀྱང་བཟློག་ནས། རས་ཡུག་གི་ངོ་བོ་ཉིད་གཅིག་རྫས་སུ་སྒྲུབ་པར་བྱེད་པ་ན། ཁ་དོག་དང་རེག་བྱ་ལ་སོགས་པ་ཐམས་ཅད་ངོ་བོ་དེའི་ཡོན་ཏན་གྱི་བྱེ་བྲག་ཡིན་པར་འཛིན་ཏེ། དེ་བས་ན་ངོ་བོ་གཅིག་གི་ཡོན་ཏན་གྱི་ཆ་གཅིག་མཐོང་ཡང་ཆ་གཞན་མ་མཐོང་བར་འགྱུར་རོ། །བུམ་པ་ལ་སོགས་པ་གཞན་དང་རས་ཡུག་གཉིས་པ་ལ་སོགས་པ་གཞན་ཡང་ངོ་བོ་སོ་སོ་རེ་རེ་ཡིན་པས། དེ་རྣམས་ལ་ཡོད་པའི་སྔོན་པོའང་། རས་ཡུག་གི་སྔོན་པོ་དང་ཐ་དད་དེ་རས་ཡུག་གི་སྔོན་པོའི་དངོས་གཞི་ལས་ཆ་གཞན་ཡིན་ནོ། །དེ་བས་གང་ཟག་གི་རྫས་ཞིག་ནས་ཆོས་ཀྱི་རྫས་ཙམ་སྒྲུབ་པར་བྱེད་པ་ན། ཆ་དེ་གཉིས་ལྡོག་སྟེ། འདི་ལྟར་རས་ཡུག་སྔོན་པོ་མཐོང་ཡང་རུང་ལོ་མ་སྔོན་པོ་མཐོང་ཡང་རུང་སྟེ། རྣམ་པར་ཤེས་པ་སྔོན་པོའི་རྣམ་པར་སྐྱེས་པ་ན། དེའི་ངོ་བོ་ཉིད་མ་ལུས་པར་མཐོང་བ་སྟེ། དངོས་གཞིའི་ཆ་གཞན་མ་མཐོང་བའང་མེད་ལ་ཡོན་ཏན་གྱི་ཆ་གཞན་མཐོང་བའང་མེད་དོ། །ཞེས་བྱ་བ་འདིར་འགྱུར་རོ། །དེ་ལ་ཆོས་ཀྱི་རྫས་འདོད་པ་ན་ཕྱི་རོལ་གྱི་དོན་རྫས་སུ་འདོད་པའི་ཚེ་ནི། དངོས་གཞི་གཞན་སྒྲུབ་པར་བྱེད་པར་འགྱུར་ཏེ། གོང་དུ་བརྗོད་པ་བཞིན་དུ་རས་ཡུག་སྔོན་པོ་མཐོང་བ་ན། རྣམ་པར་ཤེས་པ་ཉིད་སྔོན་པོར་སྣང་བ་ཙམ་༼ལས་གཞན་དུ། ཞེས་རྫོགས་ཆེན་ཤིང་པར་ལ་མཆན་ཡོད།༽མ་གཏོགས་དོན་རང་གི་མཚན་ཉིད་དོན་བྱེད་ནུས་པ་རྫས་སུ་ཡོད་དོ་ཞེས་འདོད་པར་འགྱུར་རོ། །གང་གི་ཚེ་ཕྱི་རོལ་གྱི་དོན་རྫས་སུ་མེད་པར་འདོད་ལ་རྣམ་པར་ཤེས་པ་རྫས་སུ་འདོད་པ་དེའི་ཚེ། འདི་སྐད་དུ་རས་ཡུག་སྔོན་པོ་མཐོང་ན་ཁྱེད་འདོད་པ་ལྟར་ཤེས་པ་ལས་གུད་ན་རྫས་སུ་ཡོད་པ་ནི་མ་ཡིན་ཏེ། འོན་ཀྱང་རྣམ་པར་ཤེས་པ་ཉིད་སྔོན་པོ་ལྟ་བུར་སྣང་བ་ན། སྣང་བའི་དངོས་གཞི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་མཚན་ཉིད་གཞན་རྫས་སུ་ཡོད་པའི་མཚན་ཉིད་ཤེས་པར་བྱ་བ་ཡོད་དོ་ཞེས་སྒྲུབ་པར་འགྱུར་རོ། །འདི་ལྟ་བུ་དག་སྒྲུབ་པར་མི་བྱེད་ན་མཚན་མ་སྣང་བ་ཙམ་ལ་མཚན་ཉིད་དུ་འདོགས་པ་ཙམ་ལ་སྐྱོན་དུ་མི་གཟུང་ངོ་། །ཡང་གཞན་དག་གིས་བརྒལ་པ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ན། སྣང་བའི་གནས་ཀྱང་ཅི་ཞིག་ཡོད། འཁྲུལ་པའི་གནས་ཀྱང་ཅི་ཞིག་ཡོད། སྣང་བ་ལ་ཡང་སྣང་གཞི་དགོས་ལ་འཁྲུལ་པ་ལ་ཡང་འཁྲུལ་གཞི་དགོས་པ་མ་ཡིན་ནམ། དེ་ལ་འདི་བརྗོད་པར་བྱ་སྟེ། སྣང་བ་དང་འཁྲུལ་པ་ལ་གཞི་མེད་ཀྱང་། རྐྱེན་ཉེ་བར་གནས་ན་སྣང་དུ་རུང་ཞིང་འཁྲུལ་དུ་རུང་ངོ་། །དངོས་པོ་རྣམས་ཀྱི་འགལ་བ་ནི་གཞི་དངོས་པོར་མ་གྲུབ་པ་ལ། དེ་ལྟར་དངོས་པོར་གྲུབ་པ་ཅིག་བྱུང་ན་འགལ་གྱི། སྨིགས་རྒྱུ་ལྟར་སྣང་བ་ཉིད་ན་དངོས་པོ་གཟོད་མ་ནས་ཐ་མར་མ་གྲུབ་པ་བཞིན་ནོ། །ཡང་གཞི་ངོ་བོ་ཉིད་མེད་པར་རྟོགས་ལ་འཕྲལ་དུ་དངོས་པོར་འཁྲུལ་ན་ནི་འགལ་གྱི། ངོ་བོ་ཉིད་མེད་པ་ཡིན་ཡང་དེ་ལྟར་མ་རྟོགས་ཤིང་གོམས་པར་མ་བྱས་པ་ལ་འགལ་བ་ཅི་ཞིག་ཡོད། འོ་ན་སྣང་འཁྲུལ་ལ་གཞི་མི་དགོས་ན། རྐྱེན་གང་ཡིན་ཞེ་ན། འདི་གཉིས་ནི་གཅིག་གི་རྒྱུར་གཅིག་འགྱུར་ཏེ། འཁྲུལ་པའི་དབང་གིས་མེད་བཞིན་དུ་སྣང་ངོ་། །མེད་བཞིན་དུ་སྣང་བའི་དབང་གིས་བློ་དེ་འཁྲུལ་པ་ཡིན་ནོ། །འོ་ན་འདི་གཉིས་དང་པོ་གང་སྔ་ཞེ་ན། འདི་དག་ནི་འགོ་མཉམ་སྟེ། དཔེར་ན་རྨི་ལམ་ན་ཕྱི་རོལ་གྱི་དོན་མེད་བཞིན་དུ་དོན་དུ་སྣང་བའི་བློ་སྐྱེས་པ་ན། གང་གི་ཚེ་དོན་མེད་བཞིན་དུ་དོན་དུ་སྣང་བའི་རྣམ་པར་ཤེས་པ་སྐྱེས་པའི་སྐད་ཅིག་མ་དང་པོ་དེ་ཉིད་ཀྱི་ཚེ། བློ་འཁྲུལ་པར་སྐྱེས་པ་ཡིན་ནོ། །གང་གི་ཚེ་བློ་འཁྲུལ་པར་སྐྱེས་པའི་སྐད་ཅིག་མ་དང་པོ་དེ་ཉིད་ཀྱི་ཚེ། དོན་དུ་སྣང་བའི་རྣམ་པ་དང་བཅས་པར་སྐྱེས་པ་ཡིན་ནོ། །དེ་བས་ན་འདི་གཉིས་ནི་འགོ་མཉམ་མོ། །དེ་བཞིན་དུ་འགྲོ་བའི་འཁྲུལ་སྣང་ཐམས་ཅད་ཕན་ཚུན་འགོ་མཉམ་མོ། །འོ་ན་འཁྲུལ་སྣང་འདི་གང་ཞིག །གང་ན། དུས་ཇི་ཙམ་ནས་འཁྲུལ་ཅེ་ན། རེ་ཤིག་ཐ་སྙད་ཙམ་དུ་ནི་གང་སུ་ཞིག་འཁྲུལ་ན་ནི་རྒྱུད་དྲུག་གི་སེམས་ཅན་རྣམས་འཁྲུལ་ལོ། །གང་ན་འཁྲུལ་ན་ནི་ཁམས་གསུམ་གྱི་འཁོར་བ་ན་འཁྲུལ་ལོ། །དུས་ཇི་ཙམ་ནས་འཁྲུལ་ན་ནི་ཐོག་མ་མེད་པའི་དུས་ནས་འཁྲུལ་ལོ། །ཞེས་ཐ་སྙད་ཙམ་དུ་བརྗོད་པར་ཟད་དེ། དངོས་སུ་དེ་ལྟར་མ་ཡིན་ནོ། །ཇི་ལྟར་ཞེ་ན་ཡུལ་དང་དུས་དང་གང་ཟག་དུ་སྣང་བ་ཉིད་འཁྲུལ་སྣང་ཡིན་ཏེ། དཔེར་ན་རྨི་ལམ་ན་དོན་མེད་བཞིན་དུ་དོན་དུ་སྣང་བ་ན་སྣང་བའི་བྱེ་བྲག་ནི། ཡུལ་དང་དུས་དང་གང་ཟག་དུ་སྣང་བའི་སྒོ་ནས། བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བར་སྣང་སྟེ། འདི་ལྟར་གང་ཟག་བདག་དང་གཞན་རྣམས། ཡུལ་ཡིད་དུ་འོང་བའམ་མི་འོང་བའི་ས་ཕྱོགས་ཞིག་ན་གནས་ཤིང་། བདེ་བའམ་སྡུག་བསྔལ་ཉམས་སུ་མྱོང་བར་སྤྱོད་པ་དེ་དག །དུས་ཡུན་རིང་མོའམ་ཐུང་ངུ་ཞིག་ན་གནས་པར་སྣང་མོད་ཀྱི། སྣང་ཙམ་ཉིད་ན་ཡུལ་ཡང་མེད། གང་ཟག་ཀྱང་མེད། དུས་ཀྱང་མེད། བདེ་སྡུག་ཀྱང་མེད་དོ། །འོན་ཀྱང་མེད་བཞིན་དུ་ཡོད་པ་ལྟར་སྣང་ངོ་། །དེ་བཞིན་དུ་མ་རིག་པའི་གཉིད་ཀྱི་དབང་དུ་གྱུར་པའི་འགྲོ་བ་རྣམས། ཐོག་མ་མེད་པའི་དུས་ཅན་ནས་འཁོར་བར་སྣང་མོད་ཀྱི། རང་གི་ངོ་བོ་ནི་ཀུན་གཞི་སེམས་ཀྱི་སྐད་ཅིག་མ་གཅིག་ལ། འཇིག་རྟེན་མཐའ་ཡས་པར་སྣང་སྟེ། དེ་ཡང་གཟུགས་བརྙན་མེ་ལོང་གི་ཕུག་ན་གནས་པར་ཡང་སྣང་། ཁ་ན་གནས་པར་ཡང་སྣང་མོད་ཀྱི། མེ་ལོང་ལ་ཕུག་མེད་པས་གཟུགས་བརྙན་ལ་གནས་ཐ་དད་མེད་དོ། །དེ་བཞིན་དུ་སེམས་ལ་གནས་ཐ་དད་མེད་པས་འཇིག་རྟེན་ལ་རྒྱ་ཆེ་ཆུང་མེད་དོ། །དུས་ཀྱང་རྨི་ལམ་ན་དུས་ཆུ་ཚོད་གཅིག་ཙམ་ཡང་མ་འདས་པར། བསྐལ་པའམ་བསྐལ་པ་ལས་ལྷག་པའི་ཚེ་ཐུབ་པར་རྨིའང་དུས་ཡུན་རིང་མོ་འདས་པའང་མེད་ལ། བྱང་ཆུབ་སེམས་དཔའ་རྣམས་ཞག་བདུན་གྱིས་བསྐལ་པ་ཆེན་པོ་འདའ་བར་བྱིན་གྱིས་རློབས་སྟེ། ཞག་བདུན་ཀྱང་བློའི་སྣང་བ་ཙམ་བསྐལ་པ་ཆེན་པོའང་བློའི་སྣང་བ་ཙམ་སྟེ། དུས་ཡུན་རིང་མོ་ཐུང་ངུར་བསྡུས་པ་མེད་དོ། །ཞག་བདུན་ལ་བསྐལ་པ་གྲངས་མེད་པར་བྱིན་གྱིས་རློབ་སྟེ། དེའི་ཚེའང་དུས་ཐུང་ངུ་དུས་རིང་པོར་བསྲིངས་པ་མེད་དོ། །དེ་བཞིན་དུ་འཁོར་བ་ཐོག་མ་མེད་པའི་དུས་ཅན་དུ་འདོད་པ་རྣམས་ཀྱང་། བློ་དུས་ལྟར་འཁྲུལ་པ་ཙམ་དུ་ཟད་དོ། །འོ་ན་སྣང་བ་ཐམས་ཅད་འཁྲུལ་སྣང་ཡིན་ན། འཁྲུལ་པའི་བློ་ལ་ཚུལ་ཇི་ལྟར་སྣང་བར་འགྱུར་ཞེ་ན། འདི་བརྗོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། ཀུན་དུ་རྟོག་ཅན་ཡང་དག་མ་ཡིན་ཀུན་དུ་རྟོག་པས་རྩོམ་མེད་ཉམས། །བློ་གྲོས་ཕྱིན་ཅི་ལོག་དུ་གྱུརད་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། །སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། །ཞེས་གསུངས་པ་ལྟ་བུ་སྟེ། འགྲོ་བ་རྣམས་ཀྱི་སེམས་ནི་མ་རིག་པའི་དབང་དུ་སོང་བས། ཐོག་མའི་རྩོམ་པ་མེད་པ་ནས་རང་བཞིན་གྱིས་ཀུན་དུ་རྟོག་པ་ཅན་དུ་གྱུར་ཅིང་། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་བསླད་པས། དེའི་དབང་གིས་སེམས་དང་སེམས་ལས་བྱུང་བ་ཉིད་ཡུལ་གྱི་དངོས་གཞི་གསུམ་དུ་སྣང་སྟེ། དེ་ལ་དངོས་གཞི་གསུམ་ནི་སེམས་དང་སེམས་ལས་བྱུང་བ་ཉིད་ཕུང་པོ་གསུམ་དུ་སྣང་བ་ཡིན་ཏེ། གསུམ་གང་ཞེ་ན། སེམས་དང་ཡིད་དང་རྣམ་པར་རིག་པའོ། །འདི་ཡང་ཤེས་པ་ཚོགས་བརྒྱད་དུ་སྨྲ་བ་ནི། སེམས་ནི་ཀུནད་གཞི། ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད། རྣམ་པར་རིག་པ་ནི་ཚོགས་དྲུག་ཅེས་འདོད་དོ། །གཅིག་པུར་སྨྲ་བ་ནི་ཤེས་པའི་ངོ་བོ་ཉིད་གཅིག །རྒྱུ་དང་རྐྱེན་གྱི་བྲེ་བྲག་གིས་ཕྲ་རགས་སུ་སྐྱེ་བ་ཙམ་དུ་ཟད་དེ། དཔེར་ན་མཚོའི་ངོ་བོ་ཉིད་གཅིག་ལ་གཤེར་ཞིང་མཉེན་ལ་གཡོ་བ་མེད་པར་གནས་པའི་མཚན་ཉིད་དང་། རང་གི་ཉེ་བར་ལེནད་པའི་རྐྱེན་ཀྱིས་རྟག་དུ་ཅུང་ཟད་ཙམ་གཡོ་བ་དང་། ཕྱི་རོལ་གྱི་རྐྱེན་གྱིས་རླབས་དྲག་ཞན་དང་མང་ཉུང་དུ་གཡོ་བར་བྱེད་པ་བཞིན་དུ། རྣམ་པར་ཤེས་པའང་ཤེས་ཤིང་རིག་པའི་མཚན་ཉིད་ནུས་པ་སྣ་ཚོགས་ཅན་གྱི་བདག་ཉིད་དུ་གནས་པ་ནི་སེམས་ཞེས་བྱ། དེ་ཉིད་རང་གི་ཉེ་བར་ལེན་པའི་དབང་གིས་རྟག་དུ་ངར་འཛིན་པའི་བདག་ཉིད་ལ་ནི་ཡིད་ཅེས་བྱ། དེ་ཉིད་ཡུལ་དང་དབང་པོའི་སྒོ་ནས་ཕྲ་རགས་སྣ་ཚོགས་མངོན་དུ་སྐྱེ་བ་ལ་ནི། རྣམ་པར་ཤེས་པ་ཞེས་བྱ་ཞེས་ཟེར་ཏེ། དོན་བསྡུས་ན་དེ་ལྟར་ཕུང་པོ་གསུམ་གྱི་དབང་གིས་ཡུལ་གསུམ་དུ་སྣང་བ་ལ་བྱའོ། །དེ་ལ་སེམས་དོན་དུ་སྣང་བ་ནི། འདི་སྐད་དུ། འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལས་གང་གོམས་མཐུ་བརྟས་ཚེ། །སེམས་ཉིད་ཡུལ་དང་ལུས་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། །ཞེས་གསུངས་པ་སྟེ། རྣམ་པར་རིག་པ་རྣམས་ཀྱིས་འདུ་བྱེད་སྣ་ཚོགས་ཀྱི་ལས་སྣ་ཚོགས་མངོན་པར་འདུ་བྱེད་པའི་བག་ཆགས་སེམས་ལ་བསགས་པའི་དབང་གིས། སེམས་ཉིད་མཐུ་བརྟས་པར་གྱུར་པ་ན། ཕྱིའི་ཡུལ་དང་དབང་པོ་དང་བཅས་པའི་ལུས་ལྟ་བུར་སྣང་ངོ་། །འདི་ནི་འཁྲུལ་སྣང་རྟེན་གཞི་མེད་པ་ཡིན་ཏེ། རབ་རིབ་ཅན་གྱི་སྐྲ་ཤད་དང་། རྒྱལ་པོའི་དམག་མིའི་རྔ་སྒྲ་དང་། མི་སྡུག་པ་བསྒོམས་པ་རྣམས་ཀྱི་རུས་གོང་ལྟར། ཕྱི་རོལ་གྱི་རྟེན་གཞི་མེད་པར་ནང་གི་རྐྱེན་གྱི་དབང་གིས་སྣང་ངོ་། །ཡུལ་གྱི་དངོས་གཞི་གཉིས་པ་ནི། བག་ཆགས་བསགས་པའི་རྒྱུན་ལ་དམིགས་རྐྱེན་ཡིད་ལས་བརྟག་པའི་བདག་ནི་མེད། །ཅེས་གསུངས་པ་སྟེ། སེམས་བག་ཆགས་དང་བཅས་པའི་རྒྱུན་ལ་བདག་དུ་དམིགས་ཤིང་རློམ་སེམས་པ་ནི་ཡིད་དེ། འདིས་སེམས་ལ་བདག་མེད་བཞིན་དུ་བདག་ཏུ་བཟུང་བས་ན། དེའི་དབང་གིས་སྦྲུལ་ལྕེ་གཉིས་པ་བཞིན་དུ་བདག་དང་གཞན་དུ་འབྱེད་པར་བྱེད་དོ། །འདི་ནི་འཁྲུལ་སྣང་རྟེན་གཞི་དང་བཅས་པ་ཡིན་ཏེ། འགལ་མེ་ལས་འཁོར་ལོ་དང་ཐག་པ་ལས་སྦྲུལ་དུ་སྣང་བ་བཞིན་དུ། སེམས་ལ་དམིགས་ནས་བདག་དུ་སྣང་ངོ་། །ཡུལ་གྱི་དངོས་གཞི་གསུམ་པ་ནི། །འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་འཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ། །ཞེས་གསུངས་པ་སྟེ། རྣམ་པར་རིག་པ་སེམས་ལས་བྱུང་བ་དང་བཅས་པ་འདུ་བྱེད་རིགས་པར་སྐྱེ་བས་བསྒྲིབས་ནས། སེམས་དོན་དང་སེམས་ཅན་དུ་སྣང་བ་འདུ་བྱེད་ཆ་ཕྲ་བ་མ་རྟོགས་པ་ལས་དངོས་པོ་སྣ་ཚོགས་གཞན་དང་གཞན་དུ་ཞེན་པ་སྐྱེའོ། །འདི་ནི་འཁྲུལ་སྣང་རྟེན་གཞི་ཡང་དག་པ་མ་ཡིན་པ་དང་བཅས་པ་ཡིན་ཏེ། དཔེར་ན་སྨིགས་རྒྱུ་བ་ཡིན་པར་མ་ཤེས་པ་ལས་ཆུར་ཞེན་པའམ། བག་འདྲའི་རྩེད་མོ་བྱེད་ཅིང་གནས་པ་ལས། དེ་རྐྱེན་གཞན་ཞིག་གིས་བློ་དཀྲུགས་ཏེ། ཆགས་སྡང་ཆེར་སྐྱེས་པའི་སྐབས་ཞིག་དུ། རང་གིས་བྱས་པའི་བག་འདྲའི་རྩེད་མོ་སྣང་བ་ལ། སྐྱེས་པའམ་བུད་མེ་གཞན་ཞིག་དུ་མཐོང་སྟེ། དངོས་པོར་ཞེན་ཅིང་ཆགས་སྡང་སྐྱེས་པ་ལྟ་བུ་ཡིན་ནོ། །འཁྲུལ་སྣང་འདི་གསུམ་ཡང་གཅིག་གི་རྐྱེན་དུ་གཅིག་གྱུར་པ་ཡིན་ཏེ། རྣམ་པར་རིག་པའི་དངོས་པོ་རྣམས་སེམས་སྣང་བར་མ་ཤེས་ཏེ། དངོས་པོ་གཞན་དང་གཞན་དུ་ཞེན་ཅིང་། འདུ་བྱེད་སྣ་ཚོགས་ཀྱིས་ལས་ཀྱི་བག་ཆགས་སྣ་ཚོགས་སེམས་ལ་བསགས་པའི་དབང་གིས་སེམས་འཁྲུལ་པ་དོན་དང་སེམས་ཅན་དུ་སྣང་བ་བྱུང་ངོ་། །དེའི་དབང་གིས་ཡིད་བདག་དང་གཞན་དུ་རློམ་སེམས་ཤིང་འབྱེད་པར་འབྱུང་ངོ་། །དེ་གཉིས་ཀྱི་དབང་གིས་རྣམ་པར་རིག་པ་སེམས་དབང་པོར་སྣང་བ་ལ་བརྟེན་ནས་ཡུལ་དུ་སྣང་བས་འདྲ་གཞི་བྱས་ཏེ། དངོས་པོ་སྣ་ཚོགས་སུ་ཞེན་ཅིང་སྣང་ལ། ཡིད་བདག་དུ་རློམ་སེམས་པ་ལ་བརྟེན་ནས་རྣམ་པར་རིག་པ་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པ་སྐྱེ་སྟེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཟག་པ་དང་བཅས་པར་བྱིན་གྱིས་རློབ་པར་བྱེད་དོ། །དེའི་དབང་གིས་བདག་སྣ་ཚོགས་དང་ཆོས་སྣ་ཚོགས་ཀྱི་བློ་སྐྱེ་བས་སྲིད་པའི་འཁོར་ལོ་རྒྱུན་མི་འཆད་པ་ཡིན་ནོ། །འཁྲུལ་སྣང་འདི་དག་ལས་བཟློག་པར་འདོད་ན། སྣང་བ་ཐམས་ཅད་སེམས་ཉིད་སྣང་བ་ཡིན་པར་ཤེས་ཏེ། བདག་དུ་འཛིན་པའི་རྟོད་ཕུར་ཕྱུང་། དངོས་པོ་དང་མཚན་མར་ལྟ་བའི་ཞེན་པ་བཟློག་པས་སྣང་བ་མ་ལོག་ཀྱང་སེམས་ལ་བདག་དུ་ལྟ་ཞིང་ཡུལ་ལ་མཚན་མར་འཛིན་པའི་བློ་ལོག་པ་ན། གནས་ངན་ལེན་གྱི་ལས་རྣམས་ཀྱང་མཐུ་ཆུང་བར་འགྱུར་རོ། །བསོད་ནམས་ཀྱི་ལས་རྣམས་ཀྱང་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པར་འགྱུར་ཏེ། དཔེར་ན་རྨི་ལམ་ན་དོན་སྣང་བ་དག་གཉིད་ཅུང་ཟད་བསྲབས་པར་གྱུར་ནས་རྨི་ལམ་དུ་ཤེས་པ་ན། སྣང་བ་མ་ལོག་ཀྱང་ཞེན་པ་ལོག་པས་ཆགས་སྡང་སྐྱེད་མི་ནུས་པ་ལྟ་བུའོ། །དེ་ནས་ཀྱང་གཉིད་སད་པ་ན་སྣང་བ་ཉིད་ཀྱང་ལོག་ན་ཆགས་སྡང་ལྟ་ག་ལས་སྐྱེ། དེ་བཞིན་དུ་དངོས་པོར་ལྟ་བའི་ཞེན་པ་དང་བྲལ་ཏེ། སྒྱུ་མ་ཙམ་དུ་སྣང་བ་ལ་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པས་སྣང་བ་ཉིད་ཀྱང་ལོག་པར་གྱུར་པ་ན། ཉོན་མོངས་པ་དང་ལས་མངོན་པར་འདུ་བྱེད་པར་ཇི་ལྟར་འགྱུར་ཏེ། དེ་བས་ན་ཆོས་རྣམས་ཀྱི་རང་བཞིན་ཤེས་པ་དང་མ་ཤེས་པ་ཙམ་ལ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་ཐ་སྙད་བཏགས་པ་ཙམ་མ་གཏོགས་པ། འདི་ལ་བསལ་བར་བྱ་བའི་རྫས་སམ། གཞག་པར་བྱ་བའི་རྫས་ཀྱི་ངོ་བོ་གང་ཡང་མེད་དེ། འོན་ཀྱང་མ་ཤེས་པའི་དུས་ན་འཁྲུལ་སྣང་གི་ཚུལ་དེ་ལྟར་སྣང་བ་ཙམ་ཡིན་ནོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འགོ་མཉམ་པར་བསྟན་པ་ལ། བརྒལ་ལན་བསྟན་པའི་སྐབས་ཏེ་གཉིས་པའོ།། །། དེ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་མཚན་ཉིད་ཡིན་པར་རྟོགས་པ་ནི། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པར་ནུས་པ་ཡིན་ལ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འགོ་མཉམ་པ་རྟོགས་པ་ཚད་དུ་ཆུད་ཅིང་མཐར་ཕྱིན་པ་ནི་རྫོགས་པ་ཆེན་པོའི་ཚུལ་ཡིན་ནོ། །དེ་ལ་འདི་སྐད་དུ་རྫོགས་པ་ཆེན་པོའི་ཚུལ་གྱིས་འཁྲུལ་སྣང་འདི་དག་དམིགས་པར་འདོད་དམ་མི་འདོད་ཅེ་ན། ཅི་འདི་དག་སྣང་ངམ་མི་སྣང་ཅེས་འདྲི་བར་བྱེད་དམ། འོན་ཏེ་སྣང་བ་ལ་མཚན་ཉིད་ཡོད་དམ་མེད་ཅེས་འདྲི་བར་བྱེད། དེ་ལ་སྣང་ངམ་མི་སྣང་ཅེས་འདྲི་ན་ནི། མི་སྣང་ན་ལྟ་བ་སྣ་ཚོགས་ཀྱི་རྩོད་པའི་གཞི་ཅི་ལ་བྱེད་དེ། ཐུན་མོང་གི་དབང་པོའི་མཐུན་སྣང་འདི་ལ་སྣང་མི་སྣང་ནི་སུའང་མི་རྩོད་དོ། །གལ་ཏེ་སྣང་བ་ལ་མཚན་ཉིད་ཡོད་དམ་མེད་འདྲི་ན་ནི། མཚན་ཉིད་ཡོད་པར་འཛིན་ན་རྫོགས་པ་ཆེན་པོའི་ཚུལ་སྒྱུ་མ་ལྟ་བུ་མཐར་ཕྱིན་པར་རྟོགས་པར་ཡང་ཇི་ལྟར་འགྱུར་ཏེ། དེ་ལྟ་བས་ན་ལྟ་བ་མཐོན་དམན་ནི་སྣང་བ་ལ་དངོས་པོར་ཞེན་པ་ཆེ་ཆུང་གི་བྱེ་བྲག་ཙམ་སྟེ། དཔེར་ན་ཆུའི་ནང་ན་སྦྲུལ་ནག་པོའི་གཟུགས་བརྙན་སྣང་བ་ལ། ཁ་ཅིག་གིས་ནི་སྦྲུལ་ཉིད་དུ་མཐོང་སྟེ་སྐྲག་ནས་སྤོང་བར་བྱེད་དོ། །དེ་བཞིན་དུ་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་སྒྱུ་མ་ལྟ་བུ་ཡིན་ཡང་། ཉན་ཐོས་རྣམས་ཀྱིས་དངོས་པོར་མཐོང་སྟེ་སྤོང་བར་བྱེད་དོ། །ཁ་ཅིག་གིས་ནི། གཟུགས་བརྙན་དུ་ཤེས་ཀྱང་རེག་ན་ཉེས་པ་ཡོད་པར་མཐོང་ནས་སྨན་བསྟེན་ཏོ། །དེ་བཞིན་དུ་ཕ་རོལ་དུ་ཕྱིན་པའི་ཚུལ་ནི། ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་ཡང་། བྱ་བ་བྱེད་ནུས་པ་ཡོད་པར་ལྟ་བས། ཤེས་བྱ་ལ་ཡེ་ཤེས་བསྐྱེད་པ་དང་སྙིང་རྗེ་ཆེན་པོའི་སྨན་བསྟེན་པར་བྱེད་དོ། །ཁ་ཅིག་གིས་ནི། གཟུགས་བརྙན་དུ་ཤེས་པས་རེག་ཀྱང་མི་གནོད་པར་རྟོགས་ཀྱང་། ཉམ་ང་བས་རང་གིས་རེག་མི་ནུས་ཀྱི་གཞན་ལ་སྐུལ་ནི་ནུས་སོ། །དེ་བཞིན་དུ་བྱ་བ་དང་རྣལ་འབྱོར་ཕྱི་པའི་ཚུལ་གྱིས། དམན་པའི་སྤྱོད་པ་དང་རྫས་རྣམས་ལ་སྐྱོན་མེད་པར་རྟོགས་ཀྱང་། རང་གིས་བག་ཡངས་སུ་སྤྱོད་ནི་མི་ནུས། ལྷ་ལ་དབུལ་བ་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་དང་། དངོས་གྲུབ་ཀྱི་རྫས་ལ་སོགས་པར་ནི་སྤྱོད་ནུས་སོ། །ཁ་ཅིག་གིས་ནི། རེག་ན་སྐྱོན་མེད་པར་ཡང་ཤེས་རེག་ཀྱང་ནུས་ལ། ཉམ་ང་བ་དེ་ཉིད་མྱུར་དུ་མེད་པར་བྱ་བའི་ཕྱིར། ཆེད་དུ་རྫི་བའི་བརྟུལ་ཞུགས་སྤྱོད་དོ། །དེ་བཞིན་དུ་རྣལ་འབྱོར་ནང་བའི་ཚུལ་ཀྱིས་ཆོས་མཉམ་པ་ཉིད་མྱུར་དུ་ཉམས་སུ་ལོན་པར་བྱ་བའི་གཉའ་ནོན་དུ། ཆོས་ལ་དགེ་སྡིག་མེད་པ་དང་ཟས་ལ་གཙང་སྨེ་མེད་པའི་བརྟུལ་ཞུགས་ཆེད་དུ་དང་དུ་བླངས་ཏེ་སྤྱོད་དོ། །ཁ་ཅིག་གིས་ནི། གཟུགས་བརྙན་གྱི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའི་བློ་དང་ལྡན་པས་སྤྱོད་པ་དེ་དག་ཐམས་ཅད་བྱིས་པའི་སྤྱོད་པར་མཐོང་སྟེ། འདི་ལྟར་དངོས་སུ་སྤོང་བ་ལ་སོགས་པ་གཞན་ལྟ་ཞོག་གི། གཟུགས་བརྙན་གཅིག་ལ་དཔའ་དཔའ་ལྟར་རྫི་བ་དེ་ཉིད་ཀྱང་བྱིས་པའི་བློ་ཅན་དུ་མཐོང་སྟེ། བླང་བའམ་དོར་བའམ་དེའི་རྐྱེན་ཀྱིས་མངོན་པར་འདུ་བྱེད་པའི་བློ་གང་ཡང་སྐྱེད་མི་ནུས་ཤིང་། གཡོ་རྩོལ་མི་འབྱུང་ངོ་། །དེ་བཞིན་དུ་རྫོགས་པ་ཆེན་པོའི་ཚུལ་གྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤིན་དུ་འགོ་མཉམ་པ་ཉིད་དུ་རྟོགས་ཤིང་མཐར་ཕྱིན་པར་ཁོང་དུ་ཆུད་པས། དེ་བས་ན་སྣང་བའི་དབང་གིས་བློ་མི་རྨོངས་ཤིང་མངོན་པར་འདུ་བྱེད་པ་སྐྱེད་མི་ནུས་ཤིང་། མི་ལེན་མི་འདོར་མི་གཡོ་མི་རྩོལ་ལོ། །དེ་ལྟར་སྒྱུ་མ་ལྟ་བུ་མཐར་ཕྱིན་པར་རྟོགས་པ་འདི་ནི། བདེན་པ་གཉིས་དབྱེར་མེད་པར་རྟོགས་པའང་མཐར་ཕྱིན་པར་གྲུབ་པ་ཡིན་ནོ། །དེ་ཡང་ཆོས་དང་ཆོས་ཅན་བདག་ཉིད་གཅིག་པར་འདོད་པ་ཙམ་གྱིས་བདེན་པ་གཉིས་དབྱེར་མེད་པར་རྟོགས་པའི་གྲངས་སུ་མི་ཆུད་དེ། འདི་ལྟར་ཉན་ཐོས་ཀྱི་ཚུལ་ལས་ཀྱང་། འདུ་བྱེད་རྣམས་མི་རྟག་པའི་མཚན་ཉིད་དུ་འདོད་པ་ན། མི་རྟག་པ་ཉིད་འདུ་བྱེད་ལས་གཞན་ཡིན་པར་མི་འདོད་དོ། །རྣལ་འབྱོར་སྤྱོད་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་གཉིས་པོས་སྟོང་པའི་མཚན་ཉིད་ཅན་དུ་འདོད་པ་ན། སྟོང་པ་ཉིད་གཞན་དབང་ལས་གཞན་ཡིན་པར་མི་འདོད་དོ། །དེ་ལྟར་ན་ཆོས་ཅན་ལ་ཆོས་ཉིད་ཡོད་པར་འདོད་པ་དག་ཀྱང་གཞན་ཡིན་པར་མི་འདོད་ན། དབུ་མ་པ་ཆོས་རྣམས་རང་བཞིན་མེད་པ་ཉིད་ཡིན་པར་འདོད་པ་ལ། གཞན་དུ་འདོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འོན་ཀྱང་བདེན་པ་གཉིས་ཀྱི་བློ་མི་འདོར་བས། གཉིས་སུ་མེད་པར་ལྟ་བའི་གྲངས་སུ་མི་ཆུད་དེ། ནམ་ཕྱི་ནང་གི་དངོས་པོར་སྣང་བ་འདི་དག་ཀུན་དུ་བརྟགས་པའི་མཚན་ཉིད་དང་འགོ་མཉམ་པར་རྟོགས་པ་དེའི་ཚེ། བདེན་པ་གཉིས་དབྱེར་མེད་པར་ལྟ་བ་ཞེས་བྱའོ། །སྒྱུ་མ་དང་སྤྲུལ་པ་ལ་སོགས་པ་ནི་སྣང་བ་ཙམ་དམིགས་པས། དེ་དག་དང་ཕྱི་ནང་གི་དངོས་པོ་སྣང་བ་གཉིས་སྣང་བར་འདྲ་བས་མཚན་ཉིད་འགོ་མཉམ་པར་བསྒྲུབ་དུའང་རུང་ན། ཀུན་དུ་བརྟགས་པ་ནི་མུ་སྟེགས་ཅན་གྱི་བདག་རྟག་པ་ལ་སྩོགས་པ་ལྟ་བུ་གཏན་མེད་པ། སྒྲོ་སྐུར་གྱི་གནས་སུ་གྱུར་པ་རི་བོང་གི་རྭ་དང་འདྲ་བ་ཡིན་ལ། ཕྱི་ནང་གི་དངོས་པོ་འདི་དག་ནི་རྒྱུ་དང་རྐྱེན་ལས་སྐྱེ་བ་མངོན་སུམ་དང་མི་དམིགས་པས་གྲུབ་པ་ཡིན་ན། དེ་གཉིས་ཇི་ལྟར་འགོ་མཉམ་པར་བྱ། གལ་ཏེ་ཀུན་དུ་བརྟག་པའི་དངོས་གཞི་གཅིག་རྙེད་ན་ནི་མཉམ་མི་མཉམ་གཞལ་དུའང་རུང་ན། ཀུན་དུ་བརྟགས་པ་ལ་དངོས་གཞི་ཉིད་མ་གྲུབ་པར། གང་དང་གང་མཉམ་པར་བསྒྲུབ་ཅེ་ན། དེ་ལ་འདི་བརྗོད་པར་བྱ་སྟེ། ཀུན་དུ་བརྟགས་པ་དང་དོན་རང་གི་མཚན་ཉིད་པར་བསྒྲུབ་པའི་མཚན་གཞི་ནི་སྣང་བ་ཉིད་ཡིན་ཏེ། མུ་སྟེགས་ཅན་གྱི་གྲུབ་མཐའ་ཡན་ཆད་ནས། རྫོགས་པ་ཆེན་པོའི་ལྟ་བ་ལ་ཐུག་གི་བར་དུ། ལྟ་བའི་བྱེ་བྲག་ཐམས་ཅད་སྣང་བ་མཚན་ཉིད་གཞིར་བྱས་ཏེ། དེའི་མཚན་ཉིད་ཇི་ལྟར་ཡིན་པ་དང་ཇི་ལྟར་ཡོད་པ་ལ་རྩོད་དོ། །དེ་ལ་ཡིན་པ་ནི་བདེན་པར་སྒྲུབ་པའོ། །ཡོད་པ་ནི་དམིགས་པར་སྒྲུབ་པའོ། །སྣང་བ་དེ་ཉིད་ལ་གཞན་ཀྱིས་ཀུན་དུ་བརྟགས་པ་འགེགས་པར་བྱེད་པ་ན། མེད་པ་དང་མ་ཡིན་པར་འགོགས་སོ། །དེ་ལ་མེད་པར་དགག་པས་ནི་གཞན་གྱིས་ཀུན་བརྟག་པ་ཙམ་འགེགས་པར་བྱེད་དོ། །མ་ཡིན་པར་དགག་པས་ནི་དེའི་སྟེང་དུ་རང་འདོད་པའི་མཚན་ཉིད་པའང་སྒྲུབ་པར་བྱེད་དོ། །དགག་སྒྲུབ་འདི་བཞིའི་ཚུལ་ནི་འདིར་སྨོས་པ་ཙམ་སྟེ་འོག་ནས་འཆད་དོ། །འདི་ལྟར་དགག་སྒྲུབ་འདི་བཞིའི་ཚུལ་གྱིས་གཞན་གྱི་གྲུབ་མཐའ་འགེགས་ཤིང་རང་གི་གྲུབ་མཐའ་སྒྲུབ་པ་ན། ལྟ་བ་ཐམས་ཅད་ཀྱང་བྱེ་བྲག་མེད་པར་རྒྱུ་དང་རྐྱེན་ལས་འབྲས་བུ་བྱུང་བར་འདོད་པ་དང་། མངོན་སུམ་དང་མི་དམིགས་པས་གྲུབ་པར་འདོད་པར་མཐུན་པ་ལས། གང་ཞིག་གིས་མཚན་ཉིད་པར་ཡོད་པ་དང་ཡིན་པར་བསྒྲུབས་པ་དེ། གཞན་དག་གིས་དེ་ལྟ་བུའི་མཚན་ཉིད་དུ་མེད་པ་དང་མ་ཡིན་པར་བཀག་སྟེ། ཀུན་དུ་བརྟགས་པ་ཡིན་པར་སྒྲུབ་བོ། །འདི་བཞིན་དུ་ལྟ་བ་མཐོན་དམན་རིམ་པར་སྒྲུབ་པར་བྱེད་པ་ན། དང་པོ་རང་རང་གི་ལྟ་བ་ཐམས་ཅད་མཚན་ཉིད་པ་ཡིན་པར་གྲུབ་བོ། །དེ་གཞན་དང་གཞན་གྱིས་ཀུན་དུ་བརྟགས་པ་ཡིན་པར་སྒྲུབ་བོ། །དེ་བཞིན་དུ་རིམ་པར་གྲུབ་པ་ན་མཐར་དོན་གང་རང་གི་མཚན་ཉིད་པ་ཁོ་ན་ཡིན་ཏེ། ཀུན་དུ་བརྟགས་པ་མ་ཡིན་པའི་དོན་ལྷག་མ་ལུས་པའང་མི་རྙེད་དོ། །དེ་དག་ཀྱང་མུ་སྟེགས་ཅན་རྟག་པར་ལྟ་བ་བྱེད་པ་པོ་རྒྱུར་ལྟ་བ་རྣམས་ཀྱང་གཞི་རྣམ་པ་ལྔ་ལ་ལྟ་སྟེ། འདི་ལྟར་ཚངས་པ་ཆེན་པོ་རྟག །དབང་སྒྱུར་གྱི་ལྷ་རྟག །བདག་རྟག །རང་བཞིན་རྟག །རྡུལ་ཕྲ་རབ་རྟག་སྟེ། དེ་དག་ནི་རྟག་ཀྱང་རྟག་ལ་རྒྱུའང་ཡིན་ནོ། །ཕྱི་ནང་གི་དངོས་པོར་སྣང་བ་འདི་དག་ནི་དེའི་དབང་ལས་གྲུབ་ཅིང་སྤྲུལ་པའི་འབྲས་བུ་ཡིན་ཏེ་མི་རྟག་གོ །དེ་ལ་རྒྱུ་རྣམས་ནི་རྟག་དུ་རྒྱུ་ཁོ་ནའི་བྱ་བ་བྱེད་དེ་ནམ་ཡང་འབྲས་བུའི་བྱ་བ་མི་བྱེད་དོ། །ཕྱི་ནང་གི་དངོས་པོ་འདི་དག་ནི་རྒྱུན་དུ་འབྲས་བུ་ཁོ་ནའི་བྱ་བ་བྱེད་དེ་ནམ་ཡང་རྒྱུའི་བྱ་བ་མི་བྱེད་དོ། །དེ་ལྟ་ན་རྒྱུ་དང་འབྲས་བུའི་རང་གི་ངོ་བོ་ནི་སོ་སོར་ངེས་པ་ཐོབ་པའོ་ཞེས་ལྟ་སྟེ། དེ་ལྟ་ན་ཕྱི་ནང་གི་དངོས་པོ་འདི་དག་ཀྱང་རྒྱུ་དང་རྐྱེན་ལས་གྲུབ་པ། འབྲས་བུ་རང་གི་ངོ་བོ་མི་རྟག་པ་ཡིན་པར་ཡང་ལྟ་ལ། མངོན་སུམ་དང་མི་དམིགས་པས་ཀྱང་གྲུབ་པ་ཡིན་ཏེ། འདི་ལྟར་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་ནས་ལྷའི་མིག་དང་ལྡན་པར་གྱུར་པའི་དྲང་སྲོང་རྣམས་ཀྱིས། སེམས་ཅན་འཆི་འཕོ་བ་རྣམས་ལ་བལྟས་ན། གང་འཆི་འཕོ་བ་དེའི་རྡུལ་ཕྲ་རབ་བསྡུས་པ་ལས་གྱུར་པའི་ལུས་དེ་ལས། རྫུས་ཏེ་སྐྱེས་པའི་སེམས་ཅན་ཅིག་བྱུང་སྟེ་སྐྱེ་གནས་གཞན་དུ་འཕོས་པ་ལས། ཡང་རྡུལ་ཕྲ་རབ་བསྡུས་པ་ལས་གྱུར་པའི་ལུས་ཅན་སྐྱེ་བ་རྣལ་འབྱོར་གྱི་མངོན་སུམ་གྱིས་མ་དམིགས་ལ། རྫུས་ཏེ་སྐྱེས་པའི་སེམས་ཅན་འཕོ་བ་མེད་པར། རྡུལ་ཕྲ་རབ་བསྡུས་པ་ལས་གྱུར་པའི་ལུས་ཅན་སྐྱེ་བ་རྣལ་འབྱོར་གྱི་མངོན་སུམ་གྱིས་མ་དམིགས་པ་ལས། སེམས་ཅན་ཞེས་བྱ་བ་གང་ཟག་པ་འཕོ་བར་ལྟ་བར་བྱུང་སྟེ། དེས་འདི་ལྟར་སེམས་ཅན་རྟག་པ་དེའི་དབང་གིས་རྡུལ་ཕྲ་རབ་རྟག་པར་ཡོད་པ་རྣམས་བསྡུས་ནས། རྡུལ་བསྡུས་པ་ལས་གྲུབ་པའི་ཕུང་པོ་སྤྲུལ་ཅིང་བྱས་པ་ཡིན་ལ། དེ་ནས་གང་ཟག་གཞན་དུ་འཕོས་པའི་ཚེ། རྡུལ་ཕྲ་རབ་འདུས་པ་ནི་མི་རྟག་སྟེ་ཞིག་ནས། རྡུལ་ཕྲ་རབ་ཉིད་ནི་རྟག་སྟེ་ནམ་དུ་ཡང་མི་འཇིག་གོ་ཞེའོ། །ཡང་ལྷའི་མིག་དེས་སྔོན་གྱི་མཐའ་ལ་བརྟགས་ན། དང་པོ་སེམས་ཅན་གཞན་མེད་པ་ན། ཚངས་པ་ཆེན་པོ་བྱུང་བ་མཐོང་སྟེ། ཚངས་པ་ཆེན་པོ་མ་བྱུང་བའི་སྔོན་རོལ་ནི་མ་མཐོང་ངོ་། །དེ་ནས་ཚངས་པ་ཆེན་པོའི་འདོད་པ་བཞིན་དུ། འཇིག་རྟེན་ཆགས་ནས་ཚངས་པ་ཆེན་པོས་བསམས་པའང་འཇིག་རྟེན་ཐམས་ཅད་ངས་སྤྲུལ་ཏོ་སྙམ་མོ། །དེ་ལྟར་གྱུར་པ་དེ་དག་ལྷའི་མིག་གིས་མཐོང་ངོ། །དེ་ནས་ཕྱི་མའི་མཐར་བརྟགས་ན། སེམས་ཅན་གཞན་ནི་འཆི་བར་མཐོང་ལ་འཇིག་རྟེན་འདི་ཡང་འཇིག་པར་མཐོང་སྟེ། དེ་ཙམ་ནའང་ཚངས་པ་ཆེན་པོ་ནི་འཆི་བར་འདུག་པ་མཐོང་ངོ་། །དེ་མན་ཆད་ཀྱི་དུས་ནི་མ་མཐོང་ངོ་། །འདི་ལྟ་བུ་རྣལ་འབྱོར་གྱི་མངོན་སུམ་གྱིས་དམིགས་ཤིང་། རྣལ་འབྱོར་གྱི་མངོན་སུམ་གྱིས་མི་དམིགས་པས་གྲུབ་པ་ཡིན་ཏེ། འདི་དག་ཀྱང་རྒྱུ་དང་འབྲས་བུའི་དངོས་པོར་སྣང་བ་མངོན་སུམ་དང་མི་དམིགས་པས་གྲུབ་པ་ལ། ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་དང་ཡིན་པར་ལྟ་བ་ཡིན་ནོ། །དེ་ལ་སངས་རྒྱས་པ་ལས་ཉན་ཐོས་བྱེ་བྲག་དུ་སྨྲ་བའི་ལྟ་བའི་ཆར་གཏོགས་པ་གནས་མ་བུའི་སྡེ་ལ་སོགས་པ་ན་རེ། ཚངས་པ་ཆེན་པོ་དང་དབང་སྒྱུར་གྱི་ལྷ་ནི་ཡོད་ཀྱང་རྟག་པ་ཡང་མ་ཡིན་རྒྱུའང་མ་ཡིན་ནོ། །བདག་དང་རང་བཞིན་ནི་གཏན་མེད་དོ། །རྫུས་ཏེ་སྐྱེས་པའི་སེམས་ཅན་གང་ཟག་པ་ནི་ཕུང་པོ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཚུལ་དུ་ཡོད་དེ་ཆུ་དང་ཀླུ་འདྲའོ། །གང་ཟག་པ་དེ་འཕོ་བ་ནི་ཡོད་དེ་ཆུ་སྐམས་ན་ཀླུ་འབྲོས་པ་བཞིན་ནོ། །འོན་ཀྱང་དེ་ལ་སྐད་ཅིག་མའི་མི་རྟག་པ་ནི་ཡོད་དོ། །རྡུལ་ཕྲ་རབ་ལའང་འཇིག་པའི་མི་རྟག་པ་ནི་མེད། སྐད་ཅིག་མའི་མི་རྟག་པ་ནི་ཡོད་དོ་ཞེས་འདོད་དོ། །འདིའི་གྲུབ་མཐའ་ལྟར་ན་མུ་སྟེགས་ཅན་གྱིས་ཚངས་པ་ཆེན་པོ་ལ་སོགས་པ་དེ་དག་རྟག་པ་དང་རྒྱུ་ཡིན་པར་ལྟ་བ་ནི། ཀུན་དུ་བརྟགས་པ་ཡིན་ཏེ་མེད་དོ་ཞེས་མེད་པར་དགག་པས་སྒྲུབ་པར་བྱེད་དོ། །གང་ཟག་པ་ནི་ཡོད་པ་དང་དེ་འཕོ་ཞིང་མི་འཇིག་པ་དང་རྡུལ་ཕྲ་རབ་མི་འཇིག་པ་ནི་མ་ཡིན་པར་དགག་པས་བསྒྲུབས་ཏེ། དོན་དམ་པའི་མཚན་ཉིད་པ་རྫས་སུ་ཡོད་པ་དང་ཡིན་པར་སྒྲུབ་པར་བྱེད་དོ། །མང་པོར་བརྗོད་མི་དགོས་ཏེ། བྱེ་བྲག་དུ་སྨྲ་བ་ཉིད་ལའང་དེ་ལ་སོགས་པ་སྡེ་བའི་དབང་དང་། ཁ་ཆེ་བ་དང་དབུས་པ་ལ་སོགས་པ་ཡུལ་གྱི་དབང་གིས་ལྟ་བ་མི་མཐུན་པ་མང་དུ་ཡོད་ལ། མདོ་སྡེ་པའི་བར་དུ་ཡང་དེ་བཞིན་ཏེ། རེ་ཤིག་མཐར་བསྡུ་ན། ཉན་ཐོས་ཀྱི་ཚུལ་ལས། ཕྱི་ནང་གི་དངོས་པོ་འདི་དག་ལ་མུ་སྟེགས་ཅན་གྱིས་མཚན་ཉིད་པར་བཞག་པ་དེ་དག་ནི། ཀུན་དུ་བརྟགས་པ་སྟེ་གཏན་མེད་ལ། དེ་ལྟ་བུ་མ་ཡིན་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད། ཕྱི་ནང་གི་དངོས་པོ་གཉིས་སུ་གྲུབ་པ། རྒྱུ་དང་རྐྱེན་ལས་སྐྱེ་བ་མངོན་སུམ་དང་མི་དམིགས་པས་གྲུབ་པ་དངོས་པོ་རང་གི་མཚན་ཉིད་པ། དོན་དམ་པར་རྫས་སུ་གྲུབ་པར་ཡོད་པ་དང་ཡིན་པས་གྲུབ་པ་ཡིན་ནོ། །མུ་སྟེགས་ཅན་ཀྱི་རྣལ་འབྱོར་གྱི་མངོན་སུམ་དང་མི་དམིགས་པས་གྲུབ་པ་དེ་ནི། དེ་ལྟར་མཐོང་བ་ལ་ནི་ཕྱིན་ཅི་ལོག་མེད་མོད་ཀྱི། དེ་ལ་མ་དམིགས་པ་གཞན་ཞིག་ཡོད་དེ། འདི་ལྟར་འཆི་བའི་སྲིད་པ་འགག་པ་ན། དེ་ཉིད་ལ་བརྟེན་ནས་བར་མ་དོའི་སྲིད་པ་མངོན་པར་འགྲུབ་ལ། དེ་ཉིད་འགག་པ་ལ་རྟེན་ནས་སྐྱེ་བའི་སྲིད་པ་མངོན་པར་འགྲུབ་པ་ཡིན་ཏེ། ཕུང་པོ་ལྔའི་རྒྱུན་བར་ཆད་མེད་པ་ཡིན་པ་ལ། སྲིད་པ་གསུམ་པོ་གཅིག་འགག་པ་ལ་རྟེན་ནས་གཅིག་སྐྱེ་བ་འཐོབ་པའི་མཚན་ཉིད་མ་རྟོགས་པ་ལས་ཀུན་བརྟགས་འཛིན་པའི་ལྟ་བ་བྱུང་བར་ཟད་དེ། རྣལ་འབྱོར་གྱི་མངོན་སུམ་ལ་ནི་འཁྲུལ་པ་མེད་དོ། །བདག་དང་འཇིག་རྟེན་གྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རྟོག་པ་ལའང་དེ་བཞིན་ནོ། །དེ་ལ་རྣལ་འབྱོར་སྤྱོད་པའི་ཚུལ་ལས། ཕྱི་ནང་གི་དངོས་པོར་སྣང་བ་འདི་དག་ལ། ཉན་ཐོས་རྣམས་ཀྱིས་ཕྱིའི་ཡུལ་དོན་རང་གི་མཚན་ཉིད་པ་ཤེས་པ་ལས་གུད་ན་གཟུང་བར་བྱ་བའི་ངོ་བོར་རྫས་སུ་ཡོད་ལ། ཤེས་པའང་དེ་ལ་འཛིན་པར་བྱེད་པའི་ངོ་བོ་རྫས་སུ་ཡོད་དོ་ཞེས་འདོད་པ་ནི། ཀུན་དུ་བརྟགས་པ་སྟེ་གཏན་མེད་ཞེས་མེད་པར་འགགས་པར་བྱེད་ལ། དེ་མ་ཡིན་པའི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་གཉིས་མེད་ཀྱང་གཉིས་ལྟ་བུར་སྣང་བའི་མཚན་ཉིད་ཅན། རྒྱུ་དང་རྐྱེན་ལས་སྐྱེ་བ་འདི་མངོན་སུམ་དང་མི་དམིགས་པ་སྤྱི་དང་ཡང་མི་འགལ་ལ། སེམས་དང་སེམས་ལས་བྱུང་བ་ཉིད་རང་རིག་པའི་མངོན་སུམ་མ་ཡིན་ནམ། མངོན་སུམ་ཉིད་ཡང་དག་པའི་ཤེས་པ་མ་ཡིན་ནམ། དེ་ལྟ་ན་ཡང་དག་པའི་ཤེས་པ་ལ་རིགས་པ་གཞན་གྱིས་བསྒྲུབ་ཅི་ཞིག་དགོས། དེ་སུན་འབྱིན་པར་བྱེད་པའི་ཡང་དག་པའི་ཤེས་པ་གཉིས་པ་མཐུ་སྟོབས་ཀྱིས་ཆེ་བ་གཞན་གང་ཞིག་ཡོད་ཞེས་ཏེ། དོན་དམ་པ་ཉིད་དུ་རྫས་སུ་ཡོད་པ་དང་ཡིན་པར་སྒྲུབ་བོ། །དེ་ཡང་ནང་གི་བྱེ་བྲག་གིས་རྣམ་པ་བདེན་པར་སྨྲ་བ་ནི། ཇི་ལྟར་སྣང་བ་དེ་ལྟར་དོན་དམ་པར་རྫས་སུ་ཡོད་དོ་ཞེས་ཟེར། རྣམ་པ་བརྫུན་པར་སྨྲ་བ་ནི། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་དང་བཅས་པར་སྐྱེ་བ་ཡོད་པ་ནི་བདེན་ན། དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཡང་དག་པར་ནི་གཉིས་ཀྱིས་སྟོང་པ་རང་རིག་པའི་མཚན་ཉིད་འདི་དོན་དམ་པར་རྫས་སུ་ཡོད་དོ་ཞེས་ཟེར་རོ། །རྣམ་པ་མེད་པར་སྨྲ་བ་ནི། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད། གཟུང་འཛིན་གྱི་རྣམ་པ་དང་བཅས་པར་སྐད་ཅིག་ཀྱང་སྐྱེ་མ་མྱོང་སྟེ། གཟུང་འཛིན་དུ་སྣང་བ་ནི་སེམས་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཡིན་ཏེ། དེ་ཉིད་ཁོ་ན་ལ་ཀུན་དུ་བརྟགས་པ་ཞེས་ཀྱང་བྱ་སྟེ། དེ་བས་ན་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་ཀྱང་གློ་བུར་བའི་བག་ཆགས་ཡིན་ཏེ། ཀུན་དུ་བརྟགས་པའི་མཚན་ཉིད་ཡིན་ནོ། །སེམས་ཀྱི་རང་བཞིན་ནི་སེམས་ཅན་གྱི་དུས་ནའང་གསལ་བ་རང་རིག་པ་རང་བཞིན་གྱིས་གྲུབ་པ་ཡིན་ལ། འཕགས་པའི་དུས་ནའང་དེ་ལས་བོགས་དབྱུང་དུ་མེད་དེ་ཡེ་ཤེས་རྣམ་པ་དང་བྲལ་བའི་རང་བཞིན་དུ་གནས་སོ། །ཅུང་ཟད་བྱེ་བྲག་དུ་ན་སེམས་ཅན་གྱི་དུས་ན་གློ་བུར་བའི་བག་ཆགས་ཀྱིས་བསྒྲིབས་ནས་མི་གསལ་བར་ཉམས་སུ་མྱོང་ངོ་། །འཕགས་པའི་དུས་ན་གསལ་བར་ཉམས་སུ་མྱོང་ངོ་ཞེས་ཟེར་རོ། །མཐའ་བསྡུས་ན་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་པོས་སྟོང་བའི་དེ་བཞིན་ཉིད་དང་བཅས་པ། དོན་དམ་པར་རྫས་སུ་ཡོད་དོ་ཞེས་ཟེར་རོ། །དེ་ལ་དབུ་མའི་ཚུལ་ལས། ཇི་ལྟར་རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་དོན་དམ་པའི་མཚན་ཉིད་དུ་ཡོད་པ་དང་ཡིན་པར་ལྟ་བ་དེ་དག་ནི། ཀུན་དུ་བརྟགས་པ་སྟེ་གཏན་མེད་དོ་ཞེས་མེད་པར་འགེགས་པར་བྱེད། མ་ཡིན་པར་དགག་པར་བསྒྲུབ་པར་བྱ་བའི་དོན་དམ་པ་ནི་དབུ་མ་པ་མི་སྒྲུབ་བོ། །ཀུན་རྫོབ་སྒྱུ་མ་ཙམ་དུ་ཡང་དག་པའི་ཀུན་རྫོབ་རྒྱུ་དང་རྐྱེན་ལས་སྐྱེ་བ་དོན་བྱེད་ནུས་པ། མ་བརྟགས་ན་ཉམས་དགའ་བ་བརྟགས་ན་རིགས་པའི་སྤུངས་མི་བཟོད་དེ། རང་གི་ངོ་བོས་དབེན་པ་འདི་ནི་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་དང་ཡིན་པར་གྲུབ་སྟེ། མངོན་སུམ་དང་མི་དམིགས་པ་དང་ཡང་མི་འགལ་ལོ་ཞེས་ཟེར་རོ། །གསང་སྔགས་ཀྱི་ཚུལ་ལས། དོན་དམ་པར་དངོས་པོར་མ་གྲུབ་པ་ཀུན་རྫོབ་འཁྲུལ་པའི་ཤེས་པའི་སྣང་བ་ཙམ་ལ། ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་དང་ཡིན་པའི་མཚན་ཉིད་དུ་འཛིན་པ་ནི། ཀུན་དུ་བརྟགས་པ་ཡིན་ཏེ་གཏན་མེད་དོ། །གང་གི་ཕྱིར་འཁྲུལ་པའི་ཤེས་པའི་སྣང་བ་ཡིན་པ་དེའི་ཕྱིར། སྣང་བ་ལྟར་མཚན་ཉིད་དུ་གཟུང་དུ་མི་རུང་སྟེ། དཔེར་ན་རྨི་ལམ་ན་རྒྱུ་དང་རྐྱེན་ལས་སྐྱེ་བར་སྣང་བ། འདི་ལྟར་ཞིང་རྨོས་པ་ལས་ལོ་ཐོག་དང་། དུག་འཐུངས་པ་ལས་ནད་དང་། སྨན་ཟོས་པ་ལས་སོས་པ་རྣམས་རྒྱུ་དང་རྐྱེན་ལས་སྐྱེ་བར་སྣང་ངོ་། །བྱ་བ་བྱེད་པར་སྣང་བའང་དེ་ཉིད་ཀྱང་ཡིན་ནོ། །གཞན་ཡང་རྨི་ལམ་གྱི་བུམ་པའི་གཟུགས་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་ནུས་པར་སྣང་ལ། བུམ་པའི་གཟུགས་བརྙན་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་མི་ནུས་པར་སྣང་ངོ་། །དེ་ལྟ་ན་རྨི་ལམ་གྱི་གནས་སྐབས་ཙམ་ལའང་དེ་ལྟར་སྣང་བ་ནི་བསྒྲུབ་ཀྱང་མི་དགོས་ལ། མཚན་ཉིད་བྱེ་བྲག་དུ་གྱུར་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་ཕྱི་ནང་གི་དངོས་པོ་རྒྱུ་དང་རྐྱེན་ཀྱིས་སྐྱེ་བར་སྣང་བ་དང་། དོན་བྱེད་ནུས་པ་དང་མི་ནུས་པར་སྣང་བའི་བྱེ་བྲག་འདི་དག་ཀྱང་། སྣང་བ་ཙམ་ནི་མཁས་པ་པཎ་ཊི་ཏ་ནས་བླུན་མོ་བ་གླང་རྫི་ཡན་ཆད་གང་ཡང་རུང་སྟེ། ལས་ཀྱི་བསྒོ་སྐལ་ལ་སྤྱོད་པ་མཐུན་པར་སྣང་བ་དང་། ཡོངས་སུ་དག་པ་དང་མ་དག་པ་ལ་སོགས་པ་སྣང་བ་བྱེ་བྲག་མཐུན་པ་རྣམས་ལ་སྣང་ངོ་ཞེས་བསྒྲུབ་མི་དགོས་ཏེ། མཚན་ཉིད་སྣ་ཚོགས་རྣམ་པར་འཇོག་པའི་མཚན་གཞི་ཡིན་ནོ། །མཚན་ཉིད་ནི་ཇི་ལྟར་སྣང་བ་དེ་ལྟར་བསྒྲུབ་པ་རྡུལ་འཕྲ་མོ་ཙམ་ཡང་མེད་དོ། །དེ་བས་ན་དངོས་པོ་རང་གི་མཚན་ཉིད་པར་བཞག་པ་ཐམས་ཅད་ཀུན་དུ་བརྟགས་པའི་མཚན་ཉིད་པར་མ་གྱུར་པ་མཐར་འགའ་ཡང་མེད་དོ། །དེ་བས་ན་ཤེས་བྱ་རྣམས་ལ་ཀུན་དུ་བརྟགས་པས་སྟོང་པའི་རང་གི་མཚན་ཉིད་པ། ཡོད་པ་དང་ཡིན་པར་བསྒྲུབ་དུ་རུང་བར་མེད་པར་དགག་པས་བསྟན་པའི་གཞིར་གྱུར་པ་འགའ་འང་ལྷག་མ་མི་ལུས་སོ། །སྣང་བ་ཙམ་ནི་ལས་གྱི་བསྒོ་སྐལ་ལ་སྤྱོད་པ་མི་མཐུན་པ་རྣམས་ལ་མཚན་ཉིད་པར་བཞག་པ་རྣམས་ཀྱང་མི་སྣང་ངོ་། །ཀུན་དུ་བརྟགས་པར་བཞག་པ་རྣམས་ཀྱང་རྟོག་པ་ཅུང་ཟད་རྟས་པ་རྣམས་ལའང་སྣང་ངོ་། །ཡང་དག་པའི་ཀུན་རྫོབ་རྒྱུ་དང་རྐྱེན་ལས་སྐྱེ་བ་དོན་བྱེད་ནུས་པའི་མཚན་ཉིད་ཡོད་པར་བཤད་པ་འདི་དག །ཀུན་དུ་བརྟགས་པའི་མཚན་ཉིད་ཡིན་པར་གསང་སྔགས་ཀྱི་ཚུལ་ལས་སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་པ་ཅུང་ཟད་ཙམ་བརྗོད་པར་བྱ་སྟེ། དེ་ལ་དབུ་མའི་ཚུལ་ལས་ཕྱི་ནང་གི་དངོས་པོ་འདི་དག་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཕྱིར་དོན་དམ་པར་སྐྱེ་བ་ནི་མེད། ཀུནད་རྫོབ་དུ་རྒྱུ་དང་རྐྱེན་ཀྱི་དབང་ལས་སྐྱེ་ཞིང་འགག་སྟེ། མི་རྟག་པ་རྣམ་པར་འགྱུར་པའི་ཆོས་ཅན་ནོ་ཞེས་འདོད་པ་དེ་ཉིད་ལས་བརྩམས་ཏེ་གསུངས་པ། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགག་པར་འགྱུར་ཞེས་པ། །ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད། །ཞེས་བྱ་བ་ལ་སོགས་པའོ། །འོ་ན་རྒྱུ་འབྲས་སུ་སྣང་བ་འདིའི་མཚན་ཉིད་ཅི་ཞེ་ན། དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོག་པའི་སེམས་ཉིད་ནི། རྒྱུ་དང་རྐྱེན་དུ་སྣང་སྟེ། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལས། ཆོས་ཐམས་ཅད་ནི་ཀུན་ཏུ་བརྟགས་པ་ཙམ་མོ། །བརྟགས་པ་ཙམ་གང་ཡིན་པ་དེ་ཉིད་ཀྱང་ཀུན་དུ་རྟོག་པ་ཙམ་མོ། །ཀུན་དུ་རྟོག་པ་རྣམས་ཀྱི་རང་གི་ངོ་བོ་གང་ཡིན་པ་ནི་ཀུན་ཏུ་བརྟགས་པའི་མཚན་ཉིད་དེ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་གཏན་མེད་དོ། །ཀུན་དུ་བརྟགས་པ་དེ་ཉིད་ཤེས་བྱའི་ཆོས་ཀྱི་མཚན་ཉིད་ཀྱང་ཡིན་ནོ། །ལམ་ཡང་ཡིན་ནོ། །འབྲས་བུའང་ཡིན་ནོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལ་གནས་པའི་རྣལ་འབྱོར་པས། ཀུན་ཏུ་བརྟགས་པ་ཙམ་གྱི་བློ་ལ་བརྟེན་ནས་ཤེས་བྱ་ལ་བལྟ་བར་བྱའོ། འབྲས་བུ་མངོན་དུ་བྱའོ། །འོ་ན་ཆོས་ཀྱི་མཚན་ཉིད་འདི་ལྟ་བུར་བདེན་ན། རྒྱལ་བ་རྣམས་ཀྱིས་ཀྱང་ཐོག་མ་ཉིད་དུ་དེ་ལྟར་ཅི་སྟེ་མི་བསྟན་ཅེ་ན། ཤེས་རབ་དང་མོས་པ་ཟབ་ཅིང་རྒྱ་ཆེ་བ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། གང་ཟག་ཉོན་མོངས་པས་ཁེངས་ཤིང་ཉོན་མོངས་པར་བྱས་པ་རྣམས་ལ་བསྟན་པར་གྱུར་ན། ཆད་པར་སྨྲ་བ་ཉིད་དང་བྱེ་བྲག་མེད་དེ། འགྲོ་བའི་རྒྱུད་ཆུད་གསོན་པར་འགྱུར་ཏེ། རྣམ་པར་དཀར་བའི་རྩོལ་བ་ཐམས་ཅད་ཟློག་པར་བྱེད་དོ། །དེ་བས་ན་ཀུན་ལ་བསྟན་པར་བྱ་བ་མ་ཡིན་པ་དང་། རྟོགས་པར་དཀའ་བའི་ཕྱིར་གསང་སྔགས་ཀྱི་ཚུལ་ཞེས་བྱའོ། །དེ་བས་ན་དངོས་པོར་ཞེན་པ་རྣམས་ཀྱི་བློ་ཁད་དང་རིམས་ཀྱིས་གཞུག་དགོས་ཏེ། དཔེར་ན་མི་ཆུས་ཁྱེར་བ་ཞིག་གིས་རྟེན་ས་བཙལ་བ་ལས། ཤིང་ཆུར་འགྱེལ་བ་ཞིག་གི་རྩེ་མོ་ལ་ཟིན་ཏེ། དེས་བསམ་པ་རྩེ་མོ་འདི་ནི་རབ་དུ་མི་བརྟན་པས་རྟེན་མི་ནུས་ཏེ། མྱུར་དུ་འདི་བོར་ལ་རྩ་བའི་ཆ་ལ་འཇུས་ཏེ་སྐམ་ས་ལ་འབྱུང་ངོ་སྙམ་ནས་རིམས་ཀྱིས་རྩ་བའི་དྲུང་དུ་ཉེ་བར་ཕྱིན་པ་དང་། རྩ་བ་དྲུངས་བྱུང་དུ་ཆུས་ཁྱེར་རོ། །དེ་ནས་བལྟས་ན་རྩ་བའི་ཆ་ཉིད་ཆུར་བྱིང་བར་གྱུར། རྩེ་མོའི་ཆུ་ཁར་བྱུང་བ་མཐོང་ནས། རྩེ་མོའི་ཕྱོགས་སུ་སླར་བྲོས་སོ། །དེས་བསམས་པ་སྔོན་ཆད་བརྟན་པར་བསམས་པའི་རྩ་བའི་ཆ་ནི་འབྱིང་པའི་གཏིང་རྡོ་ཉིད་དུ་འདུག །མི་བརྟན་པར་བསམས་པའི་རྩེ་མོའི་ཆ་ནི་རྟེན་དང་སྐྱབས་སུ་རུང་བར་འདུག་པས། ད་ཅི་རན་ཅིག་དུ་བཅད་ལ། རྩེ་མོའི་ཆ་ཉིད་ལ་རྟེན་ཏེ། ཡན་ལག་རྣམས་ཀྱང་བཅད་ལ། ལ་ལ་ནི་གནས་སུ་བྱ། ལ་ལ་ནི་རླུང་ཕྱོགས་དང་མཐུན་པའི་ཚེ་རླུང་ཡབ་བྱ། ལ་ལ་ནི་རླུང་ཕྱོགས་དང་མི་མཐུན་པའི་ཚེ་གཏིང་རྡོ་བྱ། ལ་ལ་ནི་སྐྱ་བར་བྱས་ཏེ་འགྲོ་བར་བསམས་ནས། དེ་བཞིན་དུ་བྱས་པས་ཆུ་ལས་ཐར་པ་དེ་བཞིན་དུ། ཐར་པའི་ལམ་འདོད་པ་རྣམས་ཀྱིས། དང་པོར་འཇིག་རྟེན་པའི་ལམ་ནས་འཇུས་ཏེ་བལྟས་ན། ཀུན་དུ་བརྟགས་པའ་ཙམ་ལ་སྤྱོད་པར་མཐོང་ནས། ཀུན་དུ་བརྟགས་པ་དང་བྲལ་བ་རང་གི་ངོ་བོ་ཉིད་ཀྱིས་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་མཚན་ཉིད་ཅན་གྱི་ལམ་དང་འབྲས་བུར་བཅས་པ་ཅིག་འདོད་ནས། རིམ་པ་བཞིན་དུ་བརྟགས་ཤིང་བཙལ་ན། ཡང་དག་པར་བརྟགས་པ་ཐམས་ཅད་དྲུངས་བྱུང་དུ་མ་གྲུབ་པར་མཐོང་ངོ་། །དེ་ནས་ཇི་ལྟར་བགྲོད་བལྟས་ན། ཡང་དག་པ་བ་ཞེས་བྱ་བར་བཟུང་ན། དོན་དམ་པར་བཟུང་བ་ལྟ་ཨ་ཅང་ཡང་ཆེས། ཀུན་རྫོབ་ཏུ་ཡང་དག་པའི་མཚན་ཉིད་དུ་བཟུང་ཡང་། དེ་ཉིད་འཆིང་བའི་གཏིང་རྡོར་མཐོང་སྟེ། ཡང་དག་པར་ལྟ་བ་ཐམས་ཅད་ཤེས་རབ་ཀྱི་མཚོན་ཀྱིས་བཅད་ནས། ཀུན་ཏུ་བརྟགས་པ་ཙམ་ལ་བློ་གནས་ཏེ། ཐབས་མཁས་པའི་སྤྱོད་པས། ཅི་ལ་ཡང་མི་ཆགས་མི་གནས་ཤིང་བཅིངས་པ་མེད་བཞིན་དུ། ཐབས་མཁས་པའི་སྤྱོད་པ་ཇི་ལྟར་འདོད་པ་བཞིན་རོལ་ཅིང་བརྩེན་པས་དེ་བཞིན་དུ་འགྲུབ་པར་འགྱུར་བ་ནི། བྱ་ནམ་མཁའ་ལ་འཕྱོ་བ་བཞིན་ནོ། །འོ་ན་རྣལ་འབྱོར་སྤྱོད་པ་དག་གིས་ཀུན་རྟོག་པ་ནི། ཀུན་བརྟགས་པར་བཤད་པ་མ་ཡིན་པ་འདི་ཇི་ལྟ་བུ་ཞེ་ན། དེ་ནི་འདི་ལྟར་རང་གི་གྲུབ་པའི་མཐའ་ཀུན་ཏུ་བརྟགས་པར་འཛིན་པར་ནི་སུའང་མི་བྱེད་དོ། །རེ་ཤིག་དེ་ཉིད་ཀྱི་དབང་ལྟར་ན། བྱེད་པ་དང་ལས་རང་དབང་དུ་བརྗོད་པ་དང་། གཞན་དབང་དུ་བརྗོད་པ་གཉིས་ཡོད་དེ། དེ་དག་གང་སྒྲུབ་པར་བྱེད་པ་དེའི་ཚེ་གཅིག་ཤོས་འགེགས་པར་བྱེད་དོ། །འདི་ལྟར་བྱེད་པ་སྟ་རེ་ལས་ཤིང་བྱ་བ་དུམ་བུ་གཉིས་སུ་གྱུར་པ་ཡིན་པའི་ཚེ། གཞན་དབང་དུ་བརྗོད་པ་ཡིན་ཏེ། སྟ་རེ་རང་ལ་རང་གཅོད་ཅེས་ནི་སྒྲུབ་པར་མི་བྱེད་དོ། །མར་མེ་སྣང་བར་བྱེད་པ་ལྟ་བུ་ལ་སྒྲུབ་པར་བྱེད་པའི་ཚེ། གཞན་དབང་དུ་སྒྲུབ་པར་བྱེད་ན། གསལ་བར་བྱེད་པ་ནི་མར་མེ། གསལ་བར་བྱ་བ་ནི་མུན་པ་དང་ལྡན་པའི་ས་ཕྱོགས། གསལ་བར་བྱས་པ་ནི་ས་ཕྱོགས་མུན་པ་དང་བྲལ་བར་བྱས་པའོ། །རང་དབང་དུ་སྒྲུབ་པར་བྱེད་པ་ན། གསལ་བར་བྱེད་པའང་མར་མེ། གསལ་བར་བྱ་བའང་མར་མེ། གསལ་བར་བྱས་པའང་མར་མེ་ཉིད་རྒྱུན་མུན་པ་དང་བྲལ་བར་སྐྱེས་པའོ་ཞེས་སྒྲུབ་པར་བྱེད་དོ། །རང་དབང་གཞན་དབང་གང་སྒྲུབ་ཀྱང་རུང་སྟེ། གཅིག་ཤོས་དགག་པ་མ་ཡིན་པ་བྱེད་པ་ཡོད་ལ་བྱས་པ་མེད་དོ་ཞེས་ནི་དགག་དུ་མི་རུང་སྟེ། འདི་ལྟར་ཤིང་གཅོད་པར་བྱེད་པ་ནི་ཡོད་ལ་ཤིང་བཅད་པ་ནི་མེད་དོ་ཞེའམ། མུན་པ་གསལ་བར་བྱེད་པ་ནི་ཡོད་ལ་བྱས་པ་ནི་མེད་དོ་ཞེས་ནི་བསྒྲུབ་དུ་མི་རུང་ངོ་། །དེ་བཞིན་དུ་ཀུན་དུ་རྟོག་པ་ནི་ཡོད་ལ་ཀུན་བརྟགས་པ་ནི་མེད་དོ་ཞེས་བསྒྲུབ་དུ་ནི་མི་རུང་སྟེ། འོན་ཀྱང་གཞུང་དེར་བྱེད་པ་དང་ལས་གཞན་གྱི་དབང་དུ་བརྗོད་པའི་ཚུལ་བཀག་པར་ཟད་དེ། འདི་ལྟར་ཀུན་བརྟག་པར་བྱ་བའང་གཞན་དབང་། ཀུན་རྟོག་པར་བྱེད་པའང་གཞན་དབང་གི་ཕྱོགས་གཅིག་སྟེ། རྣམ་པར་རྟོག་པ་དང་བཅས་པའི་བློའི་བྱེ་བྲག་ཐ་སྙད་འདོགས་པར་ནུས་པའི་ལས་ཅན། ཀུན་བརྟགས་པ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་ཞེས་བཞག་པ་ན། གཞན་དུ་ཀུན་བརྟགས་པ་དེ་ལྟ་བུ་མེད་དོ་ཞེས་དགག་དུ་རུང་ངོ་། །རང་དབང་གི་ཚུལ་ལྟར་ན། མར་མེ་གསལ་བར་བྱེད་པའང་ཡིན་ལ་བྱ་བའང་ཡིན་ཏེ། བྱས་པ་ནི་མེད་དོ་ཞེས་བསྒྲུབ་དུ་མི་རུང་བ་བཞིན་དུ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཡིན་པ་ན། ཀུན་དུ་བརྟག་པར་བྱ་བའང་སེམས་དང་སེམས་ལས་བྱུང་བ་ལས་གཞན་ན་མེད་དོ། །ཀུན་དུ་བརྟགས་པའང་སེམས་དང་སེམས་ལས་བྱུང་བ་དེ་ཉིད་རྒྱུ་དང་འབྲས་བུའི་ཚུལ་དུ་གྲུབ་ཅིང་། གཉིས་མེད་བཞིན་དུ་གཉིས་སུ་སྣང་བར་གྱུར་པ་ཉིད་ཡིན་ནོ། །དེ་བས་ན་སྐབས་གཞན་དག་དུའང་ཀུན་ཏུ་བརྟགས་པ་ཞེས་བརྗོད་པ་ན། རྣམ་པར་རྟོག་པ་བྱེ་བྲག་ཅན་ཀྱིས་ནན་གྱིས་བརྟགས་པ་ཙམ་ལ་འཇུག་པ་མཐོང་བས། ཐམས་ཅད་དུའང་དེ་ལྟར་སྦྱོར་བར་བྱེད་པ་ཡིན་ནོ། །རྟོག་པ་དང་བརྟགས་པའི་མཚན་ཉིད་ཐམས་ཅད་སྤྱིར་བསྡུ་ན། རྟོག་པའང་གསུམ་སྟེ། རྟོག་པ་དང་། ཀུན་དུ་རྟོག་པ་དང་། རྣམ་པར་རྟོག་པའོ། །འདི་གསུམ་ནི་དཔེར་ན། ཉོན་མོངས་དང་། ཉེ་བའི་ཉོན་མོངས་དང་། ཀུན་ནས་ཉོན་མོངས་པ་ཅེས་བརྗོད་པ་ན། སྒྲ་འདོམས་པའི་ཚེ་ནི་ཡུལ་ཁྱབ་ཆེ་ཆུང་ཡོད་ལ། མ་འདོམ་པའི་སྐབས་ལ་ལར་ནི་ཐུན་མོང་དུ་གྱུར་པའང་ཡོད་པ་བཞིན་དུ། རྟོག་པ་འདི་གསུམ་ཡང་དེ་འདྲ་སྟེ། དེ་ལ་རྟོག་པ་ཞེས་བྱ་བའི་སྒྲ་ནི། ཡུལ་རྒྱ་ཆེ་སྟེ་ལམ་དང་འབྲས་བུ་དང་བསྟན་པའི་གསུང་རབ་རྣམས་ལའང་འཇུག་གོ །ཀུན་དུ་རྟོག་པ་ནི། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལའང་འཇུག་གོ །རྣམ་པར་རྟོག་པ་ནི་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ཐ་སྙད་འདོགས་པའི་ལས་ཅན་ཕྱོགས་འགའ་ལ་འཇུག་གོ །སྐབས་ལ་ལར་ནི་ཀུན་དུ་རྟོག་པ་ཉིད་ལ་རྣམ་པར་རྟོག་པའི་སྒྲས་ཀྱང་སྟོན་ཏོ། །དེ་ལ་སངས་རྒྱས་འཕྲུལ་པ་དང་བཅས་པ་དང་ལམ་དང་བསྟན་པའི་ཆོས་ལ་སྒྲ་འཇུག་པའི་ཚེ་ནི། ཐབས་ཀྱི་རྟོག་པ་ཞེས་ཀྱང་བྱའོ། །དེ་ལ་རྟོག་པ་དེ་རྣམས་ཀྱིས་བརྟགས་པ་གང་དང་གང་ཡིན་ཞེ་ན། དེ་ལ་ཐབས་ཀྱི་རྟོག་པས་བརྟགས་པ་ནི་དེ་ཉིད་ཡིན་ཏེ། རྟོག་པ་དེ་དག་ཉིད་ལ་ཐབས་སུ་བརྟགས་པ་ཞེས་ཀྱང་བྱའོ། །དེ་ཡང་འདི་སྐད་དུ། རྣམ་པར་མི་རྟོག་ཆོས་དག་ལས། །སེམས་ཅན་དོན་དུ་ཡོངས་སུ་རྟོག །རྟོག་པས་བརྟགས་པ་གང་ཡིན་དེ། །དེ་ཕྱིར་རྟོག་པ་ཞེས་བྱའོ། །ཞེས་བྱ་བ་ལ་སོགས་པ་གསང་སྔགས་ཀྱི་རྒྱུད་དང་རྟོག་པ་སོ་སོ་ལས་ཇི་སྐད་སྨོས་པ་དེ་དག་ལ། རྟོག་པའང་ཡིན་ལ་བརྟགས་པའང་ཡིན་པར་རྒྱ་ཆེར་འབྱུང་ངོ་། །ཀུན་དུ་རྟོག་པས་བརྟགས་པ་ནི་གོང་དུ་བཤད་ཟིན་ཏོ། །རྣམ་པར་རྟོག་པས་བརྟགས་པ་ནི། མུ་སྟེགས་ཀྱི་བདག་དང་ཉན་ཐོས་ཀྱི་གཟུང་འཛིན་ལ་སོགས་པ་གོང་དུ་སོ་སོའི་གྲུབ་མཐའ་བཤད་པའི་སྐབས་སུ་ཞིབ་དུ་བཤད་ཟིན་ཏོ། །དེ་ལ་རྟོག་པ་དེ་རྣམས་ཀྱི་བརྟགས་སྣང་གང་དང་གང་ཡིན་ཅེ་ན། དེ་ལ་ཐབས་ཀྱི་རྟོག་པའི་བརྟགས་སྣང་ནི། དངོས་གྲུབ་ཐོབ་པ་རྣམས་ཀྱིས་རྣམ་པར་སྨིན་པའི་ལུས་འདི་མ་བོར་བར། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་མཚན་དང་དཔེ་བྱད་དུ་ལྡན་པ། མངོན་པར་ཤེས་པ་དྲུག་དང་ལྡན་པ་ཐོབ་སྟེ། ལུས་མ་བོར་བར་སངས་རྒྱས་ཀྱི་ས་ལ་སྦྱོར་ནུས་པ་ལྟ་བུ་དང་། དེ་ལྟར་མ་གྱུར་ཀྱང་རྫས་མེ་ལྟར་འབར་བར་གྱུར་ཏེ། ནམ་མཁའ་ལ་འགྲོ་ཞིང་ཡོངས་སུ་དག་པའི་ཞིང་ཁམས་སུ་རྒྱུ་ཞིང་། ཚེ་སྐལ་པའི་ཚད་ཙམ་དུ་གནས་པར་ནུས་པ་ལ་སོགས་པའོ། །ཀུན་རྟོག་པའི་བརྟགས་སྣང་ནི། ཁམས་གསུམ་པའི་ལུས་དང་གནས་དང་ལོངས་སྤྱོད་དུ་བཅས་པར་སྣང་ཞིང་སྨིན་པ་ཐམས་ཅད་དོ། །རྣམ་པར་རྟོག་པའི་བརྟགས་སྣང་ནི། སྔོན་དགེ་སློང་རྣམས་ཀྱིས་མི་སྡུག་པ་བསྒོམས་པས་མངོན་དུ་གྱུར་ཏེ། གྲོགས་པོ་རྣམས་ལྷན་ཅིག་གནས་པའི་ཀླགས་མེད་དེ་ཞེ་སྡང་གི་ཡུལ་དུ་གྱུར་པ་ལྟ་བུའོ། །དེ་ལ་རྟོག་པ་དེ་རྣམས་ཀྱིས་བརྟགས་ཀྱང་དེ་ལྟར་སྣང་བར་མ་ནུས་པ་གང་ཞེ་ན། དེ་ལ་ཐབས་ཀྱི་རྟོག་པས་བརྟགས་ཀྱང་སྣང་བར་མ་ནུས་པ་ནི། གསང་སྔགས་ཀྱི་ལམ་སྒོམ་པ་ན། ཡི་གེ་དང་ཕྱག་རྒྱ་ལ་སོགས་པ་བསྒོམས་ཀྱང་མངོན་དུ་སྨིན་པར་མ་ནུས་པ་རྣམས་སོ། །འོན་ཀྱང་ས་བོན་ནི་སོགས་སོ། །ཀུན་དུ་རྟོག་པས་བརྟགས་ཀྱང་སྣང་བར་མ་ནུས་པ་ནི། སེམས་དང་སེམས་ལས་བྱུང་བ་གང་གིས་ལས་མངོན་པར་འདུ་བྱ་བ་ཡོད་ཀྱང་རྣམ་པར་སྨིན་པ་འབྱིན་མ་ནུས་པ་རྣམས་སོ། །འོན་ཀྱང་ས་བོན་ནི་སོགས་སོ། །རྣམ་པར་རྟོག་པས་བརྟགས་ཀྱང་སྣང་བར་མ་ནུས་པ་ནི། མུ་སྟེགས་ཅན་ཀྱི་བདག་ལ་སོགས་པའོ། །འོན་ཀྱང་ས་བོན་ནི་སོགས་སོ། །དེ་ལ་རྟོག་པ་དེ་རྣམས་ཀྱིས་མ་བརྟགས་པས་མི་སྣང་བ་གང་ཞེ་ན། དེ་ལ་ཐབས་ཀྱི་རྟོགས་པས་མ་བརྟགས་པས་མི་སྣང་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ལམ་མ་བསྒོམས་པས་འཕགས་པའི་ཆོས་མི་སྣང་བའོ། །ཀུན་རྟོག་པས་མ་བརྟགས་པས་མི་སྣང་བ་ནི། ཤེས་པ་རྐྱེན་མ་ཚང་བས་ལས་མངོན་པར་འདུས་མ་བྱས་པ་རྣམས་ཕུང་པོ་མི་སྐྱེ་བ་རྣམས་སོ། །རྣམ་པར་རྟོག་པས་མ་བརྟགས་པ་ནི། གཉིས་ཏེ། རྐྱེན་མ་ཚང་བས་རྟོག་པ་མ་སྐྱེས་ཏེ་མ་བརྟགས་པ་ནི་སྔ་མའི་ཁོངས་སུ་འདུས་སོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་སྟོང་པ་དང་བདག་མེད་པར་རྟོགས་ཏེ། བདག་དང་དངོས་པོར་མ་བརྟགས་པས་མི་སྣང་བ་ནི། ལམ་བསྒོམས་པས་འདུས་མ་བྱས་ཐོབ་པའོ། །མ་བརྟགས་ཀྱང་སྣང་བ་ནི་འགའ་ཡང་མེད་དེ། རབ་རིབ་ཅན་གྱི་སྐྲ་ཤད་ཀྱང་ཀུན་རྟོག་པའི་བརྟགས་སྣང་ཡིན་ནོ། །རི་བོང་གི་རྭའང་ཀུན་རྟོག་པས་མ་བརྟགས་པས་མི་སྣང་བ་ཡིན་ཏེ། དེའི་རྒྱུད་ལ་རྭ་སྐྱེ་བའི་ལས་མ་བསགས་པར་ཟད་དོ། །དེ་ལ་རྣམ་པར་རྟོག་པས་བརྟགས་པ་དང་རྟོགས་པ་ཞེས་བྱ་བའི་ཐ་སྙད་འཇུག་པ་ནི། འདི་ལྟར་རྣམ་པར་རྟོག་པ་དང་བཅས་པའི་བློ་ཕྱིན་ཅི་ལོག་གིས་མཐོང་བ་ནི་བརྟགས་པ་ཞེས་གདགས་སོ། །ཕྱིན་ཅི་ལོག་པའི་བློས་མཐོང་བ་ནི་རྟོགས་པ་ཞེས་གདགས་སོ། །འདིར་བརྒལ་བ། སྒྲ་འདི་གཉིས་ནི་ཐུན་མོང་ཡིན་ཏེ། འདི་ལྟར་ཕྱིན་ཅི་ལོག་གིས་མཐོང་བ་ལའང་རྟོགས་པའི་སྒྲ་འཇུག་སྟེ། འདི་ལྟར་མ་རྟོགས་པ་དང་ལོག་པར་རྟོགས་ཞེས་བྱ་བ་ལྟ་བུའོ། །ཕྱིན་ཅི་མ་ལོག་པར་མཐོང་བ་ལའང་བརྟགས་པའི་སྒྲ་འཇུག་སྟེ། འདི་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་བརྟགས་ན་ཞེའམ། སོ་སོར་བརྟགས་པའི་འགོག་པ་ཞེས་བྱ་བ་ལྟ་བུའོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། རྟོགས་པ་དང་བརྟགས་པ་གཉིས་ལས་སྟོན་པའི་ཚིག་དུ་འདྲའང་། བྱ་བའི་ལས་དང་བྱེད་པའི་ལས་ལ་འཇུག་པའི་སྐབས་གཉིས་ཡོད་དེ། དེ་ལ་བྱ་བའི་ལས་སྟོན་པའི་ཚེ་མཐོང་བ་ཕྱིན་ཅི་ལོག་ལ་རྟོགས་པའི་སྒྲ་མི་འཇུག་གོ །མཐོང་བ་ཕྱིན་ཅི་མ་ལོག་པ་ལ་བརྟགས་པའི་སྒྲ་མི་འཇུག་གོ །བྱེད་པའི་ལས་སྟོན་པའི་ཚེ་ནི། མཐོང་བ་ཕྱིན་ཅི་ལོག་ལའང་རྟོགས་པའི་སྒྲ་འཇུག་ལ། མཐོང་བ་ཕྱིན་ཅི་མ་ལོག་པ་ལའང་བརྟགས་པའི་སྒྲ་འཇུག་སྟེ། དེ་ཡང་ཀ་ལ་པི་ཏ་ཞེས་བྱ་བའི་སྒྲ་ནི་བརྟགས་པར་སྟོན་པ་སྟེ། ཕྱིན་ཅི་མ་ལོག་པ་ལ་ནི་ཨ་བ་བོ་ངྷ་ཞེའམ། པྲ་ཏི་སང་ཀྱ་ཞེས་བྱ་བ་ལྟ་བུ་བྱེད་པའི་ལས་སྟོན་པའོ། །དེ་བས་ན་འདི་ལྟར་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་བློས་ཀུན་དུ་བརྟགས་པ་ཞེས་བྱ་བ་ནི། སྒྲོ་སྐུར་གྱི་གནས་སུ་གྱུར་པ་སྟེ། དེ་ལ་སྒྲོ་འདོགས་ཀྱི་གནས་ནི། གོང་དུ་སྨོས་པའི་རྟག་པར་ལྟ་བའི་གཞི་ལྔ་ལྟ་བུའོ། །སྐུར་བ་འདེབས་པའི་གནས་ནི་གཞི་ལ་འདེབས་ཏེ། འདི་ལྟར་རྒྱུ་མེད། འབྲས་བུ་མེད། བྱེད་པ་མེད། ཡོན་ཏན་ཁྱད་པར་ཅན་མེད་ཅེས་ཟེར་བ་ལྟ་བུའོ། །དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་བློ་ཕྱིན་ཅི་མ་ལོག་པས་མཐོང་བ་ལ་རྟོགས་པ་ཞེས་བྱ་བའི་ཐ་སྙད་གདགས་པ་ནི། འདི་ལྟར་སྒྲོ་སྐུར་གྱི་གནས་ལས། སྒྲོ་འདོགས་ཀྱི་གནས་ལ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་གོང་དུ་བཤད་ཟིན་ཏོ། །སྐུར་འདེབས་ཀྱི་གནས་ལ། རྒྱུ་ཡོད་དེ་ས་བོན་ནི་མྱུ་གུའི་རྒྱུ་ཡིན་ནོ། །འབྲས་བུ་ཡོད་དེ་མྱུ་གུ་ནི་ས་བོན་གྱི་འབྲས་བུ་ཡིན་ནོ། །བྱེད་པ་པོ་ཡོད་དེ་སྐྱེས་བུ་ནི་ས་བོན་འདེབས་པའི་བྱ་བ་བྱེད་པོ་ཡིན་ནོ། །ཡོན་ཏན་ཁྱད་པར་ཅན་ཡོད་དེ། དཀོན་མཆོག་གསུམ་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་ཁྱད་ཞུགས་ཤིང་འཕགས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འདི་བཞིན་དུ་ཇི་སྲིད་དུ་ཀུན་དུ་བརྟགས་པར་གཞག་པ་དང་མཚན་ཉིད་པར་གཞག་པ་ཐམས་ཅད་ཀྱང་། རྣམ་པར་རྟོག་པའི་བློ་ཕྱིན་ཅི་ལོག་དུ་མཐོང་བས་བརྟགས་པར་བཞག་པ་དང་། རྣམ་པར་རྟོག་པའི་བློ་ཕྱིན་ཅི་མ་ལོག་པར་མཐོང་བས་རྟོགས་པ་མཚན་ཉིད་པར་གཞག་པ་རྣམ་པ་གཉིས་ཡིན་ནོ། །གང་ཞིག་གིས་ཕྱིན་ཅི་མ་ལོག་པའི་བློས་རྟོགས་པར་བཞག་པ་དེ་ཉིད། གཞན་གྱིས་ཕྱིན་ཅི་ལོག་གི་བློས་བརྟགས་པ་ཡིན་པར་སྒྲུབ་སྟེ། དེ་བས་ན་མཐར་དོན་མཚན་ཉིད་པ་མི་རྙེད་པ་དེ་བཞིན་དུ། བློ་ཕྱིན་ཅི་མ་ལོག་པའང་མི་རྙེད་ལ། དེ་མ་རྙེད་པས་དོན་མཚན་ཉིད་པའང་མི་རྙེད་པ་ཡིན་ཏེ། རྣམ་པར་རྟོག་པ་བྱེ་བྲག་ཅན་གྱི་དབང་གིས་རྣམ་པར་གཞག་པ་འདི་བཞིན་དུ། ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་འཕྲ་རགས་སུ་སྐྱེ་བ་ཐམས་ཅད་ཀྱི་མཚན་ཉིད་ཀྱང་དེ་འདྲའོ། །དེ་ལྟ་བས་ན་ཤེས་པ་ཤེས་རིག་གི་ངོ་བོར་གྲུབ་པ་ཉིད་ཀྱང་བརྟགས་སྣང་ཡིན་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་གྲུབ་པ་མེད་དོ། །དཔེར་ན་མི་ཞིག་དགྲས་བསད་དོ་ཞེས་བརྗོད་པ་དང་། མཚོན་གྱིས་བསད་དོ་ཞེས་བྱ་བ་དོན་འདྲ་སྟེ། མཚོན་གྱིས་བསད་པ་དེ་ཉིད་དགྲས་བསད་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཐམས་ཅད་རང་གི་ས་བོན་ལས་སྐྱེའོ་ཞེས་བརྗོད་པ་དང་། རྣམ་པར་རྟོག་པའི་བརྟགས་སྣང་ཡིན་ནོ་ཞེས་བརྗོད་པ་དོན་འདྲ་སྟེ། རང་གི་ས་བོན་ལས་སྐྱེ་ཞེས་བརྗོད་པས། བརྟགས་སྣང་མ་ཡིན་པའི་ཤེས་པ་རང་གི་བདག་ཉིད་ཐོབ་པ་མེད་དོ། །དེ་ལྟར་ན་བདེན་པ་རྣམ་པ་གཉིས་དབྱེར་མེད་པར་འགྱུར་རོ། །བདེན་པ་གཉིས་དབྱེར་མེད་པར་རྟོགས་པས་ཆོས་གཉིས་སུ་མེད་པར་འཇུག་པར་ནུས་པར་འགྱུར་རོ། །དེས་རྫོགས་པ་ཆེན་པོའི་ལྟ་བ་ལ་གནས་པ་ཞེས་བྱ་བའི་མིང་ཐོབ་བོ། །དེ་ཡང་ལྟ་བར་འཛིན་པ་ཐམས་ཅད་དང་བྲལ་བ་ཙམ་ལ་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱིས་གང་ཟག་པ་མེད་པར་རྟོགས། རང་སངས་རྒྱས་ཀྱིས་སྣང་བ་གཟུགས་ཀྱི་ཕུང་པོ་ལས་བརྩམས་ནས་གཟུང་བའི་དོན་མེད་པར་རྟོགས། རྣལ་འབྱོར་སྤྱོད་པས་གཟུང་འཛིན་གཉི་ག་མེད་པར་རྟོགས། དབུ་མས་དོན་དམ་པ་བ་མེད་པར་རྟོགས། གསང་སྔགས་ཀྱིས་བདེན་པ་གཉིས་དབྱེར་མེད་པར་རྟོགས་ཞེས་བཤད་དེ། དེ་དག་ནི་ལྟ་བར་འཛིན་པ་དང་བཅས་པ་ཡིན་ལ། དེ་ལྟ་བུ་ལྟ་བར་འཛིན་པ་དང་བྲལ་བ་ལ། རྫོགས་པ་ཆེན་པོའི་ལྟ་བ་ཞེས་ཐ་སྙད་དུ་གདགས་ཏེ། ལྟ་བ་ཡེ་བཏང་ཆེན་པོ་ཞེས་ཀྱང་བྱའོ། །ད་ནི་ལྟ་བའི་ཞར་ལ་སྤོངས་ཚད་དང་མཐུའི་ཁྱད་པར་ཀྱང་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་ཉན་ཐོས་ཀྱིས་གང་ཟག་མེད་པར་རྟོགས་པས། ནང་གི་འཇིག་ཚོགས་ལ་ལྟ་བ་དང་། དེའི་དབང་ལས་གྱུར་པའི་ཉོན་མོངས་པ་ཐམས་ཅད་དང་། ཉོན་མོངས་པ་ཅན་གྱི་ཡིད་འཁོར་དང་བཅས་པའང་མ་དམིགས་བཞིན་དུ་སྤོངས་སོ། །དེའི་དབང་གིས་ལས་ཀྱི་ཚེ་རྣམ་པར་སྦྱོང་བ་མཐུ་ཆུང་ངུ་ཐོབ་བོ་ཞེའོ། །རང་སངས་རྒྱས་ཀྱིས་སྣང་བ་གཟུགས་ཀྱི་ཕུང་པོ་ཕྱི་རོལ་གྱི་དོན་མེད་པར་རྟོགས་པས། བདག་དུ་རྟོག་པ་དང་གཟུང་བར་རྟོག་པ་གཉིས་གའང་ཉམས་པར་བྱས་ཤིང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཆུང་ངུ་སྤངས་པ་ཐོབ་བོ་ཞེའོ། །དེའི་དབང་གིས་ལས་ཀྱི་ཚེ་རྣམ་པར་སྦྱོང་བའི་མཐུ་ཆེན་པོ་ཐོབ་བོ། །ཐེག་པ་ཆེན་པོ་སྤྱིར་བསྡུས་ནས་ཆོས་དང་གང་ཟག་གཉིས་ག་ལ་བདག་མེད་པར་རྟོགས་པས། བདག་དུ་རྟོག་པ་དང་གཟུང་བའི་རྟོག་པ་དང་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཐོབ་ནས། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤངས་པ་ཐོབ་སྟེ། དེ་བཞིན་གཤེགས་པའི་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་མཐུ་ཆེན་པོ་འཐོབ་པར་འགྱུར་རོ་ཞེའོ། །ཞར་ལས་འོངས་པ་ཆོག་གོ །དེ་ལྟར་ན་ལྟ་བ་ཐམས་ཅད་དང་བྲལ་བའི་རྫོགས་པ་ཆེན་པོའི་ཚུལ་འདི་ནི། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ལུང་ཐམས་ཅད་ཀྱི་རྒྱལ་པོ། གསུང་རབ་ཐམས་ཅད་ཀྱི་ཉིང་ཁུ། རྒྱུད་ཐམས་ཅད་ཀྱི་སྤྱི་འགྲེལ། དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས། མན་ངག་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱའོ། །དེ་ལ་ཐེག་པ་ཞེས་བྱ་བ་ནི། ཡཱ་ན་ཞེས་བྱ་བའི་སྒྲ་འགྲོ་བའི་བྱ་བ་ལ་འཇུག་སྟེ། དངོས་སུ་ལམ་ལ་བྱའོ། །སྐབས་སུ་འགྲོ་བར་བྱ་བ་དང་གསུང་རབ་ལ་འཇུག་སྟེ། དེ་སྟོན་པ་ནི་འོག་ནས་ཀྱང་འབྱུང་བས། འདིར་ལམ་ཉིད་ལ་བྱ་སྟེ། དེ་བས་ན་ལམ་ཐམས་ཅད་ཀྱི་ཡང་རྩེ་བླ་ན་མེད་པ་ཞེས་བྱའོ། །དེ་ལ་ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བ་ནི། རྒྱུ་དང་རྐྱེན་དང་བྲལ་བ་ལས་སྐྱེས་པ། ཏིང་ངེ་འཛིན་ནི་དམིགས་པ་དང་བཅས་པའི་ས་ལ་གནས་པ། རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི། ངག་གི་ལམ་དང་བྲལ་བ་ལས་སྐྱེས་པ། ཏིང་ངེ་འཛིན་ནི་བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པ། ཐེག་པ་ཆེན་པོའི་རྣམ་པར་གྲོལ་བ་ནི། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཡེ་ཤེས་ལས་སྐྱེས་པ། ཏིང་ངེ་འཛིན་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལ་སྤྱོད་པ། གསང་སྔགས་ཀྱི་ཚུལ་ནི། རྣམ་པར་གྲོལ་བ་དང་ཏིང་ངེ་འཛིན་གཉིས་ག་དབྱེར་མེད་པར། རྡོ་རྗེ་ལྟ་བུ་རྣམ་པ་གསུམ་གྱི་ཉམས་རྙེད་པ་ཅེས་འབྱུང་ན། དེ་དག་ཐམས་ཅད་ནི་བགྲོད་ཅིང་འབྱུང་བ་ལ་ལྟོས་པ་ཡིན་ལ། འདིར་དེ་ལྟ་བུ་གང་ཡང་མི་སྒྲུབ་སྟེ། བགྲོད་དུ་མེད་པ་ཉིད་ལམ་གྱི་མཆོག་ཡིན་པས། དེའི་ཕྱིར་ན་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཞེས་བྱའོ། །དེ་ལ་ལུང་ཞེས་བྱ་བའི་དོན་ནི། ཨ་ག་མ་ཞེས་བྱ་བའི་སྒྲ་གཞན་ལས་འོངས་པ་ལ་ཡང་བྱ། རྟེན་དང་གཞིར་གྱུར་པ་ལའང་བྱ་སྟེ། དངོས་སུ་རྒྱལ་བའི་བཀའི་མཚན་ཉིད་ལ་བྱ། དེ་ལྟ་བུའི་བཀའ་ཐམས་ཅད་ཀྱིས་ཀྱང་རྫོགས་པ་ཆེན་པོའི་ཚུལ་སྟོན་པར་བྱེད་ཀྱང་མི་ནུས། གནོད་པ་སྒྲུབ་པར་བྱེད་ཀྱང་མི་ནུས་ཏེ། ཟིལ་གྱིས་གནོན་མི་ནུས་ལ། རྫོགས་པ་ཆེན་པོའི་ཚུལ་གྱིས་ནི། ཐེག་པ་ཐམས་ཅད་ཀྱི་གྲུབ་པའི་མཐའ་ཐམས་ཅད་ཀྱང་སོ་སོ་མ་འདྲེས་པར་སྟོན་པར་བྱེད་ཀྱང་ནུས་ལ། ཐམས་ཅད་སུན་འབྱིན་པར་བྱེད་ཀྱང་ནུས་ཏེ། བཀའ་ཐམས་ཅད་ཟིལ་གྱིས་གནོན་པ་ནི། དཔེར་ན་བརྒྱ་བྱིན་ཀྱི་རྒྱལ་མཚན་ཀྱི་རྩེ་མོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བཙུགས་པ་བཞིན་དུ་འགྲན་ཟླ་མེད་ཅིང་རྫི་བ་མེད་དེ། དེའི་ཕྱིར་ལུང་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱའོ། །དེ་ལ་གསུང་རབ་ཅེས་བྱ་བ་ནི། པྲ་ཙ་ན་ཞེས་བྱ་བའི་སྒྲ། ཙ་ན་ནི་ཚིག་གམ་ངག །པྲ་ནི་ཉེ་བར་བསྒྱུར་བ་དོན་ལྷག་པར་སྟོན་པའི་ཚིག་སྟེ། གསུང་རབ་ཅེས་བཏགས་ཏེ། འཇིག་རྟེན་གྱི་གཙུག་ལག་དོན་ཆུང་བ་རྣམས་ལ་ཀུ་བ་ཙ་ན་ཞེས་བྱ་སྟེ། ཀུ་ནི་ངན་པར་སྟོན་པའི་ཚིག་གོ །དེ་ལྟ་བུ་མ་ཡིན་པ་ཚིག་གམ་ངག་གང་གིས་ཐར་པའི་ལམ་སྟོན་པར་བྱེད་པ་སྟེ། དངོས་སུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་ཀྱི་ཕུང་པོ་ལ་བྱའོ། །དེ་རྣམས་ལས་བསྟན་པར་བྱ་བའི་དོན་ནི། དྲང་བའི་དོན་དང་ངེས་པའི་དོན་གཉིས་སྟོན་ཏེ། དེ་ཡང་གང་ཞིག་གིས་ངེས་པའི་དོན་དུ་བསྟན་པ་དེ་གཞན་གྱིས་དྲང་བའི་དོན་དུ་སྟོན་པར་ཡང་བྱེད་ལ། གཞུང་གཅིག་ལ་ཡང་དྲང་བའི་དོན་དང་ངེས་པའི་དོན་གཉིས་ག་ལྡན་པར་སྟོན་པའང་ཡོད་ན། རྫོགས་པ་ཆེན་པོའི་ཚུལ་ལ་ནི། དྲང་བའི་དོན་དུ་སྟོན་པར་བྱེད་པའི་བཀའ་གཞན་གང་ཡང་མེད་ཅིང་། ངེས་པའི་དོན་ཀྱི་མཆོག་དུ་གྱུར་པ་འབའ་ཞིག་མ་གཏོགས་པ། སེལ་མེད་ཅིང་སྙིགས་མར་གཞག་པ་གང་ཡང་མེད་པས། དེའི་ཕྱིར་གསུང་རབ་ཐམས་ཅད་ཀྱི་ཉིང་ཁུ་ཞེས་བྱའོ། །དེ་ལ་རྒྱུད་ཅེས་བྱ་བ། ཏན་ཏྲ་ཞེས་བྱ་བའི་སྒྲ་འབྲེལ་པའམ་རག་ལས་པའམ་འཁྲུགས་པ་ལ་བྱ་སྟེ། དངོས་སུ་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་རྣམས་ལས། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཐབས་དང་། མངོན་པར་ཤེས་པ་ལ་སོགས་པ་འཇིག་རྟེན་ཀྱི་དངོས་གྲུབ་ཆེན་པོ་རྣམས་བསྒྲུབ་པའི་ཐབས་དང་། ཞི་བ་ལ་སོགས་པ་ལས་ཀྱི་སྤྲོས་པའི་ཐབས་སྣ་ཚོགས་བསྒྲུབ་པ་པོའི་བྱ་བར་གྱུར་པ་མཐའ་ཡས་པ་ཐམས་ཅད་ཀྱང་། རྫོགས་པ་ཆེན་པོའི་དོན་ཀྱིས་མ་ཟིན་ན་མཚན་མའི་འཆིང་བས་ཟིན་པར་འགྱུར་ལ། རྫོགས་པ་ཆེན་པོའི་དོན་ཀྱིས་ཟིན་ན་ལས་རྒྱ་མཚོ་ཇི་ལྟར་སྤྱད་ཀྱང་འཆིང་བར་མི་འགྱུར་བས། དེའི་ཕྱིར་རྒྱུད་ཐམས་ཅད་ཀྱི་སྤྱི་འགྲེལ་ཅེས་བྱའོ། །དེ་ལ་དགོངས་པ་ཞེས་བྱ་བ་ནི། ཨ་བི་སནྡི་ཞེས་བྱ་བའི་སྒྲ། ཚིག་གང་གཟུགས་པོར་མ་བསྟན་ཏེ་ལྡེའུ་དང་ཟུར་གྱིས་སྟོན་པ་ལ་བྱ། ཨ་བི་པྲ་ཡ་ཞེས་བྱ་བའི་སྒྲ། ཚིག་གཞན་དང་གཞན་གྱིས་དོན་གཞན་དང་གཞན་བསྟན་པར་བྱ་བ་ཡོད་པ་ལ་བྱ་སྟེ། བསྡུས་ན་ལྡེམ་པོར་དགོངས་པའམ་དགོངས་པ་ཞེས་བྱའོ། །དེ་ཡང་ཉན་ཐོས་ཀྱི་ཚུལ་ལས་འདི་ལྟར། རྒྱལ་བའི་བཀའ་རྣམས་ལས་ཡོད་པ་དང་མེད་པའི་ཚིག་གིས་བསྟན་པ་ཐམས་ཅད་ཀྱི་དགོངས་གཞི་ནི། གང་ཟག་དང་ཆོས་ཀྱི་མཚན་ཉིད་ལ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེའོ། །རྣལ་འབྱོར་སྤྱོད་པའི་ཚུལ་ལས། འདི་ལྟར་རྒྱལ་བའི་བཀའ་རྣམས་ལས། ཡོད་པ་དང་མེད་པའི་ཚིག་གིས་བསྟན་པ་ཐམས་ཅད་ཀྱི་དགོངས་གཞི་ནི། ངོ་བོ་ཉིད་རྣམ་པ་གསུམ་གྱི་མཚན་ཉིད་ལ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེའོ། །དབུ་མའི་ཚུལ་ལས་འདི་ལྟར། རྒྱལ་བའི་བཀའ་རྣམས་ལས་ཡོད་པ་དང་མེད་པའི་ཚིག་གིས་བསྟན་པ་ཐམས་ཅད་ཀྱི་དགོངས་གཞི་ནི། །དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ལ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེའོ། །དེ་དག་ནི་དགོངས་གཞི་ཡིན་ཡང་ཞེ་ཕུགས་ནི་མ་ཡིན་ཏེ། འདི་ལྟར་རྒྱལ་བའི་བཀའ་རྣམས་ལས་ཐ་སྙད་སྣ་ཚོགས་ཀྱི་སྒོ་ནས་དགོངས་པ་སྣ་ཚོགས་བསྟན་པ་ཐམས་ཅད་ཀྱི་ཞེ་ཕུགས་ནི། ཆོས་གཉིས་སུ་མེད་པའི་དོན་འདི་ཉིད་བསྟན་པར་བྱ་བའི་ཆེད་ཡིན་ཏེ། རྒྱལ་བ་ཐམས་ཅད་ལ་དགོངས་པའི་ཕུགས་འདི་ལས་གཞན་མི་མངའ་བས་ན། དེའི་ཕྱིར་དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས་ཞེས་བྱའོ། །དེ་ལ་མན་ངག་ཅེས་བྱ་བ་ནི། ཨུ་པ་དེ་ཤ་ཞེས་བྱ་བའི་སྒྲ། དོན་ཉེ་བར་བསྟན་ཅིང་གཏན་ལ་ཕབ་སྟེ་བསྟན་པ་ལ་བྱ་སྟེ། དོན་གྱི་ཁ་བརྒྱུད་པ་དང་བྲལ་བ་ལ་མན་ངག་ཅེས་བྱའོ། །དེ་ལ་མན་ངག་གིས་དོན་གཏན་ལ་ཇི་ལྟར་ཕབ་ཅེ་ན། དོན་ཉེ་བར་ཐོག་དུ་ཕབ་སྟེ་བསྟན་ན། འདི་ལྟར་ཆོས་རྣམས་ཀྱི་དོན་ནི། སྟོང་ཞིང་བདག་མེད་པ་དང་། རང་བཞིན་མེད་པ་དང་། སྐྱེ་བ་མེད་པ་དང་། མཉམ་པ་ཉིད་དང་། གཉིས་སུ་མེད་པར་གཏན་ལ་ཕབ་བོ་ཞེས་ཤེས་པར་བྱ་སྟེ། སྒྲ་འདི་རྣམས་ཀྱང་རེས་འགའ་ནི་དོན་གྱི་བྱེ་བྲག་མེད་པར་སྟོན། རེས་འགའ་ནི་ཚིག་གི་སྒོ་ཇི་ལྟ་བ་བཞིན་དུ་ཚིག་གི་ཡུལ་སོ་སོར་ཡོད་པར་སྟོན་ཏེ་སྐབས་ཀྱིས་སྦྱར་རོ། །དེ་ལ་འདི་ལྟར་ཉན་ཐོས་ཀྱི་ཚུལ་ལས། ཆོས་རྣམས་ནི་བདག་གི་ངོ་བོ་མ་ཡིན་ཞིང་། ཆོས་རྣམས་ལ་བདག་པོ་ཡོད་པའང་མ་ཡིན་པར་འདོད་པས། ཆོས་ཐམས་ཅད་སྟོང་ཞིང་། བདག་མེད་པར་གཏན་ལ་ཕབ་པ་ཞེས་བྱ་སྟེ། འོན་ཀྱང་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་འདོད་པས། རང་བཞིན་མེད་པར་གཏན་ལ་ཕབ་པ་ཞེས་བྱ་བའི་གྲངས་སུ་ནི་མི་ཆུད་དོ་ཞེའོ། །རྣལ་འབྱོར་སྤྱོད་པའི་ཚུལ་ལས་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་མེད་པར་འདོད་པས། རང་བཞིན་མེད་པར་གཏན་ལ་ཕབ་པ་ཞེས་བྱ་སྟེ། དེའི་ཚེ་རང་བཞིན་མེད་པ་དང་སྟོང་ཞིང་བདག་མེད་པའང་བྱེ་བྲག་མེད་དོ། །འོན་ཀྱང་གཞན་གྱི་དབང་རྒྱུ་དང་རྐྱེན་ལས་སྐྱེ་བ་ཡོད་པར་འདོད་པས། སྐྱེ་བ་མེད་པར་གཏན་ལ་ཕབ་པ་ཞེས་བྱ་བའི་གྲངས་སུ་ནི་མི་ཆུད་དོ་ཞེའོ། །དབུ་མའི་ཚུལ་ལས་དོན་དམ་པར་སྤྲོས་པ་དང་བྲལ་བར་འདོད་པས། སྐྱེ་བ་མེད་པར་གཏན་ལ་ཕབ་པ་ཞེས་བྱ་སྟེ། དེའི་ཚེ་སྐྱེ་བ་མེད་པ་དང་རང་བཞིན་མེད་པ་དང་སྟོང་ཞིང་བདག་མེད་པའང་བྱེ་བྲག་མེད་དོ། །འོན་ཀྱང་ཡང་དག་པའི་ཀུན་རྫོབ་འདོད་པས། མཉམ་པ་ཉིད་དུ་གཏན་ལ་ཕབ་པ་ཞེས་བྱ་བའི་གྲངས་སུ་མི་ཆུད་དོ་ཞེའོ། །གསང་སྔགས་ཀྱི་ཚུལ་ལས་བདེན་པ་གཉིས་དབྱེར་མེད་པར་འདོད་པས། མཉམ་པ་ཉིད་དུ་གཏན་ལ་ཕབ་པ་ཞེས་བྱ་སྟེ། དེའི་ཚེ་མཉམ་པ་ཉིད་དང་སྐྱེ་བ་མེད་པ་དང་རང་བཞིན་མེད་པ་དང་། སྟོང་ཞིང་བདག་མེད་པ་རྣམས་ཀྱང་བྱེ་བྲག་མེད་དོ། །འོན་ཀྱང་མཉམ་པའི་སྤྱོད་པ་ཉམས་སུ་ལེན་མི་ནུས་པའི་ཉམ་ང་བ་དང་། ཉམ་ང་བ་དེ་ཉིད་མྱུར་དུ་མེད་པར་བྱ་བའི་ཕྱིར་ཆེད་དུ་བརྟུལ་ཞུགས་དང་དུ་ལེན་པ་ལྟ་བུའང་ཡོད་པས། དེའི་ཕྱིར་ཆོས་ཐམས་ཅད་གཉིས་སུ་མེད་པར་གཏན་ལ་ཕབས་པ་ཞེས་བྱ་བའི་གྲངས་སུ་མི་ཆུད་དོ་ཞེའོ། །རྫོགས་པ་ཆེན་པོའི་ཚུལ་ནི། ཆོས་ཐམས་ཅད་ལ་ཤེས་པར་བྱ་བ་བཞི་པོ་འདི་ལྟར། ཤེས་ཏེ་སྤང་བར་བྱ་བའམ། ཤེས་ཏེ་དང་དུ་བླང་བར་བྱ་བའམ། ཤེས་ཏེ་བཏང་སྙོམས་སུ་བཞག་པར་བྱ་བའམ། ཤེས་ཏེ་མངོན་དུ་བྱ་བ་རྣམས་གང་ཡང་མི་སྒྲུབ་པས། ཆོས་ཐམས་ཅད་གཉིས་སུ་མེད་པར་གཏན་ལ་ཕབ་པ་ཞེས་བྱ་སྟེ། དེའི་ཚེ་ཆོས་གཉིས་སུ་མེད་པ་ཞེས་བྱ་བ་དང་། མཉམ་པ་ཉིད་ཅེས་བྱ་བ་དང་། སྐྱེ་བ་མེད་པ་ཅེས་བྱ་བ་དང་། རང་བཞིན་མེད་པ་ཅེས་བྱ་བ་དང་། སྟོང་ཞིང་བདག་མེད་པ་ཞེས་བྱ་བ་རྣམས་ཀྱང་བྱེ་བྲག་མེད་དོ། །དེ་བས་ན་ཆོས་ཐམས་ཅད་གཉིས་སུ་མེད་པར་གཏན་ལ་འབེབས་པར་བྱེད་པ་འདི་ནི། མན་ངག་ཐམས་ཅད་ཀྱི་སྙིང་པོ་ཉིད་དུ་གྱུར་པ་ཡིན་པས། དེའི་ཕྱིར་མན་ངག་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱའོ། །རྫོགས་པ་ཆེན་པོའི་ཚུལ་སྒྱུ་མ་ལྟ་བུ་མཐརད་ཕྱིན་པ་དང་། སྒྱུ་མའི་མིང་འཛིནད་པའི་ཐེག་པ་གཞན་རྣམས། ཤན་དབྱེ་བ་བསྟན་པའི་སྐབས་ཏེ། གསུམ་པའོ།། །། དེ་ལྟར་སྟོནད་པའི་རྫོགས་པ་ཆེན་པོའི་ཚུལ་འདི་ཡང་མདོར་བསྡུས་ཏེ་བསྟན་ན། ཆོས་ཐམས་ཅད་ཀྱི་རྩ་བ་ནི་སེམས་དང་སེམས་སྣང་བ་ཙམ་དུ་འདུས་ལ། སེམས་ཀྱི་རང་བཞིན་ཉིད་བྱང་ཆུབ་ཡིན་པས་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །བསྟན་པར་བྱ་བ་ནི་འདི་ཙམ་ལས་མེད་ལ། རྫོགས་པ་ཆེན་པོའི་ཚུལ་ལ་དད་པའི་གང་ཟག་རྣམས་ཀྱང་། འདི་ཉིད་བསྟན་པ་ཙམ་གྱིས་རྟོགས་ཤིང་འཇུག་པར་འགྱུར་བ་ཡིན་ན། འོན་ཀྱང་སྒྲའི་བསྟནད་ཆོས་དང་། རིགས་པའི་བསྟན་ཆོས་ལ་མངོན་པར་ཞེན་པའི་གང་ཟག་དག་འདི་སྙམ་དུ། བདག་ཅག་གི་གྲུབ་པའི་མཐའ་འདི་དག་ནི། སྒྲའི་དོན་དང་རིགས་པས་གྲུབ་པ་ཡིན་ལ། རྫོགས་པ་ཆེན་པོའི་ཚུལ་ནི་རིགས་པ་དང་འགལ་ཏེ། གང་རིགས་པ་དང་འགལ་བ་དེ་ནི་བླང་བར་བྱ་བ་མ་ཡིན་ནོ་སྙམ་དུ་སེམས་ཏེ། རྫོགས་པ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བ་འདི་ལྟ་བུ་སྤངས་ནས། ནོར་བུ་འཆིང་བུ་དང་འདྲ་བའི་གྲུབ་མཐའ་སྣ་ཚོགས་ལ་ཞེན་པའི་གང་ཟག་ལ། རྫོགས་པ་ཆེན་པོའི་ཚུལ་ལས་གྲགས་པའི་ཐིག་ལེ་དང་ཆེ་བ་ལ་སོགས་པའི་སྐད་རྣམས་བཞག་སྟེ། སྤྱིར་གྲགས་པའི་སྐད་ཀྱིས་རིགས་པའི་ཚུལ་ཕྱོགས་འགའ་བཤད་དོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ། བྱང་ཆུབ་ནི་བོ་ངྷི་ཅེས་བྱ་བ་ཨ་བ་བོ་ངྷ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པའམ། དྲི་མ་ཐམས་ཅད་ཡོངས་སུ་དག་པར་གྱུརད་པའམ། ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའམ། མ་ལུས་པར་ཀུན་ཆུབ་པ་ལ་བྱ། སེམས་ཞེས་བྱ་བ་ནི། ཙི་ཏ་ཞེས་བྱ་བ་ནི་ན་བི་ཙི་ཏ་སྟེ། སྣ་ཚོགས་པའི་དོན་ཏེ། དམིགས་པ་སྣ་ཚོགས་རྣམ་པར་རིག་པའམ། རྣམ་པ་གཅིག་ཏུ་འདུ་བྱེད་ཐམས་ཅད་ཀྱི་ས་བོན་བསགས་པས། ཆུན་པའི་སྒྱེའུ་སྣོད་ལྟར་གྱུར་པ་ལ་བྱ། ཙིན་ཏེ་ན་ཙིད་ངྷ་སྟེ། སེམས་པར་བྱེད་པས་སེམས་ཏེ། འདུ་བྱེད་སེམས་པ་དང་མཚུངས་པར་ལྡན་པ་གང་གིས། བྱ་བ་སྣ་ཚོགས་ལ་སེམས་པར་བྱེད་གཡོ་བར་བྱེད་འཇུག་པར་བྱེད་པས་སེམས་ཞེས་བྱའོ། །ཙི་ཏ་མ་ན་བྱིདྱརྠ་སྟེ་སེམས་དང་ཡིད་དོན་གཅིག་སྟེ། གཟུགས་ལྟར་བེམས་པོར་གྱུར་པ་མ་ཡིན་ཏེ། ཤེས་ཤིང་རིག་པའི་བདག་ཉིད་དུ་གྱུར་པས་སེམས་ཞེས་བྱའོ། །དེ་ལྟར་སེམས་དང་བྱང་ཆུབ་ཀྱི་རང་བཞིན་ཐ་དད་དུ་བཞག་པ་འདི་ནི་དམིགས་པའི་མཚན་ཉིད་ཡིན་ཏེ། ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གཉིས་མེད་དོ། །སྣང་བ་ནི་གཉིས་ག་དུས་གཅིག་དུ་མི་ལྡན་ནོ། །དེ་ལ་དམིགས་པ་ནི་འདུ་ཤེས་ཀྱིས་བྱེ་བྲག་དུ་བྱས་པའི་བློའི་སྤྱོད་ཡུལ་ལོ། །སྣང་བ་ནི་ཚོར་བས་བྱེ་བྲག་དུ་བྱས་པའི་བློའི་སྤྱོད་ཡུལ་ལོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཤེས་རབ་དྲི་མ་མེད་པས་བྱེ་བྲག་དུ་བྱས་པའི་བློའི་སྤྱོད་ཡུལ་ལོ། །དེ་ལ་དམིགས་པའི་སྒོ་ནས་ནི། ཡོད་པ་དང་མེད་པ་ལ་སོགས་པའི་ཐ་སྙད་འདོགས་པར་བྱེད་དོ། །སྣང་བའི་སྒོ་ནས་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཐ་སྙད་འདོགས་པར་བྱེད་དོ། །ངོ་བོ་ཉིད་ཀྱི་སྒོ་ནས་ནི་གྲུབ་པ་དང་མ་གྲུབ་པའི་ཐ་སྙད་འདོགས་པར་བྱེད་དོ། །དེ་ལ་དམིགས་པའི་སྒོ་ནས་ནི་སྒྲོ་སྐུར་གྱི་གནས་ཀྱང་སེལ་བར་མི་ནུས་སོ། །སྣང་བའི་སྒོ་ནས་ནི་སྒྲོ་སྐུར་ནི་ཡོངས་སུ་གཅོད་པར་ནུས་ལ་འཁྲུལ་པ་ནི་སེལ་བར་མི་ནུས་སོ། །ངོ་བོ་ཉིད་ཀྱི་སྒོ་ནས་ནི་འཁྲུལ་བའང་ཡོངས་སུ་གཅོད་པར་བྱེད་དེ། དེ་བས་ན་འདུ་ཤེས་ཀྱི་སྤྱོད་ཡུལ་གྱི་རྗེས་སུ་འབྲེངས་པའི་བློ་ནི་དམན་པའོ། །ཚོར་བའི་རྗེས་སུ་འབྲེངས་པའི་བློ་ནི་བར་མའོ། །ཤེས་རབ་དྲི་མ་མེད་པའི་སྤྱོད་ཡུལ་གྱི་རྗེས་སུ་འབྲེངས་པའི་བློ་ནི་མཆོག་གོ །དེ་ནི་དཔེར་ན་འགལ་མེའི་འཁོར་ལོ་ལ་དམིགས་པའི་སྒོ་ནས་ནི། འགལ་མེ་དང་འཁོར་ལོ་གཉིས་ག་འགོ་མཉམ་དུ་སོ་སོར་ཡོད་པར་དམིགས། སྣང་བའི་སྒོ་ནས་ནི་དུས་ཅིག་དུ་གཉིས་མི་སྣང་སྟེ། གང་གི་ཚེ་འཁོར་ལོར་སྣང་བ་དེའི་ཚེ་འགལ་མེར་མི་སྣང་ངོ་། །གང་གི་ཚེ་འགལ་མེར་སྣང་བ་དེའི་ཚེ་འཁོར་ལོར་མི་སྣང་ངོ་། །ངོ་བོ་ཉིད་ཀྱི་སྒོ་ནས་ནི་གཉིས་མི་འགྲུབ་སྟེ། གང་འཁོར་ལོའི་ངོ་བོ་ཉིད་དུ་གྲུབ་པ་ན། འགལ་མེ་གཏན་མེད་པར་འགྱུར་རོ། །གང་འགལ་མེའི་ངོ་བོ་ཉིད་དུ་གྲུབ་པ་ཞིག་ན། འཁོར་ལོ་གཏན་མེད་པར་འགྱུར་ཏེ། དེ་བས་ན་འདིར་འཁོར་ལོར་སྣང་ཙམ་ཉིད་ན་འགལ་མེའི་ངོ་བོ་ཉིད་དུ་གྲུབ་པ་ཡིན་ཏེ། འཁོར་ལོའི་ངོ་བོ་ཉིད་ནི་གཏན་མ་གྲུབ་པར་ཤེས་པར་བྱའོ། །སེམས་དང་བྱང་ཆུབ་ཀྱང་དེ་འདྲ་སྟེ། དམིགས་པའི་སྒོ་ནས་ནི་སེམས་དང་བྱང་ཆུབ་གཉིས་ག་འགོ་མཉམ་དུ་རྫས་སོ་སོར་ཡོད་པར་དམིགས་སོ། །སྣང་བའི་སྒོ་ནས་ནི་གཉིས་དུས་གཅིག་དུ་མི་སྣང་སྟེ། གང་གི་ཚེ་སེམས་སུ་སྣང་བ་དེའི་ཚེ་བྱང་ཆུབ་མི་སྣང་ངོ་། །གང་གི་ཚེ་བྱང་ཆུབ་དུ་སྣང་བ་དེའི་ཚེ་སེམས་མི་སྣང་ངོ་། །དེ་ལ་སེམས་སུ་སྣང་བ་ནི་སླུ་བའི་ཕྱིར་འཁྲུལ་བའོ། །བྱང་ཆུབ་དུ་སྣང་བ་ནི་མི་སླུ་བའི་ཕྱིར་ཕྱིན་ཅི་མ་ལོག་པའོ། །དེ་ལ་ངོ་བོ་ཉིད་ཀྱི་སྒོ་ནས་ནི་གང་སེམས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་ཞིག་ན་བྱང་ཆུབ་ཀྱི་ངོ་བོ་ཉིད་གཏན་མི་འགྲུབ་བོ། །གང་བྱང་ཆུབ་ཀྱི་ངོ་བོ་ཉིད་དུ་གྲུབ་པ་ཞིག་ན་སེམས་ཀྱི་ངོ་བོ་ཉིད་གཏན་མི་འགྲུབ་སྟེ། དེ་བས་ན་སེམས་སུ་སྣང་བ་ནི་འཁྲུལ་པ་ཡིན་ཏེ། ཇི་ལྟར་སྣང་བ་དེ་ལྟ་བུའི་ངོ་བོ་ཉིད་མེད་པས། སྣང་བ་ཉིད་ན་བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་ཏེ་སེམས་ཀྱི་ངོ་བོ་ཉིད་ནི་གཏན་མ་གྲུབ་བོ་ཞེས་ཤེས་པར་བྱའོ། །དོན་འདིས་རྫོགས་པ་ཆེན་པོའི་ཚུལ་ལས་ཉོན་མོངས་པ་ཉིད་རྣམ་པར་གྲོལ་བའི་ལམ་ཆེན་པོ། ལས་ཉིད་རང་བྱུང་གི་ཡེ་ཤེས། སྡུག་བསྔལ་ཉིད་བྱང་ཆུབ་བོ་ཞེས་གསུངས་པའི་དོན་ཡང་འདི་ལྟ་བུ་ཡིན་ནོ། །དེ་ལ་རྣམ་པར་གྲོལ་བ་དང་། རང་བྱུང་གི་ཡེ་ཤེས་དང་། བྱང་ཆུབ་ཅེས་བསྟན་པའང་། སེམས་ཅན་གྱི་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་དུ་ཞེན་པའི་བློ་བཟློག་པའི་ཐ་སྙད་སོ་སོར་བསྟན་པར་ཟད་དེ། ངོ་བོ་ཉིད་ནི་དབྱེར་མེད་ཅིང་གཅིག་གོ། དེ་ལ་གཅིག་པ་ཞེས་བྱ་བའི་དོན་ཡང་གསུམ་སྟེ། འདི་ལྟར་མཚུངས་པའི་གཅིག་པ་དང་། གྲངས་ཀྱི་གཅིག་པ་དང་། དབྱེར་མེད་པའི་གཅིག་པའོ། །དེ་ལ་གཅིག་པའི་ཐ་སྙད་ཐམས་ཅད་ཀྱང་དུ་མ་བློ་ཟློག་པར་འདྲ་མོད་ཀྱི། རྟེན་གཞིའི་བྱེ་བྲག །དུ་མ་དམིགས་པ་དང་། གཅིག་དམིགས་པ་དང་། མི་དམིགས་པའི་བྱེ་བྲག་གིས་ཕྱེ་བ་ཡིན་ནོ། །དེ་ལ་མཚུངས་པའི་གཅིག་པ་གང་ཞེ་ན། འདི་ལྟར་ཀ་བ་ནི་བླ་གབ་འཛིན་པའི་མཚན་ཉིད་དེ། བུམ་པ་ནི་ཆུ་འཛིན་པའི་མཚན་ཉིད་དེ། གཉིས་གའང་བྱས་པའོ་ཞེས་བརྗོད་པ་ན། ཀ་བ་བྱས་པ་ནི་ཀ་བ་རང་གི་ངོ་བོ་ལ་གནས། བུམ་པ་བྱས་པ་ནི་བུམ་པ་རང་གི་ངོ་བོ་ལ་གནས་ཏེ། རང་རང་གི་མཚན་ཉིད་ཅན་ཡིན་པར་དམིགས་ཀྱང་། བྱས་པ་ཉིད་ལའང་ཐ་དད་མི་དམིགས་སོ། །བྱས་པ་ཐ་དད་མི་དམིགས་ཀྱང་དེ་ཀ་བའང་བུམ་པར་མི་ལྡོག །བུམ་པའང་ཀ་བར་མི་ལྡོག །བླ་གབ་འཛིན་པ་དང་ཆུ་འཛིན་པའི་མཚན་ཉིད་ཀྱང་མི་འདོར་རོ། །ཚུལ་འདི་ལྟ་བུ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ནི་སྡུག་བསྔལ་གྱི་མཐར་ཕྱིན་པའི་མཚན་ཉིད། སངས་རྒྱས་བཅོམ་ལྡན་འདས་ནི་བདེ་བའི་མཐར་ཕྱིན་པའི་མཚན་ཉིད། གཉིས་ག་ཡང་བདག་དང་བདག་གི་མཚན་ཉིད་ཀྱིས་སྟོང་པའོ་ཞེས་བརྗོད་ན། སྟོང་པ་ཉིད་ལ་ཐ་དད་མི་དམིགས་ཀྱང་། ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པར་མ་གྲུབ་ན། བདག་དང་བདག་གིས་སྟོང་པ་ཙམ་ཀྱིས་དམྱལ་བ་ཡང་སངས་རྒྱས་སུ་མི་ལྡོག །སངས་རྒྱས་ཀྱང་དམྱལ་བར་མི་ལྡོག །བདེ་བ་དང་སྡུག་བསྔལ་གྱི་མཚན་ཉིད་ཀྱང་མི་འདོར་ཏེ། དཔེར་ན་ཅིག་བརྒྱ་ཉིས་བརྒྱ་ཅིག་སྟོང་ཉིས་སྟོང་ཞེས་བརྗོད་པ་ན། བརྒྱ་དང་སྟོང་ཉིད་ཀྱང་མང་པོ་ཡིན་མོད་ཀྱི། བརྒྱ་པ་གཅིག་ལ་བརྒྱ་པ་གཉིས་ལ་སོགས་པའི་དབྱེ་བ་མེད་པས། གཅིག་བརྒྱ་ཞེས་གཅིག་གི་ཐ་སྙད་འཇུག་པ་བཞིན་ནོ། །དེ་ལ་གྲངས་ཀྱི་གཅིག་པ་གང་ཞེ་ན། དཔེར་ན་བསེ་རུ་ལྟ་བུ་ཞེས་བྱ་བ། རི་དྭགས་བསེ་ལ་རྭ་གཉིས་ལྷན་ཅིག་སྐྱེས་པ་མེད་དེ། རལ་གྲི་ལྟ་བུ་གཅིག་ཡོད་པ་ལ། བསེ་རུ་ཅིག་ཞེས་བརྗོད་པ་བཞིན་དུ། འདི་ལྟར་གང་ཟག་དང་ཕུང་པོ་གཉིས་ནི་མེད་ཕུང་པོ་ནི་ཡོད་ཅེའམ། རང་རྒྱལ་བ་རྣམས་ཀྱི་གཟུང་བ་ནི་མེད་འཛིན་པ་ནི་ཡོད་ཅེའམ། དེ་བཞིན་དུ་གཉིས་པོ་ནི་མེད་རང་རིག་པ་ནི་ཡོད་ཅེས་བྱ་བ་ལ་སོགས་པ་ཀུན་དུ་བརྟགས་པ་བསལ་ནས་མཚན་ཉིད་པ་ཡོད་པར་སྒྲུབ་པ་དང་། མཚན་ཉིད་པ་དེ་ཉིད་ལའང་ཆོས་དང་ཆོས་ཅན་བདག་ཉིད་གཅིག་པར་འདོད་པ་དང་། ཆོས་ཕན་ཚུན་ཀྱང་ངོ་བོ་ཉིད་གཅིག་པ་ལྟ་བུ་ཐ་དད་ནི་འགེགས་པར་བྱེད་ལ། དངོས་པོ་གཅིག་ནི་སྒྲུབ་པས་དེ་འདི་སྐད་དུ། གཉིས་ནི་མེད་དོ་གཅིག་ནི་ཡོད་དོ་ཞེས་དངོས་པོ་གཅིག་གི་བློ་མི་གཏོང་བ་འདི་ནི་གྲངས་ཀྱི་གཅིག་པ་ཞེས་བྱའོ། །དེ་ལ་དབྱེར་མེད་པའི་གཅིག་པ་ནི། དཔེར་ན་ནམས་མཁའི་རང་བཞིན་ནི་ནམས་མཁའ་ཉིད་དོ་ཞེས་བརྗོད་ན། རེ་ཤིག་ཐ་སྙད་ཀྱི་ཡུལ་དུ་ནམ་མཁའ་དང་ནམ་མཁའི་རང་བཞིན་ཅེས་ཐ་སྙད་ཀྱི་ཡུལ་དུ་ཆོས་དང་ཆོས་ཅན་དུ་འཇོག་ཀྱང་། ནམ་མཁའ་ཞེས་བྱ་བའང་སྟོང་པ་ཉིད་ཀྱི་ཚིག་བླ་དྭགས། ནམ་མཁའི་རང་བཞིན་ནམ་མཁའ་ཉིད་ཅེས་བྱ་བའང་སྟོང་པ་ཉིད་ཀྱི་ཚིག་བླ་དྭགས་ཏེ། འདི་ལ་གཉིས་སུ་གཞག་པའི་དོན་གང་ཡང་མི་རྙེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལའང་། སེམས་བཀག་ནས་བྱང་ཆུབ་སྒྲུབ་པར་བྱེད་པ་དེའི་ཚེ་ནི། གྲངས་ཀྱི་གཅིག་པ་ཞེས་བྱ་བར་འགྱུར་རོ། །གང་གི་ཚེ་ཆོས་ཅན་སེམས་མ་གྲུབ་པས། དེ་ལ་རྟེན་ནས་གཞག་པའི་བྱང་ཆུབ་ཀྱང་མ་གྲུབ་སྟེ། ཇི་ལྟར་ནམ་མཁའི་རང་བཞིན་ནམ་མཁའ་ཉིད་ཅེས་བརྗོད་པ་དང་འདྲ་བར། སེམས་དང་བྱང་ཆུབ་ཀྱི་དབྱེ་བ་མི་རྙེད་པར་འདོད་པ་དེའི་ཚེ། དབྱེར་མེད་པའི་གཅིག་པ་ཞེས་བྱའོ། །རྫོགས་པ་ཆེན་པོའི་ཚུལ་ལས་ཀྱང་ཚུལ་འདི་གཉིས་སྟོན་ཏོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཆེ་བ་སྟོན་པའི་ཚེ་ནི། གྲངས་ཀྱི་གཅིག་པའི་ཚུལ་ལས་བརྩམས་ཏེའང་སྟོན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་སྟོན་པའི་ཚེ་ནི་དབྱེར་མེད་པའི་གཅིག་པ་ཉིད་དུ་སྟོན་ཏོ། །འདི་ནི་དོན་གྱི་རྩ་བ་མདོར་བསྡུས་ནས་བསྟན་པ་ཡིན་ཏེ། འོག་ནས་འབྱུང་བའི་རྫོགས་པ་ཆེན་པོའི་གཞུང་ཉིད་བསྟན་པའི་སྐབས་ནས་བཤད་པ་ཀུན་ཀྱིས་ཀྱང་འདི་ལས་བོགས་དབྱུང་དུ་མེད་དོ། །ད་ནི་སྐབས་འདིར་གཅིག་པ་དང་ཐ་དད་པར་སྒྲུབ་པ་དང་དགག་པ་ལ་སོགས་པའི་སྤྱིའི་ཚུལ་ཅུང་ཟད་ཙམ་བརྗོད་དེ། དེ་ལ་གང་དག་རང་གི་གྲུབ་པའི་མཐའ་སྒྲུབ་པར་འདོད་ཅིང་། གཞན་གྱི་གྲུབ་པའི་མཐའ་དགག་པར་འདོད་པ་རྣམས། སོ་སོའི་སྒོ་ཇི་སྙེད་པ་ཐམས་ཅད་ཀྱང་། དངོས་པོ་བསྒྲུབ་པ་དང་། དངོས་པོ་དགག་པ་གཉིས་སུ་འདུས་སོ། །དེ་ལ་དགག་པ་ཇི་སྙེད་པ་ཐམས་ཅད་ཀྱང་། མེད་པར་དགག་པ་དང་མ་ཡིན་པར་དགག་པ་གཉིས་སུ་འདུས་སོ། །དེ་ལ་མེད་པར་དགག་པ་ཞེས་བྱ་བ་ནི། ཡོད་པ་བཀག་པ་ཙམ་ཡིན་ཏེ། གཞན་བསྒྲུབ་པར་བྱ་བའི་དོན་མེད་དེ། འདི་ལྟར་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་ཟ་བ་ཙམ་སེལ་བར་བྱེད་པ་ཀུན་དུ་བརྟགས་པ་ཙམ་འགོག་པར་བྱེད་པ་ཡིན་ཏེ། དོན་གཞན་སྟོན་པ་མེད་དོ། །དཔེར་ན་བུམ་པ་མེད་ཅེས་བརྗོད་ན། བུམ་པ་ཡོད་པར་རྟོག་པ་བཟློག་པ་ཙམ་དུ་ཟད་དེ། བུམ་པ་མེད་པའི་ས་ཕྱོགས་ལ་སོགས་པ་ནི་སྟོན་པར་མི་བྱེད་དོ། །དེ་བཞིན་དུ་གང་ཟག་མེད་ཅེས་བརྗོད་ན། གང་ཟག་ཡོད་པར་རྟོག་པ་ཙམ་བཟློག་པར་ཟད་དེ། གང་ཟག་གིས་སྟོང་པའི་ཕུང་པོ་ཡོད་པར་སྟོན་པར་ནི་མི་བྱེད་པའོ། །དེ་བཞིན་དུ་ཀུན་ལ་སྦྱར་རོ། །མ་ཡིན་པར་དགག་པ་གང་ཞེ་ན། གཞན་བགག་ནས་གཞན་སྟོན་པ་སྟེ། འདི་ལྟར་བུམ་པ་མེད་པ་ཞེས་བརྗོད་ན། བུམ་པས་སྟོང་པའི་ས་ཕྱོགས་གོ་བར་བྱེད་པ་བཞིན་དུ། གང་ཟག་མེད་པ་ཞེས་བརྗོད་ན། གང་ཟག་གིས་སྟོང་པའི་ཕུང་པོ་སྟོན་པར་བྱེད་པ་ལྟ་བུའོ། །དེ་ལྟ་བས་ན་མེད་པར་དགག་པ་ནི་གཞན་གྱི་གྲུབ་པའི་མཐའ་སེལ་བ་ཙམ་ཡིན་ལ། མ་ཡིན་པར་དགག་པ་ནི་དེ་ཙམ་གྱིས་མི་ཆོག་སྟེ། རང་གི་གྲུབ་པའི་མཐའ་འང་སྒྲུབ་པར་བྱེད་པ་ཡིན་ནོ། །དངོས་པོ་བསྒྲུབ་པ་ཇི་སྙེད་པའང་མདོ་རྣམ་པ་གཉིས་སུ་འདུས་ཏེ། འདི་ལྟར་ཡོད་པར་སྒྲུབ་པ་དང་། དམིགས་པར་སྒྲུབ་པའོ། །དེ་དག་གི་གཞི་ཡང་རྣམ་པ་གཉིས་ཏེ། གཅིག་པ་དང་ཐ་དད་པའོ། །དེ་དག་གི་གཞི་ཡང་རྣམ་པ་གཉིས་ཏེ། ངོ་བོ་ཉིད་དང་ཁྱད་པར་རོ། །དེའི་བློ་ཡང་རྣམ་པ་གཉིས་ཏེ། རིལ་པོར་འཛིན་པའི་བློ་དང་། རྗེས་སུ་གཞིག་པའི་བློའོ། །བློ་འདི་གཉིས་ནི་རང་བཞིན་གྱིས་ལྡན་མོད་ཀྱི། འོན་ཀྱང་རྒོལ་བ་དང་ཕྱིར་རྒོལ་བ་བརྩོད་པ་ན། འདི་སྐད་དུ། རང་གི་གྲུབ་མཐའ་ནི་རིལ་པོར་འཛིན་པའི་བློས་བཟླུམས་ཏེ། ཁྱེད་ཀྱི་གྲུབ་མཐས་མི་ཕྱེད་པར་བྱེད་དོ། །ཁྱེད་ཀྱི་གྲུབ་མཐའ་ནི་རྗེས་སུ་གཞིག་པའི་བློས་བཤིག་སྟེ་མ་གྲུབ་པར་བྱེད་དོ། །ཞེས་ཁས་ནི་མི་ལེན་ཏོ། །དེ་ལ་དངོས་པོ་སྒྲུབ་པ་ཐམས་ཅད་ཀྱི་གཞི་ངོ་བོ་ཉིད་དང་ཁྱད་པར་ཡིན་པས། དེ་ཁོང་དུ་མ་ཆུད་ན་དངོས་པོ་སྒྲུབ་པ་ཐམས་ཅད་ཁོང་དུ་མི་ཆུད་པས། དེ་བས་ན་དང་པོ་འདི་བསྟན་ཏོ། །དེ་ལ་ངོ་བོ་ཉིད་གང་ཞེ་ན། བློ་གང་ལ་དོན་གང་སྣང་བ་ན། འདི་ལྟར་གྲངས་ཀྱིས་མ་ཕྱེ་རྒྱ་ཆེ་ཆུང་གིས་མ་ཕྱེ་སྟེ། དོན་གང་སྣང་བ་དེ་ཉིད་མཚན་མར་བྱར་རུང་བར་སྣང་བའོ། །དེ་མཚོན་པར་བྱེད་པ་ནི་མིང་ཡིན་ཏེ། འདི་ལྟར་ནཱ་མ་ཞེས་བྱ་བའི་སྒྲ། ན་ཡ་ནི་ཞེས་བྱ་སྟེ་ཁྲིད་པར་བྱེད་པས་མིང་སྟེ། བློ་གང་དོན་གྱི་ངོ་བོ་ཉིད་ལ་ཁྲིད་པར་བྱེད་སྦྱོར་བར་བྱེད་པས་མིང་ཞེས་བྱ་སྟེ། དེ་ནི་འདི་ལྟར་ཀ་བ་དང་བུམ་པ་ཞེས་བྱ་བ་ལྟ་བུ་ངོ་བོ་ཉིད་རྒྱ་ཆུང་བ་ལ་སྦྱོར་བར་བྱེད་ཀྱང་རུང་། འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལྟ་བུ་ངོ་བོ་ཉིད་རྒྱ་ཆེ་བ་ལ་སྦྱོར་བར་བྱེད་ཀྱང་རུང་སྟེ། ཇི་ཙམ་དུ་མིང་གིས་ཁྲིད་པའི་དོན་དེ་ལ་ངོ་བོ་ཉིད་ཅེས་བྱའོ། །ལ་ཀྵ་ན་ཞེས་བྱ་བ། རྒྱུའམ་མཚན་མའམ་རྟགས་ལ་འཇུག་སྟེ། དེ་བས་ན་རྣམ་པར་རྟོག་པའི་བློ་གང་གིས་མིང་དང་མིང་ཅན་བསྲེས་ཏེ་གཅིག་དུ་ཞེན་པར་བྱས་ནས། དོན་གྱི་མཚན་མ་དང་རྟགས་སུ་བྱས་ནས་རྒྱུ་མཚན་ཞེས་བྱའོ། །སངས་རྒྱས་ཀྱི་མཚན་བཟང་པོ་ལ་ཡང་ལ་ཀྵ་ན་ཞེས་བྱ་སྟེ། མཚན་མའམ་རྟགས་སུ་བྱས་པའོ། །དེ་ལ་མིང་དང་རྒྱུ་མཚན་དེ་དག་ནི། སྒྲའི་བསྟན་ཆོས་པ་འདོད་པ་ལྟར་དོན་གྱི་ངོ་བོ་ཉིད་ལ་ལྡན་པ་ནི་མ་ཡིན་ཏེ། ངོ་བོ་ཉིད་ནི་མིང་དང་རྒྱུ་མཚན་དང་བྲལ་བའོ། །དེ་ལ་དོན་གྱི་ཁྱད་པར་གང་ཞེ་ན། ངོ་བོ་ཉིད་དེ་ལ་བརྟེན་ནས་བྱེ་བྲག་གང་གིས་ངོ་བོ་ཉིད་དེ་རྣམ་པར་ཕྱེ་སྟེ་ཁྱད་པར་དུ་བྱས་པས་ཁྱད་པར་ཞེས་བྱའོ། །དེ་ཉིད་མཚན་ཉིད་ཀྱང་ཡིན་ཏེ། མཚོན་པར་བྱ་བའམ་བྱེད་པའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཆོས་ཞེས་ཀྱང་བྱ་སྟེ། ངྷ་རྨ་ཞེས་བྱ་བ་ངྷ་ར་ནི་འཛིན་པ་མ་ནི་ཚིག་གི་རྐྱེན་ཡིན་ཏེ་འཛིན་པས་ཆོས་ཞེས་བྱའོ། །དེ་ཡང་འདིས་འཛིན་པར་བྱེད་པའམ། འདི་འཛིན་ཅིང་བཟུང་བས་ན་ཆོས་ཏེ། དེ་ལ་སྐབས་ལ་ལར་ནི་ལྟུང་བ་ལས་འཛིན་པར་བྱེད་པ་དང་། རིགས་པ་འཛིན་པར་བྱེད་པ་དང་། མཚན་ཉིད་འཛིན་པར་བྱེད་པས་ཆོས་ཞེས་བྱའོ། །ལ་ལར་ནི་ཁྱད་པར་འདི་ངོ་བོ་ཉིད་ཀྱིས་བཟུང་བ་ཡིན་ཞིང་ངོ་བོ་ཉིད་ལ་རྟེན་པ་ཡིན་པས། གཞན་ལ་རྟེན་པའི་ཕྱིར་ཆོས་ཞེས་བྱ་སྟེ། འདིར་ནི་འདི་བཞིན་དུ་སྦྱར་རོ། །དེ་བས་ན་ཆོས་གང་ལ་ཡོད་པ་དེ་ནི་ཆོས་ཅན། མཚན་ཉིད་གང་ལ་ཡོད་པ་དེ་ནི་མཚན་གཞི། ཁྱད་པར་གང་ལ་ཡོད་པ་དེ་ནི་ཁྱད་པར་གྱི་གཞི་ཡིན་ཏེ། དེ་ལྟར་ན་དེ་རྣམས་དང་ངོ་བོ་ཉིད་ལ་དོན་གྱི་བྱེ་བྲག་མེད་དོ། །ཅུང་ཟད་བྱེ་བྲག་དུ་ན་ངོ་བོ་ཉིད་ནི་དོན་གཞན་ལ་མ་ལྟོས་པར་དོན་དེ་ལྟ་བུའི་བློ་འབྱུང་བའོ། །ཆོས་ཅན་དང་མཚན་གཞི་ལ་སོགས་པ་ནི། ཆོས་ལ་སོགས་པ་ལ་ལྟོས་ནས་ཆོས་ཅན་ལ་སོགས་པའི་བློ་འབྱུང་བ་སྟེ། འདི་ནི་བྱེ་བྲག་གོ །ངོ་བོ་ཉིད་དང་ཁྱད་པར་དུ་གཞག་པའང་། ངོ་བོ་ཉིད་ནི་ཁྱད་པར་ལ་མ་རྟེན་པར་གྲུབ་པའོ། །ཁྱད་པར་ནི་ངོ་བོ་ཉིད་ལ་རྟེན་ནས་བྱེ་བྲག་སོ་སོར་རྣམ་པར་ཕྱེ་བའོ། །དེ་ལ་ཁྱད་པར་དེ་སྟོན་པར་བྱེད་པ་ནི་ཚིག་ཡིན་ཏེ། འདི་ལྟར་བྱཱ་ཛཱ་ན་ཞེས་བྱ་བ། དཔེ་བྱད་བཟང་པོའི་མིང་ཡང་ཡིན། ཚོད་མའི་མིང་ཡང་ཡིན། ཚིག་འབྲུ་ལ་ཡང་བྱ་སྟེ། དེ་ལ་དཔེ་བྱད་བཟང་པོ་ལ་བྱཱ་ཛཱ་ན་ཞེས་བྱ་བ། མེ་ཏོག་གི་ཟེའུ་འབྲུ་ཉིད་ཀྱང་མེ་ཏོག་ཡིན་མོད་ཀྱི། མེ་ཏོག་གི་སྤྱི་ཟེའུ་འབྲུས་འབྱེས་པར་བྱེད་པ་ལྟར། དཔེ་བྱད་ཉིད་ཀྱང་མཚན་གྱི་ཁོངས་སུ་གཏོགས་མོད་ཀྱི། མཚན་སྤྱི་དཔེ་བྱད་ཀྱིས་འབྱེས་པར་བྱེད་པ་བཞིན་དུ། བུམ་པ་མི་རྟག་ཅེས་བྱ་བ་ལྟ་བུ་ཚིག་གང་གིས་ངོ་བོ་ཉིད་དེ་བྱེ་བྲག་དུ་འབྱེད་པར་བྱེད་པས་དེ་སྐད་དུའོ། །ཇི་ལྟར་ཚོད་མས་ཟན་གྱི་རོ་བྱེ་བྲག་ཏུ་འབྱེད་ཅིང་ཁྲིད་པར་བྱེད་པ་ལྟར། ཁྱད་པར་གྱི་ཚིག་གང་གིས་ངོ་བོ་ཉིད་དེ་བྱེ་བྲག་ཏུ་འབྱེད་པར་བྱེད། ཕྱོགས་གཅིག་དུ་འདྲེན་པར་བྱེད་པས་ཚིག་འབྲུ་ཞེས་བྱའོ། །དེ་ལྟར་ངོ་བོ་ཉིད་དང་ཁྱད་པར་དེ་གཞིར་བྱས་ནས། གཅིག་དང་ཐ་དད་དུ་སྒྲུབ་པར་བྱེད་དེ། འདི་ལྟར་ངོ་བོ་ཉིད་གཅིག་གོ །ངོ་བོ་ཉིད་ཐ་དད་དོ། །ཆོས་གཅིག་གོ །ཆོས་ཐ་དད་དོ། །ཞེས་སྒྲུབ་པར་བྱེད་དོ། །དེ་དག་ལ་རྟེན་ནས་ཡོད་པ་དང་ཡིན་པ་སྒྲུབ་པར་བྱེད་དེ། འདི་ལྟར་ངོ་བོ་ཉིད་གཅིག་ཡིན་ནོ། །གཅིག་ཡོད་དོ། །ངོ་བོ་ཉིད་ཐ་དད་ཡིན་ནོ། །ཐ་དད་ཡོད་དོ། །ཆོས་གཅིག་ཡིན་ནོ། །གཅིག་ཡོད་དོ། །ཆོས་ཐ་དད་ཡིན་ནོ། །ཐ་དད་ཡོད་དོ་ཞེས་སྒྲུབ་པར་བྱེད་དོ། །དེ་ལ་ཡིན་པར་སྒྲུབ་པ་ནི་བདེན་པར་སྒྲུབ་པའོ། །ཡོད་པར་སྒྲུབ་པ་ནི་དམིགས་པར་སྒྲུབ་པའོ། །ཡང་ཡིན་པར་སྒྲུབ་པ་ནི་ལྟོས་ནས་སྒྲུབ་པར་བྱེད་དོ། །ཡོད་པར་སྒྲུབ་པ་ནི་རྟེན་ནས་སྒྲུབ་པར་བྱེད་དོ། །དེ་དག་ཀྱང་ཇི་ལྟར་ཞེ་ན། དེ་ལ་ངོ་བོ་གཅིག་སྒྲུབ་པ་གང་ཞེ་ན། རིགས་མཐུན་པའམ་རིགས་མི་མཐུན་པ་དུ་མ་ལས་བཟློག་སྟེ། འདི་ལྟར་བུམ་པ་ནི་རིགས་མི་མཐུན་པ་ཀ་བ་ལ་སོགས་པ་ལས་ཀྱང་བཟློག །རིགས་མཐུན་པ་བུམ་པ་གཉིས་པ་ལས་ཀྱང་བཟློག་སྟེ། བུམ་པ་ངོ་བོ་ཉིད་གཅིག་དུ་སྒྲུབ་པར་བྱེད་དོ། །དེ་ལ་ངོ་བོ་ཐ་དད་དུ་སྒྲུབ་པར་བྱེད་པ་གང་ཞེ་ན། ངོ་བོ་གཅིག་ལས་ལྟོས་ཏེ་སྒྲུབ་པར་བྱེད་དེ། འདི་ལྟར་རིགས་མཐུན་པ་བུམ་པ་གཅིག་ལ་ལྟོས་ཏེ་བཟློག་ནས། བུམ་པ་གཉིས་པ་ལ་སོགས་པ་ཐ་དད་དུའང་སྒྲུབ་པར་བྱེད། རིགས་མི་མཐུན་པ་ཀ་བ་ལྟ་བུ་ཕྱོགས་གཅིག་དུ་བྱས་ཏེ། བཟློག་ནས། བུམ་པ་དང་རེ་ལྡེ་དང་རྟ་དང་གླང་པོ་ལ་སོགས་པ་ཐ་དད་དུ་སྒྲུབ་པར་བྱེད་དོ། །དེ་ལ་ཆོས་གཅིག་དང་ཐ་དད་དུ་སྒྲུབ་པར་བྱེད་པའང་ཚུལ་དེ་དང་འདྲའོ། །གཞན་ཡང་གཅིག་དུ་སྒྲུབ་པར་བྱེད་པའི་ཚུལ་ཡང་རྣམ་པ་གཉིས་ཏེ། བཀར་ཏེ་གཅིག་དུ་བསྒྲུབ་པར་བྱེད་པ་དང་། བསྡུས་ཏེ་གཅིག་དུ་སྒྲུབ་པར་བྱེད་པའོ། །ཐ་དད་དུ་སྒྲུབ་པར་བྱེད་པའི་ཚེ་ནའང་གཉིས་ཏེ། བཟློག་སྟེ་ཐ་དད་དུ་བསྒྲུབ་པར་བྱེད་པ་དང་། ཕྱེ་སྟེ་ཐ་དད་དུ་སྒྲུབ་པར་བྱེད་པའོ། །དེ་ལ་ངོ་བོ་གཅིག་ཡོད་པར་བསྒྲུབ་པ་གང་ཞེ་ན། སྤྱི་རྫས་སུ་ཡོད་པར་འདོད་ཀྱང་རུང་། བཏགས་པའི་ཡོད་པར་འདོད་ཀྱང་རུང་སྟེ། སྤྱི་གཅིག་ལ་ངོ་བོ་ཉིད་དུ་མ་ཡོད་པ་ལས། འདི་ངོ་བོ་ཉིད་གཅིག་དུ་ཡོད་དོ་ཞེས། བཀར་ཏེ་ངོ་བོ་ཉིད་གཅིག་ཡོད་པར་བསྒྲུབ་བོ། །བཀར་ཏེ་ངོ་བོ་ཉིད་གཅིག་ཡིན་པར་བསྒྲུབ་པ་ནི། སྤྱི་ལ་རྟེན་པ་མེད་པར་ངོ་བོ་ཉིད་དུ་མར་གནས་པ་རྣམས་ལས་ལྟོས་ཏེ། བཟློག་ནས་བཀར་ཏེ་འདི་ངོ་བོ་ཉིད་གཅིག་ཡིན་ནོ་ཞེས་ཡིན་པར་སྒྲུབ་པར་བྱེད་དོ། །དེ་ལ་བསྡུས་ཏེ་ངོ་བོ་ཉིད་གཅིག་དུ་བསྒྲུབ་པར་བྱེད་པ་གང་ཞེ་ན། འདི་ལྟར་གང་དང་གང་གཅིག་གང་དུ་གཅིག་ཅེས་སྒྲུབ་པར་བྱེད་དོ། །འདི་ལྟར་ཆོས་དང་ཆོས་ཅན་བདག་ཉིད་གཅིག་པར་སྒྲུབ་པར་བྱེད་པ་ན། ངོ་བོ་ཉིད་གཅིག་པར་སྒྲུབ་སྟེ། ཨུད་པ་ལའང་དེ་ཉིད། སྔོན་པོའང་དེ་ཉིད། བུམ་པའང་དེ་ཉིད། བྱས་པའང་དེ་ཉིད་ཅེས་ངོ་བོ་ཉིད་གཅིག་དུ་སྒྲུབ་པར་བྱེད་དོ། །ཆོས་དང་ཆོས་ཅན་ངོ་བོ་ཉིད་དུ་གཅིག་པར་ཡང་བསྒྲུབ་པར་བྱེད་དོ། འདི་ལྟར་སྔོན་པོའང་ཨུད་པ་ལ་ཉིད་རྩུབ་པའང་ཨུད་པ་ལ་ཉིད། བྱས་པའང་བུམ་པ་ཉིད། མི་རྟག་པའང་བུམ་པ་ཉིད་ཅེས་བསྡུས་ཏེ་ངོ་བོ་ཉིད་ཅིག་དུ་བསྒྲུབ་པར་བྱེད་དེ། ཚུལ་འདི་ཉིད་ལའང་ཡོད་པ་དང་ཡིན་པའི་ཚུལ་གཉིས་གར་སྒྲུབ་པར་བྱེད་དོ། །དེ་ལ་ངོ་བོ་ཉིད་ཐ་དད་ཡོད་པར་བསྒྲུབ་པ་ན། སྤྱི་ལས་ཕྱེ་སྟེ་སྒྲུབ་པར་བྱེད་དོ། །ཡིན་པར་སྒྲུབ་པ་ན་གཅིག་ལས་བཟློག་སྟེ་སྒྲུབ་པར་བྱེད་དོ། །དེ་ལ་ཆོས་གཅིག་དུ་སྒྲུབ་པར་བྱེད་པ་ན། བཀར་ཏེ་བསྒྲུབ་པར་བྱེད་པའི་ཚེ། བུམ་པའི་ངོ་བོ་ཉིད་གང་ཡིན་པ་དེའི་ཆ་ཤས་མ་ལུས་པར་ཆུ་འཛིན་པར་བྱེད་པ་ཡིན་བྱས་པ་ཡིན་མི་རྟག་པ་ཡིན་ནོ་ཞེས་ཁྱད་པར་གཞན་སྤངས་ཤིང་ཆོས་གཅིག་ལས་བཟློག་ནས་སྒྲུབ་བོ། །ཆོས་དང་ཆོས་ཅན་གཉིས་ཆོས་གཅིག་པར་སྒྲུབ་པར་བྱེད་ན། ངོ་བོ་ཉིད་ཕྱོགས་སུ་བྱས་ནས་དེའི་ཆ་ཤས་མ་ལུས་པར་ཆོས་གཅིག་དུ་སྒྲུབ་པར་བྱེད་དོ། །ངོ་བོ་ཐ་དད་བསྡུས་ཏེ་ཆོས་གཅིག་དུ་སྒྲུབ་པར་བྱེད་པའི་ཚེ་ནི། གང་དང་གང་གཅིག་གང་དུ་གཅིག་ཅེ་ན། ཀ་བའི་ངོ་བོ་ཉིད་དང་བུམ་པའི་ངོ་བོ་ཉིད་གཉིས་གའང་བྱས་པར་གཅིག་གོ །ཞེས་བསྡུས་ཏེ་ཆོས་གཅིག་དུ་སྒྲུབ་པར་བྱེད་དེ། ཡོད་པའམ་ཡིན་པར་སྒྲུབ་བོ། །དེ་ལ་ཆོས་ཐ་དད་དུ་སྒྲུབ་པར་བྱེད་པ་ན་ཕྱེ་སྟེ་ཐ་དད་དུ་སྒྲུབ་པར་བྱེད་པ་ནི་འདི་ལྟར། བུམ་པའི་ངོ་བོ་ཉིད་གཅིག་ལ་ཁ་དོག་དང་དབྱིབས་དང་རེག་བྱ་དང་མཚན་ཉིད་དག་སོ་སོར་འབྱེད་དོ། །མཚན་ཉིད་ལའང་བྱས་པ་དང་མི་རྟག་པ་ལ་སོགས་པ་མཚན་ཉིད་སོ་སོར་འབྱེད་དོ། །བཟློག་སྟེ་ཆོས་ཐ་དད་དུ་སྒྲུབ་པར་བྱེད་པ་ན། འདི་ལྟར་བྱས་པ་ནི་མི་རྟག་པ་ལས་བཟློག་ནས་ཆོས་གཞན་ཡིན་ཏེ། འདི་ལྟར་བྱས་པ་ནི་འདུ་བྱེད་རྣམས་མངོན་པར་འགྲུབ་པའི་མཚན་ཉིད། མི་རྟག་པ་ནི་འདུ་བྱེད་རྣམས་འགག་པའི་མཚན་ཉིད་དེ། དེ་བས་ན་བྱས་པ་ཉིད་མི་རྟག་པ་ཡིན་པར་གྱུརད་ན། འདུ་བྱེད་རྣམས་མངོན་པར་འགྲུབ་པར་མི་འགྱུར་རོ། །དེ་བཞིན་དུ་མི་རྟག་པ་ཉིད་བྱས་པ་ཡིན་ན། འདུ་བྱེད་རྣམས་འགག་པར་མི་འགྱུར་རོ། །ཞེས་བསྒྲུབ་པར་བྱེད་པའོ། །དེ་དག་ཐམས་ཅད་ལ་ཡང་ཡོད་པ་དང་ཡིན་པའི་མཚན་ཉིད་བསྒྲུབ་པར་བྱེད་དེ། དེ་ལ་ཡོད་པའི་སྒྲ་དང་བློས་ནི་ཁྱད་པར་གཞན་མ་སྤངས་པའི་ཚུལ་དུ་སྟོན། ཡིན་པའི་སྒྲ་དང་བློས་ནི་ཁྱད་པར་གཞན་སྤངས་པའི་ཚུལ་དུ་སྟོན་ཏོ། །དེ་ལྟར་སྒྲུབ་པར་བྱེད་པ་དེ་ཡང་བློ་རྣམ་པ་གཉིས་ཀྱི་དབང་དུ་བྱས་པ་ཡིན་ཏེ། འདི་ལྟར་རིལ་བོར་འཛིན་པའི་བློས་གཅིག་དུ་སྒྲུབ་པར་བྱེད་པའི་ཚེ། ངོ་བོ་ཉིད་གཅིག་དུ་སྒྲུབ་པར་བྱེད་ན། ཆོས་དང་ཆོས་ཅན་ཡང་ངོ་བོ་ཉིད་ཐ་དད་མི་རྙེད། ཆོས་དང་ཆོས་ཀྱང་ངོ་བོ་ཉིད་ཐ་དད་མི་རྙེད་དེ། ངོ་བོ་ཉིད་དེ་ནི་གཅིག་དུ་ཡོད་པའམ་ཡིན་པར་རྫས་སུ་གྲུབ་པར་འགྱུར་ལ། དེའི་ཆོས་ནི་ངོ་བོ་ཉིད་དེའི་བྱེ་བྲག་དང་མཚན་མ་ཙམ་དུ་བྱས་པ་སྟེ། སོ་སོ་ན་རྫས་ཀྱི་ཆ་ཤས་མེད་པར་འགྱུར་ཏེ། དེ་ལྟ་ན་ངོ་བོ་ཉིད་ནི་ཆ་ཤས་དུ་མ་མེད་པ་རྫས་གཅིག་ཡོད་པའམ་ཡིན་པར་སྒྲུབ་པར་བྱེད་དོ། །དེ་ལ་རྗེས་སུ་གཞིག་པའི་བློས་རྣམ་པར་ཕྱེ་བའི་དུས་ན་ནི། སྤྱི་གཅིག་ཏུ་ཡོད་པར་འདོད་པ་ནི་ངོ་བོ་ཉིད་དུ་མར་ཕྱེ་བས་སྤྱི་གཅིག་པོ་འཇིག་གོ །ངོ་བོ་ཉིད་ཁྱད་པར་དུ་མར་ཕྱེ་བས་ངོ་བོ་ཉིད་གཅིག་པ་ཆ་ཤས་མེད་པའི་རྫས་འཇིག་གོ །ཁྱད་པར་གཅིག་པོ་ཆ་ཤས་སུ་ཕྱེ་བས་ཆོས་གཅིག་པོའི་རྫས་འཇིག་སྟེ་མི་འགྲུབ་བོ། །དེ་ལྟར་རིམས་ཀྱིས་རྣམ་པར་ཕྱེ་ན། གཅིག་དང་དུ་མའི་བློ་ནི་བསྐལ་པའི་བར་དུ་ཕྱེ་ཡང་མི་ལྡོག་དུ་རུང་ལ། །དངོས་པོ་རྣམས་ཀྱི་རང་བཞིན། དེ་བཞིན་དུ་ཡོད་པར་བསྒྲུབ་དུ་ནི། གཟུགས་ནི་བོང་ཚོད་ཀྱིས་མི་ཐུབ། སེམས་དང་སེམས་ལས་བྱུང་བ་ནི་རྣམ་པས་མི་ཐུབ་སྟེ། མཐར་ནམ་མཁའ་ལྟ་བུའི་མཚན་ཉིད་དུ་མི་འགྱུར་བའི་གནས་མེད་དོ། །སྐབས་ཁ་ཅིག་དུ་བློ་རྣམ་པ་གཉིས་སུ་ཕྱོགས་པ་བོར་ཏེ། གཉིས་གའི་ཆ་ལ་བརྟེན་ནས་བརྟགས་ན། འདུ་བྱེད་རྣམས་དང་དེའི་མཚན་ཉིད་མི་རྟག་པ་གཉིས། གཅིག་པ་དང་ཐ་དད་པ་གཉིས་ག་ལའང་སྐྱོན་དམིགས་ནས། གཉིས་ག་ལས་གྲོལ་བར་བྱའོ་ཞེས་ཀྱང་སྟོན་ལ། དེ་བཞིན་དུ་གཞན་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱང་དེ་འདྲ་སྟེ། དེ་ལྟ་ན་དངོས་པོར་ལྟ་བའི་གྲུབ་མཐའ་ཐམས་ཅད་ཀྱིས། རང་གི་གྲུབ་པའི་མཐའ་ནི་རིལ་པོར་འཛིན་པའི་བློས་ངོ་བོ་ཉིད་གཅིག་གི་རྫས་ཡོད་པར་བསྒྲུབས། གཞན་གྱི་གྲུབ་པའི་མཐའ་ནི་རྗེས་སུ་གཞིག་པའི་བློས་བཤིག་སྟེ་རྫས་སུ་མེད་པར་བསྒྲུབས་ཀྱང་། ཇི་ལྟར་བསྒྲུབས་པ་དེ་ལྟར་ཚད་ཟིན་ཅིང་ཤེས་བྱའི་མཐར་ཕྱིན་པ་མེད་དེ་དྲི་མ་ཆེ་ཆུང་ཙམ་དུ་ཟད་དོ། །ཡང་ན་འདི་ལྟར་ངོ་བོ་དང་ཁྱད་པར་གཅིག་དུའང་བསྒྲུབ་དུ་རུང་། ཐ་དད་དུའང་བསྒྲུབ་དུ་རུང་། གཉིས་ག་ལས་གྲོལ་བར་ཡང་བསྒྲུབ་དུ་རུང་། གཅིག་དུ་བསྒྲུབ་པར་བྱེད་པའི་ཚེ། ཆོས་ངོ་བོ་ཉིད་གཅིག་དུའང་རུང་། ངོ་བོ་ཆོས་གཅིག་དུའང་རུང་། འདི་ལྟ་བུར་ཆོས་ཐམས་ཅད་རྣམ་པར་བསྒྲུབ་པ་ཉེ་བར་གཞག་པའི་མཚན་ཉིད་དུ་དམིགས་ན། རིགས་པའི་གནོད་པ་འདི་དག་ཀྱང་ཁྱེད་དངོས་པོར་ལྟ་བ་རྣམས་ཕན་ཚུན་གཅིག་ལ་གཅིག་འགལ་བ་དམིགས་པ་ཙམ་དུ་ཟད་དེ། རྫོགས་པ་ཆེན་པོའི་ཚུལ་ལ་རིགས་པ་དེ་དག་གིས་ཕྱོགས་ཆ་ཙམ་དུའང་སླེབས་པ་མེད་དེ། དཔེར་ན་རྒྱ་མཚོ་ཆེན་པོའི་གཏིང་དང་ནམ་མཁའི་མཐའ་མདའ་རྒྱང་དང་མིག་རྒྱང་གིས་གཞལ་བར་འདོད་པ་བཞིན་ནོ། །སྒྲའི་བསྟན་ཆོས་ལས་ཀྱང་། ཐ་སྙད་ཅི་བརྗོད་ཀྱང་མེད་པ་དང་མ་ཡིན་པར་དགག་པ་དང་། ཡོད་པ་དང་ཡིན་པར་བསྒྲུབ་པ་ཙམ་ལས་མེད་དེ། དེ་ལ་དངོས་པོ་བསྒྲུབ་པའང་ཕལ་ཆེར་དེ་ལ་ཕན་པའི་རྐྱེན་དང་། བྱེད་པའི་རྐྱེན་གྱིས་བརྗོད་དེ། དེ་ལ་ཕན་པའི་རྐྱེན་ནི་འདི་ལྟར། ཅན་ལྟ་བུ་སྤྱི་སྟོན་པ་དང་། གང་ཡིན་པ་ལྟ་བུ་ངོ་བོ་ཉིད་སྟོན་པ་དང་། ཉིད་ལྟ་བུ་ཁྱད་པར་སྟོན་པ་དང་། བྱེད་པའི་རྐྱེན་ཡང་འདི་ལྟར། རིང་དུ་འགྲོ་བར་བྱེད་པ་ནི་རིང་དུ་འགྲོ་བ་ཞེས་ཡོན་ཏན་སྟོན་པ་དང་། རིང་དུ་འགྲོ་བར་བྱེད་པ་ནི་རིང་འགྲོ་ཞེས་ཡོན་ཏན་སྟོན་པ་ལྟ་བུའང་ཡོད་པ་དང་ཡིན་པར་སྟོན་པ་ལས་གུད་ན་མེད་དོ། །གཞན་ཡང་མིང་ཁ་མ་ཚང་བ་ལས་ཁ་ཚང་བར་བྱས་པ་ཙམ་དང་། རྣམ་པར་དབྱེ་བ་དང་བཅས་པ་ཙམ་ལ་ཡིན་བྱེད་ཀྱི་མཐའ་ཅན་ཞེས་བྱ་སྟེ། རས་ཡུག་གི་དཀར་པོ་བྱ་བ་ལྟ་བུ་ཡོད་པ་དང་ཡིན་པར་སྟོན་པའི་རྐྱེན་མེད་པའང་དོན་དེ་ལས་མི་འདའོ། །གཞན་ཡང་རིགས་པའི་བསྟན་ཆོས་ལས་རིགས་པ་རྣམ་པ་བཞིའི་སྒོ་ནས་དགག་སྒྲུབ་བྱེད་པ་རྣམས་ཀྱང་། དགག་པ་རྣམ་པ་གཉིས་དང་། བསྒྲུབ་པ་གཉིས་ལས་མི་འདའ་སྟེ། རིགས་པ་རྣམ་པ་བཞིའི་སྒོ་ནས་གཞལ་ཡང་། དངོས་པོར་ལྟ་བ་རྣམས་ཀྱི་གྲུབ་མཐའ་གཅིག་ལ་གཅིག་གནོད་པ་ཙམ་ཡང་དམིགས་ལ། གཞན་ཡང་རིགས་པ་ཉིད་ཐལ་བར་གྱུར་ནས་སླར་གནོད་པ་དམིགས་པར་ཟད་དེ། དེས་རྫོགས་པ་ཆེན་པོའི་ཚུལ་ལ་མི་གནོད་པ་ནི་སྔ་མ་བཞིན་ནོ། །དེ་ལ་རིགས་པ་བཞིའི་ཚུལ་ནི། སྤྱིར་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྒྲུབ་པའི་མཚན་ཉིད་ལ། ངོ་བོ་ཉིད་ཀྱི་སྒོ་ནས་སྒྲུབ་པར་བྱེད་པ་ནི་ཆོས་ཉིད་ཀྱི་རིགས་པ། འབྲས་བུའི་སྒོ་ནས་སྒྲུབ་པར་བྱེད་པ་ནི་བྱ་བ་བྱེད་པའི་རིགས་པ། རྒྱུའི་སྒོ་ནས་སྒྲུབ་པར་བྱེད་པ་ནི་ལྟོས་པའི་རིགས་པ། རིགས་པ་ཉིད་དྲི་མ་མེད་པར་བྱས་ཏེ་སྒྲུབ་པར་བྱེད་པ་ནི་འཐད་པ་སྒྲུབ་པའི་རིགས་པའོ། །འདི་རྣམས་ཀྱི་སེལ་བ་བཞི་ནི། ངོ་བོ་ཉིད་ལ་ཐེ་ཚོམ་ཟ་བ་དང་། བྱེད་པ་ལ་ཐེ་ཚོམ་ཟ་བ་དང་། མངོན་པར་འགྲུབ་པ་ལ་ཐེ་ཚོམ་ཟ་བ་དང་། རིགས་པ་ལ་ཐེ་ཚོམ་ཟ་བ་རྣམས་གོ་རིམས་བཞིན་དུ་སེལ་བར་བྱེད་དོ། །འདི་རྣམས་ཀྱི་ཡུལ་དང་ཚད་ནི། ཆོས་ཉིད་ཀྱི་དངོས་གཞི་ལ་དྲི་མ་མེད་ཅིང་དངོས་གཞི་མ་ལོག་ན་ཆོས་ཉིད་ཀྱི་རིགས་པར་གཞག་དུ་རུང་ངོ་། །དེ་བཞིན་དུ་བྱེད་པ་དང་མངོན་པར་འགྲུབ་པ་དང་རིགས་པའི་དངོས་གཞི་རྣམས་ལ་དྲི་མ་མེད་ཅིང་དངོས་གཞི་མ་ལོག་ན་དེ་རྣམས་རིགས་པར་གཞག་དུ་རུང་ངོ་། །དེ་ལ་ཆོས་ཉིད་ཀྱི་དངོས་གཞི་ལ་དྲི་མ་ཡོད་པ་ནི། མེ་ཤེལ་ལ་ཚ་བའི་རེག་པ་ཡོད་པ་ལྟ་བུའོ། །དེ་ལ་དངོས་གཞི་ལོག་པ་ནི་རི་དྭགས་མེའི་གཙང་སྦྲ་ཅན་ལ་མེ་ཚ་བའི་དངོས་གཞི་ལོག་པ་ལྟ་བུའོ། །གཞན་ལ་ཡང་ཅི་རིགས་སུ་སྦྱར་རོ། །རིགས་པ་བཞིའི་ཐལ་བ་ནི། ཆོས་ཉིད་ཀྱི་རིགས་པས་བསྒྲུབ་པ་ཐལ་དྲགས་ན། དངོས་པོ་ཐམས་ཅད་མི་ལྡོག་སྟེ། མཐའ་རང་བཞིན་རྒྱུར་སྨྲ་བར་འགྱུར་རོ། །བྱ་བ་བྱེད་པའི་རིགས་པ་ཐལ་དྲགས་ན། བྱེད་པ་དང་རྩོལ་བ་ཐམས་ཅད་མི་ལྡོག་སྟེ། མཐའ་བྱེད་པ་པོ་རྒྱུར་སྨྲ་བར་འགྱུར་རོ། །ལྟོས་པའི་རིགས་པ་ཐལ་དྲགས་ན། དབང་ཐམས་ཅད་མི་ལྡོག་སྟེ། མཐའ་དབང་ཕྱུག་རྒྱུར་སྨྲ་བར་འགྱུར་རོ། །འཐད་པ་སྒྲུབ་པའི་རིགས་པ་ཐལ་དྲགས་ན། རིགས་པ་གནས་སྐབས་ཐམས་ཅད་དུ་དྲི་མ་མྱེད་པར་འགྱུར་ཏེ། མཐར་མངོན་པའི་ང་རྒྱལ་དུ་འགྱུར་རོ། །དེ་ལ་དངོས་པོར་སྨྲ་བ་རྣམས་དངོས་པོ་སྒྲུབ་པ་ན། ཕལ་ཆེར་ཆོས་ཉིད་ཀྱི་རིགས་པ་དང་མངོན་སུམ་གྱིས་སྒྲུབ་པར་བྱེད་དེ། དེ་བས་ན་འདི་གཉིས་ཀྱིས་ཚད་དང་ཐལ་བ་བརྗོད་པར་བྱའོ། །དེ་ལ་དོན་ལ་བློས་འཇལ་བ་ན། གོང་དུ་བརྗོད་པ་བཞིན་དུ་འདུ་ཤེས་ཀྱིས་ཁྱད་པར་དུ་བྱས་པའི་བློས་དམིགས་པ་དང་། ཚོར་བས་ཁྱད་པར་དུ་བྱས་པའི་བློ་ལ་སྣང་བ་དང་། ཤེས་རབ་དྲི་མ་མེད་པས་ཁྱད་པར་དུ་བྱས་པའི་བློས་རྟོགས་པའོ། །དེ་ལ་ཚོར་བའི་སྤྱོད་ཡུལ་དུ་སྣང་བ་ནི་ཉམས་སུ་མྱོང་བ་ཡིན་ཡང་། འཁྲུལ་པ་སེལ་མི་ནུས་པས་ད་རུང་གཞལ་བྱ་ཡིན་ཏེ། རྫས་ལྟ་བུ་ཞིག་དུ་ཟད་དོ། །འདུ་ཤེས་ཀྱིས་དམིགས་པ་ནི་སྒྲོ་སྐུར་ཡང་སེལ་མི་ནུས་པས་ངོས་མི་ལྟ་བུ་ཞིག་དུ་ཟད་དོ། །དེ་ལ་འཇལ་བར་བྱེད་པའི་སྲང་ལྟ་བུ་ནི་ཤེས་རབ་དྲི་མ་མེད་པས་རྟོགས་པ་ཡིན་ནོ། །ཤེས་རབ་ཀྱང་གཉིས་ཏེ་སོ་སོར་རྟོག་པའི་ཤེས་རབ་དང་། རྣམ་པར་མི་རྟོག་པའི་ཤེས་རབ་བོ། །དེ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཉིད་ལ་གཞལ་ན། དྲི་མ་རིམ་པ་ནས་རིམ་པར་བསལ་དུ་ཡོད་དེ། གོང་དུ་བསྟན་པ་བཞིན་དུ་མཚན་ཉིད་རྣམ་པར་གཞག་པ་རྣམས་ལ། ཀུན་དུ་བརྟགས་པའི་དྲི་མ་རིམ་པ་ནས་རིམ་པར་བསལ་དུ་ཡོད་པས། མཐའ་ཆོས་ཉིད་ཀྱི་དངོས་གཞི་མ་ལོག་གི་བར་དུ་དྲི་མ་མི་ཟད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྟོགས་པ་ན། ཆོས་ཉིད་ཀྱི་དངོས་གཞི་ལྡོག་གོ །དེ་བས་ན་ཆོས་ཉིད་ཀྱི་རིགས་པས་སྒྲུབ་པ་འདི་ཡང་ཆོས་ཉིད་མ་ལོག་པ་ལ་དྲི་མ་ཕྱོགས་རེ་ཆོད་པ་ཙམ། ཆོས་ཉིད་ཀྱི་རིགས་པར་འཇོག་དུ་ཟད་དོ། །དེ་ལས་ཐལ་བར་གྱུར་ན། དབུ་མའི་ཡང་དག་པའི་ཀུན་རྫོབ། དུག་གིས་འཆི་བའི་ཆོས་ཉིད་དང་། སྨན་གྱིས་འཚོ་བའི་ཆོས་ཉིད་བཞིན་དུ། དངོས་པོ་རྣམས་ཀྱི་ཆོས་ཉིད་ཡིན་ན། རྣལ་འབྱོར་སྤྱོད་པའི་སེམས་དང་ཡེ་ཤེས་དོན་དམ་པར་ཡོད་པའང་ཆོས་ཉིད་དུ་འགྱུར། ཉན་ཐོས་ཀྱི་གཟུང་འཛིན་དང་། མཐའ་རང་བཞིན་རྒྱུར་ལྟ་བ་ཉིད་དུ་འགྱུར་ཏེ། དངོས་པོར་ལྟ་བ་ཐམས་ཅད་ཀྱི་སྲུངས་མར་འགྱུར་རོ། །མངོན་སུམ་གྱིས་གྲུབ་པ་ཡང་འདི་ལྟར། གོང་དུ་བསྟན་པ་བཞིན་དུ་ཉན་ཐོས་ཀྱི་ཚུལ་ལས། ཕྱི་རོལ་གྱི་དོན་མངོན་སུམ་གྱིས་གྲུབ་པ་འདི་རིགས་པ་གཞན་གང་གིས་སུན་དབྱུང་ཞེའོ། །རྣལ་འབྱོརད་སྤྱོད་པའི་ཚུལ་ལས། ཁྱོད་ཀྱི་དོན་དེ་ཆོས་ཉིད་ཀྱི་དངོས་གཞི་ལ་འཁྲུལ་པ་ཡིན་ཏེ། ཆོས་ཉིད་དྲི་མ་མེད་པ་ནི་རྣམ་པར་རིག་པ་ཉིད་ཕྱི་ནང་གི་སྐྱེ་མཆེད་དུ་སྣང་བར་ཟད་དེ། དེ་བས་ན་རང་རིག་པ་ནི་གང་གི་ཡང་གཟུང་བ་མ་ཡིན་ལ་གང་ལ་ཡང་འཛིན་པར་བྱེད་པ་མ་ཡིན་ཏེ། གཉིས་ཀྱིས་སྟོང་པའི་མཚན་ཉིད་རང་རིག་པ་ཙམ་གྱི་ཆོས་ཉིད་དུ་གྲུབ་པ་ནི་ཆོས་ཉིད་དྲི་མ་མེད་པ་ཡིན་ནོ། །འདི་ནི་རིགས་པས་བསྒྲུབ་ཀྱང་མི་དགོས་ལ། རིགས་པས་གནོད་ཀྱང་མི་ནུས་ཏེ། འདི་ལྟར་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རང་རིག་པའི་མངོན་སུམ་མ་ཡིན་ནམ། དེ་ལྟར་ན་མངོན་སུམ་ཉིད་ཡང་དག་པའི་ཤེས་པ་མ་ཡིན་ནམ། དེ་ལྟ་ན་དེ་ལ་རིགས་པ་གཞན་གྱིས་བསྒྲུབ་ཅི་དགོས། གཞན་ཡང་ཡང་དག་པའི་ཤེས་པ་དེ་སུན་འབྱིན་པར་བྱེད་པའི་ཡང་དག་པའི་ཤེས་པ་གཉིས་པ། དེ་ལས་མཐུ་རྩལ་གྱིས་ཆེ་བ་གཞན་གང་ཞིག་ཡོད། ཤེས་བྱ་ཐམས་ཅད་སེམས་ཙམ་ཡིན་ན། ཡང་དག་པའི་ཤེས་པ་དེས་གཞལ་ཞིང་བསྒྲུབ་པར་བྱ་བའི་དོན་གཞན་ཡང་ཅི་ཞིག་བཙལ་དགོས་ཞེས་ཆོས་ཉིད་དྲི་མ་མེད་པ་དང་མངོན་སུམ་དྲི་མ་མེད་པར་འཛིན་ཏོ། །གཞན་དུ་ན་དེ་དག་དྲི་མ་ཅན་དུ་བསྒྲུབ་པར་བྱེད་པ་ཡང་ཡོད་དེ། འདི་ལྟར་ཐུན་མོང་ལྟར་ན་མངོན་སུམ་གྱི་བློ་དེ་རྣམ་པ་དང་བཅས་པར་སྐྱེ་བ་ཞིག་གམ། འོན་ཏེ་རྣམ་པ་མེད་པར་སྐྱེ་བ་ཞིག །དེ་ལ་རྣམ་པ་མེད་པར་སྐྱེ་ན་ནི་དོན་ལ་མངོན་སུམ་དུའང་ཇི་ལྟར་བྱེད། གལ་ཏེ་རྣམ་པ་དང་བཅས་པར་སྐྱེ་ན་ནི་མ་འཁྲུལ་བའི་དཔང་པོའང་གང་གིས་བྱ། དེ་བས་ན་མངོན་སུམ་ནི་ཚད་མར་མི་རུང་ངོ་ཞེས་སུན་འབྱིན་པ་ཡང་ཡོད་དོ། །རྣལ་འབྱོར་སྤྱོད་པ་པ་ཉིད་ཀྱི་ལྟར་ན། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་མ་ཡིན་ནམ། ཀུན་དུ་རྟོག་པ་ཡིན་ན་ཇི་ལྟར་མངོན་སུམ་གྱི་བློ་རྟོག་པ་དང་བྲལ། ཡང་དག་པ་མ་ཡིན་པར་གྲུབ་ན་ཇི་ལྟར་མངོན་སུམ་གྱི་བློ་མ་འཁྲུལ། རྟོག་པ་དང་བཅས་ཤིང་འཁྲུལ་པ་དང་བཅས་པར་གྱུར་ན་ཚད་མར་ཇི་ལྟར་རུང་། གཞན་ཡང་འདི་ལྟར་རྟོག་པ་དང་མ་འཁྲུལ་ཞེས་དགག་པའི་སྒྲ་གཉིས་ཀྱིས་བསྟན་པ་འདི། ཞེན་པར་དགག་པ་དང་བྲལ་བར་དགག་པར་བསྟན་པ་ཡིན་ཏེ། འདི་ལྟར་ཉི་མའི་སྙིང་པོ་ལ་མུན་པ་མེད་པ་ཞེས་བྱ་བའི་སྒྲས་བསྟན་པ་བཞིན་དུ། མུན་པའི་གཞི་ཅུང་ཟད་ཀྱང་མེད་པར་སྟོན་པ་ཞིག་ན་ནི། དབང་པོའི་བློ་ངོ་བོ་ཉིད་ཀྱི་གཡེང་བར་མི་འགྱུར་ཏེ། ངོ་བོ་ཉིད་ཀྱི་ཡེ་ཤེས་སུ་འགྱུར་རོ། །གལ་ཏེ་ཕྲ་ཞིང་ཆུང་བར་དགག་པ་ཡིན་ཏེ། འདུ་ཤེས་ཕྲ་བ་ལ་འདུ་ཤེས་མེད་ཅེས་དགག་པ་ལྟར། རྟོག་པ་ཕྲ་བ་ལ་རྟོག་པ་མེད་ཅེས་བརྗོད་ལ། གཟུགས་ཆུང་བ་ལ་གཟུགས་མེད་ཅེས་བརྗོད་པ་ལྟར། འཁྲུལ་པ་ཆུང་བ་ལ་མ་འཁྲུལ་ཞེས་བརྗོད་ན་ནི། ངོ་བོ་ཉིད་རྟོག་པ་དང་བཅས་ཤིང་འཁྲུལ་པ་དང་བཅས་པ་ཡིན་པས་ཚད་མར་ཇི་ལྟར་རུང་། གཞན་ཡང་གཟུང་འཛིན་གྱི་ངོ་བོ་བསལ་ཡང་། ཤེས་ཤིང་རིག་པའི་མཚན་ཉིད་དུ་སྐྱེ་བ་ཉིད་ཚོར་བས་ཉམས་སུ་མྱོང་བ་ཡིན་ན། ཚོར་བའི་སྤྱོད་ཡུལ་གྱིས་འཁྲུལ་པ་མི་ཆོད་པས་རང་རིག་པ་ཉིད་དེ་ལྟ་བུར་གྲུབ་བམ་མི་གྲུབ་མ་ངེས་ཏེ་ད་རུང་གཞལ་བྱ་ཡིན་ནོ། །འདི་སྐད་དུ་འོ་ན་རིགས་པ་ཐམས་ཅད་དྲི་མ་ཅན་ཡིན་ན། ཁྱེད་ལ་རིགས་པ་དྲི་མ་མེད་པ་གཞན་ཇི་ལྟ་བུ་ཞིག་ཡོད་ཅེ་ན། ཁོ་བོ་ཅག་ནི་རིགས་པ་དྲི་མ་མེད་པ་ཡོད་པར་མི་སྨྲ་སྟེ། འོན་ཀྱང་དྲི་མ་ཆེ་ཆུང་གི་བྱེ་བྲག་ཡོད་པས་ཆུང་བས་ཆེ་བ་སུན་འབྱིན་པར་ནུས་སོ། །རིགས་པ་དྲི་མ་མེད་པ་གཅིག་གིས་ཤེས་བྱའི་མཐར་ཕྱིན་པར་བྱེད་པ་ཞིག་ཡོད་ན། རྒྱལ་བ་རྣམས་ཀྱིས་བཀའ་ཐམས་ཅད་དུ་དེ་ཉིད་ཐོག་མར་ཅིའི་ཕྱིར་མི་བསྟན་ཏེ། དེ་ལྟའང་མ་ཡིན། རིགས་པ་ལ་རྟེན་ཅིང་ཕན་མི་འདོགས་པའང་མ་ཡིན་ཏེ། དཔེར་ན་སྐྱེས་བུ་ལམ་རིང་བོར་འགྲོ་བར་འདོད་ན། མིག་རྒྱང་དང་པོ་དང་གོམ་པ་དང་པོས་མཐར་ཕྱིན་པའང་མ་ཡིན། དེ་ལ་མ་རྟེན་པར་ཡང་མ་ཡིན། དེད་དཔོན་གྱི་ལུང་དང་དབང་ལ་མ་རྟེན་པར་ཡང་མ་ཡིན་ཏེ། དེ་རྣམས་ལ་རྟེན་པས་མཐར་ཕྱིན་པ་བཞིན་དུ་ལུང་དང་མན་ངག་དང་རང་གི་བློ་རིགས་པས་བསྐྱེད་པ་རྣམས་ཀྱིས་མཐར་རྟོགས་པར་འགྱུར་རོ། །ཇི་སྐད་དུ། མཁས་པ་གོམ་པ་སྔ་མ་མ་བརྟན་བར་དུ་ཕྱི་མ་འདོར་མི་བྱེད། །དེ་བརྟན་གྱུར་ནས་དེ་བཞིན་རིམ་པར་འདོར་བྱེད་པ། །ཉམ་ཉེས་གཡང་སར་མི་ལྟུང་བདེ་བར་གནས་སུ་ཕྱིན་པར་འགྱུར། །དེ་བཞིན་མཁས་པ་རིགས་པ་སྔ་མ་མ་བརྟན་བར་དུ་གཞན་མི་སྒྲུབ། །དེ་བརྟན་གྱུར་ནས་དེ་བཞིན་རིམ་པར་སྒྲུབ་བྱེད་པ། །སྐྱོན་ཀྱི་གཡང་སར་མི་ལྟུང་བདེ་བར་དོན་རྣམས་རྟོགས་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་སྒྲའི་བསྟན་ཆོས་དང་རིགས་པའི་བསྟན་ཆོས་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཀྱང་། རང་གི་གྲུབ་པའི་མཐའ་ནི་རིགས་པ་དྲི་མ་མེད་པས་གྲུབ་པ་ཡིན་པས་བླང་བར་བྱ་བ་ཡིན་ལ། རྫོགས་པ་ཆེན་པོའི་ཚུལ་ནི་རིགས་པས་མ་གྲུབ་སྟེ་དོར་བར་བྱ་བ་ཡིན་ནོ་སྙམ་དུ་ཡིད་ལ་མ་བྱེད་པར་འདི་ལ་དད་པས་འཇུག་པར་གྱིས་ཤིག །དེ་ལྟ་མ་ཡིན་ན་མངོན་པའི་ང་རྒྱལ་ཅན་དུ་གྱུརད་ཏ་རེ། རྫོགས་པ་ཆེན་པོའི་ཚུལ་རིགས་པས་མི་གནོད་པའི་སྐབས་ཏེ། བཞི་པའོ།། །། ད་ནི་རྫོགས་པ་ཆེན་པོའི་གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལ་རྫོགས་པ་ཆེན་པོའི་ཚུལ་སྟོན་པའི་གཞུང་ཇི་སྙེད་པ་ཐམས་ཅད་ལས་ཀྱང་། དོན་མདོར་བསྡུ་ན་རྣམ་པ་བཞིར་འདུས་ཏེ། འདི་ལྟར་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་ཆེ་བ་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་གོལ་སྒྲིབ་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་གཞག་ཐབས་བསྟན་པའོ། །དེ་ལ་ཆེ་བ་དང་གོལ་སྒྲིབ་བསྟན་པས་ཀྱང་རང་བཞིན་བསྟན་པར་འགྱུར། རང་བཞིན་བསྟན་པས་ཀྱང་ཆེ་བ་རྟོགས་ཤིང་གོལ་སྒྲིབ་ཆོད་པར་འགྱུར་ཏེ། དེ་བས་ན་གཞུང་རྣམས་ལས་ཀྱང་ལྷག་པར་འདི་ལྟར་གུད་དུ་ཕྱེ་ཞིང་བསྟན་པའང་མེད་ལ། འདི་རྣམས་ལས་འདའ་བའང་མེད་དོ། །དེ་ལ་མདོར་བསྡུ་ན་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། ཕྱི་ནང་སྣང་སྲིད་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་དུ་གདོད་མ་ཉིད་ནས་སངས་རྒྱས་ཏེ། ད་ལམ་གྱིས་བཅོས་ཤིང་གཉེན་པོས་བསྒྲུབ་དུ་མེད་དེ་བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པའོ། །བྱང་ཆུབ་སེམས་ཀྱི་ཆེ་བ་ནི། དཔེར་ན་རིན་པོ་ཆེ་གསེར་གླིང་ན་ས་རྡོའི་མིང་ཡང་མེད་དེ། ཐམས་ཅད་གསེར་གྱི་རང་བཞིན་དུ་གནས་པ་བཞིན་དུ། ཕྱི་ནང་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ། འཁོར་བ་དང་ངན་སོང་ལ་སོགས་ཏེ་ཉེས་སྐྱོན་གྱི་ཆོས་སུ་བཏགས་པ་ནི་མིང་ཙམ་ཡང་མེད་དེ། ཐམས་ཅད་ཀུན་དུ་བཟང་པོའི་རོལ་པའི་རྒྱན་མ་འགགས་པ་ཙམ་དུ་སྣང་བ་དེ་བཞིན་གཤེགས་པའི་ཆེ་བ་ཉིད་དོ། །བྱང་ཆུབ་སེམས་ཀྱི་གོལ་སྒྲིབ་ནི། དེ་ལྟར་མ་རྟོགས་པ་དང་ལོག་པར་རྟོག་པའི་འཇིག་རྟེན་པ་ནས་ཐེག་པ་འོག་མ་བའི་ལྟ་སྤྱོད་ཐམས་ཅད་ཡིན་ཏེ། མདོར་བསྡུས་ན་གོལ་སྒྲིབ་སུམ་བཅུ་ལྟ་བུའོ། །བྱང་ཆུབ་སེམས་ཀྱི་གཞག་ཐབས་ནི། །རྣལ་འབྱོར་གྱི་སྐྱེས་བུ་བློ་ཡང་རབ་ཏུ་གྱུར་པ་གང་གིས། རྫོགས་པ་ཆེན་པོའི་དོན་ཇི་ལྟ་བ་བཞིན་དུ་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་བཟུང་ནས་བཏང་སྙོམས་ཆེན་པོའི་ངང་ལ་གནས་པའོ། །འདི་ལྟ་བུར་སྟོན་པའི་རྫོགས་པ་ཆེན་པོའི་ཚིག་འདི་དག་ཀྱང་། ཆེ་ཆེ་རགས་རགས་སྐད་དུ་སྨྲའང་། འཕྲ་ཞིང་ཞི་སྟེ་ནམ་མཁའི་ཁམས་དང་འདྲ་ལ། ཐེག་པ་འོག་མ་པའི་ཚུལ་ནི་འཕྲ་ཞིང་ཞི་ཞི་སྐད་དུ་སྨྲ་ཡང་རགས་ཤིང་བརྡོའ་སྟེ། རྡུལ་གྱི་ཕུང་པོ་བཞིན་ནོ། །དེ་བས་ན་རྫོགས་པ་ཆེན་པོའི་ཚུལ་འདི་ལ་བློ་ཡངས་པ་ཟབ་པ་འཕྲ་བས་བརྟག་དགོས་སོ། །དེ་ལ་རྫོགས་པ་ཆེན་པོའི་གཞུང་ཉིད་ལས་འབྱུང་བ་ནི། འདི་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་གཅིག་གི་རང་བཞིན་དུ་སངས་རྒྱས་པར་ལྟའོ་ཞེའམ། དེ་བཞིན་དུ་འཁྲུལ་སྣང་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པར་ལྟའོ་ཞེའམ། སེམས་ཅན་ཐམས་ཅད་ཟབ་མོ་བྱང་ཆུབ་ཀྱི་ཞིང་དུ་ལྟའོ་ཞེའམ། སྤྱོད་ཡུལ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་ཤར་པར་ལྟའོ་ཞེའམ། གཞན་ཡང་རྣམ་གྲངས་ཀྱིས་ན་ཆོས་ཐམས་ཅད་ནི་ཆེ་བ་རྣམ་པ་ལྔའི་རང་བཞིན་དུ་སངས་རྒྱས་པར་ལྟའོ་ཞེའམ། ཐིག་ལེ་ཆེན་པོ་དྲུག་གི་རང་བཞིན་དུ་སངས་རྒྱས་པར་ལྟའོ་ཞེའམ། གཞན་ཡང་འདི་ལྟར་གོལ་སྒྲིབ་སུམ་བཅུས་ནི་གོལ་བ་དང་སྒྲིབ་པ་གཅད། ཡིན་པ་རྣམ་པ་གསུམ་གྱིས་ནི་ཐེ་ཚོམ་གྱི་གེགས་བསལ། གདེང་ཆེན་པོ་གསུམ་གྱིས་དགོངས་པའི་རྡེང་གཅད། མན་ངག་གི་རྩ་བ་གསུམ་གྱིས་ནི་མན་ངག་གི་གཞི་གཟུང་། བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་གཅིག་གིས་ནི་ཤེས་བྱ་ཐམས་ཅད་ཀྱི་གདར་ཤ་གཅད། ཐམས་ཅད་ནས་ཐམས་ཅད་དུ་སངས་མ་རྒྱས་པ་མེད་པའི་ཆེ་བས་ནི་ལ་བཟླའ་སྟེ། ཀུན་དུ་བཟང་པོ་དབྱེ་བ་མེད་པའི་ས་ལ་ད་ལྟ་ཉིད་ནས་བརྩལ་བ་མེད་པར་ལྷུན་ཀྱིས་འཇུག་པ་འདི་ནི། དཔལ་རྡོ་རྗེ་སེམས་དཔའ་གཉིས་པ་ཉིད་ཡིན་པས་སྲིད་པ་དང་མི་སྲིད་པ་ཐམས་ཅད་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བཞིན་དུ། སྤྱི་བོས་བཀུར་བར་འོས་སོ་ཞེས་བྱའོ། །ད་ནི་ཇི་སྐད་དུ་སྨོས་པ་དེ་རྣམས་བསྟན་པར་བྱ་སྟེ། དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་གོང་དུ་བསྟན་པ་བཞིན་དུ་སེམས་དང་བྱང་ཆུབ་དབྱེར་མེད་པའི་དོན་ཏོ། །ཇི་སྐད་དུ། སེམས་དེ་ཁོ་ན་བྱང་ཆུབ་སྟེ། །བྱང་ཆུབ་གང་ཡིན་སེམས་ཡིན་ནོ། །སེམས་དང་བྱང་ཆུབ་གཉིས་མེད་དེ། །དབྱེར་མེད་དེ་བཞིན་ཡོ་གས་སོ། །ཞེས་གསུངས་པ་ལྟ་བུའོ། །ཐིག་ལེ་ནི་སྤྲོས་པ་དང་བྲལ་བའི་དོན། ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་ཁྱབ་བདལ་བའོ། །དེའི་རང་བཞིན་དུ་སངས་རྒྱས་པ་ནི། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ་སྒྲིབ་པ་བསལ་དུ་མེད་ཅིང་ཡེ་ཤེས་བསྐྱེད་དུ་མེད་དེ། དཔེར་ན་ལྕེ་སྤྱང་གི་མིག་ལ་ཉིན་མཚན་བྱེ་བྲག་མེད་པར་ཤིན་དུ་གསལ་བར་མཐོང་བའི་ཚེ། མུན་པ་བསལ་མི་དགོས་པས་སྣང་བའི་མཐུ་ལ་བརྟེན་མི་དགོས་ཏེ། དེའི་ཚེ་ནམ་མཁའ་རང་བཞིན་གྱིས་འོད་གསལ་བར་ཤེས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་དུ་རྟོགས་པ་ན། སྒྲིབ་པ་བསལ་དུ་མེད་པས་ཡེ་ཤེས་བསྐྱེད་མི་དགོས་ཏེ། དེའི་ཚེ་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་ཤེས་སོ། །དེ་ལ་ཀུན་དུ་བཟང་པོའི་རོལ་པ་ཞེས་བྱ་བ་ནི། འགྲོ་བའི་འཁྲུལ་སྣང་དུ་གྲགས་པ་ཐམས་ཅད་ལ། ཐམས་ཅད་ནས་ཐམས་ཅད་དུ་ངན་ཅིང་དོར་བར་བྱ་བ་མེད་པས་ཀུན་ཏུ་བཟང་པོའོ། །དོན་དུ་གཉེར་བར་བྱ་བ་མེད་ཅིང་མཐིལ་ཕབ་པའི་དོན་དང་བྲལ་བས། སྒྱུ་མ་རྩེད་མོ་དང་འདྲའ་བར་གནས་པའི་ཕྱིར་རོལ་པའོ། །ཅིར་ཡང་བཀག་པ་མེད་པར་སྣང་ཡང་ཆོས་ཉིད་ལས་མ་གཡོས་ཤིང་ཆོས་ཉིད་འབྱེས་པར་བྱེད་པས་རྒྱན་ནོ། །སངས་མ་རྒྱས་པའི་ཆོས་ནི་གང་ཡང་མེད་ལ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཛད་པ་སྒྲུབ་པ་ཉིད་པས་སངས་རྒྱས་་ཀྱི་ཆེ་བ་ཉིད་ཡིན་ཏེ། ཇི་སྐད་དུ། ཉོན་མོངས་པ་སྟོང་ཕྲག་བརྒྱ་ཅུ་རྩ་བཞིས་སེམས་ཅན་རྣམས་ཉོན་མོངས་པར་བྱེད་པ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་མཛད་པ་མི་སྒྲུབ་པ་མེད་དོ། །ཐ་ན་བདུད་བཞི་པོ་རྣམས་ཀྱིས་ཀྱང་། སངས་རྒྱས་རྣམས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་དོ། །ཞེས་མདོའ་སྡེ་ལས་གསུངས་པ་ལྟ་བུའོ། །ཀུན་དུ་བཟང་པོའི་རོལ་པ་གཙོར་སྨོས་པ་འདི་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཚིག་དྲུག་པ་ལས། ཚིག་དང་པོ་གཉིས་ཀྱིས་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་གོལ་ས་བཅད་པ་དང་བཅས་པ་བསྟན་ཏོ། །ཚིག་བར་མ་གཉིས་ཀྱིས་ནི་བྱང་ཆུབ་སེམས་ཀྱི་ཆེ་བ་ཀུན་ཏུ་བཟང་པོའི་རོལ་པའི་རྒྱན་མི་འགོག་པར་བསྟན་ཏོ། །ཚིག་ཐ་མ་གཉིས་ཀྱིས་ནི་བྱང་ཆུབ་སེམས་ཀྱི་གཞག་ཐབས་ལ་བཟླའ་བ་དང་བཅས་པར་བསྟན་ཏོ། །སེམས་ཅན་ཟབ་མོ་བྱང་ཆུབ་ཀྱི་ཞིང་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། ཆེ་བ་ནི་ཆོས་ཉིད། ཆེ་བའི་ཆེ་བ་ནི་སེམས་ཅན་ཐམས་ཅད་ཟབ་མོ་བྱང་ཆུབ་ཀྱི་ཞིང་ཡིན་པས་སོ། །ཞེས་བྱ་བ་ལྟ་བུ་སྟེ། སེམས་ཅན་ནི་འགྲོ་བའི་ཕུང་པོའོ། །བྱང་ཆུབ་ཀྱང་ཡིན་ལ་ཞིང་ཡང་ཡིན་པས་བྱང་ཆུབ་ཀྱི་ཞིང་སྟེ། ཡོན་ཏན་ཐམས་ཅད་ཀྱི་གནས་ཀྱི་ཕྱིར་རོ། །དེ་ལྟར་འགྲོ་བ་རྣམས་ཀྱི་བློ་ལ་མི་སྣང་ཞིང་མི་རྟོགས་པས་ཟབ་མོའི་ཞིང་ཞེས་བྱའོ། །དེ་ལ་སྤྱོད་ཡུལ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་ཤར་བར་ལྟའོ་ཞེས་བྱ་བ་ནི། སྤྱོད་ཡུལ་ནི་འགྲོ་བའི་དབང་པོ་དྲུག་གི་སྤྱོད་ཡུལ་ལོ། །རང་བྱུང་གི་ཡེ་ཤེས་ནི་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་ཞི་བ་ཡིན་པས། ཡེ་ཤེས་རང་བྱུང་ཡིན་ཏེ། ཚུལ་འདི་ནི་རྣལ་འབྱོར་སྤྱོད་པ་རྣམ་པ་མེད་པར་སྨྲ་བའང་འདོད་དོ། །ངེས་པའི་དོན་གྱི་མདོ་སྡེ་གཞན་ལས་ཀྱང་འདི་སྒྲུབ་སྟེ། འདི་སྐད་དུ། གསོག་དང་གསོབ་དང་སྙིང་པོ་མེད་པ་ཡིན་ཡང་། བསོད་ནམས་གསོག་མ་ཡིན་པ་དང་། ཡེ་ཤེས་གསོབ་མ་ཡིན་པ་དང་། རང་འབྱུང་གི་ཡེ་ཤེས་སུ་དབང་བསྐུར་བའི་སྙིང་པོ་མེད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ལྟར་ཆོས་ཐམས་ཅད་ནི་གསོག་ཡིན་ཏེ་སླུ་བའི་ཆོས་ཅན་ཡིན་ཡང་། བསོད་ནམས་ཀྱི་ཚོགས་མི་སླུ་བར་ཡང་བལྟས་ཏེ་སྤྱད་དོ། །དེ་བཞིན་དུ་གསོབ་ཡིན་ཏེ་བཅུད་དུ་བྱ་བ་མེད་པ་ཡིན་ཡང་། དོན་ལ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་བཅུད་དུ་བྱས་ཏེ་བསྟེན་པར་བྱའོ། །ཐམས་ཅད་སྙིང་པོ་མེད་པ་ཡིན་ཡང་རང་བྱུང་གི་ཡེ་ཤེས་སུ་དབང་བསྐུར་བའི་སྙིང་པོ་ཞེས་བྱ་བ། ཤེས་པ་ངོ་བོ་ཉིད་ཀྱིས་དྲི་མ་དག་པ་མེད་པ་མ་ཡིན་པར་ཡང་བལྟའོ། །འདི་དག་རྣལ་འབྱོརད་སྤྱོད་པ་བ་འདོད་པ་ལྟར་ཡང་དག་པར་ཡོད་པ་མ་ཡིན་པས། གསོབ་དང་གསོག་དང་སྙིང་པོ་མེད་པ་ཡང་ཡིན་ནོ། །སྡོང་པོས་བརྒྱན་པའི་མདོ་ལས། འཇིག་རྟེན་ཁམས་རྣམས་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་འགྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་ཏེ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །འདི་ནི་ཁྱུང་ཆེན་ལས། མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ། །བསྔོ་བའི་ཆ་ཤས་འཕྲ་མོའི་ཡུལ་ལས་དབྱུང་བ་སྟེ། །རྟོག་སྒོམ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས། །རང་བྱུང་ཡེ་ཤེས་མི་རྟོག་ཀུན་དུ་ཇི་བཞིན་གནས། །ཞེས་གསུངས་པ་སྟེ། འདི་ནི་བསམ་གཏན་ཀྱི་གལ་གེགས་ཡིན་པས་བྱང་ཆུབ་སེམས་ཀྱི་གཞག་ཐབས་ཀྱི་སྐབས་སུ་དགོས་པ་ཡིན་ཡང་། རང་བྱུང་གི་ཡེ་ཤེས་ཀྱི་གནས་ལུགས་ཡིན་པས་འདིར་ཡང་བསྟན་ཏེ། འདི་ལྟར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནི། རྟེན་གང་ལ་ཡང་མི་གནས། ཡུལ་གང་ལའང་མི་དམིགས། རྣམ་པར་ཇི་ལྟ་བུར་ཡང་མི་རྟོག་པ་ཡིན་པས་དེ་ལྟར་བསྒོམ་མོ། །ཞེས་ཟེར་བ་ནི། བླང་དོར་གྱི་མཐར་ལྷུང་བས་བསྔོ་བའི་ཆ་ཤས་དང་མ་བྲལ་བ་སྟེ། ཆོས་ཀྱི་སྐུ་བླང་དོར་ཀྱིས་ཁྱད་པར་དུ་དབྱེ་ཞིང་ལྷག་པར་བོགས་དབྱུང་བའི་ཆོས་གཅིག་མེད་དོ། །དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཇི་ལྟར་རྣམ་པར་རྟོག་ཅིང་གཡེངས་པར་གྱུར་ཀྱང་། དོན་ལའང་བླང་དོར་མེད་ཅིང་ཤེས་པའང་རང་བཞིན་གྱིས་འོད་གསལ་བ་ཡིན་ནོ། །བླང་དོར་མེད་པའི་ཚུལ་འདིའང་གོང་དུ་བསྟན་པའི་ལྕེ་སྤྱང་གི་མིག་གི་དཔེ་བཞིན་དུ་ཤེས་པར་བྱའོ། །འདི་ཡང་རྣལ་འབྱོར་སྤྱོད་པ་འདོད་པ་ལྟར་ནི་མ་ཡིན་ཏེ། རང་བྱུང་ཡེ་ཤེས་ཉིད་ཀྱང་བསྙད་པ་ཀུན་དང་བྲལ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ལ་ལ་དག་འདི་སྙམ་དུ། ཡེ་ཤེས་རང་བྱུང་ཡོད་ན། སྒྲིབ་པ་ཅི་སྟེ་མི་སྤོང་། ཞེས་བསམ་པར་མི་བྱ་སྟེ། དཔེར་ན་མི་རྣམས་ཀྱི་མིག་ལ་མུན་པ་བསལ་དུ་ཡོད་པར་སྣང་བས། དེའི་གཉེན་པོ་སྣང་བའི་མཐུ་ལའང་བལྟོས་དགོས། ལྕེ་སྤྱང་གི་མིག་ཐོབ་པ་ན་མུན་པ་ལ་སྤང་བའི་རྫས་མེད་པར་རྟོགས་ཏེ། ནམ་མཁའ་རང་བཞིན་གྱིས་འོད་གསལ་བ་ན། སྣང་བ་ལ་རྟེན་གྱི་འབྱུང་བ་ཆེན་པོ་ཡོད་པས། རྫས་ཡོད་པར་ཤེས་ཀྱང་མུན་པ་སེལ་བའི་བྱ་བ་མི་བྱེད་དོ། །དེ་བཞིན་དུ་ཆོས་ཀྱི་མིག་དྲི་མ་མེད་པ་ཐོབ་པ་ན། ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ལ་རྫས་མེད་པར་ཤེས་པ་ན། སེམས་རང་བཞིན་གྱིས་འོད་གསལ་བར་ཤེས་ཏེ། དེའི་ཚེ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒྲིབ་པ་དང་མཚུངས་པ་མ་ཡིན་ཏེ། ཤེས་ཤིང་རིག་པའི་མཚན་ཉིད་རྫས་སུ་ཡོད་པར་མཐོང་ཡང་། དེས་སྒྲིབ་པ་སེལ་བའི་བྱ་བ་བྱེད་པ་མི་དམིགས་སོ། །དེ་བས་ན་འཁྲུལ་པའི་བློ་ཚོར་བའི་སྤྱོད་ཡུལ་དུ་གང་སྣང་སྣང་ལ་རྫས་སུ་མི་གཟུང་ངོ་། །དེ་བས་ན་སྒྲིབ་པ་སྤོང་མི་སྤོང་གི་ཐ་སྙད་ནི་བྱིས་པའི་སྤྱོད་ཡུལ་ཡིན་ཏེ། མཁས་པའི་སྤྱོད་ཡུལ་ནི་མ་ཡིན་ནོ། །འདི་ལྟར་སྡུད་པ་ཚིགས་སུ་བཅད་པ་ལས། འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་གསུངས་པའི་དོན་ཡང་དེ་འདྲའོ། །དེ་ལྟར་ཚིག་རེ་རེའི་སྒོ་ནས་རྫོགས་པ་ཆེན་པོའི་དོན་མདོར་བསྟན་ནས། ད་ནི་རྣམ་གྲངས་ཀྱི་སྒོ་ནས་བསྟན་པར་བྱ་སྟེ། དེ་ལ་ཆོས་ཐམས་ཅད་ཆེ་བ་རྣམ་པ་ལྔའི་རང་བཞིན་དུ་སངས་རྒྱས་པར་ལྟའོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་མ་འདྲེས་པ་དང་ཡོངས་སུ་རྫོགས་པའི་ཆོས་སོ། །དེ་ལ་མ་འདྲེས་པ་ནི་སྣ་ཚོགས་སུ་སྣང་བའོ། །ཡོངས་སུ་རྫོགས་པ་ནི་རང་བཞིན་མི་གཉིས་པའོ། །ཆེ་བ་རྣམ་པ་ལྔ་ནི། མངོན་པར་སངས་རྒྱས་པའི་ཆེ་བ་དང་། བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ་དང་། །ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་དང་། དེ་ཡིན་པའི་སངས་རྒྱས་པའི་ཆེ་བ་དང་། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་མེད་པའི་ཆེ་བའོ། །སངས་རྒྱས་པའི་སྒྲ་ནི་གོང་དུ་བཤད་ཟིན་ཏོ། །མངོན་པའི་སྒྲ་ནི་མངོན་སུམ་པའམ་ངོ་འཐོན་ཉིད་དུའོ། །བདག་ཉིད་ཆེན་པོ་ནི་ཐམས་ཅད་ལ་མངའ་བརྙེས་པའོ། །ཆོས་ཀྱི་དབྱིངས་ནི་མཚན་མ་ཐམས་ཅད་དང་བྲལ་བའོ། །དེ་ཡིན་པ་ནི་ཐེ་ཚོམ་མི་ཟ་བའོ། །སངས་རྒྱས་པ་མེད་པ་ནི་ཐ་སྙད་ལས་འདས་པའོ། །དེ་ལ་ཆེ་བ་ཞེས་བྱ་བ་ནི། ཆུང་ངུ་རྣམས་ཟིལ་གྱིས་གནོན་པར་བྱེད་པས་ཆེན་པོ་ཞེས་བྱ་སྟེ། དེ་ཡང་ལན་ཅིག་གི་ཚེ་ཐེག་པ་འོག་མའི་བློ་མཚན་མའི་དྲི་མ་དང་བཅས་པ་རྣམས། བློ་ཡངས་ཤིང་རྒྱ་ཆེ་བ་འདིས་ཟིལ་གྱིས་གནོན་པར་བྱེད་པས་ཆེན་པོ་ཞེས་བྱ་སྟེ། ངོ་བོ་ཉིད་དུ་ཆེ་བ་དང་ཆུང་བའི་བློ་ཡོད་ན་དེ་ཉིད་ཆེན་པོར་མི་རུང་སྟེ། ཆེ་ཆུང་གི་དམིགས་པ་དང་བྲལ་བ་ཉིད་ཡིན་ནོ། །འདི་ལྟར་ཁྱུང་ཆེན་ལས། ཡངས་སོ་ཆེའོ་ཆོས་ཆེན་པོ། །ཆུང་ངུ་རྣམས་ཀྱི་གཉེནད་པོར་གསུངས། །ཆེ་ལ་དམིགས་པའི་ཆ་བསྙམས་ན། །ཆུང་ཆེ་དེ་རྣམས་དམིགས་དང་བྲལ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་ལ་ཆེ་བ་རྣམ་པ་ལྔས་ཟིལ་གྱིས་གནན་པར་བྱ་བའི་ཡུལ་ལྔ་ནི། ལྟ་བ་དམན་པ་དང་། ཆད་པར་ལྟ་བ་དང་། དངོས་པོར་ལྟ་བ་དང་། ཐེ་ཚོམ་དང་། རྩོལ་སྒྲུབ་རྣམས་ཟིལ་གྱིས་གནོན་པའི་ཕྱིར་ཆེ་བ་ཞེས་བྱའོ། །དེ་ལ་མངོན་པར་སངས་རྒྱས་པས་ལྟ་བ་དམན་པ་ཟིལ་གྱིས་གནོན་པ་ནི་འདི་ལྟར། ཐེག་པ་འོག་མ་བ་རྣམས་སྒྲིབ་པ་བསལ། སྣང་བ་གནས་བསྒྱུར་ནས་སངས་རྒྱས་བསྒྲུབ་པར་འདོད་པ་རྣམས་ལ། སྤང་བར་བྱ་བའི་ཆོས་སྤང་དུ་མེད། །གནས་གྱུརད་པར་བྱ་བའི་ཆོས་གནས་བསྒྱུར་དུ་མེད། མངོན་དུ་བྱ་བའི་ཆོས་ཐོབ་པར་བྱར་མེད་དེ། མངོན་སུམ་ངོ་འཐོན་ཁོ་ནར་སངས་རྒྱས་པར་བསྟན་པས། ལྟ་བ་དམན་པ་དེ་དག་ཟིལ་ཀྱིས་གནོན་ཅིང་དེའི་གཉེན་པོར་འགྱུར་ཏེ། སྤང་བླང་གི་བློ་འཇིག་པས་ཆེན་པོ་ཞེས་བྱའོ། །འོག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་ཐམས་ཅད་ལ་མངའ་བརྙེས་པ་ནི་རིག་པའི་རྒྱལ་པོ་རང་དབང་དུ་གྱུརད་པ་སྟེ། བྱང་ཆུབ་ཀྱི་སྙིང་པོ་གཞན་གྱི་དབང་ལ་མི་ལྟོས་པའོ། །ལྷག་མ་གསུམ་ནི་གོ་སླའོ། །ཆེ་བ་ལྔ་པོ་འདི་ཡང་རྣམ་གྲངས་ལྔས་རྫོགས་པ་ཆེན་པོའི་དོན་གཅིག་སྟོན་པར་བྱེད་པ་ཡིན་ཏེ། འདི་ལྟར་དང་པོ་ནི་དམ་བཅའ་བ། དེའི་འོག་མ་གཉིས་ནི་དེའི་མཚན་ཉིད། བཞི་པ་ནི་དེའི་གཏན་ཚིགས། ལྔ་པ་ནི་དེ་རྣམས་ལ་བཟླ་བའོ། །དེ་ཡང་འདི་ལྟར་མངོན་སུམ་དུ་སངས་རྒྱས་པ་དེ་མཚན་ཉིད་ཇི་ལྟར་སངས་རྒྱས་ཞེ་ན། ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་གཞན་ལ་ལྟོས་པ་མེད་པར་རང་བྱུང་གི་ཡེ་ཤེས་རང་ཤར་པ་ཡིན་ལ། ཡེ་ཤེས་དེ་ཉིད་ཀྱང་མཚན་མ་ཐམས་ཅད་ལས་འདས་ཏེ། བསྙད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེ་ལྟར་སངས་རྒྱས་ཞེས་བསྟན་པ་འདི་ཡང་། སྐྱོན་མེད་པའི་ཡོན་ཏན་ཞིག་ལ་གནས་པར་བྱ་བའམ། དེ་ལྟ་བུའི་མཚན་ཉིད་དུ་གནས་པ་མེད་དེ། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་ཞེའམ། སངས་མ་རྒྱས་པ་ཞེས་གདགས་པའི་ཐ་སྙད་ཙམ་དང་ཡང་བྲལ་ཏེ། མངོན་པར་འདུ་བྱེད་པའི་རྩོལ་བ་ཐམས་ཅད་ཀྱི་ཡུལ་ལས་འདས་པས་བརྩལ་དུ་མེད་པར་ལ་བཟླ་བའོ། །ཞེས་བྱ་བའི་དོན་འདི་སྟོན་པར་འགྱུར་བ་ཡིན་ནོ། །དེ་ལ་ཐིག་ལེ་ཆེན་པོ་དྲུག་གང་ཞེ་ན། ཆོས་ཉིད་ཀྱི་ཐིག་ལེ་དང་། དབྱིངས་ཀྱི་ཐིག་ལེ་དང་། དབྱིངས་རྣམ་པར་དག་པའི་ཐིག་ལེ་དང་། ཡེ་ཤེས་ཆེན་པོའི་ཐིག་ལེ་དང་། ཀུན་ཏུ་བཟང་པོའི་ཐིག་ལེ་དང་། ལྷུན་ཀྱིས་གནས་པའི་ཐིག་ལེའོ། །དེ་ལ་ཆོས་ཉིད་ནི་འགྱུར་བ་མེད་པ། ཐིག་ལེ་ནི་སྤྲོས་པ་དང་བྲལ་བའི་དོན་ཏེ། དཔེར་ན་སྨིགས་རྒྱུའི་ཆོས་ཉིད་ནི་ཆུས་སྟོང་པ་ཙམ་ཡིན་པར་མ་ཟད་དེ། སྔོ་བ་དང་གཡོ་བ་ཙམ་ཉིད་ཀྱིས་ཀྱང་སྟོང་པ་ཡིན་ལ། སྟོང་པ་ཉིད་དེ་ནི་སྨིགས་རྒྱུ་སྐྱེ་བར་སྣང་ཡང་རུང་འགག་པར་སྣང་ཡང་རུང་སྟེ། སྟོང་པ་ཉིད་ལ་མཚན་ཉིད་གཞན་དུ་འགྱུར་བའང་མེད་ལ། དངོས་པོའི་སྤྲོས་པས་ཟིན་པའང་མེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི། གོང་དུ་མན་ངག་གི་སྐབས་སུ་བསྟན་པ་བཞིན་དུ། སྟོང་ཞིང་བདག་མེད་པ་ནས་གཉིས་སུ་མེད་པའི་བར་དུ་བསྟན་པ་བཞིན་ཏེ། སྣ་ཚོགས་པའི་ཆོས་ཀྱིས་རང་གི་རང་བཞིན་གཞན་དུ་འགྱུར་བའང་མེད་ལ། མཚན་མའི་སྤྲོས་པས་ཟིན་པའང་མེད། མཚན་མ་བསལ་ཞིང་དོར་བ་ཡང་མ་ཡིན་ཏེ། མཚན་མ་ཉིད་ཀྱི་ངོ་བོ་ཉིད་དེ་ལྟ་བུ་ཡིན་པས། ཆོས་ཉིད་ཀྱི་ཐིག་ལེ་ཞེས་བྱའོ། །དེ་ཉིད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པས་དབྱིངས་ཀྱི་ཐིག་ལེའོ། །དེ་ཉིད་དྲི་མ་ཐམས་ཅད་གདོད་མ་ནས་དག་པས། དབྱིངས་རྣམ་པར་དག་པའི་ཐིག་ལེའོ། །དེ་ཉིད་རང་བཞིན་གྱིས་འོད་གསལ་ཏེ། རང་བྱུང་གི་ཡེ་ཤེས་རང་ཤར་བས། ཡེ་ཤེས་ཆེན་པོའི་ཐིག་ལེའོ། །དེ་ཉིད་ལས་ཀུན་དུ་བཟང་པོའི་རོལ་པའི་རྒྱན་མི་འགོག་པས། ཀུན་དུ་བཟང་པོའི་ཐིག་ལེའོ། །དེ་ལྟ་བུའི་དོན་དེ་ཡང་ད་གཟོད་བགྲོད་ཅིང་སྦྱོང་བ་ལ་མི་ལྟོས་ཏེ་ཡེ་ནས་ལྷུན་ཀྱིས་གྲུབ་པས། ལྷུནད་ཀྱིས་གནས་པའི་ཐིག་ལེའོ། །དེ་ལ་དང་པོ་གཉིས་ནི་སེམས་ཅན་ཀྱི་འཁྲུལ་པས་མ་བསླད་པའོ། །བར་མ་གསུམ་ནི་གཉེན་པོའི་ཐབས་ཀྱིས་མ་བཅོས་པའོ། །ཐ་མ་ནི་བརྩལ་བ་ལས་འདས་པར་ལ་བཟླ་བའོ། །ཆེ་བ་དང་ཐིག་ལེ་འདི་དག་གིས་ཀྱང་། བྱང་ཆུབ་སེམས་ཀྱི་རང་བཞིན་དང་། བྱང་ཆུབ་སེམས་ཀྱི་ཆེ་བ་དང་། བྱང་ཆུབ་སེམས་ཀྱི་གོལ་ས་བཅད་པ་རྣམས་བསྟན་པ་ཡིན་ལ། བྱང་ཆུབ་སེམས་ཀྱི་གཞག་ཐབས་ཀྱང་བརྩལ་བ་དང་བྲལ་བར་ལ་དང་རྡེང་ཆོད་པ་ཉིད་ཡིན་ནོ། །ད་ནི་འདི་ནས་མར་རྣམ་གྲངས་ཀྱི་དོན་ཀྱིས་བློའི་རྡེང་བཅད་ནས། བརྩལ་བ་མེད་པར་ལྷུནད་ཀྱིས་གནས་པའི་ཐབས་སྟོན་ཏེ། དེ་ལ་གོལ་སྒྲིབ་སུམ་ཅུས་གོལ་ས་དང་སྒྲིབ་པ་གཅད་པ་ནི། སྤྱིར་གྲགས་པ་མིང་དུ་སུམ་ཅུ་རྫས་སུ་བཅུ་རྩ་བ་གཉིས་སོ། །དེ་ལ་རྩ་བ་གཉིས་ནི་གོལ་ས་དང་སྒྲིབ་པ་སྟེ། དེ་ལ་སྒྲིབ་པ་ནི་བྱང་ཆུབ་ཆེན་པོ་ལ་སྒྲིབ་པར་བྱེད་པ་སྟེ། འདི་ལྟར་དེ་སྒྲུབ་པར་མི་རྩོལ་བའོ། །དེ་དག་ཀྱང་གང་ཞེ་ན། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་སོ། །གོལ་ས་ནི་ཐུན་མོང་དང་ཁྱད་པར་གཉིས་སོ། །དེ་ལ་ཐུན་མོང་ནི་ནང་སེམས་ཀྱི་རྣལ་འབྱོརད་ལས་གོལ་བའོ། །དེ་ཡང་འདི་ལྟར་མདོ་སྡེ་ཕ་རོལ་དུ་ཕྱིན་པའི་ཚུལ་དང་། ཀྲི་ཡ་དང་། ཨུ་པ་ཡའོ། །ཁྱད་པར་གྱི་གོལ་ས་ནི། རྣལ་འབྱོར་གྱི་ཚུལ་གཅིག་ལ་ཡང་ཡོ་ག་རྣམ་པ་བཞིར་ཕྱེ་སྟེ། འདི་ལྟར་ཡོ་ག་དང་། མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་གར་ཕྱེ་བས། དེ་དག་འོག་མ་གོང་མའི་གོལ་སར་འགྱུར་རོ། །དེ་བས་ན་རྫས་སུ་བཅུའོ། །མིང་དུ་སུམ་ཅུ་ནི། ཡོ་ག་རྣམ་པ་བཞི་རེ་རེ་ལ་ཡང་ཐུན་མོང་གི་གོལ་སྒྲིབ་དྲུག་དྲུག་སྟེ། དྲུག་བཞིའི་ཉི་ཤུ་བཞིའོ། །ཁྱད་པར་གྱི་གོལ་ས་གཅིག་དང་གཉིས་དང་གསུམ་སྟེ། དྲུག་གིས་བསྣན་ནས་སྤྱིར་སུམ་བཅུའོ། །དེ་ལ་འཇིག་རྟེན་པ་སྨོས་མི་དགོས། ཉན་ཐོས་ཀྱི་ལྟ་སྒོམ་བདེན་པ་བཞིའི་དོན་ལ་གནས་ཤིང་། སྡོམ་པའི་རྩ་བ་ཕམ་པ་བཞི་ལ་སོགས་ཏེ། སོ་སོར་ཐར་པའི་སྡོམ་པ་ལ་གནས་ནས། ཁམས་གསུམ་ལས་ངེས་པར་འབྱུང་བ་ཡིན་ཡང་། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་བྲལ་བས་རྣལ་འབྱོར་སྤྱི་ལས་གོལ་ལ། རྩོལ་བའི་ནད་ཀྱིས་ཟིན་པས་རྫོགས་པ་ཆེན་པོ་ལས་གོལ་ལོ། །འདི་ཡང་མཐར་སངས་རྒྱས་སུ་འགྱུར་བར་བཤད་པས་ནི་གོལ་ས་ཡིན་ལ། བྱང་ཆུབ་ཆེན་པོར་སེམས་མ་བསྐྱེད་པས་ནི་སྒྲིབ་པ་ཡིན་ནོ། །སྤྱིར་ནི་གོལ་ས་ཐམས་ཅད་ཀྱང་སྒྲིབ་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ལྟ་སྒོམ་རྟེན་འབྲེལ་གྱི་ཚུལ་ལ་གནས་ཤིང་། སྡོམ་པའི་གཞི་ཉན་ཐོས་དང་མཐུན་པར་གནས་པས། ཁམས་གསུམ་ལས་འབྱུང་བའང་དེ་འདྲའོ། །མདོ་སྡེ་ཕ་རོལ་དུ་ཕྱིན་པའི་ཚུལ་ལ་གནས་པས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས་ལྟ་སྒོམ་སྡོམ་པ་དང་བཅས་པ་ཕ་རོལ་དུ་ཕྱིན་པ་དྲུག་དང་བཅུ་ལ་སྤྱོད་དེ། བྱེ་བྲག་དུ་ན་ལྟ་བ་བདེན་པ་གཉིས་ཀྱི་ཚུལ་ལ་གནས་ཤིང་། སྡོམ་པའི་གཞི་སོ་སོར་ཐར་པ་ལ་བརྟེན་ནས། ཐུན་མོང་མ་ཡིན་པའི་སྡོམ་པ་ཕམ་པ་བཞི་དང་། ཉེས་བྱས་ཀྱིས་བསྡུས་པའི་བྱང་ཆུབ་ཆེན་པོའི་སྡོམ་པ་ལ་གནས་ནས། དཀོན་མཆོག་དང་སེམས་ཅན་ལ་རྟེན་ནས་བྱང་ཆུབ་ཆེན་པོ་སྒྲུབ་པ་ལ། གཙོར་སྙིང་རྗེ་ཆེན་པོས་སེམས་ཅན་ཀྱི་དོན་བྱེད་པའི་སྤྱོད་པ་ཉམས་སུ་བླངས་པའི་སྒོ་ནས་བྱང་ཆུབ་ཆེན་པོ་སྒྲུབ་པའང་། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་བྲལ་བས་ཡོ་ག་སྤྱི་ལས་གོལ་ལ། རྩོལ་བ་མངོན་དུ་བྱེད་པས་རྫོགས་པ་ཆེན་པོ་ལས་གོལ་ལོ། །གསང་སྔགས་ཀྱི་ཚུལ་སྤྱིར་དཀོན་མཆོག་དང་སེམས་ཅན་ལ་བརྟེན་ནས་བྱང་ཆུབ་བསྒྲུབ་པའང་། གཙོར་རིག་སྔགས་དང་གསང་སྔགས་མཉེས་པར་བྱ་བ་སྤྱོད་ཅིང་། སེམས་ཅན་གྱི་དོན་ཞར་ལ་སྤྱོད་པ་ཡིན་པ་ལས། དེ་ལ་ཀྲི་ཡའི་ལྟ་སྒོམ་ནི། བྱང་ཆུབ་སེམས་དང་དེ་ཉིད་གསུམ་ལ་གནས་པས། རིག་སྔགས་དང་གསང་སྔགས་ཡོངས་སུ་མཉེས་པར་བྱེད་ཅིང་། སྡོམ་པའི་གཞི་ནི་སོ་སོར་ཐར་པ་དང་། བྱང་ཆུབ་ཆེན་པོའི་གཞི་ལ་བརྟེན་ནས། བསླབ་པའི་གཞི་ལྔ་ལ་གནས་ཏེ། སྤང་བར་བྱ་བའི་རྩ་བའི་ལྟུང་བ་ཆེན་པོ་བཞི་སྤངས་ཏེ། བླང་བར་བྱ་བའི་རྩ་བའི་དམ་ཚིག་བཅུ་གསུམ་དང་། ཡན་ལག་གི་དམ་ཚིག་མང་པོ་ལ་གནས་ནས། བྱང་ཆུབ་ཆེན་པོ་སྒྲུབ་པར་བྱེད་དོ། །དེ་ལ་སྡོམ་པའི་གཞི་འདི་རྣམས་ནི། གསང་སྔགས་ཀྱི་འདུལ་བ་ཡིན་པས། གཞི་ཐམས་ཅད་འདི་ལ་བརྟེན་ཏེ། དེ་ནས་རྣལ་འབྱོར་གྱི་རྒྱུད་རྣམས་སུ་གསུངས་པའི། སྡོམ་པ་ཁྱད་པར་དུ་གསུངས་པ་རྣམས་ཀྱང་སྲུང་བར་བྱེད་ཅིང་། ཐུན་མོང་གི་སྡོམ་པ་རྣམས་ཀྱང་སྲུང་བར་འོས་པ་ནི་སྲུང་། སྡུད་པར་འོས་པ་ནི་སྡུད་པར་བྱེད་པས་གཞི་དེ་ལ་རྟེན་པ་ཡིན་ནོ། །བྱང་ཆུབ་སེམས་དང་དེ་ཉིད་གསུམ་ཡང་། གསང་སྔགས་ཀྱི་ལྟ་སྒོམ་ཐམས་ཅད་ཀྱི་གཞི་ཡིན་ཏེ་ཤེས་བྱ་མ་ལུས་པ་མདོར་བསྡུས་པ་ཡིན་པས། གསང་སྔགས་ཀྱི་རྣལ་འབྱོར་བྱེད་པ་ཀུན་ལ་གཅེས་པའི་ཕྱིར་ཅུང་ཟད་ཙམ་བཤད་དོ། །དེ་ལ་བྱང་ཆུབ་ཀྱི་སེམས་ནི་འདིར་ཤེས་རབ་དང་སྙིང་རྗེས་བསྡུས་པའི་སེམས་བསྐྱེད་པའོ། །དེ་ཉིད་གསུམ་ནི་བདག་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་བདག་གི་དེ་ཁོ་ན་ཉིད་ཀྱིས་ནི། འཁོར་བའི་ཆོས་ཀྱི་རང་བཞིན་ཇི་ལྟ་བ་ཡིན་པ་བསྡུས་སོ། །ལྷའི་དེ་ཁོ་ན་ཉིད་ཀྱིས་ནི། མྱ་ངན་ལས་འདས་པའི་ཆོས་ཀྱི་མཚན་ཉིད་ཇི་ལྟ་བ་ཡིན་པ་བསྡུས་སོ། །བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཀྱིས་ནི། དེ་བསྒྲུབ་པའི་ཐབས་ཀྱི་མཚན་ཉིད་བསྡུས་སོ། །དེ་ལ་བདག་ཅེས་བྱ་བ་ནི། ཕུང་པོ་ལྔའི་དོན་བློས་རྣམ་པར་མ་ཕྱེ་བ་ཙམ་མོ། །དེའི་དེ་ཁོ་ན་ཉིད་ནི་སྒོ་གསུམ་གྱི་དབང་གིས་རྣམ་པ་གསུམ་དུ་འགྱུར་རོ། །དེ་ལ་ཉན་ཐོས་དང་སྒོ་བསྟུན་ན། ཕུང་པོ་ལྔའི་ཚོགས་འདི་ནི། མུ་སྟེགས་ཅན་ཀྱིས་ཀུན་དུ་བརྟགས་པའི་བདག་དང་བདག་གི་དང་རྟག་པ་་དང་ཆད་པ་ལ་སོགས་པར་ཀུན་བརྟགས་པས་སྟོང་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད། ཆོས་ཙམ་མེད་པར་སྐུར་བ་གདབ་དུ་མི་རུང་བ་འདི་ནི་བདག་གི་དེ་ཁོ་ན་ཉིད་ཡིན་ནོ་ཞེའོ། །རྣལ་འབྱོར་སྤྱོད་པ་དང་སྒོ་བསྟུན་ན། ཕུང་པོ་ལྔའི་ཚོགས་པ་འདིའི་དེ་ཁོ་ན་ཉིད་ནི། བདག་དང་བདག་གིས་སྟོང་པར་མ་ཟད་གྱི། ཉན་ཐོས་ཀྱིས་གཟུང་བ་དང་འཛིན་པར་ཀུན་དུ་བརྟགས་པས་ཀྱང་སྟོང་པ། སེམས་དང་སེམས་ལས་བྱུང་བ་རང་རིག་པ་ཙམ། གང་གི་ཡང་གཟུང་བ་མ་ཡིན་ཞིང་། གང་ལའང་འཛིན་པར་བྱེད་པ་མ་ཡིན་པ་འདི་ནི། དེའི་དེ་ཁོ་ན་ཉིད་ཡིན་ནོ། །དེ་ཡང་གཟུང་འཛིན་གྱི་རྟོག་པས་མ་བསླད་ན་ནི་སངས་རྒྱས་ཉིད་དང་བྱེ་བྲག་མེད་པ་ཡིན་ན། བསླད་པས་ན་བྱེ་བྲག་ཕྱེ་བ་ཡིན་ནོ་ཞེའོ། །དབུ་མ་དང་སྒོ་བསྟུན་ན། ཕུང་པོའི་ཚོགས་འདིའི་དེ་ཁོ་ན་ཉིད་ནི། རྣལ་འབྱོར་སྤྱོད་པ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་དོན་དམ་པར་ཡོད་པར་བརྟགས་པས་ཀྱང་སྟོང་སྟེ། སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བ་འདི་ནི་དེའི་དེ་ཁོ་ན་ཉིད་དོ་ཞེའོ། །དེ་ལྟར་དེ་ཁོ་ན་ཉིད་གསུམ་པོ་གང་ཡང་རུང་བ་ཞིག་ལ། ལྷའི་དེ་ཁོ་ན་ཉིད་ཀྱིས་བསྒོས་ཏེ་དམ་ཚིག་སེམས་དཔའ་བསྒོམས་ནས། ཡེ་ཤེས་སེམས་དཔའ་མདུན་དུ་དམིགས་ཏེ། བཟླས་བརྗོད་དང་ལྡན་པར་བྱས་པས་གྲུབ་པའི་ཁྱད་པར་འགྲུབ་པར་འདོད་དོ། །དེ་ལ་ལྷ་ནི་ཕན་འདོགས་ཤིང་ཁྱད་པར་དུ་འཕགས་པས་ལྷ་ཞེས་བྱ་སྟེ་སངས་རྒྱས་སོ། །དེའི་དེ་ཁོ་ན་ཉིད་ནི་ཆོས་བརྒྱད་ལྷ་དྲུག་དུ་བསྡུས་པ་སྟེ། དེ་ལ་ཆོས་བརྒྱད་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེ་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་དང་། གཟུགས་ཀྱི་བྱེ་བྲག་དུ་སྣང་བ་བཞི་སྟེ་བརྒྱད་དོ། །དེ་ལ་གཟུགས་སུ་སྣང་བའི་བྱེ་བྲག་བཞི་ནི། སྒྲར་སྣང་བ་དང་། མིང་དུ་སྣང་བ་དང་། གཟུགས་སུ་སྣང་བ་དང་། ཕྱག་རྒྱར་སྣང་བའོ། །དེ་ལ་ལྷས་བསྒོས་པ་ནི། ལྷའི་ཆོས་ཉིད་དག་པ་དང་། བདག་གི་ཆོས་ཉིད་མ་དག་པ་གཉིས་ལའང་རང་བཞིན་བྱེ་བྲག་མེད་པར་རྟོགས་ཏེ། དེ་བཞིན་དུ་བསྒོམ་པ་དང་། ལྷའི་ཡེ་ཤེས་རང་རིག་དག་པ་དང་། བདག་གི་ཤེས་པ་རང་རིག་མ་དག་པ་གཉིས་ཀྱང་དེ་བཞིན་དུ་དབྱེར་མེད་ལ། ལྷའི་སྐུ་དང་གསུང་ཁྱད་པར་དུ་འཕགས་པར་སྣང་བ་དང་། བདག་གི་ལུས་ངག་ཁྱད་པར་ཅན་མ་ཡིན་པར་སྣང་བའང་དེ་བཞིན་དུ་ཤེས་ཏེ། དེ་ལ་བརྟེན་ནས་ལྷར་བསྒྱུར་ཞིང་བསྐྱེད་དེ་བསྒོམས་པས། ལྷར་གྲུབ་པས་ལྷས་བསྒོས་པ་ཞེས་འདོགས་སོ། །དོན་འདི་ལྟ་བུ་ལ། ལ་ལ་དག་ན་རེ། ཡི་གེ་དང་ཕྱག་རྒྱ་དང་སྐུ་ལ་སོགས་པ་སྒོམ་པ་ན། འདི་སྐད་དུ། འདི་དག་ནི་གཉེན་པོའི་དོན་ཙམ་དུ་ཀུན་དུ་བརྟགས་པ་སྒོམ་པ་ཡིན་ནོ་ཞེས་སྐུར་པ་འདེབས་པར་བྱེད་པ་ནི། ཤིན་དུ་ལྕི་བའི་ལས་གསོག་པ་ཡིན་ཏེ། བདག་གི་དེ་ཁོ་ན་ཉིད་ངོ་བོ་ཉིད་དུ་གྲུབ་པར་བསམས་ནས། ལྷའི་དེ་ཁོ་ན་ཉིད་ཀུན་དུ་བརྟགས་པ་ཡིན་པར་སེམས་པ་འདི་ནི། དཔེར་ན་བླུན་པོ་དག་རྒྱན་འདོགས་པ་ན། ནོར་བུ་འཆིང་བུ་རྒྱན་གྱི་སྙིང་པོར་བྱས་ནས། ནོར་བུ་རིན་པོ་ཆེ་རྒྱན་རྟེན་ཙམ་དུ་བྱེད་པ་དང་འདྲའོ། །ལྷའི་དེ་ཁོ་ན་ཉིད་འདི་ནི། གསང་སྔགས་ཀྱི་ཚུལ་ཀུན་ལས་ཀྱང་འདིར་མ་འདུས་པ་གང་ཡང་མེད་དེ། འདི་ཉིད་ལ་བསྡུ་ལུགས་དང་། སྦྱོར་ལུགས་དང་། ལྟ་ལུགས་མི་འདྲ་བ་ཙམ་དུ་ཟད་དོ། །ཧ་ཅང་སྤྲོས་པ་ཆོག་གོ །འདི་ལྟ་བུར་སྟོན་པ་འདིའང་ཕྱིའི་ལས་དང་བྱ་བ་གཙོར་བྱེད་པས་རྣལ་འབྱོར་སྤྱི་ལས་གོལ་ལ། རྩོལ་བ་མངོན་དུ་བྱེད་པས་རྫོགས་པ་ཆེན་པོ་ལས་གོལ་ལོ། །ཨུ་པ་ཡའང་བྱ་བ་མི་གཏོང་བས་ཚུལ་དེ་འདྲའོ། །ཡོ་ག་རྣམ་པ་བཞི་ནི་ནང་སེམས་ཀྱི་རྣལ་འབྱོར་གཙོར་བྱེད་པས་སྤྱི་མཐུན་ནོ། །ནང་གི་ཁྱད་པར་ནི། ཡོ་ག་ནི་སྤྱོད་པ་བླང་དོར་དང་ཡང་ལྡན་ལ། བསམ་པ་ལྷ་དང་བདག་གཉིས་སུའང་བྱེད་དོ། །མ་ཧཱ་ཡོ་ག་ནི་དེ་ལས་བཟློག་པའོ། །ཨ་ནུ་ཡོ་ག་ནི་རྗེས་སུ་མཐུན་པའི་རྣལ་འབྱོར་ཅེས་བྱ་སྟེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རིག་པ་སྐད་ཅིག་མ་གཅིག་ལ། ལྟ་སྤྱོད་ཐམས་ཅད་རྫོགས་པར་འདོད་པས། ཨ་ཏི་ཡོ་ག་དང་རྗེས་སུ་མཐུན་ཏེ། ཅུང་ཟད་བརྩལ་བ་དང་བྲལ་བར་ལ་མ་ཟློས་པས་རྗེས་སུ་མཐུན་པའི་རྣལ་འབྱོར་ཞེས་བྱའོ། །གསང་སྔགས་ཀྱི་ནང་གི་བྱེ་བྲག་འདི་དག་ཀྱང་། བདེན་པ་གཉིས་དབྱེར་མེད་པར་འདོད་པའི་དང་པོ་ཀྲི་ཡ་ནས་བརྩམས་ནས། རྫོགས་པ་ཆེན་པོར་མཐར་ཕྱིན་ཏོ། །དེའི་དབང་གིས་བདག་གི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་རང་བཞིན་མཉམ་པར་ལྟ་བའི་དང་པོ་ཀྲི་ཡ་ནས་བརྩམས་ནས། རྫོགས་པ་ཆེན་པོར་མཐར་ཕྱིན་ཏོ། །ཇི་ལྟར་མཉམ་པར་ལྟ་བ་ཤས་ཆེ་བ་ལྟར། མི་མཉམ་པར་ལྟ་བ་འགྲིབ་པར་འགྱུར་རོ། །མདོར་ན་དངོས་པོར་ལྟ་བའི་ཞེན་པ་ཁད་ཀྱིས་བྲི་བར་ཟད་དོ། །ལྷ་དང་རང་བཞིན་མཉམ་པར་ལྟ་བ་འདི་ལྟ་བུ་ནི། །ངེས་པའི་དོན་ཀྱི་མདོ་སྡེ་ལའང་ཡོད་དེ། འོན་ཀྱང་སྨོས་པ་ཙམ་ལས་ཇི་ལྟར་མཉམ་པར་བསྒྲུབ་པའི་ཐབས་མེད་དོ། །དཔེར་ན་ཉན་ཐོས་ཀྱི་ཚུལ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེས་རབས་དང་། དུས་ཡུན་རིང་མོར་སེམས་ཅན་ཀྱི་དོན་སྤྱོད་པས་བྱང་ཆུབ་བསྒྲུབ་པར་བསྟན་པ་ཙམ་ཡོད་དེ། འོན་ཀྱང་དེར་བྱང་ཆུབ་ཀྱི་སྤྱོད་པ་ཇི་ལྟར་བསྒྲུབ་པའི་ཐབས་མ་བཤད་པ་བཞིན་ནོ། །གོལ་སྒྲིབ་འདི་དག་ཀྱང་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་བརྟེན་ནས་བཤད་པ་ཡིན་ཏེ། སྔོན་གྱི་མཁན་པོ་རྣམས་ཀྱི་ལུང་ཁོང་ཐོན་ལས། མི་ནུབ་རྒྱལ་མཚན་ནམ་མཁའ་ཆེ་ནི་མཁའ་ལ་ཉི་ཤར་བཞིན་ཏེ་གོལ་སྒྲིབ་སོ་སོར་སྟོན། །ཞེས་ཀྱང་གྲགས་སོ། །གོལ་སྒྲིབ་དེ་དག་ཀྱང་མཐའ་དེ་ལས་མི་འདའ་བས་ར་བ་ཙམ་དུ་བཤད་པར་ཟད་དེ། བཅར་ཏེ་འབྲུ་འཐུས་སུ་གཟུང་ན། གོལ་ས་ཉི་ཤུ་རྩ་གསུམ། སྒྲིབ་པ་བདུན་ཏེ་སུམ་བཅུའོ། །དེ་ལ་གོལ་ས་ཉི་ཤུ་རྩ་གསུམ་ལ། བཅུ་ཕྲག་དང་པོ་ནི། བྱང་ཆུབ་ཀྱི་སྙིང་པོའི་གོལ་ས་གསུམ། བསམ་གཏན་གྱི་གོལ་ས་གསུམ་སྟེ་དྲུག །ཆོས་ཉིད་ལམ་གྱི་གོལ་ས་བཞི་སྟེ་བཅུའོ། །བཅུ་ཕྲག་གཉིས་པ་ལ། ཡེ་ཤེས་ཆེན་པོ་བདེ་བའི་རྣམ་པ་ལ་ཆགས་པའི་གོལ་ས་གཅིག །རེ་སྨོན་གྱི་མཐའ་ལ་གནས་པའི་གོལ་ས་གཉིས་ཏེ་གསུམ། ལུང་གི་གོལ་ས་གསུམ་སྟེ་དྲུག །རྒྱུའི་གོལ་ས་གཅིག་སྟེ་བདུན། ཏིང་འཛིན་ཐོབ་པ་འབྲས་བུའི་གོལ་ས་གསུམ་སྟེ་བཅུའོ། །ཆོས་ཀྱི་གོལ་ས་གསུམ་ལ། ཆོས་ལས་ཆོས་མི་འབྱུང་བ་དང་། ཆོས་ལ་ཆོས་མི་ལྟོས་པ་དང་། ཆོས་ཀྱིས་ཆོས་མི་རྟོགས་པ་གསུམ་སྟེ། གོལ་ས་ཉི་ཤུ་རྩ་གསུམ་མོ། །སྒྲིབ་པ་བདུན་ལ། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ་བསླད་པས་བསྒྲིབས་པའི་སྒྲིབ་པ་གསུམ། རྣལ་འབྱོར་གྱི་བྱ་བ་དོན་གྱིས་མ་ཟིན་ཏེ། ཉོན་མོངས་པའི་འཆིང་བའི་ནད་ཀྱིས་ཟིན་པའི་སྒྲིབ་པ་གསུམ་སྟེ་དྲུག །ལུང་སྒྲོ་སྐུར་གྱིས་ཟིན་པའི་སྒྲིབ་པ་གཅིག་སྟེ་བདུན་ནོ། །དེ་ལ་བྱང་ཆུབ་ཀྱི་སྙིང་པོའི་གོལ་ས་གསུམ་ལ། དང་པོ་ནི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བྱང་ཆུབ་ཀྱི་སྙིང་པོའི་རང་བཞིན་ནི། སྣང་བའི་མཚན་ཉིད་ཐམས་ཅད་དང་བྲལ་བ་ཡིན་པ་ལ། ཆོས་ཉིད་མངོན་དུ་བྱ་བར་འདོད་ནས་བརྩལ་བས་གོལ་བ་ནི། སྣང་བ་མེད་པའི་ཆོས་ཉིད་ནི། །མ་བརྩལ་བཞག་པས་བསྒོམས་པ་ཡིན། །དེ་དང་དེར་ནི་རྣམ་བརྩལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །ཞེས་གསུངས་པ་ཡིན་ཏེ། བྱང་ཆུབ་ཀྱི་སྙིང་པོའི་རང་བཞིན་སྣང་བའི་མཚན་ཉིད་དང་བྲལ་བས་ཅིར་ཡང་མ་བརྩལ་ན་བསྒོམས་པ་ཡིན་ཏེ། མངོན་དུ་བྱ་བར་འདོད་ནས་བརྩལ་བས་གོལ་སར་གྱུར་ཏོ། །གཉིས་པ་བྱང་ཆུབ་ཀྱི་སྙིང་པོ་གཞན་གྱི་དབང་གིས་མི་འགྱུར་བ་ལ། འགྲོ་བ་ལས་ཀྱིས་བཀོལ་བར་བརྟགས་པས་གོལ་སར་གྱུར་པ་ནི། ཁྱད་པར་ཅིར་ཡང་མཚུངས་པ་ལས། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཅི་སྟེ་ལས་ཀྱི་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་གསུངས་པ་སྟེ། མངོན་པར་འདུ་བྱེད་ཀྱི་རྟོག་པ་སྣ་ཚོགས་ཇི་ལྟར་སྣང་ཡང་། བྱང་ཆུབ་ཀྱི་སྙིང་པོའི་རང་བཞིན་དུ་མཚན་ཉིད་དབྱེར་མེད་པར་མཉམ་པ་ཡིན་པ་ལ། འགྲོ་བ་འཁྲུལ་པས་ལས་དགེ་སྡིག་དུ་ཀུན་དུ་བརྟགས་པར་ཟད་དོ། །ཚུལ་འདི་ལྟ་བུ་ནི་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་ཀྱང་། སེམས་ཅན་མི་ཤེས་པས་རྨོངས་ནས། །རྣམ་རྟོག་དྲྭ་བས་བླུན་བྱས་གང་། །དེ་དག་གིས་ནི་དགེ་སྡིག་གི། །ཕུང་པོ་གཉིས་སུ་རྣམ་པར་བརྟགས། །ཆོས་འདི་རང་བཞིན་གྱིས་དག་སྟེ། །ནམ་མཁའ་ལྟ་བུར་དྲི་མེད་ལས། །སེམས་ཅན་ཤེས་པ་སྤེལ་བའི་ཕྱིར། །ལས་ཀྱི་ཚུལ་ནི་སྣ་ཚོགས་ཡིན། །ཞེས་གསུངས་པ་དང་ཡང་མཐུན་ནོ། །དེ་ལྟ་ན་མངོན་པར་འདུ་བྱེད་པའི་དུས་ཉིད་ན་རང་བྱུང་གི་ཡེ་ཤེས་རང་ཤར་བ་ཡིན་ཏེ། གཞན་དུ་ན་དེ་ལྟ་མ་ཡིན་ཏེ། ལས་རྫས་སུ་གྲུབ་པ་ཞིག་ན་རང་བྱུང་གི་ཡེ་ཤེས་གཏན་མ་གྲུབ་པར་འགྱུར་ཏེ། དཔེར་ན་འགལ་མེའི་འཁོར་ལོ་རང་གསལ་བ། གལ་ཏེ་འཁོར་ལོའི་མཚན་ཉིད་རང་གསལ་བར་རྫས་སུ་གྲུབ་པ་ཞིག་ན། འགལ་མེ་རང་བཞིན་གྱིས་འོད་གསལ་བ་གཏན་མ་གྲུབ་པ་བཞིན་ནོ། །གསུམ་པ། བྱང་ཆུབ་ཀྱི་སྙིང་པོ་རྒྱུ་དང་རྐྱེན་ཀྱིས་མ་བསྐྱེད་པ་ལ། བྱང་ཆུབ་རྒྱུ་རྐྱེན་ཀྱིས་གྲུབ་པར་འདོད་ནས་བརྩལ་བས་གོལ་སར་གྱུར་པ་ནི། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཞེས་གསུངས་པ་སྟེ། རྒྱུ་དང་རྐྱེན་དུ་སྣང་བའི་མཚན་ཉིད་རྡོ་རྗེ་ལྟར་དབྱེར་མེད་པའི་མཚན་ཉིད་པས། སྐྱེ་འགག་མེད་པ་ལ་རྒྱུ་རྐྱེན་གྱི་རྩོལ་བས་གཡོ་བའི་གནས་མེད་དོ། །ཞེའོ། །བསམ་གཏན་གྱི་གོལ་ས་གསུམ་ལ། དང་པོ་ནི། ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །ཞེས་གསུངས་པ་སྟེ། མཉམ་པ་ཉིད་ཀྱི་སྙིང་པོ་ལ་བསོད་ནམས་མངོན་པར་འདུ་བྱ་བ་ཐམས་ཅད་ཀྱང་བཀག་པ་མེད་ལ། རྣམ་པར་མ་དག་པའི་ལས་ཀྱང་རང་ཞི་བར་འགྱུར་བ་ནི། ཡོན་ཏན་ཆེན་པོའི་བསམ་གཏན་ཡིན་བཞིན་དུ། དེ་ལྟར་མ་རྟོགས་ཏེ་ཉོན་མོངས་པ་སྦྱང་ཞིང་ཡོན་ཏན་མངོན་པར་བསྒྲུབ་པར་འདོད་པའི་བསམ་པས་བསམ་གཏན་ཀྱི་གནས་ལ་གནས་པ་ནི། བླང་དོར་ཀྱི་ནད་ཀྱིས་ཟིན་ཏེ་འཆིང་བའོ། །བསམ་ཞིང་སྦྱང་བའི་རྩོལ་བ་ལ་མི་ལྟོས་པར་མ་བཅོས་པའི་ངང་ལ་གནས་ན། རྣམ་རྟོག་ཉིད་ཡེ་ཤེས་སུ་འོད་གསལ་བར་འགྱུར་རོ། །ཞེའོ། །གཉིས་པ་འཕྲ་བའི་གོལ་ས་ནི། འཕྲའ་བའི་སྒོ་མོར་མིང་བཏགས་ནས། །སེམས་ཀྱི་དབེན་པས་ལམ་ཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་ཏེ། །བརྟགས་ན་རྣམ་པར་རྟོག་འགྱུར་སྒོམ། །ཅེས་གསུངས་པ་སྟེ། དེ་ལ་འཕྲའ་བ་ཅེས་བྱ་བའི་སྒྲ་ནི། དོན་གཉིས་ལ་འཇུག་སྟེ། འདིར་ཡང་དེ་བཞིན་དུ་སྦྱར་ཏེ། དེ་ལ་བསླད་པས་ཕྲ་བ་ནི། ཡུལ་མེད་པ་ལ་ཡུལ་དུ་བཟུང་ནས། སེམས་ཡུལ་ལས་དབེན་པ་ཐརད་པའི་ལམ་དུ་མཐོང་བ་དང་། ལུས་འདུ་འཛི་ལས་དབེན་པ་ཐར་པའི་ལམ་དུ་མཐོང་བ་ནི། བློ་ཞིབ་མོས་བརྟགས་ན་རྣམ་རྟོག་ཉིད་སྒོམ་པའོ། །ཞེའོ། །ཕྲ་བ་ཟབ་པའི་སྒྲར་སྦྱར་ན། རྣམ་པར་མི་རྟོག་པའི་སྒོམ་ལུང་ལས། རྣམ་པར་མི་རྟོག་པ་སྒོམ་པ་ན། བློ་རྟེན་གང་ལའང་མི་འཆའ། ཡུལ་གང་ལའང་མི་དམིགས། རྣམ་པ་ཅིར་ཡང་མི་རྟོག་པའི་བསྒོམ་མོ་ཟེར་བ་ནི། སྐྱོན་གསུམ་དང་བྲལ་བའི་བདག་ཉིད་མངོན་དུ་ཐོབ་པར་འདོད་པས། བླང་དོར་ཀྱི་ཆ་ཤས་འཕྲ་མོ་ཡོད་པ་ཡིན་ཏེ། འདི་ལྟར་སེམས་དངོས་པོ་དང་མཚན་མ་ལས་དབེན་པ་ལམ་དུ་འདོད་ཅིང་། ལུས་འདུ་འཛི་ལས་དབེན་པ་ཚོལ་བ་འདི་ནི་བློ་ཞིབ་མོས་བརྟགས་ན་རྣམ་པར་རྟོག་པ་ཉིད་སྒོམ་པར་ཟད་དོ། །ཞེའོ། །ཕྱོགས་ཕྱི་མ་འདི་ནི་རྫོགས་པ་ཆེན་པོའི་གོལ་ས་ཡིན་ཡང་། ཐུན་མོང་གི་བླང་བྱར་བཟུང་ངོ། །གསུམ་པ་རྒྱུ་འབྲས་ཀྱི་གོལ་ས་ནི། རྒྱུ་དང་འབྲས་བུར་མིང་བཏགས་ཤིང་། །དགེ་སྡིག་གཉིས་ག་རྣམ་པར་སེལ། །འཇིག་རྟེན་འདི་ལས་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་དུ་སྐྱེད། །ཅེས་གསུངས་པ་སྟེ། ཆོས་རྒྱུ་འབྲས་དང་། ལས་དགེ་སྡིག་དོན་དམ་པར་ཡོད་པར་མཐོང་བས། འཇིག་རྟེན་འཁོར་བའི་སྡུག་བསྔལ་འདིས་སྐྱོ་སྟེ། སྡུག་བསྔལ་གྱི་འཇིག་རྟེན་འདི་ལས་ཐར་པའི་སྐམ་སར་མངོན་པར་འབྱུང་བར་བྱའོ་སྙམ་དུ་བླང་དོར་གྱི་བྲོད་པ་ལ་གནས་པ་རྣམས་སོ། །འདི་ནི་ཕལ་ཆེར་ཐེག་པ་ཆུང་ངུ་ལ་འཇུག་གོ །དེ་ལ་དགེ་སྡིག་གཉིས་ག་རྣམ་པར་སེལ་ཞེས་བྱ་བའི་སྒྲ། རྣམ་པ་གཅིག་དུ་དགེ་སྡིག་གཉིས་ག་འགོག་པ་ལ་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཀྱི་ཚེ་འགོག་པ་སྒྲུབ་སྟེ། དེ་བས་ན་ཚེ་དགག་པར་བྱ་བའི་ཕྱིར་ལས་འགོག་པ་སྒྲུབ་བོ། །ལས་འགོག་པར་བྱ་བའི་ཕྱིར་ཉོན་མོངས་པ་འགོག་པ་སྒྲུབ་པོ། །ཉོན་མོངས་པ་འགགས་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པའི་འཇིག་རྟེན་འདི་ལས། མྱ་ངན་ལས་འདས་པའི་སྐམ་སར་མངོན་པར་འབྱུང་ངོ་། །ཞེས་བླང་དོར་གྱི་བྲོད་པ་མཆོག་དུ་སྐྱེད་པ་རྣམས་སོ། །ཆོས་ཉིད་ལམ་གྱི་གོལ་ས་བཞི་ལ། དང་པོ་ལམ་དབུ་མ་ཚོལ་བ་གཉིས་སུ་མེད་པའི་ལམ་ལས་གོལ་བ་ནི། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཆ་འདྲ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་སེམས་དཔས་གསུངས། །ཞེས་གསུངས་པ་སྟེ། དེ་ལ་ཆགས་པ་ནི་འདོད་པ་ལ་གནས་པ་སྟེ་འཇིག་རྟེན་པའོ། །མ་ཆགས་པ་ནི་དེ་ལས་གྲོལ་བ་སྟེ་མྱ་ངན་ལས་འདས་པའོ། །དེ་གཉིས་ནི་ཚིག་གི་ལམ་མོ། །ཞེས་བསྟན་པ་སྟེ། ཚིག་གི་ལམ་ནི་ཚིག་གི་དོན་ཏོ། །ཚིག་གི་དོན་ནི་ཐ་སྙད་ཀྱི་ཡུལ་ལོ། །ཐ་སྙད་ཀྱི་ཡུལ་ནི་བདག་ཉིད་ཐོབ་པ་མེད་པའོ། །དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་རྣམ་པ་གཉིས་བདག་ཉིད་ཐོབ་པ་མེད་ན། དབུ་མའང་དེ་དང་འདྲ་བས་དབུ་མ་བཞིན་ཏེ། ཞེས་བྱ་བ་སྨོས་སོ། །ཐམས་ཅད་ཀྱང་ཚིག་གི་ལམ་ཙམ་སྟེ་དོན་དུ་བྱ་བ་མེད་པས་བྲག་ཆ་འདྲ། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཆགས་པའི་སྡུག་བསྔལ་དང་མ་ཆགས་པའི་བདེ་བ་གཉིས་རྒྱུའམ་རང་བཞིན་དབྱེར་མེད་པར། ཀུན་གྱི་བླ་མར་གྱུར་པ་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཞེའོ། །གཉིས་པ་དབང་པོ་དྲུག་གི་སྤྱོད་ཡུལ་མཚན་མའི་སྐྱོན་དུ་བལྟས་ནས། ཆོས་ཉིད་ཞི་བ་མཚན་མ་མེད་པ་གཞན་དུ་ཚོལ་བར་བྱེད་པ་ན་ལམ་གྱི་རང་གི་ངོ་བོ་ལས་གོལ་བར་གྱུར་པ་ནི། ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི། །བཙལ་བས་རྙེད་པའི་གནས་མེད་དེ། །དྲུག་གི་ཆོས་བཞིན་ཡུལ་མེད་པས། །མདོངས་པས་ནམ་མཁའ་བསྙབས་པ་བཞིན། །ཞེས་གསུངས་པ་སྟེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་སེམས་ཅན་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་ལས་གཞན་དུ་བཙལ་དུ་མེད་དེ། དབང་པོ་དྲུག་གི་སྤྱོད་ཡུལ་འདི་ཉིད་རང་གི་ངོ་བོ་ཇི་ལྟར་གནས་པ་གང་ཡིན་པ་དེ་ཉིད་སངས་རྒྱས་ཀྱི་སྤྱོད་ཡུལ་ཡང་ཡིན་ཏེ། དེ་ལྟ་བུའི་མཚན་ཉིད་ལ། གང་གིས་འདི་ལྟར་མཚན་མའི་སྤྱོད་ཡུལ་འདི་དག་ནི། སེམས་ཅན་གྱི་སྤྱོད་ཡུལ་ཕྱིན་ཅི་ལོག་ཡིན་པས་བསྒོམ་པར་བྱ་བའི་དོན་མ་ཡིན་ལ། བསྒོམ་པའི་དོན་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཆོས་ཉིད་མཚན་མ་ཞི་བ་ཡིན་པས། དེ་བསྒོམ་པར་བྱའོ་སྙམ་དུ་སེམས་ན། མདོངས་པས་ནམ་མཁའ་བསྙབས་པ་དང་འདྲ་སྟེ་ལམ་གྱི་རང་གི་ངོ་བོ་ལས་གོལ་ལོ། །དེ་ནི་དཔེར་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒོམས་པས་གཟུགས་ཟིལ་གྱིས་མནན་ཏེ། གཟུགས་ཀྱི་འདུ་ཤེས་ལས་འདས་ཤིང་ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཀྱང་། གཟུགས་ཀྱི་བཅིངས་པ་ལས་མི་གྲོལ་ཏེ། གཟུགས་ཀྱི་བག་ལ་ཉལ་མི་སྤོངས་པ་བཞིན་ནོ། །གལ་ཏེ་གང་ཞིག་གིས་གཟུགས་ཀྱི་ངོ་བོ་ཉིད་ནམ་མཁའི་ངོ་བོ་ཉིད་དང་དབྱེར་མེད་པར་རྟོགས་ནས། ཏིང་ངེ་འཛིན་དེ་ལྟ་བུ་ཐོབ་ན་ནི། གཟུགས་ཀྱི་བཅིངས་པ་ལས་གྲོལ་བར་ཡང་འགྱུར་རོ། །དེ་བཞིན་དུ་གང་ཞིག་གིས་མཚན་མར་སྣང་བ་སྐྱོན་དུ་བལྟས་ནས། མཚན་མ་མེད་པ་ཞི་བ་བསྒོམས་ན་ནི་མཚན་མ་ཟིལ་ཀྱིས་གནོན་པར་འགྱུར་གྱི། མཚན་མའི་བཅིངས་པ་ལས་གྲོལ་བར་མི་འགྱུར་རོ། །གང་གི་ཚེ་གང་ཞིག་གིས་མཚན་མར་སྣང་བ་རྣམས་ཀྱི་ངོ་བོ་ཉིད་མཚན་མ་དང་བྲལ་བ་ཡིན་པར་རྟོགས་ནས། མཚན་མ་ལ་སྐྱོན་དུ་མ་བལྟས་ཤིང་མཚན་མ་མ་བོར་བར་མཚན་མའི་རང་བཞིན་ཡོངས་སུ་ཤེས་པར་བྱ་བ་ལ་གོམས་པར་བྱས་པས། མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་ན། མཚན་མའི་བཅིངས་པ་ལས་གྲོལ་བར་ཡང་འགྱུར་རོ། །གསུམ་པ་ལམ་གྱི་རིམ་པ་ལ་བགྲོད་པར་འདོད་པས། བགྲོད་དུ་མེད་པའི་ལམ་ལས་གོལ་བར་གྱུར་པ་ནི། གོང་ནས་གོང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པ་མིན། །ཅི་སྟེ་ལམ་ལ་བགྲོད་འགྱུར་ན། །ནམ་མཁའི་མཐའ་བཞིན་ཐོབ་པ་མེད། །ཞེས་གསུངས་པ་སྟེ། ཆོས་ཇི་བཞིན་པ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡིན་པ་ལ། ལམ་དང་སའི་རིམ་པས་བགྲོད་དུ་མེད་དེ། གལ་ཏེ་སའི་རིམ་པ་བཞིན་དུ་དག་པ་དང་ཚངས་པ་དང་གྲོལ་བ་རིམ་པས་བསྒྲུབ་དུ་ཡོད་ན། ཆོས་རྣམས་ཀྱི་ཆོས་ཉིད་གཏན་མེད་པར་འགྱུར་བས། གལ་ཏེ་གཞན་དང་གཞན་ཐོབ་པར་བྱ་བ་ཡོད་ན། དེ་མཐར་ཐུག་པའང་རྙེད་པར་མི་འགྱུར་རོ། །ཞེའོ། །བཞི་པ་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ཕྱོགས་དང་རིས་མེད་པ་ལ། ལམ་ལ་ཕྱོགས་ཆར་བཟུང་བས་མཉམ་པ་ཉིད་ཀྱི་ལམ་ལས་གོལ་བར་གྱུར་པ་ནི། དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཟླ་བ་ལས་བྱུང་རྟེན་དང་བཅས། །ཀུན་ཀྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །ཅེས་གསུངས་པ་སྟེ། དེ་ནི་དེ་བཞིན་ཉིད་དེ་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ནོ། །དེ་དང་འདྲ་བ་ནི་སྙིང་པོ་བྱང་ཆུབ་ལ་ཆ་ཤས་མེད་དེ། སེམས་ཅན་དང་སངས་རྒྱས་ལམ་ཐུན་མོང་ཡིན་པས་ཡོངས་ཀྱི་ལམ་ཞེས་བྱ་སྟེ། ལམ་ཞེས་བྱ་བ་དང་ས་ཞེས་བྱ་བ་དོན་འདྲ་སྟེ། སྡུད་པ་ཚིགས་སུ་བཅད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ནས་གཞན་དུ་བགྲོད་པ་ལ་མི་བྱའི། དེའི་རང་བཞིན་དུ་གནས་པ་ཙམ་ལ་བྱའོ། །དེ་ནི་དཔེ་ཆུ་ཟླ་དང་འདྲ་བས། ཟླ་བ་ལས་བྱུང་རྟེན་དང་བཅས། །ཞེས་སྨོས་ཏེ། འདི་ལྟར་རྟེན་ཆུས་གར་ཁྱབ་པ་དེ་ཙམ་དུ་ཆུ་ཟླས་ཁྱབ་སྟེ། ཁྱབ་མ་ཁྱབ་ཀྱི་ཕྱོགས་ཆ་མེད་བཞིན་དུ། མི་རྣམས་འདི་སྐད་དུ། རང་རང་གང་ན་གནས་པའི་ས་ཕྱོགས་དེ་ནས་བལྟས་པ་ན། ཆུ་ཟླ་ཕྱོགས་ཆ་རེ་རེ་ན་གནས་པར་མཐོང་སྟེ། དེའི་དབང་གིས་འདི་སྐད་དུ། ཆུ་ཟླ་འདི་ན་སྣང་ངོ་། ཕ་ཀི་ན་སྣང་ངོ་། སྙམ་དུ་སེམས་སོ། །དེ་བཞིན་དུ་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ། ཕྱོགས་དང་ཆ་ཤས་མེད་དེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པ་ལས། གང་ཟག་རྣམས་ལམ་ལ་ཕྱོགས་ཆར་འཛིན་པས་མཉམ་པ་ཉིད་ལས་གོལ་ལོ། །བཅུ་ཕྲག་དང་པོའོ།། །། བཅུ་ཕྲག་གཉིས་པ་ལ། ཡེ་ཤེས་ཆེན་པོའི་བདེ་བའི་རྣམ་པ་ལ་ཆགས་པའི་གོལ་ས་ནི། ད་ལྟའི་བདེ་དང་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ལས་བྱུང་། །དེའང་རྣམ་པའི་སྐྱོན་ཡིན་པས། དེ་ལ་རྟེན་པར་མི་བྱའོ། །ཞེས་གསུངས་པ་སྟེ། དེ་ལ་ད་ལྟའི་བདེ་བ་མངོན་སུམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཕྱི་མའི་བདེ་བ་རྒྱབ་ལས་བྱུང་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་སོ། །ཡེ་ཤེས་ཆེན་པོ་འདི་གཉིས་སངས་རྒྱས་ཀྱི་ལམ་དུ་མཐོང་སྟེ་བླང་བར་བྱ་བར་མཐོང་ལ། མི་མཐུན་པ་སྤང་བར་བྱ་བར་མཐོང་ནའང་། རྣམ་པའི་འཆིང་བས་ཟིན་པ་ཡིན་པས། དེ་ལའང་བློའི་རྟེན་མི་བཅའ་འོ། །ཞེས་བྱ་བའི་དོན་ཏོ། །རེ་སྨོན་གྱི་མཐའ་ལ་གནས་པའི་གོལ་ས་གཉིས་ལ། དང་པོ་འཇིག་རྟེན་གྱི་མངོན་པར་མཐོ་བ་ལ་སྨོན་པ་འཇོག་པའི་གོལ་ས་ནི། སྲིད་པ་གསུམ་ན་སྦྱོར་བའང་། །མིང་ཙམ་སྒྱུ་མར་སྣང་བ་སྟེ། །འཁོར་ལོ་སྒྱུར་བའི་གནས་ཆེན་ཡང་། །སྒྱུ་མས་སྦྱོང་བའི་བསྟི་གནས་ཡིན། །ཞེས་གསུངས་པ་སྟེ། སྲིད་པ་གསུམ་ནི་ཁམས་གསུམ་མོ། །དེ་ན་སྦྱོར་བའི་མངོན་པར་མཐོ་བ་ཇི་སྙེད་པ་ཐམས་ཅད་ཀྱང་། མིང་ཙམ་སྒྱུ་མར་སྣང་བ་ཡིན་པས་རེ་སྨོན་གྱི་གནས་སུ་མི་རུང་ངོ་། །མིའི་འཇིག་རྟེན་འདི་ན་མངོན་པར་མཐོ་བར་གྲུབ་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གནས་ཐོབ་པའང་། མིའི་འཇིག་རྟེན་སྒྱུ་མ་ཙམ་སྦྱོང་ཞིང་འདུལ་བར་བྱེད་པའི་བསྟི་གནས་ཙམ་ཡིན་པས། རེ་སྨོན་གྱི་གནས་མ་ཡིན་ནོ། །ཞེའོ། །གཉིས་པ་འབྲས་བུ་དུས་ཕྱིས་འབྱུང་བའི་རེ་སྨོན་འཇོག་པའི་གོལ་ས་ནི། རྣམ་སྤྱོད་དུས་ལ་ལྟོས་པ་རྣམས། །དུས་དེར་འབྱུང་བར་མི་འགྱུར་ཏེ། །མ་བྲལ་སྨོན་པ་སྤྱོད་པས་ན། །སྟོང་པའི་མཚན་ཉིད་གསུངས་པ་བཞིན། །ཅེས་གསུངས་པ་སྟེ། མཚན་མའི་རྣམ་པ་ལ་ཞེན་པ་རྣམས། རྒྱུ་ལས་འབྲས་བུ་དུས་ཕྱིས་འབྱུང་བར་སྣང་བ་དེ་བཞིན་དུ་བདེན་པར་ཞེན་ནས། འབྲས་བུ་དུས་གཞན་དུ་འབྱུང་བའི་རེ་སྨོན་འཇོག་པ་ནི། དེ་བཞིན་དུ་འབྱུང་བར་མྱི་འགྱུར་ཏེ། དཔེར་ན་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དབང་གི་ཕྱིར་སྟོང་པ་ཉིད་ཡོད་དོ། །ཞེས་གསུངས་པ་ལས། དེའི་དབང་གིས་གང་ཟག་དེ་སངས་རྒྱས་ཀྱི་བཀའ་ལ་དད་པར་གྱུར་ཏེ་ཞུགས་ནས། དེ་ནས་སྟོང་པའི་དངོས་པོ་བཙལ་བ་ན་མ་རྙེད་པ་བཞིན་ནོ། །འདི་ནི་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ་དུས་སྔ་ཕྱི་མེད་བཞིན་དུ། དུས་ཀྱི་མཐའ་ལ་རེ་སྨོན་འཇོག་པས་གོལ་བ་ཡིན་ནོ། །ལུང་གི་གོལ་ས་གསུམ་ལ། དང་པོ་ལུང་སྒྲོ་འདོགས་ཀྱིས་ཟིན་པའི་གོལ་ས་ནི། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣམ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོས་བཏགས་ཆོས་ཀུན་ག་ལ་ཡོད། །ཅེས་གསུངས་པ་སྟེ། དེ་ལུང་ཞེས་བྱ་བ་ནི། བཀའི་མཚན་ཉིད་དེ་རྟེན་པར་འོས་པའོ། །དེ་ཡང་ངེས་པའི་ལུང་དང་ཐ་མལ་པའོ། །དེ་ལ་ངེས་པའི་ལུང་ནི་ཐོག་དུ་ཕབ་པ་སྟེ། སྒྲོ་འདོགས་དང་བྲལ་བ་ཡིན་ན། ལུང་གི་རང་བཞིན་ནི་སྙིང་པོ་བྱང་ཆུབ་ཀྱི་དོན་ཉིད་ཡིན་ལ། དེ་ནི་མངོན་དུ་བྱ་བའི་ཆོས་དང་བྲལ་བས་གང་གིས་ཀྱང་བསྟན་པར་མི་ནུས་ལ། དེ་བས་ན་དེ་མཚོན་པའི་ལུང་གི་ཚིག་རྣམས་ཀྱང་སྒྲོ་འདོགས་ཡིན་ཏེ། ལུང་གི་རང་བཞིན་ལས་གོལ་ལོ། །ཞེའོ། །གཉིས་པ་ནི་ཏིང་ངེ་འཛིན་གྱི་གོལ་ས་སྟེ། ནང་མ་དག་པ་ལ་ཕྱི་རོལ་རྩོལ་བའི་ནད་ཀྱིས་ཟིན་པས། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་གོལ་བར་གྱུར་པ་ནི། ཕྱི་ནང་གཉིས་ག་ཕྱི་ཉིད་ནང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་མེད། །སྲིད་པ་མིང་ཙམ་ལོག་པའི་སྟོབས། །དེ་བས་ཏིང་འཛིནད་མཉམ་དང་བྲལ། །ཞེས་གསུངས་པ་སྟེ། དེ་ལ་ཕྱི་ནི་སེམས་ཀྱི་བདེ་བ་ཐོབ་པར་འདོད་པའི་རྩོལ་སེམས་སོ། །ནང་ནི་བདེ་བ་ཐོབ་པའོ། །ཕྱི་ཉིད་ནང་ཞེས་བྱ་བ་ནི། ཕྱི་ནང་བཟློག་པར་བསྟན་པ་སྟེ། རྩོལ་བ་ངང་གིས་ཞི་བ་ནི་ནང་དུ་འགྱུར་རོ། །བདེ་བ་ཆགས་པའི་འཆིང་བས་ཟིན་པ་ནི་ཕྱིར་འགྱུར་རོ། །དེས་ཟབ་མོའི་དོན་མི་རྟོགས་ཏེ། སྲིད་པའི་འཆིང་བའི་དབང་དུ་འགྱུར་བས། ཟབ་མོའི་ཆ་ཤས་རྟོགས་ཡུལ་མེད། །སྲིད་པ་མིང་ཙམ་ལོག་པའི་སྟོབས། །ཞེས་བྱའོ། །དེ་བས་ན་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་གོལ་བར་གྱུར་བས། དེ་བས་ཏིང་འཛིན་མཉམ་དང་བྲལ། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་ནི་དམ་ཚིག་གི་གོལ་ས་སྟེ། དེ་ཡང་མཉམ་པ་ཉིད་ཀྱི་སྙིང་པོ་ལ་དམ་ཚིག་ཕྱི་ནང་དུ་དབྱེ་བ་མེད་དེ། ཇི་ལྟར་འགྲོ་བ་རྣམས་ཕུང་པོ་དང་ཁམས་ཀྱི་རང་བཞིན་ཡིན་པའི་ཕྱིར། མཚན་ཉིད་དེ་ལས་འདའ་བའི་ཐབས་མེད་པ་བཞིན། ཕུང་པོ་དང་ཁམས་ཀྱི་རང་བཞིན་ཉིད་སངས་རྒྱས་ཀྱི་ཆེ་བ་ཡིན་པས་དེ་ལས་འདའ་བའི་ཐབས་མེད་པའི་ཕྱིར། བསྲུང་བ་དང་མི་བསྲུང་བ་མེད་བཞིན་དུ་དམ་ཚིག་ཕྱི་ནང་དུ་བསྟན་པས་གོལ་ལོ་ཞེས་བསྟན་པའི་ཕྱིར། དེ་ལ་ཐ་ཚིགས་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །དུས་གསུམ་དེ་དང་མི་འབྲལ་བས། །ཐ་ཚིགས་མིང་དུ་བཏགས་པ་མེད། །ཅེས་གསུངས་པ་ཡིན་ནོ། །དེ་ལ་རྒྱུའི་གོལ་ས་ནི། འདི་ལ་བརྟུལ་ཞུགས་དྲག་ཤུལ་ཀྱིས། །གནས་སུ་བྱ་བའི་གཞི་མེད་དེ། །ཨ་དང་པར་ནི་རྣམ་ལྡན་ན། །སྒྱུ་མའི་བདེ་བ་འབྱུང་བར་འདོད། །ཅེས་གསུངས་པ་སྟེ། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་གནས་སུ་བྱ་བ་དང་བྲལ་བ་ལ། ཕྱི་རོལ་གྱི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་ནན་དང་ཚན་གྱིས་བསྒྲུབ་པར་བྱ་བའི་གནས་གཞི་མེད་དེ། འོན་ཀྱང་མ་སྐྱེས་པའི་དོན་ལ་མ་ཆགས་པའི་བློ་དང་ལྡན་ན། སྒྱུ་མ་ཙམ་དུ་ཡོན་ཏན་སྣང་ངོ་། །ཞེས་བྱ་བའི་དོན་ཏོ། །ཏིང་འཛིན་ཐོབ་པ་འབྲས་བུའི་གོལ་ས་གསུམ་ལ། དང་པོ་བདེ་བ་ཐོབ་པར་འདོད་ནས་རྩོལ་བའི་གོལ་ས་ནི། རང་བཞིན་གཅིག་དུ་མ་ངེས་པས། །ཇི་ལྟར་བལྟས་པ་དེར་སྣང་སྟེ། སྣང་འདོད་རྩོལ་སེམས་བདེ་བ་ཡང་། །དེ་ནི་སྒྲིབ་སྐྱོན་ཆེན་པོ་ཡིན། །ཅེས་གསུངས་པ་སྟེ། ཆོས་རྣམས་ཀྱི་རང་བཞིན་ཇི་ལྟ་བུའི་ངོ་བོ་ཡང་མ་ཡིན་པའི་ཕྱིར། བློས་ཇི་ལྟར་བལྟས་པ་བཞིན་སྣང་བ་ལ། ཡང་དག་པའི་ངོ་བོ་ཞིག་སྣང་བའི་བདེ་བ་ཐོབ་དུ་རེ་ནས་རྩོལ་བས་གོལ་ལོ། །གཉིས་པ་བྱང་ཆུབ་ཀྱི་ཡན་ལག་གི་མཚན་མ་ཕྲ་མོའི་གོལ་ས་ནི། བྱང་ཆུབ་ཡན་ལག་ཀུན་ཀྱི་སྒོ། །ཆ་ལུགས་བསྒོམས་པས་ཆུ་ཟླ་བཞིན། །མ་ཆགས་མ་གོས་བྱུང་གྱུར་ཀྱང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །ཞེས་གསུངས་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་གི་སྒོར་གྱུར་པ་མཚན་མ་ལྷའི་ཆ་ལུགས། ཆ་ཤས་ཡོངས་སུ་རྫོགས་པའམ་མ་རྫོགས་པས་བསྡུས་པ་གང་ཡང་རུང་བ་མངོན་དུ་གྱུར་ཏེ། སྒྲིབ་པའི་དྲི་མས་མ་གོས་པ་གསལ་བར་གྱུར་ཀྱང་། མཚན་མར་སྣང་བ་ཅིག་གསལ་བར་ཟད་པས། བྱིས་པའི་སྤྱོད་ཡུལ་བཞིན་ནོ། །གསུམ་པ་མཚན་མ་རགས་པའི་གོལ་ས་ནི། དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཡི་གེ་མངོན་དུ་གྱུར་ནའང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཞེས་གསུངས་པ་སྟེ། འདིའི་དོན་ཡང་སྔ་མ་བཞིན་ནོ། །ཡི་གེ་ཞེས་བྱ་བའི་སྒྲ་ནི། གནས་སྐབས་ཀྱིས་ཆོས་ཉིད་དང་། ཡེ་ཤེས་དང་། མིང་དང་། གཟུགས་དག་ལ་འཇུག་ན། འདིར་ལྷའི་སྐུ་ཉིད་ལ་བྱའོ། །བཅུ་ཕྲག་གཉིས་པ་སྟེ་སྤྱིར་ཉི་ཤུའོ།། །། ཆོས་ཀྱི་གོལ་ས་གསུམ་ལ། དང་པོ་ཆོས་ལས་ཆོས་མི་འབྱུང་བ་ནི། རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ། །གང་ལྟར་བསྐྱེད་ཀྱང་མེ་ཏོག་སྐྱེ། །མཚན་མ་མེད་པའི་དབང་གིས་ན། །བསྟི་གནས་དེ་ལས་འབྱུང་མི་འགྱུར། །ཞེས་གསུངས་པ་སྟེ། ཆོས་ཀྱི་སྒོ་མོ་དཔག་དུ་མེད་པ་གསུངས་པའང་། ཐམས་ཅད་ཀྱང་སེམས་ཅན་ཀྱི་དོན་དུ་འགྱུར་ཏེ། ཆེ་བའི་ཡོན་ཏན་སྐྱེད་པ་ཡིན་མོད་ཀྱི། ཆོས་ཉིད་ལ་མཚན་མ་མེད་པས། རྣམ་གྲངས་ཀྱི་ཆོས་ལས་སྙིང་པོའི་ཆོས་འབྱུང་བར་མི་འགྱུར་རོ། །གཉིས་པ་ཆོས་ལ་ཆོས་མི་ལྟོས་པ་ནི། ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་དུ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ཞེས་གསུངས་པ་སྟེ། ཆོས་ཞེས་བྱ་བ་ནི་རང་རང་གི་ཆོས་སམ་མཚན་ཉིད་ཡིན་ཏེ། གཞན་ལ་ལྟོས་ན་རང་གི་ཆོས་སུ་མི་འགྱུར་རོ། །དཔེར་ན་དངོས་པོའི་ཆོས་སྒྲུབ་པ་ནའང་། མེ་ཤེལ་ཀྱི་འོད་ཚ་བ་ཉི་མ་ལ་ལྟོས་མི་དགོས་པ་ཞིག་ན། མེ་ཤེལ་ཚ་བའི་མཚན་ཉིད་དུ་གྲུབ་པ་ཞིག་ན། ལྟོས་པའི་ཕྱིར་མི་གྲུབ་བོ། །མེ་ནི་གཞན་ལ་ལྟོས་མི་དགོས་པར་ཚ་བས། མེ་ཚ་བའི་ཆོས་སུ་གྲུབ་པོ། །དངོས་པོ་མེད་པའི་ཆོས་སྒྲུབ་པ་ན། དཔེར་ན་སྨིགས་རྒྱུའི་ཆོས་ཆུ་ཡིས་སྟོང་བ་དང་སྔོ་བ་དང་གཡོ་བས་སྟོང་པ་ཡིན་པར་གྲུབ་པ་ན། ཐ་སྙད་ཀྱི་བློ་སྨིགས་རྒྱུ་ལ་རྟེན་ནས་འཇུག་པར་བྱེད་མོད་ཀྱི། སྟོང་པ་ཉིད་ཀྱི་ཆོས་ནི་སྨིགས་རྒྱུ་ལ་ལྟོས་པ་མེད་དེ། ཉི་མ་ཤར་ཏེ་སྨིགས་རྒྱུ་ཡོད་ཀྱང་རུང་། ཉི་མ་ནུབ་སྟེ་སྨིགས་རྒྱུ་འགགས་ཀྱང་རུང་། སྟོང་པ་ཉིད་ལ་རང་བཞིན་བྱེ་བྲག་དུ་གྱུར་པ་མེད་དོ། །དེ་བཞིན་དུ་ཆོས་ཅན་མཚན་མར་སྣང་བ་ལ་རྟེན་ནས་ཐ་སྙད་ཀྱི་བློ་འཇུག་པར་ཟད་དེ། ངོ་བོ་ཉིད་ཀྱིས་དག་པའི་ཆོས་ནི་གཞན་གང་ལའང་ལྟོས་པ་མེད་དོ། །གསུམ་པ་ཆོས་ཀྱིས་ཆོས་མི་རྟོགས་པ་ནི། ལྷུན་ཀྱིས་གནས་པའི་བདེ་ཆེན་དེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡིས་རིག་པ་ལས། ཆོས་ནི་གཞན་ནས་འབྱུང་མི་འགྱུར། །ཞེས་གསུངས་པ་སྟེ། ཆོས་ཉིད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དེ་ནི། ངོ་བོ་ཉིད་ཀྱིས་དྲི་མས་མ་བསླད། རང་འོད་གསལ་ཞིང་རང་རིག་པ་ལས་མ་གཏོགས་པ། ཆོས་ཉིད་ལ་ཡེ་ཤེས་ཀྱིས་དམིགས་ཤིང་རྟོགས་པ་ཞིག་ན། ཆོས་ཉིད་དུའང་མི་རུང་ངོ་། །དེ་ལྟར་གོལ་ས་ཉི་ཤུ་རྩ་གསུམ་མོ། །སྒྲིབ་པ་བདུན་ལས། བསླད་པའི་སྒྲིབ་པ་གསུམ་ལ། དང་པོ་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་གུད་ན་མེད་བཞིན་དུ་བསླད་པས་བསྒྲིབས་པ་ནི། སླ་ཞིང་དཀའ་ལ་བསླད་ཕྱིར་དཀའ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །མིང་ཙམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །ཞེས་གསུངས་པ་སྟེ། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་གུད་ན་མེད་ཅིང་བརྩལ་དུ་མེད་པས་སླ་ལ། བསླད་པས་བསྒྲིབས་ཏེ་མ་རྟོགས་པས་དཀའོ། །དེ་ནི་ནམ་མཁའི་དབྱིངས་དང་འདྲ་སྟེ། མངོན་སུམ་དུ་མི་སྣང་ལ་ཀུན་ལ་ཁྱབ་བོ། །དེའི་རང་བཞིན་ནི་མཚན་མའི་ཐ་སྙད་ལས་འདས་ཏེ། མིང་ཙམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་བསླད་པས་བསྒྲིབས་པའི་ཕྱིར་དགེ་བའི་བཤེས་གཉེན་ཀྱིས་སྐབས་དབྱེ་དགོས་པར་བསྟན་པ་ནི། འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་ལ་རང་བཞིན་གནས། །བྱིས་པས་བསླད་པས་འཁྲུལ་པའི་ཕྱིར། །སྨན་ཉིད་སྨན་པ་ཚོལ་བ་བཞིན། །ཞེས་གསུངས་པ་སྟེ། རང་བཞིན་ཡིན་ཡང་བསླད་པས་བསྒྲིབས་པས་ངོ་མ་ཤེས་ཏེ། དཔེར་ན་སྨན་ནི་རང་བཞིན་གྱིས་ནད་ལ་སྨན་བསོད་དུ་གྱུར་པ་ཉིད་ཡིན་ཡང་། སྨན་དེ་ཚོལ་བ་སྨན་པ་ཡིན་པ་བཞིན་དུ། འགྲོ་བ་རང་བཞིན་གྱིས་གྲོལ་བ་ཡིན་ཡང་། བསླད་པས་དེ་ལྟར་མ་ཤེས་པ་ལ་དགེ་བའི་བཤེས་གཉེན་ཀྱི་སྐབས་དབྱེ་དགོས་པས། དགེ་བའི་བཤེས་གཉེན་དམ་པ་བསྟེན་ཅིག་པའོ། །གསུམ་པ་ནི་བདེ་བ་ཆེན་པོ་ཕྱོགས་དང་རིས་མེད་པ་ལ། བསླད་པས་སྣོད་ཀྱི་འཇིག་རྟེན་ཕྱོགས་ཆད་པ་དང་། བཅུད་ཀྱི་འཇིག་རྟེན་རིས་སུ་བྱེ་བར་སྣང་བ་ནི། གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །མ་ངེས་འཇའ་ཚོན་ཁ་དོག་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །ཞེས་གསུངས་པ་སྟེ། བདེ་བ་ཆེན་པོ་ཕྱོགས་དང་རིས་མེད་པ་ལ། ཕྱོགས་རིས་སུ་སྣང་བ་ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པ་ཆེ་བའི་རྒྱན་ཉིད་ཡིན་མོད་ཀྱི། བསླད་པས་སྣོད་བཅུད་ཀྱི་འཇིག་རྟེན་དུ་སྣང་བ་ཡང་ཡིན་ནོ། །ཞེས་པའོ། །དེ་ལ་འོད་འདུས་པ་ཞེས་བྱ་བ་ནི། ཅིར་ཡང་མ་གྲུབ་པ་ལ་གྲུབ་གྲུབ་ལྟར་ཕྱོགས་སུ་ཆད་པར་སྣང་བ་སྟེ་སྣོད་ཀྱི་འཇིག་རྟེན་དུ་སྣང་བའོ། །འཇའ་ཚོན་ཁ་དོག་ཞེས་བྱ་བ་ནི། སོ་སོར་དབྱེ་བ་མེད་པ་ལ་སོ་སོར་ངེས་ངེས་ལྟར་སྣང་བ་སྟེ། བཅུད་ཀྱི་འཇིག་རྟེན་དུ་སྣང་བའོ། །མདོར་ན་གཞི་གཅིག་ལ་རྣམ་པར་དག་པའི་འཇིག་རྟེན་དུ་སྣང་བ་དང་། མ་དག་པའི་འཇིག་རྟེན་དུ་སྣང་བ་སྟེ། དེ་ལ་མ་དག་པར་སྣང་བ་ནི། བསླད་པས་བསྒྲིབས་པ་ཡིན་ནོ། །ཞེའོ། །ཚུལ་འདི་ལྟ་བུ་ནི་མདོ་སྡེ་ལས་ཀྱང་གསུངས་ཏེ། སྣོད་དང་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་མ་གྱུར་པ་མེད་ལ། གདུལ་བྱའི་རྒྱུད་ཀྱང་རྣམ་པ་གཉིས་ཏེ། སེམས་ཅན་དུལ་བ་དང་ཁེངས་པའོ། །དེ་ལ་དུལ་བ་ནི་བྱང་ཆུབ་སེམས་དཔའོ། །ཁེངས་པ་ནི་སོ་སོའི་སྐྱེ་བོ་དང་ཉན་ཐོས་སོ། །དེ་ལ་སེམས་ཅན་དུལ་བ་གདུལ་བར་བྱ་བའི་ཕྱིར། ཡོངས་སུ་དག་པའི་འཇིག་རྟེན་དང་། ལོངས་སྤྱོད་རྫོགས་པའི་སྐུར་སྣང་བར་བྱིན་གྱིས་རློབ་བོ། །སེམས་ཅན་ཁེངས་པ་རྣམས་གདུལ་བའི་ཕྱིར། ཡོངས་སུ་མ་དག་པའི་འཇིག་རྟེན་དང་། སངས་རྒྱས་ངན་ཅིང་དབུལ་བར་སྣང་བར་བྱིན་གྱིས་རློབ་བོ། །འཇིག་རྟེན་འཇིག་པའི་བསྐལ་པས་འཇིག་པའང་། དེས་འདུལ་བ་ལ་དེ་ལྟར་བྱིན་གྱིས་རློབ་བོ། །ཐ་ན་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་པ་གང་ཡིན་པ་དང་། བདུད་བཞི་པོ་དག་གིས་ཀྱང་སངས་རྒྱས་རྣམས་སངས་རྒྱས་ཀྱི་མཛད་པ་མི་སྒྲུབ་པ་མེད་པར་འབྱུང་ལ། ཐུན་མོང་གི་བཀའ་རྣམས་ལས་སྣོད་དང་བཅུད་ཀྱི་འཇིག་རྟེན་ནི། སེམས་ཅན་གྱི་ལས་དབང་གིས་གྲུབ་པ་ཡིན་པར་འབྱུང་སྟེ། འོན་ཀྱང་ཚུལ་འདི་གཉིས་ལ་སྣང་བ་ཐ་དད་མེད་ཅིང་སྣང་བའི་རྟེན་གཞི་ཡང་མེད་དེ། སྣང་བའི་རྐྱེན་ཙམ་དུ་ནི་ཐུགས་རྗེ་དང་ལས་གཉིས་གའང་ཐུན་མོང་དུ་འགྱུར་དུ་རུང་ལ། སྣང་བ་དེ་ཉིད་ཀྱང་བྱང་གྲོལ་དང་འཆིང་བ་གཉིས་གའི་རྐྱེན་དུ་འགྱུར་བར་མཉམ་པས། ཚུལ་གཉིས་ག་ལྟར་ཡང་བསྒྲུབ་དུ་རུང་བར་སྣང་ངོ་། །རྗེས་སུ་མཐུན་པའི་བློ་མི་སླུ་བ་གང་ཡིན་པ་དེ་ལྟར་བདེན་པར་སྒྲུབ་པ་ལྟར་ན་ནི། ཐུགས་རྗེའི་བྱིན་རླབས་ལྟར་བདེན་པར་འགྱུར་རོ། །རྣལ་འབྱོར་ཀྱི་བྱ་བ་དོན་ཀྱིས་མ་ཟིན་ཏེ། ཉོན་མོངས་པའི་འཆིང་བས་ཟིན་པའི་སྒྲིབ་པ་གསུམ་ནི། འདི་ལྟར་རྣལ་འབྱོར་པའི་བྱ་བ་ཐམས་ཅད་ཀྱང་མདོར་བསྡུས་ན་རྣམ་པ་གསུམ་ཡིན་ཏེ། །འཕགས་པ་མཆོད་པར་བྱ་བའི་ཕྱིར། རོལ་པ་རྒྱན་ཀྱི་དཀྱིལ་འཁོར་ཀྱི་ཚུལ་གྱིས་ཚོགས་ཀྱི་མཆོད་པ་བསྔོ་ཞིང་དབུལ་བ་དང་། འགྲོ་བའི་དོན་དུ་ལས་རྒྱ་མཚོ་བརྩམས་པ་དང་། བསོད་ནམས་ཀྱི་ཚོགས་བསྐྱེད་པའི་ཕྱིར། བླ་མ་མཆོད་པ་དང་སྦྱིན་པ་གཏོང་བ་ལ་སོགས་ཏེ། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཀྱང་མི་སྤང་བར་དོན་གྱིས་ཟིན་པར་བྱ་སྟེ། སྤྱད་པར་བྱ་བ་ཡིན་པ་ལས། ཉོན་མོངས་པའི་འཆིང་བར་གྱུར་ན་སྒྲིབ་པར་བསྟན་པའོ། །དེ་གསུམ་གྱི་དཀྱུས་དང་དོན་ནི་གོ་སླ་བས་མ་བཀོད་དོ། །ཐ་མ་ལུང་སྒྲོ་སྐུར་ཀྱིས་ཟིན་པའི་སྒྲིབ་པ་ནི། དེ་བས་དེ་ལུང་དེ་ཉིད་ལ། །དེ་ལས་དེ་བྱར་སྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོག་ན། །དེ་ལ་དེ་ཉིད་ཐོབ་པ་མེད། །ཞེས་གསུངས་པ་སྟེ། དེ་ལ་ལུང་དེ་ཉིཀྱི་སེམས་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་དེ་ཉིད་རྟེན་གཞིའི་མཆོག་ཡིན་པས་ལུང་དེ་ཉིད་དོ། །དེ་ལ་བྱ་བ་ནི་དེ་ཉིད་ཐོབ་ཅིང་རྟོགས་པར་བྱ་བའི་ཕྱིར། ཡོད་མེད་ཀྱི་བློ་དང་། སྒྲའི་རྩོལ་བ་བསྐྱེད་པ་ཐམས་ཅད་སྒྲིབ་པ་ཉིད་ཡིན་ཏེ། མཚོ་རླུང་གིས་བསྐྱོད་པ་ལྟ་བུའོ། །དེ་བས་ན་རང་གི་རང་བཞིན་རང་བཞག་ན་བདེ་བ་ཆེན་པོར་རང་གནས་བཞིན་དུ། དེ་ལ་རྟོག་པས་ཐོབ་པར་མི་འགྱུར་རོ། །ཞེའོ། །འདི་ནི་ཆུ་དང་མེ་ནི་མ་བཅོས་ན་རང་དྭངས་ཤིང་གསལ་ལ། ཇི་ལྟར་འདུ་བྱེད་པ་དེ་ལྟར་རང་ལ་རང་སྒྲིབ་བོ། །དེ་བཞིན་དུ་སེམས་ངོ་བོ་ཉིད་མེད་པར་རྟོགས་ན་བཅོས་མི་དགོས་ལ། བཅོས་པར་བྱ་བ་དང་བྱེད་པའི་དངོས་གཞིའང་མི་རྙེད་དོ། །མ་ཤེས་ན་ཇི་ལྟར་ནན་གྱིས་བཅོས་ཀྱང་རྟོག་པ་སྔ་ཕྱི་རྗེ་བ་ཙམ་དུ་ཟད་དེ། དཔེར་ན་སྤྲིན་དཀར་ནག་གཉིས་ག་ནམ་མཁའ་ལ་སྒྲིབ་པ་ལྟ་བུའོ། །དེ་ལྟར་གོལ་སྒྲིབ་སུམ་བཅུས་གོལ་ས་དང་སྒྲིབ་པ་བཅད་པ་དེ་ཉིད། བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པའང་ཡིན་ལ། བྱང་ཆུབ་སེམས་ཀྱི་གཞག་ཐབས་བསྟན་པའང་ཡིན་ནོ། །ཡིན་པ་རྣམ་པ་གསུམ་ནི། ཀུན་ཏུ་བཟང་པོ་ཡིན་པ་དང་། ཀུན་ཏུ་བཟང་མོ་ཡིན་པ་དང་། གཉིས་སུ་མེད་པ་ཡིན་པའོ། །འདི་གསུམ་ནི་ཆེ་བ་རྣམ་པ་ལྔ་མདོར་བསྡུས་པའི་མན་ངག་ཡིན་ཏེ། ཅིར་སྣང་ཡང་ཀུན་ཏུ་བཟང་པོའི་རོལ་པ་ལ་མངའ་བརྙེས་པ་ཡིན་པས། ཀུན་ཏུ་བཟང་པོ་ཡིན་པ་ཞེས་བྱའོ། །ཅིར་སྣང་ཡང་རང་གི་ངོ་བོ་མ་གྲུབ་པས། ཀུན་ཏུ་བཟང་མོ་ཡིན་པ་ཞེས་བྱའོ། །དེ་ལ་ཡང་མཚན་ཉིད་གཉིས་སུ་གྲུབ་པ་མེད་དེ། སྣང་བ་ཉིད་མ་སྐྱེས་པའོ། །མ་སྐྱེས་པ་ཉིད་སྣ་ཚོགས་སུ་སྣང་ཞིང་ཐུགས་རྗེའི་བྱིན་རླབས་རྒྱུན་མི་འཆད་དོ། །ཚིག་འདི་གསུམ་གྱིས་ཀྱང་རྫོགས་པ་ཆེན་པོའི་དོན་ཐམས་ཅད་བསྡུས་སོ། །དེ་ལ་གདིང་ཆེན་པོ་གསུམ་ནི། ཐིག་ལེ་ཆེན་པོ་དྲུག་མན་ངག་ཏུ་བསྡུས་པ་ཡིན་ཏེ། གསུམ་གང་ཞེ་ན། ངང་དང་། རང་བཞིན། བདག་ཉིད་ཆེན་པོའོ། །དེ་ལ་ངང་མ་བྱས་པ། རང་བཞིན་མ་བཅོས་པ། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པའོ། །དེ་ལ་མ་བྱས་པ་ནི་སེམས་ཅན་གྱི་འཁྲུལ་པས་ཇི་ལྟར་བསླད་ཀྱང་། སེམས་ཀྱི་རང་བཞིན་གཞན་དུ་འགྱུར་བ་མེད་པའོ། །མ་བཅོས་པ་ནི་རྒྱལ་བ་རྣམས་ཀྱི་ཐབས་ཀྱིས་ཇི་ལྟར་བཅོས་ཀྱང་། བྱང་ཆུབ་སེམས་ཀྱི་ཡོན་ཏན་བོགས་དབྱུང་དུ་མེད་པའོ། །ལྷུན་ཀྱིས་གྲུབ་པ་ནི་དེ་ལྟ་བས་ན་བགྲོད་ཅིང་སྦྱོང་བ་ལས་འདས་པའོ། །དོན་འདིས་ཀྱང་རྫོགས་པ་ཆེན་པོའི་དོན་མཐའ་དག་བསྡུས་སོ། །དེ་ལ་མན་ངག་གི་རྩ་བ་གསུམ་ནི། གོལ་སྒྲིབ་སུམ་བཅུའི་གོལ་ས་བཅད་པ་མདོར་བསྡུས་པ་སྟེ། གསུམ་གང་ཞེ་ན། ལུང་ལ་མ་བརྟེན་པའི་མན་ངག །རྒྱུ་ལས་མ་བྱུང་བའི་འབྲས་བུ། །སེམས་ལས་མ་བྱུང་བའི་ཆོས་སོ། །དེ་ལ་གོལ་སྒྲིབ་སུམ་བཅུས་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་མ་རྟོགས་པ་དང་། རྩོལ་སྒྲུབ་ཀྱི་མཐུ་ལས་ཐོབ་པར་འགྱུར་བ་བཅད་དོ། །འདིར་ཡང་དེ་ཉིད་བསྟན་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པས། བློ་ལ་བཅད་པའི་མན་ངག་གི་དམ་པ་ཡིན་ཡང་། ལུང་གི་སྒྲ་ལ་རྟེན་པའང་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་ཡང་། སེམས་ལས་བྱུང་བའི་ཆོས་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེས་བསྡུས་པའང་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཡང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་ལས་བསྒྲུབས་པའང་མ་ཡིན་ནོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་གཅིག་གིས་ཤེས་བྱ་ཐམས་ཅད་ཀྱི་གདར་ཤ་ཇི་ལྟར་གཅད་ཅེ་ན། ཆོས་ཐམས་ཅད་སེམས་སུ་འདུས་པས། སེམས་ལས་མ་གཏོགས་པའི་ཤེས་བྱ་གཞན་མེད་ལ། སེམས་ཀྱི་རང་བཞིན་ཉིད་བྱང་ཆུབ་ཡིན་པས། གོང་དུ་བསྟན་པ་ལྟར་ཤེས་བྱའི་བྱ་བ་བཞི་ལས་འདས་པར་ཐེ་ཚོམ་མེད་ཅིང་དྲི་མ་མེད་པས་གདར་ཤ་བཅད་ཅེས་བྱའོ། །ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་མེད་པའི་ཆེ་བས་ལ་བཟླ་བ་ཞེས་བྱ་བ་ནི། སངས་རྒྱས་པ་དང་སངས་མ་རྒྱས་པ་གཉིས་མེད་ན་ཅི་ཞིག་བརྩལ་ཏེ་བརྩལ་དུ་མེད་པར་ལ་བཟླའོ། །དེ་ལྟ་བུའི་དོན་དང་ལྡན་པའི་རྣལ་འབྱོར་གྱི་སྐྱེས་བུ་རྣམས་ནི། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ལ་ལྷུན་ཀྱིས་གནས་པ་ཡིན་ཏེ། དེ་ལ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ནི་སངས་རྒྱས་ཀྱི་ས་ཐམས་ཅད་ཀྱི་སྤྱི་ཆིངས་ཡིན་ཏེ། རྫོགས་པ་ཆེན་པོའི་དོན་ཇི་ལྟ་བ་གང་ཡིན་པ་དེ་ཉིད་དོ། །དཔལ་རྡོ་རྗེ་སེམས་དཔའ་གཉིས་པ་ཞེས་བྱ་བ་ནི། དཔལ་རྡོ་རྗེ་སེམས་དཔའ་དང་དགོངས་པ་མཐུན་པའོ། །སྲིད་པ་དང་མི་སྲིད་པ་ཞེས་བྱ་བ་ལ། སྲིད་པ་ནི་སེམས་ཅན་ལས་ཀྱི་ཚེ་བསྐྱེད་པ་རྣམས་ཏེ། སོ་སོའི་སྐྱེ་བོ་དང་བྱང་ཆུབ་སེམས་དཔའ་འོ། །མི་སྲིད་པ་ཞེས་བྱ་བ་ནི་ལས་ཀྱི་ཚེ་བཀག་པ་རྣམས་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །དེ་དག་ཐམས་ཅད་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བཞིན་དུ། སྤྱི་བོས་བཀུར་བའི་འོས་སུ་གྱུར་པ་ནི། རྫོགས་པ་ཆེན་པོའི་དོན་རྟོགས་ཤིང་རྡེང་དུ་གྱུར་པའི་རྣལ་འབྱོར་ཀྱི་སྐྱེས་བུ་ཆེན་པོ་དག་ཡིན་ཏེ། གང་གི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་གཉིས་པ་ཡིན་པ་དེའི་ཕྱིར་རོ། །ཞེས་བསྟན་པར་འགྱུར་རོ། །དེ་དག་གིས་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་དང་། བྱང་ཆུབ་སེམས་ཀྱི་ཆེ་བ་དང་། བྱང་ཆུབ་སེམས་ཀྱི་གོལ་སྒྲིབ་རྣམས་གཞུང་གི་ཚོགས་དང་བཅས་ཏེ་བསྟན་པ་ཡིན་ནོ། །ད་ནི་བྱང་ཆུབ་སེམས་ཀྱི་གཞག་ཐབས་བསྟན་ཏེ། དེ་ཡང་མདོར་བསྡུས་ཏེ་བསྟན་ན། ཆོས་ཐམས་ཅད་སྒྱུ་མ་དང་སྨིགས་རྒྱུ་ལ་སོགས་པ་དང་འགོ་མཉམ་པར་ཤེས་ཏེ། ཤེས་བཞིན་ཆེན་པོའི་སྣོད་ཀྱིས་བཟུང་ནས། བཏང་སྙོམས་ཆེན་པོའི་ངང་ལ་གནས་པ་ཙམ་ལ་བྱང་ཆུབ་སེམས་ཀྱི་གཞག་ཐབས་ཞེས་བྱའོ། །དེ་ལ་སྒྱུ་མ་དང་འགོ་མཉམ་པ་ནི་གོང་དུ་རྒྱས་པར་བཤད་ཟིན་ཏོ། །དེ་ལྟར་སྒྱུ་མ་དང་འགོ་མཉམ་པ་དང་མི་མཉམ་པར་ལྟ་བའི་དབང་གིས། ཤེས་བཞིན་དང་ཤེས་བཞིན་ཆེན་པོའི་བྱེ་བྲག་དུ་འགྱུར་ཏེ། དེ་ལ་ཤེས་བཞིན་ནི་དྲན་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་གིས། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ལ་ཤེས་བཞིན་དུ་འཇུག་པ་སྟེ། གང་དེ་ཡོད་ན་སེམས་ནང་དུ་ཡང་དག་འཇོག་ལ་མཉམ་པར་འཇོག་པའི་ཚེ་ནའང་། འདི་ལྟར་བྱིང་ནའང་བྱིང་ངོ་ཞེས་བྱ་བར་རབ་དུ་ཤེས། རྒོད་ནའང་རྒོད་དོ་ཞེས་བྱ་བར་རབ་དུ་ཤེས། བྱིང་བའི་གཉེན་པོ་སེམས་པས་འཕང་བསྟོད་པ་ཡིན་པར་ཡང་རབ་ཏུ་ཤེས། རྒོད་པའི་གཉེན་པོ་བཏང་སྙོམས་ཀྱིས་མགོ་གནོན་པ་ཡིན་པར་ཡང་རབ་ཏུ་ཤེས། བྱིང་རྒོད་གཉིས་ཀྱི་ཟུག་རྔུ་དང་བྲལ་ཏེ་བློ་མཉམ་པར་གནས་ན་ཡང་དེ་བཞིན་དུ་རབ་དུ་ཤེས་ཏེ། ལྷག་པར་གཉེན་པོ་བསྟེན་པའི་རྩོལ་བ་བསྐྱེད་པའི་གནས་མ་ཡིན་པར་ཡང་རབ་དུ་ཤེས་པའི་བློ་བྱ་ར་བ་དང་འདྲ་བ་སྟེ། དཔེར་ན་སྣོད་ཆུས་གང་བ་ཕྱིར་མ་བོ་བར་སྲུང་བ་ལྟ་བུའོ། །དེ་ནི་སྒྱུ་མ་དང་འགོ་མི་མཉམ་པར་ལྟ་བ་ལས་བྱུང་བ་ཡིན་ཏེ། དཔེར་ན་གླང་པོ་ཆེ་རང་བཞིན་གྱིས་དྲེགས་ཤིང་མྱོས་པ་དག །རྒུན་ཆང་འཐུངས་པར་གྱུར་ན་ཤིན་དུ་མྱོས་པར་འགྱུར་ཏེ། དེ་ལྕགས་ཀྱུ་དང་ལྕགས་ཐག་གིས་མ་ཟིན་ན། རྩིག་ཁྱིམ་གཞོམ་པ་དང་སྲོག་ཆགས་གསད་པ་ལ་སོགས་པ་ཉེས་པ་སྣ་ཚོགས་ལ་སྦྱོར་བར་དོགས་པ་དེས་འཇིགས་ཏེ། གཟུངས་གཉིས་ཀྱིས་རྟག་དུ་འཛིན་ཏོ། །དེས་ཟིན་ཅིང་དུལ་ན་དགྲའི་དཔུང་འཇོམས་ཤིང་གཡུལ་བརྟན་པར་བྱེད་པའི་ཡོན་ཏན་ཆེན་པོ་ཡོད་པས། དེ་ལྟར་སྐྱོན་དང་ཡོན་ཏན་གཉིས་ཀྱི་དབང་གིས་རེ་དོགས་ཀྱི་བློ་དང་ལྡན་པས། དེའི་ཕྱིར་རྟག་དུ་གཟུངས་གཉིས་ཀྱིས་སྲུང་ངོ་། །དེ་བཞིན་དུ་སེམས་ཀྱི་གླང་པོ་ཆེ་རང་བཞིན་གྱིས་གདུལ་དཀའ་བར་གྱུར་པ་ལ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་དང་། བྱིང་རྒོད་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་རྒུན་ཆང་འཐུངས་ཏེ། ཤིན་ཏུ་འཁྲུགས་ཤིང་ཉོན་མོངས་པར་གྱུར་པ་ལ། ཤེས་བཞིན་གྱི་ལྕགས་ཐག་དང་ལྕགས་ཀྱུས་མ་ཟིན་ན། རྟག་དུ་འཁོར་བ་དང་ངན་སོང་གི་རྒྱུ་གནས་ངན་ལེན་གྱི་ལས་ཁོ་ན་གསོག་པར་བྱེད་པས། དེའི་ཉེས་སྐྱོན་ཆེན་པོས་འཇིགས་པའི་དོགས་པ་ཡོད་པ་དང་། ཤེས་བཞིན་ཀྱི་གཟུངས་ཀྱིས་ཟིན་ན་ཉོན་མོངས་པ་རྣམས་ཀྱི་དབང་དུ་མི་འགྱུར་ཏེ། མཐོ་རིས་དང་ཐར་པའི་འབྲས་བུ་ཆེན་པོ་ལ་སྦྱོར་བའི་ཡོན་ཏན་ཆེན་པོ་ཡོད་པས་རེ་བ་དང་ལྡན་ཏེ། དེ་ལྟར་རེ་དོགས་ཆེན་པོ་གཉིས་ཡོད་པས། དེའི་ཕྱིར་ཤེས་བཞིན་གྱི་གཟུངས་ཀྱིས་སྲུང་བར་བྱེད་དོ། །དེ་ལ་ཤེས་བཞིན་ཆེན་པོ་གང་ཞེ་ན། དཔེར་ན་ཁོར་ཡུག་ཆེན་པོའི་སྣོད་ཀྱིས་བཟུང་བའི་རྒྱ་མཚོ་ཆེན་པོ་ནི། ཆུ་བོ་ཆེན་པོ་མཐའ་ཡས་པ་འབབ་ཀྱང་ལྟུང་བའི་དོགས་པ་མེད་དོ། །དུས་ཀྱི་རླུང་གིས་བསྐྱོད་དམ། ནམ་མཁའ་ལྡིང་གི་འདབ་མས་གཏོར་ཡང་ཁོར་ཡུག་ཆེན་པོ་ལས་ཕྱིར་འདའ་བའི་དོགས་པ་མེད་པ་བཞིན་དུ། ཆོས་ཐམས་ཅད་སྒྱུ་མ་དང་འགོ་མཉམ་པར་རྟོགས་པ་ན། རེ་དོགས་ཀྱི་བློ་དང་བྲལ་བས་བསྲུང་བ་དང་མི་བསྲུང་བ་གཉིས་མེད་པར་རྟོགས་པའི་བློ་དང་ལྡན་པ་སྟེ། དཔེར་ན་སྒྱུ་མའི་གླང་པོ་ཆེ་སྣང་ཞིང་མཐོང་ན། དེ་སྒྱུ་མར་ཤེས་པས། ཤོར་བས་ཡུལ་ཕུང་བའི་དོགས་པའི་བློ་ཡང་མི་སྐྱེ། གཟུངས་ཀྱིས་ཟིན་ཅིང་དུལ་བས་ཡུལ་སྲུང་བའི་རེ་བའི་བློའང་མི་སྐྱེ་སྟེ། དེའི་དབང་གིས་ལྕགས་ཀྱུ་དང་ལྕགས་ཐག་གི་གཟུངས་ཀྱང་མི་སྟེན་པ་བཞིན་ནོ། །ཤེས་བཞིན་རྣམ་པ་གཉིས་ལ་བསྟེན་ནས། བཏང་སྙོམས་དང་བཏང་སྙོམས་ཆེན་པོ་ལ་གཉིས་སུ་འགྱུར་ཏེ། དེ་ལ་བཏང་སྙོམས་ནི་ཉོན་མོངས་པ་མེད་པར་གནས་པའི་བློ་གང་ཞིག །བྱིང་རྒོད་ཀྱི་ཟུག་རྔུ་གཉིས་ཀྱི་མི་མཉམ་པ་མེད་པས་ན། སེམས་མཉམ་པ་ཉིད་ཐོབ་པ་ཞེས་བྱ་སྟེ་བཏང་སྙོམས་ཐོག་མའོ། །དེ་ནས་དེ་བས་ཆེས་སེམས་དབང་དུ་གྱུར་པ་ན། ཟུག་རྔུ་གཉིས་གཉེན་པོས་བཅོས་མི་དགོས་པར་སེམས་རྣལ་དུ་འདུག་པ་ཐོབ་སྟེ། བཏང་སྙོམས་བར་མ་ཞེས་བྱའོ། །དེ་ནས་སེམས་དེ་ཤིན་ཏུ་ཡང་དབང་དུ་གྱུར་པས་ན། ཟུག་རྔུ་གཉིས་འབྱུང་བའི་དོགས་པའང་མེད་ལ། གཉེན་པོ་བསྟེན་པའི་རྩོལ་བའང་མེད་པར་སེམས་ལྷུན་གྱིས་གྲུབ་པ་ཐོབ་པ་སྟེ། བཏང་སྙོམས་ཐ་མའོ། །དེ་ལ་བཏང་སྙོམས་ཆེན་པོ་གང་ཞེ་ན། སྒྱུ་མ་དང་འགོ་མཉམ་པར་རྟོགས་པ་ན། མི་མཐུན་པ་དང་གཉེན་པོ་དབྱེར་མེད་པའི་ཤེས་བཞིན་ཆེན་པོ་དང་ལྡན་པས་ན། མི་མཐུན་པ་སྤང་བར་མི་རྩོལ། གཉེན་པོ་བསྟེན་པར་མི་རྩོལ། དོན་མངོན་དུ་བྱ་བར་མི་རྩོལ་ཏེ། མ་བཅོས་པའི་ངང་ལ་ལྷུན་གྱིས་གནས་པ་ཙམ་མོ། །ཡང་སྨིགས་རྒྱུའི་དཔེས་བསྟན་ན། ནམ་མཁའི་ངང་ལས་མ་གཡོས་བཞིན་དུ། ཀླུང་ཆུས་གང་བ་བཞིན་དུ་སྣང་ངོ་། །སྣང་བའི་དུས་དེ་ཉིད་ན་ཆུ་མེད་པ་ཙམ་དུ་མ་ཟད་ཀྱི། སྔོ་བ་དང་གཡོ་བར་སྣང་བ་ཉིད་ན། སྔོ་བ་དང་གཡོ་བ་ཉིད་ཀྱང་མེད་དེ། ནམ་མཁའི་རང་བཞིན་དུ་གནས་སོ། །ནམ་མཁའི་རང་བཞིན་ཉིད་ཇི་ལྟ་བུ་ཞེ་ན། སེམས་ཅན་རྣམས་གཟུགས་ལས་བཟློག་པའི་དངོས་པོ་སྟོང་བ་ཞིག་ཡོད་པར་བརྟགས་ནས། ནམ་མཁའ་ནམ་མཁའ་ཞེས་ཐ་སྙད་ཀྱི་ཡུལ་དུ་བྱེད་པ་ཙམ་མ་གཏོགས་པ། ནམ་མཁའ་ལ་ངོ་བོ་ཉིད་གང་ཡང་མེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ངང་ལས་མ་གཡོས་བཞིན་དུ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མན་ཆད་ནས། སེམས་ཅན་ཀྱི་གནས་དང་སྡུག་བསྔལ་གྱི་བར་དུ་སྣང་སྟེ། དེ་ལྟར་སྣང་བའི་དུས་ཉིད་ན་ཆུ་དང་འདྲ་བའི་དངོས་པོ་སྣ་ཚོགས་སུ་ཀུན་ཏུ་བརྟགས་པས་སྟོང་བ་ཙམ་དུ་མ་ཟད་ཀྱི། སྔོ་བ་དང་གཡོ་བ་དང་འདྲ་བའི་སེམས་རང་རིག་པ་དང་ཡེ་ཤེས་རང་རིག་པ་ཉིད་ཀྱང་དེ་ལྟར་གྲུབ་པ་མེད་དེ། ཆོས་ཉིད་དག་པའི་རང་བཞིན་དུ་གནས་སོ། །ཆོས་ཉིད་དག་པ་ཞེས་བྱ་བ་དེ་ཉིད་ཀྱང་ནམ་མཁའ་དང་འདྲ་སྟེ། སེམས་ཀྱི་ཐ་སྙད་ཀྱི་བློའི་ཡུལ་དུ་བདག་མེད་པ་སྤྲོས་པ་ཉེ་བར་ཞི་བ་ཞེས་བཞག་པར་ཟད་ཀྱི། ངོ་བོ་ཉིད་གང་ཡང་མེད་དོ། །དེ་ལྟར་རྟོགས་པ་ནི་སྨིགས་རྒྱུ་དང་འགོ་མཉམ་པར་རྟོགས་པ་ཞེས་བྱའོ། །དེ་ལྟར་རྟོགས་པས་ནི་སྨིགས་རྒྱུས་གནོད་པར་ཡང་མ་དོགས། ཕན་འདོགས་པར་ཡང་མི་རེ་བས་རེ་དོགས་དང་བྲལ་བའི་བློ་དང་ལྡན་པ་བཞིན་དུ། ཀུན་ནས་ཉོན་མོངས་པའི་ཆོས་ཀྱིས་གནོད་པ་སྒྲུབ་པར་ཡང་མི་དོགས། རྣམ་པར་བྱང་བའི་ཆོས་ཀྱིས་ཕན་པ་སྒྲུབ་པར་ཡང་མི་རེ་བའི་བློ་དང་ལྡན་པ་ནི། ཤེས་བཞིན་ཆེན་པོའི་སྣོད་ཀྱིས་ཟིན་པ་ཞེས་བྱ། དེའི་དབང་གིས་རྩོལ་བ་གང་ཡང་མི་སྐྱེད་དེ། མ་བཅོས་པའི་ངང་ལ་གནས་པ་ནི། བཏང་སྙོམས་ཆེན་པོའི་ངང་ལ་གནས་པ་ཞེས་བྱའོ། །མདོར་བསྡུས་ན་ཆོས་ཐམས་ཅད་སྒྱུ་མ་དང་སྨིགས་རྒྱུ་དང་འགོ་མཉམ་པར་རྟོགས་པ་ནི། རྫོགས་པ་ཆེན་པོའི་དོན་རྟོགས་པ་སྟེ་ལྟ་བ་ཞེས་བྱ། རྟོགས་པའི་བློ་དང་མི་འབྲལ་བར་གནས་པ་ནི་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་ཟིན་པ་ཞེས་བྱ། དེའི་དབང་གིས་འདུ་བྱེད་ཀྱི་རྩོལ་བ་ཆེད་དུ་མི་སྐྱེད་པ་ནི། བཏང་སྙོམས་ཆེན་པོའི་ངང་ལ་གནས་པ་ཞེས་བྱ་སྟེ། དེ་ལ་སྒོམ་པ་ཞེས་ཀྱང་བྱའོ། །ཚིག་དེ་གསུམ་ཀྱིས་རྫོགས་པ་ཆེན་པོའི་ལྟ་སྒོམ་མ་ལུས་པར་རྫོགས་པ་ཡིན་ནོ། །ད་ནི་དོན་དེ་དག་ཉིད་ལུང་གི་ཁུངས་ཀྱི་སྒོ་ནས་བསྟན་ན། མ་དད་པ་ཁ་ཅིག་ཀྱང་དད་པར་འགྱུར། མ་རྟོགས་པ་ཁ་ཅིག་ཀྱང་རྟོགས་པར་འགྱུར་བས། དེ་བས་ན་གཞུང་གི་ཚོགས་ཀྱི་ཚིག་གིས་བསྟན་ཏོ། །དེ་ལ་ཤེས་བཞིན་གྱིས་ཟིན་པར་བྱ་བ་མ་གཏོགས་པ་རྩོལ་བས་བཅོས་སུ་མེད་དེ། རྣམ་པར་རྟོག་པ་དང་རྣམ་པར་མི་རྟོག་པ་གཉིས་གའང་རང་བཞིན་གྱིས་མཉམ་པའི་ཕྱིར། རྩོལ་བས་བཅོས་མི་དགོས་པ་ནི། ལྟ་བ་ཡང་དག་སྒྲོན་མ་ལས། རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཡང་། །སད་པར་གྱུར་ན་རང་བཞིན་མཉམ་པ་ལྟར། །རྣམ་པར་རྟོག་དང་མི་རྟོག་གཉིས་གའང་། །ཤེས་པས་རིག་ན་རང་བཞིན་ཡོངས་ཀྱིས་མཉམ། །དེ་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དག །རང་བཞིན་ཉིད་ལས་མ་འདས་ཤེས་ནས་ནི། །སྒྲོ་འདོགས་བྱིས་པའི་རྗེས་སུ་མ་འབྲངས་ན། །རང་བཞིན་ཉིད་ནི་ཡོང་གིས་བཅོས་མི་དགོས། །ཞེས་གསུངས་པ་སྟེ། ཤེས་བཞིན་ཆེན་པོས་ཟིན་ཅིང་སྒྲོ་འདོགས་ཀྱི་རྗེས་སུ་མ་འབྲངས་པ་ཙམ་སྟེ། རྩོལ་བས་བཅོས་པའི་དོན་ནི་མེད་དོ། །གང་གི་ཕྱིར་ཆོས་ཉིད་ཞེས་བརྗོད་པའང་། ཆོས་ཐམས་ཅད་སེམས་སུ་འདུས་པས། སེམས་ལས་མ་གཏོགས་པའི་ཆོས་གཞན་མེད་ལ། སེམས་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ཉིད་ཆོས་ཉིད་ཅེས་བྱ་བར་ཟད་ན། ད་སུ་ཞིག་གིས་གང་ཞིག་བསྒོམ། དེ་ལྟར་ཡང་གསུངས་པ། ཇི་ལྟར་ནམ་མཁའ་མཚན་ཉིད་མེད་པའི་ཕྱིར། །ནམ་མཁའ་དེ་ཉིད་བསྒོམ་པར་མི་འགྱུར་བཞིན། །ངོ་བོ་ཉིད་ཀྱིས་མ་སྐྱེས་སེམས་ཀྱིས་ནི། །མ་སྐྱེས་དེ་ཉིད་བསྒོམ་པར་ག་ལ་འགྱུར། ཞེས་གསུངས་པ་ཡིན་ནོ། །འོ་ན་བསྒོམ་ཞེས་བྱ་བའི་ཐ་སྙད་ཇི་ཙམ་ལ་གདགས་ཞེ་ན། མི་མཐུན་པ་དང་གཉེན་པོ་དབྱེར་མེད་དོན། །གང་གིས་ཤེས་ནས་རྩོལ་བ་ཀུན་སྤངས་ཏེ། །བཏང་སྙོམས་ཆེན་པོར་མ་བཅོས་ངང་བཞག་ན། །ཐ་སྙད་ཙམ་དུ་བསྒོམ་ཞེས་དེ་ལ་བྱ། །ཞེས་གསུངས་ཏེ། སྤང་བར་བྱ་བའི་མི་མཐུན་པའི་ཕྱོགས་དང་། བསྟེན་པར་བྱ་བའི་གཉེན་པོ་གཉིས་རང་བཞིན་གྱིས་དབྱེར་མེད་པར་ཤེས་པའི་དུས་ན། སྤང་བླང་གི་རྩོལ་བ་ཐམས་ཅད་ངང་གིས་ཞི་སྟེ། བཏང་སྙོམས་ཆེན་པོའི་ངང་ལ་བཞག་པ་ཙམ་ལ་ཐ་སྙད་ཙམ་དུ་སྒོམ་ཞེས་བྱའོ། །འོ་ན་སྔོན་གྱི་བག་ཆགས་ཀྱི་དབང་གིས་ཡུལ་གྱི་འཁྲུལ་སྣང་མངོན་སུམ་དུ་སྣང་བ་དང་། སེམས་ཀྱི་རྟོག་པ་བྱུང་ཚོར་སྣ་ཚོགས་སྐྱེ་བ་ཇི་ལྟར་བྱ་ཞེ་ན། སྐྱོན་དང་ཡོན་ཏན་གཉིས་པོ་མ་སྐྱེས་ཕྱིར། །རྣམ་པ་རྟོག་པའི་མཚན་མ་ཅི་བྱུང་ཡང་། །མ་བཀག་རང་བྱུང་མ་འབྲང་རང་ཞི་སྟེ། །མ་བཅོས་མ་བྱས་རང་གི་ངང་གིས་གསལ། །ཞེས་གསུངས་ཏེ། སྐྱོན་དུ་བརྟག་པའི་འཁྲུལ་སྣང་དུ་རྟོག་པ་དང་། ཡོན་ཏན་དུ་བརྟགས་པའི་སྣང་རྟོག་དང་བྲལ་བའི་ཡེ་ཤེས་གཉིས། རང་བཞིན་དབྱེར་མེད་པར་རྟོགས་པའི་དུས་ན། ཡུལ་གྱི་རྣམ་པ་གང་སྣང་། སེམས་ཀྱི་རྟོག་པ་ཅི་སྐྱེའང་། ཐེག་པ་འོག་མ་པ་ལྟར། སྣང་རྟོག་ལ་སྐྱོན་དུ་བལྟས་ཏེ་དགག་དུ་མེད་པས། མ་བཀག་རང་བྱུང་ཞེས་བྱ། སེམས་ཅན་ཕལ་པ་ལྟར་མཚན་མའི་རྗེས་སུ་འབྲང་དུ་མེད་པས་མ་འབྲང་རང་ཞི་ཞེས་བྱ་སྟེ། དེ་བས་ན་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། རྐྱེན་རྩོལ་བ་གཞན་གྱིས་མ་བཅོས་ཤིང་། སུས་ཀྱང་མ་བྱས་པར་རང་གི་ངང་གིས་གསལ་བར་བཞག་གོ་ཞེས་བྱ་བའི་དོན་ཏོ། །དོན་འདི་ཉིད་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་ཀྱང་གསུངས་ཏེ། དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་དང་རང་བཞིན་སྒྱུ་མའང་མེད་འགྱུར་ཕྱིར། །ཡོད་ལ་ལྟོས་པའི་མེད་པའང་མེད་དེ་མེད་པའི་མེད་པའང་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ། །ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། །ཞེས་གསུངས་ཏེ། དེ་ལྟར་ཞེས་བྱ་བའི་སྒྲ་ནི། གོང་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་པའི་ཆོས་ཐམས་ཅད་མ་གྲུབ་པར་བསྟན་པས། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བའང་བཀྲི་བའི་ཐ་སྙད་ཙམ་ཡིན་ཏེ། ངེས་པའི་དོན་ལ་ནི་བདེན་པ་གཉིས་སུའང་གཞག་དུ་མེད་པར་བསྟན་པ་དེ་ལྟར། དངོས་པོ་རྣམས་ཀྱི་མཐའ་ཞིབ་མོའི་བློས་བརྟགས་ན། ཀུན་རྫོབ་ཀྱི་རང་བཞིན་སྒྱུ་མ་ཙམ་དུའང་མེད་པར་འགྱུར་ན། ཡང་དག་པར་ཡོད་པ་ལྟ་ག་ལ་འགྲུབ་སྟེ། དེ་བས་ན་ཡོད་པའི་ཐ་སྙད་ཀྱི་དོན་ཐམས་ཅད་མ་གྲུབ་ན། དེ་ལ་ལྟོས་པའི་མེད་པའང་མི་འགྲུབ་བོ། །གཞན་ཡང་རང་བཞིན་མེད་པ་དང་མ་སྐྱེས་པའི་སྒྲས་བསྟན་པའི་དོན། སྤྲོས་པ་ཉེ་བར་ཞི་བ་ཞིག་བསྒྲུབ་དུའང་མེད་པས། མེད་པའི་མེད་པའང་མེད་ཅེས་སྨོས་སོ། །དེ་ལྟར་མཐའ་མེད་ན་དབུས་ཀྱང་མི་འགྲུབ་ལ་དབུས་ལ་གནས་པའང་མི་གྲུབ་བོ། །ལྟ་བས་དེ་ལྟར་རྟོགས་ནས་དེ་དང་མཐུན་པར་བློ་གཞག་པའི་ཐབས་གསུངས་པ། ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། །ཞེས་གསུངས་པ་སྟེ། མི་མཐུན་པ་དང་གཉེན་པོ་དབྱེར་མེད་པར་རྟོགས་པས་མཚན་མ་དང་རྟོག་པ་ལྡང་བ་ལ་ཆེད་དུ་མི་སྤོང་། མི་ལྡང་བ་ལ་སེམས་ཀྱི་རྟེན་མི་འཆའ། ཐོབ་པར་བྱ་བའི་དོན་མངོན་དུ་མི་བྱེད་དོ། །བླང་དོར་དང་བྲལ་བར་གཞག་པའི་གཏན་ཚིགས་གསུངས་པ། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དེར་མི་གནས། །ཞེས་གསུངས་པ་སྟེ། ཆོས་ཉིད་མཉམ་པ་ཉིད་མ་ཡིན་པའི་ལོག་རྟོག་རྡུལ་ཙམ་གཡོ་བར་ཚོར་ནའང་། དེ་ཉིད་ཆོས་ཉིད་ཡིན་པའི་ཕྱིར། མཚན་མ་དང་རྟོག་པ་ལ་སྤང་བར་མི་རྩོལ་ལོ། །ཆོས་ཉིད་ལ་ངོ་བོ་ཉིད་མེད་པའི་ཕྱིར་དེར་མི་གནས། ཞེས་གསུངས་ཏེ། རྟོག་པ་མི་ལྡང་བ་ལ་སེམས་ཀྱི་རྟེན་མི་འཆའ་འོ། །མངོན་དུ་བྱར་མེད་པའང་། བསྒོམ་པའི་ས་མི་རྙེད་ཕྱིར་བསྒོམས་པས་རྙེད་པར་མི་འགྱུར་ཏེ། ཞེས་གསུངས་པ་སྟེ། ཐ་སྙད་དུ་སེམས་ཀྱིས་ཆོས་ཉིད་སྒོམ་ཞེས་བཏགས་ཀྱང་། སེམས་དངོས་པོར་མ་གྲུབ་པ་ཉིད་ལ་ཆོས་ཉིད་ཞེས་བརྗོད་པ་ཡིན་པས། གང་གིས་གང་ལ་བསྒོམས་པས་འབྲས་བུ་ཅི་ཞིག་འཐོབ་སྟེ། དེ་བས་ན་མངོན་དུ་བྱར་མེད་དོ། །འོ་ན་སྔོན་གྱི་བག་ཆགས་ཀྱི་དབང་གིས་འཁྲུལ་སྣང་གི་སྤྱོད་ཡུལ་མངོན་སུམ་དུ་སྣང་བ་དང་། འདུ་བྱེད་ཀྱི་རྟོག་པ་སྣ་ཚོགས་སྐྱེ་བ་ཇི་ལྟར་བྱ་ཞེ་ན། དེ་ལ་སྣང་བའི་རང་བཞིན་ཤེས་ན་སྐྱོན་གྱི་ངོ་བོ་ཉིད་མེད་པའི་ཕྱིར་སྐྱོན་བསལ་དུ་མེད་པར་བསྟན་པ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། །ཞེས་གསུངས་ཏེ། སེམས་ཀྱི་སྤྱོད་ཡུལ་ཕྱིན་ཅི་མ་ལོག་པར་ཤེས་པ་དེ་ལ། ཅིར་སྣང་བ་དེ་དག་ཉིད་ཆོས་ཉིད་ལས་གུད་དུ་གྱུར་པ་མེད་པས་སྐྱོན་དུ་གཟུང་དུ་མེད་དོ། །སྣང་བ་ལ་སྐྱོན་མེད་ན་སེམས་ཅན་གང་གིས་བསླུས་ཏེ་འཁོར་ཞེ་ན། སེམས་ཅན་ནི་སྣང་བ་ལ་དངོས་པོའི་རྣམ་པར་ཞེན་ཅིང་། མཚན་མའི་རྣམ་པར་འཛིན་པས་འཁོར་ལ། སྣང་བ་ལ་དངོས་པོ་མེད་པར་རྟོགས་ཏེ། དེ་ལྟ་བུའི་རྣམ་པ་དང་བཅས་པས་སྣང་བའི་རྗེས་སུ་མི་འབྲང་བར་བསྟན་པའི་ཕྱིར། རྣམ་བྲལ་གང་ལ་མཆོག་དང་ཐ་མ་མེད་པའི་ལམ་མཆོག་འདི་བསྒོམ་མོ། །ཞེས་གསུངས་ཏེ། སྣང་བ་ལ་དངོས་པོ་མེད་པར་རྟོགས་པས་སྣང་བའི་རྗེས་སུ་མི་འབྲང་ངོ་། །དེ་བཞིན་དུ་སེམས་ཀྱི་རྟོག་པ་ཅི་སྐྱེའང་སྐྱོན་ཀྱི་དངོས་པོ་མེད་པས་མི་དགག་སྟེ་རང་བྱུང་། རང་གི་ངོ་བོ་མ་གྲུབ་པས་རྗེས་སུ་མི་འབྲང་སྟེ་རང་ཞིར་གཞག་པའི་དོན་གསུངས་པ། འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན། །ཞེས་གསུངས་པ་སྟེ། མངོན་པར་འདུ་བྱེད་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པ་ཡིན་པས། ཆོས་གང་ཡང་འབྱུང་བ་མེད་དེ་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །དེ་ལྟར་དངོས་པོ་གང་ཡང་མེད་པར་རྟོག་པའི་ཚེ། སྣང་རྟོག་ཀུན་ཀྱང་ཆོས་ཀྱི་དབྱིངས་སུ་ཤེས་པ་ན། དགྲ་བཅོམ་རབ་འབྱོར་ཀྱི་བློ་དང་འདྲའོ། །ཞེས་སོ། །འདིར་དཔེ་གསུངས་པ། ནམ་མཁའ་མི་དམིགས་མིང་ཙམ་དགེ་དང་མི་དགེར་འབྱེད་མེད་སྐྱེ་བ་མེད། །ཅེས་གསུངས་ཏེ། དཔེར་ན་ནམ་མཁའ་ཞེས་མིང་དུ་བརྗོད་པ་ཙམ་དུ་ཟད་དེ། ངོ་བོ་ཉིད་དམིགས་སུ་མེད་དོ། །དེ་བཞིན་དུ་དགེ་བ་དང་མི་དགེ་བ་ལ་སོགས་པའང་ངོ་བོ་ཉིད་མེད་པས། དགག་དུའང་མེད་ལ་རྗེས་སུ་འབྲང་དུའང་མེད་དོ། །དེ་ལྟ་བས་ན་དོན་དེ་ལྟ་བུ་ལ་བློ་མཉམ་པར་འཇོག་པའི་ཚེ། དམིགས་པ་འདི་རྣམས་དང་བྲལ་བར་བྱ་བར་གསུངས་པ། རྩོལ་བར་ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་མི་ཤེས་བྲལ། །དྲན་དང་འབྱེད་མེད་སྤོང་ལེན་གང་ལའང་དགའ་དང་མཚུངས་མེད་མི་དམིགས་ཤིང་། །མཉམ་གནས་གཉིས་སུ་བརྟག་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་སོགས་འབྲི་མེད། །ཞེས་གསུངས་ཏེ། སྐྱོན་དང་ཡོན་ཏན་གྱི་དངོས་པོ་མ་གྲུབ་པས། སྤོང་ལེན་གྱི་རྩོལ་བར་ཡིད་ལ་མི་བྱེད། མངོན་དུ་བྱ་བའི་ཆོས་ཉིད་མ་གྲུབ་པས། གང་ལའང་སེམས་པ་མེད། སེམས་ཉིད་ཀྱང་མ་གྲུབ་པས་ཤེས་རིག་གི་མཚན་ཉིད་ཀྱང་མ་ཡིན། བེམས་པོའི་མཚན་ཉིད་ཀྱང་མ་ཡིན་པས་ཤེས་དང་མི་ཤེས་བྲལ། མི་མཐུན་པ་དང་གཉེན་པོ་དབྱེར་མེད་པས། གཉེན་པོ་དྲན་པར་བྱ་བ་ཡང་མེད་ཅིང་སྤོང་ལེན་གཉིས་ག་ལ་ཡང་དགའ་བ་མེད། གཉིས་ག་མཉམ་ཞིང་མཚུངས་པར་གཞག་པའང་མེད་དེ་ཅིར་ཡང་མི་དམིགས་ཤིང་། འདོད་པ་དང་མི་འདོད་པ་མེད་པས་མཉམ་པར་གནས། ཐ་དད་དུ་མི་འབྱེད་པས་གཉིས་སུ་བརྟག་པ་མེད། ཐ་སྙད་ལས་འདས་པས་བརྗོད་པ་དང་བྲལ། དོན་དུ་གཉེར་བ་མེད་པས་བྱ་བ་མེད། སྒོ་གསུམ་གྱི་ལས་ལ་སྐྱོན་དུ་མི་ལྟ་བས་མི་བྱ་བའང་མེད་དེ། ཚོགས་རྣམ་གཉིས་རྫོགས་པར་བྱ་བའམ། སྒྲིབ་པ་བྲི་བར་བྱ་བའང་མེད་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས། བྲི་བ་མེད་པ་གང་བ་མེད་པའོ། །ཞེས་གསུངས་པ་ལྟ་བུའོ། །དོན་འདི་ཉིད་ཁྱུང་ཆེན་ལས་ཀྱང་གསུངས་ཏེ། འདི་སྐད་དུ། གཏང་ངོ་གཞག་གོ་རང་བཞིན་ཏེ། །འདོད་པ་མེད་ཅིང་ལེན་པའང་མེད། །བྲོད་པ་རྡུལ་ཙམ་མི་སྐྱེད་ཅིང་། །ཁྱུང་ཆེན་ནམ་མཁར་ལྡིངས་པ་བཞིན། །སྤྲོས་པ་མེད་ཅིང་བསྡུ་བའང་མེད། །སྟོར་བར་མི་དོགས་གཟའ་བའང་མེད། །རྒྱ་མཚོ་འདྲ་བར་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཞེས་གསུངས་ཏེ། བསྒྲུབ་པར་བྱ་བ་མེད་པས་གཏང་ངོ་། །དོར་བར་བྱ་བ་མེད་པས་གཞག་གོ །མངོན་དུ་བྱ་བའི་ཡུལ་མེད་པས་འདོད་པ་མེད། དངོས་པོ་ཉིད་མ་གྲུབ་པས་ལེན་པའང་མེད། གང་ལའང་དགའ་བ་མེད་པས་བྲོད་པ་རྡུལ་ཙམ་མི་སྐྱེད་ཅིང་། དཔེར་ཁྱུང་ཆེན་ནམ་མཁར་ལྡིངས་པ་འདབ་གཤོག་སྤྲོ་བསྡུ་མེད་བཞིན་དུ། སྤྱི་རྒྱ་རླབས་ཀྱིས་ཆོད་དེ་ཅི་ལ་ཡང་མི་རྟེན་བཞིན་དུ་གཡང་སར་ལྟུང་བའང་མེད་པ་བཞིན་ནོ། །དངོས་པོ་མེད་པས་འཇིགས་པ་མེད་པས་སྟོར་བར་མི་དོགས། དེ་ཉིད་ཀྱི་ཕྱིར་གཟའ་གཏད་ཀྱི་ཡུལ་ཡང་མེད་དེ། འོན་ཀྱང་དེ་དག་གིས་འཇིགས་པར་མི་བྱའོ། །གང་གི་ཕྱིར་འཇིགས་པ་ཐམས་ཅད་སེལ་བ་ནི་སྟོང་པ་ཉིད་ཡིན་ཏེ། དངོས་པོར་འཛིན་པས་ནི་སུ་ལ་ཡང་མི་བསྐྱབས་ཤིང་གྲོལ་བར་མ་བྱས་སོ། །ཇི་ལྟ་ཞེ་ན། ཉན་ཐོས་ཀྱང་བདག་མེད་པར་རྟོགས་པས་གྲོལ་གྱི། གཟུང་འཛིན་ཡོད་པར་ལྟ་བས་མ་གྲོལ་ལོ། །རང་རྒྱལ་བའང་གཟུང་བ་མེད་པར་རྟོགས་པས་གྲོལ་གྱི། འཛིན་པ་ཡོད་པར་ལྟ་བས་མ་གྲོལ་ལོ། །རྣལ་འབྱོར་སྤྱོད་པའང་གཟུང་འཛིནད་མེད་པར་རྟོགས་པས་གྲོལ་གྱི། སེམས་ཡོད་པར་ལྟ་བས་མ་གྲོལ་ལོ། །དབུ་མ་པའང་དོན་དམ་པ་མེད་པར་རྟོགས་པས་གྲོལ་གྱི། ཀུན་རྫོབ་ཡོད་པར་ལྟ་བས་ནི་མ་གྲོལ་ལོ། །འོ་ན་དངོས་པོར་ཅུང་ཟད་ཀྱང་མི་ལྟ་ན། ཐབས་ཀྱི་སྤྱོད་པ་རྒྱུན་ཆད་དེ་སྙིང་རྗེ་དང་བྲལ་བས། ཤེས་རབ་དང་སྙིང་རྗེ་ཟུང་དུ་མ་འབྲེལ་ན་ཐར་པར་ཡང་མི་འགྱུར་རོ་ཞེ་ན། སྙིང་རྗེ་ནི་སེམས་ཅན་ལ་དམིགས་ནས་སྐྱེ་སྟེ། འོན་ཀྱང་སེམས་ཅན་གྱི་རྫས་དངོས་པོར་གྲུབ་པར་བལྟ་ནི་མི་དགོས་ཏེ། སེམས་ཅན་མ་གྲུབ་བཞིན་དུ་སེམས་ཅན་བདེ་སྡུག་དུ་སྣང་བ་རྣམས་ལ། སྒྱུ་མ་ཙམ་དུ་ཕན་འདོགས་པ་ལ་ཞུགས་པས། མ་ཞེན་མི་ངལ་བའི་སྙིང་རྗེ་ཆེན་པོ་དག་པར་འགྱུར་རོ། །དེ་བས་ན་ཐབས་ཀྱི་སྤྱོད་པ་ལ་དངོས་པོར་བལྟ་མི་དགོས་སོ། །དེའི་ཕྱིར་ན་སྟོང་པ་ཉིད་ནི་འཇིགས་པ་ཐམས་ཅད་སེལ་བ་ཡིན་གྱིས་འདི་ལ་སྐྲག་པར་མི་བྱའོ། །རྒྱ་མཚོ་འདྲ་བར་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཞེས་བྱ་བ་ནི། རྒྱ་མཚོ་ལས་རླབས་འབྱུང་བ་རླབས་ཉིད་རྒྱ་མཚོ་ཡིན་པ་བཞིན་དུ། སྟོང་པ་ཉིད་ལས་མ་གཡོས་བཞིན་དུ་མཚན་མ་སྣ་ཚོགས་སུ་སྣང་བ། སྣང་བ་དེ་ཉིད་སྟོང་པ་ཡིན་པས། མ་བཀག་སྟེ་རང་བྱུང་། མ་བླངས་ཏེ་རང་ཞིར་གཞག་གོ །ཡང་འདི་ཉིད་ལས། མངོན་སུམ་ཀུན་དུ་མི་རྟོག་ཡངས་པའི་སྙིང་པོ་ལ། །རྣམ་དག་ལམ་འདིར་ཞུགས་ན་མཉམ་པའི་རྒྱལ་པོ་ཐོབ། །ཞེས་གསུངས་ཏེ། སྣང་རྟོག་མངོན་སུམ་དུ་སྣང་ཡང་སྣང་བ་ཉིད་ན་གཉིས་ག་མ་གྲུབ་པས་བླང་དོར་མེད་ལ། སེམས་ལའང་དངོས་པོ་མེད་པས་རྟོག་པ་ངང་གིས་མེད་དེ། རང་བཞིན་གྱིས་གནས་སུ་བྱ་བ་མེད་པས་ཡངས་པའི་སྙིང་པོ་ལ་ཞེས་བྱའོ། །འཛིན་པ་ཐམས་ཅད་དང་བྲལ་བས་རྣམ་པར་དག་པའི་ལམ་དུ་ཞུགས་པའོ། །དེ་ལྟ་བུའི་བློ་དང་ལྡན་ན་མཉམ་པའི་རྒྱལ་པོ་སངས་རྒྱས་ཐོབ་པར་འགྱུར་གྱི། བླང་དོར་གྱི་བློས་ཐོབ་པར་མི་འགྱུར་རོ། །ཞེས་བྱ་བ་ཡིན་ནོ། །ཚུལ་འདི་ཉིད་རྩལ་ཆེན་སྤྲུགས་པ་ལས་ཀྱང་གསུངས་ཏེ། འདི་སྐད་དུ། བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱ་མེད་ལྷུན་རྫོགས་སྔ་མའི་དེ་བཞིན་ཉིད། །རྟོག་སྤྱོད་རྣམ་དག་བདེ་ཆེན་རང་བཞིན་ལ། །ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུ། །གཉིས་མེ་བདེ་ཆེན་སེམས་ཅན་ཀུན་སྤྱོད་ལ། འཁྲུལ་པས་ནོར་པའི་ལམ་དུ་བརྟགས་པའང་། །གོང་དུ་བསྟན་པའི་ལམ་ཆེན་དེ་ལས་མི་གཉིས་པས། །མཉམ་པར་ཤེས་ན་སངས་རྒྱས་ཀུན་ཀྱི་རྗེ། །ཞེས་གསུངས་ཏེ། །སེམས་ཅན་དང་སངས་རྒྱས་རང་བཞིན་དབྱེར་མེད་པའི་ཕྱིར། ལམ་གྱིས་བཅོས་སུ་མེད་པས་བསྒྲུབ་དུ་མེད་དེ། ཤེས་པ་དང་ཤེས་བྱ་ལ་བོགས་དབྱུང་དུ་མེད་པས་རྩལ་སྤྲུགས་སོ། །ཡོན་ཏན་གྱི་ཁྱད་པར་གོང་དུ་བགྲོད་དུ་མེད་པས་སྨོན་པ་མེད་དོ། །མི་མཐུན་པ་དང་གཉེན་པོའི་དབྱེར་མེད་པས་བྱ་བ་མེད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡེ་ནས་གནས་པས་ལྷུན་ཀྱིས་རྫོགས་ཏེ། སྔ་མ་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟ་བུའི་དོན་ལ་འཁྲུལ་པའི་བློས་བསླད་ཀྱང་རང་བཞིན་འགྱུར་བ་མེད་དེ། དེའི་ཕྱིར། རྟོག་སྤྱོད་རྣམ་དག་བདེ་ཆེན་རང་བཞིན་ལ། །ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུ། །ཞེས་གསུངས་ཏེ། རྟོག་པའི་སེམས་ཉིད་ངོ་བོ་ཉིད་ཀྱིས་མ་གྲུབ་ན། དེས་བསྐྱོད་པའི་འདུ་བྱེད་ཀྱི་སྤྱོད་པ་རྣམས་ག་ལ་འགྲུབ་སྟེ། དེའི་ཕྱིར་སེམས་ཉིད་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའོ། །དེ་ལ་བསླད་པས་ག་ལ་འགྱུར་ཏེ། སྨིགས་རྒྱུའི་ཕུང་པོས་ནམ་མཁའ་བསླད་དུ་མེད་པ་བཞིན་ནོ། །བསླད་པ་ལྟ་བུར་སྣང་བ་དེ་ཉིད་རྣམ་པར་དག་པའི་ལམ་ཆེན་པོ་ཡིན་ཏེ། ཇི་ལྟར་སྨིགས་རྒྱུ་དང་ནམ་མཁའ་ལ་རང་བཞིན་ཐ་དད་མེད་དེ་དབྱེར་མེད་པ་བཞིན། འཁྲུལ་པས་འཁོར་བའི་ལམ་དུ་བརྟགས་པ་དང་། མ་འཁྲུལ་བས་ཐར་པའི་ལམ་དུ་བརྟགས་པ་གཉིས་གའང་རང་བཞིན་དབྱེར་མེད་པའི་ཕྱིར། རྣལ་འབྱོར་གྱི་སྐྱེས་བུ་གང་གིས་དོན་དེ་རྟོགས་ཤིང་རྡེང་དུ་གྱུར་ཏེ། དེའི་ངང་ལ་གནས་ན། ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཉིད་དང་དགོངས་པ་མཐུན་པའི་ཕྱིར། མཉམ་པར་ཤེས་ན་སངས་རྒྱས་ཀུན་ཀྱི་རྗེ། །ཞེས་གསུངས་པ་ཡིན་ནོ། །ཚུལ་འདི་ཉིད་རྡོ་རྗེ་ཚིག་དྲུག་པ་ལས་ཀྱང་། ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་རྡོ་རྗེ་བདེ་བ་ཆེན་པོའི་ངང་དུ་རྫོགས་ཟིན་པའི་ཕྱིར། མི་མཐུན་པ་དང་གཉེན་པོ་བླང་དོར་ཀྱི་ནད་སྤངས་ཏེ། བཏང་སྙོམས་ཆེན་པོའི་ངང་ལ་ལྷུན་གྱིས་གནས་པ་འདི་ནི། མཉམ་པར་བཞག་པ་ཅེས་བྱ་བའི་དོན་ཡིན་ནོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས་ཀྱང་། འདི་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་དུས་གསུམ་དུ་འདུས་མ་བྱས་ཤིང་། འཕོ་འགྱུར་གྱི་གནས་མེད་དེ། ཤིན་ཏུ་བརྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་འོ། །སེམས་དཔའི་སྒྲ་རྟོགས་པ་ལ་ཡང་འཇུག་སྟེ། དོན་དེ་ལྟ་བུ་ཉིད་རང་བྱུང་གི་ཡེ་ཤེས་ཆེན་པོས་དབང་བསྐུར་ཏེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཡང་རྡོ་རྗེ་སེམས་དཔའ་འོ། །ནམ་མཁའ་ནི་དངོས་པོ་མེད་བཞིན་དུ་ཀུན་ལ་ཁྱབ་པའི་དཔེ། ཆེ་བ་ནི་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའ་དེ་ཡང་རྟག་དུ་ཆེ་བ་རྣམ་པ་ལྔ་དང་ལྡན་ནས་བཞུགས་སོ། །ཞེས་བྱ་བའི་དོན་ཏོ། །མདོར་བསྡུ་ན་གཟུགས་ཐམས་ཅད་ཀྱི་རང་བཞིན་ནམ་མཁའི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའི་རང་བཞིན་དུ་སངས་རྒྱས་སོ། །ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་སྒྲས་ཆོས་ཐམས་ཅད་དེའི་རང་བཞིན་དུ་སངས་རྒྱས་པར་བསྟན་པ། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །ཞེས་བྱ་སྟེ། དེ་ལ་ཀུན་ཞེས་བྱ་བའི་སྒྲ་ནི་མ་འདྲེས་པ་དང་ཡོངས་སུ་རྫོགས་པའི་ཆོས་ཐམས་ཅད་སྟེ། དེ་ལ་མ་འདྲེས་པ་ནི་སྣ་ཚོགས་སུ་སྣང་བ། ཡོངས་སུ་རྫོགས་པ་ནི་རང་བཞིན་མི་གཉིས་པའོ། །དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ངན་ཅིང་དོར་བར་བྱ་བ་མེད་པས་ཀུན་ཏུ་བཟང་པོའོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ཡིན་ཏེ། དཔེར་ན་ནམ་མཁའ་ནི་གཟུགས་ཅན་ཐམས་ཅད་ཀྱི་རང་བཞིན་དུ་གནས་ཤིང་གོ་འབྱེད་པ་ཡིན་ཡང་དོགས་པ་མེད་པ་བཞིན་དུ། ཀུན་ཏུ་བཟང་པོའི་རང་བཞིན་དུ་མ་གྱུར་པའམ་མ་འདུས་པ་མེད་པས་ཡངས་པ་སྟེ། དེའི་ཕྱིར་ཆོས་ཀྱི་དབྱིངས་སོ། །མདོར་བསྡུ་ན་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་རང་བཞིན་ནམ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་རང་བཞིན་དུ་སངས་རྒྱས་ཏེ། ཐམས་ཅད་ནས་ཐམས་ཅད་དུ་ཆེ་ཞིང་ཡངས་སོ། །དེ་བས་ན་རྡོ་རྗེ་སེམས་དཔའ་དང་ཀུན་ཏུ་བཟང་པོའང་དོན་འདྲ་ལ། ཆེ་བ་དང་ཡངས་པའང་དོན་འདྲ་སྟེ། ཇི་སྐད་དུ། ཀུན་ཏུ་བཟང་པོའ་རྡོ་རྗེ་སེམས་དཔའི་ངང་། །ཞེས་བྱ་བ་དང་། ཡངས་སོ་ཆེའོ་ཆོས་ཆེན་པོ། །ཞེས་གསུངས་པ་ལྟ་བུའོ། །དོན་དེ་ཉིད་ཁོ་ན་ལམ་ཆེན་པོ་ཡིན་ཏེ། ཐེག་པ་འོག་མ་ལྟར་ལམ་གཞན་ལ་སྦྱངས་པས། འབྲས་བུ་གཞན་ཐོབ་པ་ནི་མ་ཡིན་ཏེ། དེའི་རང་བཞིན་དུ་སེམས་ཅན་ཐམསཅད་རང་བཞིན་གྱིས་གྲོལ་བ་ཉིད་དུ་གནས་པ་ནི་ལམ་ཆེན་པོ་ཞེས་བྱ། དེ་ཉིད་རྣལ་འབྱོར་གྱི་སྐྱེས་བུ་གང་གིས་རྟོགས་ཤིང་རྡེང་དུ་གྱུར་པས། དཔལ་རྡོ་རྗེ་སེམས་དཔའ་འམ་ཀུན་ཏུ་བཟང་པོ་དང་མཉམ་པར་གྱུར་པ་ནི་གྲོལ་བ་གྲོལ་ཞེས་ཀྱང་བྱ། ཡང་སངས་རྒྱས་ཞེས་ཀྱང་བྱ་སྟེ། དེ་ཉིད་ལས། །དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །བྱ་བ་མེད་པས་གྲོལ་བ་གྲོལ། །ཞེས་གསུངས་པ་དང་། རྨད་དུ་བྱུང་བ་ལས། རྨད་བྱུང་བྱང་ཆུབ་འདི་རྟོགས་ཏེ། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །རྡོ་རྗེ་གདན་ལ་ཡང་སངས་རྒྱས། །ཞེས་གསུངས་པ་ལྟ་བུའོ། །མདོར་ན་རྫོགས་པ་ཆེན་པོའི་གཞུང་གིས། བྱང་ཆུབ་སེམས་ཀྱི་རང་བཞིན་དང་། བྱང་ཆུབ་སེམས་ཀྱི་གཞག་ཐབས་གཉིས་ལ་ཚུལ་ཐ་དད་མེད་དེ། རང་བཞིན་ཇི་ལྟར་རྟོགས་པ་དེ་དང་མཐུན་པར་བློ་གནས་པ་ཙམ་དུ་ཟད་དོ། །དེ་ལ་མི་སྐྱེ་མི་འགག་ཅེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ལ་རྒྱུ་རྐྱེན་མེད་པས་སྐྱེ་འགག་གི་ངོ་བོ་ཉིད་མེད་པའོ། །ངོ་བོ་ཉིད་སྐྱེ་འགག་མེད་པ་ལ་རྟོག་པའི་གནས་མེད་པས། ཅིར་མི་དགོངས་ཞེས་གསུངས་པ་ཡིན་ནོ། །ཡང་འདི་ཉིད་ལས། སྣང་བ་མེད་པའི་ཆོས་ཉིད་ནི། །མ་བརྩལ་བཞག་པས་བསྒོམས་པ་ཡིན། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །བླང་དོར་མེད་ཅིང་བཅོས་སུ་མེད་པར་གཞག་པའི་ལམ་འདི་ནི། གཞན་ལས་ཀྱང་གསུངས་ཏེ། མཐའི་མུན་སེལ་སྒྲོན་མ་ལས། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །དེ་ནི་མ་སྐྱེས་རང་མི་དམིགས། །དེ་ལས་གཞན་པའི་སེམས་མེད་ཕྱིར། །འཆོས་ཤིང་གནས་པ་གང་ཞིག་ཡོད། །ཅེས་གསུངས་ཏེ། འགྲོ་བ་རྣམས་ལ་ཤེས་པའི་རྒྱུད་གཉིས་དང་ནི་མི་ལྡན་ལ། གཅིག་པོ་དེའི་རང་བཞིན་ནི་མ་སྐྱེས་པ་ཡིན་ཞིང་། འཁྲུལ་པའི་དབང་ཤེས་རིག་དུ་སྐྱེ་བར་སྣང་བའི་ཚེའང་རང་ལ་རང་མི་དམིགས་ཏེ། དེའི་ཕྱིར་འཆོས་ཤིང་གནས་པའི་ངོ་བོ་ཉིད་མེད་དོ། །འོ་ན་མ་བཅོས་ན་མཚན་མའི་སྐྱོན་ཀྱིས་མི་གོས་སམ་ཞེ་ན། འཁྲུལ་རྟོག་རྐྱེན་དང་ལྡན་གྱི་བར། །སྨིགས་རྒྱུ་ལྟ་བུར་སེམས་སྣང་ལ། །རང་བཞིན་ཤེས་པས་བཅོས་སུ་མེད། །མི་ཤེས་སྨིགས་རྒྱུ་འཆོས་པ་བཞིན། །ཞེས་གསུངས་ཏེ། ཇི་སྲིད་དུ་འཁྲུལ་རྟོག་གི་རྐྱེན་མ་ཟད་པ་དེ་སྲིད་དུ། དོན་མེད་ཀྱང་དོན་དུ་སྣང་བའི་ཤེས་པ་སྨིགས་རྒྱུ་ལྟ་བུར་སྐྱེ་བ་རྒྱུན་ཆད་པར་མི་འགྱུར་ལ། དེའི་རང་བཞིན་ཤེས་ན་བཅོས་སུ་མེད་དེ། བཅོས་སུ་མེད་པ་བཞིན་དུ་འཆོས་པ་ལྟར་བྱེད་པ་ནི། སྨིགས་རྒྱུ་འཆོས་པར་འདོད་པ་དང་འདྲའོ། །དེས་ནི་སྣང་རྟོག་བཅོས་སུ་མེད་ཅིང་དགག་དུ་མེད་པར་བསྟན་ཏོ། །གཞན་ཡང་སྣང་རྟོག་གི་རྗེས་སུའང་འབྲང་དུ་མེད་པར་སྟོན་ཏེ། མི་རྟོག་མཚན་མེད་སེམས་ཉིད་ཀྱིས། །མཚན་མ་མེད་ལའང་གནས་མི་བྱེད། །མཚན་མ་མེད་ལའང་མི་གནས་ན། །མཚན་མར་མི་གནས་སྨོས་ཅི་དགོས། །ཞེས་གསུངས་ཏེ། དངོས་པོ་ཚོལ་བའི་བློ་མི་སྐྱེད་པས་ན་རྣམ་པར་མི་རྟོག་པའོ། །དེ་ལ་མཚན་མར་ཞེན་ཅིང་འཛིན་པ་དང་བྲལ་བས་མཚན་མ་མེད་པའི་སེམས་ཅེས་བྱ་སྟེ། དེ་ལྟ་བུའི་བློ་གང་གིས་མཚན་མ་མེད་པ་ལའང་གནས་རྟེན་མི་འཆའ་ན། །མཚན་མ་ལ་གནས་རྟེན་མི་འཆའ་བ་སྨོས་ཅི་ཞིག་དགོས་ཞེའོ། །ལྟ་བ་རིན་པོ་ཆེ་སྒྲོན་མ་ལས་ཀྱང་། སྒྱུ་མའི་མཚན་ཉིད་མ་བཀག་མངོན་སུམ་སྟེ། །མཚན་མེད་རོ་གཅིག་དོན་དམ་དབྱིངས་སུ་རྟོགས། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །དེ་ལྟ་བུར་བཅོས་པ་མེད་པར་གཞག་པའི་དོན་འདི། ལུས་སེམས་བཅོས་མེད་ཐབས་ཀྱི་སྒྲོན་མ་ལས་ཀྱང་གསུངས་པ། ཇི་ལྟར་མཚན་མེད་ནམ་མཁའ་ནི། །དམིགས་དང་མི་དམིགས་རྩོལ་དང་བྲལ། །དེ་བཞིན་སེམས་ཉིད་ནམ་མཁའ་ཡང་། །རང་བཞིན་གྱིས་ནི་དེ་ལྟའོ། །ལུས་ལ་སོགས་པའང་དེ་བཞིན་ཏེ། །རྩ་བ་མེད་ཕྱིར་གང་ལྟར་ཡང་། །གནས་པ་མེད་དེ་མི་གནས་ན། །མི་འགལ་ཙམ་དུ་གྱུར་པ་ཡིན། །ཞེས་གསུངས་ཏེ། དཔེར་ན་ནམ་མཁའ་ནི་རང་གི་མཚན་ཉིད་མེད་པའི་ཕྱིར། ཡུལ་ལ་དམིགས་པ་དང་མི་དམིགས་པའི་རྩོལ་བ་མེད་དོ། །དེ་བཞིན་དུ་སེམས་ཀྱང་རང་བཞིན་ཉིད་མེད་པའི་ཕྱིར་རྩོལ་བའི་གནས་མེད་དོ། །ལུས་ངག་གི་འདུ་བྱེད་ཐམས་ཅད་ཀྱང་དེ་འདྲའོ། །ཞེས་བྱ་བའི་དོན་ཏོ། །ད་ནི་བསམ་གཏན་ཀྱི་གལ་གེགས་ཅུང་ཟད་ཙམ་ཅིག་བསྟན་པར་བྱ་སྟེ། དེ་ཡང་སྤྱི་ནི་གོང་དུ་བསྟན་པའི་གོལ་སྒྲིབ་སུམ་ཅུ་པོ་ཉིད་ཀྱང་། ལྟ་སྒོམ་གཉིས་ཀྱི་གལ་གེགས་ཡིན་ན། དེ་ལས་འདིར་ཅུང་ཟད་ཉེ་བར་བསྟན་པའི་གལ་གེགས་སུ་གྱུར་པ། འཛིན་པ་ཆ་འཕྲ་ཞིང་དེ་ཉིད་གེགས་ཡིན་ནམ་མ་ཡིན་རྟོགས་པར་དཀའ་བ་ཅུང་ཟད་ཙམ་ཅིག་བཤད་དོ། །དེ་ཡང་བསམ་གཏན་གྱི་གལ་གེགས་གཙོར་སྟོན་པའི། བྱང་ཆུབ་ཀྱི་སེམས་ཡུལ་ཀུན་ལ་འཇུག་ལས། མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ། །བསྔོ་བའི་ཆ་ཤས་འཕྲ་མོའི་ཡུལ་ལས་བྱུང་བ་སྟེ། །རྟོག་སྒོམ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས། །རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །ཞེས་གསུངས་ཏེ། རྣམ་པར་མི་རྟོག་པའི་སྒོམ་ལུང་དག་ལས་འདི་སྐད་དུ། རྣམ་པར་མི་རྟོག་པ་སྒོམ་པའི་ཚེ། སེམས་གནས་གང་ལའང་མི་རྟེན་ཅིང་མི་གནས། ཡུལ་གང་ལའང་མི་དམིགས། རྣམ་པ་ཇི་ལྟ་བུར་ཡང་མི་རྟོག་པར་སྒོམ་པ་ནི། ཆོས་ཀྱི་སྐུའི་ལམ་ཡིན་ནོ། །ཞེས་འདོད་དེ། སེམས་ཀྱི་གནས་དང་དམིགས་པ་དང་རྣམ་པ་རྣམས་སུ་སྣང་ཞིང་རྟོག་པ་ནི་སྒྲིབ་སྐྱོན་དུ་བལྟས་ནས། དེ་དག་དང་བྲལ་བ་ནི་ཕྱིན་ཅི་མ་ལོག་པའི་ལམ་ཡིན་ནོ། །ཞེས་འདོད་པ་དེ་ཉིད། བསྔོ་བའི་ཆ་ཤས་འཕྲ་མོ་དང་མ་བྲལ་ཞིང་། ཡོངས་སུ་བསྔོ་བའི་ཡུལ་འདོད་པ་ལས་བྱུང་བ་སྟེ། དངོས་སུ་རྣམ་རྟོག་ཉིད་སྒོམ་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་བསྔོ་བའི་ཆ་ཤས་ཞེས་བྱ་བ་ནི་སྨོན་པ་སྟེ་འདུན་པའི་མཚན་ཉིད་དོ། །ཆ་ཤས་འཕྲ་མོ་ཞེས་བྱ་བ་ནི། ཉན་ཐོས་ལྟར་དམིགས་པ་དང་བཅས་པའི་ས་ལ་གནས་པ་མ་ཡིན་ཡང་། རེ་སྨོན་ཀྱི་མཐའ་ལ་གནས་པས་བླང་དོར་གྱི་མཐར་ལྷུང་བའི་བློ་ཉིད་རྣམ་པར་རྟོག་པ་ཡིན་ནོ། །ཞེའོ། །འོ་ན་ཇི་ལྟར་གནས་པར་བྱ་ཞེ་ན། ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི། སེམས་ཅན་ཀྱི་འཁྲུལ་སྣང་ལས་ཁྱད་པར་དུ་དབྱུང་ཞིང་ལྷག་པར་འཕགས་པའི་དོན་གཞན་ཞིག་མེད་དེ། འཁྲུལ་སྣང་གི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ། ཆོས་ཀྱི་སྐུ་ཞེས་བྱ་བར་ཟད་དོ། །འཁྲུལ་སྣང་ཡང་སེམས་ཉིད་ཡིན་ལ། སེམས་རང་གི་ངོ་བོར་མ་གྲུབ་པས་རྟོག་པ་རང་བཞིན་གྱིས་མེད་དེ། དེ་བས་ན་ཡུལ་གྱི་རྣམ་པ་གང་སྣང་སེམས་ཀྱི་རྟོག་པ་ཅི་སྐྱེའང་། སྣང་རྟོག་ཉིད་རང་བཞིན་གྱིས་འོད་གསལ་བས། རང་བྱུང་གི་ཡེ་ཤེས་རང་ཤར་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས་ཀྱང་། ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའི་བསྔོ་བ་ལས། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །ཞེས་གསུངས་ཏེ། དཔེར་ན་རི་བོང་གི་རྭ་ཞེས་བརྗོད་ན། རི་བོང་གི་རྭ་གཏན་མེད་པའི་ཕྱིར། མིང་དེས་ཀྱང་དོན་མ་བརྗོད་དེ་བརྫུན་ཡིན་ནོ། །དེ་བས་ན་རི་བོང་གི་རྭའི་དོན་དང་རི་བོང་གི་རྭའི་སྒྲ་གཉིས་དོན་མེད་པ་དང་དོན་ལ་བརྗོད་པ་མ་མྱོང་བས་དངོས་པོར་མ་གྲུབ་པར་འདྲའོ། །དེ་བཞིན་དུ་ནམ་མཁའ་དང་ནམ་མཁའ་ལ་དམིགས་ཏེ་སྐྱེས་པའི་རྟོག་པ་གཉིས་མ་སྐྱེས་པར་འགོའ་མཉམ་སྟེ། གང་གི་ཕྱིར་ནམ་མཁའ་ནི་ངོ་བོ་ཉིད་མེད་པའི་ཕྱིར་མ་སྐྱེས། དེ་ལ་དམིགས་པའི་རྟོག་པ་ནི་ཡུལ་མེད་པའི་ཕྱིར་མ་སྐྱེས་ཏེ། དེ་བས་ན་ནམ་མཁའ་ལ་དམིགས་པ་སྙམ་བྱེད་པའི་རྟོག་པ་དེ་ནི། ནམ་མཁའ་ཉིད་དང་འདྲ་བར་སྐད་ཅིག་ཀྱང་སྐྱེ་མ་མྱོང་བ་ཡིན་ནོ། །དམིགས་པའི་རྐྱེན་ལས་ལྟོས་ནས་སྐྱེ་བར་སྣང་བའི་རྣམ་པར་རྟོག་པ་ཐམས་ཅད་ཀྱང་༼དམིགས་རྐྱེན་དོན་ལ་མེད་པས། ༽ཚུལ་དེ་འདྲའོ། །དེ་བས་ན་ནམ་མཁའ་ལྟར་གང་ལའང་མ་ཆགས་པའི་བློ་ནི། ཅིའང་མི་འདོད་མི་སྤོང་བས་ནམ་མཁའི་བསྔོ་བ་ཅེས་བྱ་སྟེ། དེའི་ངང་ལ་གནས་ཤིང་རྡེང་དུ་གྱུར་ན་སངས་རྒྱས་སུ་འགྱུར་བས། རང་དོན་ཆེན་པོའི་ནམ་མཁའ་འབྱུང་། །ཞེས་བྱའོ། །ཚུལ་འདི་ཉིད་ལུས་སེམས་བཅོས་མེད་ཐབས་ཀྱི་སྒྲོན་མ་ལས་ཀྱང་གསུངས་ཏེ། སེམས་ནི་ཅི་ལའང་མི་དམིགས་དང་། །ཅི་ལའང་མི་གནས་ཞེས་བྱ་བ། །སེམས་ལ་གནས་དམིགས་སྐྱོན་སེལ་བའི། །སེམས་འཛིན་འཕྲ་མོ་དེ་ལ་ཡོད། །སྨིགས་རྒྱུ་བཞིན་དུ་སེམས་མེད་ན། །མི་གནས་མི་དམིགས་བྱེད་པ་གང་། །ནམ་མཁའ་རང་ལ་མ་གནས་ཞེས། །བསྒོ་བ་དོན་དང་ལྡན་མ་ཡིན། །ཞེས་གསུངས་ཏེ། དཔེར་ན་སྨིགས་རྒྱུའི་རང་བཞིན་ནམ་མཁའ་ཡིན་པའི་ཚེ། སྨིགས་རྒྱུ་ལ་བསམས་ཏེའང་སྨིགས་རྒྱུ་ཁྱོད་རྟེན་གང་ལ་ཡང་མ་གནས་ཤིག །ཡུལ་གང་ལའང་མ་དམིགས་ཤིག །ཅེས་གཞན་གྱིས་བསྒོ་བར་མི་རིགས་ལ། ནམ་མཁའ་ལ་དམིགས་ཏེའང་། ནམ་མཁའ་ཁྱོད་ནམ་མཁའི་རང་བཞིན་དུའང་མ་གནས་ཤིག །ཅེས་གཞན་ཀྱིས་བསྒོ་བར་མི་རིགས་སོ། །དེ་བཞིན་དུ་སེམས་འཁྲུལ་སྣང་ཙམ་ནི་སྨིགས་རྒྱུ་དང་འདྲ་བའི་ཕྱིར། རྟེན་གང་ལའང་གནས་པར་མི་བྱའོ། །ཡུལ་གང་ལའང་དམིགས་པར་མི་བྱའོ། །ཞེས་རྣམ་པར་རྟོག་པའི་ཆ་གཞན་ཀྱིས་ཀྱང་བཅོས་པར་མི་རིགས་ལ། སེམས་ཀྱི་རང་བཞིན་ནམ་མཁའ་ལྟར་ངོ་བོ་ཉིད་མེད་པའི་ཕྱིར། དེ་ལའང་བཅོས་པར་མི་རིགས་སོ། །ཞེས་བྱ་བའི་དོན་ཏོ། །ཚུལ་འདི་ཉིད་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་ཀྱང་གསུངས་ཏེ། འདི་སྐད་དུ། གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་དུ་སྤངས་ནས་ནི། །རྣམ་ཐར་གསུམ་པོ་སྒོམ་པའང་བདུད་ཀྱི་ལས་ཡིན་གཟུགས་ཉིད་སྟོང་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རྣམ་པར་ཐར་པའི་སྒོའི་ཏིང་ངེ་འཛིན་སྒོམ་པ་ན། སྤང་བར་བྱ་བ་ནི། དངོས་པོར་ལྟ་བ་དང་། མཚན་མར་འཛིན་པ་དང་། སྨོན་ཆགས་གསུམ་ཡིན་ལ། དེའི་གཉེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དངོས་པོས་དབེན་པའི་མཚན་ཉིད་དང་། དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་ཞི་བའི་མཚན་ཉིད་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྡུག་བསྔལ་སེལ་བའི་མཚན་ཉིད་རྣམས་བསྒོམ་མོ། །ཞེས་འདོད་པ་ནི། བླང་དོར་གྱི་མཐར་ལྷུང་བས་ཆོས་མཉམ་པ་ཉིད་ཀྱི་བློ་སྐྱེ་བའི་བར་དུ་གཅོད་པའི་ཕྱིར་བདུད་ཀྱི་ལས་ཡིན་ནོ། །འོ་ན་ཇི་ལྟར་བྱ་ཞེ་ན། གཟུགས་ཉིད་སྟོང་པའོ། །ཞེས་གསུངས་ཏེ། མི་མཐུན་པ་དང་གཉེན་པོ་དབྱེར་མེད་པར་རྟོགས་པས། ཐབས་ལ་མཁས་པའི་རྣམ་པར་ཐར་པ་ཞེས་ཀྱང་བྱ། མི་མཐུན་པ་ལ་སྤང་བར་བྱ་བའི་རྫས་མེད་པར་རྟོགས་པས། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པ་ཞེས་ཀྱང་བྱ། ཐམས་ཅད་དུ་རང་གི་ངོ་བོ་གྲུབ་པ་མེད་པར་རྟོགས་པས། མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་ཞེས་བྱ་སྟེ། འདི་ལྟ་བུའི་དོན་ཀྱིས་ཟིན་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །གཞན་ཡང་། འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་འདས་ལམ་སྒོམ་པའང་བདུད་ཀྱི་ལས་ཉིད་དེ། །དེ་ཉིད་རང་བཞིན་མ་ཞི་རང་བཞིན་བཙལ་སྤངས་གར་མི་གནས། །ཞེས་གསུངས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་འཁོར་བའི་ལམ་དུ་མཐོང་ནས་སྤོང་ཞིང་། མ་ཆགས་པའི་དགེ་བའི་རྩ་བ་ལ་སོགས་པ། མྱ་ངན་ལས་འདས་པའི་ལམ་དུ་མཐོང་ནས་སྒོམ་པར་བྱེད་པ་དེ་ཡང་། བླང་དོར་ཀྱི་མཐར་ལྷུང་བས་བདུད་ཀྱི་ལས་ཡིན་ཏེ། དེས་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བའི་དོན་མ་མཐོང་ངོ་། །གང་གི་ཕྱིར་ཆོས་ཀྱི་རང་བཞིན་ནི་བཙལ་སྤངས་གཉིས་ལ་གནས་བཅར་མེད་པའི་ཕྱིར་རོ། །འདི་སྐད་དུ། དྲི་མ་མེད་པར་གྲགས་པས་བསྟན་པ་ལས། རྣམ་པར་གྲོལ་བ་ནི་འདོད་ཆགས་དང་ཞེ་སྡང་གཏི་མུག་སྤངས་པས་རྣམ་པར་གྲོལ་བ་མ་ཡིན་ནམ། སྨྲས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་པས་རྣམ་པར་གྲོལ་ལོ་ཞེས་ཟེར་བ་ནི། ང་རྒྱལ་བ་རྣམས་ཀྱི་སྟེ། གང་ང་མེད་པ་རྣམས་ཀྱི་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་ཉིད་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་གསུངས་པ་དང་ཡང་མཐུན་ནོ། །གཞན་ཡང་དེ་ཉིད་ལས། འདི་ལྟར་འཕགས་པ་དགྲ་བཅོམ་པ་རྣམས་ནི། བདག་གིས་ཉོན་མོངས་པ་ཐམས་ཅད་སྤངས་སོ་སྙམ་དུ་རློམ་སེམས་ཡོད་ནའང་། དགྲ་བཅོམ་པར་མི་འགྱུར་རོ། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །འོ་ན་འཕགས་པའི་ལམ་གྱི་དངོས་གཞི་གང་ཡིན་ཞེ་ན། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད། །ཞེས་གསུངས་ཏེ། འཕགས་པ་ཀུན་ཀྱིས་གཟིགས་པའི་ཡུལ་དང་གྲུབ་པའི་གནས་ཀྱང་། ཆོས་མཉམ་པ་ཉིད་གཉིས་སུ་མེད་པ་ལས་གཞན་མེད་ལ། མྱ་ངན་ལས་འདས་པ་ཐོབ་པའི་ལམ་ཡང་ཆོས་མཉམ་པ་ཉིད་གཉིས་སུ་མེད་པ་ལས་གཞན་མེད་དེ། དེ་བས་ན་ཇི་སྲིད་དུ་ཆོས་མཉམ་པ་ཉིད་གཉིས་སུ་མེད་པའི་དོན་རྟོགས་པ་རྡེང་དུ་མ་གྱུར་ཅིང་། སྤང་བླང་གི་བློ་ཆ་ཤས་འཕྲ་མོ་ཙམ་ཡོད་པ་དེ་སྲིད་དུ། ཐར་པའི་བསྟི་གནས་ཙམ་ཡིན་ཏེ། ལམ་གྱི་རང་གི་ངོ་བོ་མ་ཡིན་ནོ། །དེ་བས་ན་རྒྱལ་བའི་བཀའ་རྣམས་སུ་ལམ་འདི་མ་རྟོགས་པར་ལམ་གཞན་གྱིས་སངས་མི་རྒྱའོ། །ཞེས་གསུངས་པའང་། ཆོས་མཉམ་པ་ཉིད་གཉིས་སུ་མེད་པའི་དོན་མ་རྟོགས་པར་སངས་རྒྱས་ཉིད་མི་འཐོབ་པས། དེ་བས་ན་དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས་ཞེས་གསུངས་པའི་དོན་ཡང་དེ་ཡིན་ནོ། །ཚུལ་འདི་ནི་སྡོང་པོས་བརྒྱན་པའི་མདོ་ལས་ཀྱང་། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་དང་ཡང་མཐུན་ནོ། །ད་ནི་བྱང་ཆུབ་ཀྱི་སེམས་གོམས་པ་ཀློང་དུ་གྱུར་ཅིང་རྡེང་དུ་གྱུར་ནས་སེམས་ལ་དབང་ཐོབ་པར་གྱུར་པའི་ཚད་ཅུང་ཟད་བསྟན་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་བསྒོམ་པ་ལས། ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་འཕྲ་བའི་ལམ། །གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལ་གནས་པ་མེད། །སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེར་གཤེགས་གསུངས། །ཞེས་གསུངས་པ་སྟེ། འདི་ལྟར་སྣང་རྟོག་ཅི་སྐྱེའང་མ་བཀག་སྟེ་རང་བྱུང་། མ་འབྲངས་ཏེ་རང་ཞི་སྟེ། རྩོལ་བ་མེད་པར་བཏང་སྙོམས་ཆེན་པོའི་ངང་ལ་ཡུན་རིང་དུ་བཞག་པའི་ཚེ། ནུས་པ་ཅུང་ཟད་རྙེད་པ་ན། སྣང་རྟོག་རྒྱུན་དུ་སྐྱེའང་དངོས་པོ་དང་མཚན་མའི་ཞེན་པ་དང་བྲལ་བར་སྐྱེ་སྟེ། དཔེར་ན་རྨི་ལམ་ཀྱི་དོན་སྣང་བ་གཉིད་དེ་བས་བསྲབས་པར་གྱུར་ཏེ། སྣང་བ་མ་ལོག་ཀྱང་དངོས་པོར་ལྟ་བ་དང་མཚན་མར་འཛིན་པའི་ཞེན་པ་ལོག་པ་ལྟ་བུའོ། །དེ་ནས་དེ་བས་ཀྱང་ཤེས་རབ་དང་ཏིང་ངེ་འཛིན་ལས་སུ་རུང་བ་ན། མཚན་མར་འཛིན་པ་ཕྲ་བ་ཙམ་དུ་མ་ཟད་ཀྱི། སྐྱེ་བ་ཉིད་ཀྱང་ཕྲ་བར་འགྱུར་ཏེ། དཔེར་ན་རྨི་ལམ་ན་གཉིད་ཆེར་བསྲབས་པར་གྱུར་པ་ན་ཞེན་པ་ལོག་པ་ཙམ་དུ་མ་ཟད་ཀྱི། སྣང་བ་ཉིད་ཀྱང་ཕྲ་བར་སྣང་བ་ལྟ་བུའོ། །དེ་ནས་ཤེས་རབ་དང་ཏིང་ངེ་འཛིན་ཤིན་དུ་དབང་དུ་གྱུར་པ་ན། ཡིད་ཀྱི་གཡོ་བའི་འདུ་བྱེད་ཉམས་སུ་མྱོང་བ་སྙམ་བྱེད་པའམ། མི་གཡོ་བར་ཉམས་སུ་མྱོང་བ་སྙམ་བྱེད་པའམ། དེ་གཉིས་ཀྱི་ཐ་སྙད་ལས་འདས་པར་ཉམས་སུ་མྱོང་བ་ཡང་མེད་དེ། དེ་བས་ན་སྣང་མེད་དབུ་མའི་ལམ་ཞེས་བྱ་སྟེ། དེ་ལྟ་བུའི་དུས་ན་ཉམས་སུ་མྱོང་བའམ། འགགས་ནས་དེ་ལྟ་བུ་ཞིག་ཉམས་སུ་མྱོང་བར་ཤེས་པའམ། དེ་ལྟ་བུའི་ཚོར་བའི་སྣང་བ་གཉིས་དང་ཡང་བྲལ་ལ། འདུ་ཤེས་ཀྱིས་དོན་འདི་ལྟ་བུ་ཞིག་གོ །ཞེས་ཐ་སྙད་གདགས་སུ་རུང་བའི་སྣང་བ་དང་བྲལ་བ་ནི། སྣང་མེད་དབུ་མའི་ལམ་ཞེས་བྱའོ། །ཚུལ་འདི་ཉིད་མཐའི་མུན་སེལ་སྒྲོན་མ་ལས་ཀྱང་གསུངས་པ། ཇི་ཙམ་རྟོག་མེད་ཟབ་མོ་ཞིག །བློའི་ཡུལ་དུ་སྣང་ཞེ་ན། །མི་རྟོག་ཟབ་མོའི་ཉམས་མྱོང་བ། །མྱོང་བ་ཡིན་ཕྱིར་དེ་ཉིད་མིན། །ཞེས་གསུངས་ཏེ། དུས་གང་གི་ཚེ་རྣམ་པར་མི་རྟོག་པའི་དོན་ཟབ་མོ་གཞན་ལ་བསྟན་པའི་ཐབས་མེད་པ་ཞིག །རང་གི་བློས་ཉམས་སུ་མྱོང་ངོ་ཞེ་ན། དེ་ལྟ་ན་ཡང་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རྟོག་པ་ཞིག་དུ་ཟད་པས། བདེན་པ་མཐོང་བ་ཞེས་མི་བྱའོ། །འདི་ལྟར་རང་གིས་མྱོང་བ་གཞན་ལ་བསྟན་པར་མི་ནུས་པ་ནི་མངོན་སུམ་ཀུན་གྱི་ཆོས་ཉིད་ཡིན་ཏེ། དཔེར་ན་ལན་ཚའི་རོ་ནི་མི་དང་དུད་འགྲོ་ཕལ་མོ་ཆེས་ཀྱང་ཐུན་མོང་དུ་ཉམས་སུ་མྱོང་བ་ཡིན་མོད་ཀྱི། འོན་ཀྱང་ལན་ཚྭའི་རོ་མ་མྱོང་བ་ཞིག་ལ། ལན་ཚྭའི་རོ་ནི་འདི་འདྲའོ། །ཞེས་བསྟན་པའི་ཐབས་ནི་མེད་དོ། །དེ་བཞིན་དུ་རང་ལ་ཏིང་ངེ་འཛིན་གྱི་རོ་མྱོང་བ་ཡོད་ན། གཞན་ལ་བསྟན་པར་མི་ནུས་ཀྱང་། ཟབ་མོའི་གྲངས་སུ་མི་ཆུད་དེ་རྣམ་པར་རྟོག་པ་ཞིག་དུ་ཟད་དོ། །ཚུལ་འདི་ནི་གཞན་ལས་ཀྱང་གསུངས་ཏེ། ཚོར་བྲལ་བདེ་བའི་ལམ་ཞེས་ཀྱང་གསུངས་ལ། བླ་ན་མེད་པའི་བྱང་ཆུབ་ཀྱང་ཚོར་བ་དང་བྲལ་ཞིང་ཡིད་ཀྱི་སྤྱོད་པ་དང་བྲལ་བ་ལ་གསུངས་ཏེ། དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཐུབ་དབང་ཁྱོད་ཀྱིས་བདུད་དཔུང་སྟོབས་ཅན་རབ་བཏུལ་ནས། །བྱང་ཆུབ་མཆོག་རབ་ཞི་བ་མི་འཆི་བདེ་བ་བརྙེས། །དེ་ལ་ཚོར་བྱེད་སེམས་དང་ཡིད་ཀྱི་སྤྱོད་པ་མེད། །ཅེས་གསུངས་པ་ལྟ་བུའོ། །འདི་ནི་བྱང་ཆུབ་བརྙེས་པའི་སྐབས་སུ་གསུངས་པའོ། །འདི་༼སངས་རྒྱས་ཀྱི་དགོངས་པ། ༽དང་བདེན་པ་མཐོང་བའི་བྱེ་བྲག་༼ཁྱད་པར། ༽ནི། ཤེས་པ་ཚོགས་བརྒྱད་དུ་སྨྲ་བ་དང་། གཅིག་པུར་སྨྲ་བའི་བྱེ་བྲག་གིས་ཅུང་ཟད་ཐ་དད་པར་བཞག་པའང་ཡོད་ན། མདོར་བསྡུ་ན་སྣང་རྟོག་མངོན་དུ་རྒྱུ་ལོག་པ་ནི་བདེན་པ་མཐོང་བའོ། །བག་ལ་ཉལ་ཟད་པ་ནི་བྱང་ཆུབ་ཉིད་བརྙེས་པའོ། །བདེན་པ་མཐོང་བ་ཞེས་བྱ་བ་འདིའང་། ཆོས་གང་ཡང་མ་མཐོང་བའི་ཚིག་བླ་དྭགས་ཏེ། ཇི་སྐད་དུ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། །བདེན་པ་མཐོང་བ་རྣམས་ཀྱིས་ཀྱང་བདེན་པ་ཉིད་མཐོང་བ་མེད་ན། བརྫུན་པ་ལྟ་ག་ལ་མཐོང་། ཞེས་གསུངས་པ་དང་། སྡུད་པ་ཚིགས་སུ་བཅད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་དུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་བཞིན་ཆོས་མཐོང་བའང་དེ་བཞིན་གཤེགས་པས་བསྟན། །ཞེས་གསུངས་པའང་དེ་འདྲའོ། །ཡོང་ནི་བདེན་པ་མཐོང་བ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པར་རྟོག་པ་དང་བྲལ་བ་ལ། དེ་བཞིན་གཤེགས་པ་དང་ཁྱད་པར་མེད་པ་སྐད་དུ་འབྱུང་བའང་ཡོད་ན། འོན་ཀྱང་བག་ལ་ཉལ་ཞེས་བྱ་བའི་སྒྲའང་། རྟོག་པ་འཕྲ་བས་མ་ཚོར་བ་ཙམ་ལ་བྱའི། རྟོག་པ་གཞི་ནས་མི་གཡོ་བ་ལ་ནི་མི་བྱ་སྟེ། ཨ་ནུ་ཤ་ཡ་ཞེས་བྱ་བའི་མིང་ཆུ་སྲིན་ཆུ་བྱའི་གྲིབ་མ་སྙེགས་པའི་མིང་ངོ་། །གྲིབ་མ་ཞེས་བྱ་བ་ནི་གཟུགས་བརྙན་ཀྱི་མིང་སྟེ། རྒྱ་མཚོ་ཆེན་པོའི་སྟེང་གི་བར་སྣང་ལ་བྱ་འཕུར་བའི་རྒྱ་མཚོའི་ནང་ན་གནས་པ། ཆུ་སྲིན་ཀྱིས་སྙེགས་པ་ན། བྱས་མ་ཚོར་བ་ལ་ཨ་ནུ་ཤ་ཡ་ཞེས་ཟེར་ཏེ། མདོ་སྡེའི་སྐབས་སུ་བག་ལ་ཉལ་ཞེས་བཏགས། ཆོས་མངོན་པའི་སྐབས་སུ་ཕྲ་རྒྱས་ཞེས་བཏགས། དེ་ནས་བྱ་ཆུའི་སྟེང་དུ་བབས་པ་ན་གཟུགས་བརྙན་དང་བྱ་ལྷན་ཅིག་གྱུར་པའི་ཚེ། ཆུ་སྲིན་བྱ་ཉིད་ལ་སྙེགས་པ་བྱས་མངོན་དུ་ཚོར་བ་ན། པ་དྱུད་ཐ་ན་ཞེས་བྱ་སྟེ་ཀུན་ནས་ལྡང་བ་ཞེས་བྱ་བར་བཏགས་པར་ཟད་དེ། དངོས་སུ་རྟོག་པ་འཕྲ་རགས་སུ་རྒྱུ་བ་ཉམས་སུ་ཚོར་བ་དང་མ་ཚོར་བ་ལས། མངོན་དུ་རྒྱུ་དང་བག་ལ་ཉལ་ཞེས་བཏགས་པར་ཟད་དེ། གཞི་མི་གཡོ་བ་ནི་མ་ཡིན་ནོ། །ཚུལ་འདི་ནི་མདོ་སྡེ་ལས་ཀྱང་གསུངས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། བློ་གྲོས་རྒྱ་མཚོ་མཚོ་ཆེན་པོ་རྒྱང་མ་ནས་བལྟས་ན་ཤིན་ཏུ་མི་གཡོ་བར་སྣང་བ་དེ་ནི། དྲུང་དུ་ཐུག་ན་མི་གཡོ་བ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གང་ཤིན་ཏུ་མི་གཡོ་བར་སྣང་བ་དེ་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱན་ཀྱིས་གཟིགས་ན་མི་གཡོ་བ་མ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་ཤེས་བྱའི་སྒྲིབ་པའི་རང་གི་ངོ་བོ་ཡང་། མཉམ་བཞག་གི་དུས་ན་སེམས་གནས་པ་ཐོབ་པ་ན། རྟོག་པ་ཕྲ་བ་ཡོད་པ་མ་ཚོར་བ་ལ་གསུངས་ཏེ། འདི་སྐད་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་གང་ཞེ་ན། སེམས་གནས་པ་དེ་ནི་དེ་བཞིན་ཉིད་མ་ཡིན་ནོ། །དེ་ནི་ཆུ་མགྱོགས་པ་དང་འདྲ་སྟེ་རྒྱང་མ་ནས་བལྟས་ན་གནས་པར་སྣང་ཡང་མི་འབབ་པ་ཡང་མ་ཡིན་ནོ། །དེ་ནི་མཆོག་དུ་ཕྲ་བའི་སྙིང་པོའི་རྟོག་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་འདི་སྐད་དུ། གནས་པ་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དེ་བཞིན་གཤེགས་པའི་རང་བཞིན་མཐོང་ནི་མཐོང་གི་ལེགས་པར་མ་མཐོང་ངོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཀྱི་སྟོབས་བསྐྱེད་པས་བྱེ་བྲག་ཕྱེད་པར་མཐོང་བར་འགྱུར་རོ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་རང་བཞིན་མཐོང་མ་མཐོང་ཞེས་བྱ་བ་འདི་ཡང་། མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དབང་ཡིན་པར་ཟད་དེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པའི་རང་བཞིན་མཐོང་། ཞེས་ཐ་སྙད་སུའང་མི་འདོགས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་ལས་ཀྱང་། ཉན་ཐོས་རྣམས་ནི་ཞི་གནས་ཀྱི་ཤས་ཆེ་ལ་ལྷག་མཐོང་གི་ཤས་ཆུང་བས། དེ་བཞིན་གཤེགས་པའི་རང་བཞིན་མ་མཐོང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ནི་ཞི་གནས་ཀྱི་ཤས་ཆུང་ལ་ལྷག་མཐོང་གི་ཤས་ཆེ་བས། དེ་བཞིན་གཤེགས་པའི་རང་བཞིན་ལེགས་པར་མ་མཐོང་ངོ་། །དེ་བཞིན་གཤེགས་པ་རྣམས་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་ལེགས་པར་གཟིགས་སོ། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལས། སྣང་རྟོག་ཆོས་ཉིད་དུ་ཤེས་པར་བྱ་བ་མ་གཏོགས་པ། མ་སྐྱེས་མི་གཡོ་བསྒོམ་པ་རྣམས། སེམས་མི་གཡོ་མི་རྟོག་པར་གཞག་ཟེར་བ་ནི། རྟོག་པ་ཉིད་ལ་ཆགས་སུ་ཟད་དེ། ནམ་སངས་མ་རྒྱས་ཀྱི་བར་དུ་མི་རྟོག་པའི་དབྱིངས་སུ་ཆུད་མི་སྲིད་དོ། །ཞེས་གསུངས་པ་ཡིན་ཏེ། དེ་བས་ན་སེམས་ཉམས་སུ་ལོན་པའི་ཚད་བསྟན་པ་འདི་ཡང་། སྣང་རྟོག་མངོན་དུ་རྒྱུ་ལོག་པ་ཙམ་ལ་རེ་ཤིག་ཚད་བཞག་པར་ཟད་དེ། སྣང་རྟོག་གི་ཞེན་པ་ལོག་པར་ཚོར་བ་ཉིད་བྱང་ཆུབ་སེམས་ཀྱི་དྲོད་ཐོབ་པ་ཡིན་ནོ། །ད་ནི་དྲོད་ཀྱི་རྟགས་ཅུང་ཟད་བསྟན་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་བསྒོམ་པ་ལས་འདིའ་སྐད་དུ། ཆེད་དུ་རྩོལ་བྲལ་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་ཤེས་དང་། །གང་ལའང་ཆགས་དང་ཡུལ་གྱིས་མྱོས་སྐྲག་མེད་དེ་མི་འབྲལ་མི་གནས་ཤིང་། །མི་འཁྲུགས་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ། །ཞེས་གསུངས་ཏེ། གོང་དུ་བསྟན་པ་ལྟར་བསྒོམ་ཏེ་གོམས་པ་དང་། རྟགས་འདི་ལྟ་བུ་དག་འབྱུང་སྟེ། གང་གི་ཚེ་ཏིང་ངེ་འཛིན་ལས་ལངས་པའི་དུས་ནའང་། ཡུལ་གྱི་རྣམ་པ་གང་སྣང་ཡང་། དངོས་པོར་མ་ཞེན་པའི་སྟོབས་ཀྱིས། ཡིད་དུ་འོང་བ་སྣང་ཡང་ཆགས་ཤིང་འདོད་པའི་སེམས་མི་སྐྱེ། ཡིད་དུ་མི་འོང་བ་སྣང་ཡང་སྐྲག་ཅིང་མི་འདོད་པའི་སེམས་ཀྱང་མི་སྐྱེ། མངོན་སུམ་གྱི་སྟོབས་ཀྱིས་དངོས་པོར་སྣང་ཡང་མི་ལྟ་ཞིང་མངོན་སུམ་གྱིས་རྨོངས་པར་གྱུར་པ་མེད་དེ། འབྲལ་བའི་བློ་དང་གནས་པའི་བློ་མི་སྐྱེ་ནའང་། བྱང་ཆུབ་ཀྱི་སེམས་གོམས་པའི་རྟགས་ཡིན་ནོ། །གཞན་ཡང་ལམ་དང་འབྲས་བུར་བཅས་པའི་ཆོས་ཕྱོགས་དང་། ཕ་རོལ་དུ་ཕྱིན་པ་དང་། ཡེ་ཤེས་ཆེན་པོས་བསྡུས་པ་ཐམས་ཅད་ཀྱང་། ཆོས་གཉིས་སུ་མེད་པའི་དོན་རྟོགས་པ་ལས་གཞན་མེད་པའི་བློ་འབྱུང་སྟེ། དེའི་ཚེའང་བྱང་ཆུབ་ཀྱི་སེམས་གོམས་པའི་རྟགས་ཐོབ་པ་ཡིན་ནོ། །དེ་ལྟར་རྟོགས་ན་ལམ་མང་པོ་ལ་སྦྱང་མི་དགོས་ཏེ། རང་གི་སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་རྟོགས་ཤིང་གོམས་པར་བྱས་པ་ཁོ་ན་མ་ནོར་བའི་ལམ་ཡིན་པས། སེམས་ཀྱི་དབྱིངས་སུ་བསྒོམས་པས་ལམ་གྱི་གཞན་དུ་བསྒོམས་པས་འོད་གསལ་མི་འགྱུར་རོ། །ཞེས་པ་དང་། རྡོ་རྗེ་སེམས་དཔར་བསྒོམས་པས་ལམ་ཀུན་མ་ནོར་བསྒོམས་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ད་ནི་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཅུང་ཟད་ཙམ་བཤད་དེ། གང་གི་ཕྱིར་ཐེག་པ་འོག་མའི་ཚུལ་དག་ལས། དང་པོ་རིགས་དང་བཤེས་གཉེནད་ཀྱི་སྟོབས་ཀྱིས་སྨོན་པའི་སེམས་བསྐྱེད་པས། སེམས་ཅན་ཐམས་ཅད་བདག་གིར་བཟུང་བའི་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འཕངས་ཏེ། དཀར་པོའི་ཆོས་ཡོངས་སུ་རྫོགས་པར་བྱས་ཤིང་། སྨོན་ལམ་ལྷུན་ཀྱིས་གྲུབ་པར་མཛད་པ་ལས། ཆོས་ཀྱི་སྐུ་བརྙེས་པས་ན། ཆོས་བསགས་པས་ན་ཆོས་ཀྱི་སྐུ་ཞེས་ཀྱང་བྱ་སྟེ། དེའི་དབང་གིས་གཟུགས་ཀྱི་སྐུ་རྣམ་གཉིས་ཀྱི་མཛད་པ་རྒྱུན་མི་འཆད་དོ། །ཞེས་ཀྱང་འབྱུང་ལ། གསང་སྔགས་ཀྱི་ཚུལ་ཁ་ཅིག་ལས། རྒྱུ་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་བས། དང་པོ་ཉིད་ནས་སྙིང་རྗེ་ཆེན་པོའི་མཐུས་བསླང་སྟེ། སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ནས། གཟུགས་ཀྱི་སྐུ་རྣམ་གཉིས་བསྒོམས་ཏེ། སེམས་ཅན་ཀྱི་དོན་བྱ་བ་དང་། དེ་བཞིན་གཤེགས་པའི་རིགས་མཉེས་པར་བྱ་བའི་སྒོ་ནས། བསོད་ནམས་ཀྱི་ཚོགས་ཆེན་པོའང་སྤྱོད་ཅིང་། ཆོས་ཀྱི་དབྱིངས་ཕྱིན་ཅི་མ་ལོག་པའང་བསྒོམས་པ་ལས། འབྲས་བུ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་ཉིད་ཐོབ་པར་འདོད་པའང་ཡོད་པས། དེའི་ཕྱིར་བྱང་ཆུབ་སེམས་ཀྱི་ཡོན་ཏན་མ་བཤད་ན་སྐུར་བའི་གནས་སུ་འགྱུར་བའི་ཕྱིར་རོ། །དེ་ལ་ཐེག་པ་འོག་མ་བའི་ཚུལ་ལས་རྒྱུ་འབྲས་ཀྱི་ཚུལ་དེ་སྐད་དུ་བཤད་པ་དེ་དག་ཀྱང་། འགྲོ་བ་རྣམས་ལ་འཕྲུལ་བ་སྣང་བར་འགྱུར་བའི་རྒྱུར་བཤད་པ་ནི་འགལ་བ་མེད་དེ། རྒྱུ་རྐྱེན་སྒྱུ་མ་ལས་འབྲས་བུ་སྒྱུ་མར་སྣང་བ་འགྲུབ་པའི་ཕྱིར་རོ། །འོན་ཀྱང་འགྲོ་བའི་དོན་དུ་སྣང་བ་རྣམས་ཀྱང་། དེ་དག་ཁོ་ན་ལ་རག་ལས་པའང་མ་ཡིན་ཏེ། རྫོགས་པ་ཆེན་པོའི་ཚུལ་ལ་དེ་དག་བཀག་པའང་མེད་དེ། ཐབས་རྒྱ་མཚོ་བསམ་གྱིས་མི་ཁྱབ་པའི་མཐུས་སྣང་བ་རྒྱ་མཚོ་འབྱུང་བ་ཟད་དོ། །འོན་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ནི། བྱང་ཆུབ་སེམས་ཀྱི་མཐུ་ལས་བརྩལ་བ་མེད་པར་འབྱུང་སྟེ། དེ་ཡང་རང་བཞིན་དང་མངོན་དུ་གྱུར་པའི་མཐུའོ། །དེའང་ཁྱུང་ཆེན་ལས། བྱང་ཆུབ་སྙིང་པོར་དེ་མ་ཐག །ཏིང་འཛིན་རྒྱ་མཚོ་ཆེན་པོ་འབྱུང་། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ཞེས་གསུངས་ཏེ། འདི་ལྟར་བྱང་ཆུབ་ཀྱི་སྙིང་པོའི་དོན་རྟོགས་མ་ཐག་ཏུ། གཟུངས་དང་ཏིང་ངེ་འཛིན་དང་སྟོབས་དང་མ་འདྲེས་པ་ལ་སོགས་པ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱང་། རྒྱ་མཚོ་ཆེན་པོ་ལྟར་མི་གཡོ་བ་ལ་བྱིན་རླབས་འབྱུང་ལ། གདུལ་བྱ་ལ་སྣང་བ་ཡང་རྒྱ་མཚོ་ལྟར་བརྩལ་བ་མེད་པར་འབྱུང་སྟེ། འོན་ཀྱང་རྣམ་པར་མི་རྟོག་ཅིང་ནམ་མཁའི་མཐའ་ལྟར་ཁྱབ་ཅིང་ཡངས་སོ། །ཞེའོ། །ཚུལ་འདི་ཉིད་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས་ཀྱང་གསུངས་ཏེ། ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས། །ཇི་བཞིན་རྟོགས་པ་འཕྲ་བ་ཡིས། །དེ་མ་ཐག་ཏུ་རང་ལས་འབྱུང་། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །འབྲས་བུ་བརྩལ་བ་མེད་པར་འདོད་པ་ནི། ངེས་པའི་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་ཏེ། འདི་སྐད་དུ། བླ་མེད་གསང་ཆེནད་གང་གིས་འདི་རྟོགས་ན། །བརྩལ་མེད་འབྲས་བུ་མིན་ཏེ་དེར་སངས་རྒྱས། །ཞེས་གསུངས་པ་དང་ཡང་མཐུན་ནོ། །སྙིང་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའི་ཚུལ་ཡང་དེ་ཉིད་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །གཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཨ་ལི་ཀ་ལི་ཟབ་ཏུ་བསྟན། །ཞེས་གསུངས་ཏེ། ཆོས་ཀྱི་སྐུའི་རང་བཞིན་ནི་མི་རྟོག་ཅིང་མཉམ་པ་ཉིད་ཡིན་པས། ནམ་མཁའ་ལྟར་ཀུན་ལ་ཁྱབ་བོ། །དེ་ལས་མ་གཡོས་བཞིན་དུ་སངས་རྒྱས་ཀྱི་འཕྲུལ་པ་ཐམས་ཅད་ཀྱང་མེད་པ་མ་ཡིན་ཏེ། སྒྱུ་མ་རྩེད་མོ་དང་འདྲ་བར་རོལ་པས། གཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཞེས་སོ། །དེ་ལྟ་བུའི་རང་བཞིན་གྱིས་འགྲོ་བ་ཐམས་ཅད་ཀུན་ཏུ་བཟང་པོའི་རྒྱན་ལ་འགོད་པར་མཛད་ཅིང་། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་ཟབ་མོས་གྲོལ་བར་མཛད་པས། ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཨ་ལི་ཀ་ལི་ཟབ་ཏུ་བསྟནད། །ཞེས་གསུངས་ཏེ། ཨ་ལི་ཀ་ལི་ནི་འདིར་ཀུན་ཏུ་བཟང་པོ་ཡིན་པ་དང་། ཀུན་ཏུ་བཟང་མོ་ཡིན་པ་དང་། གཉིས་སུ་མེད་པ་ཡིན་པའི་དོན་ཀྱིས། སྒྱུ་མའི་འཇིག་རྟེན་སྦྱོང་ཞིང་འདུལ་བའི་མཛད་སྤྱོད་སྟོན་པ་ཡིན་ཏེ། དེ་ལ་ཨ་ཐུང་ནི་ཐམས་ཅད་མ་སྐྱེས་པའི་དོན། ཨ་རིང་པོ་ནི་ཐུགས་རྗེའི་མཛད་སྤྱོད་རྒྱུན་མི་འཆད་པའི་དོན། ཀ་ཐུང་ནི་བྱེད་པའི་དོན་ཏེ། ཡེ་ཤེས་ཆེནད་པོས་ཐམས་ཅད་ལ་དབང་སྒྱུར་བའི་དོན། ཀ་རིང་པོ་ནི་འགྲོ་བ་གནས་ནས་གནས་སུ་བསྐྱོད་པར་མཛད་པའི་དོན། ལ་ནི་ལ་ཡ་ཏི་གྲི་ན་ཞེས་བྱ་སྟེ་ལེན་ཅིང་འཛིན་པའི་དོན། གུ་གུ་ནི་གུད་དུ་བཤད་ན་དབྱིབས་ཀྱི་སྒོ་ནས། ཨི་གླང་པོ་ཆེའི་སྣ་འདྲ་བ་ཞེས་བྱ་སྟེ། ཐུགས་རྗེ་ཆེན་པོས་འགྲོ་བ་མི་གཏོང་བའི་གཟུངས་ཀྱི་དོན། སྒྲའི་སྒོ་ནས་ཨི་སྟྲི་ལིང་ག་ཞེས་བྱ་སྟེ། ཤེས་རབ་ཆེན་པོའི་གཟུངས་ཀྱིས་ཆོས་ཐམས་ཅད་འཛིན་པའི་དོན། ལ་དང་སྦྱར་ཏེ་བཤད་ན། ཐབས་དང་ཤེས་རབ་ཟབ་མོའི་མཛད་སྤྱོད་ལ་མངའ་བརྙེས་པའི་དོན་ཏོ། །དེས་དོན་ཇི་ལྟར་མཛད་པའི་ཚུལ་བསྟན་པ་ནི། དེ་ནི་ཨ་དང་མཛེས་པའི་ཏ། །པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཞེས་གསུངས་ཏེ། དེ་ལ་ཨ་ནི་ཨ་རིང་པོ་སྟེ་ཐུགས་རྗེ་ཆེན་པོའི་མཛད་སྤྱོད་རྒྱུན་མི་འཆད་པའི་དོན། མཛེས་པའི་ཏ་ནི་མཛད་སྤྱོད་དེ། མཛེས་པར་བྱེད་པ་ནི་ཤེས་རབ་ཆེན་པོ་དག་ཅིང་སྤྲོས་པ་མེད་པའི་ངང་ལ་གནས་ཤིང་དེ་ལས་མ་གཡོས་པ་སྟེ། ཏ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སོ། །པ་ཞེས་བྱ་བ་ནི་དེ་གཉིས་ཀྱི་ངང་དུ་འགྲོ་བ་ཐམས་ཅད་གྲོལ་བར་མཛད་པ་སྟེ། དེ་ཡང་གུད་ན་ཡོད་པ་མ་ཡིན་ཏེ། འགྲོ་བ་རྣམས་ཀྱི་ཐུན་མོང་གི་སྤྱོད་པ་འདི་ཉིད་ཡིན་མོད་ཀྱི། འོན་ཀྱང་ལས་འཕྲོ་དང་སྐལ་པར་ལྡན་པ་རྣམས་ལ། དབང་པོའི་རིམ་པ་བཞིན་སྐྱོབ་པར་སྣང་བར་འགྱུར་ལ། སྐལ་བ་མེད་པ་རྣམས་ལ་ནི་སྣང་བར་ཡང་མི་འགྱུར་རོ། །དེ་ལྟར་མི་སྣང་ཡང་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནི་ཡན་ལག་སྤྲོས་པ་བཞིན་དུ་ཐུན་མོང་དུ་ཁྱབ་པས། པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཞེས་གསུངས་པ་ཡིན་ནོ། །ཁྱུང་ཆེན་ལས་ཀྱང་། བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བ་ཆེ། །མངོན་སུམ་མི་སྣང་ཆགས་པས་ཆ་ལུགས་ཀུན་ནས་སྐོང་། །བདག་དང་གཞན་དུ་བྲལ་བའི་སྟོན་མཁན་རིན་ཆེན་མཛོད། །ཐམས་ཅད་གྲུབ་པའི་ཡུལ་མེད་བདག་མེད་སྙིང་རྗེར་བསྟན། །ཞེས་པ་དང་། ཡུལ་ཕྱིར་ཆགས་ལ་ཡུལ་ལ་བསྔོ་བའི་དམིགས་པ་མེད། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ནི་མངོན་དུ་བྱ་བའི་ཆོས་མེད་ཀྱང་ཀུན་གྱི་དགོས་འདོད་སྐོང་། བདག་དང་གཞན་དུ་མི་དམིགས་ཀྱང་། བདག་དང་གཞན་གྱི་དོན་མཐརད་ཕྱིན་པར་མཛད། གྲུབ་པར་བྱ་བའི་ཡུལ་མེད་ཀྱང་བདག་མེད་པའི་སྙིང་རྗེ་སྐྱེ། སེམས་ཅན་གྱི་ཕྱིར་ཐུགས་རྗེས་ཆགས་ཀྱང་ཡོངས་སུ་བསྔོ་བའི་དམིགས་པ་མེད་པ་ནི། བདག་མེད་པའི་སྙིང་རྗེ་ཞེའོ། །ལྟ་བ་རིན་པོ་ཆེ་སྒྲོན་མ་ལས་ཀྱང་། ཤེས་རབ་གནས་མེད་ཆགས་པའི་རྡུལ་བྲལ་ཡང་། །སྙིང་རྗེས་སེམས་ཅན་ཁམས་ལ་སྐྱོ་བ་མེད། །ཞེས་གསུངས་པ་དང་། ཐབས་དང་ཤེས་རབ་གསལ་བའི་སྒྲོན་མ་ལས། །སེམས་ཅན་སངས་རྒྱས་བདེན་པར་ཚུལ་གཅིག་ཅིང་། །རང་གི་སེམས་ཉིད་སངས་རྒྱས་ཡིན་ཤེས་ན། །གཞན་ནས་བསྒྲུབ་པར་བྱ་བ་ཅི་ཡང་མེད། །དེ་ལྟ་བས་ན་སྤང་བར་བྱ་བའང་མེད། །དེ་ལྟ་བུའི་ཆོས་ཀྱི་ཚུལ་རིག་ནས། །མ་རིག་རྣམས་ལ་སྙིང་རྗེ་ཡོངས་ཀྱིས་སྐྱེ། །སྙིང་རྗེ་སྐྱེས་ནས་སྒྱུ་མའི་ཏིང་འཛིན་ཀྱིས། །ཕན་འདོགས་ཐབས་ཀྱི་སྤྱོད་པ་ཅིར་ཡང་སྟོན། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །མདོར་ན་ཆོས་མཉམ་པ་ཉིད་གཉིས་སུ་མེད་པར་རྟོགས་པས། སྙིང་རྗེ་ཆུང་བར་མི་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞིན་ནོ། །དངོས་པོར་ལྟ་བས་སྙིང་རྗེ་ཆེ་བར་མི་འགྱུར་ཏེ། །ཉན་ཐོས་དང་སོ་སོའི་སྐྱེ་བོ་བཞིན་ནོ། །ཐེག་པ་འོག་མའི་ཚུལ་ལས་སྨོན་ལམ་དང་བསྒོམས་པའི་སྟོབས་ལས། གཟུགས་ཀྱི་སྐུའི་ཡོན་ཏན་འབྱུང་བར་འགྱུར་རོ། །ཞེས་ཟེར་བ་དེའང་། ལས་ཀྱི་སྟོབས་ཡིན་པར་ཟད་ཀྱི། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ནི་མ་ཡིན་ཏེ། འདི་སྐད་དུ། ཁྱུང་ཆེན་ལས། གསུང་དང་རྒྱས་ལ་དམིགས་དང་སྣང་། །སྒྱུ་མཁན་རི་མོའི་རྣམ་པ་བཞིན། །འབྱུང་འཇུག་ཡེ་ཤེས་རྨུགས་པ་ཡིས། །དེའི་དབང་ལས་སྐྱེ་བར་འགྱུར། །ཞེས་གསུངས་ཏེ། དམ་པ་ཆོས་ཀྱི་གསུང་རབ་ལ་དམིགས་པ་དང་། སངས་རྒྱས་ལ་དམིགས་པའི་མཐུ་ལས། ཆེ་བའི་ཡོན་ཏན་སྣང་བ་འབྱུང་བ་རྣམས་ཀྱང་། དཔེར་ན་སྒྱུ་མའི་རྣམ་པ་མེད་བཞིན་དུ་སྣང་བའམ། རི་མོའི་རྣམ་པ་གཞི་མཐོན་དམན་མེད་བཞིན་དུ། མཐོན་དམན་དུ་སྣང་བ་རྣམས། སྒྲིབ་པར་བྱེད་པའི་རྐྱེན་ཞིག་གི་དབང་ལས་སྣང་བ་བཞིན་དུ། དམིགས་པ་དང་བཅས་ཅིང་འབྱུང་འཇུག་གི་རྟོག་པ་དང་བཅས་པའི་སྒྲིབ་པས། ཡེ་ཤེས་ཆེན་པོ་བསྒྲིབས་ཤིང་རྨུགས་པར་བྱས་པའི་དབང་ལས། ཡོན་ཏན་གྱི་རྣམ་པ་ལྟ་བུར་སྣང་བ་འབྱུང་བར་འགྱུར་ཏེ། འོན་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་ཡོན་ཏན་ནི་མ་ཡིན་ནོ། །མང་པོ་བརྗོད་མི་དགོས་ཏེ། རྫོགས་པ་ཆེན་པོའི་ཚུལ་ལ་སངས་རྒྱས་ཀྱི་ཆོས་མི་རྫོགས་པའི་ཉེས་སྐྱོན་མེད་དོ། །རྫོགས་པ་ཆེན་པོའི་གཞུང་ཉིད་བསྟན་པའི་སྐབས་ཏེ། ལྔ་པའོ།། །། ད་ནི་རྫོགས་པ་ཆེན་པོའི་ཚུལ་ལ་ཇི་ལྟ་བ་བཞིན་དུ་གནས་པར་མི་ནུས་པ་རྣམས་ལ། རྩོལ་བ་དང་བཅས་པའི་ཐབས་ཀྱིས་ལམ་བཙལ་བ་བསྟན་པར་བྱ་སྟེ། དེ་ཡང་རྫོགས་པ་ཆེན་པོའི་ལྟ་བས་ཟིན་པར་བྱའོ། །གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ནི་ཆོས་ཀྱི་རྩ་བ་ཡིན་ཏེ། འཆིང་བའི་ནད་ཐམས་ཅད་འབྱིན་པར་བྱེད་པའོ། །འདི་སྐད་དུ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། ཀུན་ཏུ་བཟང་མོས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་། །ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར། །དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་ལ་སེམས་བཅོས་པའི་ཐབས་ཀྱང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་། གསང་སྔགས་ཀྱི་ཚུལ་ལས་སྒོ་མང་དུ་སྣང་སྟེ། འདི་ལྟར་བསམ་གཏན་ཀྱི་སྐྱོན་དྲུག་སྤངས་ཤིང་སྒྲིབ་པ་བཅུ་བསལ་བའི་བསམ་གཏན་ནི་ཐར་པའི་ལམ་མོ། །ཞེས་ཀྱང་འབྱུང་། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་ནི་ཐར་པའི་ལམ་མོ། །ཞེས་ཀྱང་འབྱུང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ལ། བཟུང་བཏགས་བཀག་ཕྱེ་བཅོམ་པའི་ཏིང་ངེ་འཛིན་ནི་ཐར་པའི་ལམ་མོ། །ཞེས་ཀྱང་འབྱུང་། སེམས་རང་བཞིན་གྱིས་གདུལ་བར་དཀའ་བའི་ཆོས་དྲུག་བཏུལ་བའི་བཟླས་བརྗོད་དང་བསམ་གཏན་ནི་ཐར་པའི་ལམ་མོ། །ཞེས་ཀྱང་འབྱུང་། ལུས་སེམས་ལྷ་དང་གསུམ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཐར་པའི་ལམ་མོ། །ཞེས་ཀྱང་འབྱུང་སྟེ། འདི་ལྟ་བུ་ལ་སོགས་པ། སེམས་བཅོས་པའི་ཐབས་མང་དུ་གསུངས་པའང་། ཐམས་ཅད་མཐོང་བར་ཡང་མི་ནུས་ལ། བསྟན་པར་ཡང་མི་ནུས་པས་རེ་ཤིག་འདི་དག་ཙམ་བཤད་དོ། །སྒོ་འདི་དག་བསྟན་པ་ནི་གང་ཟག་མོས་པའི་དབང་གིས་འཇུག་པ་སོ་སོ་ཡང་འབྱུང་ལ། ཕན་ཚུན་གཅིག་ལ་གཅིག་ཕན་འདོགས་པའང་འབྱུང་བས་འདི་དག་ཙམ་བཤད་དོ། །དེ་ལ་བསམ་གཏན་ཀྱི་སྐྱོན་དྲུག་ནི། བྱུང་ཚོར་དབང་གིས་གཡེང་བ་དང་། བྱིང་རྨུགས་དབང་གིས་འཐིབས་པ་དང་། ཐེར་ཟུག་དབང་གིས་འཐས་པ་གསུམ་ནི། ཞི་གནས་ལས་སུ་མ་རུང་བའི་སྐྱོན་ཡིན་ཏེ། དེ་ལ་སྔ་མ་གཉིས་ནི་དཔེར་ན་མར་མེ་ཕྱི་རོལ་གྱི་རླུང་གིས་བསྐྱོད་ན་ཡང་མི་གསལ་ལ། རང་གི་ཉེ་བར་ལེན་པའི་རླུང་བཀག་ནའང་། འཆི་བའམ་འཆི་བ་ལ་ཐུག་པར་འགྱུར་རོ། །དེ་བཞིན་དུ་སེམས་གནས་པ་ནི་འདུ་བྱེད་སྣ་ཚོགས་ཀྱིས་བསྐྱོད་ནའང་གཡེངས་པར་འགྱུར་ལ། རང་གི་ཉེ་བར་ལེན་པའི་འདུ་བྱེད་བཀག་ནའང་སེམས་ཉིད་ཀྱང་འགག་པའམ་འགག་པ་ལ་ཐུག་པར་འགྱུར་བས། དེ་བས་ན་འདུ་བྱེད་གཞན་བཀག་ལ་རང་གི་འདུ་བྱེད་མི་དགག་གོ །གསུམ་པ་ནི་དྲན་པ་སྔ་མའི་སྟེང་དུ་ཕྱི་མ་རྟག་དུ་འབབ་པ་ཡིན་ཏེ། དཔེར་ན་ཆུའི་ཐིགས་པ་བཞིན་ནོ། །འདི་ནི་དམིགས་པ་གཅིག་ལས་སུ་རུང་ཡང་། བསམ་གཏན་གྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཐབས་མེད་དེ་སྒྲིབས་པའོ། །ལྷག་མཐོང་གི་སྒྲིབ་པ་གསུམ་ལ། འཛིན་ཆགས་དབང་གིས་འགོག་པ་ཞེས་བྱ་བ་ནི། ཆོས་བདག་མེད་པར་རྟོགས་པའི་ཤེས་རབ་དང་བྲལ་བས། བསམ་གཏན་གྱི་ཡུལ་ཅི་སྣང་ཡང་འཛིན་ཆགས་དང་མ་བྲལ་བས། ཐར་པ་འགོག་སྟེ་སྒྲིབ་པའོ། །ཡོད་མེད་དབང་གིས་ཉམས་པ་ཞེས་བྱ་བ་ནི། ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་རྨོངས་པས། ཇི་ལྟར་བསམས་ཀྱང་ཡོད་མེད་ཀྱི་མཐར་ལྷུང་སྟེ། ཡེ་ཤེས་ཉམས་པར་གྱུར་པ་སྟེ་སྒྲིབ་པའོ། །ཤེས་རྒྱ་ཆུངས་པས་འཁོར་བ་ཞེས་བྱ་བ་ནི། མཉན་བསམས་ཀྱི་ཤེས་རབ་རྒྱ་ཆུང་པས་བསམ་གཏན་གྱི་ཡུལ་གང་ལ་འཇུག་མ་ཤེས་ཏེ། བྱ་མུན་པ་ལ་རྡུགས་པ་བཞིན་དུ་སེམས་འཁོར་ཞིང་འཚོམས་པ་སྟེ་སྒྲིབ་པའོ། །འདི་དག་ནི་དངོས་སུ་སྒྲིབ་པ་ཡིན་ཡང་ཞི་གནས་དང་ལྷག་མཐོང་སྐྱེ་བ་ཉིད་ལ་གེགས་སུ་གྱུར་པས། ཉེས་སྐྱོན་ཆེ་བའི་ཕྱིར་བསམ་གཏན་གྱི་སྐྱོན་དྲུག་ཅེས་བྱའོ། །དེ་ལ་རྣམ་རྟོག་གཡེང་བའི་སྐྱོན་འབའ་ཞིག་ལ་ཡང་སྐྱོན་ལྔ་གསུངས་ཏེ། འདི་སྐད་དུ། རྟོག་པ་རགས་པའི་རི་བོ་དང་། །མཚན་མ་རྒྱུ་བ་ཚོར་བ་དང་། །བྱུང་ཚོར་སྐྱོན་ལྔ་སྤང་བར་བྱ། །རྟོག་པ་རགས་དང་འཕྲ་བ་གཉིས། །མཚན་མ་ཆེ་དང་ཆུང་བ་གཉིས། །རྒྱུ་བ་རིང་པོ་ཐུང་ངུ་གཉིས། །དེ་བཞིན་ཚོར་བ་གསལ་མི་གསལ། །བྱུང་ཚོར་གཉིས་སུ་སྣང་བའང་། །མྱུར་བ་དང་ནི་བུལ་བའོ། །ཞེས་གསུངས་ཏེ། འདི་རྣམས་རྟོག་པའི་བྱེ་བྲག་དུ་འདྲ་ཡང་། ཕྲ་རགས་ཀྱི་བྱེ་བྲག་དང་རྣམ་པའི་བྱེ་བྲག་གིས་ཁྱད་པར་དབྱེ་སྟེ། དེ་ལ་རྣམ་པའི་བྱེ་བྲག་ནི། རྟོག་པ་ནི་དོན་ཀྱི་དངོས་པོའ་ཚོལ་བས་ཕྱེ། མཚན་མ་ནི་ཞེན་ཅིང་འཛིན་པས་ཕྱེ། རྒྱུ་བ་ནི་རྒྱུན་ཀྱིས་ཕྱེ། ཚོར་བ་ནི་ཉམས་སུ་མྱོང་བས་ཕྱེ། བྱུང་ཚོར་ནི་འབྱུང་འཇུག་གིས་ཕྱེ། ཕྲ་རགས་ནི་གོ་རིམས་དང་བྱེ་བྲག་གཉིས་བརྗོད་པ་དག་ཡིན་ནོ། །སྤྱིར་བསྡུ་ན་ཕྲ་བའང་རྣམ་པ་གཉིས་ཡིན་ཏེ། སྐྱེ་བ་ཕྲ་བ་དང་འཛིན་པ་ཕྲ་བའོ། །རགས་པའང་རྣམ་པ་གཉིས་ཡིན་ཏེ། སྐྱེ་བ་རགས་པ་དང་འཛིན་པ་རགས་པའོ། །དེ་ལ་མཁས་པ་རྣམས་ཀྱི་བློ་ནི་སྐྱེ་བ་རགས་ལ་འཛིན་པ་ཕྲ་སྟེ། སྐྱེ་བ་རགས་ཏེ། ཤེས་བྱ་ཐམས་ཅད་ལ་རྟོག་ཅིང་འཇུག་ལ། འཛིན་པ་ཕྲ་སྟེ་དེ་ལ་དངོས་པོ་དང་མཚན་མར་ཞེན་པ་མེད་དོ། །བླུན་པོ་རྣམས་ཀྱི་བློ་ནི་སྐྱེ་བ་ཕྲ་ལ་འཛིན་པ་རགས་ཏེ། སྐྱེ་བ་ཕྲ་སྟེ། ཤེས་བྱ་རྣམས་ལ་རྟོག་ཅིང་འཇུག་མི་ནུས་ལ། འཛིན་པ་རགས་ཏེ། དངོས་པོར་འཛིན་ཅིང་ཞེན་པ་དང་མི་འབྲལ་ལོ། །དེ་བས་ན་རྣམ་པར་མི་རྟོག་པ་སྒོམ་པའི་ཚེ། སྐྱེ་བ་ཕྲ་ལ་འཛིན་པ་རགས་པའི་སེམས་ནི་ཐར་པའི་ལམ་མ་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་ཆ་མཐུན་པས་ལམ་གྱི་སྒྲིབ་པ་ཡིན་ནོ། །དེ་བས་ན་དང་པོར་སྐྱེ་བ་རགས་ལ་འཛིན་པ་ཕྲ་བའི་སེམས་ལས་གོམས་པ་ཀློང་དུ་གྱུར་ཅིང་འཛིན་པ་ཕྲ་བའི་མཐུས་སྐྱེ་བ་ཉིད་ཀྱང་ཇེ་ཕྲ་ཇེ་ཕྲ་གྱུར་ནས། ཐ་མ་རྟོག་པའི་རྣམ་པ་ལྔ་པོ་འདི་དང་བྲལ་ལ། སེམས་རང་རིག་པ་ནི་མ་འགགས་ན་བདེན་པ་མཐོང་བ་ཞེས་བྱ། འདི་རྣམས་ཡུལ་དུ་འཛིན་པའི་རྟོག་པ་དང་། ཡུལ་འཛིན་པ་འཛིན་པའི་རྟོག་པ་གཉིས་ཀྱི་སྒོ་ནས་ཁད་ཀྱིས་ཞི་བར་ཚོར་ན། སེམས་ཀྱི་དྲོད་ཐོབ་པར་གཟུང་ངོ་། །གང་གི་ཚེ་འཛིན་པ་འཕྲ་བར་མ་ཚོར་བའི་སྐྱེ་བ་ཕྲ་བར་ཚོར་བ་ནི་ལམ་གྱི་དྲོད་དུ་མི་གཟུང་ངོ་། །དེ་ལ་ལམ་གྱི་སྒྲིབ་པ་དགུ་ལ། བསམ་གཏན་མི་གཡོ་བ་དང་། ལམ་ཐིམ་པ་དང་། གསལ་བ་གསུམ་ནི། ཡང་དག་པའི་རྩོལ་བ་ལ་སྒྲིབ་པ་སྟེ། འདི་ལྟར་མི་གཡོ་ནའང་ལམ་སྔ་མ་མི་གཏོང་ཞིང་། ལམ་གཞན་ཐོབ་པར་མི་རྩོལ་ཏེ། ཚང་ན་གནས་པའི་བྱིའུ་ཕྲུག་ལྟ་བུའོ། །དེ་བཞིན་དུ་ལམ་ཐིམ་ནའང་མི་རྩོལ་ཏེ། འབེན་ཐིམ་པའི་མདའ་ལྟ་བུའོ། །ཤིན་དུ་གསལ་བར་གྱུར་ནའང་མི་རྩོལ་ཏེ། ཡུལ་གསལ་བས་དབང་པོའི་བློ་གཟུང་བ་ལྟ་བུའོ། །སེམས་ལ་ཤེས་པ་མང་པོ་སྐྱེ་བར་འདོད་པ་དང་། མངོན་པར་ཤེས་པ་ཐོབ་པར་འདོད་པ་དང་། མཚན་མའི་རྫུ་འཕྲུལ་འབྱིན་པར་འདོད་པ་གསུམ་ནི། ཡང་དག་པའི་ཏིང་ངེ་འཛིན་ལ་སྒྲིབ་པ་སྟེ། དཔེར་ན་ཁྱིམ་བདག་དག་གིས་མར་གྱི་སྙིང་པོ་འདོད་པའི་ཕྱིར་བ་བཞོན་མང་པོ་བསྟེན་པ་ལས། དེའི་འོ་མ་དང་ཞོའི་ལོངས་སྤྱོད་ལ་ཆགས་པ་གྱུར་ན། མར་གྱི་སྙིང་པོ་ལ་སྒྲིབ་པར་གྱུར་པ་ལྟ་བུའོ། །འདི་༼བདག་གི་༽ལས་བླ་༼འམ་གོང་༽ན་༼གཞན། ༽མེད་པའི་ཆོས་ཐོབ་བོ་སྙམ་པ་དང་། རང་གི་ལྟ་བ་ལ་ང་བསྙེམས་པ་དང་། གཞན་གྱི་ལྟ་བ་ལ་ཁྱད་དུ་གསོད་པ་གསུམ་ནི། ཡང་དག་པའི་དྲན་པ་ལ་སྒྲིབ་སྟེ། འདི་ལྟར་ཡང་དག་པའི་དྲན་པ་ནི། ངེས་པའི་དོན་ཀྱི་མདོའི་དོན་དང་། །དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་གདམ་ངག་མ་བརྗེད་པར་སྲུང་བ་ཡིན་ན། སྒྲིབ་པ་འདི་རྣམས་ཡོད་ན་དེ་དག་ཡལ་བར་འདོར་ཏེ། དཔེར་ན་རྒྱལ་པོའམ་བློན་པོའི་བུ་གཞོན་ནུ་རྒྱགས་པས་མྱོས་པ་དག །དམ་པ་རྣམས་ཀྱི་གདམ་ངག་ཡིད་ལ་མི་བྱེད་པ་བཞིན་ནོ། །བཅུ་པ་ནི་རང་བཞིན་གྱི་སྒྲིབ་པ་ཡིན་ཏེ། ཆོས་སྤྱོད་རྣམ་བཅུ་ཤིང་ལེབ་ཀྱི་ངོས་ལྟར་གཅིག་ལ་གཅིག་སྒྲིབ་པར་གྱུར་པས། དེ་བས་ན་བསམ་གཏན་ལ་སོགས་པ་དོན་ཆེན་པོ་ལ་གནས་པ་རྣམས་ཀྱིས། ཡི་གེ་འདྲི་བ་ལ་སོགས་པ་དོན་ཆུང་ངུའི་ཆོས་སྤྱོད་མི་སྤྱད་དོ། །ཞེས་བྱ་བའི་དོན་ཏོ། །དོན་འདི་རྣམས་ཀྱིས་ཀྱང་བསམ་གཏན་གྱི་སྒྲིབ་སྐྱོན་མཐའ་དག་བསལ་ཏེ་ཐར་པའི་ལམ་ལ་འཇུག་པར་གསུངས་པ་ཡིན་ནོ། །དེ་ལ་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་གང་ཞེ་ན། ཉེས་པ་ལྔ་ནི་ལེ་ལོ་དང་། དམིགས་པ་བརྗེད་པ་དང་། ཞུམ་རྒོད་དང་། མངོན་པར་འདུ་མི་བྱེད་པ་དང་། འདུ་བྱེད་པའོ། །དེ་ལ་ལེ་ལོས་ནི་དམ་པའི་ལུང་མི་ཉན་ཅིང་མི་འཇུག་གོ །དམིགས་པ་བརྗེད་པས་ནི་བསམ་པ་ཉམས་ཏེ་ཐོས་པ་རྣམས་ཀྱང་དྲན་པ་མེད་པར་བྱེད་དོ། །ཞུམ་རྒོད་ཀྱིས་ནི་དོན་ལ་གོམས་པར་བྱེད་པའི་བློ་འཇུག་དུ་མི་སྟེར་རོ། །མངོན་པར་འདུ་མི་བྱེད་པ་དང་བྱེད་པ་གཉིས་ཀྱིས་ནི། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་གེགས་བྱེད་དོ། །དེ་ལ་སྤོང་བའི་འདུ་བྱེད་བརྒྱད་ནི། དད་པ་དང་། འདུན་པ་དང་། བརྩོན་འགྲུས་དང་། ཤིན་དུ་སྦྱངས་པ་བཞིས་ནི། ལེ་ལོ་སྤོང་ངོ་། །དྲན་པས་ནི་དམིགས་པ་བརྗེད་པ་སྤོང་བའོ། །ཤེས་བཞིན་གྱིས་ནི་ཞུམ་རྒོད་སྤོང་ངོ་། །སེམས་པས་ནི་མངོན་པར་འདུ་མི་བྱེད་དྲགས་ན་གཟེང་བསྟོད་པར་བྱེད་དོ། །བཏང་སྙོམས་ཀྱིས་ནི་མངོན་པར་འདུ་བྱེད་དྲགས་ན་འགོ་གནོན་པར་བྱེད་དོ། །དེ་ནས་ཞི་གནས་དང་ལྷག་མཐོང་ཆ་མཉམ་པར་ཚོར་ན་ལྷག་པར་གཉེན་པོ་བསྟེན་པའི་རྩོལ་བ་མི་སྐྱེད་དོ། །བཏང་སྙོམས་སུ་བག་ཡངས་སུ་བཞག་སྟེ། དོན་ལ་གོམས་པར་བྱེད་དོ། །ཚུལ་འདིའང་ཐརད་པའི་ལམ་མོ། །ཞེས་འབྱུང་ངོ་། །དེ་ལ་བཟུང་བཏགས་བཀག་ཕྱེ་བཅོམ་པ་དང་ལྡན་པའི་ཏིང་ངེ་འཛིནད་གང་ཞེ་ན། འདི་སྐད་དུ། གཏོགས་འདོད་སྤྲེའུ་འདི་བཟུང་ནས་ཀྱང་། །རྐུན་མོ་བྱི་ལ་བཏགས་བྱས་ཏེ། །ཁང་སྟོང་ཕང་ཕུང་ཀུནད་བཤིག་ནས། །གསེབ་ཁུང་སྐར་ཁུང་ཀུན་བཀག་སྟེ། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་ན། །དེ་དག་རྟག་དུ་སངས་རྒྱས་ཡིན། །ཞེས་གསུངས་པ་སྟེ། དེ་ལ་གཏོགས་འདོད་སྤྲེའུ་གཟུང་བ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ལས་གཟུང་བར་འོས་པ་གཟུང་བ་སྟེ། འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་སྤྲེའུའི་གཏོགས་འདོད་ལྟར། རིགས་པ་དང་ལྡན་པའི་དོན་ལ་ནི་ཆེད་དུ་གཏད་ཀྱང་འཇུག་པར་མི་ནུས། རིགས་པ་དང་མི་ལྡན་པའི་དོན་ལ་ནི་སྐུལ་བ་མེད་པར་རང་ཞུགས་བྱེད་དེ། རྟག་དུ་དོན་མེད་པར་འཕྱན་པ་འདི་ཤེས་བཞིན་དྲན་པའི་སྣོད་དུ་བཅུག་སྟེ། གཞན་དུ་མི་གཡོ་བར་བསྡམ་དགོས་སོ། །རྐུན་མོ་བྱི་ལ་གདགས་པ་ནི། དེ་བཞིན་དུ་ཆོས་རྣམས་ལས་གདགས་པར་འོས་པ་གདགས་པ་སྟེ། དཔེར་ན་བྱི་ལ་ནི་ཤིན་དུ་དལ་ཞིང་འཇམ་པའི་སྤྱོད་པས། གཞན་ཀྱིས་མ་ཚོར་བར་གཞན་གྱི་སྲོག་རྐུ་བར་བྱེད་དོ། །དེ་བཞིན་དུ་ཉོན་མོངས་པ་ཅན་གྱི་ཡིད་ནི། ཤིན་ཏུ་རྒྱུ་བ་ཕྲ་བའི་ཚུལ་གྱིས་ཀུན་གཞི་ལ་ཁ་ནང་དུ་བལྟས་ཏེ་བདག་དུ་རློམ་སེམས་པས། དེའི་དབང་གིས་ཡིད་ཀྱི་རྣམ་པར་ཤེས་པའང་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པར་སྐྱེ་སྟེ། ཐམས་ཅད་ཟག་པ་དང་བཅས་པར་བྱིན་གྱིས་རློབ་པར་བྱེད་དོ། །དེ་བས་ན་འདི་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པའི་ཤེས་རབ་ཀྱི་གཟུངས་ཀྱིས་མ་བཏགས་ན། ནམ་ཡང་ཐར་པའི་གོ་སྐབས་མི་འབྱེད་དོ། །འདི་ནི་ལྷག་མཐོང་སྤྱོད་པ་ཡིན་ནོ། །སྔ་མ་ནི་ཞི་གནས་སྤྱོད་པ་ཡིན་ནོ། །ཁང་སྟོང་ཕང་ཕུང་བཤིག་པ་ནི། ཕུང་པོ་དང་སྐྱེ་མཆེད་ཀྱི་གྲོང་སྟོང་བཤིག་པ་སྟེ། འདི་རྣམས་ལ་བདག་པོ་མེད་པས་གྲོང་སྟོང་ཡིན་ཏེ། རང་གི་ངོ་བོ་ཡང་མ་གྲུབ་པར་བཤིག་པས་གྲོང་སྟོང་ཉིད་ཀྱང་མེད་དེ་ནམ་མཁའ་ལྟ་བུར་རྟོགས་པར་བྱའོ། །འདི་ཡང་ལྷག་མཐོང་སྤྱོད་པའོ། །གསེབ་ཁུང་སྐར་ཁུང་དགག་པ་ནི། སྒོ་ལྔའི་རྣམ་པར་ཤེས་པ་སྟེ། དབང་པོ་ལྔའི་སྐར་ཁུང་ནས་བྱུང་ནས་ཡུལ་ལ་རང་བཞིན་གྱིས་གཡེང་བ་འདི་དག་ཡིད་ནང་དུ་བསྡུས་པའི་མཐུས་བཀག་སྟེ། མི་འཕྲོ་བར་བྱས་པ་སྟེ། འདི་ཡང་ཞི་གནས་སྤྱོད་པ་ཡིན་ནོ། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་ཞེས་བྱ་བ་ནི། ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་ལ་མཁས་པར་བྱས་པ་སྟེ། དཔེར་ན་རྒྱལ་པོའི་མཛོད་ན་ནོར་བུ་རིན་པོ་ཆེ་ལ་སོགས་པ་ནོར་རིན་ཐང་མེད་པའང་ཡོད་ལ། དུག་ལ་སོགས་པ་དམན་པའི་རྫས་ཀྱང་ཡོད་དོ། །དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་མཛོད་ཡིན་ཏེ། ཤེས་བྱ་ཐམས་ཅད་ཀྱི་གནས་ཡིན་ནོ། །དེ་ཡང་ཐེག་པ་འོག་མ་བའི་ཚུལ་གྱིས། ཀུན་གཞིའི་མཚན་ཉིད་ནི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུའི་ངོ་བོར་གནས་ཤིང་སྨིན་པ་ཡིན་པས། ཤིང་ཐོག་སྨིན་པ་དང་འདྲ་ལ། ཟག་པ་མེད་པ་རྣམས་ཀྱི་ནི་རྟེན་དང་གནས་ཙམ་ཡིན་ཏེ། དུག་གི་བུམ་པའི་ནང་ན་སྨན་གནས་པ་ལྟ་བུའོ། །ཞེས་བཤད། ཐེག་པ་གོང་མའི་ཚུལ་ལས་ནི། ཀུན་གཞིའི་མཚན་ཉིད་ནི་གདོད་མ་ནས་བྱང་ཆུབ་ཀྱི་སྙིང་པོའི་རང་བཞིན་དུ་དག་པ་ཡིན་པས་ཀུན་གཞི་བྱང་ཆུབ་ཀྱི་་་སེམས་ཞེས་བྱ་ལ། ཉོན་མོངས་པ་དང་གནས་ངན་ལེན་ཀྱི་བག་ཆགས་ནི་གློ་བུར་གྱི་དྲི་མ་སྟེ། གསེར་གཡུས་གཡོགས་པའམ། ནོར་བུ་རིན་པོའི་ཆེ་འདམ་དུ་བསུབས་པ་བཞིན་ཡོན་ཏན་ཅུང་ཟད་མི་སྣང་བར་ཟད་དེ། རང་བཞིན་ཉམས་པར་བྱས་པ་མེད་དོ། །ཇི་སྐད་དུ། ༼རྡོ་རྗེ་བཀོད་པ་ལས། ༽སྒྲོན་མ་འབར་བའི་རིན་ཆེན་ནི། །གནས་ངན་འདམ་དུ་བྱིང་འགྱུར་ཡང་། །དེ་ཉིད་ཡོན་ཏན་རང་སྣང་བས། །འོད་ནི་མཁའ་ལ་གསལ་བ་ཡིན། །དེ་བཞིན་སེམས་ཉིད་རིན་པོ་ཆེ། །ལུས་ངན་འཁོར་བར་བྱིང་འགྱུར་ཡང་། །དེ་ཉིད་རང་བཞིན་འོད་གསལ་བས། །ཤེས་རབ་ཆོས་ཉིད་མཁའ་ལ་གསལ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །མདོར་ན་གང་ལྟར་ཡང་རུང་སྟེ་དཀར་ནག་གི་ཆོས་ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པའི་སྣང་བ་ཙམ་ཡིན་ལ། སྣང་བ་དེའང་འདུ་བྱེད་ཀྱི་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན་ཏེ། ཇི་ལྟར་སྣང་བ་དེ་བཞིན་ཡོད་པ་མ་ཡིན་པས། ཆོས་ཐམས་ཅད་རང་བཞིན་གྱི་མྱ་ངན་ལས་འདས་པར་རྟོགས་ན། རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་བ་ཡིན་ཏེ། དེའི་ཚེ་སྤྲེའུ་ཡང་བཟུང་བ་ཡིན་ནོ། །བྱི་ལ་ཡང་བཏགས་པ་ཡིན་ནོ། །ཁང་སྟོང་ཡང་བཤིག་པ་ཡིན་ནོ། །སྐར་ཁུང་ཡང་ཁེགས་པ་ཡིན་ནོ། །འདི་ལྟ་བུའི་བློ་དང་ལྡན་ན་སངས་རྒྱས་ཀྱི་ལམ་གཞན་ནས་བཙལ་མི་དགོས་སོ། །ཞེའོ། །དེ་ལ་སེམས་གདུལ་བར་དཀའ་བའི་ཆོས་དྲུག་གདུལ་བ་ནི། འདི་སྐད་དུ། ༼དཔུང་གཟུངས་ལས། ༽ སེམས་ནི་གློག་དང་རླུང་དང་སྤྲེའུ་དང་མཚུངས། །རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ། །སྒྱུ་ཅན་རྟག་དུ་ཡུལ་ལ་མངོན་དགའ་བ། །གཡོ་ཞིང་འཕྱན་པའི་སེམས་ནི་གདུལ་བར་བྱ། །ཞེས་གསུངས་པ་སྟེ། སེམས་ནི་གློག་དང་འདྲ་སྟེ་སྐད་ཅིག་ཙམ་གསལ། རྒྱུན་དུ་གསལ་བར་མི་གནས་པ་ཡིན། རླུང་དང་འདྲ་སྟེ་ངོ་བོ་ཉིད་ཀྱིས་གནས་པའི་ཆོས་མེད་དེ། གཡོ་ཞིང་རྣམ་པར་གཡེང་བའི་མཚན་ཉིད་ཅན་ཡིན། སྤྲེའུ་དང་འདྲ་སྟེ་བྱ་བ་ལ་མི་འཇུག་ཅིང་བྱ་བ་མ་ཡིན་པ་ལ་འཇུག་པའི་ལས་ཅན་ཡིན། རྒྱ་མཚོ་ཆེན་པོའི་རླབས་དང་འདྲ་སྟེ། རྣམ་པར་རྟོག་པ་མི་ཟད་པ་ཡིན། སྒྱུ་ཅན་ཡིན་ཏེ་རྟག་དུ་ཡང་དག་པ་མ་ཡིན་པའི་དོན་སྟོན་པ་ཡིན། རྟག་དུ་ཡུལ་ལ་མངོན་པར་དགའ་བ་ཡིན་ཏེ། ནང་དུ་ཡང་དག་འཇོག་ལ་མི་དགའ་བ་ཡིན། དེ་ལྟ་བུ་རང་བཞིན་གྱིས་གདུལ་བར་དཀའ་བ་དེ་བཟླས་བརྗོད་དང་བསམ་གཏན་གྱིས་བཏུལ་ཏེ་ཐར་བའི་ལམ་ལ་སྦྱར་རོ། །ཞེའོ། །དེ་ལ་གདུལ་བའི་ཐབས་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཡིན་ཏེ། ཨ་ནུ་གྲ་ཧ་ཞེས་བྱ་བ་རྗེས་སུ་མཐུན་པས་གཟུང་བ་དང་། པི་གྲ་ཧ་ཞེས་བྱ་བ་བཟློག་སྟེ་གཟུང་བའམ་ཚར་བཅད་པས་གཟུང་བ་གཉིས་སོ། །དེ་ལ་རྗེས་སུ་མཐུན་པས་གཟུང་བ་ནི། གློག་ཅུང་ཟད་གསལ་བ་བཞིན་དུ་བསམ་གཏན་ཀྱི་ཡུལ་ལ་དང་པོ་ཅུང་ཟད་ཙམ་གཞག་སྟེ་ཡུན་རིང་དུ་མི་གཏད་དོ། །རླུང་ལྟར་འདུ་བྱེད་སྣ་ཚོགས་ཀྱི་སྒོ་ནས་འཇུག་པར་བྱའོ། །སྤྲེའུ་ལྟར་མཐུན་མཐུན་ལ་འཇུག་པར་བྱའོ། །རྒྱ་མཚོ་ལྟར་རྟོག་པ་སྣ་ཚོགས་དང་མཐུན་པར་བྱའོ། །སྒྱུ་ཅན་ལྟར་ཡང་དག་པ་མ་ཡིན་པའང་གདུལ་བའི་སྐབས་སུ་བསྟེན་པར་བྱའོ། །ཡུལ་ལ་མངོན་པར་དགའ་བ་བཞིན་དུ་འདོད་པའི་ཡུལ་ལའང་གཏད་དོ། །བཟློག་སྟེ་གཟུང་བ་ནི། གློག་ལས་བཟློག་སྟེ་ཡུན་རིང་དུའང་གསལ་བར་གཟུངས། རླུང་ལས་བཟློག་སྟེ་མི་གཡོ་བར་ཡང་བྱ། སྤྲེའུ་ལས་བཟློག་སྟེ་བྱ་བའི་དོན་ལ་གཏད། རྒྱ་མཚོ་ལས་བཟློག་སྟེ་རྟོག་པའི་རླབས་ཞི་བར་བྱ། སྒྱུ་ཅན་ལས་བཟློག་སྟེ་ཡང་དག་པའི་དོན་ལ་བརྟག །ཡུལ་ལ་མངོན་པར་དགའ་བ་ལས་བཟློག་སྟེ། ནང་དུ་ཡང་དག་འཇོག་ལ་གཞག་གོ །མདོར་ན་སེམས་ཐ་མལ་པའི་ཆོས་ལུགས་དང་རྗེས་སུ་མཐུན་པས་གདུལ་བའི་ཐབས་འདི་ལ། ཐབས་འདི་དང་འདི་ཞེས་རིས་སུ་ཆད་པ་མེད་དེ། སེམས་ཀྱི་འདུ་བྱེད་ཇི་ལྟར་འཕྲོ་ཞིང་གང་ལ་འཇུག་པ་དང་། ཇི་སྙེད་དུ་འཇུག་པ་དེ་དག་ཐམས་ཅད་ཀྱི་རྗེས་སུ་བསམ་གཏན་གྱི་ཡུལ་གང་ཡང་རུང་བ་ཞིག་རྗེས་སུ་མཐུན་པར་བསམས་པས། མཐའ་རྟོག་པ་ཉིད་ཀྱང་བསམ་གཏན་གྱི་ཡུལ་ལས་འདས་ནས་གཞན་དུ་འགྲོ་བའི་ས་གནས་མི་རྙེད་དོ། །འདི་ནི་ཕལ་ཆེར་ཞི་གནས་སྤྱོད་པའི་དབང་དུ་གསུངས་པའོ། །དེ་ལ་རྣལ་འབྱོར་གྱི་ཡན་ལག་དྲུག་དང་ལྡན་པའི་ཏིང་ངེ་འཛིན་ནི། འདི་སྐད་དུ། ༼འདུས་པ་ལས། ༽ སོ་སོར་སྤོང་དང་བསམ་གཏན་དང་། །དབུགས་དགག་གཏོང་དང་གཟུང་བ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ནི། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །ཞེས་གསུངས་པ་སྟེ། དེ་ལ་ནང་སེམས་ཀྱི་རྣལ་འབྱོར་འཐོབ་པའི་ཡན་ལག་འདི་དྲུག་ཡིན་ཏེ། དེ་ལ་སོ་སོར་སྤོང་བ་ནི་སྡོམ་པ་ལ་གནས་པ་ཡིན་ཏེ། ཇི་ལྟར་ཚུལ་ཁྲིམས་རྣམ་པར་དག་པ་འདོད་པས་གཡེང་བ་མེད་ཅིང་འགྱོད་པའི་དྲི་མ་མེད་པས་རྟག་དུ་དབང་པོ་བསྡམས་པའི་ཕྱིར། ཏིང་ངེ་འཛིན་འཐོབ་པའི་རྒྱུ་ཡིན་པ་དེ་བཞིན་དུ། སོ་སོར་སྤོང་བ་ཞེས་བྱ་བ་འདི་ཡང་ཡུལ་དང་དབང་པོའི་སྒོ་ནས་རྣམ་པར་ཤེས་པ་སྐྱེ་བ་ཐམས་ཅད་སྐྱོན་དུ་བལྟས་ཏེ་སྤང་བར་བྱ་བའང་མ་ཡིན། དངོས་པོར་བལྟས་ཏེ་མཚན་མའི་རྗེས་སུ་འབྲང་བའང་མ་ཡིན་ཏེ། རྟག་དུ་རང་གི་ལྷའི་བདག་ཉིད་དུ་བལྟས་ཏེ་སྤྱད་པར་བྱ་ལ་དངོས་པོར་ཞེན་པ་དང་དགག་པ་གཉིས་སྤང་བར་བྱ་བ་འདི་ནི། དབང་པོ་རང་བཞིན་གྱིས་བསྡམས་ཤིང་། འདོད་པ་བཀག་པའི་གདུང་བས་ཀྱང་མ་ཟིན་པ་དང་། རྒྱལ་བའི་བྱིན་རླབས་ཀྱང་ཉེ་བར་འགྱུར་བས། བསམ་གཏན་ཀྱི་སྣོད་དུ་གྱུར་པ་ཡིན་ནོ། །འདི་ལ་སོ་སོར་སྤྱོད་པ་ཅེས་ཀྱང་བྱ་སྟེ། བདེ་བས་ལོངས་སྤྱོད་དོ། །སོ་སོར་སྤོང་བ་ཞེས་ཀྱང་བྱ་སྟེ། འདོད་པས་གཡེང་བར་འགྱུར་བ་སྤོང་ངོ་། །བསམ་གཏན་ནི་འདོད་པ་དང་སྡིག་ཏོ་མི་དགེ་བའི་ཆོས་ལས་དབེན་པ་ལས་སྐྱེས་པ་ཡིན་པས། དེའི་འོག་དུ་བསམ་གཏན་བསྟན་པར་རིགས་སོ། །དེ་ཡང་ཡན་ལག་རྣམ་པ་ལྔ་སྟེ། འདི་ལྟར་རྟོག་དཔྱོད་གཉིས། དགའ་བདེ་གཉིས། སེམས་རྩེ་གཅིག་པ་དང་ལྔའོ། །བསམ་གཏན་གྱི་ཡུལ་ཡང་འདིའི་སྐབས་སུ་གསང་བ་གསུམ་ཉིད་ཡིན་ཏེ། གསང་བ་གསུམ་ཀྱིས་ནི་ཕྱག་རྒྱ་ཐམས་ཅད་བསྡུས་སོ། །ཕྱག་རྒྱས་ནི་ཡོངས་སུ་དག་པའི་ལྷ་ཐམས་ཅད་ཀྱང་དོན་དང་རྟགས་ཀྱི་ཚུལ་ཀྱིས་བསྡུས་སོ། །དེ་ལ་གསང་བ་གསུམ་ལས། སྐུའི་གསང་བ་ནི། ལྷའི་གཟུགས་ཀྱི་སྐུ་ཁ་དོག་དང་དབྱིབས་དང་གཡོ་བའི་བྱེ་བྲག །འདི་སྐད་དུ། སྨིནད་མ་མིག་དང་སོ་དང་མཆུ། །བཞིན་དང་ལུས་དང་རྐང་ལག་གིས། །རྡོ་རྗེ་སེམས་དཔའ་དཔལ་གྱི་རྒྱ། །རང་དོན་ལས་རྣམས་སྒྲུབ་བྱེད་པའོ། །ཞེས་གསུངས་པ་བཞིན། སྐུའི་ཚུལ་ཐམས་ཅད་ཀྱི་སྒོ་ནས། བསམ་གཏན་ཀྱི་ཡུལ་དུ་དམིགས་པའོ། །གསུང་གི་གསང་བ་ནི། ༼བསམ་གཏན་ཕྱི་མ་ལས། ༽སྒྲ་དང་སྒྲ་མིན་རྣམ་དཔྱད་པ། །ང་རོ་སྦས་པ་རྡོ་རྗེའི་གསུང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར། ལྷའི་ཐུགས་ཀ་དང་ལྗགས་སྟེངས་སུ་ཆོས་ཀྱི་ཡི་གེ་ཁ་དོག་དང་དབྱིབས་ཀྱི་མཚན་མར་བསམ་པ་དང་། དེ་ཡང་སྒྲ་དང་སྒྲའི་དོན་ཀྱི་ཆོས་ཉིད་དང་བཅས་པར་བརྟག་ཅིང་དཔྱད་པ་ནི་བསམ་གཏན་ཐོབ་པའི་རྒྱུ་ཡིན་ཏེ། ཇི་སྐད་དུ། སྒྲ་ལ་གནས་པའི་བསམ་གཏན་ནི་རྣལ་འབྱོར་ཐོབ་པར་བྱེད་པ་ཡིན་ལ། སྒྲའི་མཐའ་ལ་གནས་པའི་བསམ་གཏན་ནི་ཐར་པ་སྟེར་བར་བྱེད་པར་གསུངས་པ་དང་འདྲའོ། །ངག་སྒྲ་གྲགས་པར་བརྗོད་པ་ནི་བསམ་གཏན་གཙོར་སྨོས་པའི་སྐབས་འདིར་གཡེང་བའི་རྒྱུར་འགྱུར་རོ། །ཐུགས་ཀྱི་གསང་བ་ནི། ཐུགས་ཀར་སེམས་པའི་རྡོ་རྗེ་བསྒོམ་པ་དང་། ཡེ་ཤེས་སེམས་དཔའ་ལྟ་བུ་བསྒོམ་པ་ནི་ཐུགས་ཀྱི་མཚན་མ། དེའི་དོན་བྱང་ཆུབ་ཀྱི་སེམས་དང་ཆོས་ཀྱི་སྐུར་གནས་པའི་མཚན་ཉིད་རྣམ་པར་དཔྱད་པ་ནི་ཐུགས་ཀྱི་བདག་ཉིད་དེ། དེ་ལྟར་གསང་བ་གསུམ་ལ་དམིགས་པ་ནི་བསམ་གཏན་གྱི་ཡུལ་ལོ། །དེ་ལ་དམིགས་པར་བྱེད་པ་ནི། ཡན་ལག་ལྔའི་ཚུལ་གྱིས་དམིགས་པར་བྱེད་དེ། དེ་ལ་རྟོག་པ་ནི་གསང་བ་གསུམ་གྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོག་པའི་བློ་སྐྱེ་བའོ། །དཔྱོད་པ་ནི་དེ་ཉིད་ལ་བློ་ཡང་དང་ཡང་དུ་སྦྱོང་ཞིང་། དེའི་དོན་དང་བཅས་པ་ལ་དཔྱོད་པ་ཡང་དང་ཡང་འཇུག་པའོ། །དགའ་བ་ནི་རྟོག་དཔྱོད་གཉིས་ཀྱི་བསམ་གཏན་ཐོབ་པས་གསང་བ་གསུམ་གྱི་འདྲ་སྣང་གི་རྣམ་པ་འབྱུང་བར་འགྱུར་ཏེ། དེའི་ཚེ་འདོད་པས་དབེན་པར་གྱུར་པ་དང་། སྔར་མ་མྱོང་བའི་དོན་ཉམས་སུ་མྱོང་བས་ཐུན་མོང་མ་ཡིན་པའི་དགའ་བ་རླབས་པོ་ཆེ་སྐྱེའོ། །བདེ་བ་ནི་དེའི་དབང་གིས་སེམས་བསྡུས་པ་ཐོབ་པ་ན་ལུས་དང་སེམས་ཀྱི་ཚོར་བ་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །སེམས་རྩེ་གཅིག་པ་ནི་དེ་ལྟར་སེམས་ཤིན་དུ་བསྡུས་པར་གྱུར་པ་ལས། ཤེས་པ་དང་ཤེས་བྱ་གཉིས་སུ་སྣང་བར་མི་སྐྱེ་སྟེ། རང་རིག་པ་ཙམ་དུ་གྱུར་པའོ། །དེ་ལྟར་བསམ་གཏན་ཀྱིས་སེམས་ཞི་བར་བྱས་པ་ལ། དེ་ཤིན་དུ་དུལ་བར་བྱ་བའི་ཕྱིར་དབུགས་དགག་ཅིང་གཏང་བ་ལ་བསླབ་པར་བྱའོ། །དེ་ལ་ཇི་ལྟར་བསླབ་པའི་ཐབས་ནི་སྒོ་མང་བས་གང་ལྟར་བསླབས་ཀྱང་འགལ་བ་མེད་དོ། །དེ་ནས་སེམས་དུལ་ཞིང་དབུགས་ཞི་ནས། བརྟན་ཞིང་སྟོབས་དང་ལྡན་པར་བྱ་བའི་ཕྱིར། དབུགས་ནང་དུ་གཟུང་བ་ལ་བསླབ་པར་བྱའོ། །དེ་ནས་དབུགས་ཟིན་ཏེ་སེམས་ཀྱང་ཤིན་དུ་ཞི་བར་གྱུར་ནས་བརྟན་པ་ཐོབ་པ་ན། མཚན་མ་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ། འདི་སྐད་དུ། དང་པོ་སྨིགས་རྒྱུ་འདྲ་བ་དང་། །གཉིས་པ་ལ་ནི་དུ་བའི་ཚུལ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་བཞིན་དུ་འབར། །ལྔ་པ་རྟག་དུ་སྣང་བ་ནི། །སྤྲིན་མེད་པ་ཡི་ནམ་མཁའ་བཞིན། །ཞེས་གསུངས་ཏེ། དེ་ལ་རྟགས་འདི་ཡང་ཕྱི་ནང་རྣམ་པ་གཉིས་ཏེ། དེ་ལ་ཕྱིའི་རྟགས་ནི་དབུགས་ནང་དུ་ཟིན་པར་གྱུར་པ་ན། ཕྱི་རོལ་དུ་མདུན་ཀྱི་ནམ་མཁའ་ལ་མིག་ལམ་དུ་འོད་སྣང་བར་འགྱུར་ཏེ། དེ་ཡང་དང་པོ་དབུགས་བརྟན་པར་ཟིན་ནས་ནམ་མཁའ་ལ་ཡུན་རིང་དུ་བརྟན་པར་བལྟས་པ་ན། འོད་སྣང་བའི་སྔ་རྟགས་དུ་བའི་རྣམ་པ་སྨིགས་རྒྱུའི་རྣམ་པ་འདྲ་བ་མཐོང་བར་འགྱུར་རོ། །དེ་བརྟན་པར་གྱུར་ནས་དུ་བ་འདྲ་བ་མཐོང་བར་འགྱུར་རོ། །དེ་བརྟན་པར་གྱུར་ནས་སྲིན་བུ་མེད་ཁྱེར་གྱི་འོད་འདྲ་བ་མཐོང་བར་འགྱུར་རོ། །དེ་བརྟན་པར་གྱུར་ནས་མར་མེའི་འོད་འདྲ་བ་མཐོང་བར་འགྱུར་རོ། །དེ་བརྟན་པར་གྱུར་ནས་སྤྲིན་མེད་པའི་ནམ་མཁའ་བཞིན་དུ་ཐམས་ཅད་གསལ་བར་འགྱུར་ཏེ། རྟགས་ཚད་དུ་ཕྱིན་ཏོ། །འདི་ནི་ཉིན་པར་གྱི་དབང་དུ་གསུངས་པ་ཡིན་ཏེ། མཚན་མོ་བལྟས་ན་ནི་ཐམས་ཅད་དུ་མེའི་འོད་འདྲ་བར་རིམས་ཀྱིས་རྒྱས་པར་མཐོང་བར་འགྱུར་རོ། །ནང་གི་རྟགས་ནི་སེམས་ཇེ་ཞི་ཇེ་གསལ་གྱུར་པ་ཉིད་དང་སྦྱར་རོ། །དེ་ལྟར་བརྟན་པའི་རྟགས་ཐོབ་ནས། སེམས་ཤིན་དུ་སྦྱངས་པ་ཐོབ་པར་བྱ་བའི་ཕྱིར། རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། སྟེང་འོག་གི་སྒོ་གང་རུང་ཞིག་ནས་གསང་བ་གསུམ་ཀྱི་རྣམ་པའི་འོད་ཟེར་ཀྱི་སྤྲོ་བསྡུ་རྒྱ་ཆེ་ཆུང་དང་གྲངས་མང་ཉུང་གིས་སེམས་ཀྱི་རྩལ་སྦྱང་བར་བྱའོ། །དེ་ལྟར་རྩལ་འབྱོངས་ནས་ཏིང་ངེ་འཛིན་ལ་བསླབ་པ་ནི། གོང་མ་ལྟར་རྩལ་འབྱོངས་པའི་ཤུགས་ཀྱིས་ཡེ་ཤེས་རང་རིག་པ་ཐོབ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་སྒྲིབ་པའི་དྲ་བ་ཐམས་ཅད་གཅོད་པར་འགྱུར་རོ། །ཡན་ལག་གཞན་ཀྱི་ཡོན་ཏན་ནི། སོ་སོར་སྤྱད་པས་བདེར་གཤེགས་རྣམས་དགོངས་པར་འགྱུར། བསམ་གཏན་ཐོབ་པ་ལས་མངོན་པར་ཤེས་པ་འཐོབ་བོ། །དབུགས་དབང་དུ་གྱུར་པ་ལས་འོད་ཀྱི་དཀྱིལ་འཁོར་འབྱུང་ངོ་། །དེ་ལ་ལུས་དང་སེམས་དང་ལྷ་ལ་དམིགས་པའི་ཚུལ་གང་ཞེ་ན། ལུས་ལ་དམིགས་པ་ནི་དབུགས་ཀྱི་སྒོ་ནས་དམིགས་ཏེ། དེ་ཡང་དབུགས་ཀྱི་རང་བཞིན་དང་། དེ་བཞིན་དུ་གནས་དང་། ཡུལ་དང་། ལམ་དང་། ལས་དང་། དམིགས་པའི་ཐབས་དང་། ཡོན་ཏན་ནོ། །དེ་ལ་དབུགས་ཀྱི་རང་བཞིན་ནི། ལུས་ཉིད་ཁམས་ལྔའི་རང་བཞིན་དུ་གནས་པས། དབུགས་ཀྱི་རང་བཞིན་ཁམས་ལྔའི་རང་བཞིན་ཡིན་ཏེ། དེ་ལ་སའི་དབུགས་ནི་སྲ་ཞིང་ལྕིའོ། །ཆུའི་དབུགས་ནི་དལ་ཞིང་འཇམ་མོ། །མེའི་དབུགས་ནི་ཡང་ཞིང་དྲོའོ། །རླུང་གི་དབུགས་ནི་ཡང་ཞིང་རྩུབ་བོ། །ནམ་མཁའི་དབུགས་ནི་ཕྲ་ཞིང་རྒྱུ་བ་མི་ཚོར་རོ། །དབུགས་ཀྱི་གནས་ནི་སྙིང་ཁོང་སྟོང་དང་། གློ་བ་ཁོང་སྟོང་ངོ་། །དབུགས་ཀྱི་ཡུལ་ནི་ནང་དུ་ལུས་ཀུན་ལ་ཡང་ཁྱབ་པར་རྒྱུ་ན། ཤས་ཆེར་ལྟེ་བ་ཡན་ཆད་ནས། ཕྱི་རོལ་ཀྱི་སོར་བཅུ་དྲུག་ཚུན་ཆད་དོ། །དབུགས་ཀྱི་ལམ་ནི་གཙོར་མགྲིན་པའི་གསང་ནས་སྣའི་བུ་གའོ། །དབུགས་ཀྱི་ལས་ནི་གཉིས་ཏེ། འཛིན་པའི་ལས་དང་བྱེད་པའི་ལས་སོ། །དེ་ལ་འཛིན་པའི་ལས་ནི་རེག་པས་ལུས་ལ་ཕན་འདོགས་ཤིང་། ལུས་འཛིན་པར་ཡང་བྱེད། སེམས་ཀྱི་བཞོན་པ་བྱེད་ཅིང་སེམས་ཀྱང་འཛིན་པར་བྱེད་དེ། ལུས་སེམས་གཉིས་ག་འཛིན་པར་བྱེད་པས་སྲོག་འཛིན་པའི་ལས་བྱེད་ཅེས་བྱ། བྱེད་པའི་ལས་ནི། གཡོ་བའི་ཚེ་ལུས་སེམས་གཉིས་ག་ཡང་གཡོ་བར་བྱེད། མི་གཡོ་བའི་ཚེ་གཉིས་ག་ཡང་མི་གཡོ་བར་བྱེད་དོ། །དབུགས་ལ་དམིགས་པའི་ཐབས་ནི་སྒོ་མང་སྟེ་གང་ལྟར་ཡང་འགལ་བ་མེད་དོ། །མདོར་བསྡུ་ན་དབུགས་ཀྱི་ཆོས་དང་མཐུན་པར་དམིགས་པ་དང་། ཆོས་ལ་མ་བརྟེན་པར་དམིགས་པའོ། །དེ་ལ་མཐུན་པ་ནི། གཡས་ནས་རྒྱུ་བ་མེ་དང་རླུང་གི་ཁམས། གཡོན་ནས་རྒྱུ་བ་ས་དང་ཆུའི་ཁམས། དབུས་ནས་རྒྱུ་བ་ནམ་མཁའི་ཁམས་ཞེས་བཤད་པ་དང་། དེ་ལས་ཀྱང་ཕྱེ་ན། གཡས་གཡོན་རེ་རེ་ལའང་ཁམས་ལྔ་ལྔ་ཚང་བར་རྒྱུ་བ་དང་། རགས་རིམས་མདོར་བསྡུ་ན། གཡས་གཡོན་རེ་རེ་ལའང་འབྱུང་བ་རེ་རེའི་ཤས་སུ་བསྟན་པ་དག་གི་སྒོ་ནས། ཁ་དོག་དང་། དབྱིབས་དང་། བོང་ཚོད་དང་། རྣམ་པའི་སྒོ་ནས་སོ་སོར་ཕྱེ་ནས་དམིགས་པའོ། །རྣམ་པའང་འོད་དང་ཡི་གེ་དང་མཚན་མ་དང་སྐུ་ཕྲ་མོ་ལྟ་བུའི་རྣམ་པར་དམིགས་པའོ། །ཆོས་ལ་མ་རྟེན་པ་ནི་བྱེ་བྲག་སོ་སོར་ཕྱེ་བ་མེད་པར། དབུགས་ཕྱི་ནང་དུ་རྒྱུ་བ་ཙམ་ལ་དམིགས་ཏེ། མཚན་མའི་རྣམ་པ་གང་ཡང་རུང་བ་གཅིག་ལ་དམིགས་པའམ། རེག་བྱ་ཙམ་ལ་དམིགས་ཀྱང་རུང་སྟེ། སེམས་མ་ཡེངས་པར་གཏད་པ་འབའ་ཞིག་ཙམ་ཀྱིས་ཀྱང་ཆོག་གོ །སྤྱིར་གྲགས་པའི་ཁ་དོག་དང་བོང་ཚོད་ཀྱི་སྐྱོན་དང་ཡོན་ཏན་ནི། ཁམས་རྣམས་ནི་གདུག་པའི་མཚན་ཉིད་ཡིན་པས། བསམ་གཏན་གྱི་ཡུལ་དུ་དམིགས་པ་ཙམ་ལའང་མཐུ་བརྟས་པའི་དུས་ན། སྐྱོན་དང་ཡོན་ཏན་ཡོད་དེ། དེ་ལ་ཁ་དོག་དཀར་པོ་ནི་གདུག་པ་ཞི་བར་བྱེད་པའི་མཚན་ཉིད། སེར་པོ་ནི་གདུག་པ་འཛིན་པའི་མཚན་ཉིད། དམར་པོ་ནི་གདུག་པ་མཆེད་པའི་མཚན་ཉིད། ནག་པོ་ནི་གདུག་པ་སློང་བའི་མཚན་ཉིད་ཞེས་འབྱུང་། རེག་བྱ་དང་བོང་ཚོད་ཀྱང་སྲ་ཞིང་སྦོམ་པ་ལྟར་ལུས་ལ་མི་བདེ་བ་འབྱུང་། ཕྲ་ཞིང་དང་ལ་ཆུ་ཟླ་ལྟར་དངོས་པོའི་ཤས་ཆུང་བར་དམིགས་ན་ལུས་ལ་མི་བདེ་བ་མི་འབྱུང་ངོ་། །ཞེའོ། །དབུགས་ལ་དམིགས་པའི་ཡོན་ཏན་ནི། ལུས་ཀྱི་རྣམ་པ་ལ་མཁས་པས་གཅིག་པུར་ལྟ་བ་དང་། དངོས་པོར་ལྟ་བ་དང་། བདེ་ཞིང་གཙང་བར་ལྟ་བ་རྣམས་ལྡོག་སྟེ། ལྷག་མཐོང་བསྐྱེད་དོ། །སེམས་གནས་པ་ཐོབ་པས་ཞི་གནས་ལས་སུ་རུང་བར་འགྱུར་རོ། །སེམས་ལ་དམིགས་པའང་དེ་བཞིན་སྦྱར་ཏེ། སེམས་ཀྱི་རང་བཞིན་ནི་སྣང་བའི་ཁམས་དང་། རློམ་སེམས་པའི་ཁམས་དང་། དངོས་པོ་སོ་སོ་རྣམ་པར་རིག་པའི་ཁམས་སོ། །སེམས་ཀྱི་གནས་ནི་ཁམས་ལྔ་པའི་རླུང་ལ་ཞོན་ནས་ཁམས་ལྔ་པའི་ལུས་ལ་གནས་སོ། །སེམས་ཀྱི་ཡུལ་ནི། སྣང་བའི་ཡུལ་ནི་ཆོས་ཐམས་ཅད་དོ། །རློམ་སེམས་པའི་ཡུལ་ནི་སེམས་ཉིད་དོ། །རྣམ་པར་རིག་པའི་ཡུལ་ནི་ཕྱིའི་སྐྱེ་མཆེད་རྣམས་སོ། །སེམས་ཀྱི་ལམ་ནི་དབང་པོ་རྣམས་སོ། །སེམས་ཀྱི་ལས་ནི་གཉིས་ཏེ། འཛིན་པའི་ལས་ནི་ཆོས་ཐམས་ཅད་འཛིན་པར་བྱེད་དོ། །བྱེད་པའི་ལས་ནི་དཀར་གནག་གི་འདུ་བྱེད་ཐམས་ཅད་མངོན་པར་འདུ་བྱེད་དོ། །སེམས་ལ་དམིགས་པའི་ཐབས་ནི། གོང་དུ་དབུགས་ལ་དམིགས་པ་ལས་སུ་རུང་བས། དེ་ནས་དྲན་པ་དང་ཤེས་བཞིན་ཀྱིས་བཟུང་སྟེ། སེམས་ཇི་ལྟར་སྐྱེ་བ་ཉིད་ལ་དམིགས་པས་སེམས་ཀྱི་མཚན་ཉིད་ཁོང་དུ་ཆུད་པར་འགྱུར་རོ། །དམིགས་པའི་ཡོན་ཏན་ནི། བདག་དུ་ལྟ་བ་དང་། རྟག་པར་ལྟ་བ་དང་། དངོས་པོར་ལྟ་བ་ཐམས་ཅད་ལྡོག་སྟེ། ལྷག་མཐོང་སྐྱེད་དོ། །སེམས་ལས་སུ་རུང་བར་འགྱུར་ཏེ་ཞི་གནས་འཐོབ་བོ། །དེ་ལྟར་ལུས་དང་སེམས་ལ་དམིགས་པ་ལས་སུ་རུང་ནས། ལྷ་ལ་དམིགས་པར་བྱ་སྟེ། ལྷ་ལའང་རེ་ཞིག་གི་མཚན་མ་ལུས་སེམས་དང་མཐུན་པར་བསྟན་ཏེ། དེ་ཡང་འདི་ལྟར་ལྷའི་རང་བཞིན་ནི། ཆོས་ཉིད་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཅི་ཡང་ས་ལེ་མཁྱེན་པའི་ཡེ་ཤེས་དང་། འགྲོ་བ་འདུལ་བའི་གཟུགས་ཀྱི་སྐུ་དང་། སོ་སོའི་སྐད་དུ་དམ་པའི་ཆོས་སྟོན་པའི་གསུང་སྟེ། ཆོས་ལྔའི་རང་བཞིན་ནོ། །ལྷའི་གནས་ནི། སེམས་ཅན་ཀྱི་ལུས་དང་སེམས་ཉིད་དོ། །ལྷའི་ཡུལ་ནི་ཆོས་ཀྱི་དབྱིངས་དང་། ཐུགས་རྗེའི་ཞིང་རྣམས་སོ། །ལྷའི་ལམ་ནི་འགྲོ་འོང་མི་མངའ་འང་། ལྷའི་ཡོངས་སུ་གཟུང་བ་ནི་སེམས་ཅན། སེམས་ཅན་ཀྱི་སྐྱབས་ནི་ལྷ་སྟེ། འབྲེལ་པ་གཉིས་ཀྱི་སྒོ་དང་ལམ་དུ་གྱུར་པ་ནི། ལམ་གྱི་ཆོས་༼སེམས་ཅན་དང་ལྷར་འབྲེལ། ༽ དང་ལུང་གི་ཆོས་༼ལྷ་དང་སེམས་ཅན་དུ་འབྲེལ། ༽ སོ། །ལྷའི་ལས་ནི། འཛིན་པའི་ལས་ནི་ཡོན་ཏན་ཐམས་ཅད་དང་ལྡན་པའོ། །བྱེད་པའི་ལས་ནི་སེམས་ཅན་སྒྲོལ་བར་མཛད་པའོ། །ལྷ་ལ་དམིགས་པའི་ཐབས་ནི་ལུས་དང་སེམས་ཉིད་ལྷར་བསྒོམས་པ་སྟེ། དེ་ཡང་རྣལ་འབྱོར་རྣམ་པ་གསུམ་གྱི་ཚུལ་ཀྱིས། བྱིན་ཀྱིས་རློབ་པའི་ཚུལ་ལམ། ཡོངས་སུ་བརྟགས་པའམ། རྫོགས་པའི་ཚུལ་གང་ཡང་རུང་བར་བསྒོམ་མོ། །ཡོན་ཏན་ནི། ཚོགས་རྣམ་པ་གཉིས་དུས་གཅིག་དུ་རྫོགས་པར་འགྱུར་བའོ། །དེ་ལྟར་དམིགས་པ་རྣམ་པ་གསུམ་ལ་རིམས་ཀྱིས་བསླབ་ཅིང་། རིམས་ཀྱིས་བསྟན་པར་བཤད་པ་འདི་ནི། བྱིས་པ་དང་པོ་གཞུག་པ་ཙམ་སྟེ། དངོས་སུ་ནི་ལུས་ཉིད་སེམས་ཀྱི་རྣམ་པ་ཡིན་ལ། སེམས་ཀྱི་རང་བཞིན་ནི་ལྷ་ཡིན་ནོ། །དེ་བས་ན་ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ལྷ་ཉིད་དུ་ཤེས་པ་ནི། དང་པོ་ལྷ་ངོ་ཤེས་པ་ཡིན་ནོ། །བར་དུ་ལྷ་བསྒོམ་པའི་ཐབས་ཤེས་པ་ནི། བསྒྲུབ་ཐབས་སྣ་ཚོགས་ནས་གསུངས་པ་དང་། གོང་དུ་བསྟན་པའི་བསམ་གཏན་ཀྱི་ལུང་སེམས་ལོན་གྱིས་བཅོས་པའི་ཐབས་བསྟན་པ་རྣམས་ཡིན་ནོ། །ཐ་མ་ལས་སུ་རུང་བའི་ཚད་བསྟན་པ་ནི། མཚན་མ་མེད་པའི་ལྷའི་ཚད་ནི་གོང་དུ་བསྟན་ཟིན་ཏོ། །མཚན་མའི་ལྷའི་སྐུ་བསྒོམས་པའི་ཚད་ནི། ལྷའི་ལུང་བཅུར་བསྟན་པའང་ཡོད་ན། མདོ་གསུམ་དུ་འདུས་ཏེ། ལྷམ་མེ། ལྷན་ནེ། ལྷང་ངེ་བ་དང་གསུམ་སྟེ། དེ་ལ་ལྷམ་མེ་ནི་མ་བརྡོས་པ། ལྷན་ནེ་ནི་མ་གཡོས་པ། ལྷང་ངེ་ནི་མ་བསྒྲིབས་པའོ། །དེ་ལ་མ་བརྡོས་པ་ནི་སྣང་ལ་རང་བཞིན་མེད་པ་སྟེ། གཟུགས་བརྙན་ནམ་ཆུ་ཟླ་ལྟ་བུའོ། །མ་གཡོས་པ་ནི་བྱིང་རྒོད་ཀྱི་ཟུག་རྔུས་མ་བསྐྱོད་པ་སྟེ། ནོར་བུ་རིན་པོ་ཆེའི་འོད་ལྟ་བུའོ། །མ་བསྒྲིབས་པ་ནི་དེ་གཉིས་དང་ལྡན་པས་མ་རྟོགས་པའི་སྒྲིབ་པ་དང་། མི་གསལ་བའི་སྒྲིབ་པ་གཉིས་མེད་པར་ཤིན་དུ་གསལ་བར་སྣང་བ། དབང་པོས་བལྟ་བར་མི་བཟོད་པ་ལྟར་ཤིན་ཏུ་གསལ་བའོ། །དེ་དག་ནི་ཚུལ་བཞིན་དུ་སློབ་པར་འདོད་པ་རྣམས་ཀྱི་དབང་དུ་བཤད་པའོ། །གང་དག་མོས་པ་དང་བྱ་བས་གཡེངས་པར་གྱུར་ཅིང་ཚུལ་བཞིན་དུ་སྦྱོར་མི་ནུས་པ་རྣམས་ཀྱིས་ནི། རྫོགས་པ་ཆེན་པོའི་དོན་དང་། ལྷའི་རང་བཞིན་ཇི་ལྟ་བ་ཡིད་ལ་བྱ་སྟེ། དེས་ཟིན་པར་བྱས་ལ། ཆོ་གའི་རིམ་པས་བསྐྱེད་ཀྱང་རུང་། སྐད་ཅིག་གཅིག་ལ་རྫོགས་པའི་ཚུལ་ལམ། བག་ཆགས་ཀྱི་ཤུགས་སམ། མོས་པ་དང་ང་རྒྱལ་ཀྱི་སྒོ་ནས་ཀྱང་མ་ཡེངས་པའི་སེམས་ཀྱིས་བཟུང་སྟེ། བཟླས་བརྗོད་དང་བསམ་གཏན་ལ་འཇུག་གོ །བཟླས་བརྗོད་ཀྱི་ཚེའང་མདུན་དུ་ལྷ་དམིགས་ཀྱང་རུང་། མ་དམིགས་ཀྱང་རུང་། འཕྲོ་འདུ་ཡོད་ཀྱང་རུང་མེད་ཀྱང་རུང་། ལས་སམ་འབྲས་བུ་གང་ལ་དམིགས་ཀྱང་རུང་སྟེ། སྤྱིར་དམིགས་པ་རྩེ་གཅིག་པས་འབད་པ་ལྟར་མཐུ་དང་བྱིན་རླབས་ཆེའོ། །སྤྱིར་ལྷའི་དེ་ཁོ་ན་ཉིད་ལ། ལྷ་དྲུག་དུ་གྲགས་པ་དང་། ༼དོན་དམ་པའི་ལྷ། ༽ཆོས་ཉིད་ཀྱི་ལྷ་དང་། སེམས་པའི་བྱེ་བྲག་གི་ལྷ་༼གཞན་ཀུན། ༽ཞེས་བྱ་བ་དང་། ལྷར་བཏགས་པ་དང་། དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ལྷ་ཞེས་སྤྱིར་གྲགས་མོད་ཀྱི། ཕྱག་རྒྱའི་མཚན་མ་ལ་ལྷར་གྲགས་པ་ན། བརྟག་པ་རྣམ་པ་དུ་མ་ལ་འཇུག་སྟེ། རྣམ་པར་༼ཕ་རོལ་དུ་ཕྱིན་པའི་ལུགས། ༽སྨིན་པའི་ལུས་ཀྱི་དབྱིབས་ཀྱི་བྱེ་བྲག་ཅེས་བརྟག་པ་དང་། དེ་ཉིད་བདག་ཉིད་ཆེན་པོ་༼སྔགས་ཀྱི་ལུགས། ༽རྣམས་ཀྱི་མཚན་མའི་གཟུགས་སོ། །ཞེས་བརྟག་པ་དང་། དེ་ཉིད་སྐྱེ་བོ་བྱིན་ཀྱིས་རློབ་པ་ལ་སོགས་པའི་ནུས་མཐུ་ཅན་ནོ། །ཞེས་བརྟག་པ་དང་། དེ་ཉིད་དམ་ཚིག་ཅན་ཀྱི་སྐྱེ་བོས་ལྷར་བརྟགས་པའོ། །ཞེས་བརྟག་པ་དང་། དེ་ཉིད་རྣམ་པར་སྨིན་པའི་གཟུགས་ཀྱི་བྱེ་བྲག་དང་། ཡེ་ཤེས་ཆེན་པོའི་བྱིན་རླབས་གཉིས་དབྱེར་མེད་པར་འདྲེས་པའོ། །ཞེས་བརྟག་པ་དང་། དེ་ཉིད་བདག་ཉིད་ཆེན་པོ་རྣམས་ཀྱི་ཐུགས་གསང་བའི་ཡེ་ཤེས་ཉིད་མཚན་མའི་གཟུགས་སུ་སྤྲུལ་པ་སྟེ། ཆུ་གྲང་བའི་རྐྱེན་ཀྱིས་ཆབ་རོམ་དུ་གྱུར་པ་ལྟ་བུའོ། །ཞེས་བརྟག་པ་དང་། ཆོས་ཐམས་ཅད་ལྷུན་ཀྱིས་གྲུབ་པའི་ཕྱག་རྒྱའི་རང་བཞིན་ཡིན་པ་ལས། ལས་འཕྲོ་དང་སྐལ་བའི་དབང་གིས་སོ་སོར་སྣང་སྟེ། དེ་ལ་ཤིན་དུ་དག་པ་དུལ་བར་གྱུར་པ་རྣམས་ལ་ནི་ལོངས་སྤྱོད་རྫོགས་པའི་སྐུར་སྣང་ངོ་། །སེམས་ཅན་ཁེངས་པ་ལས་དག་པར་གྱུར་པ་རྣམས་ལ་ནི། སྤྲུལ་པའི་སྐུ་རབ་དུ་བྱུང་བའི་ཆ་ལུགས་སུ་སྣང་ངོ་། །དེའི་འོག་མ་རྣམས་ལ་ནི་ཆ་ཤས་ཀྱི་ཕྱག་རྒྱ་སྣང་ངོ་། །དེའི་འོག་མ་རྣམས་ལ་ནི་ཐུན་མོང་གི་གཟུགས་ལ་རྟེན་པའི་ཕྱག་རྒྱ་སྣང་སྟེ། ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པའི་ཕྱག་རྒྱར་བྱེ་བྲག་མེད་དོ། །ཞེས་འདོད་དོ། །དེ་ལ་གོང་མ་ལྔ་ནི་དངོས་པོར་ལྟ་བའི་དབང་དུ་བཤད་པའོ། །ཐ་མ་གཉིས་ནི་དངོས་པོར་ཞེན་པ་དང་བྲལ་བའི་དབང་དུ་བཤད་པའོ། །བརྟག་པ་དེ་ལྟར་འཇུག་ཀྱང་ཡོངས་སུ་གཟུང་བར་བྱ་བ་ནི། ཕྱི་མ་ལྟར་གཟུང་བར་བྱའོ། །མདོར་ན་བསམ་གཏན་གྱི་བྱེ་བྲག་འདི་དག་ཐམས་ཅད་ལའང་། །རྫོགས་པ་ཆེན་པོའི་དོན་ཀྱིས་ཟིན་པར་བྱས་ན་ཐབས་མཁས་པའི་སྤྱོད་པར་འགྱུར་རོ། །མ་ཟིན་ན་ཐབས་མི་མཁས་པའི་སྤྱོད་པར་འགྱུར་རོ། །བརྒྱུད་པའི་ཐབས་བསྟན་པ་སྟེ། སྐབས་དྲུག་པའོ།། །། ཆོས་རྣམས་སྒྱུ་མ་ལྟ་བུ་ཞེས། །གསུང་རབ་སྤྱི་ལས་གྲགས་མོད་ཀྱི། །སྒྱུ་མ་སྨིགས་རྒྱུ་ལ་སོགས་དང་། །འགོ་མཉམ་ཉིད་དུ་སྟོན་བྱེད་པ། །ངེས་དོན་རྫོགས་པ་ཆེན་པོའི་ཚུལ། །ཚུལ་འདི་བསྒྲུབ་པར་བྱ་བ་ལ། །བརྒལ་ལན་བཅས་ཤིང་ཤན་དང་བཅས། །རིགས་པས་གནོད་མེད་ཚུལ་དང་བཅས། །ངེས་དོན་བྱང་ཆུབ་སེམས་ཀྱི་དོན། །རང་བཞིན་དང་ནི་ཆེ་བ་དང་། །གོལ་སྒྲིབ་དང་ནི་གཞག་ཐབས་ཀྱང་། །བརྒྱུད་ཐབས་བཅས་པར་བསྟན་པ་ལགས། །རྐྱེན་རྣམས་ཉེ་བར་གནས་བཞིན་དུ། །འབྲས་བུ་སྣང་བར་མི་འགྱུར་ཞེས། །གང་དུའང་སྐུར་བ་མ་བཏབ་པས། །འདི་ལ་སྐུར་བའི་གནས་མ་མཐོང་། །རྒྱུ་འབྲས་རྟེན་ཅིང་འབྲེལ་ཚུལ་དུ། །སྣང་བ་ཙམ་ལས་མ་གཏོགས་པ། །རྒྱུ་འབྲས་དངོས་པོ་མི་སྒྲུབ་པས། །འདི་ལ་སྒྲོ་འདོགས་གནས་མ་མཐོང་། །གང་གཞན་སྒྲོ་སྐུར་བྲལ་བའི་དོན། །ཚུལ་གཞན་དག་གིས་སྒྲུབ་བྱེད་ཀྱང་། །ངེས་དོན་བཀའ་ཡི་རྗེས་འབྲངས་ནས། །དོན་ལ་བདག་བློ་འདི་ལྟར་སྐྱེས། །ཐེག་ཆེན་ཚུལ་ལ་འཇུག་པ་ཙམ། །ལྷོ་སྒོམ་དོན་དུ་འདི་བགྱིས་ཏེ། །༼རྫོགས་ཆེན་དགོན་དང་རྨུགས་སངས་དགོན་པའི་ཤིང་པར་གཉིས་ཆར་ལྷ་སྒོམ་ཞེས་འབྱུང་། བྲིས་མ་ཡིག་རྙིང་གཞན་ཞིག་ལས་ལྷོ་སྒོམ་ཞེས་འབྱུང་བ་ཡིན་ངེས་ཆེ་སྙམ། ༽ཐེག་ཆེན་སྣོད་དུ་གྱུར་པ་ཡི། །འགྲོ་བ་རྣམས་ཀྱིས་མཐོང་གྱུར་ཏམ། །འཇིག་རྟེན་གྲགས་མཐུན་སྒྲུབ་བྱེད་པའི། །བསྟན་ཆོས་རྗེས་སུ་ཞུགས་པའི་བློ། །འཛིན་བཅས་རྣམས་ཀྱིས་མཐོང་ཡང་རུང་། །ཐེག་ཆེན་བདེན་པའི་བྱིན་རླབས་ཀྱིས། །བླང་དོར་བྲལ་བའི་དོན་རྟོགས་ཏེ། །ཁྱུང་ཆེན་ནམ་མཁར་ལྡིངས་པ་བཞིན། །བཅིངས་མེད་བསྐྱོད་པ་མེད་བཞིན་དུ། །སྤྱི་རྒྱ་རླབས་ཀྱིས་ཆོད་པར་ཤོག །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་ཐབས། འཇུག་པའི་ཡན་ལག་དང་བཅས་པར་བསྟན་པ་རྫོགས་སོ། །མཁས་པའི་དབང་པོ་རོང་ཟོམ་ཆེན་པོས་སོ།། །།

གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ལས་སྣང་བ་ལྷར་བསྒྲུབ་པ།

༄༅། །གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ལས་སྣང་བ་ལྷར་བསྒྲུབ་པ་རོང་ཟོམ་ཆོས་བཟང་གིས་མཛད་པ་བཞུགས། །

༄༅། །གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་དཀྱིལ་འཁོར་དུ། ཡེ་ནས་སངས་རྒྱས་པ་ཡིན་པས་ད་ལམ་གྱིས་སྒྲུབ་པ་ལྟ་བུ་ནི་མ་ཡིན་ནོ། །ཞེས་འབྱུང་བ་ལ། འདིར་བརྒལ་བ། ད་ལྟར་འགྲོ་བ་རྣམས་ཀྱི་སྤྱོད་ཡུལ་དུ་སྣང་བའི་ཆོས་འདི་དག་ནི། ཇི་ལྟར་སྣང་བ་དེ་ལྟར་མ་ཡིན་ཏེ། འཁྲུལ་པ་ཡིན་པས། ཡེ་ནས་སངས་རྒྱས་པ་ནི་ཡིན་དུ་མི་རུང་ངོ་ཞེ་ན། འཁྲུལ་པ་ཡིན་དུ་ཟད་དེ། སེམས་ཅན་གྱི་འཁྲུལ་བ་ལས་མ་གཏོགས་པའི་ཆོས་གཞན་ཅི་ཡང་བཞག་ཅིང་བསྟན་དུ་མེད་དེ། འཁྲུལ་སྣང་དུ་གྲགས་པའི་ཆོས་འདི་ཙམ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་མུ་སྟེགས་ཅན་གྱིས་གང་ཟག་གི་བདག་རྟག་པར་ཡོད་པར་བརྟགས་པ་དང་། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་གིས་གང་ཟག་དེ་མི་རྟག་པའི་མཚན་ཉིད་དུ་ཡོད་པར་འདོད་པ་དང་། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་དང་མདོ་སྡེ་པས་གང་ཟག་བཀག་སྟེ། དེས་སྟོང་པའི་ཕུང་པོ་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་ཡོད་པར་འདོད་པ་དང་། རྣལ་འབྱོར་སྤྱོད་པ་བས་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བཏགས་པས་སྟོང་པའི། སྟོང་པ་ཉིད་དང་བཅས་པའི་གཞན་དབང་ཡོད་པར་འདོད་པ་དང་། དབུ་མ་པས་དོན་དམ་པར་ཆོས་ཐམས་ཅད་ལ་ཡོད་པ་དང་མེད་པ་ལ་སོགས་ཏེ་མཐའ་ཐམས་ཅད་དང་བྲལ་ཏེ། སྤྲོས་པ་ཡོངས་སུ་བཅད་པའོ། །ཞེས་འདོད་པ་དང་། གསང་སྔགས་ཀྱི་ཚུལ་ལས་བདེན་པ་རྣམ་པ་གཉིས་དབྱེར་མེད་པ་དང་། གདོད་མ་ནས་སངས་རྒྱས་པ་ལ་སོགས་པ་རྣམས་འགྲོ་བ་རྣམས་ཀྱིས་མཐུན་པར་སྣང་བའི་མཚན་ཉིད་ལ་ལྟ་བ་སོ་སོར་འཇོག་ཅིང་རྩོད་པ་ཡིན་ཏེ། དེའི་ཕྱིར་ཆོས་ཅན་གཞན་ཞིག་ཡོད་པ་ནི་མ་ཡིན་ནོ། །དེ་བས་ན་སྣང་བའི་ཆོས་འདི་དག་ཐམས་ཅད་འཁྲུལ་བ་ཡིན་དུ་ཟད་དེ། དེ་ཡང་འཁྲུལ་བ་བསལ་ནས་མ་འཁྲུལ་པ་ཞིག་བསྒྲུབ་ཏུ་མེད་དེ། འཁྲུལ་པ་ངོ་བོ་ཉིད་ཀྱིས་རྣམ་པར་དག་པས་སངས་རྒྱས་པ་ཡིན་ཏེ། དེ་བས་ན་ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་བས་ན་མཚན་མ་སྣ་ཚོགས་སུ་སྣང་བའི་ཆོས་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཉིད་ཡིན་ཏེ། རྣམ་པར་དག་པའི་ངོ་བོ་ཉིད་ལས་མ་འདས་པ་དུས་གསུམ་གྱི་སངས་རྒྱས་ཉིད་དང་འདྲ་བའོ། །སེམས་ཅན་དང་སངས་རྒྱས་ཀྱི་ཁྱད་པར་ནི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་ཕྱེ་བ་མ་ཡིན་ཏེ། རྨི་ལམ་གྱི་རྒྱུ་འབྲས་བུ་སོ་སོར་སྣང་བ་བཞིན་དུ། ཀུན་ཏུ་བཏགས་པའི་དབང་གིས་བློ་སོ་སོར་སྣང་བ་ཙམ་ལ་བཞག་པར་ཟད་དོ། །འདིར་དྲིས་པ། ལུང་ལས་དེ་ལྟར་གསུངས་ཀྱང་གཟུགས་པོར་གསུངས་སམ། དགོངས་པ་དང་བཅས་པར་གསུངས་པ་ངེས་པ་མེད་པས་ཆོས་ངོ་བོ་ཉིད་ཀྱིས་དག་པ་ནི་གྲུབ་ཏུ་རུང་་ན། ཆོས་ཅན་མཚན་མར་སྣང་བ་འདི་ཉིད་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་པ་ཡིན་པར་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ནི་ཀུན་ནས་ཉོན་མོངས་པ་དང་འཁོར་བ་ཡང་གཏན་མེད་པར་འགྱུར་རོ། །དེ་ལྟ་བུའི་གྲུབ་མཐའ་འགྲུབ་པར་འགྱུར་བའི་རིགས་པའང་མེད་དོ་ཞེ་ན། སེམས་ཅན་གྱི་སྤྱོད་ཡུལ་དུ་སྣང་བའི་དོན་ཚད་མར་བྱས་ནས་ཐོག་མ་མེད་པའི་དུས་ནས་རྟོག་པའི་བློ་འཁྲུལ་བས་ཇི་ལྟར་སྣང་བ་དེ་ལྟར་སྒྲུབ་པ་དང་། དགག་པ་བྱས་པའི་རྟོག་གེ་ནི་ཟབ་ཅིང་རྒྱ་ཆེ་བའི་དོན་ལ་བསྒྲུབ་པར་ནུས་པ་མ་ཡིན་མོད་ཀྱི་འོན་ཀྱང་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་པས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོགས་པའི་ཐབས་མེད་པ་ཡང་མ་ཡིན་ཏེ། དེ་བས་ན་དད་པ་ཙམ་གྱིས་འཇུག་པར་སྤྲོ་བ་རྣམས་ལུང་དང་མན་ངག་ཉིད་ཚད་མར་བྱས་ཏེ། ཡིད་ཆེས་པའི་བློས་ཞུགས་ན་ཉེས་པ་འགའ་ཡང་མེད་དོ། །གང་ཞིག་རིགས་པས་མ་གྲུབ་ན་འཇུག་པར་མི་འགྱུར་རོ་ཞེ་ན། དེ་དག་ལ་ཡང་མཐུན་པར་བསྒྲུབ་པར་བྱའོ། །དེ་ལ་ཆོས་དེ་དག་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་སངས་རྒྱས་པ་ལ། ཆོས་ཉིད་ཀྱི་རིགས་པས་གྲུབ་སྟེ། ཇི་ལྟར་མདོ་ལས། གཟུགས་རང་བཞིན་གྱིས་སྟོང་པ་སྟེ། ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ཆོས་ཉིད་ཀྱིས་དག་པས། མ་དག་པའི་ཆོས་ཅུང་ཟད་ཀྱང་མེད་པ་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པས། ལུས་ངག་ཡིད་གསུམ་ཡང་རྣམ་པར་དག་པ་རང་གི་ཆོས་ཉིད་ཡིན་ཏེ། རྣམ་པར་དག་པ་ནི་སངས་རྒྱས་པའོ། །དེས་ན་རྣམ་པར་དག་པས་ཕྱེ་བའི་ལུས་ངག་ཡིད་ནི་དབྱེར་མེད་ཅིང་སྤྲོས་པ་མེད་པ་དང་། རྫོགས་པར་ཁྱབ་པའི་ཕྱིར་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཉིད་ཡིན་པར་རིགས་པར་བྱའོ། །དེ་ལྟར་ཆོས་ཉིད་ཀྱི་རིགས་པས་གྲུབ་ན་རིགས་པ་ལྷག་མ་གསུམ་བསྒྲུབ་མི་དགོས་ཏེ། རིགས་པ་གསུམ་པོའི་རྟེན་དེ་ཡིན་པའི་ཕྱིར་དང་དེ་གཙོ་བོ་ཡིན་པའི་ཕྱིར་རོ། །ཡང་དྲིས་པ། ཆོས་ཉིད་དེ་ནི་བདག་ཅག་ལ་མ་གྲུབ་པས། རིགས་པ་གཞན་གྱིས་སྒྲུབ་དགོས་སོ་ཞེ་ན། དེ་ཡང་བསྒྲུབ་པར་བྱ་སྟེ། དེ་ལ་བྱ་བ་བྱེད་པའི་རིགས་པ་ནི། དངོས་པོ་རྣམས་འབྲས་བུའི་སྒོ་ནས་རྒྱུ་ཤེས་པར་བྱེད་པ་སྟེ། ཇི་ལྟར་སྨན་དང་དུག་གིས་འཚོ་བ་དང་འཆི་བའི་བྱ་བ་བྱེད་པ་དམིགས་པས། བྱ་བའི་སྒོ་ནས་བྱེད་པ་ཤེས་པ་ཡིན་པ་བཞིན། གང་གི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་བསྒོམས་པས། ལུས་དང་ངག་དང་ཡིད་དག་པའི་དངོས་གྲུབ་ཐོབ་པར་དམིགས་པའི་ཕྱིར། སྣང་བའི་ཆོས་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ཉིད་དང་མཐུ་ཅན་དུ་བྱ་བ་བྱེད་པའི་རིགས་པས་གྲུབ་པ་ཡིན་ནོ། །དངོས་པོའི་ནུས་པ་ལ་མ་ལྟོས་པར་བསྒྲུབ་པ་ཙམ་གྱིས་འགྲུབ་པ་ཡང་མ་ཡིན་ཏེ། ཇི་ལྟར་ནོར་བུ་རིན་པོ་ཆེ་སྔར་ལོངས་སྤྱོད་ཀྱི་རྐྱེན་དུ་མ་སྤྱད་པ་ཞིག །གང་ཞིག་གིས་རྙེད་པ་ལས། དེས་རིན་པོ་ཆེ་ངོ་མ་ཤེས་ཏེ། ནོར་བུ་ཕལ་བར་བཞག་ནས་ཡོན་ཏན་མཐོང་བ་ཡང་མེད་པ་ལས། ཕྱིས་ནོར་བུའི་རིགས་ཤེས་པས་བསྟན་ཏེ། དེས་བྱི་དོར་བྱས་ཤིང་མཆོད་པ་ལས། གདོད་ནོར་བུ་དེ་ལས་ཡོན་ཏན་ཁྱད་པར་ཅན་འབྱུང་སྟེ། བྱ་བ་ཁྱད་པར་ཅན་དམིགས་པས་རིན་པོ་ཆེ་ཉིད་དུ་ངེས་པ་ལྟར། ཐ་མལ་པའི་ལུས་དང་ངག་དང་ཡིད་ཀྱང་ལྷར་མ་ཤེས་ཤིང་མ་བཀུར་ན། ཡོན་ཏན་མི་དམིགས་ཏེ། ཤེས་ཤིང་བཀུར་བས་གཞི་དེ་ཉིད་ལས་ཡོན་ཏན་དམིགས་པའི་ཕྱིར་རོ། །ལྟོས་པའི་རིགས་པས་ཀྱང་གྲུབ་སྟེ། དེ་ལ་ལྟོས་པའི་རིགས་པ་ནི། དངོས་པོ་རྣམས་རྒྱུས་འབྲས་བུ་རྟོགས་པར་བྱེད་པ་སྟེ། དེ་ལ་སྐྱེ་བ་གྲུབ་པར་བྱེད་པ། ས་བོན་ལ་ལྟོས་ནས་མྱུ་གུ་གྲུབ་པར་བྱེད་པའམ། ཐ་སྙད་སྒྲུབ་པར་བྱེད་པ། ངན་པ་ལ་ལྟོས་ནས་བཟང་པོའི་ཐ་སྙད་གྲུབ་པར་བྱེད་པ་བཞིན། སྣང་བའི་ཆོས་ཐམས་ཅད་ནི་སེམས་ཉིད་ཀྱི་རྣམ་པར་སྣང་བ་སྟེ། དེ་བས་ན་སེམས་ཀྱི་རྒྱུ་ལ་ལྟོས་ནས་འབྲས་བུ་དག་པ་དང་མ་དག་པ་ཐམས་ཅད་སྐྱེ་བ་འགྲུབ་པར་བྱེད་པ་ཡིན་པས། དེའི་ཕྱིར་དག་པའི་སྤྱོད་ཡུལ་དང་མ་དག་པའི་སྤྱོད་ཡུལ་ཐམས་ཅད་བག་ཆགས་ཀྱིས་བསྐྱེད་པའི་སེམས་ཀྱི་འབྲས་བུ་ཡིན་པས་གཉི་ག་ཡང་མཚན་ཉིད་པར་གྲུབ་པ་ཡིན་ནོ། །དེ་གཉིས་ལ་གང་ཞིག་འཁྲུལ་པའམ་མ་འཁྲུལ་པར་བཞག་པ་ནི། ལྟོས་པའི་རིག་པས་གྲུབ་སྟེ། དེའི་ཕྱིར་དག་པའི་སྤྱོད་ཡུལ་ནི་སྣང་བ༼བའི་ཞེས་རྨུགས་སངས་ཤིང་པར་དུ་སྣང་། ༽་མཚན་ཉིད་ཡིན་པར་ངེས་པར་རྟོགས་པར་བྱའོ། །དེ་ལྟར་རིགས་པ་རྣམ་པ་གསུམ་གྱིས་གྲུབ་ན། འཐད་པ་བསྒྲུབ་པའི་རིགས་པས་སྒྲུབ་མི་དགོས་ཏེ། ཇི་ལྟར་ཆོས་ཉིད་དང་རྒྱུ་དང་འབྲས་བུ་མ་གཏོགས་པའི་གཏན་ཚིགས་མངོན་སུམ་དང་རྗེས་སུ་དཔག་པ་ལ་ཡང་མེད་པའི་ཕྱིར་རོ། །འོ་ན་འཐད་པ་སྒྲུབ་པ་ཅི་ལ་དགོས་ཤེ་ན། དེ་ནི་དབང་པོ་དམན་པ་རྣམས་ལ་རིགས་པ་ཉིད་སྔོན་ལ་བསྒྲུབས་ཏེ། དེས་དོན་ལ་འཇལ་བར་བྱེད་དགོས་པའི་ཕྱིར། ཆོས་ཅན་དང་བསྒྲུབ་བྱ་དང་དཔེ་སྦྱར་བ་དང་། ཁྱབ་པ་ལྡོག་པ་ངེས་པས། བསྒྲུབ་དགོས་པ་རྣམས་ཀྱི་ཕྱིར་ཡིན་ནོ། །ཡང་དྲིས་པ། གང་ཟག་ཁ་ཅིག་ནི་དེ་ཙམ་གྱིས་འགྲུབ་པར་འགྱུར་ན། ཁ་ཅིག་ལ་འཐད་པ་སྒྲུབ་པའི་རིགས་པ་ཉིད་ཀྱིས་མ་གྲུབ་ན། ཡིད་ཆེས་པར་མི་འགྱུར་བས། དེ་བསྒྲུབ་པར་གྱིས་ཤིག །སྨྲས་པ། དང་པོར་གཉིས་ག་ལ་གྲུབ་པའི་ལུང་གིས་བསྒྲུབ་པར་བྱ་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་ཏེ། དེ་ལ་རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ཆོས་ཅན་ནོ། །བདེ་བར་གཤེགས་པ་དང་འདྲ་ཞེས་བྱ་བ་ནི་དཔེའོ། །བསྒྲུབ་བྱ་ནི་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་ཡིན་པར་བསྒྲུབ་པར་བྱ་བ་ཡིན་པའོ། །འོ་ན་མངོན་སུམ་གྱི་ཚད་མས་གནོད་ཅེ་ན། བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་ཏེ། ཇི་ལྟར་བརྡའ་ལ་མ་བྱང་བའི་བྱིས་པ་དག་རབ་རིབ་ཀྱི་སྐྲ་ཤད་ལ་འཛིན་པ་དང་། མགལ་མེའི་འཁོར་ལོ་ལ་ལོངས་སྤྱོད་ཅིང་དགའ་བ་སྐྱེ་བ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁྲུལ་པའི་ཤེས་པས་བརྟགས་པའི་སྤྱོད་ཡུལ་མཚན་མར་འཛིན་པའི་ལོངས་སྤྱོད་པ་ནི་མེད་པའི་ཆོས་ལ་ལོངས་སྤྱོད་པར་ཟད་དོ། །དེ་བས་ན་འདི་ལྟར་བསྒྲུབ་པ་ཡིན་ཏེ། ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཡིན་ཏེ། རྟག་ཏུ་སྐྱེ་བ་མེད་པའི་ཆོས་དེ་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར། དཔེར་ན་དུས་གསུམ་གྱི་བདེ་བར་གཤེགས་པ་དང་འདྲའོ། །ཇི་ལྟར་འདྲ་ཞེ་ན། བདེ་བར་གཤེགས་པ་ནི་ལུས་དང་ངག་དང་ཡིད་ཀྱིས་ཕྱེ་བ་མ་ཡིན་ཏེ། ཆོས་ཉིད་ཀྱིས་ཕྱེ་བ་ཡིན་ཏེ། འདི་ལྟར་འདུས་མ་བྱས་ཀྱིས་ཕྱེ་བ་ནི་འཕགས་པའི་གང་ཟག་གོ །ཞེས་བརྗོད་པ་ཡིན་ནོ། །དེ་བཞིན་འཕགས་པ་རྣམས་འདུས་མ་བྱས་ཐོབ་པས་འཕགས་པ་ཉིད་ཐོབ་པ་བཞིན། ཆོས་ཐམས་ཅད་འདུས་མ་བྱས་པའི་རང་བཞིན་ཐོབ་པས་དེ་བཞིན་གཤེགས་པ་ཡིན་ནོ། །མཚན་མའི་སྤྱོད་ཡུལ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་མེད་བཞིན་དུ་སྤྱོད་པར་འདོད་པ་རྣམས་མེད་པའི་ཆོས་ལ་སྤྱོད་དུ་ཟད་དོ། །འོ་ན་ངོ་བོ་ཉིད་ཀྱིས་སངས་རྒྱས་པའི་བདག་ཉིད་དུ་གྲུབ་ན། སྣང་བ་ཙམ་གྱི་ངོར་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་གྲུབ་པའི་འཐད་པ་སྒྲུབ་པའི་རིགས་པ་ཅི་ཡོད་ཅེ་ན། དེ་ཡང་བསྒྲུབ་པར་བྱ་སྟེ་དེ་ལ་ཡང་ཅིག་ཅར་བསྒྲུབ་པར་བྱ་བའམ། འོན་ཏེ་རིམ་གྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེ་ལྟར་རང་གི་སྣང་བ་ལ་ཞེན་པ་ཆུང་བ་རྣམས་ནི་ཅིག་ཆར་བསྒྲུབ་པས་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ལ་དང་པོ་ཉིད་དུ་དཔེ་བསྒྲུབ་པར་བྱའོ། །ཇི་ལྟར་ཡི་དྭགས་རྣམས་ཀྱིས་ཆུ་ཀླུང་ལ་རྣག་ཏུ་མཐོང་བ་ལས། ཁ་ཅིག་གིས་མི་རྣམས་ཀྱིས་ཆུར་མཐོང་བ་ཡང་ཐོས་ཏེ། དེ་ལ་ལ་ལ་ནི། རྣག་གི་དངོས་པོའི་མཚན་ཉིད་ཡིན་ཏེ། ཆུ་ནི་ཀུན་བརྟགས་པའི་གཟུགས་སུ་འདོད་ལ། ཁ་ཅིག་གིས་ནི་རྣག་ནི་སྣང་བ་མ་དག་པ་ཡིན་པས་མི་རྣམས་ཀྱིས་མཐོང་བ་བཞིན་དུ་ཆུ་ཉིད་མཚན་ཉིད་པར་འདོད་པ་ལས། དེས་སྨྲས་པ། གྲོགས་པོ་དག་བདག་ཅག་ལྟ་བུའི་ཡི་དྭགས་རྣམས་ལ་མཐུན་པར་སྣང་བའི་རྣག་གིས་གང་བའི་ཀླུང་འདི་ནི། མི་རྣམས་ཀྱིས་མཐོང་བ་བཞིན་དུ་ཆུ་ཀླུང་ཉིད་ཡིན་ཏེ། ཆུ་ལ་སྤྱོད་པར་དབང་བ་རྣམས་ཀྱིས་བསྔོས་ཏེ་བྱིན་ན་ཡི་དྭགས་རྣམས་ལ་ཡང་ཆུ་ཉིད་དུ་སྣང་ཞིང་ལོངས་སྤྱོད་དུ་ཡོད་པའི་ཕྱིར། བདག་ཅག་ཉིད་ཀྱིས་སྔོན་ཆད་སྐབས་སྐབས་སུ་ཐོབ་པའི་ཆུ་བཞིན་ནོ། །ཞེས་འབྲེལ་བ་བསྒྲུབ་ན་འདི་ནི་སྐྱོན་མེད་པར་འབྲེལ་བ་འགྲུབ་བོ། །ཡང་གང་ཆུ་ལ་དབང་བ་རྣམས་ཀྱིས་བསྔོས་ཏེ་བྱིན་ན། ཆུ་ཉིད་ལོངས་སྤྱོད་དུ་ཡོད་པ་དེ་ཐམས་ཅད་ནི་ཆུ་ཉིད་ཡིན་ཏེ། བདག་ཅག་གིས་ཐོས་ཐོས་པའི་ཆུ་ལྟ་བུའོ། །འདི་ཡང་ཆུ་ལ་སྤྱོད་པར་དབང་བ་རྣམས་ཀྱིས་བསྔོས་ཏེ་བྱིན་ན་ཆུ་ཉིད་ལ་ལོངས་སྤྱོད་དུ་ཡོད་པའོ། །ཞེས་ཁྱབ་པ་ངེས་པར་གྲུབ་པ་བཞིན་མི་རྣམས་ལ་མཐུན་པར་སྣང་བའི་ལུས་དང་ལོངས་སྤྱོད་དུ་སྣང་བ་འདི་དག་ལ། ཁ་ཅིག་གིས་ཡོངས་སུ་དག་པའི་གང་ཟག་རྣམས་ཀྱིས་ལྷའི་དཀྱིལ་འཁོར་དུ་མཐོང་བ་དང་། གསང་སྔགས་ཀྱི་ཚུལ་ལས་ལྷའི་དཀྱིལ་འཁོར་ཉིད་ཡིན་པར་སྟོན་པའང་ཐོས་ཏེ། དེ་ལས་ལ་ལ་ནི་ཐ་མལ་པའི་ལུས་དང་ལོངས་སྤྱོད་དུ་སྣང་བ་ནི་དངོས་པོའི་མཚན་ཉིད་དེ། ལྷར་མཐོང་བ་ནི་ཀུན་བརྟགས་པ་ལ་སོགས་པར་འདོད་པ་ལ། ཁ་ཅིག་ནི་ཐ་མལ་པའི་ལུས་དང་ལོངས་སྤྱོད་ནི་སྣང་བ་མ་དག་པ་ཡིན་པས། གང་ཟག་དག་པ་རྣམས་ཀྱིས་མཐོང་བ་དང་། གསང་སྔགས་ཀྱི་ཚུལ་ལས་གྲགས་པ་བཞིན་དུ། ལྷ་ཉིད་དངོས་པོ་རྣམས་ཀྱི་མཚན་ཉིད་ཡིན་པར་འདོད་པ་ལས། དེས་སྨྲས་པ། གྲོགས་པོ་དག་བདག་ཅག་ལྟ་བུ་མི་རྣམས་ལ་མཐུན་པར་སྣང་བའི་ཐ་མལ་པའི་ལུས་དང་ལོངས་སྤྱོད་ཡུལ་དུ་སྣང་བ་འདི་ནི། གང་ཟག་དག་པ་རྣམས་ཀྱིས་མཐོང་བ་བཞིན་དུ་ལྷའི་དཀྱིལ་འཁོར་ཉིད་ཡིན་ཏེ། དག་པའི་སྤྱོད་ཡུལ་ལ་སྤྱོད་པར་དབང་བ་རྣམས་ཀྱིས་དངོས་གྲུབ་བྱིན་ན་མི་རྣམས་ལ་ཡང་སྤྱོད་ཡུལ་འདི་དག་ལྷ་ཉིད་དུ་སྣང་ཞིང་ལོངས་སྤྱོད་དུ་ཡོད་པའི་ཕྱིར་བདག་ཅག་ལྟ་བུའི་མི་ལས་སྔོན་ཅད་སྐབས་སྐབས་སུ་དངོས་གྲུབ་ཐོབ་པ་བྱུང་བ་རྣམས་ཀྱིས་ལྷའི་སྤྱོད་ཡུལ་ཐོབ་པ་བཞིན་ནོ། །ཞེས་འབྲེལ་བ་བསྒྲུབས་ན་འདི་ནི་སྐྱོན་མེད་པར་གྲུབ་པའོ། །ཡང་གང་དག་པའི་སྤྱོད་ཡུལ་ལ་དབང་བ་རྣམས་ཀྱིས་དངོས་གྲུབ་བྱིན་ན་ལྷ་ཉིད་ཀྱི་སྤྱོད་ཡུལ་ལ་ལོངས་སྤྱོད་དུ་ཡོད་པ་དེ་ཐམས་ཅད་ལྷ་ཉིད་ཡིན་ཏེ། དངོས་གྲུབ་ཅན་གྱིས་ཐོབ་པའི་ལྷའི་སྤྱོད་ཡུལ་ལྟ་བུའོ། །ཐ་མལ་པའི་སྤྱོད་ཡུལ་འདི་ཡང་། ཡོངས་སུ་དག་པའི་སྤྱོད་ཡུལ་ལ་སྤྱོད་པར་དབང་བ་རྣམས་ཀྱིས་དངོས་གྲུབ་བྱིན་ན་ལྷའི་སྤྱོད་ཡུལ་ལ་ལོངས་སྤྱོད་དུ་ཡོད་པའོ། །ཞེས་སྒྲུབ་པ་འདི་ནི་ཁྱབ་པ་ངེས་པར་གྲུབ་པའོ། །མངོན་སུམ་གྱིས་ཀྱང་གནོད་པ་མ་ཡིན་ཏེ། ལས་ཀྱི་སྒྲིབ་པས་བསྒྲིབས་པ་ཡིན་པའི་ཕྱིར། དཔེར་ན་སྔོན་འཛམ་བུའི་གླིང་གི་བུད་མེད་དབུལ་མོ་ཞིག་ལ་ལྷ་རྣམས་ཀྱིས་སྙིང་རྗེ་སྐྱེས་ནས་གསེར་བྱིན་པ་ལས་སོལ་བར་སོང་བ་བཞིན་ནོ། །ལས་དང་སྙིང་རྗེའི་འབྲེལ་པ་ཡོད་པ་རྣམས་ལ་ནི། རིམ་པ་བཞིན་སྣང་བ་འབྱུང་སྟེ། འདི་ལྟར་དབུལ་མོ་དེ་ཉིད་ལ་མེ་ལྷས་བྱིན་པའི་གསེར་ཅུང་ཟད་ཙམ་སྣང་བར་ནུས་ནས་ལོངས་སྤྱོད་ཅུང་ཟད་ཙམ་སྦྱར་བ་བཞིན་ནོ། །གང་དག་རང་གི་སྣང་བ་ལ་ཤིན་ཏུ་མངོན་པར་ཞེན་པ་རྣམས་ནི་དང་པོ་རང་གི་སྣང་བ་བདེན་པར་མ་བསྒྲུབ་ན། གཞི་ཉིད་ལ་འཇུག་པར་མི་འགྱུར་བས། དེ་ལྟ་བུ་ལ་ཐོག་མར་རང་གི་སྣང་བ་ཡང་བསྒྲུབས་ནས། དེ་ནས་གྲུབ་མཐའ་ཁྱད་པར་ཅན་ལ་རིམ་གྱིས་གཞུགས་པར་བྱའོ། །དེ་ལྟ་བུའི་ཚུལ་ནི་འདི་ཡིན་ཏེ། དཔེར་ན་ཡི་དྭགས་གཉིས་སྔ་མ་བཞིན་དུ་གྲུབ་མཐའ་མི་མཐུན་པ་ལས་གཅིག་གིས་སྨྲས་པ། བདག་ཅག་ལྟ་བུ་ལ་མཐུན་པར་སྣང་བའི་རྣག་གི་ཀླུང་འདི་ནི་རྣག་གི་མཚན་ཉིད་འབའ་ཞིག་ཏུ་མ་ཟད་ཀྱི་ཆུའི་མཚན་ཉིད་ཀྱང་ཡིན་ཏེ། སེམས་ཀྱི་རྣམ་པ་སྣང་བའི་ཕྱིར། བསྔོས་ནས་ཐོབ་པའི་ཆུ་དང་རྣག་ཏུ་སྣང་བ་འདི་ཉིད་བཞིན་ནོ། །ཞེས་བྱ་བ་དང་། ཡང་གང་སེམས་ཀྱི་རྣམ་པ་ཡིན་པ་དེ་ནི། མཚན་ཉིད་ཐམས་ཅད་དུ་སྣང་བ་ཡིན་ཏེ། བསྔོས་ནས་ཐོབ་པའི་ཆུ་དང་ཐ་མལ་པས་རྣག་ཏུ་སྣང་བ་འགའ་ཞིག་བཞིན་ནོ། །རྣག་གིས་གང་བའི་ཀླུང་ཆེན་པོ་འདི་ཡང་སེམས་ཀྱི་རྣམ་པ་སྣང་བའོ། །རྣམ་པ་ཡང་ཐ་དད་པ་མ་ཡིན་ཏེ། གཤེར་བ་མཐུན་སྣང་བར་མཐུན་པའི་ཕྱིར་རྣག་ཏུ་སྣང་བ་ཉིད་བཞིན་ནོ། །ཞེས་བསྒྲུབས་ན། སེམས་སྣང་བར་འདོད་པའི་གང་ཟག་རྣམས་ལ་རིགས་པ་འདི་གྲུབ་པ་ཡིན་ནོ། །དེ་ལྟར་དང་པོ་མཚུངས་པར་བསྒྲུབས་ནས། དེ་ནས་རྣག་གི་མཚན་ཉིད་དགག་པར་བྱ་སྟེ། འདི་ལྟར་སྣང་བ་འདི་གཉིས་ཀ་ཡང་སེམས་ཀྱི་རྣམ་པ་སྣང་བ་ཡིན་པར་མཚུངས་མོད་ཀྱི་རྣག་ནི་སྣང་བ་མ་དག་པ་ཡིན་པའི་ཕྱིར། འཁྲུལ་པ་ཡིན་ལ། ཆུ་ནི་སྣང་བ་དག་པ་ཡིན་པའི་ཕྱིར་མ་འཁྲུལ་བའོ། །འདི་ལྟར་གང་འཁྲུལ་པ་དེ་ནི་མ་དག་པ་ཡིན་ལ། མ་དག་པ་དེ་ནི་འཁྲུལ་པ་སྟེ། འདི་ནི་ཁྱབ་པ་མཚུངས་པའོ། །དེ་བཞིན་དུ་དག་པ་དང་མ་འཁྲུལ་བ་ལ་ཡང་བལྟ་བར་བྱ་སྟེ། དེ་བས་ན་ཁྱབ་པ་ངེས་པའི་གཏན་ཚིགས་འདི་ཉིད་ཀྱིས། རྣག་ནི་སྣང་བ་འཁྲུལ་བའོ། །འཁྲུལ་བའི་སྣང་བའོ། །ཆུ་ནི་མ་འཁྲུལ་བའོ། །མ་འཁྲུལ་བའི་སྣང་བའོ། །དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་སྣང་བའི་ངོར་ཡང་འགྲོ་བ་ཕལ་པ་ལ་སྣང་བ་ལྟར། ལུས་དང་ངག་དང་ཡིད་ཀྱིས་བསྡུས་པའི་ལུས་དང་སྤྱོད་ཡུལ་དུ་སྣང་བ་འདི་དག་སྡུག་བསྔལ་གྱི་རང་བཞིན། ཉོན་མོངས་པ་སྐྱེ་བའི་གནས་ཀྱི་མཚན་ཉིད་ཁོ་ན་མ་ཡིན་ཏེ། གང་ཟག་དག་པ་རྣམས་ལ་སྣང་བ་བཞིན་དུ། སྐུ་གསུང་ཐུགས་རྡོ་རྗེས་བསྡུས་པ་ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པའི་བདག་ཉིད་དུ་སངས་རྒྱས་པའི་མཚན་ཉིད་ཀྱང་ཡིན་ཏེ། སེམས་ཀྱི་རྣམ་པ་སྣང་བ་ཡིན་པའི་ཕྱིར། དངོས་གྲུབ་དམ་པ་ཐོབ་པ་རྣམས་ལ་ལྷར་སྣང་བ་དང་། ཐ་མལ་པ་ལ་བུམ་པ་དང་ཀ་བ་ལ་སོགས་པར་སྣང་བ་བཞིན་ནོ། །ཞེས་བྱ་བ་དང་། ཡང་གང་དང་གང་སེམས་ཀྱི་རྣམ་པ་ཡིན་པ་དེ་དང་དེ་ཐམས་ཅད་ནི་མཚན་ཉིད་ཐམས་ཅད་དུ་སྣང་བ་ཡིན་ཏེ། ཁ་ཅིག་ལ་ལྷར་སྣང་བ་དང་ཁ་ཅིག་ལ་ཀ་བ་ལ་སོགས་པར་སྣང་བ་བཞིན་ནོ། །ཐ་མལ་པ་ལ་སྣང་བའི་ལུས་དང་གནས་དང་ལོངས་སྤྱོད་ཡུལ་དུ་སྣང་བ་འདི་ཡང་སེམས་ཀྱི་རྣམ་པ་སྣང་བའོ། །རྣམ་པ་ཡང་ཐ་དད་པ་མ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱིས་བསྡུས་པའི་ལུས་དང་གནས་དང་སྤྱོད་ཡུལ་སྣང་བ་མཐུན་པའི་ཕྱིར་རོ། །ཀ་བ་ལ་སོགས་པར་སྣང་བ་ཉིད་བཞིན་ནོ། །ཞེས་བསྒྲུབས་ན། སེམས་སྣང་བར་འདོད་པའི་གང་ཟག་རྣམས་ལ་རིགས་པ་འདི་གྲུབ་པ་ཡིན་ནོ། །དེ་ལྟར་དང་པོ་མཚུངས་པར་གྲུབ་ནས། དེ་ནས་སྡུག་བསྔལ་གྱི་མཚན་ཉིད་དགག་པར་བྱ་སྟེ། སྣང་བ་འདི་གཉིས་ཀ་ཡང་སེམས་ཀྱི་རྣམ་པ་སྣང་བ་ཡིན་པར་མཚུངས་མོད་ཀྱི། སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་སུ་སྣང་བ་ནི། སྣང་བ་མ་དག་པ་ཡིན་པའི་ཕྱིར་འཁྲུལ་བ་ཡིན་ལ། ཐར་པ་དང་ཐར་པའི་གནས་སུ་སྣང་བ་ནི་དག་པའི་ཕྱིར་མ་འཁྲུལ་བ་སྟེ། གང་འཁྲུལ་བ་དེ་ནི་མ་དག་པ་ཡིན་ལ། མ་དག་པ་དེ་ནི་འཁྲུལ་བ་སྟེ། འདི་ནི་ཁྱབ་པ་མཚུངས་པའོ། །དེ་བཞིན་དུ་དག་པ་དང་མ་འཁྲུལ་བ་ལ་ཡང་བལྟ་བར་བྱའོ། །དེ་བས་ན་ཁྱབ་པ་ངེས་པའི་གཏན་ཚིགས་འདི་ཉིད་ཀྱིས་ཐ་མལ་པར་སྣང་བ་ནི་སྣང་བ་འཁྲུལ་བའོ། །འཁྲུལ་བའི་སྣང་བའོ། །ལྷ་ནི་སྣང་བ་མ་འཁྲུལ་བའོ། །མ་འཁྲུལ་པའི་སྣང་བའོ། །ཞེས་ངེས་པར་རྟོགས་པར་བྱའོ། །དེ་ལ་རྣམ་པ་ཡང་ཐ་དད་མ་ཡིན་ཞེས་བྱ་བ་འདི་ཡང་ཅུང་ཟད་བཤད་པར་བྱ་སྟེ། གང་ཟག་ཁ་ཅིག་གིས་བཏགས་པ་བུམ་པ་དང་ཀ་བ་ལ་སོགས་པ་ལ་ལྷར་བསྒོམས་ན་སྐུ་གསུང་ཐུགས་དང་ལྡན་པའི་ལྷ་ཉིད་དུ་སྣང་དུ་རུང་མོད་ཀྱི། དེ་ནི་ཀ་བ་ལ་སོགས་པའི་མཚན་ཉིད་མ་ཡིན་ཏེ། ཇི་ལྟར་མི་སྡུག་པ་བསྒོམས་པས་ས་ཕྱོགས་རུས་པ་ལ་སོགས་པས་གང་བ་བཞིན་ནོ། །དེ་བཞིན་དུ་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་བསྒོམ་པའི་སྣང་བ་ཡང་དབང་འབྱོར་བའི་གཟུགས་ཏེ། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཀྱི་བྱེ་བྲག་ཞིག་ཡིན་པས། དངོས་པོའི་མཚན་ཉིད་མ་ཡིན་ནོ། །ཞེས་ཟེར་བ་དང་། ཁ་ཅིག་ན་རེ། ལྷར་སྣང་བའི་ཚེ་རང་གི་སྣང་བ་འགྱུར་བ་ཡིན་པས་མཐུན་པར་སྣང་བའི་མཚན་ཉིད་མ་ཡིན་ནོ། །ཞེས་རྒོལ་བ་ལ། རྣམ་པ་ཡང་ཐ་དད་པ་མ་ཡིན་ཏེ། མཐུན་པར་སྣང་བའི་ཕྱིར། ཞེས་བྱ་བ་བསྟན་པ་ཡིན་ཏེ། ཇི་ལྟར་ཡི་དྭགས་ལ་རྣག་ཏུ་སྣང་བ་ཡང་ལས་མཐུན་རང་གི་སྣང་བ་ཡིན་ལ། ཆུར་སྣང་བ་ཡང་ལས་མཐུན་རང་གི་སྣང་བ་ཡིན་པས་གཞི་ཐ་དད་དོ་ཞེས་བྱ་བར་མི་རུང་སྟེ་གཤེར་བར་མཐུན་པར་སྣང་བ་གཉིས་ག་ལ་མ་ལོག་པས། དེ་བས་ན་ཀླུང་ཆོས་ཅན་དུ་བྱ་བར་རུང་བ་ཡིན་ཏེ། གལ་ཏེ་དེ་ཡང་དག་གོ་ན། རྣག་ཏུ་སྣང་བ་ཉིད་ཀྱང་རང་རང་གི་སྣང་བ་ཡིན་པས་ཆོས་ཅན་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲུབ་པ་གང་ཡང་རྙེད་པར་མི་འགྱུར་རོ། །དེ་བཞིན་དུ་ཐུན་མོང་གི་སྣང་བ་ལ་ལུས་དང་ངག་དང་ཡིད་ཀྱི་རྣམ་པ་མ་དག་པར་སྣང་བ་དང་། ལྷའི་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བ་དག་པ་གཉི་ག་ཡང་ལུས་ངག་ཡིད་གསུམ་གྱི་རྣམ་པ་དང་བཅས་པའི་ཞིང་དང་སྤྱོད་ཡུལ་དུ་སྣང་བ་གཉི་ག་ལ་མ་ལོག་པར་མཐུན་པར་སྣང་བས། དེ་བས་ན་འདི་ལྟར་སྣང་བ་ཆོས་ཅན་དུ་བཞག་ཏུ་རུང་བ་ཡིན་ཏེ། གལ་སྟེ་རང་རང་གི་སྣང་བ་ཡིན་པས་ཀུན་ཀྱང་ཐ་དད་དོ། །ཞེས་མཐུན་སྣང་བཀག་ན་ཀ་བ་ལ་སོགས་པ་རང་རང་གི་སྣང་བ་ཡིན་པས་ཆོས་ཅན་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲུབ་པ་གང་ཡང་རྙེད་པར་མི་འགྱུར་རོ། །དེ་བས་ན་སྣང་བ་ལྷར་བསྒྲུབ་པ་འདི་ཡང་ཆོས་ཅན་ཐ་དད་པའི་ཉེས་པ་མེད་དོ། །ཡང་དྲིས་པ། ཡོངས་སུ་དག་པའི་ལྷ་ནི་ཆོས་ཉིད་དང་ཡེ་ཤེས་ཀྱིས་ཕྱེ་སྟེ་རྣམ་པར་བཞག་པ་མ་ཡིན་ནམ། ཇི་ལྟར་ན་སེམས་ཀྱི་རྣམ་པར་སྣང་བར་འགྱུར་ཞེ་ན། ཡོངས་སུ་དག་པའི་ལྷ་ཡང་རྣམ་པ་གཉིས་ཀྱི་ཚུལ་གྱིས་བཞག་སྟེ། ཇི་ལྟར་མེ་ལོང་གི་གཟུགས་བརྙན་ནི་མེ་ལོང་གི་ཡོན་ཏན་ཡིན་པས། མེ་ལོང་དུ་གཞག་པ་དང་། བྱད་ཀྱི་གཟུགས་བརྙན་ཡིན་པས། བྱད་ཀྱི་རྣམ་པར་བཞག་གོ །དེ་བཞིན་དུ་ལྷའི་སྐུ་གསུང་ཐུགས་སུ་སྣང་བ་ཡང་། ཡེ་ཤེས་ཀྱི་ཆོས་ཉིད་རྟོགས་པའི་དབང་དང་། ཐུགས་རྗེས་སྨོན་ལམ་བསྒྲུབ་པའི་ཤུགས་ཀྱིས་སྣང་བ་ཡིན་པས། ཡེ་ཤེས་དང་ཆོས་ཉིད་ཀྱིས་ཕྱེ་བའོ། །ཞེས་བཞག་པ་དང་། ལྷར་སྣང་བ་དེ་དག་ཀྱང་བག་ཆགས་དང་བཅས་པའི་སེམས་ཀྱི་རྣམ་པ་སྣང་བ་ཡིན་པས་སེམས་ཉིད་དུ་བསྡུས་པའོ། །དེ་ལ་བག་ཆགས་ཀྱི་རྒྱུས་ཇི་ལྟར་སྣང་ཞེ་ན། དེ་ལ་འཛིན་པ་གཉིས་ཀྱི་བག་ཆགས་ནི། དེ་ཡང་ཡུལ་དང་ཡུལ་ཅན་དུ་སྣང་བར་འགྱུར་རོ། །དཀར་པོ་ལས་ཀྱི་བག་ཆགས་ཀྱིས་ནི། མཚན་དང་དཔེ་བྱད་ལ་སོགས་པས་བརྒྱན་པ། ཁྱད་པར་ཅན་དུ་སྣང་བར་འགྱུར། གཞན་ཡང་བདག་ཏུ་ལྟ་བའི་བག་ཆགས་ཀྱིས་ནི་བདག་དང་ལྷ་རྒྱུད་སོ་སོར་སྣང་བ་དང་ཡུལ་བེག་ལིང་དུ་ཆད་པར་སྣང་བར་འགྱུར་རོ། །མངོན་པར་བརྗོད་པའི་བག་ཆགས་ཀྱིས་ནི་མཚན་མ་ཐ་དད་དུ་སྣང་བར་འགྱུར་རོ། །སྲིད་པ་ཡན་ལག་གི་བག་ཆགས་ལས་ནི། སྐྱེ་བའི་རང་བཞིན་དུ་སྣང་སྟེ། བག་ཆགས་ཐམས་ཅད་མ་ལུས་པར་ཟད་པ་ལ་ནི། ཡོངས་སུ་དག་པའི་སྤྱོད་ཡུལ་ཡང་སྣང་བ་མ་ཡིན་ནོ། །སངས་རྒྱས་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ནི། དེ་བཞིན་དུ་ཡོད་དམ་མེད་པ་ནི་བརྟག་པར་བྱ་བ་སྟེ། བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་ནོ། །ཡང་དྲིས་པ། ཡོངས་སུ་དག་པའི་ལྷ་ཡུལ་གྱི་བདག་ཉིད་དུ་བཞག་པའི་ཚེ། ཡེ་ཤེས་དང་ཆོས་ཉིད་ཀྱིས་ཕྱེ་བར་བཞག་པ་གང་ཡིན་པ་སྟེ། ཐ་མལ་པའི་སེམས་འཁྲུལ་བར་སྣང་བའི་བདག་ཉིད་ལ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ཡང་དེ་ལྟར་མ་ཡིན་ཏེ། སོ་སོ་སྐྱེ་བོའི་ཤེས་པའང་རང་བཞིན་གྱིས་རྣམ་པར་བྱང་པའི་མཚན་ཉིད་ཡིན་པ་དང་། ཡེ་ཤེས་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་འབའ་ཞིག་ལ་ལྟོས་པ་མ་ཡིན་ཏེ། རང་བྱུང་གི་ཡེ་ཤེས་ཡོད་པར་བདག་ཅག་ལྟ་བུ་གཉི་ག་ལ་མཐུན་པར་གྲུབ་པའི་མདོ་སྡེ་ལས་གསུངས་ཏེ། འདི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སོ་སོ་སྐྱེ་བོའི་ཤེས་པའང་། །རང་བཞིན་གྱིས་ནི་རྣམ་བྱང་ཅན། །ཞེས་གསུངས་པ་དང་། འཕགས་པ་སྡོང་པོ་བཀོད་པ་ལས། ལྷའི་བུ་རབ་མཚེ་མའི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་འཚིག་འགྱུར་ཡང་། །ནམ་མཁའ་འཚིག་པར་མི་འགྱུར་བཞིན། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་ཏེ། གསང་སྔགས་ཀྱི་ཚུལ་ལས་གྲགས་པ་ནི་ལྷག་པར་སྨོས་ཀྱང་མི་དགོས་ཏེ། དེ་བས་ན་སྒྲིབ་པ་ཀུན་ནས་རགས་པ་དག་པས་ན་ཐུན་མོང་གི་སྣང་བ་ཕལ་ཆེར་མ་ལོག་ཀྱང་ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པ་སྣང་བར་འགྱུར་རོ། །དེ་བས་ན་ཆོས་ཅན་ཐ་དད་མ་ཡིན་ནོ། །མདོར་བསྡུས་ཏེ་བསྒྲུབ་པར་བྱ་ན། ཇི་སྲིད་དུ་ཡོངས་སུ་དག་པ་དང་མ་དག་པའི་ལུས་དང་སྤྱོད་ཡུལ་དུ་སྣང་བ་ཡུལ་དང་དུས་ལ་སོགས་པ་རྣམ་པས་རབ་ཏུ་ཕྱེ་བ་ཐམས་ཅད་ནི་ཀུན་གཞི་རྣམ་པར་ཤེས་པའི་སྐད་ཅིག་མ་གཅིག་གི་སྣང་བ་ཡིན་པའི་ཕྱིར་གདོད་མ་ཐོབ་པར་བྱ་བའི་ཆོས་ནི་གང་ཡང་མེད་དེ། དཔེར་ན་ནམ་མཁའ་ལ་ནམ་མཁའི་མཚན་ཉིད་སྒྲུབ་ཏུ་མེད་པ་བཞིན་ནོ། །ཞེས་བྱ་བ་འདི་ཡང་སྐྱོན་མེད་པར་གྲུབ་པ་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱང་ལས་ཀྱིས་ཕྱེ་བར་ཟད་ཀྱི་རིགས་ནི་ཀུན་གཞི་རྣམ་པར་ཤེས་པའི་རིགས་ཉིད་ཡིན་པས་ཐ་དད་པ་མེད་དོ། །བདག་དང་གཞན་གྱི་རྒྱུད་ཀྱང་གང་ཟག་གིས་ཕྱེ་བར་ཟད་ཀྱི་ཆོས་ཀྱིས་ཕྱེ་བ་མ་ཡིན་ནོ། །རིགས་པའང་ཆེ་ཆུང་གི་བྱེ་བྲག་ཡོད་དེ། འཁྲུལ་སྣང་དེ་བཞིན་དུ་ཚད་མར་གྲུབ་པ་ལ་སྣང་བ་ཉིད་ཀྱི་དབང་དུ་སྐྱོན་མེད་པར་ཡང་མ་ཡིན་ནོ། །ཚུལ་དེ་ཉིད་ལ་བློ་དང་ལྡན་པས་བསྒྲུབ་ན། བསྒྲུབ་བྱ་སྒྲུབ་ཏུ་མི་རུང་བ་ཡང་མ་ཡིན་ནོ། །སྣང་བ་ལྷར་བསྒྲུབ་ཆེན་པོ་ཞེས་བྱ་བ་ངྷ་རྨ་བྷ་དྲས་མཛད་པའོ།། །།དགེའོ།། །