cover

རོང་ཟོམ་ཆོས་ཀྱི་བཟང་པོའི་བཀའ་འབུམ།

གླེགས་བམ་གཉིས་པ། ཁ༽

ལོ་ཙཱ་བ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ལྟ་བའི་བརྗེད་བྱང་ཆེན་མོ།

༄༅། །ངྷརྨ་བྷ་དྲས་མཛད་པའི་ལྟ་བའི་བརྗེད་བྱང་ཆེན་མོ་བཞུགས།

༄༅། །སྤྱིར་གང་ཟག་རྣམས་ཀྱི་ལྟ་བའི་བྱེ་བྲག་ལ། ཐར་བ་སྒྲུབ་པར་འདོད་པ་དང་མི་འདོད་པ་ཞེས་གྲགས་པ་དང་། འཇིག་རྟེན་ཕལ་པ་དང་བསྟན་ཆོས་ཀྱིས་བློ་བསྒྱུར་བའི་ལྟ་བ་ཞེས་གྲགས་པ་ཡང་ཡོད། ནང་པ་སངས་རྒྱས་པས་བརྟགས་པ། འཇིག་རྟེན་པའི་ལྟ་བ་དང་། འཇིག་རྟེན་ལས་འདས་པའི་ལྟ་བ་ཞེས་གྲགས་པ་ཡང་ཡོད་ན། དེ་དག་ལས་འདིར་མདོར་བསྡུས་པ་ཅུང་ཟད་ཙམ་བརྗོད་པ། བཤེས་གཉེན་དང་ལུང་ལ་བརྟེན་པ་བསྟན་ཆོས་ཀྱིས་བློ་བསྒྱུར་བའི་ལྟ་བ་དང་། འཇིག་རྟེན་ཕལ་པའི་ལྟ་བ་བསྟན་ཆོས་ཀྱིས་བློ་མ་བསྒྱུར་བ་གཉིས་ཀྱི་དབང་དུ་བྱས་ཏེ་དབྱེ་ན། འཇིག་རྟེན་ཕལ་པའི་ལྟ་བ་ནི། ཕྱི་ནང་གི་དངོས་པོ་ལུས་དང་གནས་དང་སྤྱོད་ཡུལ་དུ་སྣང་བ་འདི་ལ་དངོས་བདག་ཏུ་ལྟ་སྟེ། དེ་ཡང་ལུས་ལ་བརྟེན་ནས་བདག་ཏུ་ལྟ། དེ་དང་འབྲེལ་བ་ལ་བརྟེན་ནས་བདག་གིར་ལྟ། མ་འབྲེལ་བ་ལ་བརྟེན་ནས་གཞན་དུ་ལྟ་སྟེ། དེ་ལྟར་དངོས་པོ་གསུམ་དུ་ཡང་དག་པར་གྲུབ་པར་ལྟའོ། །དེ་ལ་བདག་ཏུ་ལྟ་བ་དེ་ཡང་མཚན་ཉིད་རྣམ་པར་དཔྱད་པ་མེད་པར་བདག་ཏུ་ལྟ་སྟེ། མདོ་ལས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཐོག་མ་མེད་པའི་དུས་ནས་བདག་གི་མཚན་ཉིད་ལ་རྣམ་པར་དཔྱད་པ་མེད་པར། བདག་གོ་སྙམས་པའི་བློ་ཀུན་ནས་འབྱུང་ངོ་། །ཞེས་གསུངས་པ་ལྟ་བུའོ། །དེ་ཡང་གཅིག་རྟག་ཏུ་ལྟ་སྟེ། དེ་ལ་གཅིག་པུར་ལྟ་བ་ནི། འགྲོ་བ་རྣམས་འདི་སྙམ་དུ་རང་གཅིག་པུ་སྙམ་པའི་བློ་རྟག་ཏུ་སྐྱེའི། ང་གཉིས་སམ་ང་མང་པོ་ཡོད་པའི་བློ་སྐྱེ་མི་སྲིད་དོ། །༼དེ་ཡང་ལུས་ལ་དམིགས་ནས་བདག་ཏུ་ལྟ། གནས་དང་སྤྱོད་པ་ལ་རང་དང་འབྲེལ་པས་བདག་གིར་ལྟ། དེ་བཞིན་དུ་མ་འབྲེལ་བ་ལ་བརྟེན་ནས་གཞན་དུ་ལྟའོ། །དེ་ཡང་ཚུལ་འདི་ལྟར་ལྟ་སྟེ། བདག་ལས་གཞན་ནི་བདག་མ་ཡིན། བདག་ནི་གཞན་མ་ཡིན་སྙམས་པའོ། །མཉམ་པོར་ལྟ་བ་ནི། ངའི་ལུས་ངའི་སེམས་ཞེས་བྱ་བ་བྱེ་བྲག་ཕྱེ་ཡང་བདག་ཏུ་མཉམ་ཤིང་དུ་མར་སོང་བའི་བློ་མི་སྐྱེའོ། །ཁྱབ་པར་ལྟ་བ་ནི། ལུས་དང་སེམས་ལ་བྱེ་བྲག་ཇི་ལྟར་ཕྱེ་བ་ནི་བདག་ལས་གྱེས་ཤིང་གུད་དུ་སོང་བའི་བློ་མི་སྐྱེའོ། །བྱེད་པ་པོར་ལྟ་བ་ནི། དུད་འགྲོ་མན་ཆད་བྱེད་པ་པོར་ལྟ་ཞིང་ཆགས་པའི་དབང་གིས་བྱ་བ་སྣ་ཚོགས་ལ་འཇུག་པའི་བློ་འབྱུང་སྟེ། ལས་སྣ་ཚོགས་མངོན་པར་འདུ་བྱེད་དོ། །འདུ་བྱེད་པའི་དབང་གིས་ལས་ཀྱི་བག་ཆགས་གསོག་གོ །ལས་ཀྱི་བག་ཆགས་ཀྱི་དབང་གིས་རྣམ་པར་སྨིན་པ་གྲུབ་པ་དང་རྣམ་ཤེས་སྐྱེ་བར་འགྱུར་རོ། །དེས་སྲིད་པའི་ཉིང་མཚམས་སྦྱོར་བ་རྒྱུན་མི་ཆད་པར་གྲུབ་བོ། །དེ་ཀ་ལ་གང་ཟག་ཅེས་བྱའོ། །རིལ་པོར་འཛིན་པ་ཞེས་ཀྱང་བྱའོ། །༽རྟག་པར་ལྟ་བ་ནི། འདི་སྙམ་དུ་གཞོན་ནུ་དང་དར་ལ་བབ་པ་དང་། རྒས་པ་ལ་སོགས་པའི་གནས་སྐབས་སུ་ཡང་ལུས་འགྱུར་བ་དམིགས་ཀྱང་། ང་ནི་གཞོན་ནུ་ཙམ་གྱི་ང་ཉིད་ཀྱང་ད་ལྟའི་ང་འདི་ཉིད་ཡིན་ནོ། །སྙམ་དུ་རྟག་པའི་བློ་འབྱུང་ལ། དེ་བཞིན་དུ་ཚེ་སྔ་མ་ནས་འདི་རུ་སྐྱེས། འདི་ནས་སྐྱེ་བ་གཞན་དུ་འཕོ་སྙམ་སྟེ། ང་སྔ་ཕྱི་དུམ་བུར་སྐྱེ་བའི་བློ་སྐྱེ་མི་སྲིད་དོ། །བཤེས་གཉེན་དང་ལུང་གིས་བསྒྱུར་བའི་ལྟ་བ་ལ་གཉིས་ཏེ། ཕྱི་རོལ་མུ་སྟེགས་ཅན་དང་། ནང་པ་སངས་རྒྱས་པའོ། །དེ་ལ་ཕྱི་རོལ་པ་ནི། འཇིག་རྟེན་ཕལ་པའི་བདག་དེ་ཉིད་གཞིར་བྱས་ཏེ། མཚན་ཉིད་ཀུན་ཏུ་བརྟགས་ནས། བདག་རྟག་གོ་ཞེའམ། བདག་ཆད་དོ་ཞེས་འབྱེད་དོ། །དེ་ལྟར་བདག་ཏུ་ལྟ་བར་མཚུངས་ཀྱང་འཇིག་རྟེན་ཕྱི་ནང་གི་དངོས་པོ་འདི་ལ་རྒྱུ་གང་ལས་བྱུང་བར་སྨྲ་བ་ནི་མི་མཐུན་ཏེ། ཁ་ཅིག། །འཇིག་རྟེན་འདི་ནི་དབང་ཕྱུག་གིས་སྤྲུལ་ཏོ། །ཞེའོ། །དེ་བཞིན་དུ་ཁ་ཅིག། །བདག་བྱེད་པ་པོས་བྱས་སོ། །ཞེའོ། །ཁ་ཅིག། །རང་བཞིན་ཞེས་བྱ་བ་མངོན་དུ་བྱར་མི་ནུས་པ། དངོས་པོ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཞིག་ལས་བྱུང་ངོ་། །ཞེའོ། །ཁ་ཅིག། །རྒྱུ་མེད་པ་ལས་གློ་བུར་དུ་བྱུང་སྟེ། དེ་ལས་འབྲས་བུ་སྐྱེད་པའི་བྱ་བ་མི་འདོད་དོ། །ཞེས་ཆད་པར་ལྟའོ། །ཁ་ཅིག་ནི། དུས་ཀྱི་དབང་ལས་བྱུང་ངོ་ཞེས་དུས་རྒྱུར་ལྟའོ། །དེ་ལ་བདག་དང་བདག་གིར་ལྟ་བ་ཐམས་ཅད་ཀྱང་གཞི་ཕུང་པོ་ལྔ་ལ་བརྟེན་ནས་ལྟ་སྟེ། དེ་ཡང་བདག་ཏུ་ལྟ་བ་གཅིག །བདག་གིར་ལྟ་བ་གསུམ་སྟེ་བཞི། གཞི་ཕུང་པོ་ལྔས་ཕྱེ་བས་འཇིག་ཚོགས་ཀྱི་རི་བོ་ཉི་ཤུར་འགྱུར་རོ། །དེ་ལ་བདག་ཏུ་ལྟ་བ་ནི། འདི་ལྟར་གཟུགས་བདག་ཡིན་ཏེ་བདག་པོ་དང་འདྲ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་བདག་ཡིན་ཏེ་བདག་པོ་དང་འདྲ་ཞེས་བྱ་བའི་བར་དུའོ། །བདག་གིར་ལྟ་བ་གསུམ་ལ། ཕུང་པོ་ལྔ་བདག་གིར་བྱེད་པར་ལྟ་བ་ནི། གཟུགས་བདག་གི་ཡིན་ཏེ་བྲན་དང་འདྲ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་བདག་གི་ཡིན་ཏེ་བྲན་དང་འདྲ་ཞེས་བྱ་བ་རྣམས་སོ། །བདག་ཕུང་པོ་ལྔ་དང་ལྡན་པར་སྨྲ་བ་ནི། བདག་གཟུགས་དང་ལྡན་ཏེ་རྒྱན་དང་འདྲ་ཞེས་པ་ནས། །བདག་རྣམ་པར་ཤེས་པ་དང་ལྡན་ཏེ་རྒྱན་དང་འདྲ་ཞེས་པ་རྣམས་སོ། །ཕུང་པོ་ལྔ་བདག་གི་གནས་སུ་ལྟ་བ་ནི། །བདག་གཟུགས་ལ་གནས་ཏེ་སྣོད་དང་འདྲ་ཞེས་པ་ནས། བདག་རྣམ་པར་ཤེས་པ་ལ་གནས་ཏེ་སྣོད་དང་འདྲ་ཞེས་བྱ་བའི་བར་དུ་ལྟ་བ་རྣམས་སོ། །དེ་ལ་བདག་གིར་ལྟ་བ་འདི་རྣམས་ལ། ཁ་ཅིག་བདག་དང་ཕུང་པོ་འབྲེལ་ཞིང་ལྡན་པར་སྨྲའོ། །ཁ་ཅིག་བདག་གཟུགས་དང་ལྡན་པ་མ་ཡིན་སེམས་དང་ལྡན་པ་མ་ཡིན་ཞེས་སྨྲའོ། །ཁ་ཅིག་ནི་བདག་གམ་སྐྱེས་བུ་ནི་གདོད་མ་ནས། རང་དག་པར་བྱུང་བས་གང་གིས་ཀྱང་མ་བསྐྱེད་པ། སྐྱེ་བ་མ་ཡིན། བྱས་པ་མ་ཡིན། གང་ཡང་མི་སྐྱེད་པས་རང་བཞིན་རྒྱུ་མ་ཡིན་ཏེ། དེ་བས་ན་སྐྱེས་བུ་མངོན་པར་འདུས་མ་བྱས་པ། སྐྱེ་བ་མེད་པ། འགག་པ་མེད་པ། ཀ་དག་པའི་རང་བཞིན་དུ་གནས་པ། དུས་གསུམ་དུ་འཕོ་འགྱུར་མེད་པ་སྟེ། འདི་ལ་རྟག་ཏུ་གོམས་པར་བྱས་ན་གྲོལ་བར་འགྱུར་རོ། །ཞེས་དྲང་སྲོང་སེར་སྐྱ་བ་སྨྲ་སྟེ། དྲང་སྲོང་སེར་སྐྱ་བའི་ལུང་ལས། རང་བཞིན་གང་ཞིག་མཐོང་བ་མིན། །ཡོན་ཏན་གསུམ་ཚོགས་ཀུན་ཏུ་སྐྱེད། །དེ་ལས་བཟློག་པ་སྐྱེས་བུ་ཉིད། །དེ་ལ་རྟག་ཏུ་གོམས་པར་གྱིས། །ཞེས་འདོད་དེ་དེ་ལྟར་ལྟའོ། །རྣམ་པར་ཤེས་པ་ཉིད་བདག་ཏུ་ལྟ་བའི་རིགས་ལས། རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ཞེས་བྱ་བ་ནི། འདི་སྐད་དུ། སྲིད་པ་གསུམ་གྱི་འགྲོ་བ་ཐམས་ཅད་དང་རྣམ་པར་གྲོལ་བ་ཐམས་ཅད་ཀྱི་སེམས་ནི་གཅིག་པ་ཡིན། རྟག་པ་ཡིན། རང་བཞིན་དག་པ་ཡིན་ཏེ་ཐ་དད་དུ་དབྱེ་བ་མེད་དོ། །འཇིག་རྟེན་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀྱང་སེམས་ཉིད་ཡིན་ཏེ། འོན་ཀྱང་སེམས་ཀྱི་རང་བཞིན་སྣ་ཚོགས་སུ་འགྱུར་བ་མེད་དོ། །དེ་ལ་བརྒལ་བ། འོ་ན་འགྲོ་བ་གཅིག་གྲོལ་བས་ཀུན་གྲོལ་བར་ཇི་ལྟར་མི་འགྱུར། འགྲོ་བ་གཅིག་བཅིངས་པ་དང་སྡུག་བསྔལ་བས་ཀུན་བཅིངས་པ་དང་སྡུག་བསྔལ་བར་ཅིས་མི་འགྱུར་ཞེས་རྒྱུད་ཐ་དད་དུ་འདོད་པ་རྣམས་ཀྱིས་བརྒལ་བ་དང་། དེ་ལ་འདི་སྐད་དུ། འོ་ན་བུམ་པ་གཅིག་གི་ནང་དྲི་མས་གང་བས། ནམ་མཁའ་དྲི་མས་གང་བར་འགྱུར་རམ། བུམ་པ་གཅིག་གི་ནང་དུ་བཅུད་དང་སྨན་གྱིས་གང་བས། ནམ་མཁའ་བཅུད་དང་སྨན་གྱིས་གང་བར་འགྱུར་རམ། བུམ་པའི་ནམ་མཁའ་དང་། ཕྱོགས་ཐམས་ཅད་ཀྱི་ནམ་མཁའ་ལ་ངོ་བོ་ཐ་དད་ཡོད་དམ། འགྲོ་བ་བཅིངས་པ་དང་གྲོལ་བར་མཐོང་བ་ནི་སེམས་ཀྱི་རང་བཞིན་མ་མཐོང་བས། གྲོལ་བ་དང་བཅིངས་པ་ཐ་དད་དུ་མཐོང་བར་ཟད་དེ། སེམས་ཀྱི་རང་བཞིན་མཐོང་ན་ཐ་དད་མེད་དེ་ཐམས་ཅད་གཅིག་པ་ཡིན་ནོ། །གཅིག་པོ་དེ་ནི་སྣ་ཚོགས་ཐམས་ཅད་དུ་ཁྱབ་པ། རྟག་པ། དག་པ་ཡིན་ནོ། །ཞེས་ལྟའོ། །ལྟ་བ་དེ་རྣམས་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་པ་འཇིག་རྟེན་གྱི་ལྟ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི། བདག་འབའ་ཞིག་པའི་སྟོང་པ་ཞེས་བྱ་བ་དེ་ཡིན་པར་བཤད་དེ། དེའི་ལྟ་བ་ནི་འདི་སྐད་དུ། འཇིག་རྟེན་ཕྱི་ནང་གི་དངོས་པོ་ལས་དང་ཉོན་མོངས་པའི་དྲ་བས་ཀུན་ནས་དཀྲིས་པའི་བསླུ་བ་ཡིད་བརྟན་དུ་མི་རུང་བ་འདི་ནི། ཡང་དག་པར་ཡོད་པ་མ་ཡིན་ཏེ། ཡང་དག་པར་ཡོད་པ་ནི། བདག་ཅེས་བྱ་བ་ཕྲ་བ་མི་གསལ་བ་སྐྲའི་རྩེ་མོ་འབུམ་གྱི་ཆ་ཙམ་ཞིག་ལུས་སོ། །དེ་ཡང་ཕྲ་སྟེ་དེ་ནི་མཁས་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བ། མི་གསལ་ཏེ་དེ་ནི་ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པའི་བློས་མངོན་དུ་བྱར་མི་ནུས་པ། ལྷ་ཆེན་པོ་ཐམས་ཅད་མཁྱེན་པ་རྣམས་དང་། །དྲང་སྲོང་ཆེན་པོ་ལྔ་མངོན་པར་ཤེས་པ་དང་ལྡན་པ་རྣམས་ཀྱིས་བཤད་པའི་ལུང་གིས་གྲུབ་པ། ལས་དང་ཡོན་ཏན་ཙམ་ལས་རྗེས་སུ་དཔག་པར་བྱའོ། །དེ་ཡང་རང་བཞིན་ནི་མི་འགྱུར། གནས་སྐབས་ནི་འགྱུར་དུ་རུང་སྟེ། བདག་ཀུན་ནས་ཉོན་མོངས་པར་ཡང་འགྱུར་དུ་རུང་། རྣམ་པར་བྱང་བར་ཡང་འགྱུར་དུ་རུང་ངོ་། །དེ་ལ་བདག་ཀུན་ནས་ཉོན་མོངས་པར་བྱེད་པ་ནི། བདག་གི་བྱེད་པ་ངན་པ། ཡིད་ལ་བྱ་བ་ངན་པ་ལ་ཞུགས་པས། འདོད་པ་ལ་ཆགས་ཤིང་སྲེད་པའི་དབང་གིས་མི་དགེ་བ་བཅུའི་ལམ་ལ་སྤྱོད་ཅིང་། འདོད་པའི་ཡོན་ཏན་ལྔ་ལ་ཆགས་ཤིང་ཞེན་པས་སྲེད་པ་དང་། མཚན་མ་སྣ་ཚོགས་སུ་འཛིན་ཅིང་ཞེན་པའི་དབང་གིས། བདག་དེ་ཀུན་ནས་ཉོན་མོངས་པར་འགྱུར་རོ། །བདག་དེ་རྣམ་པར་བྱང་བར་བྱེད་པ་ནི། བདག་གི་བྱེད་པ་བཟང་པོ། ཡིད་ལ་བྱ་བ་བཟང་པོ་ལ་ཞུགས་པས་སྡིག་ཏོ་མི་དགེ་བའི་ཆོས་རྣམས་སྤངས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས། འདོད་པ་ཐམས་ཅད་ལ་མ་ཆགས་པའི་དྲང་སྲོང་གི་དཀའ་ཐུབ་བཟུང་བ་དང་། བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པར་བྱས་ཏེ། མཚན་མ་ཅི་ཡང་མི་འཛིན་པའི་སྙོམས་པར་འཇུག་པ་ལ་གནས་པས་བདག་རྣམ་པར་བྱང་བར་འགྱུར་རོ། །ཞེས་འདོད་དོ། །སྤྱིར་རྟག་ཆད་གཉིས་སུ་ལྟ་བའི་གཞི་ནི། རྟག་པར་ལྟ་བ་རྣམས་ནི། ཚངས་པ་ཆེན་པོ་རྟག །དབང་སྒྱུར་གྱི་ལྷ་རྟག །བདག་རྟག །རང་བཞིན་རྟག །རྡུལ་ཕྲ་རབ་རྟག །དེ་རྣམས་ལས་མི་རྟག་པའི་འཇིག་རྟེན་མངོན་པར་གྲུབ་བོ་ཞེའོ། །ཆད་པར་ལྟ་བ་རྣམས་ནི། རྒྱུ་མེད། འབྲས་བུ་མེད། བྱེད་རྩོལ་མེད། ཡོན་ཏན་ཁྱད་པར་ཅན་མེད་དོ། །ཞེས་འདོད་དོ། །ལྟ་བ་དེ་དག་ཐམས་ཅད་བསྡུས་ནས་སངས་རྒྱས་པས་འཇིག་རྟེན་པའི་ལྟ་བ་ཞེས་བཏགས་ཏེ། གང་གི་ཕྱིར་དེ་དག་ཀུན་གྱིས་བདག་ཏུ་ལྟ་བ་མ་བཏང་བས། འཇིག་རྟེན་ལས་འདའ་བར་མི་ནུས་ཏེ། འདི་ལྟར་བདག་བྱེད་པ་ལ་ཆགས་པའི་བློའི་རུམ་དུ་ཞུགས་པས་དེའི་བྱ་བ་ངན་པ་རྣམས་ཀྱང་མི་ལྡོག་གོ །དེ་ལྟར་ལས་མ་ལོག་པས་ལས་ཀྱི་རྣམ་པར་སྨིན་པའི་ཚེ་མི་ལྡོག་སྟེ། ལས་དང་ཚེ་ལས་མ་གྲོལ་ན་ཐ ར་བ་ཐོབ་པར་མི་འགྱུར་རོ། །ཞེས་སངས་རྒྱས་པ་འདོད་དོ། །སངས་རྒྱས་པ་རང་གི་གཞུང་གིས། འཇིག་རྟེན་ཕྱི་ནང་གི་དངོས་པོ་འདི། རྒྱུ་དང་འབྲས་བུའི་མཚན་ཉིད་ནི་ཐེག་པ་ཆེ་ཆུང་མེད་པས་མཐུན་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་དུ་སྨྲ་སྟེ། འདི་སྐད་དུ། འཇིག་རྟེན་ཕྱི་ནང་གི་དངོས་པོ་འདི་དག་ནི། དབང་ཕྱུག་གིས་མ་སྤྲུལ། བྱེད་པ་པོས་མ་བྱས། རང་བཞིན་ལས་མ་བྱུང་། རྒྱུ་མེད་པ་ལས་མ་བྱུང་། དུས་ཀྱིས་མ་བསྒྱུར་ཏེ། རྒྱུ་རྐྱེན་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་ཙམ་ལས་གྲུབ་པ། རྒྱུ་འབྲས་བུ་ལ་ལྟོས། འབྲས་བུ་རྒྱུ་ལ་ལྟོས་ཏེ། རང་གྲུབ་པ་མེད་པ། རྒྱུ་དང་རྐྱེན་འཚོགས་ན་ནི་འབྲས་བུ་སྐྱེ་བ། མ་འཚོགས་ན་ནི་སྐྱེ་བར་ཡང་མི་འགྱུར་བ། རྒྱུ་ལ་བར་ཆོད་ཀྱི་གེགས་མི་སྲིད་པའི་རྒྱུ་ཡང་མི་སྲིད་དེ་རྐྱེན་ལ་རག་ལས་པ་ཙམ་མོ། །དེ་ལྟ་བས་ན། འཇིག་རྟེན་ཀུན་འབྱུང་བ་དང་། སྡུག་བསྔལ་གྱི་ཆོས་ཐམས་ཅད་ལས་འདས་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགྱུར་དུ་རུང་ངོ་། །ཞེས་འདོད་པ་ནི་མཐུན་ནོ། །དེ་བས་ན་སངས་རྒྱས་པ་ཐམས་ཅད་ཉོན་མོངས་པ་རྣམས་ཀྱི་རྩ་བ་འཇིག་ཚོགས་ལ་ལྟ་བ་ཡིན་ཏེ། འདི་སྤངས་ནས། སྟོང་པ་དང་། བདག་མེད་པའི་ལྟ་བ་ལ་གནས་ཏེ། རྣམ་པར་ཐར་པའི་སྒོ་གསུམ་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། །སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པས་གྲོལ་བར་འདོད་པ་མཐུན་ནོ། །དེ་ལ་སངས་རྒྱས་པ་ནང་གི་བྱེ་བྲག་ནི། ཉན་ཐོས་དག་འདི་སྐད་དུ། འདི་ནི་ཕུང་པོ་ཙམ་ཉིད་དེ། །བདག་ནི་ནམ་ཡང་ཡོད་མ་ཡིན། །དབང་པོའི་གྲོང་ཁྱེར་ཁམས་རྣམས་ཀྱིས། །འཇིག་རྟེན་དོན་མེད་རྣམ་པར་ཉམས། །ཞེས་ཟེར་ཏེ། འཇིག་རྟེན་ཕྱི་ནང་གི་དངོས་པོ་འདི་ལ་བདག་ཅེས་བྱ་བ་ནི་སྐྲའི་རྩེ་མོ་འབུམ་གྱི་ཆ་ཙམ་ཡང་གཏན་མེད་དེ། ཕུང་པོ་ཙམ་དུ་ཟད་པས། བདག་གཅིག་པུ་མེད་དེ་དུ་མ་འདུས་པ་ཙམ་མི་རྟག་པའི་མཚན་ཉིད་དོ། །དེ་ཡང་གཉེན་པོས་བཅོམ་ན་དེ་ལྟ་བུའི་བློ་མི་འབྱུང་བ་དང་། བློ་ཡིས་གཞན་བསལ་ན་དེ་ལྟ་བུའི་བློ་མི་འབྱུང་བ་ནི། ཀུན་རྫོབ་ཏུ་ཡོད་པ་དེ་ལས་བཟློག་པ་ནི་དོན་དམ་པར་ཡོད་པའོ། །ཞེས་འདོད་དོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་ལྟ་བ་མི་མཐུན་པ་སྨྲ་བ་ནི། བྱེ་བྲག་ཏུ་སྨྲ་བ་ནི། ལུང་བྱེ་བྲག་བཤད་མཛོད་ཆེན་པོ་ཞེས་བྱ་བ་ལ་བརྟེན་ནས། ཆོས་ཐམས་ཅད་ལ་རྫས་སུ་ཡོད་པར་སྨྲ་བ་པ། ཞེས་བྱ་སྟེ། དེ་ཡང་ཆོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གཞི་ལས། འདུས་བྱས་ཐམས་ཅད་མི་རྟག་པ་དང་། འདུས་མ་བྱས་གསུམ་རྟག་པ་དང་། དབང་པོ་དང་ཡུལ་གྱི་གཞི་ལས། རྡུལ་ཕྲ་རབ་དབྱིབས་དང་མཐུན་པ་ཆ་ཤས་དང་བྲལ་བ་དོན་དམ་པར་རྫས་སུ་ཡོད་པ་དང་། དབང་པོ་དང་དོན་ལ་བརྟེན་པའི་བློ། དོན་ལ་ཐུག་ཕྲད་དུ་གཅོད་པ་དང་། དེའི་ཕྱིར་བློ་རྣམ་པ་མེད་པར་སྐྱེའོ། །ཞེས་བྱ་བ་ལ་སོགས་པར་སྨྲའོ། །མདོ་སྡེ་པ་ནི། མདོ་སྤྱིའི་ལུང་བཙན་པར་བྱེད་པས་མདོ་སྡེ་པ། ཞེས་བྱ་སྟེ། དེ་དག་ནི་འདུས་མ་བྱས་ཐམས་ཅད་ཀྱང་མོ་གཤམ་གྱི་བུ་བཞིན་དུ་སྨྲ། དེ་ལ་སོ་སོར་བརྟགས་པའི་འགོག་པ་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱང་མཚོ་ལ་ཁྱག་ཞུ་བ་ལྟ་བུར་སྨྲ། མི་ལྡན་པའི་འདུ་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དག་ཀྱང་རྫས་མེད་པར་སྨྲ། དབང་པོ་དང་དོན་དུ་ཕྲད་པའི་བློ་རྣམ་པ་དང་བཅས་པར་སྐྱེ་ཞིང་། དབང་པོ་དང་དོན་ཡང་ཁ་དོག་དང་མཐུན་པའི་རྡུལ་ཕྲ་རབ་རྫས་སུ་ཡོད་དོ། །ཞེས་བྱ་བ་ལ་སོགས་པ་ལྟ་བ་མི་མཐུན་པའི་བྱེ་བྲག་མང་དུ་ཡོད་ལ། བྱེ་བྲག་ཏུ་སྨྲ་བ་ཉིད་ལ་ཡང་། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་། ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ཡུལ་གྱིས་ཕྱེ་བ་ཡང་ཡོད་དོ། །གཞན་ཡང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གཞི་ལས། སྡེ་པའི་བྱེ་བྲག་གིས། རྫས་སུ་དུ་ཡོད་མི་མཐུན་པར་སྨྲ་བ་མང་སྟེ། འདི་ལྟར་སྡེ་པ་ཁ་ཅིག །གཟུགས་ཀྱི་གཞི་ལས་ཡུལ་ལྔ་དབང་པོ་ལྔ་འབྱུང་བ་ཆེན་པོ་བཞི་སྟེ་རྫས་སུ་བཅུ་བཞི། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྫས་གཅིག་ཡིན་ཏེ་བཅོ་ལྔ། མི་ལྡན་པ་ཐམས་ཅད་རྫས་གཅིག་ཡིན་ཏེ་བཅུ་དྲུག །འདུས་མ་བྱས་གསུམ་རྫས་གསུམ་ཡིན་ཏེ་བཅུ་དགུ་ཞེས་འདོད་དོ། །སྡེ་པ་ཁ་ཅིག་ནི། ཚོར་བ་དང་འདུ་ཤེས་གཉིས་ཀྱང་ཡོད་དེ། དེ་ལྟར་ན་རྫས་ཉི་ཤུ་རྩ་གཅིག་གོ། ཞེས་འདོད་དོ། །སྡེ་པ་ཁ་ཅིག་ནི། སངས་རྒྱས་ཀྱིས་གསུངས་པའི་ཕུང་པོ་ལྔ་ཆར་རྫས་སུ་གྲུབ་པ་ཡིན་པས། སེམས་པ་ཡང་རྫས་སུ་ཡོད་དོ། །དེ་ལྟར་ན་རྫས་ཉི་ཤུ་རྩ་གཉིས་སོ། །ཞེས་འདོད་དོ། །སྡེ་པ་ཁ་ཅིག་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གཞི་ལས་ཇི་སྐད་དུ་གྲགས་པ་ཐམས་ཅད་རྫས་སུ་ཡོད་དེ། ཆོས་བརྒྱ་རྫས་སུ་ཡོད་དོ། །ཞེས་འདོད་དོ། །གཞི་དེ་ཉིད་ལས་ཁ་ཅིག་ནི། སེམས་ལས་བྱུང་བའི་འདུ་བྱེད་རྣམས་ལ་ཡང་། ཁ་ཅིག་ནི་རྫས་སུ་ཡོད་པ། ཁ་ཅིག་ནི་ཆ་ལ་བཏགས་པ་སྟེ་རྫས་སུ་མེད་དོ། །ཞེས་འདོད་དོ། །དེ་ལ་རྫས་ཞེས་བྱ་བ་རང་གི་ངོ་བོ་དང་ངེས་ཚིག་ནི། ཕྱི་རོལ་པ་བྱེ་བྲག་པའི་གཞུང་ལས་རྫས་ཀྱི་ངོ་བོ་དགུར་སྨྲ་སྟེ། འབྱུང་བ་ཆེན་པོ་བཞི། ནམ་མཁའ་དང་ལྔ། ཕྱོགས་དང་དུས་གཉིས་ཏེ་བདུན། བདག་དང་ཡིད་གཉིས་ཏེ་དགུ་རྫས་རང་གི་ངོ་བོར་འདོད་དོ། །རྫས་སྤྱིའི་མཚན་ཉིད་དུ། བྱ་བ་དང་ལྡན་པ། ཡོན་ཏན་དང་ལྡན་པ། འདུ་བའི་རྒྱུར་གྱུར་པའོ། །རྫས་ཀྱི་ངེས་པའི་ཚིག་ནི། དྲ་བྱ་ཅེས་པའི་སྒྲས་ཡོངས་སུ་གཟུང་བར་བྱ་བ་སྟེ། གཟུང་ཞིང་བཅང་དུ་རུང་བའི་ཕྱིར་ནོར་རྫས་ཞེས་བྱ་སྟེ། ཇི་ལྟར་འཇིག་རྟེན་ཕལ་པ་རྣམས་གསེར་དང་དངུལ་ལ་སོགས་པ་དོན་ཆེ་བའི་ཕྱིར། རྫས་སུ་ལྟ་ཞིང་འཛིན་པར་བྱེད་ལ། དྲང་བའི་རྡོ་བཅོན་ལ་སོགས་པ་དོན་ཆུང་བ་རྣམས་རྫས་སུ་མི་འཛིན་ཅིང་མི་འཆང་ངོ་། །དེ་བཞིན་དུ་བསྟན་ཆོས་ཀྱིས་བློ་བསྒྱུར་བའི་གང་ཟག་ལྟ་བ་ལ་གནས་ཤིང་ཞེན་པ་རྣམས། རང་རང་གི་ལུང་དང་རིགས་པ་ལ་བརྟེན་ནས། ཤེས་བྱ་རྣམས་ལ་བློས་རྣམ་པར་གཞལ་ཏེ། གང་དང་གང་ངོ་བོ་ཉིད་དུ་གྲུབ་ཅིང་གཟུང་ཞིང་བཅང་དུ་རུང་བ་མཐོང་བ་ལ་རྫས་སུ་གྲུབ་པ། ཞེས་འདོད་དོ། །དེ་ལ་ཕྱི་རོལ་པའི་རྫས་ཀྱི་གཞི་དགུ་ལས། ནང་པ་སངས་རྒྱས་པ་ཐམས་ཅད་ཀྱང་། བདག་ཅེས་བྱ་བའི་རྫས་ནི་ཐམས་ཅད་དུ་གཏན་མེད་པར་ལྟ་བ་ནི་མཐུན་ནོ། །དེ་ལས་ཉན་ཐོས་པ་ཁ་ཅིག་ནི། ལྷག་མ་བརྒྱད་ཆར་རྫས་སུ་ཡོད་པར་འདོད་དོ། །ཁ་ཅིག་ནི། ཕྱོགས་དང་དུས་ཀྱང་རྫས་སུ་མེད་དེ། ལྷག་མ་དྲུག་རྫས་སུ་ཡོད་པར་འདོད་དོ། །ཁ་ཅིག་ནི། ནམ་མཁའ་ཡང་རྫས་སུ་མེད་དེ། གཟུགས་དང་ཡིད་རྫས་སུ་འདོད་དོ། །རྣལ་འབྱོར་སྤྱོད་པ་བ་ནི། འབྱུང་བ་ཆེན་པོ་བཞི་ཡང་རྫས་སུ་མེད་དེ། ཡིད་འབའ་ཞིག་རྫས་སུ་ཡོད་དོ། །ཞེས་འདོད་དོ། །དབུ་མ་པ་ནི། ཡིད་ཀྱང་དོན་དམ་པར་རྫས་སུ་མེད་དེ། ཡང་དག་པར་ན་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ། ངོ་བོ་ཉིད་མེད་པ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་དུ་འདོད་དོ། །གསང་སྔགས་ཀྱི་གཞུང་ཡང་། དོན་དམ་པའི་མཚན་ཉིད་དེ་དང་མཐུན་པར་འདོད་དེ། ལྟ་བའི་བྱེ་བྲག་འདི་དག་ཀྱང་རྫས་སུ་ཡོད་མེད་ཀྱི་གཞི་ལས་བརྩམས་ཏེ། ལྟ་བའི་དབྱེ་བ་མདོར་བསྡུས་ཏེ་བསྟན་པའོ། །གཞན་ཡང་། ཐེག་པ་འོག་མ་དང་གོང་མར་གྲགས་པ་ལས། ལྟ་བ་མཐུན་པ་དང་ཁྱད་པར་དུ་དབྱེ་བའི་གཞི་ལས་བརྩམས་ཏེ། ལྟ་བའི་བྱེ་བྲག་བསྡུས་ཏེ་བསྟན་པ། ནང་པ་སངས་རྒྱས་པའི་གཞུང་དུ་གྲུབ་པ་ཐམས་ཅད་ལྟ་བ་གོང་འོག་གི་བྱེ་བྲག་དབྱེ་བ་མེད་ཀྱང་། །གོང་མ་གོང་མ་རྣམས་འོག་མ་འོག་མ་རྣམས་ཀྱི་སྤྲོས་པ་ཆོད་པའི་རིགས་ལས་བོག་མི་འདོན་ཕྱིར་མི་ལྡོག་གོ །སྤྲོས་པ་མ་ཆོད་པའི་རིགས་ལས་སྤྲོས་པ་གཅད་པར་བྱ་བ་ཡོད་ཅིང་། གཅོད་ཀྱང་གཞི་ཁྱད་དུ་མི་གསོད་ཕྱིར་མི་ཟློག་གོ ། དེ་བས་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ནི་རོ་གཅིག་པའི་ཚུལ་གཅིག་ལས། འདི་ལྟར་དེ་བཞིན་ཉིད་ཀྱི་རྗེས་སུ་གཞོལ་བ། དེ་བཞིན་ཉིད་ཀྱི་ཐོག་ཏུ་འབབ་པ་ཤ་སྟག་སྟེ། བདག་ཡོད་པར་འདོད་པ་དང་། མེད་པར་འདོད་པ་ལྟར་གཞི་ཚུལ་ཐ་དད་དུ་འགྱུར་བ་མེད་དེ། འདི་ལྟར་བདག་མེད་པར་སྨྲ་བ་ཉིད་ཀྱིས་དངོས་པོ་ཐམས་ཅད་ཀྱི་རྩད་ཀྱང་ཆོད་པར་གྱུར་པས། ཐེག་པ་མཐོ་དམན་ཐམས་ཅད་ཀྱང་། དངོས་པོའི་སྤྲོས་པ་ཇེ་ཞི་ཇེ་ཞིར་སྟོན་པར་ཟད་དེ། གཞི་ཐ་དད་དུ་སྨྲ་བ་མེད་དོ། །དེ་བས་ན་ཐེག་པ་ཆེ་ཆུང་དང་ལྟ་བ་གོང་འོག་ལ་གཞི་ལམ་སྲོལ་སོ་སོར་འགྲོ་བ་ཡང་མེད་ལ། འབྲས་བུ་སོ་སོར་གྲུབ་པ་ཡང་མེད་དོ། །ཞེས་ཤེས་པར་བྱའོ། །གང་དག་ལམ་སྒོ་ཅུང་ཟད་ཐ་དད་དུ་སྨྲ་བ་ཡང་ཚུལ་གཅིག་ཏུ་བསྡུ་རུ་རུང་བ་ཁོ་ན་ཡིན་ནོ། །དེ་དག་ཀྱང་འདི་ལྟ་སྟེ། ཉན་ཐོས་ཀྱི་ཚུལ་ལས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ལ། གང་ཟག་གི་བདག་མེད་པར་སྤྲོས་པ་བཅད་པ་དེ་ལ། ཐེག་པ་ཆེན་པོ་པས་ཀྱང་ཁྱོད་ཀྱི་གང་ཟག་གི་བདག་མེད་པ་དེ་བས་ཁྱད་པར་དུ་འཕགས་པའི་བདག་མེད་པ་ལྟ་བུ་གཉིས་པ་ཡོད་དོ། །ཞེས་བོགས་མི་འབྱིན་ནོ། །གང་ཟག་གི་བདག་མེད་པ་མ་ཡིན་ཏེ་ཡོད་དོ། །ཞེས་ཕྱིར་མི་ཟློག་གོ །སྤྲོས་པ་མ་ཆོད་པ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་ཆོས་རྫས་སུ་འདོད་པ་ལ་སྤྲོས་པ་གཅད་པར་བྱ་བ་ཡོད་ཀྱང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཞེས་བྱ་བ། གང་ན་ཡོད། སུ་ལ་གྲགས། མཚན་ཉིད་ནི་ཅི་ཞེས་ཁྱད་དུ་མི་གསོད་དོ། །ཕུང་པོ་དང་། ཁམས་དང་སྐྱེ་ མཆེད་མ་ཡིན་ཏེ། བདག་དང་འཇིག་རྟེན་ཡིན་ནོ། །ཞེས་ཕྱིར་མི་ཟློག་གོ། །དེ་ནས་རྣལ་འབྱོར་སྤྱོད་པ་པས། དེའི་སྟེང་དུ་ཆོས་རྣམས་གཟུང་བ་དང་འཛིན་པར་ཀུན་ཏུ་བརྟགས་པའི་དངོས་པོས་ཀུན་ནས་སྟོང་ངོ་། །ཞེས་སྤྲོས་པ་བཅད་པ་ལ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག །ཁྱོད་ཀྱི་གཟུང་འཛིན་གྱི་དངོས་པོར་ཀུན་ཏུ་བརྟགས་པས་སྟོང་པ་ལས་ལྷག་པ་སྟོང་པ་ཉིད་གཉིས་པ་བཅད་དུ་ཡོད་དོ། །ཞེས་བོགས་མི་འབྱིན་ནོ། །གཉིས་པོས་མི་སྟོང་སྟེ་གཉིས་པོ་རྫས་སུ་གྲུབ་པའོ། །ཞེས་ཕྱིར་མི་ཟློག་གོ །སྤྲོས་པ་མ་ཆོད་པས་སེམས་དང་སེམས་ལས་བྱུང་བ་གཉིས་པོས་སྟོང་པ་རང་རིག་པའི་སྐད་གཅིག་མ། ཡང་དག་པར་ཡོད་པ་ལ་སྤྲོས་པ་གཅོད་པར་བྱེད་ཅིང་རང་རིག་སྐད་ཅིག་མ་ཞེས་བྱ་བ། གང་ན་ཡོད། སུ་ལ་གྲགས་ཞེས་ཁྱད་དུ་མི་གསོད་དོ། །རང་རིག་པ་མ་ཡིན་ཏེ་བེམས་པོ་ཡིན་ནོ་ཞེའམ། སྐད་ཅིག་མ་མ་ཡིན་ཏེ་རྟག་པ་ཡིན་ནོ། །ཞེས་ཕྱིར་མི་ཟློག་གོ །མདོ་སྡེ་དབུ་མ་པ། ཉན་ཐོས་མདོ་སྡེ་པ་ལ་བོགས་མི་འབྱིན་ཅིང་ཁྱད་དུ་མི་གསོད་པ་དང་། ཕྱིར་མི་ཟློག་པའི་ཚུལ་ཡང་དེ་དང་མཐུན་ནོ། །དབུ་མ་རྣམ་གཉིས་ཀུན་རྫོབ་ཀྱི་ཚུལ་མི་མཐུན་པ་ལ། ལུང་དང་རིགས་པ་གང་ཆེ་བ་ནི། རྒྱུད་དང་མདོ་སྡེ་སྤྱིའི་གཞུང་དང་། རིགས་པ་སྤྱིའི་ཚུལ་དང་། དབུ་མའི་མཁན་པོ་གཞུང་ཕྱི་མོ་མཛད་པའི་སློབ་དཔོན་ཀླུ་སྒྲུབ་དང་། ཨཱརྱ་དེ་བའི་གཞུང་ལྟར་ན་ཡང་། རྣལ་འབྱོར་སྤྱོད་པའི་དབུ་མའི་གཞུང་དོན་ཆེ་བར་སྣང་ངོ་། །དབུ་མའི་གཞུང་གི་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་དང་བྲལ་བ། ཡང་དག་པའི་ཀུན་རྫོབ་ཀྱི་དབང་ལ་ཀུན་ནས་ཉོན་མོངས་པ་དང་། །རྣམ་པར་བྱང་བའི་ཆོས་སྤང་བ་དང་བླང་བར་བྱ་བའི་དོན་སོ་སོ་བྱ་བ་བྱེད་པ་རྫས་སུ་ཡོད་དོ། །ཞེས་འདོད་པ་ལ། གསང་སྔགས་པ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འདོད་པའང་། འདི་སྐད་དུ་ཁྱོད་ཀྱི་དོན་དམ་པར་སྤྲོས་པ་དང་བྲལ་བ་ལས་ལྷག་པར་སྤྲོས་པ་དང་བྲལ་བ་གཉིས་པ་འདི་ལྟ་བུ་ཡོད་དོ། །ཞེས་བོགས་མི་འབྱིན་ནོ། །དོན་དམ་པར་སྤྲོས་པ་དང་བྲལ་བ་མ་ཡིན་ཏེ། སྐུའམ་ཡེ་ཤེས་སམ་ཆེ་བའི་ཡོན་ཏན་གྱི་བཀོད་པ་འདི་ལྟ་བུ་དག་དོན་དམ་པར་གྲུབ་པ་ཡོད་དོ། །ཞེས་མི་ཟློག་གོ །ཀུན་རྫོབ་ཀྱི་མཚན་ཉིད་དོན་བྱེད་རྫས་སུ་འདོད་པ་ལ་སྤྲོས་པ་གཅོད་པར་བྱེད་ཀྱང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྒྱུ་རྐྱེན་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་དོན་བྱེད་ནུས་པ་ཞེས་བྱ་བ། གང་ན་ཡོད། སུ་ལ་གྲགས་ཞེས་ཁྱད་དུ་མི་གསོད་དོ། །ཀུན་རྫོབ་ཀྱི་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་མ་ཡིན་ཏེ་རང་བྱུང་རང་གྲུབ་ཏུ་རྐྱེན་ལ་ལྟོས་པ་མེད་པ་ཡིན་ནོ། །ཞེའམ། དབང་ཕྱུག་གིས་སྤྲུལ་པའམ། བྱེད་པ་པོས་བྱས་པའམ། རྒྱུ་དང་རྐྱེན་མེད་པར་བྱུང་བའམ། དུས་ཀྱིས་བསྒྱུར་བའི་མཚན་ཉིད་ཅན་ཡིན་ནོ། །ཞེས་བྱ་བ་ལ་སོགས་པར་མི་ཟློག་གོ །གསང་སྔགས་སྤྱིའི་ཚུལ་ལས་ཀུན་རྫོབ་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པར་སྨྲ་བ་ཡང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཞེས་བྱ་བ། གང་ན་ཡོད། སུ་ལ་གྲགས་ཞེས་ཁྱད་དུ་མི་གསོད་ཅིང་། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ལས་འདས་ཏེ་མི་ལྡན་ནོ་ཞེའམ། བདག་དང་བདག་གིས་བྱས་པའི་མཚན་ཉིད་ཅན་ནོ། །ཞེས་བྱ་བ་ལ་སོགས་པར་ཕྱིར་མི་ཟློག་གོ །འོ་ན་ཇི་ལྟར་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་དུ་སྣང་བར་འདྲ་ཡང་། ཡོངས་སུ་དག་པར་སྣང་བ་དང་། མ་དག་པར་སྣང་བ་གཉིས། སེམས་འཁྲུལ་བའི་བག་ཆགས་ཆེ་བ་དང་ཆུང་བར་སྣང་བའི་དབང་ལས། དག་པ་དང་མ་དག་པར་སྣང་བར་ཟད་པས་དེ་གཉིས་ལྟོས་ཏེ་བཞག་ན། འཁྲུལ་བ་ཆུང་བའི་སྣང་བ་ལྟར་བདེན་པར་འདོད་པར་ཟད་དེ། ཡང་དག་པར་གྲུབ་པའི་སྐུ་དང་ཡེ་ཤེས་ཅིག་འདོད་ན་ཀུན་རྫོབ་ཞེས་ཀྱང་ཅིའི་ཕྱིར་བརྗོད་དེ། འཁྲུལ་པའི་བག་ཆགས་འཐུག་སྲབ་ཀྱི་སྣང་བ་ཙམ་དུ་ཟད་དོ། །ཐ་མ་རྫོགས་པ་ཆེན་པོའི་ཚུལ་ལས། ཆོས་ཐམས་ཅད་མཉམ་པ་ཆེན་པོའི་ངང་དུ་བླང་དོར་མེད་པར་སྨྲ་བའང་བདེན་པ་གཉིས་ཀྱི་བརྡས་མི་སྟོན་ཏེ། ཆོས་ཐམས་ཅད་དབྱེར་མེད་པར་སྨྲ་ལ། ཐེག་པ་འོག་མ་རྣམས་ཀྱིས་རང་རང་སོ་སོའི་སྤྲོས་པ་ཇི་ལྟར་བཅད་པ་རྣམས། དེ་ལས་ལྷག་པའི་སྤྲོས་པ་གཅད་པའི་བོགས་ཀྱང་མི་འབྱིན་ལ། སྤྲོས་པ་དང་བྲལ་བ་མ་ཡིན་པ་སྐུ་དང་ཡེ་ཤེས་ལ་སོགས་ལྟ་བུའི་དངོས་པོའི་ངོ་བོ་ཉིད་གཅིག་དང་ལྡན་ནོ། །ཞེས་ཕྱིར་ཡང་མི་ཟློག་གོ །ཐེག་པ་འོག་མ་བའི་སྤང་བླང་གི་རྫས་འདོད་པ་ལ། སྤང་བླང་དང་བྲལ་བར་སྤྲོས་པ་གཅོད་ཅིང་གོལ་སྒྲིབ་སེལ་བར་སྟོན་ཡང་། གཞི་དེ་དག །གང་ན་ཡོད། སུ་ལ་གྲགས་ཞེས་ཁྱད་དུ་མི་གསོད། བདག་གིས་སྤྲུལ་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པར་ཕྱིར་མི་ཟློག་གོ །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་རོ་གཅིག་པ་ཚུལ་གཅིག་པ་སྟེ། འདི་ལྟར་མཉམ་པ་ཆེན་པོའི་ངང་དུ་མཐར་མི་འཇུག་ཅིང་མི་འདུ་བ་མེད་དེ། ཇི་ལྟར་ཆུ་ཕྲན་ཐམས་ཅད་ཀྱང་ཆུ་ཆེན་པོ་རྣམས་དང་འགྲོགས་ཏེ། རྒྱ་མཚོ་ཆེན་པོར་ཕྱིན་པ་ན་ཐམས་ཅད་ལན་ཚྭའི་རོར་གཅིག་པ་བཞིན་དུ། ཐེག་པ་འོག་མ་པའི་སྒོ་ཕྲ་མོ་ཐམས་ཅད་ཀྱང་གང་ཟག་གི་བདག་མེད་པར་རྟོགས་པའི་ཆུས། དངོས་པོར་ལྟ་བའི་ལྗན་ལྗིན་རྣམས་རིམས་ཀྱིས་དེད་དེ། ཐེག་པ་ཆེན་པོ་ཆེན་པོ་རྣམས་དང་བསྡོངས་ནས། མཐར་རྫོགས་པ་ཆེན་པོའི་རྒྱ་མཚོ་ཆེན་པོར་བབ་པ་ན། མཉམ་པ་ཆེན་པོའི་ངང་དུ་རོ་མི་གཅིག་པའི་མཚན་ཉིད་རྡུལ་ཕྲ་མོ་ཙམ་ཡང་མེད་དོ། །འདི་ལྟར་སངས་རྒྱས་པའི་ཐེག་པ་རྣམས་ལས། གོང་མ་གོང་མས་འོག་མ་འོག་མ་རྣམས་ཀྱི་ལྟ་བ་ལ། སྤྲོས་པ་ཆོད་པ་དང་མ་ཆོད་པའི་བྱེ་བྲག་ལས་ཆོད་པ་རྣམས་ལས་བོགས་མི་འབྱིན་པ་དང་། ཕྱིར་མི་ཟློག་པ་གཉིས། སྤྲོས་པ་མ་ཆོད་པ་རྣམས་ལས་སྤྲོས་པ་གཅོད་པར་བྱེད་ཀྱང་། གཞི་ཁྱད་དུ་མི་གསོད་པ་དང་། གཞི་ཕྱིར་མི་ཟློག་པ་ གཉིས་ཏེ། དེ་ལྟར་ཚུལ་བཞིའི་སྒོ་ནས། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་རོ་གཅིག་ཅིང་ཚུལ་གཅིག་པར་ཤེས་པར་བྱ་བ་དང་། ལྟ་བ་མཐོ་དམན་གྱི་བྱེ་བྲག་ཀྱང་ཤེས་པར་བྱ་བ་འདི་ནི། ལྟ་བའི་བྱེ་བྲག་མདོར་བསྡུས་པ་ཕྱོགས་གཅིག་ཡིན་ཏེ། ཚུལ་འདི་ནི་ལྟ་བའི་བྱེ་བྲག་བཤད་པ་ཐམས་ཅད་ཀྱི་ནང་ན་ཡང་སྙིང་པོའི་མཆོག་ཏུ་འདི་ཟུང་ཤིག ། ལྟ་བའི་བྱེ་བྲག་ཇི་སྐད་བཤད་པ་དེ་དག་ནི། ཕྱི་རོལ་མུ་སྟེགས་ཅན་རྣམས་ཀྱི་ལྟ་བའི་བྱེ་བྲག་བཤད་པ་ནི་སྤྱིར་གྲགས་པའི་གཞུང་བསྟན་པའོ། །ནང་པ་སངས་རྒྱས་པའི་ལྟ་བའི་བྱེ་བྲག་བསྟན་པ་དེ་དག་ནི། སྤྱིར་ཆོས་རྣམས་ལས། ཕྱི་རོལ་མུ་སྟེགས་ཅན་གྱིས་རྫས་ཀྱི་དངོས་པོ་དགུ་བཞག་པའི་གཞི་དེ་ལས། སངས་རྒྱས་པ་རྣམས་ཀྱིས་ཐེག་པ་རིམ་པ་རིམ་པས་རྫས་ཀྱི་རིམ་པ་རིམ་པར་སྤྲོས་པ་གཅད་པའི་ཚུལ་བསྟན་པ་དང་། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་རོ་གཅིག་པའི་ཚུལ་གཅིག་པ་འབྲས་བུ་ཐ་དད་མེད་པར་མཉམ་པ་ཆེན་པོའི་ངང་དུ་རོ་གཅིག་པར་ བསྟན་པའོ། །ད་ནི་སངས་རྒྱས་པ་ནང་གི་བྱེ་བྲག་མི་མཐུན་པ་ཅུང་ཟད་བསྟན་པར་བྱ་སྟེ། དེ་ལ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་ནི། རྫས་ཡོད་མེད་དུ་འདོད་པའི་སྐབས་སུ་ཕལ་ཆེར་བཤད་ཟིན་ཏོ། །དེར་མ་སྨོས་པ་ཅུང་ཟད་བསྟན་ན། ཉན་ཐོས་བྱེ་བྱག་ཏུ་སྨྲ་བའི་གཞུང་ལ་ཡང་། གནས་མ་བུའི་སྡེ་ལ་སོགས་པ་ཁ་ཅིག། །གང་ཟག་ཡོད་པར་སྨྲ་སྟེ། གང་ཟག་དེ་དང་ཕུང་པོ་ཀླུ་དང་ཆུ་བཞིན་དུ་དེ་ཉིད་དང་གཞན་དུ་མེད་པར་སྨྲའོ། །མུ་སྟེགས་ཅན་ལས་ཁྱད་པར་དུ་གང་ཟག་མི་རྟག་པར་སྨྲའོ། །གང་ཟག་ལ་རྫུས་ཏེ་བྱུང་བའི་སེམས་ཅན། ཞེས་འདོགས་ཏེ། དེས་རྡུལ་ཕྲ་རབ་ལས་བསྡུས་པའི་ལུས་ལེན་ཅིང་འདོར་བར་བྱེད་དོ། །ཞེས་འདོད་དོ། །འདི་ནི་སངས་རྒྱས་པའི་ལྟ་བ་ཐམས་ཅད་ཀྱི་མཐའ་རྨང་གཞི་ཡིན་ནོ། །ཞེས་གྲགས་སོ། །བྱེ་བྲག་ཏུ་སྨྲ་བ་ཕལ་ཆེར་ནི། གང་ཟག་གམ་སེམས་ཅན་ཞེས་བྱ་བ་གཏན་མེད་པར་སྨྲའོ། །སྤྱིར་ཉན་ཐོས་པ་ནི། བདག་ལ་ཆགས་པ་སྤངས་པས་གྲོལ་བར་འདོད་པ་ལས། ཆགས་པ་སྤོང་བའི་ཐབས་ཀྱི་སྒོ་གསུམ་དུ་སྨྲ་སྟེ། མི་སྡུག་པ་བསྒོམ་པས་ཆགས་པ་སྤོང་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་བསྒོམ་པས་སེམས་མཉམ་པར་བཞག་པ་ཐོབ་པའི་ཕྱིར་འདོད་པར་ཆགས་པའི་གཉེན་པོར་གྱུར་ཏེ་ཆགས་པ་སྤོངས་པ་དང་། བདེན་པ་བཞིའི་དོན་བསྒོམས་པས་ཆགས་པ་སྤོངས་པའོ། །ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་རྣམས་ཀྱི་ལྟ་བ་དང་། ཏིང་ངེ་འཛིན་དང་། སྤོང་ཚད་གསུམ་གྱི་བྱེ་བྲག་མདོར་བསྡུས་པ་ནི། ཉན་ཐོས་རྣམས་ཀྱི་ལྟ་བ་ནི། གང་ཟག་ལ་བདག་མེད་པར་རྟོགས་པའོ། །ཏིང་ངེ་འཛིན་ནི། དམིགས་པ་དང་བཅས་པའི་ས་ལ་གནས་པའོ། །སྤོང་ཚད་ནི། སྲིད་པ་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤོངས་པའོ། །ཞེའོ། །རང་སངས་རྒྱས་རྣམས་ཀྱི་ལྟ་བ་ནི། ཆོས་ལས་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་སོ། །ཏིང་ངེ་ འཛིན་ཚིག་གི་དོན་མེད་པར་རྟོགས་ཏེ་བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པས། གཟུང་བའི་རྟོག་པ་ཉམས་པར་བྱས་ཏེ། འོན་ཀྱང་བརྗོད་དུ་མེད་དོ་སྙམ་པའི་འདུ་ཤེས་འཇུག་པས་འཛིན་པའི་རྟོག་པ་ནི་མ་སྤངས་སོ། །སྤོང་ཚད་ནི་གང་ཅི་ཡང་རུང་སྟེ། ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་སུ་ཤེས་སོ། །ཞེའོ། །ཐེག་པ་ཆེན་པོ་སྤྱིར་བསྡུས་ནས་ལྟ་བ་ནི། ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་རྟོགས་སོ། །ཏིང་ངེ་འཛིན་ནི། གཟུང་བ་དང་འཛིན་པའི་རྟོག་པ་ཐམས་ཅད་ལས་འདས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལ་གནས་སོ། །སྤོང་ཚད་ནི། བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤོངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་བོ། །ཞེའོ། །གཞན་ཡང་འདི་རྣམས་ཀྱི་ཏིང་ངེ་འཛིན་གྱི་མཐུའི་བྱེ་བྲག་ནི། ཉན་ཐོས་ཀྱི་ཏིང་ངེ་འཛིན་ནི། ལས་ཀྱི་ཚེ་རྣམ་པར་སྦྱོང་བ་ལ་མཐུ་ཆུང་སྟེ། ཕྱི་ནང་གི་གནོད་པས་ཀྱང་བརྫིར་རུང་ངོ་། །རང་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་ནི། རྣམ་པར་སྦྱོང་པ་ལ་མཐུ་ཆེ་སྟེ་ཕྱི་ནང་གི་གནོད་པས་མི་བརྫིའོ། །བྱང་ཆུབ་སེམས་དཔའ་རྣམས་ནི། ས་དང་པོ་ཐོབ་ནས་དབང་བཅུའི་གཞི་ཐོབ་སྟེ། དེ་ནས་རིམ་གྱིས་འཕེལ་ནས་ས་བཅུ་པ་ལ་དབང་བཅུ་མཐར་ཕྱིན་པའི་མཐུ་ཐོབ་བོ། །དེ་བཞིན་གཤེགས་པ་ནི། བྱིན་རླབས་བསམ་གྱིས་མི་ཁྱབ་སྟེ། མཐུའི་ཚད་གཟུངས་བའི་གནས་མ་ཡིན་ནོ། །ཞེའོ། །རང་སངས་རྒྱས་ཀྱང་གཉིས་ཏེ། ཚོགས་ན་སྤྱོད་པ་དབང་པོ་རྟུལ་པོ་གྲོགས་ལ་ལྟོས་པ་དང་། བསེ་རུ་ལྟ་བུ་དབང་པོ་རྣོན་པོ་གྲོགས་ལ་མི་ལྟོས་པ་སྟེ། འདི་དག་ལ་ཡང་། ཞུགས་པ་དང་འབྲས་བུ་ཐོབ་པའི་བྱེ་བྲག་གིས་གང་ཟག་ནི་རྣམ་པ་བཞི་ཡིན་ལ། ཚོགས་བསགས་པའི་བྱེ་བྲག་དང་། དབང་པོ་རྣོ་རྟུལ་གྱི་བྱེ་བྲག་དང་། ཏིང་ངེ་འཛིན་གྱི་བྱེ་བྲག་ལས། མཐུའི་བྱེ་བྲག་ཀྱང་ཡོད་དོ། །ཞེའོ། །རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་གཉིས་ཏེ། རྣམ་པ་དང་བཅས་པར་སྨྲ་བ་དང་། རྣམ་པ་མེད་པར་སྨྲ་བའོ། །རྣམ་པ་དང་བཅས་པར་སྨྲ་བ་ལ་ཡང་། ནང་གསེས་ཀྱི་བྱེ་བྲག་རྣམ་པ་གཉིས་ཏེ། རྣམ་པ་བདེན་པར་སྨྲ་བ་དང་། རྣམ་པ་བརྫུན་པར་སྨྲ་བའོ། །དེ་དག་ལ་ཡང་རྣམ་པ་འདྲ་གཞི་ཡོད་པར་སྨྲ་བ་དང་། འདྲ་གཞི་མེད་པར་སྨྲ་བ་ལ་སོགས་པ་ནང་མི་མཐུན་པར་སྨྲ་བ་དུ་མ་གྲགས་མོད་ཀྱི། མདོ་འདི་དག་ཙམ་དུ་འདུས་པས་འདི་དག་ཙམ་བཤད་དོ། །དེ་ལ་རྣམ་པ་དང་བཅས་པར་སྨྲ་བ་ཞེས་བྱ་བ་ནི། རྣམ་པའི་སྒྲ་ནི་འདིར་འདྲ་སྣང་ལ་བྱ་སྟེ། དེ་ཡང་འདྲ་གཞི་ཡོད་པར་འདོད་པ་རྣམས་ནི། འདྲ་གཞི་དང་འདྲ་བའི་རྣམ་པར་ཤེས་པ་སྐྱེ་བ་འདྲ་སྣང་སྟེ། འདྲ་གཞི་མེད་པ་ན་གཏན་མེད་ཀྱང་། ཡོད་པས་འདྲ་བར་སྣང་བ་ལ་འདྲ་སྣང་། ཞེས་བྱའོ། །བསྡུས་ནས་རྣམ་པ་དང་བཅས་པར་སྨྲ་བ་ཞེས་བྱ་བ་ཕྱི་རོལ་གྱི་དོན་མེད་ཀྱང་ཡོད་པ་དང་འདྲ་བར་རྣམ་པར་ཤེས་པ་ཉིད། གཟུང་བ་དང་འཛིན་པའི་རྣམ་པར་དབྱེ་བ་ཡོད་དོ། །ཞེས་འདོད་དོ། །དེ་ལ་ཡང་འདྲ་གཞི་ཡོད་པར་འདོད་པ་ནི། རྣམ་པར་ཤེས་པ་ལས་གུད་ན་ཕྱི་རོལ་གྱི་དོན་མེད་ཀྱང་། སེམས་ཉིད་ཕྱི་རོལ་གྱི་དོན་ལྟ་བུར་སྣང་བ་བརྟན་པ་ཞིག་ཡོད་དེ། དེས་འདྲ་གཞི་བྱས་ནས་རྣམ་པར་ཤེས་པ་ཐམས་ཅད་དེའི་རྣམ་པར་སྐྱེའོ། །ཞེའོ། །འདྲ་གཞི་མེད་པར་སྨྲ་བ་ནི། ཕྱིའི་སྐྱེ་མཆེད་དུ་སྣང་བའི་རིམ་པ་གཉིས་པ་མེད་དེ། རྣམ་པར་ཤེས་པ་ཉིད་དོན་ཡོད་པར་སྣང་བ་ལྟ་བུའོ། །ཞེའོ། །དེ་ལ་རྣམ་པ་བདེན་པར་སྨྲ་བ་ནི། ལུས་དང་གནས་དང་སྤྱོད་ཡུལ་དུ་སྣང་བ་ཐམས་ཅད་སེམས་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། ཇི་ལྟར་སྣང་བ་དེ་བཞིན་དུ་ཡང་དག་པར་བདེན་པ་སྟེ། སེམས་ཅན་གྱི་དུས་ནའང་དེ་བཞིན་དུ་བདེན་པ་ཉིད་ཡིན་ལ། སངས་རྒྱས་ཀྱི་ས་ལ་ཡང་སྐུ་དང་ཞིང་གི་བཀོད་པ་ཐམས་ཅད་དེ་བཞིན་དུ་ཡང་དག་པར་བདེན་པ་ཡིན་ནོ། །ཞེའོ། །རྣམ་པ་རྫུན་པར་སྨྲ་བ་ནི། སེམས་ཅན་གྱི་དུས་ན་ཡང་གཟུང་འཛིན་དུ་སྐྱེ་བའི་རྟོག་པ་ནི་ཡོད་པ་ཡིན་ལ། དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། ཡང་དག་པར་ན་གཉིས་པོས་སྟོང་པ། རང་རིག་པའི་མཚན་ཉིད་ཙམ་དུ་ཡོད་ལ། སངས་རྒྱས་པའི་དུས་ན་ཡང་། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ཙམ་མངའ་སྟེ། འོན་ཀྱང་ཡང་དག་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མ་ཙམ་མོ། །རྣམ་པ་མེད་པར་སྨྲ་བ་ནི། སེམས་ཅན་ཀུན་གྱི་དུས་ན་ཡང་སེམས་དང་སེམས་ལས་བྱུང་བ་གཟུང་འཛིན་གྱི་རྣམ་པ་སྐད་གཅིག་ཙམ་ཡང་སྐྱེ་མ་མྱོང་སྟེ། གསལ་བ་རང་རིག་པའི་མཚན་ཉིད་ཙམ་དུ་གནས་སོ། །ཡུལ་དང་ཡུལ་ཅན་དུ་སྣང་བ་སྙམ་བྱེད་པ་འདི་ནི། སེམས་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། དེ་ཉིད་ལ་བག་ཆགས་ཞེས་བྱ། གཟུང་འཛིན་ཞེས་བྱ། ཀུན་བརྟགས་ཞེས་བྱའོ། །གང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ནི་རྫས་སུ་ཡོད་པར་མི་རུང་སྟེ། བཏགས་པ་ཙམ་མོ། །འཕགས་པའི་དུས་ན་ཡང་ངོ་བོ་ཉིད་དེ་ལས་བོགས་དབྱུང་དུ་མེད་དེ། འོན་ཀྱང་ཁྱད་པར་ནི་གློ་བུར་བའི་བག་ཆགས་ཡོད་པ་སྙམ་བྱེད་པ། དེ་དང་བྲལ་བའོ། །ཞེའོ། །དེ་བས་ན་འཕགས་པའི་དུས་ནའང་དག་པ་འཇིག་རྟེན་པའི་ཡེ་ཤེས་མི་འདོད་དོ། །སངས་རྒྱས་པའི་འདོད་པ་སྤྱིར་བསྡུ་ན། འཇིག་རྟེན་ལས་ལས་སྐྱེ་བར་འདོད་པར་འདྲ་བ་ལས། ཁ་ཅིག་ནི། ༼ཉན་ཐོས་པ། ༽ ལས་ཀྱི་ངོ་བོ་ཉིད་ནི་ལས་སེམས་པ་དང་སེམས་པས་ཀུན་ནས་བསླང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཏེ། ལས་དེས་ལས་ཀྱི་བག་ཆགས་རྒྱུད་ལ་བསགས་པའི་མཐུས། རྣམ་པར་ཤེས་པ་སྐྱེ་བ་དང་རྣམ་པར་སྨིན་པ་མངོན་པར་གྲུབ་པ་གཉིས་སྐྱེད་དོ། །དེ་ལ་རྣམ་སྨིན་མངོན་པར་འགྲུབ་པ་ནི། ལུས་དང་གནས་དང་སྤྱོད་ཡུལ་དུ་སྨིན་ཅིང་གྲུབ་པ་འདི་ཉིད་ཡིན་ནོ། །དེ་ཉིད་སེམས་ཀྱི་དབང་ལས་གྲུབ་པ་ཡིན་ཡང་། བག་ཆགས་ཀྱི་འབྲས་བུ་སེམས་ལས་གཞན་དུ་སྨིན་པ་ཡིན་ནོ། །དེ་ཉིད་ཀྱིས་དམིགས་པའི་རྐྱེན་དང་བདག་པོའི་རྐྱེན་བྱས་པས། བག་ཆགས་གང་གིས་རྣམ་པར་ཤེས་པ་སྐྱེད་པར་བྱས་པའི་བག་ཆགས་དེས། རྒྱུའི་རྐྱེན་བྱས་ནས་རྣམ་པར་ཤེས་པ་ཡུལ་ལ་དམིགས་ཤིང་སྐྱེའོ། །ཞེས་ཟེར་རོ། །ཁ་ཅིག་ནི། ༼སེམས་ཙམ་པ། ༽ལས་ཀྱི་བག་ཆགས་སེམས་ཀྱི་རྒྱུད་ལ་བསགས་པ་ནི་བདེན་ན། དེ་ཉིད་ཀྱི་ཕྱིར་བག་ཆགས་ཀྱི་འབྲས་བུ་ཡང་སེམས་ཀྱི་རྒྱུད་ཉིད་ལ་སྨིན་པར་རིགས་ཏེ་དཔེར་ན་ཞིང་ལ་ས་བོན་བཏབ་པ་འབྲས་བུ་རིའི་རྩེ་མོ་ལ་སྨིན་པ་ག་ལ་སྲིད། དེ་བས་ན་ལས་ཀྱི་བག་ཆགས་སེམས་ཀྱི་རྒྱུད་ལ་བསགས་ཤིང་སྨིན་པའི་སེམས་དེ་ཉིད་ལུས་དང་གནས་དང་སྤྱོད་ཡུལ་ལྟར་རྣམ་པར་སྨིན་པ་ཡིན་ནོ། །དེ་བས་ན་ཇི་སྲིད་དུ་ཆོས་སུ་བརྟགས་ཤིང་གྲགས་པ་ཐམས་ཅད་སེམས་ཉིད་གྱུར་པ་ཡིན་ནོ། །ཞེའོ། །དེ་ལ་ཡང་བག་ཆགས་ཀྱི་དབང་གིས་སེམས་ཉིད་ཡུལ་ལྟ་བུ་ཞེས་པ་དང་། ཡུལ་ལྟ་བུར་སྣང་བ་དེ་ཁོ་ན་བག་ཆགས་སྨིན་པ་ཡིན་པས། སེམས་ཀྱི་ཡུལ་བག་ཆགས་ཡིན་ནོ། །ཞེས་པ་དང་། གཞན་ཡང་། འཇུག་པའི་རྣམ་པར་ཤེས་པ་སེམས་ལས་བྱུང་བ་དང་བཅས་པའི་བག་ཆགས་ཀུན་གཞི་ལ་བསགས་པ་དབང་དུ་གྱུར་ཅིང་མཐུར་གྱུར་པ་ན། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་འབྲས་བུའི་ངོ་བོ་རྣམ་པར་སྨིན་པ་སྟེ། དེ་ཉིད་ལུས་དང་གནས་དང་སྤྱོད་ཡུལ་དུ་སྣང་བ་ཡིན་ནོ། །སྣང་བ་དེ་ཉིད་ཀྱིས་འཇུག་པའི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་དང་ཡང་དམིགས་པའི་རྐྱེན་ཡང་བྱེད་དོ། །འཇུག་པའི་རྣམ་ཤེས་རང་གིས་བཞག་པའི་རྒྱུ་མཐུན་པའི་བག་ཆགས་ཀྱིས་རྒྱུའི་རྐྱེན་བྱེད་དོ། །ཟེར་རོ། །བསྡུས་ན་གཞུང་འདི་དག་ཀུན། ཕྱི་རོལ་པ་ལྟར་དབང་ཕྱུག་དང་། བདག་དང་། རང་བཞིན་ལ་སོགས་པ་རྒྱུ་གཞན་དུ་མི་ཚོལ་ཏེ། རྣམ་པར་ཤེས་པ་རང་གིས་བསགས་པའི་ལས་རང་ལ་སྐྱེ། རང་གི་གནས་དང་སྤྱོད་ཡུལ་ཀྱང་གྲུབ་པར་འདོད་པར་འདྲ་བས། ལྷག་པར་རྩོད་སྒོ་ཆེན་པོ་མེད་དོ། །༼དབུ་མ་པ་ནི། ༽ ཇི་སྐད་དུ་འདོད་པ་བཤད་པ་འདི་ཉིད་ལྟ་བའི་གཞིར་བཞག་ནས། ཀུན་རྫོབ་ཀྱི་བདེན་པར་སྨྲ་བ་དེ་ཉིད་རིགས་པ་དམ་པས་གཞལ་ན། ཇི་ལྟར་སྣང་ཞིང་མྱོང་བ་དེ་ལྟར་ཡང་དག་པར་གྲུབ་པ་མེད་དེ། སྤྲོས་པ་དང་བྲལ་བར་སྨྲའོ། །དེ་ཡང་དོན་དམ་པའི་ལྟ་བ་མཐུན་ཡང་། ཀུན་རྫོབ་ཀྱི་བྱེ་བྲག་གིས། མདོ་སྡེ་དབུ་མ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་གཉིས་སུ་གྱེས་སོ། །དེ་ལ་མདོ་སྡེ་དབུ་མ་ནི་ཀུན་རྫོབ་ཉན་ཐོས་མདོ་སྡེ་པ་དང་མཐུན་པས། ཚུལ་ཐ་དད་དུ་མ་ཡང་མེད། འཕགས་པའི་དུས་ན་ཡང་ཕུང་པོ་མ་ལུས་པའི་མྱ་ངན་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་སྨྲ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས། ཇི་སྐད་དུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྟེ། བཅོ་བརྒྱད་གང་ཞེ་ན། གང་གི་མཚན་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་སངས་རྒྱས་པ་དང་། གང་གི་ནམ་ལ། ལྷ་དང་བཅས། བདུད་དང་བཅས། དགེ་སྦྱོང་དང་བཅས། བྲམ་ཟེ་དང་བཅས་པའི་འཇིག་རྟེན་སྡུག་བསྔལ་ཐམས་ཅད་ཟད་པའི་རྗེས་སུ་བསྟན་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ། དེ་བཞིན་གཤེགས་པ་ལ། འཁྲུལ་པ་མི་མངའ་འོ། །ཅ་ཅོ་མི་མངའ་འོ། །ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་ལུས་ནི་སྨོན་ལམ་གྱི་ལས་ཀྱིས་བསྒྲུབ་པ་རྣམ་པར་སྨིན་པའི་ལུས་ཀྱི་ཐ་མ་བྱང་ཆུབ་སེམས་དཔའི་རྒྱུད་ཀྱིས་བསྡུས་པ་དེས། གང་གི་ནམ་ལ། ཏིང་ངེ་འཛིན་ནམ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་བརྙེས་ནས་བདུད་བཞི་ལས་རྒྱལ་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཞེས་བྱ། བདེ་བར་གཤེགས་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་ནོ། །དེ་ནས་གང་གི་ནམ་ལ། ཕུང་པོ་མ་ལུས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས། སོ་སོར་བརྟགས་པའི་འགོག་པ་ཞེས་བྱ། མྱ་ངན་ལས་འདས་པ་ཞེས་བྱ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཞེས་བྱ་བའི་གཞུང་འདི་འཛིན་ཏོ། །རྣལ་འབྱོར་སྤྱོད་པའི་དབུ་མ་ནི། ཀུན་རྫོབ་སེམས་ཙམ་དང་མཐུན་པར་སྨྲ་བས། སེམས་ཙམ་ལ་དོན་དམ་པའི་ལྟ་བའི་བྱེ་བྲག་མང་དུ་ཡོད་པ་ལ་བརྟེན་ནས། རྣལ་འབྱོར་སྤྱོད་པའི་ཀུན་རྫོབ་ཀྱི་ལྟ་བའི་བྱེ་བྲག་ཀྱང་སྣ་ཚོགས་སུ་འཛིན་ཏོ། །དེའི་དབང་གིས་སེམས་ཅན་གྱི་དུས་ན་ཡང་ཤེས་བྱའི་མཚན་ཉིད་སྣ་ཚོགས་སུ་སྨྲ་ལ། འཕགས་པའི་དུས་ན་ཡང་ཀུན་རྫོབ་ཀྱི་མཚན་ཉིད། དེ་བཞིན་གཤེགས་པ་ལ་སྐུ་དང་། ཡེ་ཤེས་དང་། ཞིང་གི་བཀོད་པ་ལ་སོགས་པ་གཞུང་རྣམས་ལས་ཇི་ལྟར་གྲགས་པ་ལས། དེ་དང་མཐུན་པར་སྨྲ་སྟེ། ཁ་ཅིག་ནི། ༼དབུ་མ་པ། ༽ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་དང་ལྡན་ཏེ། དེ་ཡང་འགྲོ་བ་དྲུག་གི་དབང་པོ་དྲུག་དུས་གཅིག་ཏུ་བསྡུས་པ་བཞིན་དུ་ཐམས་ཅད་གཟིགས་སོ། །མཁྱེན་ཏོ། །ལོངས་སྤྱོད་དོ། །ཟེར་རོ། །ཁ་ཅིག་ནི། གཟུགས་ཀྱི་ཆོས་ལས་ནི་འདས་ཏེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ། རྣམ་པ་ནི་ཐམས་ཅད་མཁྱེན། དངོས་སུ་དབང་པོ་དང་དོན་གྱི་ལོངས་སྤྱོད་པ་ནི་མི་མངའ་འོ། །ཞེས་ཟེར་རོ། །ཁ་ཅིག་ནི། ཡེ་ཤེས་དེ་ཡང་རྟག་ཏུ་ཡིད་བདེ་བའི་ལོངས་སྤྱོད་དང་ལྡན་ནོ། །ཞེས་ཟེར་རོ། །ཁ་ཅིག་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ན་ཙམ་སྟེ། མྱོང་སྣང་ཐམས་ཅད་དང་བྲལ་ལོ། །ཞེས་ཟེར་རོ། །ཁ་ཅིག་ནི། སངས་རྒྱས་ཀྱི་མཚན་ཉིད་དེ་ལྟ་བུ་ཞིག་ན་སེམས་ཙམ་པ་ཉིད་དང་ཁྱད་ཅི་ཡོད། ཡེ་ཤེས་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་ཀུན་རྫོབ་ཡིན་པར་ཁས་ལེན་པ་ནི་བཟང་ན། དེ་ཕྱིན་ཅི་ལོག་དང་ལྡན་པ་ཞིག་གམ་བྲལ་བ་ཞིག །གལ་ཏེ་ལྡན་པ་ཞིག་ན་ནི་སངས་རྒྱས་སུ་ཡང་ཇི་ལྟར་རུང་། གལ་ཏེ་བྲལ་པ་ཞིག་ན་ནི། ཕྱིན་ཅི་ལོག་མེད་པ་ཞེས་བྱ་བ་དང་། ཡང་དག་པ་ཞེས་བྱ་བ་དང་། དམ་པའི་དོན་ཞེས་བྱ་བ་ནི་རྣམ་གྲངས་ཙམ་དུ་མ་ཟད་དམ། ཕྱིན་ཅི་ལོག་ནི་མེད་ལ། རིག་པས་ཀྱང་གནོད་ཅེས་བྱ་བ་འདི་སུའི་ལུང་། ཕྱིན་ཅི་ལོག་མེད་པའི་དངོས་པོ་སྐྱེ་འགག་ཡོད་ན་དོན་དམ་པར་ཆོས་ཐམས་ཅད་གདོད་མ་ནས། སྐྱེ་བ་མེད་པ། ངོ་བོ་ཉིད་མེད་པ། སྤྲོས་པ་ཉེ་བར་ཞི་བ་ཞེས་འབྱུང་བ་དེ་ཆོས་ཅན་གང་གི་ཆོས་སུ་གཞག །དེ་བས་ན་བཅོམ་ལྡན་འདས་ཀྱི་མདོ་ལས། ཇི་ལྟར་ན་ནི་རྣམ་པར་གྲོལ། །ཞེས་པའི་ལན་དུ། སེམས་ནི་ངོ་བོ་ཉིད་མེད་ཕྱིར། །རྒྱུ་དང་འབྲས་བུ་རྣམ་སྤང་ཞིང་། །ལས་དང་ཚེ་ལས་རྣམ་གྲོལ་ན། །ནམ་མཁའ་ལྟ་བུར་འགྱུར་བ་ཡིན། །ཞེས་གསུངས་པ་ཡིན་ཏེ། གལ་ཏེ་ཡང་དག་པར་ན་སེམས་དང་ངོ་བོ་ཉིད་ཅིག་ཡོད་པར་བདེན་ན་ནི། ཡང་དག་པར་ཐོབ་པའི་སངས་རྒྱས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ཞིག་ཏུ་གྲུབ་པར་རིགས་ལ། དེ་སྟེ་ཡང་དག་པར་ན་སེམས་ངོ་བོ་ཉིད་མེད་པར་བདེན་ན། ཡང་དག་པར་ཐོབ་པའི་སངས་རྒྱས་ཀྱང་སྤྲོས་པ་ཐམས་ཅད་ཞི་བའི་མཚན་ཉིད་དུ་རིགས་སོ། །དེ་བས་ན་ཤེས་བྱ་ཡོངས་སུ་གཅོད་པའི་དུས་ན། ཡང་དག་པར་ན་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པར་སྨྲ་བ་རྣམས་ཀྱིས། ཡང་དག་པའི་དུས་ན། རྒྱུ་དང་འབྲས་བུའི་དངོས་པོ་སྐྱེ་བའི་མཚན་ཉིད་ཁས་བླང་དུ་མི་རུང་ངོ་། །དེ་བས་ན་སངས་རྒྱས་ཀྱི་ས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་མོ། །དབུ་མའི་ལྟ་བ་མདོར་བསྡུ་ན། མ་ཡ་སྟེ་སྒྱུ་མ་ལྟ་བུར་འདོད་པ་དང་། ཨ་པྲ་ཏི་སྟི་ཏེ་རབ་ཏུ་མི་གནས་པར་འདོད་པའོ། །དེ་ལ་སྒྱུ་མ་ལྟ་བུ་ནི། ཕྱི་ནང་གི་དངོས་པོར་སྣང་བ་རྣམས་ལ། རིགས་པ་དམ་པས་གཞལ་ཞིང་བརྟགས་ན། ཡང་དག་པའི་དངོས་པོ་ཡང་མི་རྙེད་ལ། མངོན་སུམ་དུ་དམིགས་པས་གཞལ་ན་རྒྱུ་དང་འབྲས་བུའི་དངོས་པོར་ཡང་དེ་བཞིན་དུ་ བདེན་ཏེ། བདེན་པ་འདི་གཉིས་ཀ་ཡང་ཁྱད་དུ་གསོད་དུ་མི་རུང་བས། བསྡུས་ན་དངོས་པོ་རྣམས་ཀྱི་ཆོས་ཉིད་ནི། ངོ་བོ་ཉིད་སྒྱུ་མ་ལྟ་བུའི་ཆོས་ཉིད་ནི་བདེན་ནོ། །ཞེས་འདོད་དོ། །རབ་ཏུ་ཤིན་ཏུ་མི་གནས་པ་ནི། ཆོས་ཐམས་ཅད་ལ་མིང་དང་བརྡ་དང་ཐ་སྙད་ཀྱི་མཚན་ཉིད་སྣ་ཚོགས་སུ་བསྟན་ཅིང་། རྣམ་པར་བཞག་ཀྱང་ཇི་ལྟ་བུའི་མཚན་ཉིད་དུའང་གནས་པ་མི་འགྲུབ་སྟེ། རགས་པ་ཨ་ཅང་ཆེས་ཀྱི། ཐ་ན་རབ་ཏུ་ཕྲ་བ་ཞེའམ། ཤིན་ཏུ་ཟབ་པའི་གནས་གཅིག་ལ་ཡང་མི་གནས་མི་རྟེན་པས། རབ་ཏུ་ཤིན་ཏུ་མི་གནས་པ་ཞེས་བྱའོ། །འདི་ནི་ཤེས་བྱ་ཡོངས་སུ་གཅོད་པའི་དུས་ནའང་འདི་ལྟར་གཅོད་ལ། སངས་རྒྱས་ཀྱི་སའི་དུས་ནའང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྤྲོས་པ་ཡོངས་སུ་ཞི་བའི་མཚན་ཉིད་དུ་འདོད་དོ། །ད་ནི་གསང་སྔགས་ཀྱི་གཞུང་ལས་གྲགས་པའི་ལྟ་བ་ཅུང་ཟད་བརྗོད་པར་བྱ་སྟེ། དོན་དམ་པར་སྐྱེ་འགག་མེད་པར་འདོད་པ་ནི་དབུ་མ་དང་མཐུན་ནོ། །ཀུན་རྫོབ་ཏུ་ཕུང་པོ་ཁམས་དང་སྐྱེ་མཆེད་སྒྱུ་མ་ཙམ་དུ་ལྟ་བའང་མཐུན་ནོ། །བྱེ་བྲག་ཏུ་ན། སྒྱུ་མའི་མཚན་ཉིད་དེ་དག་ཀྱང་ཡོངས་སུ་དག་པའི་ལྷའི་མཚན་ཉིད་དུ་ལྟ་བ་དང་། བདེན་པ་གཉིས་ཀྱང་དབྱེར་མེད་པར་ལྟ་བས་བྱེ་བྲག་ཏུ་བྱས་པའོ། །གཞན་ཡང་དབང་པོ་རྣོན་པོའི་སྤྱོད་ཡུལ་ཡིན་པ་དང་། ཐབས་མཁས་པའི་སྤྱོད་ཡུལ་ཡིན་པ་དང་། སྙིང་རྗེ་ཆེན་པོས་གཞི་ཟིན་པའི་སྤྱོད་ཡུལ་ཡིན་པ་ལ་སོགས་པ་ཁྱད་པར་དུ་མ་ཡོད་མོད་ཀྱི། མདོར་བསྡུས་ན་དེ་དག་ཀུན་ཚང་ཞིང་འདུས་པའི་རིག་སྔགས་དང་གསང་སྔགས་མཉེས་པར་བྱ་བའི་སྒོ་ནས་བདག་དང་གཞན་གྱི་དོན་ཐམས་ཅད་རྫོགས་པར་གྲུབ་པར་ལྟའོ། །དེ་ལ་ནང་གསེས་ཀྱི་བྱེ་བྲག་ནི། བྱ་བ་རྒྱུད་ཀྱི་ཚུལ་གྱི་ལྷར་ལྟ་བ་ཡང་ཆོས་ཉིད་དག་པའི་སྒོ་ནས་ལྷར་ལྟ་ཞེས་གྲགས་ཏེ། དེ་ཡང་བདེན་པ་གཉིས་དབྱེར་མེད་པར་ལྟ་བའི་མཐུས་གྲུབ་སྟེ། ཆོས་ཉིད་སངས་རྒྱས་ཡིན་ན། ཆོས་ཅན་སངས་རྒྱས་མ་ཡིན་པར་མི་རུང་སྟེ། ཆོས་ཅན་གྱི་ངོ་བོ་ཉིད་ཆོས་ཉིད་ཡིན་པའི་ཕྱིར། ཆོས་ཅན་དང་ཆོས་ཉིད་སངས་རྒྱས་པ་ཡིན་ཞིང་། བདག་དང་སངས་རྒྱས་དབྱེར་མེད་པར་རྟོགས་ཤིང་། ཅི་ཡང་མི་གནས་ཅི་ལ་ཡང་མི་ལེན་པའི་ཤེས་རབ་དང་ཏིང་ངེ་འཛིན་ནི་སངས་རྒྱས་ཀྱི་ལམ་ཡིན་པར་ངེས་པ་དོན་གྱི་མདོ་སྡེ་ལས་ཀྱང་འབྱུང་སྟེ། འདི་ལྟར་སྡོང་པོ་བརྒྱན་པའི་མདོ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་རྣམས། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་བས་ན་ཡོངས་སུ་དག་པའི་ལྷའི་རང་བཞིན་ཡིན་པ་ལ་དེ་བཞིན་དུ་བསྒོམ་ཞིང་བསྟེན་པས་དེ་ཉིད་འགྲུབ་པར་འགྱུར་ཏེ། བདག་དང་གཞན་གྱི་དོན་སྤྱོད་པར་ནུས་སོ། །སྤྱིར་སངས་རྒྱས་པའི་གང་ཟག་གི་སྤྱོད་པ་ཡང་། ཐེག་པ་ཆུང་ངུ་བ་ནི། སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་བོ། །ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ནི། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་བོ། །གསང་སྔགས་ཀྱི་ཚུལ་གྱིས་ནི་སངས་རྒྱས་ཀྱི་རྗེས་སུ་སློབ་སྟེ། དེ་ཡང་ཐེག་པ་འོག་མ་པ་ལྟར་རང་བཞིན་ཐ་དད་པའི་རྗེས་སུ་སློབ་པ་མ་ཡིན་གྱི། སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ་བོ། །དེ་ལ། ཀྲྀ་ཡ་དག་པ་ཆོས་ཉིད་ཀྱི་ལྷར་ལྟ་བ་ཞེས་བྱ་བ་དང་། ཡོ་ག་དེའི་སྟེང་དུ་རྡོ་རྗེ་སེམས་དཔའ་མི་གནས་པའི་ཡེ་ཤེས་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཐམས་ཅད་དུ་ཁྱབ་ཅིང་བྱིན་གྱིས་བརླབས་པའི་ལྷ་ཡིན་པ་དང་། རྣལ་འབྱོར་ཆེན་པོ་དེ་གཉི་གའི་སྟེང་དུ་ལྷུན་གྱིས་གྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ལྟ་བ་དང་། རྫོགས་པ་ཆེན་པོ་བྱ་རྩོལ་དང་བླང་དོར་ཐམས་ཅད་དང་བྲལ་བར་ལྟ། ཞེས་བྱ་བ་འདི་རྣམས་བདེན་པ་གཉིས་དབྱེར་མེད་པར་ལྟ་བའི་གཞི་ལས་བྱུང་བར་མཐུན་ཡང་། ཐོག་མ་མེད་པའི་དུས་ནས་དངོས་བདག་གི་རྣམ་རྟོག་ཞེན་པའི་དབང་གིས་ལྟ་བས་ཆོད་ཀྱང་། སྤྱོད་པ་ཉམས་སུ་ལེན་པའི་དུས་ན། ཁུ་འཁྲིག་ཆེ་ཆུང་ཟློག་པ་དང་མ་བཟློག་པའི་དབང་ལས། དེ་དང་མཐུན་པའི་སྒོ་སོ་སོར་བསྟན་པར་ཟད་དེ། འདི་ལྟར་བྱ་བའི་རྒྱུད་ལས་དངོས་གྲུབ་རབ་འབྲིང་ཐོབ་པའི་རྒྱུ་ཡང་། གཙང་སྦྲས་གཞི་བཟུང་བའི་དཀའ་ཐུབ་རབ་འབྲིང་གསུམ། སྔར་བསགས་པའི་བསོད་ནམས་ཀྱི་ལས་རྣམ་པར་སྨིན་པ་ལས་བྱུང་བ་རབ་འབྲིང་གསུམ་དང་། སེམས་མཉམ་པར་བཞག་པ་རབ་འབྲིང་གསུམ་དང་། དད་པ་རབ་འབྲིང་གསུམ་ལས་དངོས་གྲུབ་རབ་འབྲིང་གསུམ་འབྱུང་བར་བཤད་དོ། །རྣལ་འབྱོར་གྱི་རྒྱུད་ལས། གཙང་སྦྲས་གཞི་བཟུང་བའི་དཀའ་ཐུབ་མེད་དུ་ཟིན་ཀྱང། ལྷག་མ་རབ་འབྲིང་གསུམ་ལས་དངོས་གྲུབ་རབ་འབྲིང་གསུམ་འབྱུང་བར་བཤད་དོ། །རྣལ་འབྱོར་ཆེན་པོའི་ཚུལ་ལས་དཀའ་ཐུབ་དང་སྐལ་པ་གཉིས་ག་མེད་ཀྱང་ལྷག་མ་གཉིས་རབ་འབྲིང་གསུམ་ལས་དངོས་གྲུབ་རྣམ་པ་གསུམ་འབྱུང་བར་བཤད་དོ། །དེ་བས་ན་ལྟ་སྤྱོད་ཀྱི་བྱེ་བྲག་གི་ཁྱད་པར་འདི་དག་ཀྱང་། དངོས་བདག་གི་ཞེན་པ་ཆེ་ཆུང་གི་སྣོད་ཀྱི་དབང་དུ་གསུངས་པ་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ལ་ངོ་བོ་ཉིད་སོ་སོར་གྲུབ་པ་ནི་མེད་པར་ཤེས་པར་བྱའོ། །དེ་བཞིན་དུ་མཚན་ཉིད་ཀྱི་ཐེག་པའི་ལྟ་སྤྱོད་ཀྱི་བྱེ་བྲག་སྣོད་ཀྱི་དབང་དུ་གསུངས་པར་ཟད་དེ། ཆོས་ཀྱི་མཚན་ཉིད་ལ། རྒྱུ་རང་གྲུབ་དང་། རྐྱེན་རང་གྲུབ་དང་། འབྲས་བུ་རང་གྲུབ་སོ་སོར་སྤྱད་དགོས་པ་ཡོད་པར་མི་བལྟ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་མི་འབྱུང་བ་ཞིག་ན་ཞེའམ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ཅིང་མངོན་པར་རྫོགས་པར་འཚང་རྒྱ་པར་མི་འགྱུར་ཏེ། ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་བས་ན་མདོར་བསྡུ་ན། གོང་དུ་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་རོ་གཅིག་པ་ཚུལ་གཅིག་པར་སྨོས་པའི་སྐབས་བཞིན་དུ་ཐེག་པ་མཐོ་དམན་ཐམས་ཅད་ལ། ཆོས་ཐམས་ཅད་ལ་བདག་མེད་པར་ལྟ་བ་ལས་ཚུལ་ཐ་དད་མེད་དོ། །ལམ་ཐམས་ཅད་ལ་རྣམ་པར་ཐར་པའི་སྒོ་གསུམ་ལ་རྟེན་པ་ལས་ལམ་ཐ་དད་མེད་དོ། །ལམ་གྱི་གྲོགས་ཐམས་ཅད་སྙིང་རྗེ་ཆེན་པོས་གཞི་བཟུང་བའི་ཐབས་ལ་མཁས་པའི་སྤྱོད་པ་ལ་རིམ་གྱིས་བསླབ་པ་མ་གཏོགས་པ་ལམ་གྱི་གྲོགས་ཐ་དད་མེད་དོ། །མཐར་ཐུག་པའི་འབྲས་བུ་ཐམས་ཅད་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པ་མཐར་ཐུག་པ་ཟིན་པའི་འབྲས་བུ་གཞན་མེད་དོ། །སངས་རྒྱས་ཀྱི་ས་ལ་ཡང་ལམ་སོ་སོ་ནས་བསྒྲུབ་པའི་དབང་གིས། སངས་རྒྱས་ཀྱི་འབྲས་བུ་སོ་སོ་བྱེ་བྲག་མི་འདྲ་བ་ཐོབ་པ་གང་ཡང་མེད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར། གང་ཟག་གི་རྒྱུད་རིགས་ཐ་དད་མེད་དོ། །གཞུང་ལས་རིགས་ཀྱི་དབྱེ་བ་གསུངས་པ་ཡང་རྐྱེན་གྱི་དབང་གིས་གནས་ངན་ལེན་གྱི་བག་ཆགས་དང་རྣམ་པ་དཀར་བའི་བག་ཆགས་འཐུག་སྲབ་ཀྱི་དབང་ལས་དེ་ལྟར་བསྟན་པར་ཟད་དོ། །ད་ནི་ལྟ་བའི་བྱེ་བྲག་དེ་དག་གི་དགག་སྒྲུབ་ཀྱི་རིགས་པ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་རང་གི་ལྟ་བ་སྒྲུབ་ཅིང་འོག་མའི་ལྟ་བ་འགོགས་པ་ན། ཉན་ཐོས་པ། མུ་སྟེགས་ཀྱི་ལྟ་བ་སུན་འབྱིན་པའི་སྐབས་སུ། འདི་སྐད་དུ། སོ་སོའི་སྐྱེ་བོ་འཇིག་རྟེན་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་བདག་ཏུ་ལྟ་བ་དང་ལྡན་གྱི་སྟེང་དུ། ཁྱེད་ཀྱིས་ལྷག་པར་ཀུན་ཏུ་བརྟགས་པའི་བདག་གིས་བསྣན་ན་ཡང་། བདག་ཏུ་ལྟ་བར་འཛིན་པ་ན། གཞན་ཐམས་ཅད་ལས་ལོག་པའི་ཕྱིར། བདག་གཅིག་པུར་འཛིན། ལས་དང་བྱ་བ་ཐམས་ཅད་རག་ལུས་པའི་ཕྱིར། བདག་བྱེད་པ་པོར་འཛིན། སྐྱེ་གནས་ཐམས་ཅད་དུ་འཇུག་ཅིང་འཕོ་བའི་ཕྱིར། གང་ཟག་རྟག་པར་འཛིན། དེ་བཞིན་ཐམས་ཅད་དུ་འཇུག་པས་ཁྱབ་པར་འཛིན་ པ་དང་། འཕྲོ་གཞིར་གྱུར་པས་སྙིང་པོར་འཛིན་པ་ཡིན་ལ། རྟེན་གྱི་ཕུང་པོ་ལ་དམིགས་ཏེ་བདག་དང་བདག་གིར་ལྟ་བ་ཡིན་ན། ཕུང་པོ་ལ་ནི་ཁྱེད་འདོད་པའི་བདག་དེ་ལྟ་བུ་ཤེས་པ་གང་གིས་ཀྱང་མ་དམིགས་ཏེ། འདི་ལྟར་གཟུགས་ནི་འབྱུང་བ་ཆེན་པོ་རྡུལ་འདུས་པ་ཙམ། ཕྱོགས་ཀྱི་ཆ་ཅན་དུ་དམིགས་པ་ལས། ཡན་ལག་ཅན་གྱི་རྫས་གཅིག་པུ་ཆ་མེད་པ་མ་དམིགས་སོ། །སེམས་ནི་ཚོགས་དྲུག་སེམས་ལས་བྱུང་བ་དང་བཅས་པ། དམིགས་པ་དང་རྣམ་པའི་ཆ་ཅན་དུ་དམིགས་ཏེ། སྤྱི་ཁྱབ་པའི་རྫས་ནི་མ་དམིགས་སོ། །དེ་བས་ན་ཕུང་པོ་ལ་བདག་གཅིག་པུར་འཛིན་པ་ཉམས་སོ། །བདག་མེད་པས་བདག་དེ་ཡང་བྱེད་པ་པོ་ཡང་མ་ཡིན་ཏེ། ཕུང་པོ་ཉིད་རྒྱུ་དང་འབྲས་བུའི་དངོས་པོར་གནས་པར་མངོན་སུམ་དང་མི་དམིགས་པས་གྲུབ་པས། བྱེད་པ་པོ་ཡང་མ་གྲུབ་ལ། གང་ཟག་རྟག་པ་ཡང་མ་གྲུབ་བོ། །དེ་ལྟར་ན་སྤྱིའི་རྫས་མ་གྲུབ་པ་ཉིད་ཀྱིས། ཁྱབ་པ་ཡང་མི་འགྲུབ་ལ། གཅིག་པུར་བཞག་པ་ཡང་མ་གྲུབ་པས། སྙིང་པོ་ཡང་མི་འགྲུབ་སྟེ། ད་ལྟ་ཕྱི་ནང་གི་དངོས་པོ། དབང་པོའི་མངོན་སུམ་དང་། རང་རིག་པའི་མངོན་སུམ་གྱིས་གྲུབ་པ་འདི་ནི། འདི་ནི་ཕུང་པོ་ཙམ་ཉིད་དེ། །བདག་ནི་ནམ་ཡང་ཡོད་མ་ཡིན། །ཞེས་བདག་ནི་མེད། ཆོས་ཙམ་ནི་ཡོད་པར་སྒྲུབ་བོ། །འདི་ལྟ་བུའི་རིགས་པ་རེ་རེའི་ངོར་བྱས་ཏེ། ལྟ་བའི་རིམ་པ་རྣམ་པར་གཞག་པར་ཟད་ཀྱི། རིགས་པའི་ཤུགས་བརྡས་ན་ནི་ཉན་ཐོས་ཀྱི་ཕུང་པོ་ལ་གཅིག་པུ་མེད་པ། བྱེད་པ་པོ་མེད་པ། གང་ཟག་མེད་པ། སྤྱིའི་རྫས་མེད་པ། སྙིང་པོའི་རྫས་མེད་པ། འདི་ཉིད་ཀྱིས་མཐར་གཏུགས་ན་ཆོས་ཐམས་ཅད་ལ་སྣང་བ་དམིགས་ཀྱང་། གཅིག་པུར་བཞག་པ་མི་རྙེད། བྱེད་པར་བཞག་པ་མི་རྙེད། གང་ཟག་ཏུ་བཞག་པ་མི་རྙེད། སྤྱིར་བཞག་པ་མི་རྙེད། སྙིང་པོར་བཞག་པ་མི་རྙེད་དེ། གལ་ཏེ་ཕུང་པོ་ལ་དེ་ལྟ་བུ་ཞིག་རྙེད་པར་གྱུར་ན་ནི། བདག་གི་ངོ་བོར་གྲུབ་པར་འགྱུར་རོ། །གལ་ཏེ་མ་རྙེད་ན་ནི་ཆོས་སྣ་ཚོགས་སུ་གཞག་པའི་གཞི་ཡང་མི་རྙེད་དེ། འདི་ལྟར་གཅིག་མ་གྲུབ་པས་དུ་མའི་གཞི་མི་རྙེད་དེ། དུ་མའི་བློ་ཡང་ཐ་སྙད་ཀྱི་བློར་འགྱུར་རོ། །བྱེད་པོ་མ་གྲུབ་པས་ལས་དང་བྱ་བ་ཐམས་ཅད་མི་འགྲུབ་སྟེ། འདུ་བྱེད་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་འགྱུར་རོ། །གང་ཟག་མ་གྲུབ་པས་གང་ཟག་གཅིག་གི་ཤེས་པའི་རྒྱུད་ཀྱིས་བསྡུས་པའི་ཕུང་པོའི་རྒྱུན་ཡང་། བདག་ཏུ་ལྟ་བའི་སྒྱུ་འཕྲུལ་ཙམ་དུ་འགྱུར་རོ། །ཁྱབ་པ་མ་གྲུབ་པས་སྤྱིའི་མཚན་ཉིད་མི་འགྲུབ་བོ། །སྙིང་པོ་མ་གྲུབ་པས་རང་གི་མཚན་ཉིད་གཞག་པ་མི་འགྲུབ་བོ། །རྟག་པ་མ་གྲུབ་པས་རྒྱུ་དང་འབྲས་བུ་ཐམས་ཅད་གཞན་དང་གཞན་དུ་འགྱུར་ཏེ། རང་གིས་ནི་ཆོས་གཉིས་ལ་ཁྱབ་ཏུ་མི་རུང་ངོ་། །རང་ཞེས་བྱ་བ་གཅིག་པུ་བཞག་པ་མ་རྙེད་པ་ཙམ་གྱིས། དེ་ལས་ལྟོས་པའི་གཞན་དུ་གཞག་པ་མི་འགྲུབ་ལ། རང་དང་གཞན་དུ་གཞག་པ་མ་གྲུབ་ན། རྒྱུ་དང་འབྲས་བུའི་དངོས་པོ་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པར་འགྱུར་རོ། །འདི་སྐད་དུ། སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་ཤེས་པས། །ཆོས་ཀྱི་དམ་པ་རྟོགས་པར་འགྱུར། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས་གསུངས་པའི་ཚུལ་ཡང་དེ་འདྲའོ། །སྡོང་པོ་བརྒྱན་པའི་མདོ་ལས། བྱེད་པ་པོ་ལ་ཆགས་པས་ལས་རྣམས་ཡོད་པར་འགྱུར་ཏེ། བྱེད་པ་པོ་མེད་ན་ལས་ཡང་དག་པར་ཡོད་པར་མི་འགྱུར་རོ། །ཞེས་གསུངས་པའམ། གཞན་དུ་ན། བདག་ཏུ་འཛིན་པ་ཡོངས་སུ་སྤངས་ནས་ནི། །ཆོས་སུ་འཛིན་པར་བྱེད་པ་གང་ཡང་མེད། །བདག་འཛིན་སྒྱུ་མཁན་ཡོད་ཀྱི་བར་དུ་ནི། །རི་འདྲའི་ཞི་གནས་ཐོབ་ཀྱང་གྲོལ་མི་འགྱུར། །ཞེས་པའམ། གང་ཟག་ལ་བདག་མེད་པར་རྟོགས་པས་བག་ཆགས་ལ་སོགས་པའི་གནས་མེད། ཞེས་གསུངས་པ་ལྟ་བུ་དོན་འདྲ་སྟེ། གང་ཟག་གི་བདག་འདོད་པའང་ཕུང་པོ་ལ་དམིགས་ཏེ། དངོས་གཞི་གཅིག་འགྲུབ་པར་ འདོད་པ་ཡིན་ལ། ཆོས་ཀྱི་བདག་འདོད་པའང་། ཕུང་པོ་ལ་དངོས་གཞི་ཞིག་འདོད་པ་ཡིན་ཏེ། དེ་བས་ན་ཇི་སྲིད་དུ་ཆོས་ཀྱི་ངོ་བོ་འདོད་པ་མ་བཏང་གི་བར་དུ་གང་ཟག་གི་བདག་ཀྱང་གཏོང་བར་མི་འགྱུར་རོ། །གང་གི་ཚེ་གང་ཟག་གི་བདག་ལྷག་མ་མ་ལུས་པ་བཏང་བ་དེའི་ཚེ། ཆོས་ཀྱི་བདག་ཤིན་ཏུ་ཕྲ་བའི་ཆ་ཡང་རྙེད་པར་མི་འགྱུར་རོ། །དེ་ཉིད་ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་རྙེད་པར་མི་འགྱུར་ཏེ། ཐ་སྙད་ཐམས་ཅད་ལས་འདས་པའི་བློ་འདི་ནི། སྟོང་པ་ཉིད་ཀྱི་དོན་ཤེས་པ་ཞེས་བྱ་སྟེ། འདིས་མྱ་ངན་ལས་འདས་པར་འགྱུར་རོ། །ཇི་སྐད་དུ། གང་གིས་སྟོང་ཉིད་མི་ཤེས་པ། །དེ་ཡིས་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་སྟོང་ཉིད་ཤེས་པར་བྱ། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། དངོས་པོར་ལྟ་བ་མ་ལོག་པར། མཚན་ཉིད་ཀྱི་བློ་ལྡོག་པར་མི་འགྱུར་རོ། །དེ་མ་ལོག་ན་སྲེད་པའི་བློ་ལྡོག་པར་མི་འགྱུར་རོ། །ཇི་སྲིད་དུ་སྲེད་པ་མ་ལོག་པ་དེ་སྲིད་དུ། སྲིད་པ་ཀུན་ཏུ་སྦྱོར་བ་ལྡོག་པར་མི་འགྱུར་རོ། །འདི་ནི་གང་ཟག་ལ་བདག་མེད་པར་རྟོགས་པའི་ཤུགས་ཀྱིས། ཆོས་མཉམ་པ་ཉིད་དུ་ལམ་བསྟན་པ་ཡིན་ནོ། །མདོར་ན་ཉན་ཐོས་ཀྱི་གང་ཟག་གི་བདག་གཅིག་རྟག་བཤིག་པས། རང་གི་ཆོས་ཀྱི་མཚན་ཉིད་འཇིག་གོ །སེམས་ཙམ་གྱིས་ཕྱི་རོལ་གྱི་རྡུལ་ཕྲ་རབ་ལ་ཕྱོགས་ཆའི་གནོད་པ་བསྒྲུབ་པས། རང་གི་སེམས་དང་སེམས་ལས་བྱུང་བའང་རྣམ་པ་དང་དུས་ཀྱི་ཆ་ཤས་ཀྱི་གནོད་པ་འགྲུབ་བོ། །རྡུལ་ཕྲ་རབ་ལ་ཆོས་ཅན་ཤེས་པ་གང་གིས་ཀྱང་མ་གྲུབ་ཞེས་བརྒལ་ནའང་། རང་གི་སེམས་ཀྱི་དུས་ཀྱི་མཐའི་སྐད་ཅིག་མ། ཤེས་པ་གང་གིས་ཀྱང་མ་དམིགས་སོ། །དུས་ཀྱི་མཐའི་སྐད་ཅིག་མ་ལྟ་ཞོག་གི །རྣམ་པར་ཤེས་པའི་ཁམས་ཀྱི་རྒྱུ་བ་ཉིད་ཀྱང་རྗེས་སུ་དཔག་པ་ཙམ་གྱི་ཡུལ་ཏེ། འདི་སྐད་དུ། བཟང་སྐྱོང་གིས་ཞུས་པའི་མདོ་ལས། གཞོན་ནུ་སྨན་ཆེན་གྱིས་ཞུས་པའི་སྐབས་ནས། སྨན་ཆེན་རླུང་གི་ཁམས་ནི། སྒྲ་འུར་འུར་པོར་གྲགས་པ་དང་། རྩི་ཤིང་གཡོ་བ་དང་། ས་ཚུབ་ལྡང་བ་དང་། ལུས་གཡོ་བར་བྱེད་པ་ལ་རྗེས་སུ་དཔག་གི །རླུང་གི་ཁམས་ནི་མི་མཐོང་མི་རིག་གོ །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་དེ་ཡང་། དྲན་པ་དང་། ཚོར་བ་དང་། སེམས་པ་དག་ལས་རྗེས་སུ་དཔག་གི །རྣམ་པར་ཤེས་པའི་ཁམས་ནི་མི་མཐོང་མི་རིག་གོ །ཞེས་གསུངས་པ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སེམས་ལས་བྱུང་བ་ལས། རྗེས་སུ་དཔག་པར་བྱ་བ་ཡིན་ན། དེའི་དུས་ཀྱི་མཐའི་སྐད་ཅིག་ལ་ལྟ་ཅི་སྨོས། དེ་བས་ན་གཟུགས་ཀྱི་མཐའ་རྡུལ་ཕྲ་རབ་དང་། དུས་ཀྱི་མཐའ་སྐད་ཅིག་མ་གཉིས་ལ། རིགས་པས་གནོད་པ་མཚུངས་སོ། །དེ་བཞིན་དུ་དབུ་མས་ཆོས་རྣམས་ལ་ཡང་དག་པར་སྒྲུབ་པའི་རིག་པ་མི་བཟོད་དེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་རིགས་པ་འདི་ཉིད་ཀྱིས། རང་གི་ཡང་དག་པའི་ཀུན་རྫོབ་ཀྱི་རྫས་སུ་གྲུབ་པར་འདོད་པ་ལ་གནོད་དེ། འདི་ལྟར་ཆོས་ཅན་གྱི་དངོས་པོ་གཅིག་ལ། མཚན་ཉིད་གཅིག་གིས་གཅིག་སྤངས་པའི་འགལ་བ་གཉིས། བདེན་པར་རྩལ་མཉམ་དུ་ནི་བསྒྲུབ་ཏུ་མི་རུང་ལ། མི་མཉམ་ན་ནི་གཅིག་ཤོས་འཁྲུལ་པའི་སྤྱོད་ཡུལ་དུ་འགྱུར། གང་འཁྲུལ་པ་དེ་ནི་ཇི་ལྟར་སྣང་བ་དེ་ལྟར་མ་ཡིན་པས། རང་གི་བདག་ཉིད་ཐོབ་པར་མི་འགྱུར་ཏེ། དེ་ལྟར་ཡོངས་སུ་བཟུང་བར་བྱ་བ་མ་ཡིན་པ་དེ་ལ་ནི་རྫས་ཀྱི་ཐ་སྙད་མི་འཇུག་གོ། ། ། ལྟ་བའི་བྱེ་བྲག་རྫོགས་སོ།། །། ལྟ་བའི་བརྗེད་བྱང་ཆེན་པོ་ཞེས་གྲགས་པ་ངྷརྨ་བྷ་དྲས་མཛད་པའོ།། །།

གསུང་ཐོར་བུ།

༄༅། །གསུང་ཐོར་བུ་བཞུགས་སོ། །

༄༅། །སངས་རྒྱས་པའི་གནས་ལུགས་ལ། སེམས་ཙམ་གྱི་གྲུབ་མཐའ་འཛིན་པ་རྣམས། སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ཡོད་པར་འདོད་པ་ནི། རང་གི་གྲུབ་མཐའ་རྣམ་པ་དང་བཅས་པའམ། རྣམ་པ་མེད་པའི་ཚུལ་དང་མཐུན་པར་འཛིན་པ་ཡིན་པས། སངས་རྒྱས་པ་ལ་རྩོད་གཞི་མེད་དེ། གལ་ཏེ་རྩོད་པར་འདོད་ན། སེམས་དང་སེམས་ལས་བྱུང་བའི་རང་བཞིན། དངོས་པོའི་གནས་ལུགས་ཉིད་ལ་རྩོད་དུ་ཟད་དོ། །གང་དག་དབུ་མ་ཡན་ཆད་ཀྱི་གྲུབ་མཐའ་འཛིན་པ་རྣམས་དོན་དམ་པར་སྤྲོས་པ་དང་བྲལ་བར་འདོད་པ་དང་། ཀུན་རྫོབ་སྒྱུ་མ་ཙམ་དུ་འདོད་པ་གཉིས། སངས་རྒྱས་ལ་ལྡན་པར་སྒྲུབ་ཏུ་མི་རུང་སྟེ། དངོས་པོའི་ངོ་བོ་ཉིད་ལ་མཚན་ཉིད་འགལ་བ་གཉིས་ལྡན་དུ་མི་རུང་བའི་ཕྱིར་རོ། །དོན་དམ་པ་ཀུན་རྫོབ་ཅེས་བྱ་བ་རྣམ་པར་བཞག་པ་གཉིས་སུ་བཀོད་པ་འདི་ཡང་། བློ་རྣམ་པ་གཉིས་ཀྱི་དབང་དུ་བཞག་པ་སྟེ། བློ་གཉིས་ཀྱིས་ཇི་ལྟར་བཞག་པ་དེ་ལྟར་གཉིས་ཀ་བདེན་ན་དངོས་པོའི་གནས་ལུགས་ཉམས་སོ། །གལ་ཏེ་གཉིས་ག་མི་བདེན་ན་ཡང་དངོས་པོའི་གནས་ལུགས་ཉམས་སོ། །གལ་ཏེ་གཅིག་ནི་བདེན་ལ་གཅིག་ནི་བདེན་པ་མ་ཡིན་ན་ནི། གང་བདེན་པ་དེ་དངོས་པོའི་གནས་ལུགས་ཡིན་པར་རེ་ཞིག་སྐབས་སུ་བཞག་ཏུ་རུང་ངོ་། །དཔེར་ན་དུང་ལ་མིག་སེར་ཅན་གྱིས་སེར་པོར་མཐོང་། མིག་སྔོན་ཅན་གྱིས་སྔོན་པོར་མཐོང་། འཆི་རྟགས་ཅན་གྱིས་དབྱིབས་ཉམས་པར་མཐོང་། རབ་རིབ་ཅན་གྱིས་གཉིས་སུ་མཐོང་། མིག་དག་པ་རྣམས་ཀྱིས་ཁ་དོག་དཀར་པོར་མཐོང་། དབྱིབས་ལྗོང་ཟླུམ་མ་གོད་པར་མཐོང་། གྲངས་གཅིག་ཏུ་མཐོང་སྟེ། དེ་དག་ཐམས་ཅད་ལ་ཡང་རང་རང་གི་བློའི་ཡུལ་དུ་སྣང་བ་ཙམ་ལ་ནི་སྒྲོ་སྐུར་དུ་མེད་དེ། བདེན་པ་ཐ་དད་འཇུག་ཏུ་རུང་བ་སྣང་བ་དེ་དག་ཐམས་ཅད་དུང་གི་མཚན་ཉིད་ཀྱི་གནས་ལུགས་ཡིན་པར་ནི་བསྒྲུབ་ཏུ་མི་རུང་སྟེ། ཐམས་ཅད་བདེན་པའི་ཕྱིར་དུང་གི་གནས་ལུགས་ཉམས་སོ། །གལ་ཏེ་ཐམས་ཅད་རྫུན་ན་ཡང་དུང་གི་གནས་ལུགས་ཉམས་སོ། །གལ་ཏེ་མིག་དག་པའི་སྣང་བ་ནི། ཇི་ལྟར་སྣང་བ་དེ་ལྟར་ཡོད་ཅིང་ཡིན་པར་བདེན་ལ། སྣང་བ་གཞན་ནི་དེ་ལྟར་ཡོད་པ་མ་ཡིན་ན། གང་ཕྱིན་ཅི་མ་ལོག་པ་དེ་ཁོ་ན་དུང་གི་གནས་ལུགས་ཡིན་ནོ། །དེ་བཞིན་དུ་བདེན་པ་གཉིས་ནི་དངོས་པོའི་གནས་ལུགས་སུ་མི་རུང་ལ། སངས་རྒྱས་ལ་ཡང་ཕྱིན་ཅི་ལོག་མངའ་བར་མི་རུང་ངོ་། །གང་ཀུན་རྫོབ་ཏུ་བཞག་པའི་ཆོས་དེ་ནི་དེ་བཞིན་དུ་བསྒྲུབ་ཏུ་མི་རུང་བས། འཁྲུལ་བའི་ཁོངས་སུ་མི་འདུ་བའི་གནས་མེད་དོ། །སྤྱིར་འཁྲུལ་མ་འཁྲུལ་གཉིས་ཀྱང་ལྟོས་པས་གྲུབ་པ་ཡིན་པས། ཤིན་ཏུ་འཁྲུལ་པ་དག་ལ་ལྟོས་ན་མ་འཁྲུལ་བར་གཞག་ཏུ་རུང་བའི་སྐབས་ཡོད་ཀྱང་། མཐར་གཏུགས་ན་གང་ལ་སྐྱོན་མ་རྙེད་པ་ཞིག་བདེན་པར་ཐ་སྙད་དུ་གདགས་དགོས་སོ། །དེ་བས་ན་བདེན་པ་གཉིས་དབྱེར་མེད་པའི་ཚུལ་དང་། བདེན་པ་གཉིས་སུ་འདོད་པའི་ཚུལ་གཉིས་ཀྱང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་གང་ཡིན་པ་དེ་ཉིད། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པར་གཟུང་དགོས་སོ། །གཏན་ཚིགས་དེ་རྒྱས་པར་བཤད་དེ་བསྟན་ན། ལ་ལ་དག་འདི་སྐད་དུ། སངས་རྒྱས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་ཡིན་པར་ཤེས་པ་གང་གིས་ཤེས་ཞེ་ན། འདི་བརྗོད་པར་བྱ་སྟེ། སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ཡོད་པར་གང་གིས་ཤེས། མངོན་སུམ་གྱིས་གྲུབ་ཅེས་བྱ་བར་ནི་མངོན་དུ་མ་བྱས། ཐུགས་རྗེའི་བྱིན་རླབས་འབྱུང་བར་གཉི་ག་ལ་གྲུབ་པས། འབྲས་བུ་དམིགས་པའི་ཕྱིར་རོ་ཞེས་ཟེར་ན་ནི། འབྲས་བུའི་སྒོ་ནས་རྒྱུ་ཡོད་པ་གྲུབ་ཀྱང་། རྟེན་གྱི་རྒྱུ་གདོན་མི་ཟ་བར་དགོས་པ་མ་གྲུབ་བོ། །གང་ཡང་འདི་སྐད་དུ་ཤེས་བྱའི་གནས་ལུགས་བདེན་པ་གཉིས་ཀྱི་ཚུལ་དང་ལྡན་པ་ཡིན་པས་སངས་རྒྱས་ཀྱི་ས་ལ་ཡང་བདེན་པ་གཉིས་ཀྱི་ཚུལ་དང་འབྲལ་དུ་མི་རུང་སྟེ། རང་བཞིན་གྱི་གཏན་ཚིགས་ཀྱིས་གྲུབ་བོ་ཞེ་ན། དེ་ནི་གོང་དུ་བསྟན་པ་ཉིད་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། གཏན་ཚིགས་འདིས་ནི་ཁོ་བོ་ཅག་གི་གཞུང་སྒྲུབ་པར་བྱེད་དོ། །འདི་ལྟར་རིགས་པའི་བསྟན་བཅོས་ལས། གཏན་ཚིགས་སྤྱིའི་མཚན་ཉིད། དེའི་ཆ་ཡིས་ཁྱབ་པ་ཡིན་པར་བསྟན་ལ་ཁྱབ་པའང་མེད་ན་མི་འབྱུང་བའི་ཕྱིར། ཁྱབ་པ་གྲུབ་པ་ཡིན་པས། གཏན་ཚིགས་ཐམས་ཅད་ལ་རང་བཞིན་གྱི་གཏན་ཚིགས་ཀྱིས་ཁྱབ་སྟེ། འདི་ལྟར་རང་བཞིན་གཞན་དུ་མི་སྲིད་པར་ངེས་ན་རིགས་པ་ལ་སྐྱོན་གྱིས་མི་བརྫི་སྟེ། དེ་ཡང་འདི་ལྟར་གང་ཞིག་ཡོད་ན་གང་ཞིག་མེད་པ་མི་སྲིད་པ་དང་། གང་ཞིག་མེད་ན་གང་ཞིག་ཡོད་པ་མི་སྲིད་པ་དང་། གང་ཞིག་ཡོད་ན་གང་ཞིག་ཡོད་པ་མི་སྲིད་པ་དང་། གང་ཞིག་མེད་ན་གང་ཞིག་མེད་པ་མི་སྲིད་པ་དང་། དངོས་པོ་རྣམས་ཀྱི་རང་བཞིན་གྱི་ཚུལ་རྣམ་པ་བཞི་པོ་འདིས་ནི། རིགས་པ་ཇི་སྙེད་པ་བསྡུས་ཏེ། འདི་ལྟར་སྒྲ་དང་ཚད་མའི་བསྟན་བཅོས་དང་། དེ་བཞིན་དུ་རིག་པའི་བསྟན་བཅོས་ཇི་སྙེད་པ་དང་། མདོ་སྡེ་དང་རྒྱུད་དང་ལུང་དང་མན་ངག་རྣམས་སུ། གཏན་ཚིགས་ཇི་སྙེད་བཞག་པ་ཐམས་ཅད་རང་བཞིན་འདི་རྣམས་ལས་འདའ་བ་མི་དམིགས་སོ། །འདི་རྣམས་ཀྱིས་ངེས་པར་གྲུབ་པ་གང་ཡིན་པ་དེ་ལ། ཉེས་སྐྱོན་ལྡན་པ་ཡང་མི་དམིགས་སོ། །དེ་བས་ན་གཏན་ཚིགས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་ལ་གང་ཞིག་ཡོད་ན་གང་ཞིག་མེད་པ་མི་སྲིད་པ་ནི། རང་གི་ངོ་བོ་ཡོད་ན་རང་གི་ངོ་བོ་མེད་པ་མི་སྲིད་པ། བུམ་པ་ཡོད་ན་བུམ་པ་མེད་པ་མི་སྲིད་པ་ལྟ་བུ་དང་། རང་གི་རང་བཞིན་ཡོད་ན་དེའི་རང་བཞིན་མེད་པ་མི་སྲིད་པ་བུམ་པའི་རང་བཞིན་བྱས་པ་ཡོད་ན་དེའི་རང་བཞིན་མི་རྟག་པ་མེད་པ་མི་སྲིད་པ་ལྟ་བུ་དང་། འབྲས་བུ་ཡོད་ན་དེའི་རྒྱུ་དང་བྱེ་བྲག་གི་ཆོས་དག་མེད་པ་མི་སྲིད་པ། དུ་བ་ཡོད་ན་མེའམ་མེའི་ཡོན་ཏན་གྱི་ཆོས་གསལ་བ་ལ་སོགས་པ་མེད་པ་མི་སྲིད་པ་ལྟ་བུ་དང་། ཁྱད་པར་ཡོད་ན་ཁྱད་པར་ཅན་མེད་པ་མི་སྲིད་པ། སྲ་བ་ཡོད་ན་སྲ་བ་ཅན་མེད་པ་མི་སྲིད་པ་ལྟ་བུའོ། །དེ་ལ་གང་ཞིག་མེད་ན་གང་ཞིག་ཡོད་པ་མི་སྲིད་པ་ནི། དེ་དག་ལས་བཟློག་པ་ཉིད་དེ། འདི་ལྟར་རང་གི་ངོ་བོ་མེད་ན་རང་གི་ངོ་བོ་ཡོད་པ་མི་སྲིད་པ། བུམ་པ་མེད་ན་བུམ་པ་ཡོད་པ་མི་སྲིད་པ་ལྟ་བུ་དང་། དེ་བཞིན་དུ་སྦྱར་ཏེ། མི་རྟག་པ་མེད་ན་བྱས་པ་ཡོད་པ་མི་སྲིད་པ་ལྟ་བུ་དང་། མེ་མེད་ན་དུ་བའམ་དེའི་བྱེ་བྲག་གི་ཆོས་ཡོད་པ་མི་སྲིད་པ་ལྟ་བུ་དང་། ཤིང་མེད་ན་ཤིང་ཤ་པ་ཡོད་པ་མི་སྲིད་པ་ལྟ་བུ་དག་གོ། །དེ་ལ་གང་ཞིག་ཡོད་ན་གང་ཞིག་ཡོད་པ་མི་སྲིད་པ་ནི། དངོས་པོ་གང་དག་རྒྱུན་ལྷན་ཅིག་སྐྱེ་བར་འགལ་བ་དམིགས་པ་སྟེ་དངོས་པོ་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་དམིགས་པ་སྟེ། དེས་ཡིན་ནམ་དཔྱད། ཚ་བ་དང་གྲང་བའི་རེག་པ་ལྟ་བུའོ། །གང་ཞིག་མེད་ན་གང་ཞིག་མེད་པ་མི་སྲིད་པ་ནི། ཆོས་གང་རང་གི་རང་བཞིན་བཟློག་ཅིང་བཀག་ན་དེའི་རང་བཞིན་གང་ཡིན་པ་དེ་ཉིད་ལས། གཞན་ཕུང་པོ་གསུམ་པ་མི་སྲིད་པ་དག་སྟེ། འདི་ལྟར་དངོས་པོ་མེད་ན་སྟོང་པ་ཉིད་མེད་པ་མི་སྲིད་པ་དང་། དེ་བཞིན་དུ་མཚན་མ་མེད་ན་སྤྲོས་པ་ཞི་བ་དང་། སྨོན་པ་མེད་ན་སྡུག་བསྔལ་ངེས་པར་འབྱིན་པ་དང་། གཞན་ཡང་རྣམ་པར་གྲོལ་བ་མེད་ན་འཁྲུལ་བ་མེད་བ་མི་སྲིད་པ་དང་། འཁྲུལ་བ་མེད་ན་རྣམ་པར་གྲོལ་བ་མེད་པ་མི་སྲིད་ལྟ་བུ་དག་གོ། །དེ་ལ་ཚུལ་དང་པོས་ནི་རང་བཞིན་གང་ཞིག་གྲུབ་ན་རང་བཞིན་གང་ཞིག་མི་འགྲུབ་མི་སྲིད་པའི་ཚུལ་ལོ། །དེ་བཞིན་དུ་གཉིས་པས་ནི་དགག་པས་དགག་པ་སྒྲུབ་བོ། །གསུམ་པས་ནི་སྒྲུབ་པའི་ཚུལ་གྱིས་དགག་པ་སྒྲུབ་པར་བྱེད་དོ། །བཞི་པས་ནི། དགག་པའི་ཚུལ་གྱིས་སྒྲུབ་པ་ངེས་པར་བྱེད་པ་སྟེ། ཚུལ་བཞིའི་སྒོ་ནས་བརྗོད་པའོ། །གཏན་ཚིགས་སྤྱིའི་ཚུལ་དེ་ལྟར་ཡིན་པ། དེ་བས་ན་སངས་རྒྱས་པའི་ཆོས་ཀྱི་ཚུལ་དཔོག་པར་བྱེད་པའི་སྐབས་འདིར་ཡང་འདི་ལྟར་བརྟག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་ནས་གཞི་བཟུང་ནས། རྫོགས་པ་ཆེན་པོའི་མཐར་ཐུག་གི་བར་དུ། གང་ཞིག་ཡང་དག་པའི་དོན་མཐོང་ན་རྣམ་པར་གྲོལ་ལོ་ཞེས་ཐུན་མོང་དུ་གྲགས་པ་ཡིན་ལ། འཕགས་པ་རྣམ་པར་གྲོལ་བ་བརྙེས་པ་རྣམས་ཀྱིས། གལ་ཏེ་ཆོས་ཐམས་ཅད་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཐོང་བས། རྣམ་པར་གྲོལ་བ་བརྙེས་པ་ཞིག་ན་ནི་སྟོང་པ་ཉིད་ཡང་དག་པའི་དོན་དུ་ངེས་སོ། །གལ་ཏེ་དངོས་པོའི་མཚན་ཉིད་དུ་མཐོང་བས། རྣམ་པར་གྲོལ་བ་བརྙེས་པ་ཞིག་ན་ནི། དངོས་པོ་ཡང་དག་པའི་དོན་དུ་འགྱུར་ཏེ། དེ་བས་ན་དངོས་པོ་དང་དངོས་པོ་མེད་པ་འདི་གཉིས་གང་མཐོང་བས་གྲོལ་བ་དེ་ནི་ཡང་དག་པའི་བདེན་པ་ཡིན་པར་ངེས་ལ། །གང་མཐོང་བས་བཅིངས་པ་དེ་ནི་ཕྱིན་ཅི་ལོག་འཁྲུལ་བ་ཡིན་པར་ངེས་སོ། །དེ་བས་ན་འདི་ལྟར་འགྱུར་ཏེ་གང་ཞིག་མཐོང་བས་རྣམ་པར་གྲོལ་བ་ཡོད་ན་མཐོང་བ་དེ་བདེན་པ་མ་ཡིན་པ་མི་སྲིད་དོ། །གཞན་ཡང་གང་ཞིག་མཐོང་བས་བཅིངས་པར་འགྱུར་བ་ཡོད་ན། །མཐོང་བ་དེ་ནི་ཕྱིན་ཅི་ལོག་འཁྲུལ་བ་མ་ཡིན་པ་མི་སྲིད་དོ། །འདི་ནི་གང་ཞིག་མེད་པ་མི་སྲིད་པ་རིགས་པའི་ཚུལ་གྱིས་གྲུབ་བོ། །ཡང་འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་ཆོས་རྣམས་ལ་དངོས་པོ་དང་མཚན་མར་བཟུང་བས། རྣམ་པར་གྲོལ་བ་མེད་པས་དངོས་པོར་མཐོང་བ་བདེན་པའི་མཚན་ཉིད་ཡིན་མི་སྲིད་དོ། །གཞན་ཡང་འཕགས་པ་ལ་འཁྲུལ་བ་མེད་ན་འཁྲུལ་བའི་རང་བཞིན་གྱིས་ཁྱབ་པའི་ཆོས་ལྡན་དུ་མི་རུང་བའི་ཚུལ་ཡང་དེ་འདྲའོ། །འདི་ནི་གང་ཞིག་མེད་ན་ཡོད་པ་མི་སྲིད་པའི་རིགས་པའི་ཚུལ་ལོ། །ཚུལ་གཉིས་པོ་དེ་ཡང་དེ་ཉིད་ཀྱི་ཤུགས་ཀྱིས་རྟོགས་པར་བྱའོ། །དེ་བས་ན། འདི་ལྟར་འགྱུར་ཏེ་ཤེས་བྱའི་གནས་ལུགས་སྤྲོས་པ་དང་བྲལ་བ་ཉིད་བདེན་ན་ནི། རྣམ་པར་གྲོལ་བ་བརྙེས་པ་རྣམས་ཀྱང་དོན་དེ་གཟིགས་པས་གྲོལ་བ་ཡིན་པར་འགྱུར་ཏེ། བདེན་པའི་ཕྱིར་གྲོལ་བ་ཐོབ་བོ་ཞེས་བྱའོ། །དེ་བཞིན་དུ་གྲོལ་བའི་ཕྱིར་བདེན་པ་ཡིན་ནོ་ཞེས་བྱ་བ་ཡང་གྲུབ་བོ། །དེ་བཞིན་དུ་མི་བདེན་ཞིང་འཁྲུལ་བའི་ཕྱིར་མ་གྲོལ་ལོ་ཞེས་བྱ་བ་དང་། མ་གྲོལ་བའི་ཕྱིར་འཁྲུལ་བའོ་ཞེས་ཀྱང་གྲུབ་བོ། །དེ་བས་ན་འཕགས་པ་བདེན་པ་མཐོང་བ་རྣམས་ཀྱིས་བདེན་པ་ཉིད་མཐོང་བར་ཁས་བླངས་པས་བརྫུན་པ་མཐོང་བར་མི་རུང་ལ། གལ་ཏེ་བརྫུན་པ་ལ་ངོ་བོ་ཉིད་མཐོང་དུ་ཡོད་ན་བརྫུན་པ་ཉིད་དུ་ཡང་མི་འགྱུར་རོ། །སེམས་ཅན་རྣམས་མི་བདེན་པ་མཐོང་བ་འཁྲུལ་བ་ཅན་ཡིན་པར་ཁས་ལེན་པས། དོན་ངོ་བོ་ཉིད་མེད་བཞིན་དུ་ཡོད་པ་ལྟ་བུ་སྣང་བ་ལ་འགལ་བ་མེད་དེ། ནམ་མཁའི་སྐྲ་ཤད་ལྟ་བུའོ། །དེ་བས་ན་ཀུན་རྫོབ་ཀྱི་རང་བཞིན་གྱིས་ཁྱབ་པའི་ཆོས་སངས་རྒྱས་ཀྱི་ས་ལ་ལྡན་པར་སྒྲུབ་ཏུ་མི་རུང་ངོ་། །དེ་ནི་དོན་གྱི་རིགས་པའོ། སྒྲའི་འཇུག་ཚུལ་གྱི་དོན་དང་ཡང་འགལ་ཏེ་འདི་ལྟར་སམ་དྲྀ་ཏ་ཞེས་བྱ་བ། སམ་ནི་ཉེ་བར་བསྒྱུར་བའི་ཚིག་གི་ཕྲད་དེ། ཀུན་ནས་ཡང་དག་པ། པྲི་ཏའི་སྒྲ་ནི་བརྫབས་པ་དང་། སྒྲིབ་པ་དང་། བཅིངས་པ་གསུམ་ལ་འཇུག་སྟེ། འདི་ལྟར་དངོས་སུ་འཁྲུལ་བའི་བློ་སྣང་བ་དང་བཅས་པ་ལ་བྱ་སྟེ། འདི་ཉིད་ཡང་དག་པའི་དོན་གཏན་ལ་ཕབ་པ་མ་ཡིན་ཏེ་རང་བྱན་དུ་ཀུན་ནས་བསྡབས་པ་ཡིན་པས་ཀུན་རྫོབ་ཅེས་བྱའོ། །རང་བཞིན་དུ་འཁྲུལ་བའི་བློ་འདི་ཉིད་ཀྱིས་ཕྱིན་ཅི་མ་ལོག་པའི་དོན་རྒྱུད་ལ་སྐྱེ་བའི་གེགས་སུ་གྱུར་པས་ཡང་དག་སྒྲིབ་ཅེས་ཀྱང་བྱའོ། །དེ་བཞིན་དུ་བློ་འཁྲུལ་བ་ཉིད་ཀྱིས་རང་གིས་རང་བཅིངས་ཏེ་རྣམ་པར་གྲོལ་བ་མ་ཐོབ་པས་ཀུན་ནས་བཅིངས་པའམ་བསྡམས་པ་ཞེས་ཀྱང་བྱ་སྟེ། དེ་བས་ན་སྒྲ་འདི་གསུམ་གྱིས་བརྗོད་དུ་རུང་བའི་དོན་ཐམས་ཅད་གང་ཅི་ཡང་རུང་སྟེ། སངས་རྒྱས་ལ་ལྡན་པར་སྒྲུབ་ཏུ་མི་རུང་ངོ་། །སྒྲ་དེའི་ཟླ། པ་ར་ཨནྡྲ་ཞེས་བྱ་བ། པ་ར་ནི་དམ་པ་ཨརྦ་ཞེས་བྱ་བ་ནི་དངོས་སུ་བློ་ཡི་གཏད་ས་ལ་འཇུག་སྟེ། ཡུལ་དང་ནོར་ལ་སོགས་པ་དགོས་པ་ལ་ཡང་འཇུག་པས་དོན་ཞེས་བཏགས་ཏེ། འདི་ལྟར་བློས་གཏད་ས་རྣམས་ཀྱི་ནང་ན་དམ་པ་ཡིན་པས། དོན་དམ་པ་ཞེའམ། བློ་དམ་པ་རྣམས་ཀྱི་གཏད་ཕུགས་ཡིན་པས། དམ་པའི་དོན་ཞེའམ། དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པ་ཞེས་བྱ་སྟེ། དེ་བས་ན་སྒྲ་འདིས་བརྗོད་དུ་རུང་བའི་དོན་གང་ཅི་ཡང་རུང་སྟེ་སངས་རྒྱས་ལ་ལྡན་པར་སྒྲུབ་པ་ལ་ནི་འགལ་བ་ག་ལ་དམིགས་ཀྱི། ངེས་པ་ཁོ་ན་ཡིན་ནོ། །མདོ་ཡི་དོན་ནི་འདི་ཁོ་ནས་ཡོངས་སུ་རྫོགས་སོ། །རྒོལ་བ་ལ་ལ་དག་འདི་སྐད་དུ། སངས་རྒྱས་ཀྱི་རྣམ་པར་མི་རྟོག་པ་ཙམ་གྱི་ཡེ་ཤེས་ནི་དོན་དམ་པའི་ཡུལ་ཅན་ཡིན་ཏེ། ཡང་དག་པའི་དོན་མཐོང་བའོ། །རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་སྐྱེ་བ་ཡིན་པས་ཆོས་ཉིད་དང་མཐུན་པར་སྐྱེ་བ་སྟེ། དེ་བས་ན་འདིའི་ལྡན་པ་ལ་འགལ་བ་མེད་དོ་ཞེ་ན། འདི་བརྗོད་པར་བྱ་སྟེ། རང་རིག་པ་ཉིད་དངོས་པོའི་མཚན་ཉིད་ཡིན་ན་དེ་ལྡན་བཞིན་དུ་གྲོལ་ན། གོང་གི་སྐྱོན་ལས་མ་འདས་སོ། །དངོས་པོའི་དངོས་པོ་མེད་པའི་དོན་མཐོང་ན། གཟུང་འཛིན་ལས་ཀྱང་མ་འདས་སོ། །རང་རིག་པའི་མཚན་ཉིད་དུ་སྐྱེ་བཞིན་དུ་ཆོས་ཉིད་དང་མཐུན་པར་སྐྱེ་བར་མི་རུང་ངོ་། །ལམ་གྱི་གནས་སྐབས་ན་ཆོས་ཐམས་ཅད་དང་བྲལ་བར་རྟོགས་ཤིང་གོམས་པར་བྱས་ཀྱང་ཤེས་རིག་མཐར་ཐུག་པའི་བཟང་པོ་ཞིག་ཡོང་བར་གྱུར་ན། འགལ་ཏེ་ལམ་འཁྲུལ་བ་བསྒོམ་པར་འགྱུར་རོ། །གལ་ཏེ་འབྲས་བུ་འཁྲུལ་བ་ལྷག་མ་ལུས་པར་འགྱུར་རོ། །རིགས་པ་རྣམས་རྟོགས་སླ་བས་མ་བྲིས་སོ། །རྫོགས་སོ། །

དུས་དེང་སང་གི་གང་ཟག་རྣམས་རྒྱལ་བའི་བཀའ་རྣམས་ལ་ཐོས་པ་དོན་དུ་གཉེར་ཀྱང་དེ་དག་གི་དོན་གྱི་བསམ་པ་ཀུན་དོན་དུ་གཉེར་བར་མ་ལྕོགས་པ་དང་། གང་ལ་གོམས་པ་དེ་ཡི་གཞུང་བཟུང་ནས་གཞན་གྱི་དོན་མ་མཐོང་བཞིན་དུ་རང་གི་ཉམས་དང་སྦྱར་ནས་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པར་འགྱུར་རོ། །དེ་ཡི་དབང་གིས་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་དང་། གསང་སྔགས་ཀྱི་ཐེག་པ་ལ་ལྟ་བའི་ཁྱད་པར་དང་སྤྱོད་པའི་ཁྱད་པར་དང་མངོན་པར་རྟོགས་པ་མྱུར་མི་མྱུར་གྱི་ཁྱད་པར་དང་འབྲས་བུའི་ཁྱད་པར་ལ་སྒྲོ་སྐུར་དུ་གྱུར་ཏེ། ཁ་ཅིག་ནི་ཐམས་ཅད་ལ་ཁྱད་པར་ཡོད་དོ་ཞེས་ཟེར། ཁ་ཅིག་ནི་སྤྱོད་པའི་ཁྱད་པར་འགའ་ཞིག་མ་གཏོགས་པ་གཞན་ཁྱད་པར་མེད་དོ་ཞེས་ཟེར་ཏེ། དེ་ལྟར་རྩོད་པ་དེས་བསླབ་པར་འདོད་པ་རྣམས་ཀྱི་བློ་ཐེ་ཚོམ་དུ་འགྱུར་ཏེ་འཇུག་པའི་སྒོ་ཡང་འགེགས་དད་པ་ཡང་མེད་པར་བྱེད། སྒྲོ་སྐུར་གྱི་སྡིག་པ་ཡང་སོགས་པར་འགྱུར་བས། །བདག་གིས་དེ་དག་གི་དོན་དུ་ཕྱོགས་སུ་འཛིན་པའི་བློ་བཏང་སྟེ་གཟུ་བོའི་བློས་མཐུན་ཞིང་ཐུན་མོང་དུ་གྱུར་པ་ནི་མཐུན་པར་སྦྱར། ཁྱད་པར་དུ་གྱུར་པ་ནི་ཁྱད་པར་དུ་དབྱེ་བར་བྱའོ། །དེ་ལ་ལྟ་བ་ལ་ཁྱད་མེད་པ་ནི། དོན་དམ་པར་ཆོས་སརྦ་ཀུན་དང་བྲལ་བར་འདོད་པ་དང་། ཀུན་རྫོབ་སྣང་བ་སྒྱུ་མ་ཙམ་དུ་འདོད་པ་ནི་ཐེག་པ་ཆེན་པོ་ཀུན་མཐུན་ནོ། །སྣང་བ་ཉིད་སེམས་ཀྱི་སྣང་བ་ཡིན་པར་འདོད་པ་ནི། རྣལ་འབྱོར་སྤྱོད་པ་དང་མཐུན་ནོ། །སྤྱོད་པའང་སྙིང་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླ་བའི་སྤྱོད་པ་ལ་ཞུགས་པ། ནི་མཐུན་ནོ། །མངོན་པར་རྟོགས་པ་མྱུར་མི་མྱུར་ནི་གང་ཟག་གི་ཁྱད་པར་དང་ལམ་གྱི་ཁྱད་པར་དང་། ལམ་གྱི་གནས་སྐབས་ཀྱི་ཁྱད་པར་གྱིས་དབྱེའོ། །འབྲས་བུ་ལ་ཁྱད་པར་མེད་དོ། །མི་མཐུན་པ་ནི་ཁྱད་པར་གྱི་ཞར་ལ་སྟོན་ཏེ་དེ་ལ་ཁྱད་པར་གང་ཞིག་ཞེ་ན། མཚན་གྱི་ཁྱད་པར་གྱི་སྒོ་ནས་བརྩམས་ཏེ་དབྱེ་བར་བྱའོ། །དེ་ལ་མདོ་སྡེ་དང་གསང་སྔགས་ཞེས་གང་གསུངས་པ་ལ་མདོ་ཞེས་བྱ་བ་ནི་བསླབ་པ་གསུམ་དང་ལྡན་པ་ཉན་ཐོས་རྣམས་དང་ཐུན་མོང་དུ་གྲགས་པར་གསུངས་པ་སྟེ། འདི་ལྟར་འཁོར་གྱི་དཀྱིལ་འཁོར་དུ་ཉན་ཐོས་དག་དང་ཐུན་མོང་བ་སྟེ་གྲགས་པ་ཙམ་ཐུན་མོང་བའོ། །བསླབ་པ་ནི་ཐུན་མོང་ཡང་ཡོད་ཐུན་མོང་མ་ཡིན་པ་ཡང་ཡོད་དོ། །གསང་སྔགས་ཞེས་བྱ་བ་ནི། ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བའི་སྤྱོད་པ་ཡིན་པ་དང་། རྡོ་རྗེ་འཆང་རྣམས་ཀྱི་གསང་བའི་སྤྱོད་པ་ཡིན་ཏེ། དེ་ལ་ཉན་ཐོས་རྣམས་དང་གྲགས་པ་ཙམ་ཡང་ཐུན་མོང་མ་ཡིན་ནོ། །དེ་ནི་འདི་ལྟར་འཕགས་པ་ཐབས་ཀྱི་ཞགས་པ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་ཉན་ཐོས་དང་ཐུན་མོང་མ་ལགས་པ་ཞེས་གསུངས་ཏེ། ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ནི་མ་བཀག་གོ། །བྱང་ཆུབ་ཀྱི་སེམས་སྒོམ་པ་ཞེས་བྱ་བ་རྣལ་འབྱོར་གྱི་མན་ངག་ལས་ཀྱང་། ཐབས་ཆེན་བྱང་ཆུབ་སེམས་དཔའི་གསང་བའི་སྤྱོད་པ་འདི་ཉིད་དོ་ཞེས་གསུངས་སོ། །ཐབས་མི་མཁས་པའི་བྱང་ཆུབ་སེམས་དཔའ་བཀག་སྟེ། བདུད་རྩིའི་ལུང་ལས། མདོ་སྡེའི་བྱང་ཆུབ་སེམས་དཔའ་མི་ཡང་མི་གྲགས་པའི་ནང་དུ་ཞེས་གསུངས་སོ། །གསང་སྔགས་ཀྱི་དཀྱིལ་འཁོར་དུ་ཡང་། ཉན་ཐོས་རྣམས་ནི་མ་སྨོས། བྱང་ཆུབ་སེམས་དཔའ་ནི་སྨོས་སོ། །གསང་སྔགས་ཉིད་གང་ཞེ་ན། ཐབས་དང་ཤེས་རབ་ཉིད་ཕུལ་དུ་བྱུང་བས་ཐུན་མོང་མ་ཡིན་ཞེས་བྱ་བའི་དོན་ནོ། །དེ་ལ་ཤེས་རབ་ཕུལ་དུ་བྱུང་བ་གང་ཞེ་ན། ཀུན་རྫོབ་ཙམ་དུའང་བླང་དོར་གྱི་དམིགས་པ་མེད་དོ། །ཐབས་ཕུལ་དུ་བྱུང་བ་གང་ཞེ་ན། དེ་དང་རྗེས་སུ། གསང་སྔགས་རང་གི་ངོ་བོ་ཉིད་ནི་ཐབས་དང་ཤེས་རབ་ཕུལ་དུ་བྱུང་བའི་སྒོ་ནི་ཡི་གེའི་ཚོགས་རྟགས་ནི་ལྷའི་སྐུ། ཤེས་པ་དང་དཔུང་གཉེན་དུ་ལྡན་པའི་ཕྱིར། གསང་སྟེ་བརྗོད་པའི་ཕྱིར་དང་། གསང་བ་མཆོག་ཏུ་གྱུར་པ་དང་། ཐབས་ལ་མཁས་པ་དང་བློ་གྲོས་དག་གི་སྒོ་ནས་མན་ཏྲ་ཞེས་བསྟན་ཏོ། མཆན། །མཐུན་པའི་ཐབས་ཏེ་འོག་ནས་རིག་པར་བྱའོ། །ཡང་མཚན་ཉིད་ཀྱི་ཐེག་པ་དང་། རྡོ་རྗེའི་ཐེག་པ་ཞེས་གསུངས་པ་ལ་མཚན་ཉིད་ཅེས་བྱ་བ་ནི། ཀུན་རྫོབ་ཙམ་དུ་ཆོས་རྣམས་ཀྱི་མཚན་ཉིད་གཙོར་བཏོན་ཏེ་འདི་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དོ། །འདི་ནི་རྣམ་པར་བྱང་བའི་མཚན་ཉིད་དོ། །འདི་དག་ནི་སྤང་བར་བྱ་བའི་ཆོས་སོ། །འདི་དག་ནི་ཐོབ་པར་བྱ་བའི་ཆོས་སོ། །འདི་དག་ནི་ཤེས་པར་བྱ་བའི་ཆོས་སོ། །དོན་དམ་པའི་མཚན་ཉིད་ནི་འདི་ལྟ་བུའོ། །ཀུན་རྫོབ་ཀྱི་མཚན་ཉིད་ནི་འདི་ལྟ་བུའོ་ཞེས་སྟོན་པའོ། །རྡོ་རྗེ་ཐེག་པ་ཞེས་བྱ་བ་ནི་ཀུན་རྫོབ་ཙམ་དུ་ཡང་ཆོས་རྣམས་ལ་མི་གཉིས་པའི་བསམ་པ་དང་སྤྱོད་པ་དག་སྤྱད་དེ་ཐམས་ཅད་དབྱེར་མེད་པར་སྤྱོད་པ་ནི་རྡོ་རྗེའི་ཐེག་པའོ། །དེ་ལྟར་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་དུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཙམ་དུ་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་སོ། །ཡང་བླ་ན་མེད་པའི་ཐེག་པ་དང་། །ཐབས་ཀྱི་ཐེག་པ་ཞེས་གང་གསུངས་པ་ལ་བླ་ན་མེད་པའི་ཐེག་པ་ཞེས་བྱ་བ་ནི། ཉན་ཐོས་ཀྱི་བྱང་ཆུབ་དང་། རང་རྒྱལ་བའི་བྱང་ཆུབ་ལས་འཕགས་པ་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་ཐེག་པ་ཡིན་ལ། དེ་ཉིད་ལས་ཐབས་ཆེན་པོས་འཕགས་པས་ཐབས་ཀྱི་ཐེག་པའོ། །ཐབས་ཆེན་པོ་གང་ཞེ་ན། ཐབས་མྱུར་བ་དང་། སླ་བ་དང་མཁས་པ་དང་མང་བ་སྟེ་འོག་ནས་འཆད་དོ། །ཡང་རྒྱུ་དང་འབྲས་བུའི་ཐེག་པ་ཞེས་གསུངས་པ་ལ། །རྒྱུ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་ཀྱི་རྒྱུར་གྱུར་པ་རྣམ་པར་བྱང་བའི་ཆོས་ལམ་དུ་བྱས་ཏེ་ངེས་པར་འབྱུང་བར་འདོད་པ་ཡིན་ལ། འབྲས་བུའི་ཐེག་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་འབྲས་བུའི་ཆོས་ཉིད་དུ་ཡེ་ནས་སངས་རྒྱས་ནས་ལམ་ཡང་དེ་ཉིད་ལ་གནས་ཀྱང་དེ་ཉིད་དོ་ཞེས་འདོད་པའོ། །དེ་ལྟར་ཡང་གདམས་ངག་འཕོག་པའི་མདོ་ལས། རྒྱུ་ལ་མོས་པར་རྒྱུ་ཡི་ཆོས། །འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་འཇམ་དཔལ་གྱི་སྒྱུ་འཕྲུལ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་སོ། །ཡང་ཐེག་པ་ཆེན་པོ་དང་། ཆེན་པོའི་ཡང་ཆེན་པོ་ཞེས་གང་གསུངས་པ་ལ། ཐེག་པ་ཆེན་པོ་ནི་ཉན་ཐོས་དག་ལས་ཆེན་པོ་རྣམ་པ་བདུན་གྱིས་འཕགས་པར་གསུངས་ཏེ། འདི་ལྟར་ཟབ་ཅིང་རྒྱ་ཆེ་བའི་མདོའི་དོན་ལ། དམིགས་པ་དང་། བདག་གཞན་གཉི་གའི། སྒྲུབ་པ་དང་། དོན་ཆོས་དང་གང་ཟག་བདག་མེད་རྟོགས་པ། ཡེ་ཤེས་དང་། འགྲོ་བའི་དོན་ལ་མི་སྐྱོ་བ། བརྩོན་འགྲུས་དང་། མཐའ་གཉིས་ལ་མི་གནས་པ། ཐབས་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་དང་སེམས་ཅན་ཡོངས་སུ་མིན་པར་བྱ་བའོ། ཕྲིན་ལས་དང་། སྟོབས་དང་ཡེ་ཤེས་དང་མི་འཇིགས་པ་དང་མ་འདྲེས་པ་དང་། སྐུ་དང་ཡེ་ཤེས་ཀྱིས་བསྡུས་པའི་ཆོས་སོ། ཡང་དག་པར་འགྲུབ་པ་ཆེན་པོ་དང་བདུན་ནོ། །གཞན་ཡང་མངོན་པར་རྟོགས་པ་མྱུར་བ་ལ་སོགས་པ་ཇི་སྙེད་པའང་འདི་རྣམས་སུ་འདུས་སོ། །དེ་ལས་གསང་སྔགས་ཀྱི་ཐེག་པ་ཆེན་པོ་རྣམ་པ་བཞིས་འཕགས་པར་བསྟན་ཏེ། གོང་མ་དྲུག་ནི་བཞིར་འདུས་ལ། ཡང་དག་པར་གྲུབ་པ་ལ་ནི་ཁྱད་པར་མེད་པར་བསྟན་ཏོ། །དེ་ལ་བཞི་གང་ཞེ་ན། དམིགས་པ་ཆེན་པོ་དང་། བསྒྲུབ་པ་ཆེན་པོ་དང་། ཡེ་ཤེས་ཆེན་པོ་དང་། ཐབས་ཆེན་པོའོ། །དེ་ལ་དམིགས་པ་ཆེན་པོ་ནི། འདིར་གསང་བ་ཆེན་པོའི་དོན་ཐུན་མོང་མ་ཡིན་པ་ལ་དམིགས་ཏེ། དེ་ཡང་རྣམ་པ་དྲུག་གི་ཚུལ་གྱིས་ཐུན་མོང་གི་མདོའི་དོན་ལས་འཕགས་ཏེ། འདི་ལྟར་དོན་དམ་པ་རྒྱུར་ལྟ་བ་དང་། ཀུན་རྫོབ་འབྲས་བུར་ལྟ་བ་དང་། རྒྱུ་གནས་སུ་ལྟ་བ་དང་། འབྲས་བུ་རྒྱལ་བའི་དལ་དུ་ལྟ་བ་དང་། བྱེད་སྤྱོད་ཚོགས་སུ་ལྟ་བ་དང་། དེ་ལྟ་བུའི་དོན་གྱིས་ཀུན་རྫོབ་ཙམ་དུའང་རྒྱུ་འབྲས་དབྱེར་མེད་དུ་ལྟ་བའོ། །

དེ་ལ་སྒྲུབ་པ་ཆེན་པོ་ནི། བདག་དང་གཞན་གཉི་གའི་དོན་བསྒྲུབ་པར་གསུངས་པ་དེ་ལས་རྣམ་པ་གསུམ་གྱི་ཚུལ་གྱིས་འཕགས་ཏེ། འདི་ལྟར་ཚུལ་ཆེན་པོ་དང་། དུས་ཆེན་པོ་དང་། རྫོགས་པ་ཆེན་པོའོ། །ཡེ་ཤེས་ཆེན་པོ་ནི་རྣམ་པ་གཉིས་ཀྱིས་འཕགས་ཏེ། ལས་ཆེན་པོ་དང་། ཡུལ་ཆེན་པོའོ། །

ཐབས་ཆེན་པོ་ནི་བཞི་སྟེ། ཐབས་མྱུར་བ་དང་། ཐབས་མཁས་པ་དང་སླ་བ་དང་། ཡང་བའོ། །འདི་དག་གིས་ནི་ལྟ་བའི་ཁྱད་པར་དང་། སྤྱོད་པ་དང་། མངོན་པར་རྟོགས་པའི་ཁྱད་པར་རྫོགས་པར་བསྟན་ཏོ། །དེ་ལ་དོན་དམ་པ་རྒྱུར་ལྟ་བ་ནི། རྒྱུ་གནས་སུ་ལྟ་བའི་རྟེན་ཡིན་ཏེ། ནམ་ཡང་ཀུན་རྫོབ་ཀྱི་དམིགས་པ་ལ་རྟེན་པའི་ལམ་མི་འཚོལ་བའོ། །ཀུན་རྫོབ་འབྲས་བུར་ལྟ་བ་ནི། རྒྱལ་བའི་དཀྱིལ་འཁོར་དུ་ལྟ་བ་དང་། ཚོགས་སུ་ལྟ་བའི་རྟེན་ཡིན་ཏེ། ནམ་ཡང་སངས་མ་རྒྱས་པའི་ཆོས་མི་དམིགས་པའོ། །དེ་ལ་སངས་རྒྱས་གང་ཞེ་ན། ཆོས་ཉིད་སངས་རྒྱས་པ་ཡིན་པ་དང་། མི་གཉིས་པའི་ཡེ་ཤེས་སངས་རྒྱས་པ་ཡིན་པ་དང་། དེ་ལས་བྱུང་བའི་གཟུགས་ཀྱི་སྐུ་སངས་རྒྱས་པ་ཡིན་ཞེས་མདོ་ལས་གྲགས་སོ། །དེ་ལ་ཆོས་ཉིད་སངས་རྒྱས་པས་དེ་རྟོགས་པའི་ཡེ་ཤེས་ཀྱང་སངས་རྒྱས་ཉིད་དུ་གྲུབ་བོ། །དེ་དག་གྲུབ་པས་དེ་ལས་བྱུང་བའི་གཟུགས་ཀྱི་སྐུ་ཡང་སངས་རྒྱས་ཉིད་དུ་གྲུབ་སྟེ། ཆོས་ཉིད་སངས་རྒྱས་མ་ཡིན་ན། དེ་རྟོགས་པའི་གཉའ་ན་འབྲས་བུ་ཐ་རུ་མི་འགྲུབ་པ་ལས། མཚན། དེ་ཡང་ཆོས་ཉིད་སངས་རྒྱས་སུ་སྒྲུབ་པའི་ཚེ་ན་ཡེ་ཤེས་དང་གཟུགས་ཀྱི་སྐུ་དག་སངས་རྒྱས་མ་ཡིན་པར་དགག་པ་ཡོད། དེ་བཞིན་དུ་ཡེ་ཤེས་སྒྲུབ་པའི་ཚེ་གཟུགས་ཀྱི་སྐུ་དགག་པ་ཡང་ཡོད། གཟུགས་སྐུ་ཉིད་སངས་རྒྱས་སུ་སྒྲུབ་པའི་ཚེ། གང་ཡང་མི་འགོག་པར་གཟུགས་ཉིད་གཙོར་སྟོན་པ་ཡང་ཡོད་དེ། དུས་གསུམ་གྱི་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པའི་མདོ་ལས་འབྱུང་བ་ལྟ་བུའོ། །དེ་བཞིན་དུ་གསང་བའི་ཐེག་པར་ཡང་ཡུལ་སེམས་ལ་ཡོད་པའི་ཆོས་ཐམས་ཅད་ལ་ཡོངས་སུ་མ་དག་པ་ནི་སྒྱུ་མ་ཙམ་དུའང་ཡོད་པ་མ་ཡིན་པས། ཆོས་ཉིད་སངས་རྒྱས་སུ་བསྒྲུབ་པའི་ཚུལ་དང་མཐུན་པར་སངས་རྒྱས་པར་འགྲུབ་པའོ། །དེའི་ཕྱིར་སེམས་ཀྱི་རྟོག་པ་ཅི་སྐྱེ་ཡང་སྐྱོན་མེད་དེ། དེའི་རང་བཞིན་ཆོས་ཉིད། ཡིན་པ་དང་། དེ་ལས་བྱུང་མ་སྐྱེས་པ་ཉིད་སྒྱུ་མར་སྣང་བ་ཡིན། བ་ཡིན་པ་དང་། དེའི་དམིགས་པ་འམ་ཤེས་པ། ཡིན་ཅི་ལ་དམིགས་ཀྱང་སྐྱོན་མེད་པ་ཡིན་པས། པའི་ཕྱིར། མི་གཉིས་པའི་ཡེ་མདོ་ལས་ཡེ་ཤེས་སངས་རྒྱས་སུ་འགྲུབ་པ་བཞིན་དུ་སེམས་ཉིད་སངས་རྒྱས་སུ་འགྲུབ་བོ། །ཤེས་བཞིན་དུ་སངས་རྒྱས་སུ་འགྲུབ་པའོ། །དེ་ལ་ཡེ་ཤེས་ཡུལ་གྱི་རྣམ་པ་གང་སྣང་ཡང་སྐྱོན་མེད་དེ། དེའི་རང་བཞིན་ཡིན་པ་དང་། དེ་ལས་བྱུང་བ་ཡིན་པ་དང་། དེའི་རྗེས་སུ་ཅིར་སྣང་ཡང་ཆོས་ཉིད་ལས་འགལ་བ་མེད་པའི་ཕྱིར། མཐུན་པ་ཡིན་པའི་ཕྱིར། གཟུགས་མདོ་ལས་ལུས་ཀྱི་རྣམ་པར་སྣང་བ་ཡང་འབྲས་བུ་ཐ་རུ་འགྲུབ་བོ། ཀྱི་སྐུ་སངས་རྒྱས་སུ་འགྲུབ་བོ། །དེ་ཉིད་ཀྱིས་ཚོགས་སུ་ལྟ་བའང་འགྲུབ་སྟེ། འཕགས་པ་དང་གཉིས་སུ་མེད་པའི་ཕྱིར་སྤྱོད་པ་རྣམས་སོ། །རྣམ་པར་དག་པའི་ཕྱིར་ཡེ་ཤེས་སོ། །དོན་བསྡུས་ནས་རྒྱུ་འབྲས་དབྱེར་མེད་པར་འགྲུབ་སྟེ། ཆོས་གང་ལའང་དོན་ལ་རང་གི་ངོ་བོ་ཐ་དད་པ་མེད་པའི་ཕྱིར་རོ། །འདི་དག་ལ་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་དང་། སྤྱོད་པས་བདག་དང་གཞན་གྱི་དོན། སྒོ་མཐུན་པ་དང་ཚུལ་ཐ་དད་པ་ཅི་རིགས་སུ་སྦྱར་རོ། །དེ་ཡང་ཚུལ་ཕར་ཕྱིན་བཅུས་བདག་གཞན་གྱི་དོན་སྤྱོད་པ་དེ་ཡང་། ཆེན་པོ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དབྱེར་མེད་པའི་ཚུལ་གྱིས་སྒྲུབ་པའོ། །དུས་ཆེན་པོ་ནི། དུས་གཅིག་ཏུ་དོན་གཉིས་ཀ་སྒྲུབ་པར་ནུས་པའོ། །རྫོགས་པ་ཆེན་པོ་ནི། ཀུན་ནས་ཉོན་མོངས་པའི་ཆོས་ལ་སྤྱོད་ཀྱང་བྱང་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོན་ཏན་བྱ་བའི་ཆོས་ཐམས་ཅད་རྫོགས་པར་ཆུབ་པའོ། །འདི་ལ་ཡང་མཚན་ཉིད་སྒོ་འགལ། ཐུན་མོང་དང་ཁྱད་པར་སྔ་མ་བཞིན་འོག་མ་ཀུན་ལ་ཅི་རིགས་སུ་སྦྱར་རོ། །དེ་ལ་ཡེ་ཤེས་ཀྱི་ལས་ཆེན་པོ་ནི་དུས་གཅིག་ཏུ་སྤྱོད་པའོ། །ཡུལ་ཆེན་པོ་ནི་བླང་དོར་མེད་པ་ལ་དམིགས་པའོ། །དེ་ལ་ཐབས་མྱུར་བ་གང་ཞེ་ན། བསམ་པ་དང་སྤྱོད་པའི་ཁྱད་པར་གྱིས་མྱུར་བར་འགྲུབ་སྟེ། དེ་ལ་བསམ་པ་མྱུར་བ་ནི། འཁོར་འདས་སམ་ལུས་སེམས་ལ་སོགས་པ། ཐམས་ཅད་དབྱེར་མེད་པར་ལྷའི་དལ་དུ་ལྟ་ཞིང་སྒོམ་སྟེ། ནམ་དུ་ཡང་སྐུ་གཟུགས་སུ་གོམས་པར་བྱེད་པ་མི་གཏོང་བའོ། །དེ་ལ་ཡོན་ཏན་གྱི་ཁྱད་པར་ཅི་ཡོད་ཅེ་ན། རྒྱལ་བའི་སྐུར་བསྒོམས་པས་ནི་ཐོག་མ་མེད་པའི་དུས་ཀྱི་རྒྱུ་ལྡོག་པས། སྤྲོས་པའི་བག་ཆགས་མྱུར་དུ་ལྡོག་པ་དང་། ལས་ཀྱི་ས་རྣམ་པར་འབྲས་བུ། སྨིན་པ་མྱུར་དུ་ལྡོག་པ་དང་། བསོད་ནམས་ཀྱི་ཚོགས་ཆེན་པོ་སྐྱེ་བ་དང་ཆོས་མཉམ་པ་ཉིད་བདག་མེད་པའི་དོན་ལ་རང་བཞིན་གྱིས་འཇུག་པའོ། །དེ་ལ་སྟོབས་བཞིས་རྒྱུ་ལྡོག་པ། སྤྲོས་པའི་བག་ཆགས་ལྡོག་པར་འགྱུར་ཏེ་གསང་བའི་ཐེག་པའི་གཞུང་ཐོས་པ་ལ་སོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སངས་མ་རྒྱས་པར་མེད་པར་བསམ་པ་ངེས་པར་བྱེད། དད་པས་དེ་མི་གཏོང་ངོ་། །ཡིད་ལ་བྱེད་པས་ཡང་དང་ཡང་དེ་ལ་གཏོད་པའོ། །ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་བྱེད་པའོ། །དེའི་ཚེ་བདག་ཏུ་འཛིན་པའི་གནས་མེད་པས་བདག་ཏུ་ལྟ་བའི་བག་ཆགས་ལྡོག་གོ། །བདག་ཏུ་མི་འཛིན་ན་རྣམ་པར་མི་རྟོག་པས་མངོན་པར་བརྗོད་པའི་བག་ཆགས་ལྡོག་གོ། །རྣམ་པར་མི་རྟོག་ན་ལས་ཀྱི་རྣམ་པར་སྨིན་པའི་རྒྱུ་མི་དམིགས་པས་སྲིད་པའི་ཡན་ལག་གི་བག་ཆགས་ལྡོག དེའི་ཕྱིར་སྤྲོས་པའི་བག་ཆགས་ལྡོག་པར་འགྱུར་རོ། །སྟོབས་རྣམ་པ་གཉིས་ཀྱིས་རྣམ་པར་སྨིན་པ་ལྡོག་སྟེ། ལྷའི་ཏིང་ངེ་འཛིན་ནི་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བར་བསླབ་པས་དེའི་སྟོབས་ཀྱི་ཆོས་ལ་དབང་འབྱོར་བའི་ཏིང་ངེ་འཛིན་ཐོབ་བོ། །དེས་ཆོས་གང་ཡང་གང་ཞིག་ཏུ་བསྒྱུར་བའི་རང་དབང་ཐོབ་པའི་ཕྱིར་རྣམ་པར་སྨིན་པ་ལྡོག་གོ། །རྣམ་པ་གསུམ་གྱི་ཚུལ་གྱིས་བསོད་ནམས་ཀྱི་ཚོགས་ཆེན་པོ་སྐྱེ་སྟེ། འདི་ལྟར་རྒྱལ་བའི་སྐུར་བསྒོམས་པས་དེ་ནི་རྟག་ཏུ་སངས་རྒྱས་རྗེས་སུ་དྲན་པའི་སྒོམ་པ་བསོད་ནམས་ཐོབ་པ་དང་། སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་པའི་བསོད་ནམས་ཐོབ་པ་ནི་དང་པོའོ། །གཉིས་པ་ནི། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བསྒྲལ་བར་དམ་བཅས་པའི་གོ་ཆ་དང་སྦྱོར་བ་དང་མི་འགོངཡིད་ཞུམ་པ་མེད་པ། ཞིང་བརྩོན་འགྲུབ་ཆེན་པོའི་སྤྱོད་པས་སངས་རྒྱས་རྣམས་དང་མཐུན་པར་དང་དུ་བླངས་པ་ཡིན་ཏེ། དེའི་ཕྱིར་བསོད་ནམས་ཀྱི་ཚོགས་ཆེན་པོ་ཐོབ་བོ། །གསུམ་པ་ནི། དོན་ཆེན་པོའི་ཆོས་ཆོས་རྣམས་ཀྱི་མཆོག ཡིད་ལ་བྱས་པ་ཡིན་ཏེ། བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གཟུགས་ཡོད་ན་ནམ་མཁའི་ཁམས་ཀྱང་དེའི། སྣོད་དུ་ཆུང་ཞེས་རྒྱལ་བས་གསུངས་པ་ལྟ་བུའོ། །དེ་ལ་དོན་ཆེན་པོ་ནི་བདག་མེད་པ་སྟེ། དེ་རྟོགས་པ་ཡང་དོན་ཆེན་པོའི་ཆོས་སོ། །དེ་ཇི་ལྟར་སྒོམ་པར་འགྱུར་ཞེ་ན་མི་གཉིས་པའི་ཤེས་རབ་ཀྱི་སྟོབས་ཤེས་རབ་དང་སྙིང་རྗེ་དང་ཏིང་ངེ་འཛིན་ལ་ཟུང་དུ་འབྲེལ་བར་ནུས་པ་སྟེ་དེ་དང་མཐུན་པའི་བསམ་གཏན་གྱི་ཡུལ་གཞན་མེད་པའི་ཕྱིར། ཀྱིས་སྣང་ཙམ་ན་ཆོས་ཉིད་ལས་མ་དེ་དེའི་རང་བཞིན་ཡིན་པའོ། གཡོས་པར་ཤེས་པ་དང་། དེ་ལས་བྱུང་བའི་འཕྲུལ་པར་ཤེས་པ་དང་། དེའི་རྗེས་སུ་མཐུན་པར་ཤེས་པའོ། །དེ་ལ་རྗེས་སུ་མཐུན་པ་གང་ཞེ་ན། ཆོས་སྐུའི་ཡོན་ཏན་གྱི་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་དཀར་བའི་ལེགས་པའི་ཡོན་ཏན་དུ་བཤད་པ་རྣམས་ཀྱི་རྣམ་སྨིན་གཟུགས་སྐུ་ཡིན། ཆོས་ཀྱི་སྐུའི་ཡོན་ཏན་ཀུན་གྱི་རྣམ་པར་སྨིན་པ་ཡིན་པ་དང་། དེའི་ཕྲིན་ལས་གཟུགས་ཀྱི་སྐུ་དེ་ཡང་ཆོས་ཀྱི་སྐུ་དེའི་ཕྲིན་ལས་མཛད་པ་ཡིན་ཏེ། དེའི་ཕྱིར་རྗེས་སུ་མཐུན་པའི་ལས་དེའི་ཕྱིར་ཆོས་ཉིད་དང་རྗེས་སུ་མཐུན་པ་ཡིན་ནོ། །གཟུགས་སྐུ་དེས་ཀྱང་ཆོས་སྐུ་མཚོན་པར་ནུས་སོ། །དེའི་ཕྱིར་རྗེས་སུ་མཐུན། མཛད་པ་དང་མཚོན་པར་ནུས་པའོ། །དེ་ལ་རྣམ་པར་སྨིན་པ་ཡིན་པས་རྗེས་སུ་མཐུན་པ་ནི། གྲུབ་པ་རྟགས་ཀྱི་ཕྱག་རྒྱུར་བཤད་ཚོགས་ཇི་ལྟ་བུར་བསགས་པ་ལས་སྐུ་ཇི་ལྟ་བུར་འགྲུབ་པ་ཐམས་ཅད་དོ། །པ་ཐམས་ཅད་དོ། །ལས་མཛད་པས་རྗེས་སུ་མཐུན་པ་ནི་མཛད་པ་ལས་ཀྱི་ཕྱག་རྒྱར་སྐུ་དེས་སེམས་ཅན་གྱི་དོན་ཇི་ལྟར་བྱེད་པ། བཤད་པ་ཐམས་ཅད་དོ། །དེ་མཚོན་པར་ནུས་པ་རྗེས་སུ་མཐུན་པ་ནི། མཚོན་པ་སྐུ་མཚན་མའི་སྒོ་ནས་རྣམ་པར་གྲོལ་བའི་སྒོ་མཐའ་ཡས་པ་མཚོན་པར་བྱེད་པའོ། ཐབས་ཀྱི་ཕྱག་རྒྱུར་བཤད་པ་ཐམས་ཅད་དོ། །དེ་ལ་ཆོས་བདག་མེད་པ་ལ་ངང་གིས་འཇུག་པ་ནི། ཇི་ལྟར་དམིགས་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་ངེས་པ་སྐྱེ། པ་བཞིན་གྲུབ་ནས། ཆོས་ལ་རང་གི་ངོ་བོ་ཉིད་མེད་པར་རིག་པ་རང་འབྱུང་བའོ། །བསོད་ནམས་ཐོབ་པའི་ཚེ། སྤྱིར་ཚོགས་གཉིས་རྫོགས་པར་འགྱུར་བ་ལས། བདག་མེད་པར་རྟོག་པ་ཉིད་ཀྱི་ཡེ་ཤེས་ཀྱང་འབྱུང་ངོ་། །མཆན། ཡེ་ཤེས་སྐྱེ་བའི་ཚོགས་ནི་འདིར་འདུས་སོ། །དེ་ལ་གསུང་གི་སྙིང་པོ་བརྗོད་པ་དང་། བསྒོམ་པའི་ཡོན་ཏན་བཅུ་གཉིས་ཏེ། རྒྱལ་བའི་བཀའ་དམ་པ་བཏོན་པའི་ཡོན་ཏན་དང་། ཆོས་རྗེས་སུ་དྲན་པ་བསྒོམ་པར་འགྱུར་བ་དང་། ཆོས་ཤེས་ནས་དད་པ་དང་ལྡན་པ་དང་། ངག་བདེན་པའི་ཚིག་འགྲུབ་པ་དང་། ཤེས་རབ་དང་ལྡན་གསང་སྔགས། རིག་སྔགས། གཟུངས་སྔགས། པའི་ཐབས་དང་།

ཡེ་ཤེས་དྲན་པ་འཐོབ་པ་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་ཐོབ་པ་དང་། འཕགས་པ་མཆོད་པར་འགྱུར་བ་དང་། སེམས་ཅན་གྱི་དོན་བྱེད་པ་དང་། ཡེ་ཤེས་ཀྱི་ལྷ་ཉེ་ཞིང་གྲུབ་པར་མྱུར་བ་དང་། ཆོས་ཀུན་གསུང་གི་སྒྱུ་འཕྲུལ་དུ་དབང་བསྒྱུར་བ་དང་། ཆོས་ཀུན་ལ་སྒྲ་བརྙན་ལྟར་སྣང་ལ་རང་བཞིན་མེད་པའི་བློ་འཇུག་པ་དང་། ཆོས་བདག་མེད་པ་ལ་ངང་གིས་འཇུག་པའོ། །དེ་ལ་བཀའ་དམ་པ་བཏོན་པ་ནི་གསང་བའི་སྙིང་པོ་འབྲུ་གཅིག་ཀྱང་ཡོན་ཏན་མཐའ་ཡས་པ་བརྟེན་པའི་སྒོར་འགྱུར་ཏེ། ཟབ་ཅིང་རྒྱ་ཆེ་བའི་མདོ་དག་གིས་ཀྱང་བསྐྲུན་པ་མེད་དོ། །དེ་རྗེས་སུ་དྲན་པ་དང་དད་པ་ནི་གསུང་རབ་དམ་པ་ཡིན་པས་སོ། །ངག་བདེན་པའི་ཚིག་འགྲུབ་པ་ནི། བཀའ་བདེན་པའི་བྱིན་རླབས་དང་བཟླས་པ་གྲུབ་པའི་མཐུས་སོ། །ཐབས་དང་ཤེས་རབ་ཐོབ་པ་ནི་གསང་སྔགས་ཏེ་དེ་སྐྱེ་བའི་གཞི་ཡིན་པས་སོ། །ཤེས་རབ་དང་ཡེ་ཤེས་ཐོབ་པ་ནི་རིག་རིག་སྔགས་ཀྱི་ངོ་བོ་ནི་ཤེས་རབ་དང་ཡེ་ཤེས། རྟགས་ལྷ་མོ་སྒོ་ཡི་གེ་ངེས་ཚིག་མ་རིག་པ་སེལ་བ་དང་། འདི་ལྟར་ཕ་རོལ་ཤེས་པ་དང་། ངག་གི་རིག་པ་ཐོབ་པས་སོ། །སྔགས་ཏེ་དེའི་གཞི་ཡིན་པས་སོ། །དྲན་པ་དང་ཤེས་རབ་ཐོབ་པ་ནི་གཟུངས་སྔགས་ཏེ་དེའི་གཟུངས་སྔགས་ཀྱི་ངོ་བོ་དྲན་པ་དང་ཤེས་རབ། རྟགས་ལྷ་མོ་སྒོ་ཡི་གེ་ངེས་ཚིག་དོན་མཐུན་འཛིན་པར་བྱེད་པས་སོ། །སྒོར་གྱུར་པས་སོ། །རྩེ་གཅིག་ཐོབ་པ་ནི། འདི་ལྟར་རྣམ་པར་གཡེང་བའི་གཉེན་པོ་ནི་དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་ཡིན་ལ། དེ་ནི་བཟླས་པའི་སྒོ་ནས་མཐར་ཕྱིན་པ་ཡིན་པས་སོ། །འཕགས་པ་མཆོད་པ་ལ་སོགས་པ་གསུམ་ནི། འཕྲོ་འདུའི་མཐུས་སོ། །ཆོས་ལ་དབང་སྒྱུར་བ་ནི་སེམས་སྣང་བ་མཐུར་གྱུར་པའི་སྟོབས་སོ། །སྣང་ལ་རང་བཞིན་མེད་པའི་བློ་འཇུག་པ་ནི། དེའི་སྒོར་གྱུར་པས་སོ། །བདག་མེད་པ་ལ་འཇུག་པ་ནི་དམིགས་པ་གྲུབ་པའི་མཐུའོ། །ཐུགས་ནི་སྐུ་སྒོམ་པ་དང་གསུང་བཟླས་པའི་ཡོན་ཏན་མེད་དམ་ཞེ་ན། དེ་ཙམ་ཉིད་ན་སྐྱེ་བ་མེད་པའི་དབྱིངས་སུ་རྟོགས་པའོ། །དེ་ལྟར་སྐུ་གསུང་ཐུགས་སུ་གོམས་པར་བྱེད་པ་ནི། ཚུལ་དེ་དེ་ལྟར་མྱུར་བའི་ལམ་ཞེས་བྱ་བའོ། །གཅིག་ཏུ་ན་རྒྱལ་བའི་སྐུ་གསུང་ཐུགས་སུ་དུས་གཅིག་ཏུ་གོམས་པར་ཡ་བྱེད་པའི་ཚེ་རྣམ་པར་ཐར་པའི་སྒོ་གཞུང་མཐའ་ཡས་པ་ནས། མཐའ་ཡས་པ་ནས་བསྟན་པའི་ལམ་ཐམས་ཅད་དུས་གཅིག་ཏུ་རང་བཞིན་གྱིས་རྫོགས་པར་འགྱུར་ཏེ། ཏིང་ངེ་འཛིན་རྩེ་གཅིག་ལ་གོམས་པར་བྱས་པ་ལས་ལམ་ཀུན་གོམས་པར་འགྱུར་བའི་ཉེ་ལམ་ཉིད་དོ། །ཇི་ལྟར་ཞེ་ན་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་སྤྱོད་ཡུལ་ལས་མི་གཡོ་བའི་ཚེ། ལུས་ཀྱི་སྤྱོད་པ་ཉེས་པ་མི་འབྱུང་སྟེ། དེས་དེ་ལ་མི་གོས་པའི་ལུས་རྡོ་རྗེའི་དམ་ཚིག་གོ། །དེ་བཞིན་དུ་ངག་གི་སྤྱོད་པ་དེ་ནི་ངག་རྡོ་རྗེའི་དམ་ཚིག་གོ། །དེ་ལྟར་རིག་པ་ནི་སེམས་རྡོ་རྗེའི་དམ་ཚིག་གོ། །དེ་ནི་རྒྱལ་བའི་བསྲུང་བ་མེད་པ་གསུམ་དང་མཐུན་པ་ཡིན་ཏེ། དེ་ལ་ཉེས་པ་འབྱུང་བ་མི་སྲིད་པས་བསྲུང་བའི་དམ་ཚིག་རྩ་བ་གསུམ་ཡང་རྫོགས་པ་ཡིན་ནོ། །སྒྲུབ་པ་ལས་མི་ལྷ་བསྒོམ་པ་དང་སྔགས་དང་ཕྱག་རྒྱ་ལས་མི་འདའ་བས། འདའ་བས་སྒྲུབ་པའི་དམ་ཚིག་རྩ་བ་གཉིས་ཀྱང་རྫོགས་པ་ཡིན་ནོ། །ལུས་ངག་གི་ལས་འགྲོ་བའི་དོན་དུ་འགྱུར་བས་སྤྱོད་པར་སྦྱོར་བ་ལ་སོགས་པ། བྱ་བའི་དམ་ཚིག་ལྔ་ཡང་རྫོགས་པ་ཡིན་ནོ། །དོར་བར་བྱ་བའི་ཆོས་མི་དམིགས་པས་མི་སྤང་པའི་དམ་ཚིག་ཉོན་མོངས་པ་ལྔ། ལྔ་དང་། དང་དུ་བླང་བའི་དམ་ཚིག་བདུད་རྩི་ལྔ་གཙང་དམེ་མི་དམིགས་པ། ལྔ་ཡང་རྫོགས་པ་ཡིན་ནོ། །ཤེས་པར་བྱ་བའི་ཆོས་ཐམས་ཅད་འདིར་འདུས་པས་ཤེས་པར་བྱ་བའི་དམ་ཚིག་རྣམས་ཀྱང་རྫོགས་པ་ཡིན་ནོ། །འདི་ལས་གཞན་བསྒྲུབ་པར་བྱ་བ་མེད་པས་གྲུབ་པར་བྱ་བའི་དམ་ཚིག་ལྔ་ཡང་རྫོགས་པ་ཡིན་ནོ། །གཉིས་སུ་མི་དམ་ཚིག འབྱེད་པས་ཁྱད་པར་གྱི་དམ་ཚིག་ཉི་ཤུ་རྩ་ལྔ་ཡང་རྫོགས་པ་ཡིན་ནོ། །ཉམས་ང་བ་མེད་པས་བརྟུལ་ཞུགས་སྒྲུབ་པ་ཆེན་པོའི་དུས་ཀྱི་རྡོ་རྗེ་སློབ་དཔོན་མི་བསྐྱོད་པ་དང་། ཐབས་ཤེས་རབ་མ་འབྲེལ་པ་ལ་སོགས་པ་རྣལ་འབྱོར་སྤྱོད་པ་སྟེ། སྟག་ལྟར་དཔའ་བ་དང་། བྱ་རོག་ལྟར་འཛེམས་པ་དང་། རྒྱུན་གྱི་གཉིད་དང་ཆང་སྤངས་པ་ལ་སོགས། ཀྱི་དམ་ཚིག་ཉི་ཤུ་རྩ་གསུམ་ཡང་རྫོགས་པ་ཡིན་ནོ། །མི་མཐུན་པའི་ཆོས་མི་དམིགས་པའི་དམ་ཚིག་ལྷག་པའི། བཞི་རྫོགས་པ་ཡིན་ནོ། །ལམ་ཐམས་ཅད་དབང་དུ་འདུས་པས་རྩལ་འཕགས་དམ་ཚིག་ལྟ་བ་སྤྱོད་པ་དང་ཡེ་ཤེས་ལ་སོགས་པ་ཡོན་ཏན་བཅུ། ཀྱི་དམ་ཚིག་བཅུ་ཡང་རྫོགས་པ་ཡིན་ནོ། །ཕྱིན་ཅི་མ་ལོག་པའི་དོན་མཐོང་བས་དལ་པ་ཡིན་ནོ། །སེམས་སྒོམ་ལས། །མདྷལ་གསང་བར་ཞུགས་ནས་ནི། །སྦྱིན་གནས་དམ་པ་རབ་ཏུ་བསྔགས། །ཐབས་ཞགས་ལས། སྐུ་གསུམ་ཐོབ་པས་དམ་ཞེས་བསྟན། ཐམས་ཅད་དུ་ཞུགས་སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་དབང་ཐམས་ཅད་ཐོབ་པ་ཡིན་ནོ། །གསུམ ཐེག་པ་འོག་མ་པའི་བདེན་པ་ལས་འདས་པ། དེ་ཁོ་ན་ཉིད་ལ་གནས་པས་མན་ངག་མི་འགྱུར་བ་དང་། ཕྱིན་ཅི་མ་ལོག་པ་དང་། མི་བསླུ་བ་དང་། དབྱིངས་དང་ཡེ་ཤེས་དང་དེ་དག་གི་འཕྲུལ་ལོ། ཐམས་ཅད་གདིང་དུ་གྱུར་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ཀྱང་རྫོགས་པ་ཡིན་ཏེ། མ་བརྩལ་བའི་སྙིང་རྗེ་ཆེན་པོ་འབྱུང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་། བ་དང་། རྣམ་པར་དཀར་བའི་ཡོན་ཏན་འདུས་པ་དང་། ཉེས་སྐྱོན་གྱི་ཆོས་སྡོམ་པའི་ཚུལ་ཁྲིམས། མེད་པས། ཚུལ་ཁྲིམས་ཀྱི་བསླབ་པ་ཡང་རྫོགས་པ་ཡིན་ནོ། །འདོད་པ་ཙམ་ལ་རག་ལས་པའི་ཏིང་ངེ་འཛིན། ཐོབ་པས་ཏིང་ངེ་འཛིན་གྱི་བསླབ་པ་རྫོགས་པ་ཡིན་ནོ། །ཆོས་གང་ལ་ཡང་མཚན་མར་མི་འཛིན་པས་ཤེས་རབ་ཀྱི་བསླབ་པ་ཡང་རྫོགས་པ་ཡིན་ནོ། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་རྫོགས་པ་ཡིན་ཏེ། འཕགས་པ་མཆོད་པ་དང་འགྲོ་བའི་དོན་བྱེད་པ་ནི་སྦྱིན་པ། མི་གོས་པ་ནི་ཚུལ་ཁྲིམས། མི་འཁྲུགས་པ་ནི་བཟོད་པ། མི་ཉམས་པ་ནི་བརྩོན་འགྲུས། མི་གཡེངས་པ་ནི་བསམ་གཏན། མ་ཆགས་པ་ནི་ཤེས་རབ། བདག་དང་གཞན་གྱི་དོན་དུ་འགྱུར་བ་ནི་ཐབས། མི་མཐུན་པས་ཟིལ་གྱིས་མི་ནོན་པ་ནི་སྟོབས། ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པ་ནི་སྨོན་ལམ། བདག་མེད་པར་ཆུབ་པ་ནི་ཡེ་ཤེས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཀྱང་ཡོངས་སུ་རྫོགས་ཏེ། འཇིག་རྟེན་ཕྱིན་ཅི་ལོག་གི་ལྟ་བ་ང་གཙང་སྐྱིད་རྟག་བཞི་དག་ཅིང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དབྱེར་མེད་པར་རྟོགས་པས། འཁོར་བ་དང་མྱ་ངན་ལས་འདས་པར་མི་རྟོག་སྟེ། དག་པའི་བདེན་པ་བཞི་ལ་འཇུག་པས་ངང་དང་རང་བཞིན་བདག་ཉིད་ཆེན་པོ་གསུམ། དྲན་པ་ཉེ་བར་བཞག་པ་རྫོགས་སོ། །སྡིག་པ་དུག་གསུམ། མི་དགེ་བའི་རྩ་བ་གསུམ་དག་པར་རྟོགས་ཏེ་ཕ་རོལ་ཏུ་ཕྱིན་པ་རྣམས་ཆུབ་པར་རང་རིག་པས་ཡང་དག་པའི་སྤོང་བ་རྫོགས་སོ། །རྟག་ཏུ་མི་ཡེངས་པས་ཉེས་པ་ལྔ་རང་བཞིན་གྱིས་མ་གྲུབ་པས། དེ་སྤོང་བའི་འདུ་བྱེད་བརྒྱད་ཆེད་དུ་བརྟེན་མི་དགོས་ཏེ། །མི་མཐུན་པ་དང་གཉེན་པོ་དབྱེར་མེད་དུ་རྟོགས་པས་སོ། །ལེ་ལོ་མེད་པ་དང་། བརྗེད་པ་མེད་པ་དང་། །ཞུམ་རྒོད་མེད་པ་དང་། འདུ་བྱེད་པ་དང་མི་བྱེད་པ་དག་ཀྱང་མེད་དེ། སྐྱོན་རྡུལ་ཙམ་ཞིག་ཚོར་ན་ཡང་། དེ་ཉིད་དེའི་རང་བཞིན་ཡིན་པར་རིག་པས་སྒྲིབ་པས་མི་གོས་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་རྫོགས་སོ། །བསམ་པ་མི་ཕྱེད་པ་ནི་དད་པ། དེ་མ་ཉམས་པ་ནི་དྲན་པ་དེ་འཕེལ་བ་ནི་བརྩོན་འགྲུས། དེ་ཡོངས་སུ་གྲུབ་པ་ནི་ཏིང་ངེ་འཛིན། དེ་ཡོངས་སུ་ཤེས་པ་ནི་ཤེས་རབ་སྟེ། དེའི་ཕྱིར་དབང་པོ་དང་སྟོབས་ཀྱང་ཡོངས་སུ་རྫོགས་སོ། །བདེན་པ་རྣམ་པ་གཉིས་དབྱེར་མེད་པར་ཁོང་དུ་ཆུད་པ་ནི་ཆོས་རྣམ་པར་འབྱེད་པ། དེ་ཉིད་ཀྱི་གནས་ནི་དྲན་པ་དང་། ངེས་པར་འབྱུང་བ་བརྩོན་འགྲུས། སྐྱོ་དུབ་མེད་པ་ནི་དགའ་བ། ཉོན་མོངས་བ་ནི་མི་འབྱུང་བས། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཏེ། དེའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་རྫོགས་སོ། །བདེན་པ་རྣམ་པ་གཉིས་དབྱེར་མེད་པའི་དོན་ལ་ཕྱིན་ཅི་མ་ལོག་པ་ནི། ཤེས་རབ་ཡང་དག་པའི་ལྟ་བ་དང་། རྟོག་པའི་ཤེས་རབ་དང་། དག་དང་ལས་ཀྱི་མཐའ་དང་། ཀྱི་ཕུང་པོ་དང་། ལུས་དང་ངག་གི་སྐྱོན་གྱིས་མི་གོས་པས་ཚུལ་འཚོ་བའི་ཚུལ་ཁྲིམས། ཁྲིམས་ཀྱི་ཕུང་པོ་དང་། རྩེ་གཅིག་པས་ཏིང་དྲན་པ་དང་རྩོལ་བ་དང་ཏིང་ངེ་འཛིན་གསུམ་གྱི་ཕུང་པོ། ངེ་འཛིན་གྱི་ཕུང་པོ་སྟེ། དེའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་རྫོགས་སོ། །དེ་ལ་སོགས་པ་དཀར་པོའི་ཕྱོགས་བདག་དང་སེམས་ཅན་དབྱེར་མེད་པར་ཡང་ཚད་མེད་པ་དང་བསྡུ་བའི་དངོས་པོ་ལ་སྩོགས་པ། མ་ལུས་པ་ཡོངས་སུ་རྫོགས་ཏེ། མཐོང་བས་ནི་བྱམས་པ་འབྲས་བུ་དང་བཅས་པ། དེ་བཞིན་དུ་ཐམས་ཅད་རྒྱས་པར་ཤེས་པ་ནི་སྙིང་རྗེ། བདག་ལ་ཡོན་ཏན་རྫོགས་པ་ནི་དགའ་བ། དོར་བ་མེད་པ་ནི་བཏང་སྙོམས། ཡང་ཡོངས་སུ་མི་འཛིན་པ་ནི་སྦྱིན་པ། ཀུན་དང་མཐུན་པའི་ངག་ཐོབ་པ་ནི་སྙན་པར་སྨྲ་བ། ཀུན་སྟོན་པ་ནི་དོན་མཐུན་པ། སྒྲོལ་བར་བྱེད་པ་ནི་དོན་སྤྱོད་པའོ། །བྱང་ཆུབ་སེམས་དཔའི་ལམ་དུ་ནི་ཉན་ཐོས་ཀྱི་ལམ་འདུས་པར་ཤེས་འོ་ན་དེ་ལྟར་ལམ་ཐམས་ཅད་འདུས་ན་ཐེག་པ་འོག་མ་པ་རྣམས་དང་མཐུན་ཏེ་ཞེ་ན། ཀྱི། དེ་ཉིད་དེ་དག་ལྟར་མངོན་དུ་བྱ་མི་དགོས་སོ། །ཉན་ཐོས་ཀྱི་ལམ་དེར་ནི་མངོན་པར་མཐོ་མི་དང་ལྷའི་ལམ། བའི་ལམ་རྣམས་འདུས་པར་ཤེས་ཀྱི། དེ་དག་ལྟར་མངོན་དུ་བྱ་མི་དགོས་སོ། །དེ་བཞིན་དུ་གསང་བའི་ཐེག་པ་དེར་ཡང་། ལམ་དེ་ཀུན་འདུས་པར་ཤེས་པར་བྱེད་ཀྱི། དེ་དག་ལྟར་མངོན་དུ་བྱ་མི་དགོས་སོ། །དེ་ལྟར་ལམ་གཅིག་གིས་ཡོན་ཏན་ཀུན་ཐོབ་པ་དང་ལམ་དེ་ཡང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་གྱུར་པས་ཐབས་མྱུར་བ་ཞེས་བྱའོ། །སྤྱོད་པ་མྱུར་བ་ནི། རྣམ་པ་བཞིའི་ཚུལ་གྱིས་ཏེ། འདི་ལྟར་བླང་དོར་མེད་པའི་སྤྱོད་པ་ནི། བསམ་པ་མཉམ་པ་ཐོབ་པའི་གཉའ་གནོན་གྱི་ཚུལ་གྱིས་གྲོགས་སུ་འགྱུར་ཏེ། དེ་ལྟར་ཡང་འཕགས་པ་ཐབས་ཀྱི་ཞགས་པ་ལས། དམ་ཚིག་ཆེན་པོ་ནི་དག་པ་རྣམ་པ་གསུམ་སྟེ། དེ་ཉིད་ཉམས་སུ་ལེན་པར་བྱ་བའི་གཉའ་གནོན་དུ་ཆོས་ལ་དགེ་སྡིག་མེད་པ་དང་། ཟས་ལ་གཙང་རྨེ་མེད་པའི་དམ་ཚིགས་མ་ཉམས་ན། གདུག་པ་ལྔ་ལ་སྤྱད་པས་ཀྱང་དེའི་སྐྱོན་གྱིས་མི་གོས་པ་ནི་ལུས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །སྒྱུ་འཕྲུལ་ལས་ཀྱང་། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། ཞེས་གསུངས་སོ། །གཉིས་པ་ནི། དཀའ་ཐུབ་དང་སྡོམ་པ་དྲག་པོས་ལུས་སེམས་མ་གཟིར་བར། མཉམ་པའི་ཏིང་ངེ་འཛིན་མྱུར་དུ་ཐོབ་སྟེ། གསང་བ་འདུས་པ་ལས། དཀའ་ཐུབ་སྡོམ་པ་མི་བཟད་པ། །བརྟེན་པས་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་པས་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་ནི་དགེ་བའི་ཕྱོགས་དུ་མ་དང་དུ་མི་ལེན་པས། །བསམ་པ་མི་གཡེངས་པས་མཉམ་པ་ཉིད་མྱུར་དུ་འཐོབ་ཏེ། དེ་ཉིད་ལས། གལ་ཏེ་བྱང་ཆུབ་མཆོག་འདོད་ན། །གླེག་བམ་བཀླག་པར་མི་བྱ་ཞིང་། །མཆོད་རྟེན་བསྐོར་བར་མི་བྱ་སྟེ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་གསུངས་སོ། །བཞི་པ་ནི་ཆོ་ག་ཐབས་ཀྱི་ཡན་ལག་མི་མཐུན་པ་དང་། ལྟག་འོག་བསྣོལ་བ་དང་། མང་ཉུང་ལྷག་ཆད་སྐྱོན་དུ་མི་ལྟ་བར་གང་ལ་ཡང་ཡིད་གཉིས་མི་ཟ་སྟེ། ཐེ་ཚོམ་མེད་པས་མཉམ་པའི་ཏིང་ངེ་འཛིན་མྱུར་དུ་ཐོབ་སྟེ། སྒྱུ་འཕྲུལ་ལས། །དཀྱིལ་འཁོར་ཀུན་ཏུ་རབ་སྦྱར་བས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཆོ་ག་ལྷག་གམ་མ་ཚང་ན། །སྐྱོན་ཉིད་དག་སྟེ་ཉེས་པ་མེད། །ཅེས་གསུངས་སོ། །མདོ ར་ན་ཆོས་ཐམས་ཅད་མཉམ་པ་ཉིད་ལ། བསམ་པ་མཉམ་པའི་ཉམས་དང་སྦྱར་ཏེ། མཉམ་པའི་དོན་དུ་སྤྱད་པར་གསུངས་ཀྱི། དངོས་པོར་ལྟ་བའི་བསམ་པ་ཅན་རྣམས་ཀྱིས་ནི་དེ་ལྟར་སྤྱད་པར་མ་གསུངས་སོ། །དེ་ནི་ལྟུང་བའི་གནས་སུ་གསང་བའི་རྒྱུད་ཀུན་ལས་གསུངས་སོ། །ཚུལ་འདིས་མངོན་པར་རྟོགས་པ་མྱུར་བ་དང་བུལ་བའི་བྱེ་བྲག་དབྱེ་བར་བྱ་སྟེ། དེ་ཡང་རྣམ་པ་དེ་ཡང་ལམ་གྱི་ཁྱད་པར་དང་། གང་ཟག་གི་ཁྱད་པར། གནས་སྐབས་ཀྱི་ཁྱད་པར་རོ། །གསུམ་གྱི་ཚུལ་གྱིས་དབྱེ་བར་བསྟན་པ་ལས། ཇི་སྐད་བསྟན་པ་དེ་དག་ནི་ལམ་གྱི་ཁྱད་པར་ཞེས་བྱའོ། །ལམ་ལ་འཇུག་པའི་གང་ཟག་གི་ཁྱད་པར་གྱིས་ནི་མ་ངེས་པར་འགྱུར་ཏེ། གསང་བའི་ཐེག་པར་རིགས་བརྒྱད་དུ་གྲགས་པ་ལས། མི་དང་ལྷའི་རིགས་ཅན་དང་། ཉན་ཐོས་ཀྱི་རིགས་ཅན་དང་། རང་བྱང་ཆུབ་ཀྱི་རིགས་ཅན་དང་། བྱང་ཆུབ་སེམས་དཔའི་རིགས་ཅན་ཐབས་ལ་མི་མཁས་པ་དག་དང་། རིགས་མ་ངེས་པ་དབང་པོ་རྟུལ་པོ་དག་ནི་ལམ་ཡུན་རིང་པོར་འགྱུར་རོ། །ཐབས་མཁས་པའི་བྱང་ཆུབ་སེམས་དཔའི་རིགས་ཅན་དང་། མ་ངེས་པ་དབང་པོ་རྣོན་པོ་དང་། མཉམ་པ་ཆེན་པོའི་རིགས་ཅན་རྣམས་ཀྱིས་ནི་ལམ་ཉེ་བར་འགྱུར་རོ། །ལམ་གྱི་གནས་སྐབས་ཀྱི་ཁྱད་པར་གྱིས་ནི། གཉིས་སུ་འགྱུར་ཏེ། དང་པོ་སེམས་བསྐྱེད་པ་ནས་བཟུང་ནས། ཐ་མ་བདེན་པའི་དོན་སྤྲོས་པ་དང་བྲལ་བ་ཉིད་མངོན་སུམ་དུ་མཐོང་སྟེ། དབང་འབྱོར་བ་ལ་ཐུག་གི་བར་དུ་ནི། གང་ཟག་གི་ཁྱད་པར་དང་། ལམ་གྱི་ཁྱད་པར་མྱུར་བ་དང་བུལ་བ་ཡོད་དེ། དབང་ཐོབ་པ་ནས་བཟུང་ནས་བུད་དྷའི་ས་ཉིད་ལ་ཐུག་གི་བར་དུ་ནི། གང་ཟག་དང་ལམ་གྱི་ཁྱད་པར་དག་མེད་དེ། དབང་ཐོབ་པར་འདྲ་བས་འདོད་པ་ཙམ་ལ་རག་ལས་པའི་ཕྱིར། དུས་འདི་ཙམ་གྱིས་བྱང་ཆུབ་ཐོབ་བོ་ཅེས་ངེས་པ་མེད་དོ། །གསང་སྔགས་ཀྱི་གཞུང་གིས་ཚེ་ལ་དབང་ཐོབ་སྟེ། དེའི་ཚེ་བཅུ་དྲུག་ཏུ་བསྣུར་བས་བྱང་ཆུབ་ཐོབ་བོ་ཞེས་གསུངས་པ་ཡང་། དེ་ཡན་ཆད་དུ་ཐུན་མོང་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཚེ་ལ་དབང་ཐོབ་པས་ཀྱང་འདོད་ན་ཚེ་གཅིག་གིས་བྱང་ཆུབ་མངོན་དུ་བྱེད་པ་ཡིན་ནོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚུལ་བཞིན་དུ་ཡིད་ལ་བྱས་ན། ཚེ་འདི་ཉིད་ལ་ཆོས་ལ་དབང་བསྒྱུར་བ་ཐོབ་སྟེ། དེའི་ཚེ་བཅུ་དྲུག་ཏུ་བསྣུར་བས་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །འོ་ན་བསྐལ་པ་གྲངས་མེད་པ་གསུམ་གྱིས་འཐོབ་ཅེས་པའི་དོན་ཅི་ཞེ་ན། མདོ་དེ་དག་དུ་ནི་སྙིང་རྗེ་ཆེན་པོ་གཙོར་བསྟན་པས་འདུལ་བའི་དབང་དུ་གསུངས་པ་སྟེ། འཇིགས་པ་རྣམས་དང་བྲལ་ཞིང་དབང་ཐོབ་པ་ལ་དེ་བས་ལྷག་པར་གནས་ཀྱང་སྐྱོན་མེད་ལས་དེ་བས་ཆེས་མྱུར་ཡང་སྐྱོན་མེད་དོ། །བསྐལ་པ་གྲངས་མེད་པ་གསུམ་བསྐལ་པ་ཞེས་པ་དུས་ལམ་བཞག་གི་ཉོན་མོངས་པ་ལ་བྱ། ཞེས་གསུངས་པ་ཡང་། མདོ་ལས། འདོད་ཆགས་ཀྱི་བསྐལ་པ་གྲངས་མེད་པ་དང་། ཞེ་སྡང་གི་དང་། གཏི་མུག་གི་བསྐལ་པ་གྲངས་མེད་པ་གསུམ་འདས་ནས་སངས་རྒྱས་ཐོབ་ཅེས་གསུངས་སོ། །མདོར་ན་ལམ་གྱི་གནས་སྐབས་དང་པོ་སེམས་བསྐྱེད་ནས་དབང་འབྱོར་བར་ཐུག་གི་བར་དུ། ལ་ནི་གང་ཟག་དང་ལམ་གྱི་ཁྱད་པར་ཡོད་དོ། །གཉིས་དབང་ཐོབ་ནས་སངས་མ་རྒྱས་ཀྱི་བར་དུ། པ་ལ་ནི། ཁྱད་པར་དེ་གཉིས་མེད་ཀྱི། རྒྱུད་ཐ་དད་པས་འདུལ་བའི་ཞིང་ཁམས་ཐ་དད་ཡིན་དུས་སོ་སོ་ཡིན་ནོ། དོན་བྱེད་པ་དེ་དག་སངས་རྒྱས་ནས་ཡོན་ཏན་གྱི་ཁྱད་པར་མེད་པར་མ་ཟད། འགྲོ་བའི་དོན་མཛད་པའི་ཚུལ་བཞིའི་ཁྱད་པར་ཡང་མེད་དེ། །ཤཱཀྱ་ཐུབ་པ་དང་། བྱམས་པ་ལྟ་བུ་ལ་རྒྱུད་ཐ་དད་པ་མ་ཡིན། སྐུ་མདོག་ལ་སྩོགས་པའི་ཚུལ་ཐ་དད་པ་ཡང་ཡོད་པ་མ་ཡིན་ནོ། །དང་། ཞིང་ཁམས་ཐ་དད་པར་བྱེད་པ་དང་། དུས་ཐ་དད་པར་བྱེད་པ་དང་། ཚུལ་ཐ་དད་པས་དོན་བྱེད་པ་བཞི་ནི་ཁྱད་པར་ཡོད་དོ། །མཐར་ཕྱིན་པ་ཆེན་པོ་བརྙེས་པ་ནི། ཡོན་ཏན་མངའ་མི་མངའི་ཁྱད་པར་ཅི་སྨོས་ཀྱི། འགྲོ་བའི་དོན་མཛད་པའི་ཚུལ་བཞིའི་ཁྱད་པར་ཡང་མེད་དེ། འདི་ལྟར་སྒྲིབ་པའི་བག་ཆགས་མ་ལུས་པར་ཟད་བ་དང་། གནས་འགྱུར་བའི་ཆོས་ཀུན་གནས་གྱུར་པ་དང་། ཡོན་ཏན་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ལ་བདག་ཏུ་ལྟ་དེ་ལ་བདག་ཏུ་ལྟ་བའི་བག་ཆགས་བྲལ་བས་བདག་གཞན་གྱི་རྒྱུད་དུ་ལྟ་བ་ལྡོག་གོ། །བའི་བག་ཆགས་ཟད་པས་རྒྱུད་ཐ་དད་པས་དོན་བྱེད་པའི་དེ་ལ་བདག་ཏུ་ལྟ་བའི་བག་ཆགས་མ་ཟད་པའི་དབང་གིས་གཞན་དུ་ལྟ་བ་འབྱུང་བ་ཟད་དེ། རྒྱུ་མི་མངའ་འོ། །མངོན་པར་བརྗོད་པའི་བག་ཆགས་ཟད་པས་ཞིང་ཁམས་ཡུལ་དང་དུས་དང་རྣམ་པ་ལ་སོགས་པའི་ཐ་སྙད་འདོགས་པའི་བག་ཆགས་ཟད་པས་དེ་ལྟ་བུའི་རྒྱུ་མི་མངའ། དང་དུས་ཐ་དད་པས་དོན་བྱེད་པའི་རྒྱུ་མི་མངའ་འོ། །སྲིད་པའི་ཡན་ལག་གི་བག་ཆགས་ཟད་ཕུང་པོར་སྐྱེ་བའི་བག་ཆགས་ཟད་པས་ལུས་དང་གནས་དང་ལོངས་སྤྱོད་དུ་སྣང་བ་དང་བྲལ་ལོ། །པས་ལུས་དང་ལོངས་སྤྱོད་ཀྱི་ཚུལ་ཐ་དད་པས་དོན་མཛད་པ་མི་མངའ་འོ། །ཡང་གཟུགས་ཀྱི་ཕུང་པོ་གནས་གཟུགས་གནས་མ་གྱུར་ན་ལུས་དང་ཞིང་ཁམས་གྲུབ་པ་ཞིག་ནའང་། གནས་གྱུར་པའི་ཕྱིར་དག་པའི་ཆོས་ཙམ་མིན་པ་ཞིང་ཁམས་སུ་སྣང་བའི་རྒྱུ་མི་མངའ་འོ། གྱུར་པས་ཞིང་ཁམས་གྲུབ་པའི་རྒྱུ་མི་མངའ་འོ། །ཚོར་བའི་ཚོར་བ་གནས་གྱུར་པས་ཉམས་སུ་མྱོང་བ་གནས་འགྱུར་ལ། དེས་ཞིང་ཁམས་དང་ལོངས་སྤྱོད་པ་མི་མངའ་འོ། ཕུང་པོ་གནས་གྱུར་པས་ཞིང་དང་འཁོར་དང་ཆོས་དང་ཡེ་ཤེས་དང་སྐུ་ཐ་དད་པ་ལ་ལོངས་སྤྱོད་པའི་རྒྱུ་མི་མངའ་འོ། །འདུ་ཤེས་ཀྱི་ཕུང་པོ་འདུ་ཤེས་གནས་མ་གྱུར་ན་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་རིགས་ན། གནས་གྱུར་པས་བརྗོད་པའམ་ཐ་སྙད་དང་བྲལ་བའི་ཆོས་ཐ་དད་སྟོན་པ་མི་མངའ་འོ། གནས་གྱུར་པས་ཐ་སྙད་ཡོངས་སུ་བྱ་བའི་ཕྱིར་ཆོས་ཐ་དད་པར་སྟོན་པའི་རྒྱུ་མི་མངའ་འོ། །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པས་ཕྲིན་གནས་མ་གྱུར་ན་ལས་མངའ་བ་ཞིག་ན། ལས་ཐ་དད་པར་མཛད་པའི་རྒྱུ་མི་མངའ་འོ། །ཀུན་གཞིའི་ཟག་བཅས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར། རྣམ་པར་ཤེས་པ་གནས་གྱུར་པས་ཐ་དད་པ་ཀུན་གྱི་གཞི་མི་མངའ་འོ། །ཉོན་མོངས་པ་ཅན་གྱི་ཡིད་བདག་ཏུ་རློམས་སེམས་པའི་དབང་གིས་བདག་པོའི་རྐྱེན་བྱ་ནས་བདག་དང་གཞན་གྱི་རྒྱུད་འཛིན་པ་འབྱུང་བས། གནས་གྱུར་པས་རྒྱུད་ཐ་དད་པའི་དོན་མཛད་པའི་རྒྱུ་མི་མངའ་འོ། །ཡིད་ཀྱི་རྣམ་པར་ཤེས་ཆོས་སྣ་ཚོགས་རྟོག་པ་ཡིན་པའི་ཕྱིར། པ་གནས་གྱུར་པས་ཞིང་དང་དུས་ཐ་དད་པར་སྟོན་པའི་རྒྱུ་མི་མངའ་འོ། །སྒོ་ལྔའི་རྣམ་པར་གཟུགས་སྒྲ་ལ། ཤེས་པ་གནས་གྱུར་པས་ཚུལ་ཐ་དད་པར་སྟོན་པའི་རྒྱུ་མི་མངའ་འོ། །ཡོན་ཏན་ཡོངས་སུ་རྫོགས་པའི་ཕྱིར་ཡང་ཁྱད་པར་མི་མངའ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པ་ཡོངས་སུ་རྫོགས་པས། ནམ་མཁའི་ཁམས་ཀྱིས་ཁྱབ་པའི་སེམས་ཅན་གྱི་སེམས་ཅན་གྱི་དོན་བྱེད་པ་ལ་རྒྱ་ཆེ་ཆུང་དང་ཡུན་རིང་ཐུང་མི་མངའ་སྟེ། སྨོན་ལམ་གྱི་མཐུ་ཡོངས་སུ་རྫོགས་པར་འདྲ་བའི་ཕྱིར། དོན་མཛད་པ་དང་། འཁོར་བ་ཇི་སྲིད་པར་དོན་མཛད་པའི་མཐུ་མངའ་འོ། །དེའི་ཕྱིར་ཐ་དད་པ་བཞིའི་ཚུལ་གྱིས་དོན་མཛད་པ་མི་མངའ་འོ། ཡང་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས་སེམས་ཅན་འགའ་ཞིག་གི་ཕྱིར་སྨོན་ལམ་མ་བཏབ། བསྐལ་པ་འགའ་ཞིག་གི་ས ཕྱིར་སྨོན་ལམ་མ་བཏབ། བསྟན་པ་འགའ་ཞིག་གི་ཕྱིར་སྨོན་ལམ་མ་བཏབ་སྟེ། ཡོངས་སུ་མ་ཆད་པའི་སྨོན་ལམ་བཏབ་པ་ཡོངས་སུ་རྫོགས་པའི་ཕྱིར། འགྲོ་བའི་དོན་སོ་སོར་མཛད་པ་སངས་རྒྱས་རྣམས་སེམས་ཅན་ལ་ཆོས་ཐ་དད་དུ་སྣང་སྟེ་ཤཱཀྱ་དང་བྱམས་པ་ལྟ་བུའོ། མི་མངའ་འོ། །གདུལ་བྱ་རྣམས་ལ་ནི་ཐ་དད་པ་བཞིའི་ཚུལ་དུ་སྣང་སྟེ་སྒྲིབ་པའི་བག་ཆགས་མ་ཟད་པ་དང་། གནས་མ་གྱུར་པའི་ཆོས་དང་ལྡན་པ་དང་ཡོན་ཏན་མ་རྫོགས་པའི་ཕྱིར་རོ། །གལ་ཏེ་ཡེ་ཤེས་ཀྱི་རྒྱུད་སོ་སོས་དོན་མ་མཛད་ན་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། འདས་པའི་སངས་རྒྱས་རྣམས་ཀྱང་ང་ཡིན་ནོ་ཞེས་གང་གསུངས་པ་དག་ལ། དེའི་དགོངས་པ་ལུང་སྟོན་པའི་མདོ་ལས། དེ་ནི་མཉམ་པ་ཉིད་ལ་དགོངས་པ་ཡིན་ཏེ། སངས་རྒྱས་རྣམས་སྐུ་དང་གསུང་དང་ཆོས་དང་ཡི་གེ་མཚུངས་ཏེ། དེའི་ཕྱིར་ང་ཡིན་ནོ་ཞེས་གསུངས་ཀྱི། དེ་ཡང་ངའི་རྒྱུད་ཡིན་ནོ་ཞེས་ནི་ལུང་མ་བསྟན་ཏོ་ཞེ་ན། དེར་ནི་ལུང་མ་བསྟན་པའི་དོན་ཉིད་ངེས་པའི་དོན་ཡིན་ཏེ། ལུང་བསྟན་པ་ནི་བཀྲི་བའི་དོན་ཡིན་ནོ། །ཇི་སྐད་དུ། གདམས་ངག་འཕོགས་པའི་མདོ་ཞེས་བྱ་བ་གསང་བ་ལུང་སྟོན་པའི་མདོ་ལས། དགོངས་པས་ལུང་བསྟན་རྣམས་ལ་ཡང་། །ལུང་མ་བསྟན་པ་ངེས་ཡོད་དོ། །དེའི་ཕྱིར་རྒྱལ་བའི་བཀའ་རྣམས་ལ། །གསང་སྔགས་ཆོས་ཀྱི་མེ་ལོང་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །རྒྱུད་སོ་སོའི་དོན་སོ་སོར་མཛད་ན། སྐུ་གསུམ་གྱི་འདུལ་བའི་ཞིང་རྣམ་པར་བཞག་པ་མེད་པར་འགྱུར་རོ། །གསང་སྔགས་ཀྱི་རྒྱུད་དང་མན་ངག་རྣམས་སུ། སངས་རྒྱས་ཀྱི་སའི་ཁྱད་པར་མང་དུ་གསུང་བ་འདི་ལྟར། །ཀུན་ཏུ་འོད་ཅེས་བྱ་བ་དང་། དེ་བཞིན་དུ་རྡོ་རྗེ་འཆང་གི་ས་དང་། སྡུག་པོ་བཀོད་པའི་ས་དང་། པདྨ་ཅན་གྱི་ས་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་རྡོ་རྗེ་འཆང་ཆེན་པོའི་ས་ལ་སོགས་པ་ནམ་མཁའི་འོད། རིན་ཆེན་འོད་དེ་ལ་སྩོགས་པ་བཅུ་གཉིས་གསུངས་པ་ལྟ་བུའོ། །ས་ཞེས་བྱ་བ་ལ་སྩོགས་པ་གསུངས་པ་དང་། སྐུ་ཡང་དག་པའི་སྐུ་དང་། བསྔགས་པའི་སྐུ་ཞེས་འབྱུང་བ་དང་། ཡེ་ཤེས་ཀྱང་རང་བྱུང་གི་ཡེ་ཤེས་དང་། ཡོངས་སུ་བསྐྱེད་པའི་ཡེ་ཤེས་ཞེས་འབྱུང་བ་དེ་དག་ནི། ཁ་ཅིག་ལམ་དང་ལྟ་བའི་ཁྱད་པར་འདི་ལ་བྱེད། དང་། ཁ་ཅིག་མིང་སོ་སོར་གྲགས་པའི་ཁྱད་པར་ཏེ་འབྲས་བུ་ཆེ་བའི་ཡོན་ཏན་ལ་དགོངས་པ་ཡིན་ནོ། །དེ་ལྟར་མངོན་པར་རྟོགས་པའི་ཞར་ལ། འབྲས་བུ་ལ་ཁྱད་པར་མེད་པ་བསྟན་པ་ཡིན་ནོ། །དེ་ལ་ཐབས་སླ་བ་གང་ཞེ་ན། འདོད་པའི་ཡོན་ཏན་མི་སྤོང་སྟེ་རྒྱུ་མི་བདེ་དཀའ་བ་ཟེར། །བའི་སྒོ་ནས་མི་བསྒྲུབ་པས་སོ། །དེ་ལ་ཐབས་མཁས་པ་གང་ཞེ་ན། ཀུན་ནས་ཉོན་མོངས་པ་ལ་སྤྱད་ཀྱང་ཚོགས་སུ་འགྱུར་བར་ཤེས་པའོ། །དེ་ལ་ཐབས་མང་བ་གང་ཞེ་ན། གདུལ་བྱ་རྣམས་ཀྱི་འདོད་པ་སྤྱོད་པ་མི་ཟློག་པར་སྒོ་མཐའ་ཡས་པས་འགྲུབ་པར་ཤེས་པའོ། །དེ་ལྟར་ཡང་འཕགས་པ་ཐབས་ཀྱི་ཞགས་པ་ལས་དམིགས་པ་ཆེན་པོར་གསུངས་པ། བདེན་གཉིས་རྒྱུ་དང་འབྲས་བུའི་ཚུལ། །དེ་བཞིན་ཉིད་ལ་གནས་བཅས་ནས། །ཕྱི་ནང་སྣོད་བཅུད་རྣམ་པར་དག །བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་འགྱུར། །ཞེས་གསུངས་སོ། །བསྒྲུབ་པ་ཆེན་པོའང་དེ་ཉིད་ལས། །ཕ་རོལ་ཕྱིན་བཅུ་རྫོགས་པ་སྟེ། །ས་བཅུ་རིམ་གྱིས་བཀོད་པ་ལ། །མཉམ་ཉིད་རིག་པའི་རྡོ་རྗེ་ཡིས། །ས་རྣམས་མཉམ་པ་ཉིད་དུ་སྦྱོར། །ཞེས་གསུངས་སོ། །ཡང་ཡེ་ཤེས་ཆེན་པོ་ཡང་དེ་ཉིད་ལས། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་སྒྱུ་མར་རིག་པའི་ཕྱིར། །དངོས་དང་དངོས་མེད་བག་ཆགས་བསྲེགས། །ཡང་ན་ཡེ་ཤེས་མེ་ཞེས་བྱ། །ཞེས་སོ། །ཐབས་ཆེན་པོའང་གསུངས་པ། ལམ་གྱི་ནང་ན་ཉེ་ལམ་བདེ་རྫོགས་པ། །ཐབས་ཀྱི་ནང་ན་མ་ནོར་དམ་པ་སྟེ། །བསྒྲུབ་ན་ཚེ་འདིར་སངས་རྒྱས་ཆེ་བ་ཡང་། བླང་དོར་མེད་པའི་སྐུ་གསུམ་རྡོ་རྗེ་ཐོབ། །ཅེས་གསུངས་སོ། །བྱ་བ་དང་སྤྱོད་པའི་རྒྱུད་དག་ཏུ་ནི། རྣལ་འབྱོར་གྱི་བསམ་པ་དང་། སྤྱོད་པ་ཚད་དུ་ཆུད་པར་མ་གསུངས་པས། དེའི་དབང་གིས་དབྱེ་བ་ནི་མི་བརྩམས་ཏེ། དངོས་པོ་ལ་གཙོར་བྱེད་པ་དང་། སྒོ་བསྟུན་པར་ཟད་དོ། །འདི་དག་ཙམ་གྱིས་ཐུན་མོང་ཁྱད་པར་ཤེས། །འདི་ལྟར་སྨྲས་ན་སྒྲོ་དང་སྐུར་བ་མེད། །འདི་ལྟར་ཤེས་ན་ཡིད་གཉིས་རྣམ་པར་བྲལ། །རང་གི་འདོད་པ་མ་ཡིན་གཟུ་བོའི་ཚིག །ཐེག་པའི་བྱེ་བྲག་ཆེན་པོ་དྷརྨ་བྷ་དྲས་མཛད་པ་རྫོགས་སོ། །མི་སྤེལ་ལོ། །

དེ་ལ་མཆོད་པ་འབུལ་བ་ལ་དོན་གསུམ་སྟེ། ཕྱི་ནང་གསང་བའོ། །དེ་ལ་ཕྱིའི་ལ་ཡང་གཉིས་ཏེ། དེ་ལ་ཕྱིའི་སྤྱིའི་དབང་དུ་མཆོད་པའི་སྤྲིན་ཕུང་རབ་འབྱམས་བླ་ན་མེད་པར་བསྔོས་ཏེ་དེ་མང་བ་ནི་སེམས་ཀྱི་སྟོབས་ཀྱིས་སོ། །ཁྱད་པར་དུ་བསྔོ་བ་ནི་དམར་ཆེན་གྱི་ཨརྒ་སྦྲེང་ཞིང་། ཛཧཱུཾ་བཾ་ཧོ་ཤྲཱི་ཧེ་རུ་ཀ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། མ་ཧཱ་ཨགྷཾ་པྲ་ཏཱི་ཛ་ཧོ། དེ་བཞིན་དུ་གཙོ་བོ་དང་འཁོར་ཀུན་གྱི་མཚན་ནས་བརྗོད་ཅིང་དམར་རེ་སྦྲེང་ངོ་། །ཡིད་བཞིན་བདུད་རྩི་མཆོད་ཡོན་དཔལ་གྱི་སྐུ་ལ་ཐིམ་པར་བསམ་མོ། །ཛཿཧཱུྃ་བཾ་ཧོ། །ཤྲཱི་ཧེ་རུ་ཀ་ཨི་དན་པུས་པ་དཱི་པཾ་དྷུ་པེ་བ་ལིན་ཏ་ཨརྒ་པྲ་ཏི་ཛ་ཧོ། །ཞེས་བརྗོད་དེ། །དེ་ལ་ཨི་དན་ཅེས་པ་ནི་དྲི་ཆབ་སྟེ། དེ་ཡང་ཕྱི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ལ་དྲི་རྣམ་པ་ལྔ་དྲུག་ནས་ཆོས་ཉིད་རྣམ་པར་དག་པའི་སྔགས་དང་ཆུ་ལྔས་བྱིན་གྱིས་བརླབས་པའོ། །ནང་གི་ནི་བདུད་རྩི་ལྔ་སྦྱར་བ་ལ་ཁྲོ་མོ་དབང་ཕྱུགས་མའི་སྔགས་ཀྱི་བྱིན་གྱིས་བརླབས་པའོ། །གསང་བར་ཐབས་ཤེས་རབ་ཀྱི་བྱང་ཆུབ་སེམས་དཀར་དམར་གཉིས་རྡོ་རྗེའི་ཆུ་དང་སྦྱར་ནས། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པའོ། །པུས་པ་ནི་མེ་ཏོག་སྟེ། ཕྱིའི་ནི་མཱ་ལི་ཀ་དང་ཡུ་ཏི་ཀ་དང་། ཨུད་པ་ལ་དང་ཀུ་མུ་ད་ལ་སོགས་པའོ། །ནང་གི་ཏིང་ངེ་འཛིན་ལས་བྱུང་བ་དང་། ལྷ་མོའི་ཚོགས་རྣམས་སོ། །ཡང་ན་ཁྲག་གོ། །དེ་ཡང་ཁྲག་ནི་མེ་ཏོག་ཡིན་པར་བཤད་ཅེས་གསུངས་སོ། །དྷཱུ་པ་ནི་བདུག་པ་སྟེ་དེ་ཡང་ཕྱིའི་ནི་ཨ་རུ་ར་དང་དུ་རུ་ཀ་ལ་སོགས་པའོ། །ནང་གི་ནི་ཚིལ་ཆེན་དང་དུར་ཁྲོད་ཀྱི་ཐལ་བའོ། །གསང་བ་ནི་ཡབ་ཡུམ་གྱི་བྱང་ཆུབ་སེམས་ལས་དྲི་བྱུང་བའོ། །དཱི་པ་ནི། མར་མེ་སྟེ། ཕྱི་ནི་རྔོས་པའོ། །ནང་ནི་གཡུལ་དུ་ཤི་བའི་ཐོད་ཚལ་སྐྱོན་མེད་པར་སོར་མོ་བསྐམ་ལ་དྲི་ཞིམ་པོར་བཙོས་ནས་སྙིང་པོ་བྱས་ཏེ། ཚིལ་ཆེན་གྱི་མར་ཁུ་ལ་མེ་བཏང་བའོ། །གསང་བ་ཡུམ་གྱི་པདྨར་རྡོ་རྗེ་བཞག་སྟེ་བསྐྱོད་པའམ་འོད་ཟེར་འཕྲོ་བའོ། །ཨརྒྷཾ་ནི་ཡོན་ཆབ་སྟེ་དེ་ཡང་ཕྱིའི་ནི་ཆུ་གཙང་འོ་མ་བསྲེས་པའོ། །ནང་གི་ནི་འཛའ་གད་དོ། །གསང་བ་ནི་ཞིང་ཆེན་པོའི་སྙིང་ཁྲག་དང་། ཚྭ་ས་དང་རུ་དར་རྣམས་བསྲེས་པའོ། །བྷ་ལིན་ཏ་ནི་གཏོར་མ་སྟེ། དེ་ཡང་འབྲུ་སྣ་ཚོགས་དང་ཆང་དང་འཁུར་བ་ལ་སོགས་པའོ། །སྐྱེས་བུ་རེམ་པ་གཡུལ་དུ་ཤི་བའི་ཤ་དང་། གློ་བ་དང་། ཁྲག་དང་། ཚིལ་བུ་དང་། ཀླད་པ་དང་། མཚན་མ་མདོར་ན་རྫས་དང་འབྲེལ་བ་ཐམས་ཅད་ཕྱིའོ། དང་རྐང་ལ་སོགས་པའོ། །གསང་བ་ནི་ཡུམ་གྱི་བྱང་སེམས་སོ། །དེ་དག་བྱིན་གྱིས་བརླབ་པ་ནི་གཞུང་བཞིན་དུ་སྟེ་མན་ངག་ཤཱི་མན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏུའོ། །ཏིང་ངེ་འཛིན་དང་འབྲེལ་བ་ཐམས་ཅད་ནི་གསང་བར་ཤེས་པར་བྱའོ། །སྔགས་ནི་གོང་མའི་རྟིང་ལ། །ཛཧཱུཾ་བཾ་ཧོ། །ཤྲཱི་ཧེ་རུ་ཀ་ཨ་བེ་ཤ་ཡ་ཧོ། ཚིག་ནི་ཧེ་རུ་ཀའི་གནས་བཅུ་དང་ངོ་། །དཔལ་ཆེན་བུདྡྷ་ཧེ་རུ་ཀ་དང་། ཡུམ་ཆེན་ཀྲོ་ཏི་ཤྭ་རི་ལ། ཅེས་པ་ནི། ཟག་པ་དང་བཅས་པའི་གཟུགས་ཀྱི་ཕུང་པོ་དང་། ཕྱིན་ཅི་ལོག་གི་གཏི་མུག་གནས་སུ་དག་ཅིང་ཡང་དག་པའི་གཏི་མུག་ཆེན་པོར་སངས་རྒྱས་པའི་རང་བཞིན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ། དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲག་འཐུང་ཆེན་པོ་དང་། དེའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དེ་བཞིན་རིགས་ཀྱི་ཁྲོ་མོ་དབང་ཕྱུག་མའོ། །དེས་འགྲེའོ། །དེ་རྣམས་ལ་དམ་ཚིག་གི་མཆོད་པ་འབུལ་ཅེས་པ། དམ་ཚིག་གི་ངོ་བོར་གྱུར་པ་ཡང་ཡིན་ལ། སྐུ་གསུང་ཐུགས་མཉེས་པར་བྱེད་པའི་མཆོད་རྫས་སམ་དམ་རྫས་ཀྱང་ཡིན་ལ། དམ་ཚིག་ལས་མི་འདའ་ཞིང་། དམ་ཚིག་རྗེས་སུ་བསྐུལ་བར་བྱེད་པའི་མཆོད་རྫས་ཡིན་པས་དམ་ཚིག་མཆོག་གི་མཆོད་པའོ། །མཆོད་པའི་ཏིང་ངེ་འཛིན་ནི། ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བས་སོ་སོའི་ཞལ་དུ་ཐིམ་ཞིང་མཉེས་པར་བསམ་མོ། །མཆོད་པའི་རྫས་དང་། མཆོད་པའི་གནས་དང་། མཆོད་པའི་འབྲས་བུ། མཆོད་པའི་སྔགས། མཆོད་པའི་ཡོན་ཏན་དང་དྲུག་གོ །

སྒྲོལ་བ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །ཐུན་མོང་ནི། བྱང་ཆུབ་སེམས་ཀྱི་ཁེ་དང་སྦྱར་བའོ། །ཐུན་མོང་མ་ཡིན་པ་ནི་རྟོག་པས་བདག་བསྒྲལ་བ་སྟེ། དེ་ཡང་རྟོགས་པ་རྣམ་པ་བཞི། དག་པ་རྣམ་པ་གསུམ། མཉམ་པ་རྣམ་པ་བཞི་ཀློང་དུ་གྱུར་པས་བདག་ཉིད་འཁོར་བ་དང་ངན་སོང་ལས་བསྒྲལ་བའོ། །ཐུགས་རྗེས་གཞན་བསྒྲལ་བ་ལ་དོན་བཞི་སྟེ། ཐབས་ཀྱིས་བསྒྲལ་བ་དང་། ཏིང་ངེ་འཛིན་གྱིས་དང་། ནུས་མཐུས་དང་། མངོན་སྤྱོད་ཀྱིས་བསྒྲལ་བའོ། །དེ་ལ་ཐབས་ཀྱི་ནི་གང་མི་ལ་སོགས་པ་དབང་པོའི་སྤྱོད་ཡུལ་དུ་སྣང་བ་རྣམས་ལ། བློ་དང་སྦྱར་བའི་ཆོས་འཆད་ཅིང་དགེ་བའི་ལམ་ལ་འཛུད་པའོ། །དེ་ལ་ཏིང་ངེ་འཛིན་ནི་ཁྱད་པར་དུ་དམྱལ་བ་ལ་སོགས་པ་རྣམས་ལ། བདག་ཉིད་ཕྱག་རྒྱུར་གསལ་བའི་ཐུགས་ཀའི་འོད་ཟེར་འཕྲོ་འདུ་ལས་ལྕགས་ཀྱུ་ལ་སོགས་པས་སེམས་ཅན་ཐམས་ཅད་ཐུགས་ཀར་བསྡུས་ཏེ་སྐུའི་དབྱིག་ཏུ་གྱུར་པ་ལས། གསང་ལམ་ནས་བཏོན་ཏེ་སྐུར་བསྐྱེད་བྱིན་གྱིས་རླབས་དབང་བསྐུར་བའོ། །མཐུས་ནི་དུར་ཁྲོད་ལ་སོགས་པའི་གནས་སུ་གྲུ་གསུམ་ལ་སོགས་པའི་དལ་བསྐྱེད་ལ། ཤིན་ཏུ་ཁབ་དང་རྩུབ་པ་དང་གནག་པ་དང་དུག་དང་ཉུང་དཀར་ལ་སོགས་པ་ལ་བརྟེན་ཏེ་བྱ་བ་དང་། ཤིང་ཚེར་མ་ཅན་ལ་སོགས་པ་ལ་ལིང་གི་བྲིས་ཏེ་ཕོ་ཉས་དགུག་པ་བྱས་ལ་གཏུབ་པ་དང་བསྲེག་པ་ལ་སོགས་པ་བྱས་ལ། །རྣམ་པར་ཤེས་པ་ཧཱུྃ་དུ་བསྡུས། ཕཊ་ཀྱིས་འོག་མིན་གནས་སུ་རིགས་ལྔ་ཡབ་ཡུམ་སྦྱོར་མཚམས་སུ་འཕང་ལ་སྲས་སུ་བསྐྱེད་པའོ། །མངོན་སྤྱོད་ལ་དགུ་སྟེ། སློབ་དཔོན་ཇི་ལྟ་བུས་བསྒྲལ་བ་དང་། གང་བསྒྲལ་བ་དང་། གང་དུ་བསྒྲལ་བ་དང་། ཏིང་ངེ་འཛིན་ཇི་ལྟ་བུས། ཚུལ་ཇི་ལྟར། འབྲས་བུ་གང་དང་། བསྒྲལ་བ་གནས་སུ་སྟོབ་ན་ཡོན་ཏན་ཇི་ལྟར་འཐོབ་པ་དང་། གནས་སུ་མ་བསྟབ་ན་ཉེས་ཅིར་འགྱུར་བ་དང་། མ་བསྒྲལ་བར་བཞག་ན་སྐྱོན་ཅི་ཡོད་པའོ། །ལུང་དང་མན་ངག་མཁས་པ། དམ་ཚིག་ལ་སེལ་མེད་པ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་གྱི་དབང་ཐོབ་པ། སེམས་ལས་སུ་རུང་བ་ཤེས་རབ་དང་སྙིང་རྗེར་ལྡན་པ་ཕྱི་ནང་གི་དབང་ཐོབ་པ། གང་བསྒྲལ་བ་དེའི་རྣམ་ཤེས་གང་དུ་སྐྱེ་བ་རྟོགས་པ། སྡིག་མཛུབ་བཙུག་པ་དང་མཚོན་ཆ་འཕྱར་བ་ཙམ་གྱིས་འཆི་བར་བྱེད་ཅིང་གཏན་འཕོ་བར་ནུས་པའོ། །སྤྱི་དང་ཁྱད་པར་རོ། །སྤྱི་ནི་མི་ཁོམ་པའི་གནས་བརྒྱད་དུ་སྐྱེ་བ་རྣམས་སོ། །ཞིང་བཅུ་ལྟ་བུ་ལ་སོགས་པ་རྣམས་ནི་ཁྱད་པར་རོ། །ཚད་མེད་པ་བཞི་དང་ལྡན་པའི་སྒོ་ནས་ལྷའི་སྐུར་གསལ་བ་དང་། སྔགས་ཀྱི་བཟླས་བརྗོད་ཀྱི་འཕྲོ་འདུས་ངན་ལ་སྦྱངས་པ་གསེར་བཞུ་བ་ལྟ་བུའི་ཏིང་ངེ་འཛིན་སྔོན་དུ་སྒོམ་པའོ། །འོག་མིན་གྱི་གནས་སུའོ། །ལུས་ཀྱི་གནས་ལྔར་དཔའ་བོ་འབྲུ་ལྔ་བཀོད་དེ་དེའི་ཡེ་ཤེས་ཀྱི་འཕྲོ་འདུས་སྒོ་གསུམ་གྱི་བག་ཆགས་བསྲེགས་ཏེ། འབྱུང་བའི་སྒོ་དགག་པ་དང་སྐྱེ་བའི་རྒྱུན་གཅད་པའོ། །ཤེས་པ་ཧཱུཾ་དུ་གནས་པ་དེ་སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་བའོ། །ཕུང་པོ་མཆོད་སྦྱིན་དུ་བསྔོས་པ་དང་རྣམ་པར་ཤེས་པ་ཡེ་ཤེས་སུ་བྱས་པས་ཚོགས་གཉིས་རྫོགས་པའོ། །བདག་གཞན་འཁོར་བ་དང་ངན་སོང་གི་རྒྱུ་གསོག་པར་འགྱུར་རོ། །བདག་གིས་བསྒྲལ་བའི་ནུས་པའི་“ མཐུ་ཡོད་ལ། ཕ་རོལ་བསྒྲལ་བའི་འོས་སུ་སྣང་བ་ལ་མ་བསྒྲལ་ན། འགྲོ་བའི་དོན་ཡལ་བར་དོར་བས་ཐེག་པ་ཆེན་པོའི་གཞུང་དང་འགལ། སྤྱད་པར་བྱ་བའི་དམ་ཚིག་ཉམས་ཏེ་ཉེས་པའི་རྩ་བར་འགྱུར་རོ། །ཞེས་སློབ་དཔོན་ཀུན་དགའ་སྙིང་པོས་བཤད་དོ། །སློབ་དཔོན་སཱུརྱ་སིང་ཧས། རང་བཞིན་གྱི་སྦྱོར་སྒྲོལ་དང་། ཏིང་ངེ་འཛིན་དང་། དབང་པོ་ཡུལ་དུས་ཀྱི་དང་། ཐབས་ཆེན་པོའི་དང་། མངོན་དུ་བྱུང་བ་དང་། སྦྱོར་སྒྲོལ་བདག་ལ་རྫོགས་པ་དྲུག་དྲུག་ཏུ་བསྟན་ནོ། །རྫོགས་སོ། ། །

གསང་སྔགས་ཀྱི་སྒོར་ཞུགས་པའི་གང་ཟག་རྣམས་ཀྱི་རྒྱུད་ལ་ལམ་ཇི་ལྟར་སྐྱེ་བའི་ཚུལ་བསྟན་པ་ནི། སྤྱིར་ཐེག་པ་ཆེན་པོའི་ལམ་གྱི་དངོས་པོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ཡིན་ཡང་། གསང་སྔགས་ཀྱི་གཞུང་ཕལ་མོ་ཆེ་ནས། ལམ་གྱི་དངོས་པོ་བསྙེན་སྒྲུབ་ཀྱི་བྱེ་བྲག་ཡིན་པར་གྲགས་ཏེ། དེ་བས་ཀྱང་གངས་སྔགས་ཀྱི་སྒོ་ནི། ཐབས་མང་ཞིང་ཡངས་པ་ཡིན་ཡང་། བསྙེན་སྒྲུབ་ཀྱི་མཚན་ཉིད་དུ་བསྡུ་རུ་རུང་ངོ་། །ལམ་དེ་ཡང་མདོར་བསྡུས་ཏེ་ཤེས་པར་བྱ་ན། ལམ་གྱི་མཚན་ཉིད་དང་། ལམ་གྱི་གོ་རིམ་དང་། ལམ་སྐྱེ་བའི་ཚུལ་རྣམས་ཤེས་པས་ཐམས་ཅད་བསྡུས་སོ། །དེ་ལ་ལམ་གྱི་མཚན་ཉིད་ནི། བསྙེན་སྒྲུབ་ཀྱི་བྱེ་བྲག་ཡིན་ཏེ། དེ་ཡང་ཁ་ཅིག་ལས་ཡན་ལག་བཞིར་གྲགས་ཏེ། འདི་ལྟར་བསྙེན་པ་དང་ཉེ་བའི་བསྙེན་པ་དང་། བསྒྲུབ་པ་དང་བསྒྲུབ་པ་ཆེན་པོའོ། །ཁ་ཅིག་ལས་གསུམ་དུ་གྲགས་ཏེ། བསྙེན་པ་དང་བསྒྲུབ་པ་དང་བསྒྲུབ་པ་ཆེན་པོ་མཚན་ཐོག་ཐེག་པའོ། །ཁ་ཅིག་ལས་གཉིས་སུ་གྲགས་ཏེ། བསྙེན་པ་དང་བསྒྲུབ་པའོ། །ཁ་ཅིག་ལས་དངོས་གྲུབ་ཕྲ་མོ། ཁ་ཅིག་ལས་བསྙེན་སྒྲུབ་གོ་ཆུ་རུག་ཀྱང་འབྱུང་ངོ་། །ཁ་ཅིག་ལས་བསྒྲུབ་པའི་བྱེ་བྲག་ཏུ་མིང་གྲགས་ཏེ། བསྒྲུབ་པ་དང་། རྗེས་སུ་བསྒྲུབ་པ་དང་། ཉེ་བར་བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོ་ལ་སོགས་སུ་ཕྱེ་བ་དང་། དེ་བཞིན་དུ་སྦྱོར་བ་དང་། རྗེས་སུ་སྦྱོར་བ་དང་། རབ་ཏུ་སྦྱོར་བ་དང་། རྣལ་འབྱོར་ཆེན་པོ་ལ་སོགས་པ། མིང་གི་སྒོ་གཞན་དང་གཞན་དུ་འདོད་པ་ཡང་ཡོད་དེ། སྤྱིར་སྦྱར་ན། བསྙེན་བསྒྲུབ་ཀྱི་ཡན་ལག་ལས་མི་འདའ་འོ། །

དེ་ཡང་ཐབས་ཀྱི་དངོས་གཞི་ནི། གནས་པ་གསུམ་གྱི་མཚན་ཉིད་ཡིན་ཏེ། འདི་ལྟར་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་སྡོམ་པ་ལ་གནས་པ་དང་། བཟླས་བརྗོད་དང་། བསམ་གཏན་ལ་གནས་པའོ། །དེ་དག་གི་ཡུལ་ཡང་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་རྣམ་པ་གསུམ་ཡིན་ཏེ། ཕྱག་རྒྱ་ཐམས་ཅད་མདོར་བསྡུས་པའི་མཚན་ཉིད་ཡིན་ནོ། །གནས་སོ་གསུམ་པོ་དེ་དག་རེ་རེའི་ཡུལ་དུ་ཡང་། སྐུ་གསུང་ཐུགས་གསུམ་ཀ་ཚང་བར་འགྱུར་མོད་ཀྱི། རེ་ཤིག་སྤྱིའི་དབང་དུ་ན། དཀའ་ཐུབ་དང་བརྟུལ་ཞུགས་ནི། ལུས་སྡུག་བསྔལ་སྤྱད་པ་དང་། རྣམ་པར་འགྱུར་བའི་མཚན་ཉིད་པས། ལུས་ཀྱི་བདེན་པའི་བྱིན་རླབས་ཉེ་བར་བསྒྲུབ་པའོ། །བཟླས་བརྗོད་ནི། ཆོས་ཀྱི་ཕྱག་རྒྱར་བརྗོད་པའི་དབང་དུ་གསུངས་པས། ངག་གི་བདེན་པའི་བྱིན་རླབས་འབྱུང་བར་བྱེད་པའི་མཚན་ཉིད་དེ། བསམ་གཏན་ནི་རྣམ་པར་རྟོག་པའི་བདག་ཉིད་པས། སེམས་ཀྱི་བདེན་པའི་བྱིན་རླབས་མྱོང་བར་བྱེད་པའི་བདག་ཉིད་དོ། །བྱིན་རླབས་དེ་དག་རེ་རེ་ལ་ཡང་། སྐྱེས་བུའི་རྩོལ་བའི་ནུས་མཐུ་དང་། རྒྱལ་བའི་བྱིན་རླབས་ཏེ། གཉིས་གཉིས་དང་ལྡན་པར་ཤེས་པར་བྱའོ། །དེ་ཡང་ལུས་ཀྱི་སྡུག་བསྔལ་དང་རྣམ་པར་བསྒྱུར་བ་རབ་འབྲིང་ཐ་གསུམ་དུ་སྤྱད་པ་ལས། འབྲས་བུ་རབ་འབྲིང་གསུམ་དུ་འགྱུར་བའི་ནུས་པ་ཡོད་པ་ནི། སྐྱེས་བུའི་རྩོལ་བའི་བྱིན་རླབས་སོ། །དེ་ལྟར་སྣོད་དུ་རུང་བའི་ལུས་ལ། ཆུ་དྭངས་པ་ལ་ཉི་ཟླའི་གཟུགས་བརྙན་འབྱུང་བ་བཞིན་དུ་རྒྱལ་བའི་བྱིན་རླབས་ཀྱིས་ཀྱང་བསྲངས་ཏེ་འབྱུང་བ་སྟེ། དེ་ལྟར་རྣམ་པ་གཉིས་ཚང་བ་ན་ལུས་ཀྱི་བྱ་བས་དངོས་གྲུབ་འབྱུང་བའི་ཚད་དུ་གྱུར་པ་ཡིན་ནོ། །བཟླས་བརྗོད་བྱེད་པའི་དུས་ན། མང་དུ་བཟླས་ཤིང་དག་པར་བཟླས་པའི་མཐུས། ངག་བདེན་པ་འཐོབ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་འབྲས་བུ་འབྱིན་པར་ནུས་པ་ན། དངོས་གྲུབ་འབྱུང་བའི་དུས་ཡིན་ཏེ། དེའི་ཚེ་རྒྱལ་བའི་བྱིན་རླབས་ཀྱིས་ཀྱང་སྟོངས་བྱེད་པར་འགྱུར་ཏེ། དེ་ལྟར་བྱིན་རླབས་རྣམ་པ་གཉིས་ཡིན་ནོ། །བསམ་གཏན་གྱི་བྱིན་རླབས་ནི། འདི་ལྟར་བསམ་གཏན་གྱི་ཡུལ་གང་ཞིག ཡིད་ལ་བྱས་པའི་ཡུལ་དེ་ཡང་དང་ཡང་དུ་ཞེན་ཅིང་། ནུས་པ་བརྟན་པར་བྱས་པས་མངོན་དུ་གྱུར་པའི་ཚེ། ཇི་ལྟར་ཕྱི་རོལ་གྱི་ཁམས་དག་གིས་རྣམ་པར་ཤེས་པ་བསྐྱེད་ནུས་པ་དེ་བཞིན་དུ། བསམ་གཏན་གྱི་ཡུལ་གྱིས་རྣམ་པར་ཤེས་པ་སྐྱེད་ནུས་པ་ན། བསམ་གཏན་གྱི་དངོས་གྲུབ་གྲུབ་པའི་ཚད་དུ་གྱུར་པ་ཡིན་ཏེ། དེ་ནི་སྐྱེས་བུ་རྩོལ་བའི་བྱིན་རླབས་ལ། དེའི་ཚེ་རྒྱལ་བའི་བྱིན་རླབས་ཀྱིས་ཀྱང་། ཡོན་ཏན་ཁྱད་པར་ཅན་གྱི་གནས་ཀྱིས་བྱིན་གྱིས་རློབ་པར་འགྱུར་ཏེ། དེ་བས་ན་རལ་གྲི་ལ་སོགས་པའི་རྫས་ཤིག་གྲུབ་སྟེ། འབར་བ་དང་། དུ་བ་འབྱུང་བ་དང་ཚ་བར་གྱུར་པ་བྱུང་ན། དེའི་ཚེ་བྱིན་རླབས་རྣམ་པ་དྲུག་གི་མཐུས་བསྲངས་པར་ཤེས་པར་བྱའོ། །དེ་ལ་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་སྡོམ་པའི་ཡུལ། སྐུ་གསུང་ཐུགས་ཡིན་པ་ནི། དཀའ་ཐུབ་ཐམས་ཅད་ཀྱང་ལུས་ངག་ཡིད་གསུམ་གྱིས་བསྡུས་པ་ཡིན་ལ། །བརྟུལ་ཞུགས་ཐམས་ཅད་ཀྱང་ལྷའི་སྐུ་གསུང་ཐུགས་ཀྱི་བརྟུལ་ཞུགས་ཡིན་ཏེ། དེ་བས་ན་དཀའ་ཐུབ་ཀྱིས་དག་པར་བྱས་པའི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་པ་ཡིན་པས། སྡོམ་པའི་ཡུལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་གསུམ་ཡིན་ནོ། །བཟླས་བརྗོད་ཀྱི་ཡུལ་ཡང་དེ་རྣམས་ཡིན་ཏེ། དམིགས་པ་དང་ཡན་ལག་ཏུ་བཅས་པའི་བཟླས་བརྗོད་ལ། དམིགས་པར་བྱ་བ་ཡང་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིན་ལ། བདག་ཀྱང་ཕྱག་རྒྱ་དེས་བཏབ་པའི་ཕྱིར་ཡུལ་དེ་ལས་མི་འདའོ། །དེ་བཞིན་དུ་བསམ་གཏན་གྱི་ཡུལ་ཡང་དེ་རྣམས་ཉིད་ཡིན་ཏེ། འདི་ལྟར་བསམ་གཏན་ནི། རྟོག་པ་དང་དཔྱོད་པ་དང་། སེམས་རྩེ་གཅིག་པ་ལ་སོགས་པའི་ཡན་ལག་གི་མཚན་ཉིད་ཡིན་ལ། བརྟག་ཅིང་དཔྱད་པར་བྱ་བ་དང་། སེམས་རྩེ་གཅིག་ཏུ་བྱ་བའི་ཡུལ་ཡང་། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམ་གསུམ་ཡིན་ཏེ། དེ་བས་ན་གཞུང་དག་ལས། རྣལ་འབྱོར་པའི་སྤྱོད་པའི་ཁྱད་པར་ནི། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་རྣམ་པ་གསུམ་ཡིན་ནོ། །ཞེས་གསུངས་པ་དང་། གཞི་དང་ལམ་དང་འབྲས་བུའི་ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་འདུས་པས། རྣལ་འབྱོར་གྱི་ཆོས་ནི་སྐུ་གསུང་ཐུགས་ཙམ་མོ། །ཞེས་ཀྱང་གསུངས་སོ། །དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཐབས་ཀྱི་ཆོ་ག་ནི་ཕྱག་རྒྱ་རྣམ་པ་གསུམ་ཡིན་ནོ། །ཞེས་གསུངས་པ་དང་། ཕྱག་རྒྱ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱིས་བསྡུའོ་ཞེས་ཀྱང་གྲགས་སོ། །དེ་ལ་སྡོམ་པ་དང་བཟླས་བརྗོད་དང་། བསམ་གཏན་གསུམ་གྱིས་བསྒྲུབ་པའི་འབྲས་བུའི་མཚན་ཉིད་ཀྱང་ཐོབ་པ་གསུམ་ཡིན་ཏེ། འདི་ལྟར་དངོས་གྲུབ་ཐོབ་པ་དང་། རྣལ་འབྱོར་ཐོབ་པ་དང་། ཐར་པ་ཐོབ་པའོ། །ཐོབ་པ་དེ་དག་རེ་རེ་ལ་ཡང་། ས་བོན་ཐོབ་པ་དང་། མངོན་དུ་གྱུར་བ་ཐོབ་པའི་བྱེ་བྲག་གིས། རྣམ་པ་དྲུག་ཡིན་ཏེ། དེ་ལས་ཐར་པའི་འབྲས་བུ་མངོན་དུ་གྱུར་པ་ཐོབ་པ་ནི། ཐབས་ཀྱི་འབྲས་བུ་ཡིན་ཏེ། འདི་ནི་འབྲས་བུའི་མཚན་ཉིད་ཁོ་ན་ཡིན་གྱི་ལམ་གྱི་མཚན་ཉིད་མ་ཡིན་ནོ། །ལྷག་མ་ལྔ་ནི་གནས་པ་གསུམ་གྱི་ནི་འབྲས་བུ་ཡིན་ལ། ཐར་པ་མངོན་དུ་གྱུར་པའི་འབྲས་བུའི་རྟེན་ཡིན་པས། ལམ་གྱི་མཚན་ཉིད་དུ་སྦྱར་རོ། །དེ་བས་ན་འདི་ལྟར་འགྱུར་ཏེ། ཐར་པའི་འབྲས་བུ་མངོན་དུ་གྱུར་པ་ཉིད་ཐོབ་པར་བྱ་བ་ལ། དང་པོར་དངོས་གྲུབ་ཐོབ་པ་ལ་བརྟེན་ནས་ཐར་པ་བསྒྲུབ་པར་ཡང་བྱ། དེ་བཞིན་དུ་རྣལ་འབྱོར་ཐོབ་པ་ལ་རྟེན་ནས་ཀྱང་བསྒྲུབ་པར་བྱ། བྱང་ཆུབ་སེམས་ཀྱི་བདག་ཉིད་ཐར་པའི་ས་བོན་ཐོབ་པ་ལས་ཀྱང་བསྒྲུབ་པར་བྱ་སྟེ། དེ་དག་ཀྱང་གཅིག་གི་མཐུ་ལ་བརྟེན་ནས། གཅིག་འགྲུབ་པར་འགྱུར་བ་ཡིན་ཏེ། འོག་ཏུ་ལམ་གྱི་གོ་རིམ་གྱི་སྐབས་སུ་ཞིབ་ཏུ་སྟོན་ནོ། །རྟེན་རྣམ་པ་གསུམ་པོ་འདི་ཡང་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་ཀུན་ལས་ཐུན་མོང་དུ་འབྱུང་སྟེ། དེ་ཡང་བྱ་བའི་རྒྱུད་ལས་ནི་ཕལ་ཆེར། དང་པོར་དངོས་གྲུབ་ཐོབ་པ་ལ་བརྟེན་ནས་ཐར་པ་བསྒྲུབ་པར་གསུངས་ཀྱང་། སྒོ་སོ་སོ་ཡང་གསུངས་ཏེ། མེ་ལ་གནས་པའི་བསམ་གཏན་ལྟ་བུ་ནི། དངོས་གྲུབ་ཐོབ་པར་བྱེད་པར་གསུངས། སྒྲ་ལ་གནས་པའི་བསམ་གཏན་ལྟ་བུ་ནི་རྣལ་འབྱོར་ཐོབ་པར་བྱེད་པར་གསུངས། །སྒྲའི་མཐའ་ལ་གནས་པའི་བསམ་གཏན་ལྟ་བུ་ནི། ཐར་བ་ཐོབ་པར་བྱེད་པར་གསུངས་པ་ལྟ་བུའོ། །རྣལ་འབྱོར་ཕྱི་ནང་གི་རྒྱུད་ཕལ་མོ་ཆེ་ལས་ཀྱང་། དང་པོར་ཕྱག་རྒྱ་ཐམས་ཅད་ལ་ཡིད་འབྱོར་པའི་རྣལ་འབྱོར་གཙོར་བྱས་ནས་དེ་ལ་བརྟེན་ནས་དངོས་གྲུབ་དང་ཐར་བ་བསྒྲུབ་པར་གསུངས་པ་དང་། ཁ་ཅིག་ལས་བསམ་གཏན་གྱི་ཡུལ་དོན་གྱིས་ཕྱག་རྒྱར་འདུ་ཡང་། ཕྱག་རྒྱའི་རྣལ་འབྱོར་ཞེས་མ་སྨོས་པར་རྣལ་འབྱོར་གྱི་ཡན་ལག བསམ་གཏན་དང་དགུགས་ཅིང་གཏོང་བ་ལ་སོགས་པས་བསྡུས་པ། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལ་སོགས་པ་བརྟེན་ནས། དངོས་གྲུབ་དང་ཐར་པ་བསྒྲུབ་པར་གསུངས་ཀྱང་། རྒྱུད་དེ་དག་ཉིད་དུ་ཡང་རྡོ་རྗེ་ལ་སོགས་པའི་མཚན་མ་དང་། སྐུ་ལ་སོགས་པའི་རྫས་ལ་བརྟེན་ནས། དང་པོར་རིག་འཛིན་གྱི་དངོས་གྲུབ་ཐོབ་པར་བྱས་ཏེ། དེ་ལ་བརྟེན་ནས་ཐར་པ་ཐོབ་པར་བྱ་བ་ཡང་གསུངས་ལ། ཆོས་བདག་མེད་པའི་བློ་དང་། དེ་བཟླས་བརྗོད་དང་བསམ་གཏན་ལ་བརྟེན་ནས། དེ་ལམ་དེ་ཉིད་ལ་སྦྱར་བ་ཡང་གསུངས་སོ། །དེ་བས་ན་རྟེན་འདི་གསུམ་ནི།བྱ་བ་དང་། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་སྤྱིར་ཤེས་པར་བྱའོ། །དེ་དག་གི་སྤྱོད་པའི་གནས་སྐབས་ཀྱི་ཁྱད་པར་གྱིས་ནི། སྤྱོད་པ་རྣམ་པ་གསུམ་དུ་འགྱུར་ཏེ། འདི་ལྟར་འཇུག་པ་དང་སྦྱོར་བའི་སྤྱོད་པ་དང་། དངོས་གྲུབ་བསྒྲུབ་པའི་སྤྱོད་པ་དང་། གྲུབ་པའི་སྤྱོད་པའོ། །དེ་ལ་འཇུག་པའི་སྤྱོད་པ་ནི། དང་པོར་ཐེག་པ་ཆེན་པོ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ཡོངས་སུ་བཟུང་བ་དང་། དེས་བསྟན་པའི་གསང་བའི་ལམ་དུ་ཞུགས་ཏེ་དབང་ཐོབ་པར་བྱ་བ་དང་། དེའི་ཚེ་ཐེག་པ་ཆེན་པོའི་དམ་ཚིག་གི་སྡོམ་པ་ནོས་ཏེ་དམ་ཚིག་ཅན་དུ་བྱ་བ་དང་། དེ་ནས་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་ཐམས་ཅད་ཕྱིན་ཅི་མ་ལོག་པར་བསླབས་ཏེ་མན་ངག་ཅན་དུ་བྱ་བ་དང་། དེ་ནས་ཀྱང་སྤྲོ་བ་མི་ལྷོད་བརྩོན་པ་མི་འདོར་བར་ཇི་ལྟར་སྡོམ་པ་མནོས་པ་བཞིན་དུ་ཉམས་སུ་བླང་བར་བྱ་བ་ནི། དངོས་གྲུབ་ཀྱི་སྣོད་དུ་འགྱུར་བའི་ཡན་ལག་རྣམས་ཡིན་ནོ། །ཚུལ་འདི་ནི་བྱ་བའི་རྒྱུད་ལས་ཀྱང་འཇུག་པའི་ཡན་ལག་འདི་དག་ཀྱང་གསུངས་ནས། བྱང་ཆུབ་སེམས་དང་དེ་ཉིད་གསུམ། །གང་གིས་ཤེས་ན་དངོས་གྲུབ་སྣོད། །ཅེས་བྱ་བ་ལ་སོགས་པའང་གསུངས་སོ། །རྣལ་འབྱོར་གྱི་རྒྱུད་ལས་ཀྱང་། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང་། །དམ་ཚིག་རྣམ་པར་སྤངས་པ་ན། གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབ་པ་ཅི་ཡང་མི་འགྲུབ་བོ། །ཞེས་བྱ་བ་ལ་སོགས་པ་རྒྱུད་དང་སྒྲུབ་ཐབས་ཕལ་མོ་ཆེ་ནས། ཡན་ལག་འདི་དག་དང་པོར་འཇུག་པའི་རིམ་པར་སྨོས་པས་དེ་བཞིན་དུ་ཤེས་པར་བྱའོ། །དངོས་གྲུབ་སྒྲུབ་པའི་སྤྱོད་པ་ནི། བསྙེན་སྒྲུབ་ཀྱི་བྱེ་བྲག་སྟེ། དེ་ཡང་བསྙེན་པ་ནི། འདོད་པའི་དོན་ཐོབ་པར་བྱ་བ་ལ་བསྙེན་ཅིང་བསྟེན་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་བརྟེན་ནས་དེ་ཉིད་ལ་སྦྱངས་ཏེ་བསྙེན་པར་བྱེད་པའི་ཚུལ་ཡང་ཡོད། དུས་དང་གྲངས་དང་མཚན་མ་ལ་དམ་བཅས་ཏེ་བྱེད་པའི་ཚུལ་ཡང་ཡོད་དོ། །བསྒྲུབ་པ་ནི་འདོད་པའི་དོན་མངོན་དུ་སྒྲུབ་པར་བྱེད་པས་དེ་སྐད་ཅེས་བྱ་སྟེ། དེ་ཡང་རང་གི་ལུས་ཀྱི་བྱེ་བྲག་གམ། ཕྱི་རོལ་གྱི་མཚན་མ་ལ་སོགས་པའི་རྫས་ལ་བརྟེན་ནས་འདོད་པའི་དོན་སྒྲུབ་པར་བྱེད་པའམ། རང་གི་ཤེས་རབ་དང་ཏིང་ངེ་འཛིན་མངོན་དུ་གྱུར་བར་བྱས་ཏེ་སྒྲུབ་པའོ། །བསྙེན་སྒྲུབ་གསུམ་ལྟར་ན། ནུབ་ཐ་མ་ཐོག་ཐག་པ་ནི་བསྒྲུབ་པ་ཆེན་པོར་སྦྱར་རོ། །ཡན་ལག་བཞི་ལྟར་ན། བསྙེན་པ་ལེགས་པ་གཏིང་དུ་གྱུར་པ་ན་ཉེ་བར་བསྙེན་པ། བསྒྲུབ་པ་དངོས་གྲུབ་ལེན་ཀ་མ་ནི་བསྒྲུབ་པ་ཆེན་པོ་སྟེ། །དེ་ལྟར་ཡན་ལག་བཞིའོ། །བསྙེན་སྒྲུབ་ཀྱི་ཡན་ལག་འདི་རྣམས་ཀྱིས་ལམ་བསྡུས་པའི་ཚད་ནི། ལས་དང་པོ་པའི་རྣལ་འབྱོར་ནས་བཟུང་སྟེ། སངས་རྒྱས་ཀྱི་ས་ལ་ཐུག་གི་བར་དུ། ལམ་ཐམས་ཅད་བསྡུས་པའང་ཡིན་ལ། ཐུན་མོང་གི་དངོས་གྲུབ་ཆེན་པོ་གཅིག་ལྟ་བུ་ལ། བསྙེན་སྒྲུབ་ཀྱི་ཡན་ལག་ཚང་བར་སྦྱོར་བའི་སྐབས་ཀྱང་ཡོད་དེ། མདོར་ན་སེམས་དཔས་འཕངས་གཅིག་གིས་བསྡུས་པའི་ཏིང་ངེ་འཛིན་ལ་ཡན་ལག་རྫོགས་པར་སྟོན་པས། ཐམས་ཅད་བསྙེན་བསྒྲུབ་ཀྱིས་བསྡུས་པར་སྟོན་ཏོ། །བསྙེན་སྒྲུབ་ཀྱི་ཡུལ་ཡང་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་གསུམ་ཡིན་ལ། རྟེན་གཞི་ཡང་དཀའ་ཐུབ་ལ་སྩོགས་པ་གནས་པ་གསུམ་གྱི་མཚན་ཉིད་ཡིན་ནོ། །འབྲས་བུ་ཡང་ཐོབ་པ་གསུམ་ཡིན་ཏེ། དེ་བས་ན་ལམ་གྱི་དངོས་པོ་ནི་བསྙེན་སྒྲུབ་ཀྱིས་བསྡུས་སོ་ཞེས་བཤད་དོ། །དེ་དག་ནི་ལམ་གྱི་མཚན་ཉིད་བསྟན་པའོ། །

ད་ནི་ལམ་གྱི་གོ་རིམ་བསྟན་པར་བྱ་སྟེ། དེ་ལ་ཁ་ཅིག་ནི་དང་པོར་དངོས་གྲུབ་ཐོབ་པར་བྱས་ཏེ། དེས་ལས་ཀྱི་རྣམ་པར་སྨིན་པ་བཟློག་ཅིང་། ཚེ་ལ་དབང་ཐོབ་པར་བྱས་ནས་སངས་རྒྱས་ཞལ་མཐོང་བའི་སྐལ་པ་དང་ལྡན་པར་བྱས་ཏེ། ཅུང་ཟད་ཅིག་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་འབྱོར་བའི་ལོངས་སྤྱོད་ལ་བརྩེ་ཞིང་ངལ་གསོ་སྟེ། དེ་ནས་མཐོང་བའི་ཚེ་དེ་ཉིད་དམ་སྐྱེ་བ་གཞན་ལ་སངས་རྒྱས་ཀྱི་ཞིང་དུ་སོང་ནས། སངས་རྒྱས་རྣམས་ཀྱི་ཞལ་མཐོང་ཞིང་། མཉམ་པ་མེད་པའི་ཆོས་ཐོས་ཏེ། དེའི་དབང་གིས་རང་གི་རྒྱུད་ལ་ཤེས་རབ་དང་ཏིང་ངེ་འཛིན་ཁྱད་པར་ཅན་བསྐྱེད་དེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་དེ། །དེ་ནི་གང་དག་འཁོར་བའི་སྡུག་བསྔལ་གྱིས་ཉེན་ནས་སྡུག་བསྔལ་དེ་དག་མི་མྱོང་བར་བྱ་བ་དང་། བདེ་བའི་ལོངས་སྤྱོད་ལ་ཅུང་ཟད་ངལ་གསོ་བར་བྱ་བ་དང་། མྱུར་དུ་ཕན་པར་བྱ་བའི་ཕྱིར་སྤྱོད་དེ། དེས་ན་དཔེར་ན་ཉན་ཐོས་དག་འཁོར་བའི་སྡུག་བསྔལ་གྱི་སྐྱོ་ནས་བདག་མྱུར་དུ་ཐར་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དམིགས་པ་དང་བཅས་པའི་ས་ལ་གནས་པའི་ཡེ་ཤེས་དང་། མི་ལྕོགས་པ་མེད་པའི་བསམ་གཏན་ལ་བརྟེན་ནས། ལས་ཀྱི་ཚེ་བཀག་པ་དང་། སངས་རྒྱས་ཀྱི་ཞལ་མཐོང་བའི་སྐལ་པ་ཅན་དུ་བྱས་ཏེ། རང་གི་འབྲས་བུ་ཐོབ་པར་བྱས་ནས། ཅུང་ཟད་ཅིག་མཐོང་བའི་ཆོས་ལ་བདེ་བར་གནས་ཏེ། མཐར་སངས་རྒྱས་ཀྱིས་བསྐུལ་ནས། ཐེག་པ་ཆེན་པོའི་སེམས་བསྐྱེད་དེ། རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ལ་སྦྱོར་བར་གསུངས་པ་དང་ཚུལ་ཆ་མཐུན་པ་ཡིན་ནོ། །ཁ་ཅིག་ནི་དང་པོར་རྣལ་འབྱོར་ཐོབ་པར་བྱས་ནས། དེའི་མཐུས་རིག་འཛིན་གྱི་དངོས་གྲུབ་ཀྱང་ཐོབ་པར་བྱས་ཏེ། དེ་ཉིད་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཚུལ་ཡང་ཡོད་དེ། དེ་ནི་དཔེར་ན་རང་སངས་རྒྱས་དག །བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པའི་ཡེ་ཤེས་དང་ཏིང་ངེ་འཛིན་གྱིས། ལས་ཀྱི་ཚེ་རྣམ་པར་སྦྱོང་བའི་མཐུ་ཁྱད་པར་ཅན་ཐོབ་པར་བྱས་ནས། དེ་བཞིན་དུ་སངས་རྒྱས་ཀྱིས་བསྐུལ་ཏེ། ཐེག་པ་ཆེན་པོར་སེམས་བསྐྱེད་ནས་བླ་ན་མེད་པའི་བྱང་ཆུབ་ལ་རིམ་གྱིས་སྦྱོར་བར་བྱེད་པར་གསུངས་པ་དང་ཚུལ་ཆ་མཐུན་པ་ཡིན་ནོ། །ཁ་ཅིག་ནི་དང་པོ་ཉིད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེའི་སྙིང་སྟོབས་ཆེན་པོ་ཉེ་བར་བཟུང་སྟེ། ཤེས་རབ་དང་སྙིང་རྗེ་ལྡན་པའི་ཏིང་ངེ་འཛིན་བྱང་ཆུབ་ཆེན་པོར་འཕགས་པའི་ཤུགས་དེ་ཉིད་ལ་གོམས་པར་བྱེད་ཅིང་། དེ་ཉིད་ལ་གོམས་པར་སྦྱོར་བའི་སྟོབས་ཀྱིས། རིག་འཛིན་གྱི་ས་ཡང་ཐོབ་པར་བྱེད་ཅིང་། བྱང་ཆུབ་ཆེན་པོར་ཡང་སྦྱོར་བར་བྱེད་དེ། དེ་ནི་དཔེར་ན་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། སྙིང་སྟོབས་ཆེན་པོ་ཉེ་བར་བཟུང་སྟེ། ལས་ཀྱི་ཚེ་བསྐྱེད་པ་ལ་མོས་པར་བྱས་ནས། ཤེས་བྱ་ལ་ཡེ་ཤེས་བསྐྱེད་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱིས། དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའི་ས་ཐོབ་པར་བྱེད་ཅིང་བླ་ན་མེད་པའི་བྱང་ཆུབ་ཀྱང་ཐོབ་པར་བྱེད་པར་གསུངས་པའི་ཚུལ་དང་ཆ་མཐུན་པ་ཡིན་ནོ། །དངོས་གྲུབ་ཐོབ་པ་དེ་དག་ཀྱང་། མཐོང་བའི་ཆོས་ལ་ཐོབ་པ་དང་། བར་མ་དོའི་སྲིད་པ་ལ་ཐོབ་པ་དང་། སྐྱེས་ནས་ཐོབ་པ་དང་། ལན་གྲངས་གཞན་ལ་ཐོབ་པ་ཡང་ཡོད་པར་ཤེས་པར་བྱའོ། །དེ་ལ་ཡང་ཐུན་མོང་གི་དངོས་གྲུབ་ཏུ་གཏོགས་པའི་བྱེ་བྲག་རིག་འཛིན་གྱི་ས་ཐོབ་ནས། ཕྱིར་ལྡོག་པར་འགྱུར་བའི་ཉེས་པ་ཡང་སྲིད་དེ། དེ་ནི་བྱང་ཆུབ་ཀྱི་སྙིང་སྟོབས་ཞན་པ་དང་། དེ་བཞིན་དུ་སྨོན་ལམ་ཞན་པ་དང་། དངོས་གྲུབ་ཀྱི་དྲེག་པས་མྱོས་པར་འགྱུར་ཏེ། བག་མེད་པར་གྱུར་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་ལས་འབྱུང་ངོ་། །མཆོག་གི་དངོས་གྲུབ་ཏུ་གཏོགས་པའི་རིག་འཛིན་ཐོབ་ནས་ནི་ཕྱིར་ལྡོག་པ་མེད་དོ། །དེ་བས་ན་ཐོབ་པ་གསུམ་ནི་འབྲས་བུའི་རྟེན་དུ་གྱུར་པ་ཡིན་ནོ། །དེ་ལས་གྲུབ་པའི་སྤྱོད་པར་གསུངས་པ་དངོས་གྲུབ་ཐོབ་པ་རྣམས་ཀྱི་སྤྱོད་པ་བདག་དང་གཞན་གྱི་དོན་མངོན་དུ་བྱེད་པ་ཡང་རྟེན་གྱི་ཁོངས་སུ་འདུའོ། །དངོས་གྲུབ་མ་ཐོབ་པ་རྣམས་ཀྱི་སྤྱོད་པ་ལས་རྣམ་པ་བཞིས་བདག་དང་གཞན་དོན་བྱེད་པ་ནི། མ་འོངས་པར་དངོས་གྲུབ་དང་བྱང་ཆུབ་ཐོབ་པའི་སྐལ་པ་ཅན་དུ་གྱུར་པའི་རིགས་སོ། །

ད་ནི་རྒྱུད་ལ་ལམ་ཇི་ལྟར་སྐྱེ་བའི་ཚུལ་བསྟན་པར་བྱ་སྟེ། དེ་ལ་ཐུན་མོང་གི་དངོས་གྲུབ་སྔོན་དུ་སོང་བའི་ལམ་ལ་ནི། དང་པོར་ཟག་པ་དང་བཅས་པའི་ལམ་གྱི་ཡོན་ཏན་ཐོབ་པར་བྱས་པའི་ཚེ། ཟག་པ་མེད་པའི་ས་བོན་བཞག་པ་རྣམས་ལ་བརྟེན་ནས། ཕྱིས་དེ་བཞིན་གཤེགས་པའི་ཞལ་མཐོང་སྟེ། མཉམ་པ་མེད་པའི་ཆོས་ཐོས་པ་ན་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་སྟེ། ཡེ་ཤེས་ཟག་པ་མེད་པ་རྒྱུད་ལ་སྐྱེའོ། །དེ་བས་ན་རིམ་གྱིས་རྒྱས་པར་འགྱུར་ཏེ། བྱང་ཆུབ་ཆེན་པོ་ལ་སྦྱོར་རོ། །རྣལ་འབྱོར་སྔོན་དུ་སོང་བ་རྣམས་ནི། བསྙེན་པའི་དུས་སུ་རྣལ་འབྱོར་གྱི་ཡན་ལག་རྣམས་ཐོབ་པར་བྱེད་པ་ནི། ཏིང་ངེ་འཛིན་དབང་དུ་གྱུར་པའི་དུས་སུ། ཤེས་བྱ་དང་ཤེས་པའི་མཚན་ཉིད་དུ་སྐྱེ་བའི་རྣམ་པར་རྟོག་པ་ཟད་པའམ་ཡེ་ཤེས་དང་པོ་སྐྱེ་སྟེ། ཟག་པ་མེད་པའི་སེམས་ཐོབ་བོ། །དེ་ཡན་ཆད་ནི་བསྙེན་པའི་ཁོངས་སུ་བསྡུའོ། །ཡེ་ཤེས་ཅུང་ཟད་ཐོབ་པའི་རྣལ་འབྱོར་པ་ཞེས་ཀྱང་གྲགས་སོ། །དེ་བས་ཤིན་ཏུ་གོམས་པར་བྱས་པ་དང་། ཉེ་བའི་བསྙེན་པའི་སྐབས་སུ། གཟུང་འཛིན་དང་བྲལ་བའི་ཡེ་ཤེས་བརྟན་པ་ཐོབ་སྟེ། དེ་ནི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པ་ཞེས་ཀྱང་བྱའོ། །དེ་ནས་བསྒྲུབ་པ་ལ་ཞུགས་ཏེ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་བདག་ཉིད་མངོན་དུ་གྱུར་པ་ཐོབ་སྟེ། ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཡང་ཐོབ་པས། དེ་ཡན་ཆད་ནི་ཡང་དག་པའི་ཡེ་ཤེས་མངོན་དུ་གྱུར་པའི་རྣལ་འབྱོར་པ་ཞེས་བྱའོ། །བསྒྲུབ་པ་ཆེན་པོ་ནི། ཡེ་ཤེས་རྡོ་རྗེ་ལྟ་བུ་ཐོབ་ནས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་མངོན་དུ་གྱུར་པ་ཉིད་ལ་བྱའོ། །དང་པོར་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་སྔོན་དུ་འགྲོ་བ་རྣམས་ཀྱི་ཚུལ་ལ་ནི། ལྷག་པར་བསྙེན་བསྒྲུབ་ཀྱི་རིམ་པ་གུད་དུ་ཕྱེ་བ་ཡང་མེད་དེ། སྤྱིར་དེ་ལས་མི་འདའ་བ་ཙམ་དུ་ཟད་དོ། །དེ་ལ་དང་པོ་ཉིད་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། ཆོས་ཐམས་ཅད་རྡོ་རྗེ་ལྟ་བུ་རྣམ་པ་གསུམ་གྱི་རང་བཞིན་དུ་དབྱེར་མེད་པར་རྟོགས་པར་བྱས་ནས། དེ་ཉིད་ལ་མ་ཡེངས་པར་ཡང་དང་ཡང་དུ་གོམས་པར་བྱས་པའི་དུས་ན། དང་པོ་གཟུང་འཛིན་དུ་སྣང་བའི་རྣམ་པར་རྟོག་པ་མ་ལོག་ཀྱང་། གཟུང་འཛིན་གྱི་དངོས་པོར་ཞེན་པའི་རྟོག་པ་ལྡོག་སྟེ། དེའི་སྟོབས་ཀྱིས་བདག་ཏུ་ལྟ་བའི་གནས་ལས་བྱུང་བའི་ཉོན་མོངས་པ་རྣམས་ཀྱང་མཐུ་ཆུང་བར་འགྱུར་ཏེ། ཡུལ་ཡིད་དུ་འོང་བའམ་མི་འོང་བ་སྣང་ཡང་། ཆགས་སྡང་སྟོབས་ཅན་མི་སྐྱེ་ལ། ཇི་ལྟར་སྣང་ཡང་དེའི་མཚན་ཉིད་དུ་ཞེན་པ་དྲག་པོའང་མི་སྐྱེ་སྟེ། འདི་ནི་བདག་ཏུ་ལྟ་བའི་གནས་རྣམས་སྨད་པའི་དྲོད་ཚད་དང་པོ་ཡིན་ནོ། །དེ་བཞིན་དུ་ཡང་ནས་ཡང་དུ་གོམས་པར་བྱས་པ་དང་། སྣང་བ་མ་ལོག་ཀྱང་སྣང་བ་ཐམས་ཅད་གཟུགས་བརྙན་དང་མཚུངས་པའི་བློ་འབྱུང་སྟེ། དེའི་ཚེ་ཉོན་མོངས་པ་མངོན་དུ་རྒྱུ་རྣམས་ཀྱང་རང་ཞི་བར་མཐོང་སྟེ། དེ་ནི་དྲོད་ཚད་གཉིས་པ་ཡིན་ནོ། །དེ་ནས་ཤིན་ཏུ་ཆེར་གོམས་པའི་སྟོབས་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཕྲ་མོ་ཙམ་སྐྱེ་བ་ཡང་ཉམས་སུ་མྱོང་བ་ཅུང་ཟད་ཙམ་དང་ལྡན་པར་ཚོར་བ་འབྱུང་སྟེ། འདི་ནི་དྲོད་ཚད་གསུམ་པ་ཡིན་ནོ། །དེ་ནས་ཤེས་རབ་དང་ཏིང་ངེ་འཛིན་དེ་དག་ཆེས་ཆེར་སྟོབས་སུ་གྱུར་ཏེ་དེའི་སྟོབས་ཀྱིས་རྟོག་པ་ཐམས་ཅད་རང་ཞི་སྟེ། གཟུང་འཛིན་གྱི་རྟོག་པ་ཕྲ་མོ་ཙམ་སྐྱེ་བ་ཡང་ཉམས་སུ་མྱོང་བ་མེད་པ་ན། སྣང་ཚོར་ཐམས་ཅད་དང་བྲལ་བ་ནི་བདེན་པའི་ལམ་ཞེས་བྱ་སྟེ། །ཟག་པ་མེད་པའི་ཡེ་ཤེས་དང་པོ་ཐོབ་པ་ཡིན་ནོ། །དེ་ཕན་ཆད་ཀྱང་དེ་བཞིན་དུ་ཡང་དང་ཡང་གོམས་པར་བྱས་པས། བག་ལ་ཉལ་རྣམས་ཀྱང་ཟད་པར་བྱེད་ཅིང་། ཆོས་ལ་དབང་བསྒྱུར་བ་ཐོབ་སྟེ། རིག་འཛིན་གྱི་གོ་འཕང་ཐོབ་པར་བྱེད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ས་ལ་ཡང་སྦྱོར་བར་བྱེད་དེ། འདི་ནི་ཟག་པ་མེད་པའི་ཡེ་ཤེས་སྐྱེ་བའི་ཚུལ་ཙམ་བརྗོད་པར་ཟད་དེ། འོན་ཀྱང་ཐོག་མ་ཉིད་དུ་ཤེས་རབ་དང་སྙིང་རྗེར་ལྡན་པའི་ཏིང་ངེ་འཛིན་གྱི་སྟོབས་སྐྱེས་ནས། ཚོགས་རྣམ་པ་གཉིས་དུས་གཅིག་ཏུ་རྫོགས་པར་བྱེད་ཅིང་། འབྲས་བུ་སྐུ་རྣམ་གཉིས་ཀྱང་ལྷུན་གྱིས་གྲུབ་པར་བྱེད་དོ། །ཚུལ་འདི་ལ་གང་ཟག་ཁ་ཅིག་ནི། ཐབས་དང་ཤེས་རབ་གཉིས་ཀྱང་རིམ་གྱིས་སྤེལ་མར་སྦྱོར་བར་བྱེད་དོ། །དེ་གོམས་པ་མཐར་ཕྱིན་ནས་མཇུག་ཏུ་དུས་གཅིག་ཏུ་སྦྱོར་བར་བྱེད་པ་ཡོད་དེ། དེ་ཡང་ཁ་ཅིག་ནི་དང་པོར་ཤེས་རབ་ལ་སྦྱངས་ཏེ། དེ་ནས་ཐབས་ལ་སྦྱངས་ནས། མཐར་གཉིས་སུ་མེད་པར་སྦྱོང་བར་བྱེད་དོ། །ཁ་ཅིག་ནི་དང་པོར་ཐབས་ལ་སྦྱངས་ཏེ། དེ་ནས་ཤེས་རབ་ལ་སྦྱངས་ནས་དེ་བཞིན་དུ་སྤེལ་མར་སྦྱངས་ཏེ། མཐར་གཉིས་སུ་མེད་པར་སྦྱོར་བར་བྱེད་དོ། །ཁ་ཅིག་ནི་ཐམས་ཅད་དུ་ཤེས་རབ་གཙོར་སྦྱངས་ཏེ། དེའི་དབང་ལས་ཐབས་ལྷུན་གྱིས་གྲུབ་བཞིན་དུ་འབྱུང་བར་བལྟས་ནས་སློབ་པར་བྱེད་དོ། །ཁ་ཅིག་ནི་ཐབས་ཀྱི་ཕྱག་རྒྱ་ལ་གཙོར་སྦྱངས་ཏེ། ཤེས་རབ་དེའི་མཚན་ཉིད་དུ་གནས་པར་རྟོགས་པར་བྱས་ནས་སློབ་པར་བྱེད་དོ། །དེ་ལས་དང་པོ་ཉིད་དུ་བསྟན་པའི་གཞུང་ནི་མཆོག་ཡིན་ཏེ་ཐོག་མ་ཉིད་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསླབ་པའི་ཚུལ་ཡིན་ནོ། །ལྷག་མ་རྣམས་ནི་དེའི་འོག་མ་ཡིན་ཏེ། རིམ་གྱིས་བསླབ་པ་དང་། རྗེས་ལྡན་དུ་བསླབ་པའི་ཚུལ་ཡིན་ནོ། །ཇི་སྐད་དུ་བསྟན་པའི་ཚུལ་དེ་དག་གིས་ནི། བསྐྱེད་པའི་ཚུལ་དང་རྫོགས་པའི་ཚུལ་གྱིས་བསྡུས་པ་ཐམས་ཅད་དོན་གྱིས་བསྡུས་པ་ཡིན་ནོ། །རྫོགས་པ་ཆེན་པོའི་ཚུལ་ནི་དེ་དག་ཐམས་ཅད་རྟིང་གཅོད་པའི་མན་ངག་ཡིན་ཏེ། ཐབས་ཀྱིས་དེ་ལྟར་སྤྱོད་ཅིང་སློབ་ཀྱང་། དོན་གྱི་ངོ་བོ་ཉིད་ནི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཟིན་ཏེ། གདོད་སྩོལ་དུ་མེད་པར་རྟོགས་པས་སྤྱོད་པ་ཐམས་ཅད་ཀྱང་སྒྱུ་མའི་རྩེད་མོ་ཙམ་ཡིན་པའི་ཕྱིར། །དོན་དུ་གཉེར་བའི་སྤང་བླང་མེད་པའི་གདིང་གིས་ཆོད་པར་བྱས་ཏེ་སྤྱད་དོ། །དེ་ནི་ཐེག་པ་ཐམས་ཅད་ཀྱི་རྩོལ་བས་གདུང་བའི་ནད་སེལ་བའི་སྨན་ཆེན་པོ་ཞེས་ཀྱང་བྱའོ། །དེ་ཉིད་ཀྱི་སྒོར་ལྷག་པར་འཇུག་པར་འདོད་པ་རྣམས་ཀྱིས་ནི། ལྟ་བ་ནི་གང་ལ་ཡང་མི་གནས། སྤྱོད་པ་ནི་གང་ཡང་དང་དུ་མི་ལེན་ཏེ། འོན་ཀྱང་ཐབས་རྒྱ་མཚོ་ཡང་བཀག་པ་མེད་པར་རྟོགས་ཤིང་། མི་ཡེངས་པའི་ཤེས་བཞིན་ཆེན་པོས། བཏང་སྙོམས་ཆེན་པོར་བཞག་པར་བྱའོ། །དེ་ལྟར་སྡུག་བསྔལ་ཉིད་བྱང་ཆུབ། རྣམ་པར་རྟོག་པ་ཉིད་ཡེ་ཤེས་ཡིན་པས། ལམ་དང་འབྲས་བུ་ལ་རྟེན་མི་འཆའོ། །འདི་དག་ཙམ་གྱིས་གསང་སྔགས་ཀྱི་གཞུང་མཐའ་དག་གི་ལམ་སྐྱེ་བའི་ཚུལ་མཐའ་དག་བསྡུས་པ་ཡིན་པ་ཤེས་པར་བྱའོ། །ལམ་གྱི་མཚན་ཉིད་རྫོགས་སོ། །དྷརྨ་བྷ་དྲས་མཛད་པའོ། །

ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་འདི་དག་ལ། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་དང་། མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་གྲུབ་མཐའ་མཐུན་པ་དང་མི་མཐུན་པ་རྣམས་མདོར་བསྡུས་ནས་བསྐྱུད་བྱང་དུ་བྱས་པ། དེ་ལ་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་དང་བྲལ་བར་འདོད་པ་དང་། ཀུན་རྫོབ་སྒྱུ་མ་ཙམ་དུ་འདོད་པ་སྤྱི་མཐུན་ནོ། །སྒྱུ་མ་ཙམ་དེ་ཉིད་སེམས་སྣང་བ་ཡིན་པར་འདོད་པ་རྣལ་འབྱོར་སྤྱོད་པ་དང་མཐུན། སེམས་ཀྱི་ཚུལ་ཇི་ལྟར་འདོད་པ་ནི་བྱང་ཆུབ་སེམས་དཔའ་གཅིག་པུར་སྨྲ་བ་དང་མཐུན། སྤྱོད་པས་སེམས་ཅན་གྱི་དོན་ཉམས་སུ་ལེན་པ་སྤྱིར་མཐུན། གྲུབ་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་གྲུབ་པར་འདོད་པ་ཡང་འདྲ་སྟེ། གངས་སྔགས་ཀྱི་ཚུལ་ལས་སངས་རྒྱས་ཀྱི་ས་གསུམ་དང་། ཀུན་ཏུ་འོད་དང་། བདུད་རྩི་འོད་ལ་སོགས་པ་སངས་རྒྱས་ཀྱི་ས་བཅུ་གཉིས་སུ་གསུངས་པའང་། མཚན་ཉིད་ལས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་དང། སངས་རྒྱས་ཀྱི་ཆོས་ལྔ་ཞེས་གསུངས་པ་མཚུངས་པར་ཤེས་པར་བྱའོ། །དེ་ལ་ཅུང་ཟད་མི་མཐུན་པ་ནི། བདེན་པ་གཉིས་དབྱེར་མེད་པའི་རང་བཞིན་དུ་འདོད་པ་དང་། ཀུན་རྫོབ་སྒྱུ་མ་ལྷའི་དལ་དུ་འདོད་པ་དང་། སེམས་ཀྱི་རང་བཞིན་རང་བྱུང་གི་ཡེ་ཤེས་སུ་འདོད་པ་དང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་འདོད་པས་མི་མཐུན་ནོ། །འོ་ན་མདོ་སྡེ་དག་ལས་སོ་སོ་སྐྱེ་བོའི་ཤེས་པ་ཟག་པ་མེད་པའི་སེམས་དང་ལྡན་པའོ་ཞེས་གསུངས་པ་དང་། འདི་སྐད་དུ། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་བཞིན། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་པ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་ཁམས་ཡོངས་སུ་མ་དག་པའི་འཇིག་རྟེན་འདི་ཉིད་ཀྱང་། བརྩོལ་བ་མེད་བཞིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་བཞིན་དུ་གསུངས་པ་ལྟ་བུ་དང་། གཞན་ཡང་འདི་སྐད་དུ། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་པ་ལྟ་བུ་དང་། གཞན་ལས། བདེན་གཉིས་ལྟ་བ་སྤྱོད་མཛད་དམ། །ཞེས་བྱ་བ་ལ་སོགས་གསུངས་པས་ན། མདོ་སྡེ་ལས་ཀྱང་། བདེན་པ་གཉིས་དབྱེར་མེད་པ་དང་། རང་བྱུང་ཡེ་ཤེས་འདོད་པ་དང་། མ་དག་པའི་ཞིང་ཁམས་ཀྱང་ཡོངས་སུ་དག་པའི་ཞིང་ཁམས་སུ་འདོད་པ་དང་། ཆོས་ཐམས་ཅད་སངས་རྒྱས་པར་འདོད་པའང་གསུངས་པས། ཇི་སྐད་དུ་བསྟན་པའི་ཁྱད་པར་དེ་དག་མེད་དོ་ཞེ་ན། དེ་ལྟར་གསུངས་པ་བདེན་མོད་ཀྱི། འོན་ཀྱང་ཁྱད་པར་འདི་དག་ནི་ཉན་ཐོས་དང་ཐུན་མོངས་དུ་གྲགས་པའི་གཞུང་ལས་བྱེ་བྲག་ཕྱེ་བར་ཟད་དེ། མདོ་སྡེ་ཟབ་མོ་རྣམས་ན་གསུངས་པ་དང་ཅུང་ཟད་སྒོ་མཐུན་པ་ནི་འདོད་པ་ཉིད་ཡིན་ཏེ། ཐེག་པའི་བྱེ་བྲག་ཐམས་ཅད་ཐམས་ཅད་དུ་ཐ་དད་པ་ནི་མེད་དེ། དཔེར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དང་། ཀུན་གཞིའི་རྣམ་པར་ཤེས་པ་ལྟ་བུ་ཐེག་པ་ཆེན་པོའི་ཁྱད་པར་གྱི་ཆོས་དག་ཀྱང་། ཉན་ཐོས་ཀྱི་ལུང་ལས་ས་བོན་ཙམ་གྲགས་པ་ལྟ་བུའོ། །འོ་ན་ཆོས་འདི་དག་སངས་རྒྱས་ཡིན་ན། འགྲོ་བ་རྣམས་ལ་ཅིའི་ཕྱིར་མི་སྣང་ཞེ་ན། དེ་ནི་སྒྲིབ་པ་མ་དག་པ་རྣམས་ལ་ཡོངས་སུ་དག་པར་མི་སྣང་བའི་ཕྱིར་ཏེ། དཔེར་ན་ཡི་དྭགས་རྣམས་ཀྱིས་ཆུ་ཀླུང་རྣག་ཏུ་མཐོང་བ་བཞིན་ནོ། །ཡང་དྲིས་པ། ཀུན་རྫོབ་ཇི་ལྟར་སྣང་སྣང་ཙམ་བདེན་པ་མ་ཡིན་ནམ། སྣང་བ་དེ་ཡང་རྣལ་འབྱོར་སྤྱོད་པའི་གཞུང་གིས། རང་རང་གི་སེམས་ཀྱི་རྣམ་པར་འདོད་པ་མ་ཡིན་ནམ། དེ་ལྟར་ན་རང་རང་གི་སྣང་བ་ཡིན་པའི་ཕྱིར། ཆུ་རྣག་ཏུ་མཐོང་བ་ཡང་མ་ཡིན་ལ། ཡོངས་སུ་དག་པའི་ཞིང་དང་སྤྱོད་ཡུལ་ལ། མ་དག་པའི་ཞིང་དང་སྤྱོད་ཡུལ་དུ་མཐོང་བ་ཡང་མ་ཡིན་ནོ། །གཞན་ཡང་ཇི་ལྟར་སྣང་སྣང་བདེན་པའི་ཕྱིར། །བདེན་པ་དང་བདེན་པ་མ་ཡིན་པའི་བྱེ་བྲག་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། གྲུབ་མཐའ་མི་མཐུན་པ་ཐམས་ཅད་ཀྱང་ཐུན་མོང་གི་མཐུན་སྣང་གཞིར་བྱས་ནས། དེ་མཚན་ཉིད་ཇི་ལྟ་བུ་ཡིན་པ་ལ་རྩོད་པར་བྱེད་དེ། འདི་ལྟར་ཡི་དྭགས་རྣམས་ཀྱིས་ཆུ་ཀླུང་ལ་རྣག་ཏུ་མཐོང་ཞེས་བརྗོད་པའི་ཚེ་ཡང། གནས་གཅིག་ན་དུས་གཅིག་ཏུ་རླན་ཞིང་གཤེར་བའི་མཚན་ཉིད་ཅན་གྱི་ཀླུང་ཆེན་པོ་འབབ་པར་སྣང་བ་མཐུན་པ་ལས། མི་རྣམས་ལ་ཆུར་སྣང་ལ་ཡི་དྭགས་རྣམས་ཐ་དད་པས་སྐྱོན་མེད་དོ། །དེ་བཞིན་དུ་དག་པ་དང་མ་དག་པའི་ཞིང་ཡང་། ལུས་དང་སྤྱོད་ཡུལ་དུ་སྣང་བ་མཐུན་པའི་ཕྱིར། གཞི་ཐ་དད་པའི་སྐྱོན་མེད་དོ། །སྣང་བ་ལ་རྣག་ཏུ་སྣང་བ་ཙམ། དེ་དག་ལ་བདེན་པ་དང་བདེན་པ་མ་ཡིན་པའི་བྱེ་བྲག་ཀྱང་ཡོད་དེ། གང་སྒྲིབ་པ་དང་བྲལ་བའི་ཤེས་པའི་སྤྱོད་ཡུལ་དུ་གྱུར་ཅིང་། དོན་ཆེན་པོ་བྱེད་པ་ལ་མི་བསླུ་བ་དང་ལྡན་པ་གང་ཡིན་པ་དེ་དག་ནི་སྣང་བ་ལ་འཁྲུལ་བའོ། །ཤེས་པ་མ་འཁྲུལ་བའི་སྣང་བའོ། །དེ་ལྟ་བས་ན་གསང་སྔགས་ཀྱི་གཞུང་ལས། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པ་ཡིན་ནོ། །ཞེས་གསུངས་པ་འདི་ཡང་དངོས་པོ་རྣམས་ཀྱི་མཚན་ཉིད་དུ་གྲུབ་པ་ཡིན་གྱི་གཉེན་པོའི་དོན་ཙམ་དུ་བསྟན་པ་དང་། གྲུབ་པ་ཅན་ལ་ལྷར་སྣང་བ་རྣམས་ཀྱང་། མི་སྡུག་པ་ལ་སོགས་པ་བཞིན་དུ་ཀུན་བརྟགས་པའམ། དབང་འབྱོར་པ་བཞིན་འདོད་པ་ནི་མ་ཡིན་ནོ། །རང་བྱུང་གི་ཡེ་ཤེས་ཀྱང་སེམས་རང་རིག་པ་ཙམ་ཡིན་པ་དང་། གཞན་རིག་པ་རྣམས་ཀྱང་འཁྲུལ་བ་ཡིན་པའི་ཕྱིར། དེ་བཞིན་ཡོད་པ་མ་ཡིན་པས། སེམས་ཡེ་ནས་དག་པའི་ཕྱིར་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པའི་ཚེ་ཡང་། །རང་རིག་པ་ཙམ་ལས་བོགས་དབྱུང་དུ་མེད་པའི་ཕྱིར་དང་། རང་རིག་པ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། རང་བྱུང་གི་ཡེ་ཤེས་སོ། །དྷརྨ་བྷ་དྲས་མཛད་པའོ། །

ཐེག་པ་མཐོ་དམན་གྱི་ལྟ་སྤྱོད་ཀྱི་བྱེ་བྲག་ལ། མདོར་བསྡུས་ན་འདི་ལྟར་ཤེས་པར་བྱ་སྟེ། ལུས་དང་ངག་དང་ཡིད་ཀྱིས་བསྡུས་པའི་ལུས་དང་གནས་དང་སྤྱོད་ཡུལ་དུ་སྣང་བ་འདི་ལ་བརྟེན་ནས་ལྟ་བ་སྣ་ཚོགས་འཇོག་སྟེ། འོན་ཀྱང་སྣང་ངམ་མི་སྣང་ཞེས་ནི། གཞུང་སྣ་ཚོགས་པ་འཛིན་པའི་གང་ཟག་ཀྱང་རུང་། ལས་དང་པོ་པ་ནས་ས་བཅུ་པའི་བར་དུ་གྱུར་ཀྱང་། འདི་ལ་རྩོད་པར་ནི་མི་བྱེད་དེ། གང་གི་ཕྱིར་མངོན་སུམ་དུ་སྣང་བ་ལ་སྒྲོ་སྐུར་མེད་དེ། དེའི་ཕྱིར་འདི་ལ་རྩོད་པ་རྣམས་ནི་སྣང་བའི་མཚན་ཉིད་ཇི་ལྟར་ཡིན་པ་ལས་འབྱུང་སྟེ། དེ་ཡང་མདོར་བསྡུ་ན་རྣམ་པ་ལྔ་སྟེ། དེ་ལ་དང་པོ་དཔེ་བརྗོད་པ། དཔེར་ན། སྦྲུལ་ནག་པོའི་གཟུགས་བརྙན་ཆུའི་ནང་དུ་སྣང་བ་ལས། །གང་ཟག་ཁ་ཅིག་ནི་སྦྲུལ་ཉིད་དུ་མངོན་པར་ཞེན་ཏེ། སྐྲག་ནས་སྤོང་བར་བྱེད་དོ། །ཁ་ཅིག་ནི་སྦྲུལ་གྱི་གཟུགས་བརྙན་དུ་ཤེས་ཏེ། ཡང་དག་པའི་སྦྲུལ་མ་ཡིན་པར་ཤེས་ཀྱང་། གཟུགས་བརྙན་ལ་ཡང་གནོད་པའི་བྱ་བ་བྱེད་པའི་ནུས་པ་ཡོད་པར་མཐོང་ནས། ཐབས་ཀྱིས་གཉེན་པོ་བརྟེན་པའི་རྩོལ་བ་བྱེད་པའོ། །ཁ་ཅིག་ནི་གཟུགས་བརྙན་དུ་ཤེས་པས། རྟེན་གྱི་འབྱུང་བ་ཆེན་པོ་མེད་པའི་ཕྱིར། བྱ་བ་བྱེད་པའི་ནུས་པ་ནི་མེད་པར་ཤེས། འོན་ཀྱང་སྔོན་བྲེད་པའི་ཤུགས་ཀྱིས་དེ་ལ་རེག་ཅིང་རྫི་བར་མི་ནུས་སོ། །ཁ་ཅིག་ནི་གཟུགས་བརྙན་ཡིན་པས་བྱ་བ་བྱེད་ནུས་པ་མེད་པར་རྟོགས་ནས། །ཉམས་ང་བའི་ཡིད་མྱུར་དུ་དབྲལ་བའི་ཕྱིར། བརྟུལ་ཤུགས་ཀྱིས་རེག་ཅིང་རྫི་བར་བྱེད་དོ། །ཁ་ཅིག་གཟུགས་བརྙན་དུ་ཤེས་པས་སྤང་བ་དང་བླང་བའི་བློ་མི་འབྱུང་སྟེ་ཅིར་ཡང་མི་རྩོལ་ལོ། །དེ་བཞིན་དུ་ཐེག་པ་རྣམས་ཀྱི་གྲུབ་མཐའ་ཡང་དོན་དེ་དང་འདྲ་སྟེ། དེ་ལ་དང་པོ་ནི་ཉན་ཐོས་པའི་ཚུལ་ཡིན་ཏེ། །འདི་ལྟར་སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་འདི་དག་ཀུན་རྫོབ་ཏུ་ཡང་ཡོད། དོན་དམ་པར་ཡང་ཡོད་ལ་དེ་ཡང་རྫས་ཉིད་དུ་ཡོད་པར་འདོད་པས། དེའི་དབང་གིས་ཡང་དག་པར་བལྟས་ཏེ་བླང་དོར་བྱེད་པ་ནི། སྦྲུལ་གྱི་གཟུགས་བརྙན་ལ་དངོས་ཉིད་དུ་མཐོང་ནས་སྤོང་བ་དང་འདྲའོ། །ཚུལ་འདི་ལ་ནི་ཡོད་པ་རྣམས་པ་བཞིར་གྲགས་པ་ལས། དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་ཡོད་པ་དང་། དེ་གཉི་ག་ཡང་རྫས་སུ་ཡོད་པ་ཞེས་བྱ་བ་གསུམ་དང་ལྡན་པ་ཡིན་ནོ། །དཔེ་གཉིས་པ་ནི། ཐེག་པ་ཆེན་པོ་དབུ་མ་པ་ཡིན་ཏེ། སྣང་བ་འདི་དག་ཡང་དག་པར་རྫས་སུ་གྲུབ་པ་མེད་པས་སྒྱུ་མ་ལྟ་བུ་ཡིན་ནོ། །འོན་ཀྱང་དུག་སྒྱུ་མས་བྱ་བ་བྱེད་ནུས་པ་བཞིན་དུ། ཀུན་ནས་ཉོན་མོངས་པའི་ཆོས་སྒྱུ་མ་ལྟ་བུ་འདི་དག་ཀྱང་ཐབས་ཀྱིས་མ་ཟིན་ན་ནི་གནོད་པའི་བྱ་བ་བྱེད་ལ། ཟིན་ན་ཕན་པའི་བྱ་བ་ཡང་བྱེད་པས། ཀུན་རྫོབ་ཏུ་རྫས་སུ་ཡོད་པའི་ཕྱིར། བླང་དོར་བྱ་བར་འདོད་དེ། དེ་ནི་སྦྲུལ་གྱི་གཟུགས་བརྙན་ཡིན་ཡང་བྱ་བ་བྱེད་པའི་རྫས་ཡོད་པར་འདོད་པ་ལྟ་བུའོ། །ཚུལ་འདི་ལ་ནི་ཡོད་པ་རྣམས་པ་བཞི་ལས། དོན་དམ་པར་ཡོད་པ་ཞེས་བྱ་བ་འདི་ནི་འགོག་གོ །ཀུན་རྫོབ་ཏུ་ཡོད་པ་ཞེས་བྱ་བ་དང་། བཏགས་སུ་ཡོད་པ་ཞེས་བྱ་བ་དང་ལྡན་པ་ཡིན་ནོ། །དཔེ་གསུམ་པ་ནི་བྱ་བ་དང་རྣལ་འབྱོར་ཕྱི་པ་ཐུབ་པ་རྒྱུད་ཡིན་ཏེ། སྣང་བའི་ཆོས་འདི་དག་སྒྱུ་མ་ལྟ་བུ་ཡིན་པས་རྫས་གང་ཡང་མེད་དེ། ཉེས་སྐྱོན་མེད་ན་ཡང་སྔོན་གྱི་སྐྲག་པའི་ཤུགས་ཀྱིས་སྤྱོད་མི་ཕོད་དེ། དཔའ་བོ་གཞན་ལ་བསྐུལ་ནི་ནུས་སོ། །དེ་ནི་སྦྲུལ་གྱི་གཟུགས་བརྙན་ལ་སྐྱོན་མེད་པར་ཤེས་ཀྱང་རེག་པར་མི་ནུས་པ་དང་འདྲ་སྟེ། ཚུལ་འདི་ལ་ནི་ཡོད་པ་རྣམ་པ་བཞི་ལས་དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་རྫས་སུ་ཡོད་པ་དང་ཞེས་བྱ་བ་ནི་འགོག་གོ། །ཀུན་རྫོབ་ཏུ་བཏགས་པའི་ཡོད་པ་ནི་ཡོད་དེ། ཐུན་མོང་གི་བདེན་པ་གཉིས་ཚུལ་འདི་ཙམ་འདོད་པའི་སྟེང་དུ། ཀུན་རྫོབ་ཏུ་རྫས་སུ་མེད་པར་ཤེས། དོན་དམ་པ་དང་ཀུན་རྫོབ་དབྱེར་མེད་པར་རྟོགས་པའི་མཉམ་པའི་ལྟ་བ་དང་པོར་ཆུང་ངུར་ཐོབ་པ་ཡིན་ནོ། །བཞི་པ་ནི་རྣལ་འབྱོར་ཆེན་པོ་ནང་པའི་ལྟ་བ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཆེར་རིག་པས། མྱུར་དུ་མཉམ་པའི་ལྟ་བ་ལས་སུ་རུང་བར་བྱ་བའི་ཕྱིར། རྨད་དུ་བྱུང་བའི་སྤྱོད་པ་དང་དུ་ལེན་ཏེ། ཇི་ལྟར་སྦྲུལ་གྱི་གཟུགས་བརྙན་ལ་སྐྲག་པ་ཙམ་ཡང་མྱུར་དུ་བསལ་བའི་ཕྱིར། བརྟུལ་ཞུགས་ཀྱིས་རྫི་བར་བྱེད་པ་ལྟ་བུའོ། །ཚུལ་འདི་ལ་ནི་ཀུན་རྫོབ་ཏུ་བཏགས་པའི་ཡོད་པར་འཛིན་པ་ཡང་ཆེར་ཟད་པས་བདེན་པ་གཉིས་སུ་ལྟ་བའི་འཛིན་པའང་ཤེས་ཆེར་བྲལ་ནས་བདེན་པ་གཉིས་དབྱེར་མེད་པའི་བསམ་པ་འབྲིང་དུ་ཐོབ་པའོ། །ལྔ་པ་ནི་རྫོགས་པ་ཆེན་པོའི་ལྟ་བ་ཡིན་ཏེ། འདི་ལྟར་སྒྱུ་མ་ལྟ་བུ་ཡིན་ན། སྤང་བ་དང་སྐྲག་པ་དང་། མངོན་དུ་རྫི་བ་ལྟ་བུ་ཀུན་ཀྱང་དངོས་པོར་ཞེན་པའི་ལྟ་བ་ལས་བྱུང་བར་རྟོགས་པ་ཡིན་ཏེ། སྒྱུ་མ་ལྟ་བུ་ལ་ནི་རྩོལ་བའི་གནས་མེད་པར་རྟོགས་ཏེ། གང་ཡང་མི་འགོག་ལ་གང་དུ་ཡང་མི་རྩོལ་ལོ། །ཚུལ་འདི་ལ་སྒྱུ་མ་ལྟ་བུའི་བློ་ཚད་དུ་ཆུད་པ་ཡིན་ཏེ། སྣང་བའི་མཚན་ཉིད་མེད་པར་རིག་པས། དོན་དམ་དང་ཀུན་རྫོབ་ཀྱི་བདེན་པའི་འཛིན་པ་ཕྲ་མོ་ཡང་བྲལ་བས་ལྟ་བ་ཐམས་ཅད་དང་བྲལ་ཏེ། དེ་ལ་ཐ་སྙད་དུ་དོན་དམ་པ་དང་ཀུན་རྫོབ་དབྱེར་མེད་པར་ལྟ་བ་མཉམ་པ་ཉིད་ཀྱི་དགོངས་པ་ཞེས་འདོགས་སོ། །མངོན་པར་སྣང་བ་ནི་བག་ཆགས་ཀྱི་སྟོབས་ལས་བྱུང་བས་མྱུར་དུ་མི་ལྡོག་གོ། །ཞེན་པ་ནི་གློ་བུར་གྱི་འདུ་ཤེས་ཕྱིན་ཅི་ལོག་གིས་བསྐྱེད་པས་ལྡོག་པ་སླ་སྟེ། ཞེན་པ་དེ་ཡང་མཚན་མར་འཛིན་པ་ལས་འབྱུང་ངོ་། །དེ་ཡང་དངོས་པོར་ལྟ་བ་ལས་འབྱུང་སྟེ། རྟོག་པ་འདི་གསུམ་ལོག་ན། ངོ་བོ་ཉིད་ཀྱི་རྟོག་པ་སྣང་བ་མ་ལོག་ཀྱང་བདེན་པ་གཉིས་སུ་ལྟ་བ་མི་འབྱུང་ངོ་། །འདིར་འགའ་ཞིག་དབུ་མའི་གཞུང་གིས། དོན་དམ་པར་ནི་བདེན་པ་གཉིས་སུ་དབྱེར་མི་འབྱེད་ལ། གསང་སྔགས་ཀྱི་གཞུང་གིས་ཀྱང་སྣང་བ་མི་འགོག་ཞེ་ན། འདི་ལ་བསྟན་པར་བྱ་སྟེ། གང་ཟག་གང་གི་བློ་ལ། བདེན་པ་གཉིས་ཀྱི་མཚན་ཉིད་བདེན་པར་གྲུབ་པ་བློ་ལ་བཞག་ནས་ཤེས་བྱ་རྣམས་ལ་གཞལ་ན། ནམ་དུ་ཡང་བློ་གཉིས་པ་མི་འདོར་ཏེ། འདི་ལྟར་དོན་དམ་པར་བདེན་པ་གཉིས་དབྱེར་མེད་དོ། །ཞེས་གཞལ་བའི་ཚེ། ཞེ་བོ་ལ་འདོད་པ་ནི་ཀུན་རྫོབ་སྒྱུ་མ་ཙམ་དུ་ཡོད་པར་འདོད་པ་འདི་ཡང་མ་བཏང་བ་ཡིན་ཏེ། དེ་བས་ན་ཆོས་ཉིད་གཉིས་སུ་མེད་པ་བསྒྲུབ་པའི་ཚེའང་། བསམ་པ་གཉིས་དང་ལྡན་པར་སྐྱེ་བ་ཡིན་ནོ། །ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུ་ཞེས་འཇལ་བར་བྱེད་པའི་ཚེ། ཉན་ཐོས་དང་རྣལ་འབྱོར་སྤྱོད་པ་དག་གིས་དོན་དམ་པར་ཡོད་པར་བརྟགས་པ་རྣམས་ཀྱི་སྤྲོས་པ་ཞི་བས་སྒྱུ་མ་ལྟ་བུ་ཞེས་བརྗོད་ཀྱི། ཀུན་རྫོབ་ཏུ་དོན་བྱེད་ནུས་པའི་རྫས་ཀྱིས་སྟོང་ནས་སྒྱུ་མ་ལྟ་བུའོ་ཞེས་ནི་མི་སྨྲ་སྟེ། འདིར་འཇིལ་བར་བྱེད་པའི་དུས་ན་ཡང་། ཀུན་རྫོབ་ཏུ་རྫས་སུ་གྲུབ་པའི་མཚན་ཉིད་ལ་དངོས་སུ་དམིགས་ནས། དེ་ཉིད་ཡང་དག་པར་དངོས་པོ་མ་གྲུབ་པ་ཞེས་པ་ལ་འདོད་པ་ཡིན་ཏེ། དེ་བས་ན་འདིའི་ཚེ་ཡང་ཚུལ་གཉིས་བློས་མ་བཏང་ངོ་། །དེ་བས་ན་འདི་ལྟར་འགྱུར་ཏེ། སྣང་བ་ཆོས་ཅན་མཚན་གཞིར་བཞག་ནས། འདིའི་ཆོས་སམ་མཚན་གཞིའི་སྤྲོས་པ་དང་བྲལ་བ་དང་། སྒྱུ་མ་ཙམ་དུ་སྣང་བ་ཡིན་པར་བློ་ལ་སྐྱེ་བ་དེ་སྲིད་དུ། སྣང་བའི་མཚན་ཉིད་ལ་ཞེན་པའི་བློ་མ་ལོག་པ་ཡིན་ཏེ། དེ་ལྟ་བུའི་གང་ཟག་ལ་མཉམ་པ་ཆེན་པོའི་ལྟ་བ་ཅན་ཞེས་མི་གཞག་གོ། །དེ་བས་ན་བདེན་པ་གཉིས་ཀྱི་རྐུ་བར་དུ་བློ་བཅུག་ནས་ཤེས་བྱ་ལ་འཇལ་བར་བྱེད་པ་འདི་ནི། དངོས་པོ་ལ་ཆེར་ཞེན་པའི་གང་ཟག་རྣམས་ཀྱི་གཉེན་པོར་གསུངས་པ་ཡིན་ཏེ། འོན་ཀྱང་ཆོས་ཀྱི་ངོ་བོ་ཉིད་ལ་ནི། མཚན་ཉིད་གཉིས་མེད་དོ། །གང་གི་མཚན་མར་འཛིན་པ་ལོག་ན་ཞེན་པ་དང་བྲལ་བ་ཡིན་པས། ཅིར་སྣང་ཡང་སྲིད་སྲེད་བསམ། ཅིང་སྨོན་སྨོན་བསམ། པ་མི་འབྱུང་བ་དེའི་ཚེ་མཉམ་པ་ཆེན་པོའི་ལྟ་བ་ཞེས་གདགས་སོ། །ཡང་དྲིས་པ། སྣང་བ་ཙམ་ཉིད་ཀུན་རྫོབ་མ་ཡིན་ནམ་ཞེ་ན། གང་ཟག་གང་ལ་སྣང་བ་ཀུན་རྫོབ་ཡིན་པར་འཛིན་པ་དེ་ལ་སྤྲོས་བྲལ་དོན་དམ་པ་ས་ཡིན་པ་ཞེ་བ་ལ་འཛིན་པ་གོང་དུ་བསྟན་པར་ཟད་དོ། །འོ་ན་བདེན་པ་གཉིས་བདེན་པར་མི་འཛིན་པའི་བློ་ལ་གཅིག་དང་གཉིས་སུ་འཛིན་པ་འདྲི་བར་བྱེད་པ་དེ་ནི་གཞག་པར་ལུང་བསྟན་པ་ཡིན་ཏེ། མོ་གཤམ་གྱི་བུ་སྔོའམ་དཀར་ཞེས་འདྲི་བ་ལྟ་བུའོ། །ཡང་དྲིས་པ། འོ་ན་ཁྱེད་ཅག་གི་གཞུང་ཇི་ལྟ་བུ་ཞིག་སྒྲུབ་ཅེ་ན། ཁོ་བོ་ཅག་ནི་ཁྱེད་ཅག་གི་ལྟ་བ་ངན་པ་བཟློག་པ་ཙམ་སྟེ། ལྷག་པར་དོན་ཅི་ཡང་མི་སྒྲུབ་བོ། །དེ་ལ་ཐ་སྙད་དུ་མཉམ་པ་ཆེན་པོའི་ལྟ་བ་ཞེས་འདོགས་ཏེ། ལྟ་བར་ཞེན་པ་ནི་གང་ཡང་མེད་དོ། །སྦྲུལ་ནག་པོའི་སྟོང་ཐུན་དྷརྨ་བྷ་དྲས་མཛད་པའོ། །

སངས་རྒྱས་ཀྱི་ས་ཆེན་པོ་ཞེས་གྲགས་པ་བཞུགས་སོ། །སངས་རྒྱས་ཀྱི་སའི་མཚན་ཉིད་ལ་ཡོན་ཏན་གྱི་ཆོས་ཇི་ལྟར་གནས་པ་དང་། མཚན་ཉིད་དང་ཡོན་ཏན་དེ་དག་ཀྱང་ངེས་པ་པའི་དོན་དུ་དེ་བཞིན་གཤེགས་པ་ཉིད་ཀྱི་དགོངས་པ་ལ་ཇི་ལྟར་གསུངས་པ་དེ་ལྟར་སྣང་ཞིང་ལྡན་པ་ཞིག་གམ། འོན་ཏེ་གདུལ་བྱ་རྣམས་ཀྱི་སྣང་བའི་དབང་དུ་བྱས་ཏེ་གསུངས་པ་ཞིག་གམ། ངེས་པའི་དོན་དུ་ཇི་ལྟར་བལྟ་ཞེས་རྟོག་པ་རྣམས་ལ། གང་ཟག་སོ་སོའི་འདོད་གཞུང་། གཞུང་གང་ལ་བརྟེན་པ་དང་བཅས་པ་མདོ་ཙམ་བཀོད་པ། དེ་ལ་མདོ་སྡེ་དང་བསྟན་བཅོས་དང་། གསང་སྔགས་ཀྱི་ཚུལ་རྣམས་ལས་སངས་རྒྱས་པའི་ཆོས་སུ་གྱུར་པ་མདོར་བསྡུས་པ་དང་རྒྱས་པའི་སྒོ་ནས་གསུངས་པ་ནི། འདི་ལྟར་སྐུ་གསུང་ཐུགས་ཡེ་ཤེས་བཞི་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། གཞན་ཡང་སྟོབས་བཅུ་དང་། མ་འདྲེས་པ་བཅོ་བརྒྱད་དང་། ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས་དང་། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་དང་། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཆོག་གི་ཡེ་ཤེས་ཞེས་བྱ་བ་ལ་སྩོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་གསུངས་པ་དང་། གཞན་ཡང་སངས་རྒྱས་ཀྱི་སྐུ་དང་ཞིང་དང་། སྐུའི་བཀོད་པ་ཕུན་སུམ་ཚོགས་པ་ཚུལ་སྣ་ཚོགས་སུ་བསྟན་པ་ནི། འདི་ལྟར་ཐུན་མོང་གི་མདོ་ཁ་ཅིག་ལས། བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཛམ་བུའི་གླིང་འདིར་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལས། རབ་ཏུ་བྱུང་བའི་སྒོ་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། གཙོར་དགེ་སློང་གི་དགེ་འདུན་སྟོང་ཉིས་བརྒྱ་ལྔ་བཅུ་ལ་སྩོགས་པའི་འཁོར་གྱི་དཀྱིལ་འཁོར་ན་བཞུགས་ཤིང་ཆོས་ཀྱི་འཁོར་ལོ་སྐོར་ཏེ་མཐར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ་ཞེས་གྲགས་པ་དང་། གཞན་ཡང་མདོ་སྡེ་དང་གསང་སྔགས་ཁ་ཅིག་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོ་བརྙེས་པའི་གནས་ནི་འོག་མིན་ཡིན་ཏེ། འདི་སྐད་དུ་། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་བ་ཁྱོད་འཚང་རྒྱའོ། །ཞེས་གསུངས་པ་ལྟ་བུར་འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད། ལོངས་སྤྱོད་རྫོགས་པའི་སྐུ་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་ལྟ་བུའི་ཚུལ་དུ། གནས་དང་དུས་ངེས་པ་དག་ཏུ་ཚུལ་ངེས་པས་ཡོངས་སུ་དག་པའི་འཁོར་རྣམས་ལ། ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པར་སྟོན་པར་མཛད་པ་ནི། སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསགས་པའི་རྣམ་པར་སྨིན་པའི་སྐུ་ཡིན་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་དེའི་དབང་ལས་འཕྲུལ་པས། སྤྲུལ་པའི་སྐུ་འཛམ་བུ་གླིང་འདིར་སངས་རྒྱས་པར་བསྟན་པའོ། །ཞེས་གྲགས་པ་དང་། གཞན་ཡང་གསང་སྔགས་ཀྱི་ཚུལ་ཁ་ཅིག་ལས། སངས་རྒྱས་ནི་འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་སེམས་དཔའ་དེ་ཉིད་རྟག་ཏུ་ད་ལྟར་བྱུང་བ་ལྟ་བུའི་སྐུར་བཞུགས་པ། འདུས་མ་བྱས་ཟག་པ་མེད་པའི་བདེ་བ་དང་ལྡན་པ། ལོངས་སྤྱོད་ཆེན་པོའི་བདེ་བ་དང་ལྡན་པ། ལྷ་མོའི་ཚོགས་དཔག་ཏུ་མེད་པའི་དཀྱིལ་འཁོར་ན་བཞུགས་ཤིང་། གཟུངས་མ་དང་གཉིས་སུ་མེད་པར་སྦྱོར་བའི་བདེ་བ་ཆེན་པོ་ལས་མི་གཡོ་བ། ཐུགས་རྗེ་ཆེན་པོས་མཉེས་གཤིན་པ། སེམས་ཅན་ཐམས་ཅད་བསྒྲལ་བ་ལ་བརྩོན་པར་མཛད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ། ཆོས་ཐམས་ཅད་དུ་རྣམ་པར་སྤྲུལ་པའི་མངའ་བདག སངས་རྒྱས་ཐམས་ཅད་ཀྱི་བདག་པོར་གྲགས་ཞེས་བསྟན་པ་དང་། གཞན་ཡང་གསང་སྔགས་ཀྱི་ཚུལ་རྣམས་ལས། བདེ་བར་གཤེགས་པའི་དཀྱིལ་འཁོར་ནི། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་ཚུལ་དང་། ཞི་བ་དང་ཁྲོ་བོའི་ཚུལ་དང་། རིག་སྔགས་དང་གསང་སྔགས་ཀྱི་ཚུལ་ཅན། དཀྱིལ་འཁོར་ཆེན་པོ་དང་ཆུང་ངུའི་ཚུལ་དུ་བཞུགས་པ་ཇི་སྙེད་པར་གྲགས་པའི་གཞུང་འདི་དག་ལ་བརྟེན་པ་ནས། ངེས་པའི་དོན་དུ་གཞུང་སོ་སོར་སྨྲ་བ་ནི་འདི་ལྟ་སྟེ། གང་ཟག་ཁ་ཅིག་ན་རེ་སངས་རྒྱས་པའི་ཆོས་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་དབང་དུ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། །དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་བསྡུས་པ། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་གྱི་ཡེ་ཤེས་དག་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུས་བསྡུས་པའི་གཟུགས་ཀྱི་སྐུ་དག་ཀྱང་མངའ་བ་མ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ཇི་ལྟ་བ་བཞིན་དུ། སེམས་ཅན་གྱི་སེམས་ཀྱང་དེ་དང་འདྲ་སྟེ། །འོན་ཀྱང་ཤེས་ཤིང་རིག་པའི་མཚན་ཉིད་དུ་སྐྱེ་བ་ནི། གཟུང་འཛིན་དུ་སྣང་ཡང་རུང་། མི་སྣང་ཡང་རུང་སྟེ། བག་ཆགས་ཀྱི་དབང་གིས་སྣང་བ་ཙམ་གྲུབ་པ་ཡིན་ལ། སྣང་བ་ནི་ཇི་ལྟར་སྣང་ཡང་འཁྲུལ་བ་ཡིན་ཏེ། དེ་བཞིན་དུ་ཡོད་པ་མ་ཡིན་པས་སེམས་ཅན་གྱི་དུས་ན་ཡང་རྣམ་པར་དག་པ་ཡིན་ཏེ། དེས་ན་རང་བྱུང་གི་ཡེ་ཤེས་ཞེས་ཀྱང་བྱ་སྟེ། འདི་ལྟར་སྡོང་པོ་བཀོད་པའི་མདོ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་བཞིན། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་པ་ལྟ་བུར་སེམས་ཀྱང་ཤེས་རིག་གི་མཚན་ཉིད་འགྱུར་བ་མེད་པས། དེ་བཞིན་གཤེགས་པ་ཉིད་དང་འདྲ་སྟེ། འོན་ཀྱང་བྱེ་བྲག་ནི། སེམས་ཅན་གྱི་དུས་ན་འཁྲུལ་བའི་བག་ཆགས་ཀྱི་དབང་གིས་རྣམ་རྟོག་གི་ཤེས་པ་གཟུང་བ་དང་འཛིན་པར་སྣང་བ་སྐྱེའོ། །འོན་ཀྱང་དེ་བདེན་པ་མ་ཡིན་ནོ། །འཕགས་པའི་བདེན་པ་མཐོང་བ་རྣམས་ལ། རྣམ་པར་མི་རྟོག་པའི་མཚན་ཉིད་དུ་མཉམ་པར་བཞག་པའི་སྐབས་སུ་སྐྱེ་སྟེ། དེ་ཡང་རང་རིག་པ་ཉིད་བག་ཆགས་ཀྱི་སྟོབས་ལས་བྱུང་བ་རང་རིག་པའི་མཚན་ཉིད་དུ་མ་གྲུབ་བཞིན། ཤེས་རིག་གི་མཚན་ཉིད་དུ་སྐྱེ་བས། འདི་ཡང་འཁྲུལ་བའི་ཤེས་པའོ། །དེ་བཞིན་གཤེགས་པ་རྣམས་ནི། བག་ཆགས་ཀྱི་མཚམས་སྦྱོར་བ་ཡོངས་སུ་ཟད་པས། ཤེས་རིག་གི་མཚན་ཉིད་དུ་སྐྱེ་བ་ཙམ་དང་ཡང་བྲལ་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་དུ་གྱུར་པས། སེམས་ཅན་གྱི་སེམས་ཀྱི་རང་བཞིན་ལས་ཁྱད་པར་དུ་བྱུང་བ་ཐོབ་པ་ནི་འགའ་ཡང་མེད་ཀྱི། སེམས་ཀྱི་རང་བཞིན་ཇི་ལྟ་བ་ཡིན་པ་དེ་ལྟ་བ་ཉིད་དུ་གྱུར་བར་ཟད་དོ། །ཞེས་འདོད་དོ། །ཁ་ཅིག་ན་རེ་སངས་རྒྱས་ཀྱིས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་སོ། །དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། གཟུགས་ཀྱི་སྐུའི་། བཀོད་པའི་ཁྱད་པར་དག་ནི་མི་མངའ་སྟེ། འདི་དག་ནི་གཟུང་འཛིན་གྱི་མཚན་མ་ཅན་ཡིན་པས། གལ་ཏེ་འདི་དག་མངའ་བར་ཁས་ལེན་ན། སངས་རྒྱས་ཀྱང་འཁྲུལ་བ་ཅན་ཉིད་དུ་ཁས་ལེན་པར་འདོད་དུ་ཟད་དོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་སངས་རྒྱས་ཀྱི་ས་ནི་ཆོས་གསུམ་ཡིན་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་སོ། །འདི་གསུམ་ཡང་ཆོས་དང་ཆོས་ཅན་གྱི་མཚན་ཉིད་དུ་དུས་གཅིག་ཏུ་གནས་ཏེ། སངས་རྒྱས་ལ་མཉམ་པར་མ་བཞག་པའི་ཐུགས་ནི་མི་མངའ་སྟེ། རྟག་ཏུ་མཉམ་པར་བཞག་བཞིན་དུ། དག་པ་འཇིག་རྟེན་པའི་ཡེ་ཤེས་འདི་ཡང་སྒྲིབ་པ་མེད་པར་འབྱུང་སྟེ། འདི་ནི་བདག་དང་གཞན་གྱི་དོན་ཡོངས་སུ་བྱེད་པའི་མཚན་ཉིད་ཡིན་པས་ཡོད་དགོས་སོ། །སྐུ་དང་བདེ་བ་ཉམས་སུ་མྱོང་བའི་ཚོར་བ་ལ་སྩོགས་པ་ནི་མི་མངའ་སྟེ། དེ་བཞིན་གཤེགས་པ་ལ་བསོད་ནམས་ཀྱིས་བསྒྲུབ་པའི་རྣམ་པར་སྨིན་པའི་སྐུ་དང་། ལོངས་སྤྱོད་ཀྱི་ཚོར་བ་མངའ་ན། སངས་རྒྱས་རྣམས་ལུས་དང་གནས་དང་ལོངས་སྤྱོད་ཅན་དུ་འགྱུར་བས་འདི་དག་ནི་མི་མངའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ། སངས་རྒྱས་རྣམས་ལ་གཟུགས་ཀྱི་སྐུའི་བཀོད་པ་ནི་མི་མངའ་སྟེ། འོན་ཀྱང་ཉིད་རྫོགས་པར་ལོངས་སྤྱོད་པ་ཞེས་བྱ་བ། ཡེ་ཤེས་ཀྱི་བདེ་བ་ཆེན་པོ་ཟག་པ་མེད་པ་ཉམས་སུ་བསྟར་བ་ནི་ཡོད་དེ་དེ་ལྟར་ན་སངས་རྒྱས་རྣམས་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། འདུས་མ་བྱས་ཞི་བ་ཐུགས་སུ་ཆུད་པའི་བདེ་བ་དང་ལྡན་ཏེ། དེ་ལྟར་ཆོས་བཞི་དང་ལྡན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ། སངས་རྒྱས་རྣམས་ནི་རིགས་དང་དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསགས་ཤིང་བསྒྲིབས་པའི་ཚོགས་མ་ལུས་པ་ཟད་པར་མཛད་པས། དེའི་དབང་གིས་ཡོངས་སུ་དག་པའི་ཞིང་ཁམས་སུ་དགེ་བའི་རྩ་བ་ཚད་མེད་པས་བསྒྲུབས་པའི་རྣམ་པར་སྨིན་པའི་སྐུ་བཟང་པོ་དཔེ་མེད་པ་མངོན་པར་གྲུབ་སྟེ། རྟག་ཏུ་སེམས་ཅན་ལ་ཕན་བཏགས་པའི་སྦྱོར་བ་ལས་བྱུང་ཞིང་། གདུལ་བྱ་ཐམས་ཅད་ལ་ཇི་ལྟར་འཚམས་པ་བཞིན་དུ་ཕན་འདོགས་པའི་བདག་ཉིད་ཀྱི་སྐུ་གྲུབ་པས། བསོད་ནམས་ཀྱི་སྐུ་ཞེས་བྱ་སྟེ། གཟུགས་ཀྱི་སྐུ་འདི་ལྟ་བུ་ཡང་སངས་རྒྱས་རྣམས་ལ་མངའ་བ་ཡིན་ལ། སྐུ་དེས་ཀྱང་ཏིང་ངེ་འཛིན་གྱི་ཡེ་ཤེས་བདག་ཉིད་ལ། དམིགས་པའི་བདེ་བ་ཆེན་པོ་ཉམས་སུ་བསྟར་བ་ཡིན་ཏེ། སྐུ་དེའི་ཉམས་སུ་བསྟར་བའི་བདེ་བ་དེ་ལ་སྐད་ཅིག་སྐད་ཅིག་མ་གཞན་གྱི་བར་སྐབས་མེད་དོ། །དེས་ན་སངས་རྒྱས་རྣམས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། བསོད་ནམས་ཀྱི་ཚོགས་ཚད་མེད་པ་ལས་བསྒྲུབས་པའི་གཟུགས་ཀྱི་སྐུ་དང་། འདུས་མ་བྱས་གཟིགས་པའི་ཐུགས་ཀྱི་བདེ་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་དབང་ལས་གྱུར་པའི་སྐུ་ཡི་བདེ་བ་རྣམས་ས་དང་ལྡན་ཏེ། བདེ་བའི་ཆོས་དྲུག་དང་ལྡན་ནོ། །ལྷ་མོའི་འཁོར་ལ་ལོངས་སྤྱོད་པའི་བདེ་བ་ནི། སྨད་པའི་གནས་ཡིན་པས་དེ་མི་མངའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ། སངས་རྒྱས་རྣམས་ནི། ཉེས་པའི་སྐྱོན་ཐམས་ཅད་ནི་ས་བོན་དང་བཅས་ནས་ཡོངས་སུ་དག་པ་ཡིན་ལ། ལེགས་པའི་ཡོན་ཏན་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་གཏོགས་པ་ཐམས་ཅད་ཇི་ལྟར་ཚོགས་བསགས་པ་དེ་ལྟ་དེ་ལྟར་དོན་མེད་པར་འགའ་ཡང་མ་གྱུར་ཅིང་རྫོགས་ཤིང་མཐར་མ་ཕྱིན་པར་ཡང་འགའ་ཡང་མ་གྱུར་ཏེ། ཡོན་ཏན་ཐམས་ཅད་ཀྱི་འབྲས་བུའི་ངོ་བོར་བཞུགས་ལ། དེ་ལ་བར་ཆད་དང་གཞན་དུ་འགྱུར་བ་ཡང་དུས་ཐམས་ཅད་དུ་མི་མངའ་སྟེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་པའི་རྣམ་པར་སྨིན་པའི་སྐུ་ལོངས་ས་སྤྱོད་རྫོགས་པའི་སྐུ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང་། ཞིང་བཀོད་པ་ཕུན་སུམ་ཚོགས་པ་ཡོངས་སུ་དག་པའི་ཞིང་ཁམས་ཁྱད་པར་ཅན་དག་ན། ལོངས་སྤྱོད་ཕུན་སུམ་ཚོགས་པ་མདོ་སྡེ་དག་ལས་གྲགས་པའི་སངས་རྒྱས་ཀྱི་ཞིང་བཀོད་པ་ཕུན་སུམ་ཚོགས་པ་ཐུན་མོང་དུ་གྲགས་པ་རྣམས་དང་། ཐུན་མོང་མ་ཡིན་པ་འདོད་པའི་ཡོན་ཏན་ལ་ཤིན་དུ་ལོངས་སྤྱོད་པའི་བདེ་བ་ཁྱད་པར་ཅན་དང་ལྡན་ཏེ། འདི་ལྟར་ཡེ་ཤེས་ཀྱི་ལྷ་མོའི་ཚོགས་དཔག་ཏུ་མེད་པའི་དཀྱིལ་འཁོར་ན་གཉིས་སུ་མེད་པར་སྦྱོར་བའི་རོལ་པའི་བདེ་བ་ཆེན་པོ་མཐར་ཐུག་པར་མི་འགྱུར་བ་དང་ཡང་ལྡན་ཞིང་། གཟུགས་དང་སྒྲ་ལ་སྩོགས་པའི་བདེ་བ་ཐམས་ཅད་ཀྱང་ཉམས་སུ་བསྟར་བས། ཕྱི་རོལ་གྱི་འདོད་པ་སྤྱད་པ་ལས་བྱུང་བའི་བདེ་བ་དང་། དགེ་བའི་རྩ་བའི་རྣམ་པར་སྨིན་པའི་སྐུ་གྲུབ་པས་རང་བཞན་གྱི་སྐུའི་བདེ་བ་དང་། འདུས་མ་བྱས་པའི་ཆོས་ཉིད་ཞི་བ་གཟིགས་པས། ཐུགས་ཀྱི་བདེ་བ་དང་ཡང་ལྡན་ཏེ། དེས་ན་བདེ་བ་གསུམ་དང་བཞིས་ཀྱང་ཁྱད་པར་དུ་གྱུར་པའི་བདག་ཉིད་ཅན་ཡིན་ནོ། །ཞེས་ཀྱང་ཟེར་རོ། །དེ་དག་ནི་གཞུང་སོ་སོར་བཀོད་པ་ཙམ་སྨོས་པ་ཡིན་ནོ། །

ད་ནི་དེ་དག་གི་བརྒལ་བ་དང་ལན་རྣམས་བརྗོད་པར་བྱ་སྟེ། དེ་ལ་དང་པོར་སངས་རྒྱས་ཀྱི་ས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཡང་མི་འདོད་པའི་གཞུང་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་འདོད་པ་ལ་སོགས་པ་གཞུང་ལྷག་མ་འཛིན་པ་རྣམས་ཀྱིས་ཐུན་མོང་དུ་བརྒལ་བ། གལ་ཏེ་ཁྱོད་འདོད་པ་ལྟར་སངས་རྒྱས་རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཡང་མི་མངའ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་ལ་གདགས་སོ་ཞེས་ཟེར་ན། ཉེས་པའི་སྐྱོན་མང་དུ་འབྱུང་སྟེ། མདོར་བསྡུ་ན་རྒྱལ་བའི་བཀའ་མཐའ་དག་དང་། སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་པའི་གཞུང་གི་ཚོགས་ཀུན་ལས། སྐུ་དང་ཡེ་ཤེས་ཀྱི་ཁྱད་པར་དང་། ཐུགས་རྗེ་ཆེན་པོ་འབྱུང་བའི་ཚུལ་མཐའ་ཡས་པ་གསུངས་པས། དེ་ལྟ་ན་ཁྱེད་ཀྱིས་རྒྱལ་བའི་བཀའ་དང་། གཞུང་ཐམས་ཅད་ལ་མངོན་དུ་སྐུར་པ་བཏབ་པའི་ཕྱིར། ཁྱེད་དཀོན་མཆོག་གཉིས་པ་ཞིག་ཡིན་པར་ཁས་ལོངས་ཤིག གཞན་ཡང་རིགས་དང་དགེ་བའི་བཤེས་གཉེན་གྱི་སྟོབས་ལ་བརྟེན་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསགས་པའི་འབད་པ་ཐམས་ཅད་ཆུད་གསན་ཏེ། འགྲོ་བའི་དོན་དུ་ཆེ་བའི་ཡོན་ཏན་འབྱུང་བའི་འབྲས་བུའི་ངོ་བོ་ཡང་མེད། དེའི་རྒྱུ་ཡང་མེད་རྐྱེན་ཡང་མེད། རྟེན་ཡང་མེད་པས་མཐའ་ཆད་པར་སྨྲ་བ་ཉིད་དུའང་འགྱུར་རོ། །གཞན་ཡང་མྱ་ངན་ལས་འདས་པ་མེ་ཤི་བ་ལྟ་བུར་སྨྲས་ཏེ། ཉན་ཐོས་ཞི་བ་ཕྱོགས་གཅིག་པ་དང་མཐུན་པར་གྱུར་ནས། ཐེག་པ་ཆེན་པོ་དོན་མེད་པར་འགྱུར་རོ། །དེ་ལྟར་ཉེས་པ་ཆེན་པོ་འདི་རྣམས་སྣང་བའི་ཕྱིར། ཁྱོད་ཀྱིས་གཞུང་འདི་ཐོང་ཞིག དེ་ལ་སླར་སྨྲས་པ། ཁྱེད་ཀྱིས་བརྒལ་བའི་ཉེས་སྐྱོན་གསུམ་པོ་དེ་དག་ངའི་གྲུབ་མཐའ་འདི་ལ་མེད་དེ། དེ་ལ་དང་པོ་ཉིད་དུ་བཀའི་གཞུང་དང་འགལ་ལོ་ཞེས་ཟེར་ཡང་། དེ་ལྟར་མ་ཡིན་ཏེ་ངེས་པའི་གཞུང་ཟབ་མོ་མཐའ་དག་ལས་གཞུང་འདི་ཉིད་གཙོར་བསྒྲུབས་ཏེ། འདི་ལྟར་རྡོ་རྗེ་གཅོད་པ་ལས། གང་གིས་ང་ལ་གཟུགས་སུ་མཐོང་། །གང་གི་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མ ཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་སངས་རྒྱས་བལྟ། །ཞེས་གསུངས་ཏེ། སངས་རྒྱས་ནི་ཆོས་ཉིད་ལ་བྱ་བར་གསུངས་ཀྱི་གཟུགས་དང་སྒྲའི་ཚུལ་གྱིས་སངས་རྒྱས་སུ་འཛིན་པ་ནི་སངས་རྒྱས་ཉིད་སྤོང་བར་བཤད་དོ། །དཀོན་མཆོག་བརྩེགས་པ་ལས་ཀྱང་། སངས་རྒྱས་གཟུགས་སུ་མི་བལྟ་མཚན་དང་ནི། །རིགས་དང་རྒྱུད་དུ་མི་བརྟག་སྒྲ་དང་ནི། །འཆད་པར་འགྱུར་བ་མ་ཡིན་སེམས་དང་ནི། །རྣམ་ཤེས་ཡིད་ཀྱིས་རབ་ཏུ་ཕྱེ་མ་ཡིན། །ཆོས་ཉིད་གང་ཡིན་དེ་ནི་བཅོམ་ལྡན་འདས། །ཞེས་གསུངས་ཏེ། ཚུལ་འདིས་ཀྱང་ལུས་དང་ངག་དང་ཡིད་ཀྱི་ཕྱེ་སྟེ། སངས་རྒྱས་སུ་མ་གཞག་གི། ཆོས་ཉིད་གང་ཡིན་པ་སངས་རྒྱས་སུ་གཞག་གོ། །ཡེ་ཤེས་ནི་ཡིད་ཀྱིས་ཕྱེ་བ་ཡིན་ཏེ། མ་ན་ཞེས་བྱ་བ་སྐད་ཀྱི་བྱིངས་ལས། མངོན་པར་རྟོག་པ་དང་ཤེས་པའོ་ཞེས་བཤད་དོ། །དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་ཏེ། རྟག་ཏུ་སྐྱེ་བ་མེད་པའི་ཆོས་ཉིད་དེ་བཞིན་གཤེགས་པ་ཡིན་པས། ཆོས་ཐམས་ཅད་ཀྱང་སྐྱེ་བ་མེད་པ་ཡིན་པས། དེས་ན་དེ་དང་འདྲའོ། །འོ་ན་འཇིག་རྟེན་པ་ལ་སྐྱེ་འགག་ཏུ་སྣང་བ་ཅི་ཞེ་ན། དེ་ནི་མེད་པའི་ཆོས་ལ་སྤྱོད་པ་སྟེ། སྨིག་རྒྱུའི་ཆུ་བོ་དང་འདྲའོ། །དེ་ལ་སོགས་པ་ལུང་ཟབ་མོ་རྣམས་ལས་ཀྱང་སངས་རྒྱས་ཀྱི་དངོས་པོ་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་པར་གསུངས་སོ། །སྔོན་གྱི་མཁན་པོ་རྣམས་ཀྱི་མན་ངག་ལས་དེ་བཞིན་དུ་འབྱུང་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་དག་པ་འཇིག་རྟེན་པ་དང་། །སངས་རྒྱས་ཀྱི་རྫུ་འཕྲུལ་ཐམས་ཅད་འཁྲུལ་བའི་ངོ་གང་ལ་སྣང་བ་ཙམ་ཡིན་ཏེ། དེ་ལྟར་མ་གྲུབ་པར་འབྱུང་ལ། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། དབུ་མའི་སེང་གེ་ལ་སྩོགས་པ་གཞུང་འདི་ལྟ་བུ་འཛིན་པའང་རིམ་གྱིས་བྱུང་སྟེ། དེ་བས་ན་གཞུང་འདི་ནི་ལམ་པོ་ཆེའི་སྲོལ་བཏོད་པ་ཉིད་དུ་འཇུག་པ་ཡིན་པས། འདི་སྐད་དུ་རྒྱལ་བའི་བཀའ་དང་། །སྔོན་གྱི་མཁན་པོའི་གཞུང་ལ་སྐུར་བ་ཡིན་པའི་ཕྱིར་ཁྱོད་དཀོན་མཆོག་གཉིས་པ་ཡིན་པར་ཁས་ལེན་པ་ཡིན་ཞེས་མ་ཟེར་ཞིག ཁོ་བོ་ཅག་ནི་བསྟན་པའི་སྙིང་པོ་ཉིད་ཀྱི་གཞུང་སྒྲུབ་པ་ཡིན་ནོ། །གཞན་ཡང་འདི་སྐད་དུ། །འགྲོ་བའི་དོན་དུ་འགྱུར་བའི་སྐུ་དང་ཡེ་ཤེས་ཀྱི་ཆེ་བ་དང་། ཐུགས་རྗེའི་འཕྲུལ་པ་དག་དེའི་བདག་ཉིད་ཀྱང་མེད། རྒྱུ་དང་རྐྱེན་ཡང་མེད། རྟེན་ཡང་མེད་པས། ཚོགས་བསགས་པ་ཆུད་ཟོས་ཏེ། མཐར་ཆད་པར་སྨྲ་བར་འགྱུར་རོ་ཞེས་མ་ཟེར་ཅིག དེ་ལ་ཉེས་པ་འདི་མེད་དེ། ཆད་པར་ལྟ་བ་ཞེས་བྱ་བ་ནི་ཐེང་གཅིག་ཡོད་ལ། དེ་ནས་དེའི་རྒྱུན་མེད་པར་འདོད་པ་ལ་བྱ་སྟེ། འདི་ལྟ་བུ་ནི་ཁོ་བོ་ཅག་མི་འདོད་དེ། དེ་ཡང་བདེན་པ་གཉིས་ཀྱི་ཚུལ་ལས་དོན་དམ་པའི་ཚུལ་ལ་ནི། ཚོགས་བསགས་པའམ། སྒྲིབ་པ་སྤངས་པའམ། སངས་རྒྱས་ཉིད་ཐོབ་པར་གྱུར་བའམ་སེམས་ཅན་སྒྲིབ་པ་དང་ལྡན་པ་ཞེས་བྱ་བ་གང་ཡང་དམིགས་སུ་མེད་དེ། བདག་ཉིད་ཐོབ་པ་མེད་ཅིང་གནས་པ་དང་གཞན་དུ་འགྱུར་བ་མེད་པ་ལ། ཆད་པ་དང་རྟག་པའི་ཐ་སྙད་ཇི་ལྟར་གཞག ཀུན་རྫོབ་འཁྲུལ་བ་ལ་སྣང་བའི་ཚུལ་ལ་ནི། སེམས་ཅན་གྱི་དོན་མཛད་པའི་སྐུ་དང་ཡེ་ཤེས་ཀྱི་བྱེ་བྲག་ཡོན་ཏན་གྱི་ཆོས་རྒྱ་མཚོ་སྙེད་ཀྱི། བདག་ཉིད་ཀྱང་ཡོད། དེའི་རྒྱུ་ཡང་ཡོད། རྐྱེན་ཡང་ཡོད་ཀྱི། རྟེན་མི་དགོས་སོ། །དེ་ལ་ཡོན་ཏན་རྒྱ་མཚོ་འབྱུང་བའི་རྐྱེན་ནི་རྣམ་པ་གཉིས་ཏེ། དང་པོ་རིགས་དང་བཤེས་གཉེན་གྱི་སྟོབས་ཀྱི་སེམས་བསྐྱེད་པ་ནས་བཟུང་སྟེ། མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། དགེ་བའི་རྩ་བ་ཚད་མེད་པ་བསགས་ཤིང་ཡོངས་སུ་མ་ཆད་པའི་སྙིང་རྗེ་ཆེན་པོ་བསྐྱེད་པ་དང་། ཡོངས་སུ་མ་ཆད་པའི་སྨོན་ལམ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཤུགས་ལས། གདུལ་བྱའི་རྒྱུད་ལ་རང་དང་འཚམས་པའི་ཡོན་ཏན་སྣང་བར་འགྱུར་རོ། །གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བ་མ་ལུས་པར་ཡོངས་སུ་ཟད་པས་ཆོས་ཀྱི་དབྱིངས་མ་ལུས་པར་ཡོངས་སུ་དག་པར་གྱུར་པའི་དབང་ལས་ཀྱང་འབྱུང་སྟེ། །རྫས་དང་ཞིང་དག་པའི་དབང་ལས་གཟུགས་བརྙན་འབྱུང་བ་ལྟ་བུའོ། །འདི་གཉིས་ནི་བདག་པོའི་རྐྱེན་ཡིན་ནོ། །གདུལ་བྱའི་རྒྱུད་ལ་འཁྲུལ་བ་མ་ཟད་པ་དང་དཀར་པོའི་བག་ཆགས་དང་ལྡན་པ་ནི། རྒྱུའི་རྐྱེན་ཡིན་ཏེ། འདི་ལྟར་ཡོན་ཏན་འབྱུང་བའི་རྒྱུ་ནི་འཁྲུལ་བའི་བག་ཆགས་ཡོད་པ་ཡིན་ལ། ཡོན་ཏན་དུ་སྣང་བའི་རྒྱུ་ནི་དཀར་པོའི་བག་ཆགས་ཡིན་ནོ། །རྟེན་ནི་འདི་ལ་དགོས་པ་མེད་དེ། དཔེར་ན་དྲང་སྲོང་དག་གིས་སྨོན་ལམ་འགྲུབ་པར་གྱུར་པ་ན། དུས་ཕྱིས་དགེ་བའམ་མི་དགེ་བ་གང་ཞིག་ཀྱང་རུང་སྟེ། འདི་ལྟ་བུ་ཞིག་ས་ཕྱོགས་འདིར་འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་གདབ་སྟེ། དྲང་སྲོང་ཤི་ནས་དུས་ཕྱིས་དགེ་ཤིས་ལ་སོགས་པ་འབྱུང་བར་གྱུར་པ་ན། རྟེན་ནུས་པ་ཅན་གྱི་དྲང་སྲོང་ཡང་མི་དགོས་ལ། ནུས་པ་བསྒོ་བར་བྱ་བའི་རྟེན་གཞན་ཡང་མེད་པར་ས་ཕྱོགས་དེར་ནུས་མཐུ་འབྱུང་བར་འགྱུར་རོ། །ཁ་ཅིག་ཏུ་ཡོན་ཏན་ཅན་གྱི་རྟེན་མེད་ཀྱང་། ཡོན་ཏན་གཞན་ལ་བསྒོས་པའི་རྟེན་གྱི་རྒྱུན་ལ་བརྟེན་ནས། དུས་གཞན་ན་འབྲས་བུ་འབྱུང་བར་འགྱུར་བ་ཡོད་དེ། དཔེར་ན་ནམ་མཁའ་ལྡིང་གི་སྔགས་གྲུབ་པས། ཆག་ཤིང་ལ་སྔགས་ཀྱིས་བཏབ་སྟེ་བཞག་ནས། སྔགས་མཁན་ཤི་ནས་ལོ་བརྒྱ་སྟོང་ལོན་པ་ན། དུག་གིས་ཟིན་པ་རྣམས་ལ་ཆག་ཤིང་དེས་བྱབས་ན། དུག་ནད་སོས་པར་འགྱུར་བ་ཡོད་དོ། །དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་སྒྲུབ་པའི་དུས་ན། ཐུགས་རྗེ་དང་སྨོན་ལམ་ཡོངས་སུ་བཏབ་པས། །ཡོངས་སུ་འགྲུབ་པར་འགྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀུན་རྫོབ་ཀྱི་ཆོས་མ་ལུས་པ་ཟད་པར་གྱུར་ཀྱང་། གདུལ་བྱ་དུས་ལ་བབ་པའི་ཚེ་ཡོན་ཏན་གྱི་ཆོས་སྣང་བར་འགྱུར་བ་ན། ཡོན་ཏན་ཅན་གྱི་རྟེན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སྩོགས་པ་མེད་ཀྱང་གདུལ་བྱ་རྣམས་ཀྱི་ངོག་ལ། རྒྱལ་བ་རྣམས་ཀྱི་སྐུ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་ཚུལ་ཅན། རྣམ་པར་མི་རྟོག་པ་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་ས་ཐུགས་རྗེ་དང་ལྡན་པ། དག་པ་དང་མ་དག་པའི་ཞིང་རྣམས་སུ་སྣང་བར་འགྱུར་ཏེ་འདི་ལྟ་བུ་ནི་ཡོན་ཏན་ཅན་གྱི་རྟེན་མེད་པར་སྣང་བ་ཞེས་བྱའོ། །གཞན་ཡང་གཞན་གྱི་རྟེན་ལ་བགོས་ནས་སྣང་བ་ནི། སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་སྣང་བ་དེ་ལ་བརྟེན་ནས། དེའི་དམ་ཚིག་དང་ཆོས་ལ་སོགས་པའི་ཕྱག་རྒྱ་རྣམས་བྱིན་གྱིས་བརླབས་ཏེ། འཇིག་རྟེན་དུ་བཞག་ནས་སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་། དུས་ཕྱིས་ཕྱག་རྒྱ་དེས་སེམས་ཅན་གྱི་དོན་བྱེད་པ་སངས་རྒྱས་ཉིད་དང་འདྲ་བར་འགྱུར་ཏེ། འདི་སྐད་དུ། ཇི་ལྟར་སེམས་ཅན་འདུལ་གྱུར་པ། །དེ་ལྟར་དངོས་གྲུབ་སྣ་ཚོགས་བསྟན། །དེ་ལ་ཐབས་ནི་ཕྱག་རྒྱ་སྟེ། །ཇི་ལྟར་ཕྱག་རྒྱས་འགྲུབ་འགྱུར་བ། །དེ་ལྟར་བྱང་ཆུབ་སྤྱོད་ལ་སྩོགས། །ཐབས་ཀུན་ཆོ་གའི་རིམ་པ་ཡིས། །སངས་རྒྱས་སེམས་ཅན་དོན་མི་འགྲུབ། ཅེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་སྣང་བ་གྲུབ་པས། ཀུན་རྫོབ་ཀྱི་ཚུལ་བྱས་པ་དོན་མེད་པ་ཡང་མ་ཡིན་ལ། ཆད་པར་སྨྲ་བ་རྣམས་དང་མཐུན་པ་མ་ཡིན་ནོ། །གཞན་ཡང་ཚུལ་འདི་ཉིད་ཀྱིས་ཉན་ཐོས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་དང་ཁྱད་པར་མེད་པ་ཡང་མ་ཡིན་ཏེ། བདག་གི་དོན་དུ་བག་ལ་ཉལ་ཐམས་ཅད་ཡོངས་སུ་ཟད་པར་གྱུར་པས། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་དུ་གྱུར་པ་དང་། གཞན་གྱི་དོན་དུ་དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་བྱེད་པའི་རྐྱེན་ཉིད་དུ་འགྱུར་བ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དབང་ལས་ཀྱང་། གཞན་ལ་སྣང་བའི་རྐྱེན་དུ་འགྱུར་པས། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པས་སྤྱིར་ཁྱད་པར་མེད་པ་ནི་མ་ཡིན་ནོ་ཉན་ཐོས་རྣམས་ཀྱིས་འདུས་མ་བྱས་ཅུང་ཟད་ཐོབ་པ་དང་། དེ་བཞིན་གཤེགས་པས་ཡོངས་སུ་དག་པར་ཐོབ་པའི་ཁྱད་པར་ཡོད་མོད་ཀྱི། འོན་ཀྱང་མྱ་ངན་ལས་འདས་པ་ཞེ་བྱ་བ། འདུས་མ་བྱས་པ་ཉིད་ལ་བྱ་བར་ནི་ཁྱད་པར་མེད་དེ། འདི་ལྟར་འདུས་མ་བྱས་ཀྱིས་ཕྱེ་བ་ནི་འཕགས་པའི་གང་ཟག་གོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་ཁྱེད་ཀྱིས་སྐྱོན་བརྗོད་པ་དེ་དག་ཐམས་ཅད་ནི། ཁོ་བོ་ཅག་གི་གཞུང་ལ་མེད་ཀྱི་དེ་སྐད་མ་ཟེར་ཅིག །

ད་ནི་ཁོ་ཅག་གིས་ཁྱེད་ཅག་གི་གཞུང་ལ་བརྒལ་བར་བྱ་ཡིས་རིགས་པར་ལན་ཐོབ་ཅིག དེ་ལ་དང་པོ་ཉིད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་འདོད་པ་ལ་དྲི་བར་བྱ་སྟེ། འདི་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱ་བ་འདི། གདུལ་བྱ་རྣམས་ཀྱི་རྒྱུད་ལ་སངས་རྒྱས་རྣམས་ཡེ་ཤེས་ཆེན་པོ་དང་ལྡན་པར་སྣང་བ་ཙམ་མ་གཏོགས་པར། སངས་རྒྱས་ཉིད་ཀྱི་རྒྱུད་ཀྱི་དབང་ལ་ཤེས་པ་རང་རིག་པ་གཟུང་འཛིན་དུ་སྣང་བ་དང་བྲལ་བ། སྐད་ཅིག་མ་རྒྱུན་ཆགས་ཀྱིས་སྐྱེ་བའི་མཚན་ཉིད་ཅན་ཡོད་པར་འདོད་ན་ཡེ་ཤེས་རིགས་པས་གཞིག་ཏུ་མི་རུང་སྟེ་ཡོད་པར་འདོད་དམ། འོན་ཏེ་གཉེན་པོས་གཞིག་ཏུ་མི་རུང་སྟེ་ཡོད་པར་འདོད། འོན་ཏེ་དེ་དག་གང་ཡང་རུང་བས་གཞིག་ཏུ་རུང་བ་ཡིན་ཡང་། སངས་རྒྱས་རྣམས་ཆོས་ལ་མངའ་བརྙེས་པ་ཡིན་པས་དགོས་པ་ཞིག་ཡོད་པའི་ཕྱིར་འདི་ཙམ་མ་སྤང་བར་བཞག འོན་ཏེ་དེ་དག་མ་ཡིན་པར་འདི་ཙམ་མངའ་བར་རིགས་པས་གྲུབ་ཅེས་བརྟག་འགྲང་ན། དེ་ལ་རེ་ཞིག་དང་པོར་བློས་གཞིག་ཏུ་མི་རུང་བ་ནི་མེད་དེ། །རྣལ་འབྱོར་སྤྱོད་པའི་འདོད་པ་ནི་དབུ་མ་པས་སུན་ཕྱུང་ཟིན་པ་ཡིན་ལ། རང་གི་གཞུང་ལ་ནི་ཀུན་རྫོབ་ཙམ་ལ་བློས་གཞིག་ཏུ་མི་རུང་བ་མི་སྲིད་དོ། །གཉེན་པོ་གཞིག་ཏུ་མི་རུང་བའང་མེད་དེ། །འདི་སྐད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་སྒྲིབ་པ་སྤོང་བའི་གཉེན་པོ་ཡིན་པས་དེ་ཉིད་སྤང་བ་ལ་གཉེན་པོ་མེད་དོ་བྱ་ཡང་མི་རུང་སྟེ། མི་རྟོག་པ་ཞེ་བྱ་བ་ནི་གཟུང་བ་དང་འཛིན་པའི་སྣང་བ་ལོག་པ་ལ་བྱ་བར་འདོད་ལ། དེ་ཡང་གཟུང་བ་དང་འཛིན་པའི་རྟོག་པ་མངོན་དུ་རྒྱུ་བ་ལོག་པ་ལ་ནི་བདེན་པ་མཐོང་ཞེས་འདོད་ལ། བག་ལ་ཉལ་མ་ལུས་པར་ཟད་པ་ལ་ནི་དེ་བཞིན་གཤེགས་ཉིད་ཅེས་འདོད་དེ། དེ་བས་ན་སྣང་བ་མངོན་དུ་རྒྱུ་དང་བག་ལ་ཉལ་རིམ་གྱིས་ལྡོག་པའི་ཤེས་པ་ཉིད་མི་མཐུན་པ་དང་གཉེན་པོར་སྦྱར་བར་ཟད་ཀྱི། རྟག་ཏུ་གཉེན་པོའི་ཆོས་འདི་འཛིན་པའི་ཤེས་པ་གང་ཡང་མེད་དོ། །དེ་བས་ན་བག་ལ་ཉལ་མ་ལུས་པ་ཟད་ན། རང་རིག་པར་ཤེས་པ་སྐྱེ་བའི་རྒྱུ་མེད་པས། དེས་ན་རྒྱུ་མེད་ན་འབྲས་བུ་མི་སྐྱེ་བའི་ཚུལ་དེ་ཉིད་ལ་གཉེན་པོས་བསལ་ཞེས་འདོགས་པར་ཟད་དོ། །གཞན་ཡང་འདི་སྐད་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་རྒྱུ་ནི་དགེ་བའི་རྩ་བ་ཚད་མེད་པ་བསགས་པ། བདག་པོ་ནི་དྲན་པ། ཡུལ་ནི་ཆོས་ཀྱི་དབྱིངས་མ་ནོར་པ་ལ་དམིགས་པ་ལས་སྐྱེའོ་ཞེས་བཤད་པ་གང་ཡིན་པ་དེ་ནི། འཁྲུལ་བའི་བག་ལ་ཉལ་མ་ཟད་ཀྱི་བར་དུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རྒྱུ་ལས་མཉམ་པར་གཞག་པའི་གནས་སྐབས་ན་གཟུང་བ་དང་འཛིན་པའི་མངོན་དུ་རྒྱུ་ནུབ་པའི་གནས་སྐབས་ཙམ་ལ་བཤད་པ་སྟེ། །སངས་རྒྱས་ཀྱི་ས་ལ་འདི་ལྟར་བཤད་ན། དོན་མེད་པ་ཉིད་འགྱུར་རོ། །དེའི་ཕྱིར་འདི་ལ་རིགས་པའམ་གཉེན་པོས་གཞིག་ཏུ་མི་རུང་བ་མེད་དོ། །གལ་ཏེ་དགོས་པ་ཞིག་ཡོད་པའི་ཕྱིར་ཆོས་ལ་དབང་སྒྱུར་བའི་རྒྱལ་བ་རྣམས་ཀྱིས་གཞིག་ཏུ་རུང་ཡང་། འདི་སྒྱུ་མ་ཙམ་དུ་ཟད་པར་མ་མཛད་དོ་ཞེ་ན། འདི་ཟད་པར་མ་མཛད་པ་ལ་དགོས་པ་ཅི་ཞིག་ཡོད། བདག་གི་དོན་ལ་ནི་ཟག་པ་མེད་པའི་ཆོས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་བདེ་བ་ཆེན་པོ་ཡིན་ཏེ། སྡུག་བསྔལ་གྱི་སྣང་བ་ལས་འདས་སོ། །ཞི་བ་ཡིན་ཏེ་མཚན་མ་མེད་པས་སོ། །རྟག་པ་ཡིན་ཏེ་འདུས་བྱས་ཀྱི་ཆོས་རབ་ཏུ་ནུབ་པས་སོ། །དེ་བས་ན་འདི་ཙམ་ལ་བདག་གི་དོན་ཞེས་བྱ་སྟེ། བདེ་བའི་ཚོར་བའམ། ཞི་བའི་རྣམ་པའམ། རྟག་པའི་བདག་ཉིད་ཡོད་པ་ནི་མ་ཡིན་ནོ། །གཞན་གྱི་དོན་དུ་ནི་རྒྱུ་འདི་ལ་མ་བརྟེན་ཡང་སེམས་ཅན་ཐམས་ཅད་ཀྱི་སྐལ་པ་དང་མོས་པ་ཇི་ལྟར་འཚམས་པ་བཞིན་དུ་ཡོན་ཏན་གྱི་ཆོས་བཀག་པ་མེད་པར་འབྱུང་བས་འདི་ལ་དོན་ཡོད་པ་མ་ཡིན་ནོ། །གཞན་ཡང་འདི་སྐད་དུ་འདི་ནི་རིག་པའམ་གཉེན་པོས་གཞིག་ཏུ་མི་རུང་བའང་མེད་དེ། རྒྱལ་བ་རྣམས་ཀྱིས་འདི་ཙམ་དགོས་པའི་ཕྱིར་ཆོས་ལ་དབང་བསྒྱུར་ཏེ་བཞག་པའང་མ་ཡིན་མོད་ཀྱི་ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ་དུ་ཡོད་པར་རིགས་པས་གྲུབ་པ། འདི་ཙམ་ཡོད་པར་ཁས་བླང་དགོས་སོ་ཞེ་ན། འདི་ལ་རིགས་པ་དེ་ལྟར་མེད་དེ་གལ་ཏེ་འདི་མངོན་སུམ་གྱིས་གྲུབ་བོ་ཞེ་ན་ནི། འདི་ཤེས་པ་གང་གི་མངོན་དུ་བྱས། རྗེས་སུ་དཔགས་པས་གྲུབ་བོ་ཞེ་ན་ནི། འདི་ལ་རྟགས་ངེས་པ་གང་ཞིག་ཡོད། འདི་སྐད་དུ་མི་རྟོག་པའི་ཡེ་ཤེས་རང་གིས་མངོན་དུ་བྱས་སོ་ཞེ་ན་ནི། དེ་ལྟ་ན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སུའང་མི་འགྱུར་ལ་སངས་རྒྱས་ཀྱི་སྤྱོད་ཡུལ་གང་ཟག་ཏུ་ཁས་ལེན་པར་ཡང་འགྱུར་རོ། །གལ་ཏེ་དག་པ་འཇིག་རྟེན་པས་མངོན་དུ་བྱས་སོ་ཞེ་ན་ནི། མི་ནུས་པ་དང་ཁྱོད་ཉིད་དག་པ་འཇིག་རྟེན་པ་འདོད་པ་མ་ཡིན་ནོ། །དེས་ན་མངོན་སུམ་གྱིས་མ་གྲུབ་བོ། །རྗེས་སུ་དཔག་པས་ཀྱང་མི་འགྲུབ་སྟེ། ཡོན་ཏན་དམིགས་པས་ཡོན་ཏན་ཅན་རྗེས་སུ་དཔག་གོ་ཞེས་ཟེར་ན། ཡོན་ཏན་མི་རྟོག་པའི་ཡེ་ཤེས་ལ་མ་ལྟོས་ཀྱང་འབྱུང་དུ་རུང་བར་གོང་དུ་བསྟན་པས་རྗེས་སུ་དཔག་པས་མ་གྲུབ་བོ། །ཡོད་ན་སྐྱོན་དུ་འགྱུར་བ་ནི་གྲུབ་སྟེ། འདི་ལྟར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་དང་། གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བ་ཆོས་ཀྱི་དབྱིངས་དང་མཐུན་པར་སྐྱེས་པ་ལ་བྱའོ་ཞེས་འདོད་པ་མ་ཡིན་ནམ། རང་རིག་པ་སྐད་ཅིག་མའི་མཚན་ཉིད་ཙམ་དུ་སྐྱེ་ན་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་རང་རིག་པ་དང་མཐུན་པར་སྐད་ཅིག་མར་སྐྱེ་བ་ཡིན་པར་འགྱུར་རམ། དེ་ལྟ་མ་ཡིན་ན་དེ་ལྟ་བུའི་མཚན་ཉིད་དུ་སྐྱེས་པས་ཇི་ལྟར་མཐུན་པར་སྐྱེ་ཞེས་བརྗོད། དེས་ན་མཐུན་པར་སྐྱེས་པ་ཡང་མི་འགྲུབ་བོ། །གཞན་ཡང་གོང་དུ་བསྟན་པ་ལྟར་ཤེས་པ་ཐམས་ཅད་རང་རིག་པར་ཤེས་པའང་སྤྲོས་པའི་བག་ཆགས་ཀྱི་དབང་མ་ཡིན་ནམ། གང་གི་ཕྱིར་རིག་པ་ཙམ་ཉིད་ཀྱང་སྤྲོས་པ་ཡིན་པ་དེ་ཡི་ཕྱིར་སྤྲོས་པ་ཉེ་བར་ཞི་བ་ལ་ནི་རིག་པ་ཙམ་ཡང་ཁས་བླང་བར་མི་རུང་ངོ་། །ཆོས་ཀྱི་དབྱིངས་དང་མཐུན་པར་སྐྱེས་ཤེས་བརྗོད་པའང་། རིག་པའི་ཆོས་རྒྱུད་ལ་སྐྱེས་པ་ནི་མ་ཡིན་གྱི། དེ་ལྟ་བུར་གྱུར་པ་ལ་སྐྱེས་ཞེས་བརྗོད་དོ། །དེ་ལྟར་ན་གཞིག་ཏུ་མི་རུང་བ་མེད་པ་དང་། ཆེད་དུ་གཞན་པའི་དགོས་པ་མེད་པ་དང་། རེ་ཞིག་སྒྱུ་མ་ཙམ་དུ་སྒྲུབ་པའི་རིགས་པའང་མེད་པ་དང་། དགག་པའི་རིག་པའང་ཡོད་པས། འདི་སྐད་དུ། སངས་རྒྱས་རྣམས་ཀྱི་རྒྱུད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངའོ་ཞེས་མ་ཟེར་ཅིག འདི་ནི་མདོ་ལས་ཀྱང་གསུངས་པ་ཡིན་ཏེ། འདི་སྐད་དུ་དེ་བཞིན་གཤེགས་པའི་དགེ་ཆོས་ཟག་མེད་ནི། །ཆོས་ཀྱི་སྐུ་མཆོག་ཡིན་ཏེ་དེ་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་མེད་དེ། །འཇིག་རྟེན་དག་ན་གཟུགས་བརྙན་ཀུན་ཏུ་སྣང་། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ། དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་མཚན་ཉིད་ཡོད་པ་མ་ཡིན་མོད་ཀྱི། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དག་ནི། གཟུགས་བརྙན་ཀུན་ཏུ་སྣང་བའོ་ཞེས་གསུངས་ལ་གཟུགས་བརྙན་ནི་དབང་ལས་སྣང་བའོ། །སྤྲོས་པ་དང་བྲལ་བའི་དོན་དེ་ཉིད་གསང་སྔགས་ཀྱི་ངོ་བོར་ཡང་གསུངས་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་བསྟན། ཆོ་ག་སྣ་ཚོགས་སུ་བྱིན་གྱིས་བརླབས་ཞེས་ཀྱང་བསྟན་ཏེ། དེ་ཉིད་འདུས་པའི་རྒྱུད་ཆེན་པོ་ལས་གསང་སྔགས་ཀྱི་ཐབས་ཀྱི་ཆོ་གའི་སྐབས་སུ་བཤད་པ། བདེན་ལས་འཇིག་རྟེན་འདི་ཉམས་པས། །སྔགས་ཀྱི་དངོས་གྲུབ་ཐོབ་མི་འགྱུར། །སྤྲོས་པ་མེད་པའི་ཐབས་ཀྱིས་ནི། །དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར། །ཞེས་གསུངས་ཏེ། གསང་སྔགས་ཀྱི་དངོས་པོ་ནི་སྤྲོས་པ་མེད་པ་ཡིན་ལ། དེའི་ཐབས་ཀྱི་ཆོ་ག་ནི་སྐྱེད་པའི་ཆོས་རྣམས་ཡིན་ནོ། །གསང་སྔགས་ཞེས་བྱ་བ་སྤྲོས་པ་མེད་པའི་དོན་དེ་ཉིད་དེ་བསྐྱེད་པའི་ཐབས་ཀྱི་ཆོ་ག་ཐམས་ཅད་དུ་བྱིན་གྱིས་བརླབས་པར་ཡང་བསྟན་ཏེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། གསང་བ་པའི་བདག་པོ་སྔགས་ཀྱི་མཚན་ཉིད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མ་མཛད་བྱེད་དུ་མ་བཅུག རྗེས་སུ་ཡི་རངས་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། །ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱི་ཆོས་ཉིད་དོ་ཞེས་བྱ་བ་ནས། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ཆོས་ཉིད་དེ། ཚུལ་སྣ་ཚོགས་དང་དགོས་པ་སྣ་ཚོགས་ཀྱིས་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ། ཚིག་སྣ་ཚོགས་དང་། ཡིག་འབྲུ་སྣ་ཚོགས་དང་། ཡུལ་ངེས་པའི་ཚིག་ཏུ་བརྗོད་པ་སྣ་ཚོགས་དང་། དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ་གསང་སྔགས་ཀྱི་ཚུལ་འཆད་དོ་ཞེས་ཇི་སྐད་གསུངས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་ལ་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ། རིག་པ་དང་རྟོག་པའི་མཚན་ཉིད་ཅན་ཡོད་པར་སྒྲུབ་པ་འདི་ལ་རིགས་པ་འགའ་ཡང་མ་མཐོང་ངོ་། །དེ་ལ་སླར་དྲིས་པ། ཡོན་ཏན་གྱི་རྟེན་ཡེ་ཤེས་མི་མངའ་ན། འགྲོ་བའི་དོན་དུ་ཡོན་ཏན་སྣང་བའི་རྒྱུ་བྱང་ཆུབ་སེམས་དཔའི་གནས་སྐབས་ན་བསྐྱེད་པའི་སྨོན་ལམ་དང་། སྙིང་རྗེ་ཡིན་པ་དེ་ལྟ་ན་དེ་བཞིན་གཤེགས་པའི་ཡོན་ཏན་དུ་མི་འགྱུར་གྱི། འདི་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་དུ་འགྱུར་རོ་ཞེ་ན། སྐྱོན་འདི་ནི་ཁྱེད་ཉིད་ལ་ཡང་མཚུངས་པ་སྟེ། འདི་སྐད་དུ། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ཡིད་བཞིན་གྱི་ནོར་བུ་ཆེན་པོ་བཞིན་དུ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་འབྱུང་ངོ་ཞེས་འདོད་དེ། སངས་རྒྱས་ནས་ཀྱང་འགྲོ་བ་པའི་དོན་བཙལ་དགོས་སོ་ཞེས་ནི་མི་འདོད་དོ། །འདི་སྐད་དུ་སློབ་པ་དང་མི་སློབ་པའི་འབྲས་བུའི་ངོ་བོ་ཉིད་ནི་སངས་རྒྱས་ཏེ། ཞེས་གསུངས་པས། འདི་ལ་ཡེ་ཤེས་ཙམ་ཡོད་པས་སྨོན་གྱི་ཐུགས་རྗེ་དང་སྨོན་ལམ་གཞན་གྱི་དོན་གྱི་རྒྱུར་མི་འགྱུར་བ་ལ་ཕན་པ་མེད་དོ། ཡང་དྲིས་པ། བྱང་ཆུབ་སེམས་དཔའི་ས་ལ་སྒྲིབ་པ་རིམ་གྱི་སྤོང་བའི་ཚེ་ཡེ་ཤེས་རིམ་གྱིས་འཕེལ་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་དུས་གཅིག་ཏུ་རྒྱུན་ཆད་པར་ཇི་ལྟར་རུང་། སྨྲས་པ། ས་དང་པོ་ཐོབ་ནས་སྣང་བ་རིམ་གྱིས་ལོག་སྟེ། ས་ལྔ་པ་ལ་བདག་དང་གཞན་གྱི་རྒྱུད་དུ་སྣང་བ་ལོག་ནས། དྲུག་པ་ལ་མཚན་མ་མེད་པ་ལ་ངང་གིས་འཇུག་པས་རིམ་གྱིས་སྣང་བ་ལོག་པར་བཤད་པ་མ་ཡིན་ནམ། སྣང་བ་ཇི་ལྟར་ལོག་པ་ལྟར་སྣང་བའི་གཞི་ཤེས་པའང་ལོག་པ་མ་ཡིན་ནམ། དེ་ལྟར་ན་སྣང་བ་མ་ལུས་པར་ལོག་པ་ལ། དེའི་གཞི་པོའི་ཤེས་པ་ཅི་ཞིག་ལུས། དེས་ན་ཡེ་ཤེས་སྐྱེས་ཞེས་ཟེར་བ་ནི། མཚན་མ་ཆེས་ཞི་བར་གྱུར་པ་ལ་བྱ་བར་ཟད་དེ། དེ་བས་ན་འདི་ལ་སྐྱོན་ཡོད་པ་མ་སྨྲ་ཞིག དེ་ནས་ཡང་དག་པ་འཇིག་རྟེན་པའི་ཡེ་ཤེས་འདོད་པས་མི་འདོད་པ་དེ་གཉིས་ལ་བརྒལ་བ། བདག་དང་གཞན་གྱི་དོན་དུ་ཆེ་བའི་ཡོན་ཏན་གྱི་ཚོགས་གྲུབ་པ་ལ། དག་པ་འཇིག་རྟེན་པའི་ཡེ་ཤེས་འདི་དགོས་པ་མེད་པ་ཁྱེད་སྨྲ་བ་བདེན་དུ་ཆུག་ཀྱང་། རྣམ་པར་མི་རྟོག་པ་ཇི་ལྟར་ཐོབ་པ་ལྟར་མངོན་པར་ཤེས་པ་དང་སྟོབས་རྣམས་འཕེལ་བར་བཤད་པ་དེ་ཁྱེད་ཉིད་ཀྱང་འདོད་པ་མ་ཡིན་ནམ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ས་ལ་ཡེ་ཤེས་འཕེལ་བར་གྱུར་པ་དེ། སངས་རྒྱས་ཀྱི་ས་ལ་རྒྱུན་ཆད་པ་འདི་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང་། སངས་རྒྱས་རྣམས་ཀྱིས་འགྲོ་བའི་རྒྱུད་མཁྱེན་པའི་ཡེ་ཤེས་མེད་ན། ཕྱོགས་གཅིག་ལ་རྨོངས་པར་ཡང་འགྱུར་རོ་ཞེ་ན། སླར་སྨྲས་པ། འདི་ལ་རིགས་པ་ཡོད་དེ། དཔེར་ན་གང་ཟག་གང་ཞིག་བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་ནས། བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཐོབ་ཀྱི་བར་དུ། ཏིང་ངེ་འཛིན་དེ་ལ་བརྟེན་ནས་མངོན་པར་ཤེས་པ་འཕེལ་བར་འགྱུར་གྱི། དེ་བས་ཆེས་ཞི་བ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་ནས་སྣ་ཚོགས་ཀྱི་འདུ་ཤེས་མི་འབྱུང་བ་དང་འདྲ་བར། ས་དང་པོ་ནས་བཅུ་པའི་བར་དུ་ཏིང་ངེ་འཛིན་ཞི་བར་གྱུར་ཅིང་མངོན་པར་ཤེས་པ་དང་སྟོབས་འཕེལ་བ་རིགས་ཀྱི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་གནས་འགྱུར་ནས། མཚན་མ་ལ་དམིགས་པའི་ཤེས་པ་སྐྱེ་བར་མི་རིགས་སོ། །ཕྱོགས་གཅིག་ལ་རྨོངས་པའང་མ་ཡིན་ཏེ། སྤྲོས་པ་དང་བྲལ་བའི་རྣམ་པར་དག་པར་གྱུར་པ་ཉིད། མ་ལུས་པར་མཁྱེན་པ་ཉིད་ཡིན་ནོ། །ཡང་བརྒལ་བ། སངས་རྒྱས་ཀྱི་ས་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་ཏེ་སོ་སོའི་སྐྱེ་བོའི་རིགས་པས་གནོད་པ་འདྲ་བ་སྣང་ཡང་། ངེས་པར་ཚད་མས་གཞལ་བར་བྱ་བ་མ་ཡིན་པས་ཡེ་ཤེས་འདི་ཁྱེད་ཀྱིས་སྤང་དུ་མི་རུང་ངོ་ཞེ་ན། དེ་ནི་ཁོ་བོ་ཅག་ཀྱང་འདོད་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། འདི་དག་སྤོང་བའི་གཟུ་བོ་མི་བྱེད་ཀྱིས། ཁྱེད་ཅག་རྣམས་ཀྱང་གོང་དུ་བཤད་པ་རྣམས་ལ་སྐུར་བར་མ་བྱེད་ཅིག རིགས་པས་རྣམ་པར་བཞག་ན། ཆེས་ཆེ་བ་ཉིད་དུ་གྱུར་པ་འདི་ལ། ང་རྒྱལ་གྱིས་བརྩད་པས་དོན་རྙེད་པར་མ་མཐོང་ངོ་། །དེ་བས་ན་འདི་ལྟར་རྟོགས་པར་བྱ་སྟེ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་འདི་དག་ལ། རིགས་པ་ཆེ་ཆུང་ཡོད་ཀྱང་ཆོས་ཐམས་ཅད་ཀྱི་གཞུང་ལས་སྤྱིར་གྲགས་པ་འདི་རྣམས་སྐྱེ་བོའི་ཚོགས་ཀྱི་ནང་དུ་ཇི་སྐད་བཤད་པའི་སྤྱི་སྐད་དུ་བཤད་པར་བྱའོ། །རང་གི་གྲུབ་པའི་མཐའ་ལ་རིགས་པ་གང་ཆེ་བ་ལྟར་གཟུང་བར་རིགས་སོ། །འོན་ཀྱང་བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་པས། ཡེ་ཤེས་རྣམ་པ་གཉིས་པོ་སངས་(རྒྱས)ཀྱི་རྒྱུད་ལ་མངའ་བར་འདོད་པའི་གཞུང་འདི་ལ་ངེས་པར་སྐུར་བ་ཡང་མི་བྱ་སྟེ། སྔོན་གྱི་སློབ་དཔོན་སངས་རྒྱས་གསང་བ་དང་། ཉི་མའི་འོད་འཕྲོ་བ་ལ་སྩོགས་པས་ཀྱང་། འདི་ལྟ་བུ་དག་ལ་རྣམ་པར་དབྱེ་བ་ཡང་མཛད་ནས་ཡོད་འདི་ལྟ་བུ་ནི་བདག་ཅག་ལྟ་བུའི་སྤྱོད་ཡུལ་མ་ཡིན་པས། འདི་དག་ནི་གཞག་པར་བྱའོ་ཞེས་གསུངས་པ་བཞིན་དུ་གང་ཟག་གཞན་གྱིས་ཀྱང་རང་གི་བློ་ལ་ཇི་ལྟར་རིག་པ་ཙམ་གཞག་པར་བྱའོ། །ངེས་པར་ཁས་བླང་བར་མི་བྱའོ། །ཤིན་ཏུ་འགལ་བ་ཆེ་བ་རྣམས་ནི་སུན་དབྱུང་བར་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཡེ་ཤེས་ཀྱི་རྒྱུད་ཀྱིས་བཟུང་ཞིང་། གནས་སུ་བྱིན་གྱིས་བརླབས་གཟུགས་ཀྱི་སྐུ་མངའོ་ཞེས་འདོད་པ་དང་། སྐུ་དེ་ལ་ཡང་ཚོར་བ་བདེ་བ་མངའ་འོ་ཞེས་འདོད་པ་དང་། སྐུ་དེའང་སྐྱེས་པའི་གཟུགས་ཅན་ནོ་ཞེས་འདོད་པ་དང་། གཞན་ཡང་བུད་མེད་ལ་ལོངས་མི་སྤྱོད་དོ། །ཞེས་འདོད་པ་དང་། བུད་མེད་ལ་ལོངས་སྤྱོད་དེ་འདི་ལྟར་རྟག་ཏུ་བདེ་བ་མི་འགྱུར་བ་དང་ལྡན་ཏེ། དེའི་ཁུངས་ཀྱང་རྒྱུད་དང་མན་ངག་རྣམས་ལ་བརྟེན་ནས། ཆོས་ཉིད་ཀྱི་རོ་མྱོང་བ་ལ་བརྟེན་ནས་ཐུགས་ཀྱི་བདེ་བ་དང་། སྐུའི་བདེ་བ་གཉིས་དང་ལྡན་པ་དང་། ལྷ་མོ་ལ་སྩོགས་པ་ཡུལ་གྱི་བདེ་བ་ལ་བརྟེན་ནས་རོལ་པའི་བདེ་བ་དང་། ཕྱི་རོལ་གྱི་བདེ་བ་གཉིས་དང་ལྡན་ཏེ། འདི་ལྟ་བུ་ལ་སྩོགས་པ་བདེ་བའི་རྒྱ་མཚོ་མི་འགྱུར་བ་མངའ་བ་དང་། དེ་ལ་ཡང་འདོད་ཆགས་ལ་སྩོགས་པའི་ཟག་པ་མི་མངའ་བ་དང་། ཐུགས་རྗེ་ཆེན་པོ་ལ་སྩོགས་པ་ཡན་ལག་དྲུག་ལ་སྩོགས་པའི་ཆོས་འདི་དག་འདོད་པ་ནི་གདུལ་བྱ་ལ་སྣང་བ་མ་གཏོགས་པ་སངས་རྒྱས་ཉིད་ཀྱི་རྒྱུད་ལ་ངེས་པར་མངའ་བར་འདོད་ན། གདོན་མི་ཟ་བར་སུན་དབྱུང་བར་བྱ་སྟེ། དེ་ལ་གཏན་ཚིགས་འདི་དག་བརྗོད་པར་བྱ་སྟེ། སོ་སོའི་སྐྱེ་བོ་རྣམས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་ལུས་ལེན་པ་ནི་བདག་ཏུ་ལྟ་བ་དང་བཅས་པའི་སྲེད་པས་ཡ་འགྲུབ་པ་ཡིན་ཏེ། འདི་ནི་ཁྱེད་ཅག་ཀྱང་འདོད་པ་མ་ཡིན་ནམ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་གྱི་ལུས་འགྲུབ་པའི་རྒྱུ་ནི། བདག་ཏུ་ལྟ་བའི་བག་ལ་ཉལ་ལ་བརྟེན་ནས་གནས་ཀྱི་སའི་མ་རིག་པའི་རྒྱུ་ལས་བྱུང་བ་ཡིན་པར་ཁྱེད་ཉིད་ཀྱང་འདོད་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་རྣམས་ནི་བདག་ཏུ་ལྟ་བའི་བག་ཆགས་ཐམ་ཅད་མ་ལུས་པ་ཟད་པས། གནས་ཀྱི་སའི་མ་རིག་པའང་མི་མངའ་ན་གནས་སུ་འཛིན་པ་མི་མངའ་བ་བཞིན་དུ་ཤེས་པ་གང་གིས་ལུས་ལེན་པར་འགྱུར། འདི་སྐད་དུ། བདག་ཏུ་ལྟ་བ་སྤངས་པའི་ཕྱིར་གནས་ལ་ཐ་དད་ཡོད་མ་ཡིན། ཞེས་གསུངས་པ་འདི་ལྟ་བུ་ཡང་ཁྱེད་ཅག་སྐུར་བར་བྱེད་དམ། གཞན་དུ་འདྲེན་པར་བྱེད། བསོད་ནམས་ཀྱི་རྒྱུ་ལས་བྱུང་ངོ་ཞེ་ན་ཡང་། འཁོར་བའི་ཆུ་བོ་ལས་མ་རྒལ་བའི་དུས་ན་བསོད་ནམས་ཀྱི་ལམ་གྱི་གྲུའི་ཚོགས་ཀྱང་། སྟེན་ཅིང་ལྡན་པར་བཤད་ཀྱི། །བྱང་ཆུབ་བརྙེས་བཞིན་དུ་ད་དུང་ལུས་དང་ལོངས་སྤྱོད་དང་བཅས་པ་འཛིན་པ་ནི་སྐྱེ་བོ་རྣམས་ཀྱི་བློས་མི་ཤེས་ཀྱིས། ཁྱེད་ཉིད་སངས་རྒྱས་སུ་ཁས་ལོངས་ལ་སྨྱོས་ཤིག གཞན་ཡང་འདི་སྐད་དུ། སངས་རྒྱས་སྐྱེས་ལུས་སུ་སྒྲུབ་ཏུ་རུང་བའང་མེད་ཀྱི། ལྷ་ཆེན་པོའི་བཤད་པ་དང་འདྲ་བར། བདག་ཡོངས་སུ་དག་ཅེས་བྱ་བ་འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱོད་དེ། བདེ་བའི་ཚོར་བ་ཐམས་ཅད་དང་ལྡན་པའི་དབང་ཕྱུག་མི་འགྱུར་བ་ཞིག་ཡོད་པར་འདོད་པ་དང་། ཁྱད་པར་ཅུང་ཟད་ཀྱང་མེད་ཀྱིས་ཁྱེད་ཅག་རྣམས་ལྟ་བ་འདི་གཏོང་བར་མི་སྤྲོ་ན། སངས་རྒྱས་ཀྱིས་བསྟན་པའི་ཆོས་ལ་བརྩལ་མི་དགོས་ཀྱིས། དབང་ཕྱུག་གིས་བསྟན་པའི་ཆོས་ལ་སྤྲོ་བར་གྱིས་ཤིག དེ་དག་གིས་སླར་དྲིས་པ། བདག་ཅག་གཞུང་འདི་ཡང་རང་བཟོ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་བཀའ་ཉིད་ལས་སྣང་བ་ཉིད་ཡིན་པས། ཉེས་པར་མི་འགྱུར་རོ་ཞེ་ན། དེ་ལ་སྨྲས་པ། སངས་རྒྱས་ཀྱི་བཀའ་ལས་དེ་ལྟར་འབྱུང་བ་དང་། ལས་དག་པ་རྣམས་ཀྱི་གདུལ་བྱ་ལ་དེ་བཞིན་དུ་བྱུང་བ་ནི་བརྫུན་པ་མ་ཡིན་ཏེ། ཡོད་པ་ཡིན་པས། ད་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདི་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐྱེས་པའི་ལུས་ལ་རྒྱལ་རིགས་ལས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཉེ་བར་བསྟེན་པའི་འཁོར་རྣམས་བཞི་དང་། ལྷ་མ་སྲིན་སྡེ་བརྒྱད་ལ་སྩོགས་པ་སྤྱིའི་འཁོར་གྱི་ས་དཀྱིལ་འཁོར་དུ་ཐེག་པ་སྣ་ཚོགས་ཀྱི། ཆོས་ཀྱི་འཁོར་ལོ་བསྐོར་བར་སྣང་བ་བརྫུན་པ་མ་ཡིན་པ་དེ་བཞིན་དུ། དཔལ་རྣམ་པར་སྣང་མཛད་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ན། གདུལ་བྱ་སྨིན་པར་མཛད་པ་དང་། དཔལ་རྡོ་རྗེ་སེམས་དཔའ་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་ན། འདོད་པའི་ཡོན་ཏན་ལ་རོལ་པས་གདུལ་བྱ་སྨིན་པར་མཛད་པར་སྣང་བའང་། བརྫུན་པ་མ་ཡིན་པར་མཚུངས་མོད་ཀྱི། དེ་དག་ཐམས་ཅད་ལའང་ཐུན་མོང་དུ་ཡེ་ཤེས་ཀྱི་རྒྱུད་ཀྱིས་གཟུགས་ཀྱི་སྐུ་གཟུང་བ་མི་མངའ་སྟེ། ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། སྨོན་ལམ་གྱི་དབང་ངམ། ཡང་ན་དེ་དག་གི་སྟེང་དུ་ཡེ་ཤེས་ཆེན་པོའི་དབང་ལས་ཀྱང་དེ་ལྟ་བུ་དག་སྣང་སྟེ། དེས་ན་དཔེར་ན་མེ་ལོང་གི་གཟུགས་བརྙན་མེ་ལོང་དག་པའི་དབང་དང་། བཞིན་གྱི་རྒྱུ་ལས་སྣང་ཡང་། མེ་ལོང་ལས་མ་འདས་པས། མེ་ལོང་གི་ཆོས་སུ་བརྩི་ཞིང་གཞི་མེ་ལོང་གིས་བཟུང་བ་འདྲ་ནའང་། གཟུགས་བརྙན་ལ་རྟེན་གྱི་འབྱུང་བ་ཆེན་པོ་མེད་པས། མེ་ལོང་གིས་བཟུང་བ་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུའང་། ཆོས་ཀྱི་སྐུའི་དབང་ལས་སྣང་ཞིང་དེ་ལས་འདས་པ་མེད་པས། ཆོས་ཀྱི་སྐུ་དེ་བཞིན་དུ་བཤད་ཅིང་སངས་རྒྱས་ཀྱི་སྐུར་བགྲངས་ཀྱང་། ཆོས་ཀྱི་སྐུ་ལ་བདག་ཏུ་ལྟ་བའི་གནས་མེད་པས་གཟུགས་ཀྱི་སྐུ་ལ་རྟེན་པའི་ཕྱིར། ཡེ་ཤེས་ཀྱི་རྒྱུད་ཀྱིས་གཟུགས་ཀྱི་སྐུ་བཟུང་བར་སྨྲར་མི་རུང་ངོ་། །དེ་ཉིད་ཀྱིས་ན། གཟུགས་ཀྱི་སྐུའི་ཆོས་ཐམས་ཅད་ཀྱང་བློས་གཟུང་ཀྱང་རྟེན་མི་རྙེད་དེ། ཇི་ལྟར་བྱིས་པ་ཆུས་ཁྱེར་བས་རྩ་དྲུང་ཕྱུང་ལ་འཛིན་པ་དང་འདྲའོ། །སངས་རྒྱས་ཀྱི་སའི་ལྟ་བའི་བྱེ་བྲག་འདི་དག་གི་དབྱེ་བ་རྣམ་པར་གཞག་པ་འདི་ལྟ་བུ་ནི། བདག་ཅག་ལྟ་བུའི་སྤྱོད་ཡུལ་མ་ཡིན་ཡང་། དུས་ཀྱིས་མནར་བའི་གང་ཟག་རྣམས་རྒྱལ་བའི་བཀའི་ཚིག་ཙམ་ལ་བརྟེན་ནས་འཇུག་པ་དང་། གང་ཟག་གི་ཕྱིར་འབྲངས་ཏེ། ལྟ་བ་དམན་པའི་ཕྱོགས་ལ་ལྟ་བ་དམ་པར་བཟུང་ནས། རིགས་པ་མེད་པར་སྒོ་སྐུར་དུ་སྤྱོད་པའང་མང་དུ་སྣང་བས། དེ་དག་གི་དོན་དུ་འགྱུར་ཡང་སྲིད་པ་དང་། རང་གི་རྗེས་སུ་འབྲང་བའི་སློབ་མ་རྣམས་ཀྱིས་ཚུལ་འདི་དག་གི་རིགས་པ་གཟུང་བའི་དོན་དུ་བརྗེད་བྱང་དུ་བྲིས་པ་ཡིན་ནོ། །བོད་ཀྱི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པ་རྫོགས་སོ།། །།

རྒྱུད་སྤྱིའི་དངོས་པོ་གསལ་བར་བྱེད་པའི་ཡི་གེ་རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པ་བཞུགས། རྒྱུད་དང་ཀལྤའི་ནང་ནས། བསྟན་པར་བྱ་བའི་དངོས་པོ་ནི། དམ་ཚིག་དངོས་པོ་འདི་དགུ་ཁོང་ཁུར་རྒྱུད་ཀུན་ནས་ཀྱང་འབྱུང་ན། དང་། དབང་དང་། ཕྲིན་ལས་དང་། དཀྱིལ་འཁོར་དང་། མཆོད་པ་དང་། བསྒོམ་པ་དང་། སྔགས་དང་། ཕྱག་རྒྱུ་དང་། དངོས་པོ་མིང་གདགས་པར་གསལ་བ་ནི། ཏན་ཀུན་གྱི་མཇུག་གི་དོན་འཕགས་པ་ཐབས་ཀྱི་ཞགས་པ་ལས་འབྱུང་ངོ་། །བསྒྲུབ་པ་རྣམས་སྟོན་ཏེ། ལྟ་བ་དང་། སྤྱོད་པ་དང་མན་ངག་ཅེས་གྲགས་པ་ཡང་འདི་དག་ཏུ་འདུས་སོ། །གསང་སྔགས་ཀྱི་ཚུལ་དེ་ཁོ་ན་ཉིད་བཅུ་ཞེས་གྲགས་པ་ཡང་འདི་དག་ལས་གུད་ན་མེད་དོ། །དེ་ལ་རྒྱུད་ཅེས་བྱ་བ་ནི་དོན་འདི་རྣམས་སྟོན་པའི་སྒྲར་སྣང་བའི་བདག་ཉིད་དོ། །དེའི་རབ་ཏུ་དབྱེ་བ་ནི། དོན་དང་ཚིག་གི་སྒོ་ནས་རྣམ་པ་དྲུག་སྟེ། དེ་ལ་དོན་གྱི་སྒོ་ནས་རྣམ་པ་གསུམ་སྟེ། གཞིའི་རྒྱུད་ཅེས་བྱ་བ་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་དང་། ཐབས་ཀྱི་རྒྱུད་ཅེས་བྱ་བ་ལམ་གྱི་དངོས་པོས་བསྡུས་པ་རང་བཞིན་ཞེས་གྲགས་པ་དང་། འབྲས་བུའི་རྒྱུད་ཅེས་བྱ་བ་འབྲས་བུའམ་ཐོབ་པར་བྱ་བའི་ཆོས་ཀྱི་བྱེ་བྲག་གི་རྒྱུད་ཅེས་གྲགས་པའོ། །ཚིག་གི་སྒོ་ནས་ནི། སྒྲར་སྣང་བ་དང་། སྒྲར་གྲགས་པ་དང་། །གླེག་བམ་དུ་གཏོགས་པའོ། །ངེས་པའི་ཚིག་གི་ཚུལ་གྱིས་ནི། ཏན་ཞེས་བྱ་བའི་སྒྲ་རྒྱུད་དང་ཐགས་དང་། གཞན་གྱི་དབང་གི་མཚན་ཉིད་རྣམས་ལ་འཇུག་སྟེ། འདི་རྣམས་ཀྱང་རྟེན་ཅིང་འབྲེལ་བའི་དོན་དང་། གཞན་ལ་རག་ལས་པའི་དོན་དང་། འཁྲུགས་པའི་དོན་དང་། ཕྱོགས་གཅིག་ཏུ་ཟིན་པར་བྱས་པ་མེད་པའི་དོན་གྱིས་ཏནྡྲ་ཞེས་བྱ་བའི་སྒྲར་བརྗོད་དོ། །དོན་འདིས་ན་ཐགས་དང་འདྲ་བས་རྒྱུད་ཅེས་བརྗོད་དོ། །འདིའི་ལྡང་ཚད་ནི། གླེང་གཞི་དང་། གླེང་བསླང་བ་དང་། རྒྱུད་ཀྱི་དངོས་པོ་དང་། ཡོངས་སུ་གཏད་པ་རྣམས་ཚང་བ་སྟེ། དེ་རྣམས་མ་ཚང་བ་ནི་ཀལྤ་ཕྱོགས་གཅིག་པ་ཞེས་བྱའོ། །དེ་ཡང་འདི་སྐད་དུ། དངོས་པོ་དང་ནི་ངོ་བོ་ཉིད། །དབྱེ་བ་ངེས་ཚིག་ལྡང་ཚད་ཀྱིས། །སྔགས་ཀྱི་རྒྱུད་ཚུལ་ཤེས་པར་བྱ། །དེ་ལ་ཀལྤ་ཞེས་བྱ་བ་ནི། །རྣམ་པར་མི་རྟོག་པའི་དོན་མཚོན་པར་བྱེད་པའི་མཚན་མའི་རྟོག་པ་ལ་བྱ་སྟེ། དེ་ཡང་རྒྱུད་དང་ཐབས་ཀྱི་ཆོ་ག་དང་། ལྷ་དང་དེའི་མཚན་མ་དང་། །དངོས་གྲུབ་རྣམས་ལ་རྟོག་པ་ཞེས་གྲགས་སོ། །དེ་ལ་རྒྱུད་ཀྱི་སྐབས་སུ་ན་ཁ་ལོངས་པ་དང་། མ་ལོངས་པ་ཐམས་ཅད་ལ་རྟོག་པ་ཞེས་བྱའོ། །ཐབས་ཀྱི་སྐབས་སུ་ནི། ལས་དང་དངོས་གྲུབ་ཀྱི་ཆོ་ག་ཞིབ་མོ་ལ་རྟོག་པ་ཞེས་བྱའོ། །ལྷའི་སྐབས་སུ་ནི། རྒྱལ་བའི་གཟུགས་ཀྱི་སྐུ་མཐའ་དག་དང་སྐུ་གསུང་ཐུགས་ཀྱི་མཚན་མའི་ཡན་ལག་ཕྲ་མོ་ཡན་ཆད་ལ་རྟོག་པ་ཞེས་བྱའོ། །དངོས་གྲུབ་ཀྱི་སྐབས་སུ་ནི། ཐོབ་ལྷ་ཉིད་དམ་དེའི་ཡོན་ཏན། པར་བྱ་བ་ཐམས་ཅད་ལ་རྟོག་པ་ཞེས་བྱའོ། །ངེས་པའི་ཚིག་གི་ཚུལ་གྱིས་ནི། རྟོག་པས་བརྟགས་པའམ་དེ་ལས་བྱུང་བས་རྟོག་པ་ཞེས་བྱའོ། །ངོ་བོ་དབྱེ་བ། ངེས་ཚིག་རྟོག་པའི་མཚན་མ་བརྗོད་པར་བྱ། དེ་ཀུན་ཐོབ་འགྲོ་དང་རྟོག་པ་དང་། ལ་དམ་ཚིག་ཅེས་བྱ་བ་ནི། བསྲུང་བར་བྱ་བའི་ཆོས་རྣམས་བསྲུང་བ་ལ་ནི་དམ་ཚིག་ཅེས་བྱ་བའི་སྒྲ་བརྗོད་དོ། །དངོས་སུ་རྩ་བ་ཡན་ལག་ཏུ་གཏོགས་པ། སྤྱི་དང་། །ཁྱད་པར་དུ་གྱུར་བའི་བསྲུང་མཚམས་རྣམས་སོ། །ཡང་དག་ཐོབ་སྩོགས་གསུམ་དེ་བཞིན། །རྫོགས་ཐོབ་དུས་དང་མཉམ་པར་སྦྱོར། །གསང་བ་རྟེན་དང་བཅའ་བ་དང་། །མནའ་དང་བསྟིམ་པ་ཡལ་གམ་བཅས། །དམ་པར་གྱུར་དང་དམ་པས་གསུངས། །དམ་པ་མཚོན་དང་དམ་དུ་འཛིན། །འདས་ན་བསྲེག་པར་བྱེད་པ་དང་། །འདའ་བར་བྱ་བ་མ་ཡིན་པས། །དམ་ཚིག་ཅེས་ནི་བྱ་བ་ཡིན། །འདི་ནི་ལེགས་པ་ཐམས་ཅད་འཛིན་པའི་ལས་ཅན་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ངེས་པའི་ཚིག་གི་ཚུལ་གྱིས་ནི། །ས་མ་ཡ་ཞེས་བྱ་བའི་སྒྲ །སྡོམ་པ་དང་། མནའ་དང་། རྟོག་པ་དང་། གསང་བ་དང་། མཉམ་པ་དང་། དམ་པ་དང་། བརྟེན་པ་དང་། དུས་དང་། ཡལ་གམ་བཅས་པ་རྣམས་ལ་འཇུག་སྟེ། འདི་རྣམས་གནས་སྐབས་གང་དུ་འཇུག་པ་དེ་ནི། ས་མ་ཡ་སཾ་བ་ར་ཞེས་པ་སྟེ་སྡོམ་པ་ལ་འཇུག ས་མ་ཡ་བ་པ་ཏ་ཐ་ཞེས་བྱ་སྟེ་མནའ་ལ་འཇུག ཨ་བྷི་ས་མ་ཡ་ཞེས་བྱ་སྟེ་རྟོགས་པ་ལ་འཇུག ས་མ་ཡ་ར་ཧ་སྱ། ཞེས་པ་སྟེ་གསང་བ་ལ་འཇུག ས་མ་ཡ་ས་མ་ཀ་ཡོ་ཞེས་བྱ་སྟེ། དམ་ལ་འཇུག ས་མ་ཡ་སེ་བ་ཞེས་བྱ་སྟེ། བརྟེན་ཅིང་སྤྱད་ལ་འཇུག ས་མ་ཡ་བེ་ལ་ཞེས་བྱ་སྟེ། དུས་ལ་འཇུག ས་མ་ཡ་དངོས་སུ་ཡལ་གམ་བཅས་པའི་ཐ་ཚིག་ལ་འཇུག་སྟེ། དོན་འདི་རྣམས་རང་རང་གི་སྐབས་སུ་སྦྱར་རོ། །ཡང་གཞན་ལས་ས་མ་ཡ་ག་བྱ་ཀ་ཏ་ཞེས་བྱ་སྟེ། དམ་པས་གསུངས་པའི་ཚིག་ཅེས་ཀྱང་ཟེར། ཡང་གཞན་ལས་ས་མ་ཀ་ཡེ་ལ་ཀ་ཏ་ད་ཧེ་ཞེས་ཟེར་ཏེ། དམ་པ་གང་ཡིན་པ་ལས་འདས་ན་འཚིག་པ་ཞེས་ཀྱང་བཤད། དེ་ནི་ངེས་པའི་ཚིག་ཏུ་ཤེས་པར་བྱའོ། །དམ་ཚིག་དང་སྡོམ་པ་དང་ཐ་ཚིག་ཅེས་བྱ་བ་ནི་རྣམ་གྲངས་སོ། །འདི་སྐད་དུ། ངོ་བོ་རབ་ཏུ་དབྱེ་བ་ལས། །དཔེ་དང་ངེས་ཚིག་རྣམ་གྲངས་ཀྱིས། །གསང་བའི་དམ་ཚིག་ཤེས་པར་བྱ། །དེ་ལ་དབང་བསྐུར་བ་ཞེས་བྱ་བ་ནི། དབང་ཐོབ་པའི་རྒྱུ་དང་ལྡན་པ། དཀྱིལ་འཁོར་ལ་བརྟེན་ནས། གོ་འཕང་གི་ཆོས་གཞན་གྱི་རྒྱུད་ལ་བཀོད་པའོ། །དེ་ལ་དབང་བསྐུར་ཐོབ་པའི་རྒྱུ་ནི། བླ་མ་ལ་དབང་ཡོད་པ་དང་། །སློབ་མ་རྒྱུད་དང་ལྡན་པ་དང་། །བླ་མ་སེམས་དགའ་བར་གྱུར་པ་དང་། སློབ་མས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དད་པ་བརྟེན་པ་དང་། །ལེགས་པར་དབང་བསྐུར་བ་བྱས་པའོ། །དབང་བསྐུར་བའི་རྟེན་གང་ཞེ་ན། དཀྱིལ་འཁོར་ལ་བརྟེན་པ་སྟེ། འདི་ལྟར་གང་ཡང་དཀྱིལ་འཁོར་རྣམ་པ་གསུམ་ལ་བརྟེན་ནས་དབང་ཐོབ་པའི་ཕྱིར་རོ། །དབང་གི་དངོས་པོ་ནི། ལམ་དང་འབྲས་བུར་བཅས་པའི་ཆོས་ཐོབ་པ་རྣམས་སོ། ངོ་བོ་ཉིད་ནི། དེ་གཞན་གྱི་རྒྱུད་ལ་བསྒོ་བར་བྱེད་པའི་ལས་ཀྱི་བདག་ཉིད་དོ། །དབང་འཛིན་པ་ནི་དམ་ཚིག་སྟེ། རྩིག་པ་དང་རི་མོ་བཞིན་ནོ། །འདི་ནི་དྲི་མ་དག་པར་བྱེད་པའི་ལས་ཅན་ཏེ། དེའི་འབྲས་བུ་ཐོབ་པར་ཡང་འགྱུར་བའོ། །རྒྱ་རྟགས་ནི་ཆུ་བླུགས་པ་སྟེ། འཇིག་རྟེན་ན་ལས་ལ་དབང་བསྐུར་བ་བཞིན་ནོ། །དབང་གི་མཚོན་པ་ནི་བུམ་པ་ལ་སྩོགས་པའི་དབང་རྫས་རྣམས་ཏེ། དེ་ལ་བརྟེན་ཅིང་མཚོན་ནས་གོ་འཕང་གི་ཆོས་གཞན་ལ་སྟེར་བའོ། །དེ་ཆོས་གང་གིས་བསྡུས་ཤེ་ན། ཕྱག་རྒྱ་རྣམ་པ་བཞིས་བསྡུས་པར་ཤེས་པར་བྱ་སྟེ། དེ་ལ་དབང་གི་དངོས་པོ་ནི། དམ་ཚིག་ཕྱག་རྒྱའོ། །དབང་གི་མཚོན་པ་ནི་སྐུ་ཕྱག་རྒྱའོ། །དབང་གི་མིང་ནི་ཆོས་ཀྱི་ཕྱག་རྒྱའོ། །དབང་བསྐུར་བ་དང་ཐོབ་པ་ནི་ལས་ཀྱི་ཕྱག་རྒྱའོ། །ཐོབ་པ་གང་ཞེ་ན། དབང་བསྐུར་བའི་ནུས་མཐུས། སློབ་མའི་རྒྱུད་ལ་ཆོས་སྔར་མ་ཐོབ་པའི་ཆོས་ཐོབ་པ་སྟེ། དེ་ཡང་བླ་མ་དང་སློབ་མའི་ནུས་མཐུའི་བྱེ་བྲག་གིས། ས་བོན་ཙམ་དང་འབྲས་བུ་མངོན་དུ་འབྱིན་པ་ལ་སྩོགས་པ་ཇི་ལྟར་ནུས་པ་བཞིན་ནོ། །ངེས་པའི་ཚིག་གི་ཚུལ་གྱིས་ནི། །ཨ་བྷི་ཥིཉྩ་ཞེས་བྱ་བའི་སྒྲ་མངོན་པར་གཏོར་བས་དབང་བསྐུར་བ་ཞེས་བྱ་སྟེ། །འདི་ཡང་ཕྱོགས་གཅིག་ལ་འཇུག་པའི་རྒྱུ་མཚན་ཡིན་ཏེ། དཔེར་ན་གོ །གོ་ཞེས་བྱ་བ་ག་ལ་ཞེས་བྱ་བའི་དོན་ཏེ་འགྲོ་བ་ལ་བྱ། ས་དང་བ་ལང་མཐོ་རིས་དང་རྡོ་རྗེ་རི་དང་འོད་དང་ཕྱོགས་རྣམས་ལ་འཇུག ཞེས་བྱ་བའི་སྒྲ། ས་དང་བ་ལང་ལ་སྩོགས་པ་ལ་འཇུག་པ་ཡང་ཨ་བྷི་ནི་མངོན་དུ་བ་འམ་མངོན་པ། ཥིཉྩ་ནི་ཆུ་བླུག་ཅིང་གཏོར་བ་སྟེ། འགྲོ་བའི་བྱ་བའི་ཆོས་ཙམ་འཛིན་པ་བཞིན་དུ། འདིར་མངོན་པར་གཏོར་བ་ཞེས་བྱ་བ་ཡང་། དྲི་མ་དག་པ་ཙམ་མཚོན་པར་བྱེད་དེ། དེའི་འབྲས་བུ་ཐོབ་པ་དང་། ཆོས་ལ་དབང་བསྒྱུར་བ་མཚོན་པར་བྱེད་དོ། །རབ་ཏུ་དབྱེ་བ་ནི་རྣམ་པ་གཉིས་ཏེ་ཕན་པ་དང་ནུས་པའོ། །རྣམ་པ་གཅིག་ཏུ་ཕྱི་དང་ནང་ངོ་། །དབང་བསྐུར་བ་དང་གོ་འཕང་བསྒོ་བ་དང་རིམ་པ་སྦྱིན་པ་ནི། །རྣམ་གྲངས་སུ་གཏོགས་པའོ། །རྒྱུ་རྟེན་དངོས་པོ་ངོ་བོ་ཉིད། །འཛིན་པ་ལས་དང་རྒྱ་རྟགས་དང་། །མཚོན་བྱ་བསྡུས་དང་ཐོབ་པ་དང་། །ངེས་ཚིག་དབྱེ་བ་རྣམ་གྲངས་ཀྱིས། །གསང་སྔགས་དབང་གི་མཚན་ཉིད་བརྗོད། །ཕྲིན་ལས་ནི་བདག་ཉིད་ཆེན་པོ་རྣམས་ཀྱི་ཐུགས་རྗེ་ཆེན་པོས། འགྲོ་བ་ལ་ཕན་འདོགས་པའི་མཛད་སྤྱོད་ཡིན་ཏེ། འདི་ཡང་ཚད་མེད་པ་བཞིའི་རྒྱུ་ལས་བྱུང་ཞིང་། ཤེས་རབ་ཆེན་པོས་ཟིན་པ་ནི། ཐབས་མཁས་པའི་ཕྲིན་ལས་ཞེས་བྱ་སྟེ། དེ་དག་དང་མི་ལྡན་ན། འཇིག་རྟེན་གྱི་བྱ་བ་ཕྲན་ཚེག་ཙམ་དུ་འགྱུར་རོ། །འདིའི་ཡུལ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དེ། དེ་ཡང་དམིགས་ཀྱིས་ནི། གནོད་སྡིག་ཅན་དང་། དབུལ་ཕོངས་དང་། ལོག་པར་ལྟ་བ་ཅན་དང་། དྲེགས་པ་ཅན་རྣམས་ནི་ཞིང་ཁུད་པའོ། །རབ་ཏུ་དབྱེ་བ་ནི། ཞི་བ་ལ་སོགས་པ་རྣམ་པ་བཞིའོ། །ཐབས་ནི། བསྒོམ་པ་དང་། བཟླས་བརྗོད་དང་། སྦྱིན་སྲེག་ཕུར་བུ་དང་། གཏོར་མ་དང་སྦྱོར་བ་དང་འཁྲུལ་འཁོར་གྱི་སྒོ་ནས་སྤྱོད་དོ། །མདོར་ན་ནང་ལ་བརྟེན་པ་དང་། ཕྱི་རོལ་གྱི་རྫས་ལ་བརྟེན་པ་དང་། གཉི་ག་ལ་བརྟེན་པའི་བྱེ་བྲག་གོ། །འབྲས་བུ་ནི་བདག་དང་གཞན་གྱི་དོན་གྲུབ་པ་སྟེ། འདི་ལྟར་བདེ་བ་དང་ལོངས་སྤྱོད་དང་དབང་དང་འདུལ་བའོ། །ངེས་པའི་ཚིག་གི་ཚུལ་གྱིས་ན། ཀརྨ་ཞེས་བྱ་བའི་སྒྲ། གརྟན་ཀྲྀ་ཏ་ཡ་ཀརྨ་ཞེས་བྱ་སྟེ། བྱེད་པ་རྣམས་ཀྱི་བྱ་བ་ནི་ལས་ཏེ། བྱེད་པ་པོའི་འདོད་པའོ། །ངོ་བོ་ཉིད་དང་རྒྱུ་དང་རྟེན། །ཡུལ་དང་ཞིང་དང་དབྱེ་བ་དང་། །ཐབས་དང་འབྲས་བུ་ངེས་ཚིག་གིས། །སྔགས་ཀྱི་ཕྲིན་ལས་ཤེས་པར་བྱ། །དཀྱིལ་འཁོར་ནི། རྒྱལ་བ་རྒྱ་མཚོ་འཁོར་དང་བཅས་པ། ཕོ་བྲང་དང་བཅས་པ་ལ་ནི། དཀྱིལ་འཁོར་གྱི་སྒྲར་བརྗོད་དེ། དེ་ཡང་རང་བཞིན་དང་། ཏིང་ངེ་འཛིན་དང་གཟུགས་བརྙན་ལ་སོགས་པའི་དབྱེ་བ་དང་། སྐུ་གསུང་ཐུགས་ལ་སྩོགས་པའི་དབྱེ་བས་བརྗོད་པར་བྱ་བ་ནི་མང་མོད་ཀྱི། ཉེ་བར་ནི་གང་དུ་གཞལ་ཡས་ཁང་དང་བཅས་པར་སྟོན་པ་སྟེ། ཉེ་བའི་སྒྲར་བརྗོད་དོ། །ངེས་པའི་ཚིག་གི་ཚུལ་གྱིས་ན། མཎྜལ་མཎྜ་ནི་སྙིང་པོའམ་བཅུད་ལ་འཛིན་པ་སྟེ། ཞེས་བྱ་བ་སྙིང་པོ་འཛིན་པའི་དོན་ཏེ། འདིས་སྙིང་པོའི་དོན་གྱི་དཀྱིལ་འཁོར་ཞེས་བརྗོད། གང་དུ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དང་། གཙོ་བོ་རྣམས་ལ་དཀྱིལ་འཁོར་སྙིང་པོ་ཉིད་ཡོན་ཏན་འཛིན་པས་ན། སྙིང་པོ་ཉིད་ཀྱི་དོན་དུ་སྦྱར། སྙིང་པོ་ཉིད་ཀྱི་སྒྲས་བརྗོད་དོ། །རྣམ་པ་གཅིག་ཏུ་མཎྜལ་ཞེས་བྱ་བ་ཁོར་ཡུག་ཏུ་བསྐོར་བའི་དོན་ཏེ་འདིས་བསྐོར་ཅིང་བཀོད་པའི་དོན་གྱིས་དཀྱིལ་འཁོར་ཞེས་བརྗོད་དེ། གང་དུ་འཁོར་དང་ཟླུམ་པ་ལ་སྩོགས་པ་དེའི་སྒྲར་བརྗོད་པ་རྣམས་སོ། །རྣམ་པ་གཅིག་ཏུ་མཎྜ་ནི་མནན་པ། ལ་ནི་འཛིན་པ་སྟེ། འདིས་འདུག་པའི་དོན་གྱིས་དཀྱིལ་འཁོར་ཞེས་བྱ་སྟེ། གང་དུ་གཞལ་ཡས་ཁང་དང་། ཉི་ཟླའི་གདན་ལ་སྩོགས་པ་ལ་བརྗོད་པ་རྣམས་སོ། །ངོ་བོ་དབྱེ་བ་ངེས་ཚིག་གིས། །རྒྱལ་བའི་དཀྱིལ་འཁོར་ཤེས་པར་བྱ། །མཆོད་པ་ཞེས་བྱ་བ་ནི། མཆོད་པའི་གནས་སུ་གྱུར་པ་རྣམས་ལ། བཀུར་བ་དང་ཡོན་འབུལ་བའི་སེམས་པས། །ལུས་ངག་ཡིད་གསུམ་དང་། ཕྱི་རོལ་གྱི་རྫས་ལ་སྩོགས་པའི་སྒོ་ནས། མཆོད་པའི་ལས་ཀྱི་བདག་ཉིད་དོ། །རབ་ཏུ་དབྱེ་བ་ནི། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་མཆོད་པར་གཞུང་ཁ་གཅིག་ལས་གྲགས་ཏེ། ཚུལ་འདི་ནི་དམིགས་པའི་ཡུལ་དུ་གྱུར་པ་ཞིང་གི་བྱེ་བྲག་དང་། ཡོངས་སུ་བསྔོ་བའི་བྱེ་བྲག་དང་། འབྲས་བུ་ཐོབ་པར་འགྱུར་བའི་བྱེ་བྲག་དང་། དངོས་པོའི་བྱེ་བྲག་གི་དབྱེ་བ་ཤེས་པར་བྱ་སྟེ། དེ་ལ་ཞིང་གི་སྒོ་ནས་ནི་འཕགས་པ་ལ་མཆོད་པ་ནི། འཇིག་རྟེནལས་འདས་པའོ། །འཇིག་རྟེན་པའི་མཆོད་པའི་གནས་རྣམས་མཆོད་པ་ནི། འཇིག་རྟེན་པའི་མཆོད་པའོ། །ཡོངས་སུ་བསྔོ་བའི་སྒོ་ནས་ནི། བྱང་ཆུབ་ཀྱི་ཕྱིར་བསྔོས་པའི་མཆོད་པ་ནི། འཇིག་རྟེན་ལས་འདས་པའོ། །དེ་ལས་གཞན་པ་ནི་འཇིག་རྟེན་པའོ། །འབྲས་བུ་མྱོང་བའི་སྒོ་ནས་ནི། ཐར་པའི་རྒྱུར་གྱུར་པའི་མཆོད་པ་ནི། འཇིག་རྟེན་ལས་འདས་པའོ། །དེ་ལས་གཞན་པའི་རྒྱུར་གྱུར་པ་ནི་འཇིག་རྟེན་པའོ། །དངོས་པོའི་སྒོ་ནས་ནི། དམ་པའི་ཆོས་ཕྱིན་ཅི་མ་ལོག་པར་བསྟན་པ་དང་། བསྒོམ་པ་ལ་སྩོགས་པའི་སྒོ་ནས་རྒྱལ་བ་མཉེས་པའི་མཆོད་པར་འགྱུར་རོ། །ཞེས་བྱ་བ་ལ་སྩོགས་པ་རྣམས་ནི། འཇིག་རྟེན་ལས་འདས་པའོ། །འདོད་པའི་ཡོན་ཏན་ལ་སྩོགས་པ་ནི་འཇིག་རྟེན་པའོ། །གཞན་ལས་དོན་དམ་པ་དང་། ཀུན་རྫོབ་ཀྱི་མཆོད་པ་ཞེས་གསུངས་ཏེ། དེ་ལ་རྣམ་པར་མི་རྟོག་པ་བསྒོམ་པ་ནི། དོན་དམ་པའི་མཆོད་པའོ། །དེ་ལས་གཞན་པ་ནི་ཀུན་རྫོབ་ཀྱི་མཆོད་པའོ། །ཡང་གཞན་ལས་ཕྱི་དང་ནང་དང་གསང་བའི་མཆོད་པ་ཞེས་གསུངས་ཏེ། དེ་ལ་སེམས་ཀྱི་སྤྲུལ་པ་ནི་ནང་གིའོ། །དེ་ལས་གཞན་པ་ནི་ཕྱིའི་འོ། །རྣམ་པ་གཅིག་ཏུ་རང་གི་རྒྱུད་དུ་གཏོགས་པ། ལུས་དང་ངག་དང་ཡིད་ཀྱིས་བསྡུས་པའི་མཆོད་པ་ནི་ནང་གིའོ། །གཞན་གཟུགས་ལ་སྩོགས་པ་ཕྱིའི་འདོད་པས་བསྡུས་པ་ནི་ཕྱིའི་འོ། །རྣམ་གཅིག་ཏུ་ཏན་གན་དང་བདུད་རྩི་དང་ཚོགས་ཆེན་པོའི་མཆོད་པ་ལ་སྩོགས་པ་ཡོ་ག་ཕྱི་པ་ལ་སྩོགས་པ་རྣམས་སུ་མ་གྲགས་ཤིང་། རྣལ་འབྱོར་ནང་པའི་མཛད་སྤྱོད་དུ་གྱུར་པ། ལྟ་སྤྱོད་རླབས་སུ་ཆེ་བའི་མཆོད་པ་ནི་ནང་གིའོ། །ཕྱི་པ་རྣམས་དང་མཐུན་པ་ནི་ཕྱིའིའོ། །གསང་བའི་མཆོད་པ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་མཆོད་པ་དངོས་སམ། དེའི་རྟགས་སུ་གྱུར་པ་རྣམས་སོ། །ཡང་ཁ་ཅིག་ལས་ནི། ལུས་ཀྱི་ཕྱག་རྒྱ་ལ་སྩོགས་པ་དང་། ངག་གི་སྔགས་ཕྱག་དང་ལྟ་སྟངས་ལ་སྩོགས་པ་ཕྱག་རྒྱའི་བྱེ་བྲག་གོ། །ལ་སྩོགས་པ་དང་། ཡིད་ཀྱི་དད་པ་དང་ཏིང་ངེ་འཛིན་ལ་སྩོགས་པ་དང་། ཕྱི་རོལ་གྱི་རྫས་ཀྱི་མཆོད་པ་ཞེས་ཀྱང་གྲགས་སོ། །དགོས་ཆེད་ཀྱི་སྒོ་ནས་ནི། གླུ་དང་ཚིགས་སུ་བཅད་པ་ལྟ་བུ་བསྡུ། བསོད་ནམས་ཀྱི་བདེ་འགྲོ་དང་ཐར་པའི་རྒྱུར་བསམ་ནས། ཕྱིར་དང་། ལས་ཀྱི་ཕྱིར་དང་། དངོས་གྲུབ་ཐུན་མོང་དང་མཆོག་གི། ཀྱི་ཕྱིར་དང་། །རབ་སྐུ་གཟུགས་ལ་སོགས་པ་བཀྲ་ཤིས་ཤིང་བྱིན་བསྐྱེད་པའི་ཕྱིར། ཏུ་གནས་པའི་ཕྱིར་མཆོད་པ་སྟེ། དེ་ལྟར་ན་དབྱེ་བ་རྣམ་པ་བཞིའོ། །ངེས་པའི་ཚིག་གི་ཚུལ་གྱིས་ནི། པཱུ་ཛ་ཞེས་བྱ་བའི་སྒྲ། སྔོན་དུ་ཞི་བ་ལ་སྩོགས་པ་གྲུབ་པའོ། །བསྐྱེད་པར་བྱ་བའི་ན་མཆོད་པ་ཞེའམ། ཡང་དང་ཡང་དགྱེས་པ་བསྐྱེད་པས་མཆོད་པ་ཞེའམ། པུ་ར་པཱ་ཛ་ཏ་ཞེས་བྱ་སྟེ་བསོད་ནམས་བསྩོགས་པའི་ལས་ཀྱི་སྔོན་དུ་འགྲོ་བས་པཱུ་ཛ་ཞེས་བྱ། རྣམ་པ་གཅིག་བཀུར་བའི་དོན་ནི་མཆོད་པའི་དོན་ནོ། །ཏུ་བཀུར་བའི་དོན་གྱིས་མཆོད་པ་ཞེས་བྱའོ། །པུ་ནར་པུ་ནར་སྲི་ཡང་ཛ་ཏ་ཞེས་བྱ་སྟེ་ཆོག་མི་ཤེས་པར་དགའ་བ་བསྐྱེད་པའི་རྒྱུར་འགྱུར་པའི་ཕྱིར་པུ་ཛ། ཞེས་བྱ། འདི་ནི་དགེ་བའི་ལས་སུ་བྱ་བ་རྣམས་ཀྱི་སྔོན་དུ་པུ་ཛ་རྦ་ག་ཏ་ཝཱརྦ་ཞེས་བྱ་སྟེ། འགྲོ་བའི་ལས་ཅན་ཏེ། དགོས་ཆེད་དུ་བསྟན་པ་རྣམས་གྲུབ་པའི་རྒྱུར་གྱུར་པའོ། །གཞན་ཡང་རྗེས་སུ་འབྲང་བ་ཡང་ཡིན་ཏེ། ཡོངས་སུ་བསྐང་བར་གྱུར་པའི་ཕྱིར་རོ། །ངོ་བོ་དབྱེ་བ་ངེས་ཚིག་དང་། །ལས་ཀྱིས་མཆོད་པ་ཤེས་པར་བྱ། །བསྒོམ་པ་ཞེས་བྱ་བ་ནི། ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་གོམས་པར་བྱེད་པ་ནི། བསྒོམ་པ་ཞེས་བྱའོ། །དེ་ལ་ལྷ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དང་། ཡེ་ཤེས་ཀྱི་བདག་ཉིད་དང་། དེ་དག་གིས་བྱིན་གྱིས་བརླབས་ཀྱི་མཚན་མ་རྣམས་ལ་བྱ་སྟེ། དེ་ལ་ཡེ་ཤེས་ཀྱང་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པ་མེད་པའི་བྱེ་བྲག་གི་རྣམ་པ་གཉིས་སོ། །གཟུགས་ཀྱི་མཚན་མའང་། ཐ་མལ་པ་དང་། ཁྱད་པར་དུ་སྣང་བ་སྟེ། དེ་ལ་ཁྱད་པར་དུ་སྣང་བ་ནི། ཡོངས་སུ་རྫོགས་པའི་གཟུགས་ཀྱི་སྐུ་དང་། དེའི་ཆ་ཤས་སུ་གཏོགས་པའི་ཕྱག་རྒྱའི་མཚན་མ་དང་། དེ་བཞིན་གསུང་གི་བྱེ་བྲག་ཏུ་སྣང་བའོ། །གསུང་དེ་ཡང་སྒྲ་དང་དེའི་བརྡར་གྱུར་པའི་ཡི་གེ་རྣམས་སུ་ཤེས་པར་བྱའོ། །ཐ་མལ་པར་སྣང་བ་ནི། ཡེ་ཤེས་ཆེན་པོའི་དབང་དང་། སྔོན་གྱི་སྨོན་ལམ་གྱི་ཤུགས་དང་། གདུལ་བྱའི་དཀར་པོའི་བག་ཆགས་ཀྱི་རྒྱུ་ལས། སྣོད་དང་བཅུད་དུ་བཅས་པའི་གཟུགས་སུ་འཕགས་པའི་བྱིན་གྱིས་བརླབས་སྣང་བ་འབྱུང་བའོ། །ལྷ་ཞེས་བྱ་བའི་གྲངས་སུ་གཏོགས་པ་མཐའ་དག་བཤད་ན་ནི། དོན་དམ་པའི་ལྷ་དང་། སེམས་པའི་བྱེ་བྲག་གི་ལྷ་གཉིས་སུ་ཡང་སྟོན་ཏེ། སེམས་པའི་བྱེ་བྲག་དེ་དག་ཀྱང་། ཡོངས་སུ་དག་པ་དང་། ཡོངས་སུ་དག་པ་མ་ཡིན་པ་དང་། དེ་ལ་ཡང་། རབ་མཆོག་པོ་དང་དེ་མ་ཡིན་པ་རྣམས་སུ་ཡང་དབྱེ་བ་ཡོད་དོ། །འདིས་ནི་འཇིག་རྟེན་པ་དང་འཇིག་རྟེན་འདས་པའི་ལྷར་གཏོགས་པ་ཐམས་ཅད་བསྡུས་སོ། །དེ་ལ་དོན་དམ་པ་ནི། དེ་ཉིད་ལྷའི་ངོ་བོ་ཉིད་དུ་བཞེད་དོ། །སེམས་པའི་བྱེ་བྲག་ཀྱང་ཡེ་ཤེས་དང་ཡོན་ཏན་གྱི་སྒོ་ནས་ཕུལ་དུ་གྱུར་པ་དང་ལྡན་པའི་སེམས་ཉིད་ལྷར་བཞེད་དེ། དེ་དང་ཐ་མི་དད་པའི་རང་བཞིན་ཡང་ཡིན་ནོ། །དེ་ལ་ཡོངས་སུ་དག་པ་ནི་སྒྲིབ་པ་བསལ་བའོ། །ཡོངས་སུ་མ་དག་པ་ནི་དེ་མ་བསལ་བའོ། །རབ་མཆོག་པོ་ནི་གཙོ་བོར་གྱུར་པའོ། །དེ་མ་ཡིན་པ་ནི་གཙོ་བོར་མ་གྱུར་པའོ། །དེ་དག་ལ་ཡང་དངོས་དང་སྤྲུལ་པར་ཡང་ཡོད་པར་བལྟ་སྟེ། སྤྲུལ་པ་ནི་དེས་འདུལ་བ་རྣམས་ལ་དེར་སྣང་བ་སྟེ་གོང་དུ་བསྟན་པ་བཞིན་ནོ། །དེ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ལྷ་ཞེས་གསུངས་པ་ཡང་། སྔགས་ཕྱི་ནང་གི་གཞུང་ལས་གསལ་བར་སྣང་སྟེ། འདི་ལྟར་བྱ་བའི་རྒྱུད་ཀྱི་གཞུང་དུ་ཡང་ཆོས་ཉིད་ཀྱི་ལྷ་ཞེས་གསུང་པ་དང་། རྣལ་འབྱོར་རྒྱུད་ཀྱི་གཞུང་དུ་དོན་དམ་པའི་ལྷ་ཞེས་གསུངས་སོ། །རྣལ་འབྱོར་ཆེན་པོའི་གཞུང་དུ་ཡང་དོན་དམ་དབྱིངས་ཀྱི་ལྷ་ཞེའམ། རྣམ་དག་དབྱིངས་ཀྱི་ལྷ་ཞེས་གསུངས་སོ། །དེ་བཞིན་དུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་ལྷ་ཞེས་གཞུང་ཀུན་ལས་གསུངས་ཏེ། ཕྱི་པ་དག་གི་གཞུང་ལས་ཀྱང་། བྱང་ཆུབ་སེམས་ཀྱི་ཀུན་འདུས་ལ་སྩོགས་པ་ལས། མཚན་ཉིད་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལྷར་གསུངས་ལ། རྣལ་འབྱོར་ཆེན་པོའི་གཞུང་ལས་ཀྱང་། བྱང་ཆུབ་མཉམ་སྦྱོར་ལས། སེམས་ཀྱི་མཚན་ཉིད་རབ་ཏུ་ཆེ་བའི་ལྷ་ཞེས་གསུངས་སོ། །གཟུགས་ཀྱི་མཚན་མ་རྣམས་ལྷར་གསུངས་པ་ཡང་། འདི་ལྟར་བྱ་བའི་རྒྱུད་དུ་ལྷའི་བདག་ཉིད་མཚན་ཉིད་དྲུག་གསུངས་པ་ལས། ཕྱག་རྒྱ་དང་། སྒྲ་དང་། ཡི་གེ་དང་། གཟུགས་དང་། རྣམ་པར་རྟོག་པ་དང་བཅས་པའི་ལྷ་ཞེས་གསུངས་ཏེ། དེ་དག་ཏུ་ཡང་གདུལ་བྱ་རྣམས་ལ་ཇི་ལྟར་མཐུན་པར་སྣང་བ་ཞེས་ཀྱང་གསུངས་སོ། །རྣལ་འབྱོར་གྱི་རྒྱུད་དུ་ཡང་། ཕྱག་རྒྱ་བཞིས་བསྡུས་པའི་ལྷ་རྣམས་གྲགས་པ་དང་། རྟོགས་པའི་སྒོ་ནས་ལྷར་བཞེད་ལ། ཐ་མལ་པར་སྣང་བ་དག་ཀྱང་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་བྱིན་བརླབས་ལས། གདུལ་བྱ་རྣམས་ཀྱི་རྒྱུད་ལ་གཡོ་བ་དང་མི་གཡོ་བར་བཅས་པའི་ཆོས་སྣང་བར་བཞེད་དེ། འདི་ལྟར། །འབྱུང་ཆེན་སེམས་ཅན་དོན་རབ་མཛད། ཅེས་བྱ་བ་ལ་སྩོགས་པ་རྒྱ་ཆེར་གསུངས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ཡང་། སྐུས་འདུལ་བའི་དུས་སུ་སྐུར་སྣང་ལ། གསུང་གིས་འདུལ་བའི་ཚེ་དེ་བཞིན་གཤེགས་པ་ཉིད་གསུང་དུ་སྣང་སྟེ། དེའི་ཕྱིར་ཡི་གེ་ནི་དེ་བཞིན་གཤེགས་པ་ཉིད་དོ། །ཞེས་གསུངས་སོ། །ཐ་མལ་པར་སྣང་ཡང་། འདི་སྐད་དུ། སེམས་ཅན་བསོད་ནམས་ཆེར་འཕགས་ཕྱིར། །མི་གཡོ་ཐམས་ཅད་ཁོ་ན་བདག །སེམས་འདུ་བྱ་ཕྱིར་གཡོ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་དང་། འཇིག་རྟེན་གསུམ་དག་ཁམས་མཉམ་སྦྱོར་གྱི་རྒྱུད་ཕྱི་མ་ལས། གསུམ་ཕྱིར། །བདག་ཉིད་སྲིད་གསུམ་མཆོག་གསུམ་གཟུགས། །ཞེས་བྱ་བ་ལ་སྩོགས་པ་རྒྱ་ཆེར་གསུངས་སོ། །གཞུང་དག་ལས་ལྷ་ཞེས་བྱ་བ་དཀོན་མཆོག་གསུམ་དེ་ཉིད་ལས། །ལ་བྱ་གསུངས་པ་ཡང་འདི་དག་ཏུ་འདུས་པར་རིག་པར་བྱའོ། །དེ་ལས་རྣལ་འབྱོར་ཆེན་པོའི་རྒྱུད་དུ་ལྷག་པར་བསྟན་པ་ནི། ལེ་ལག་ལས་ལྷ་མི་སྤང་བའི་སྐབས་སུ། ཆོས་ཐམས་ཅད་ནི་ཡེ་ནས་རྣམ་པར་དག་སྟེ། རྒྱུ་དང་འབྲས་བུ་དབྱེར་མེད་པར་གདོད་མ་ནས་ལྷུན་གྱིས་གྲུབ་ཅིང་། འབྲས་བུའི་ཆོས་སུ་སངས་རྒྱས་པས་མངོན་པར་སངས་རྒྱས་པའི་ཆེ་བ་ཞེས་ཀྱང་འདོད་དེ་འདི་ནི་ལྟ་བ་དམན་པ་ཐམས་ཅད་ཟིལ་གྱིས་གནོན་པས། ལྷག་པའི་ཡ་རྣལ་འབྱོར་དུ་བཞེད་དོ། །དོན་འདིའི་དབང་དུ་ན་ཆོས་ཐམས་ཅད་ལྷ་ཞེས་བྱའོ། །ལྷ་ཞེས་བྱ་བའི་མིང་བཤད་པ་ནི། མི་འཆི་དཔའ་དང་ལྷག་པར་བརྟན། །འདོད་དོན་སྟེར་དང་ཞི་བ་དང་། །ལུས་གནས་ཕན་པ་བསྒྲུབ་པ་དང་། །བཀུར་བར་འོས་ཕྱིར་ལྷ་ཞེས་བྱ། །ཞེས་ཨ་བྷི་དྷ་ན་ཞེས་བྱ་བའི་གཙུག་ལག་ལས་བྱུང་བ་ལྟར་འདིར་ཡང་གང་དུ་རིགས་པའི་སྐབས་དེར་ལྷར་སྦྱར་བར་བྱའོ། །དེ་དག་ནི་ལྷའི་མཚན་ཉིད་བཤད་པའོ། །རྣལ་འབྱོར་གང་ཞེ་ན། གཉིས་སུ་མེད་པར་སྦྱོར་བའི་བདག་ཉིད་དེ། །དེ་ཡང་མཚན་མ་མེད་པ་དང་། མཚན་མ་དང་བཅས་པའི་བྱེ་བྲག་གཉིས་སོ། །དེ་ལ་མཚན་མ་མེད་པའི་སྦྱོར་བ་ལའང་རིལ་བོ་དང་། རྗེས་སུ་གཞིག་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་རིལ་བོར་འཛིན་པའི་རྣལ་འབྱོར་ནི། བདག་གི་ཕུང་པོ་ཉིད་ལས་བརྩམས་ཏེ། བདག་མེད་པར་མོས་པའི་ལྟ་བ་དང་ཏིང་ངེ་འཛིན་གྱིས་བསྒོམ་ཞིང་། ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བར་མོས་ཏེ། མཚན་མ་མེད་པའི་རྣལ་འབྱོར་བསྒོམ་པའོ། །རྗེས་སུ་གཞིག་པ་ནི། ཆོས་ཐམས་ཅད་ལ་རིག་པའི་ཤེས་པས་མཚན་ཉིད་སོ་སོར་བརྟགས་ན། གང་གི་ངོ་བོར་ཡང་མ་གྲུབ་པར་ཡིད་ཆེས་པར་བྱ་སྟེ། དེ་ལྟར་ཤེས་པ་དང་། བདག་ཉིད་ཀྱང་ཆོས་ཐམས་ཅད་ཀྱི་ཁོངས་སུ་འདུས་པས་དེ་བཞིན་དུ་མཚན་མ་མེད་པར་ཐག་བཅད་ནས་དེའི་རྣལ་འབྱོར་བསྒོམ་པའོ། །མཚན་མ་དང་བཅས་པའི་རྣལ་འབྱོར་ནི། གཞིའི་སྒོ་ནས་རྣལ་འབྱོར་རྣམ་པ་གསུམ་དུ་གསུངས་ཏེ། འདི་ལྟར་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་དང་མཐུན་པར་སྟོན་པའི་རྣལ་འབྱོར་ནི། བྱིན་གྱིས་བརླབས་པའི་རྣལ་འབྱོར་ཞེས་བྱའོ། །རྣལ་འབྱོར་སྤྱོད་པ་དང་མཐུན་པར་སྟོན་པ་ནི། ཀུན་ཏུ་བརྟགས་པའི་རྣལ་འབྱོར་ཞེས་བྱའོ། །དབུ་མ་དང་མཐུན་པར་སྟོན་པ་ནི་རྫོགས་པའི་རྣལ་འབྱོར་ཞེས་བྱའོ། །དེ་ལྟར་ཡང་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གསལ་བར་གསུངས་ཏེ། དམ་ཚིག་བྱིན་བརླབས་དང་པོ་སྟེ། བརྟགས་པ་རྣལ་འབྱོར་སྤྱོད་པའི་འོ། །དབུ་མར་རྫོགས་པར་བྱ་བ་དག །འདི་ནི་རྣལ་འབྱོར་ཆོ་གར་བརྟགས། །ཞེས་གསུངས་སོ། །དེ་ལ་བྱིན་གྱིས་བརླབས་པའི་ཚུལ་ནི་འདི་ཡིན་ཏེ། རྣམ་པར་སྨིན་པའི་ལུས་ཀྱིས་རྒྱལ་བ་རྣམས་ལ་ཕྱག་འཚལ་ཞིང་མཆོད་པ་དང་། སྡིག་པ་བཤགས་པ་ལ་སྩོགས་པ་སྔོན་དུ་བྱས་ཏེ། དེ་ནས་སྔགས་དང་ཕྱག་རྒྱ་དང་ལྡན་པའི་ཏིང་ངེ་འཛིན་གྱིས། སྒྲིབ་པ་བྲལ་བའི་སྦྱོར་བ་བྱས་པས། སྒྲིབ་པ་དང་ཉོན་མོངས་པ་ཐམས་ཅད་ཟད་པའི་རྣམ་པར་སྨིན་པའི་ལུས་སྒྱུ་མ་དང་། སྨིག་རྒྱུ་ཙམ་དུ་སྣང་བ་མ་བཏང་བར། ཡེ་ཤེས་དབབ་པ་དང་། ཕྱག་རྒྱ་དབབ་པའི་སྦྱོར་བ་བྱས་པས། །ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་བ་བཞིན། བདག་གི་ལུས་ཉིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་པར་བསྒོམ་པའོ། །འདི་ནི་ཕྱི་རོལ་པས་ཀུན་ཏུ་བཏགས་པའི་བདག་ཉིད་ཀྱིས་སྟོང་པ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད། སྒྲིབ་པའི་བག་ཆགས་དང་བྲལ་བའི་ལུས་སྒྱུ་མ་ཙམ་གྱི་དམིགས་པ་མ་བཏང་བ་སྟེ། ཚུལ་འདི་ལ་ནི་བདག་གི་དེ་ཁོ་ན་ཉིད་ཀྱང་དེ་ཙམ་ལ་བྱ་བར་མངོན་ནོ། །ཀུན་ཏུ་བརྟགས་པའི་རྣལ་འབྱོར་ནི། ཚུལ་སྔ་མ་བཞིན་དུ་བྱ་སྟེ། །བྱེ་བྲག་ཏུ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ཡེ་ཤེས་དབང་དུ་གྱུར་པ། རྣམ་པ་མེད་པའི་མི་གཡོ་བར་གསལ་བའི་བདག་ཉིད། གཟུང་བ་དང་འཛིན་པ་སྤང་བའི་རང་རིག་པ་ཙམ་པ་དམིགས་པ་མི་གཏོང་བ་སྟེ། དེ་ལ་ལྷས་བསྒོམ་ཏེ་སྒོས་པའམ། དེ་ལས་ལྷར་བསྐྱེད་པ་སྟེ། དཔེར་ན་གསེར་ཞུན་མ་ལས་ལུགས་སུ་བླུགས་པ་ལྟ་བུའོ། །ཚུལ་འདི་ལ་ནི། བདག་གི་དེ་ཁོ་ན་ཉིད་ཀྱང་ཡང་དག་པའི་ཡེ་ཤེས་ལ་བྱ་བར་མངོན་ནོ། །རྫོགས་པའི་རྣལ་འབྱོར་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཀྱང་དངོས་པོར་མ་གྲུབ་ན་གཞན་ལྟ་ཅི་སྨོས་ཏེ། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ཉིད་དུ་མོས་པ་ལས། རྒྱལ་བའི་གཟུགས་ཀྱི་སྐུར་བསྒོམ་པ་སྟེ། དཔེ་ནམ་མཁའ་དྭངས་པ་ལས་སྤྲིན་ལྡང་བ་ལྟ་བུའོ། །ཚུལ་འདི་ལ་ནི་བདག་གི་དེ་ཁོ་ན་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་སྤྲོས་པ་དང་བྲལ་བ་ཉིད་ལ་བྱ་བར་མངོན་ནོ། །རྣལ་འབྱོར་གྱི་ཚུལ་འདི་གསུམ་ནི། གསང་སྔགས་ཀྱི་གཞུང་ཀུན་ལས་སྟོན་ཏེ། ཁ་ཅིག་ཏུ་གསལ་བའི་ཚིག་ཏུ་སྟོན། ཁ་ཅིག་ཏུ་ནི་དོན་གྱི་དབང་གིས་དེ་ལྟར་སྟོན་ཏོ། །དོན་དེ་ལྟ་བུ་ལ་ལྷའི་རྣལ་འབྱོར་ཞེས་བྱ་སྟེ། སྐབས་ཁ་ཅིག་ཏུ་ནི། གཟུགས་ཀྱི་བྱེ་བྲག་ལ་འདོགས་པ་ཡང་ཡོད་དེ། སྐབས་ཀྱི་སྟོབས་ཀྱིས་རིག་པར་བྱའོ། །རྣལ་འབྱོར་ཞེས་བྱ་བའི་མིང་བཤད་པ་ནི། ཡོ་ག་ན་ཡ་ཞེས་བྱ་སྟེ་ངང་ཚུལ་ལམ་རང་གི་རང་བཞིན་ནམ། རྣལ་དུ་ཕབ་པའི་དོན་ལ་ཡང་སྙོགས་ཡང་ན་ཡོ་ག་ཛན་དྲ་ཞེས་བྱ་སྟེ། དུ་མ་སྦྱར་ཞིང་འདུས་པ་ལ་ཡང་སྙེགས་ཏེ། །ཚིག་བསྡུས་པ་དང་རྫས་བསྡུས་པ་རྣམས་ལ་ཡང་བྱ། འདིར་བརྟགས་པའི་དངོས་པོར་གྱུར་པ། ལྷར་བརྟགས་པ་རྣམས་ལ་ཡིད་འབྱོར་བའི་དོན་ཏེ། གཞུང་དག་ལས་ཞི་གནས་དང་ལྷག་མཐོང་འབྱོར་བ་ནི་རྣལ་འབྱོར་ཞེས་གསུངས་པ་དང་། ཕྱག་རྒྱ་རྣམས་ལ་འམ། མཉམ་སྦྱོར་དང་ཨ་བ་ཏཱ་ར་ལ་སྩོགས་པ་ལས། དེ་ཉིད་དུ་འབྱོར་པ་ནི་རྣལ་འབྱོར་ཞེས་གསུངས་པ་དང་། ཡེ་ཤེས་ཙམ་ལ་འབྱོར་པ་ནི་རྣལ་འབྱོར་ཞེས་གསུངས་པ་དང་། རྣམ་པར་ཤེས་པ་འགོག་པ་ཞེས་བསམ་ཏན་ཕྱི་མ་ལས། མི་འཕྲོ་བ་ནི་རྣལ་འབྱོར་ཞེས་གསུངས་པ་རྣམས་ཀྱང་དོན་གྱིས་འདུས་པར་ཤེས་པར་བྱའོ། །དེ་ལ་སྦྱོར་བའི་ཏིང་ངེ་འཛིན་ནི་རྩེ་གཅིག་པའི་བདག་ཉིད་དེ། མཚུངས་ས་མཱ་དྷི་ཞེས་པའི་སྒྲས། པའི་བློ་ཞེས་པའི་ཚིག་གི་ཚུལ་གྱིས་ཀྱང་། རྩེ་གཅིག་པ་ལ་བྱ་བར་མངོན་ཏེ། དེར་མ་གྱུར་པ་རྣམས་ལ་ནི། བསམ་གཏན་དང་བསམ་པ་ཞེས་བྱ་བ་ལ་སྩོགས་པ་གདགས་པར་རིགས་སོ། །གོམ་པར་བྱེད་པའང་འདི་ལྟར་མོས་པའི་སྒོ་ནས་སམ། གསང་སྔགས་ཀྱི་ང་རྒྱལ་གྱི་སྒོ་འམ། རྣམ་པར་རྟོག་པས་བརྟགས་པའམ། དོན་མཐོང་བ་ལ་གོམས་པར་བྱེད་པ་རྣམས་ཏེ། དེ་ལ་མཐོང་བ་ཞེས་བྱ་བ་ནི། དོན་དམ་པ་ནི། གཟུགས་ཀྱི་བྱེ་བྲག་གི་ལྷ་མཐོང་བ་སྟེ། མ་བརྟགས་མ་བརྩལ་ཡང་། དེར་སྣང་བ་འབྱུང་བའོ། །བརྟགས་པ་ནི། རྟོག་པ་ཙམ་གྱི་ཡུལ་དུ་ནི་སྣང་བ་སྟེ། ལྷུན་གྱིས་གྲུབ་པར་སྣང་བ་ནི་མེད་དོ། །གལ་ཏེ་ལྷའི་བདག་ཉིད་འབྱུང་བ་ཆེན་པོ་ལྟར་སྣང་བ་དག་གང་དུ་བརྟག་ཅེ་ན། འདི་ནི་ལྷ་མཐོང་བ་ཡིན་ཡང་དེར་མི་ཤེས་པའི་ཕྱིར། མཐོང་བའི་ཐ་སྙད་གདགས་པར་མི་ནུས་ལ། བརྟགས་པ་ཡང་མ་ཡིན་ཏེ། གྲུབ་པའི་མཐའ་ལ་གྲགས་པས། ངེས་པར་ཁས་བླང་བར་བྱ་བ་ཡིན་ན་ཡང་། ཐ་སྙད་གདགས་པ་ནི་བདག་ཅག་ལྟ་བུའི་ཡུལ་མ་ཡིན་ཏེ་གཞག་གོ། །སྔགས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་བདག་ཉིད་ལ་བྱ་སྟེ། དེ་ཡང་རབ་ཏུ་དབྱེ་བའི་སྒོ་ནས། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཞེས་བྱ་བར་གྲགས་སོ། །དེ་ལ་རིག་སྔགས་རང་གི་ངོ་བོ་ནི། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་གཟུངས་སྔགས་ནི། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་དོ། །འདི་རྣམས་ཀྱི་ལས་ནི། གསང་སྔགས་ཀྱིས་ནི་ལོག་པར་རྟོག་ཅིང་འཁྲུལ་བ་རྣམས་ལས་ཤེས་པ་སྐྱོབ་པར་བྱེད་དོ། །རིག་སྔགས་ཀྱིས་ནི་མ་རྟོགས་པ་བཅོམ་ཞིང་བསལ་ཏེ་དངོས་པོའི་དོན་རིག་པར་བྱེད་དོ། །གཟུངས་སྔགས་ཀྱིས་ནི་དྲན་པ་ཉམས་པ་བསལ་ཏེ། དམ་པ་རྣམས་ཀྱི་གདམས་ངག་ཇི་ལྟར་ཐོས་པ་དོན་དང་བཅས་པ། ཡོན་ཏན་དང་བཅས་པ་འཛིན་པར་བྱེད་དོ། །འདི་དག་གིས་ནི་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་དོན་རྣམས་ཀྱང་བསྟན་པ་ཡིན་ནོ། །འདི་རྣམས་ཀྱི་རྟགས་ནི་རྒྱལ་བ་རྣམས་ཀྱི་གཟུགས་ཀྱི་སྐུར་སྣང་བ་ཆ་ཤས་དང་བཅས་པའམ། ཆ་ཤས་སུ་སྣང་བ་རྣམས་ཡིན་ཏེ། དེ་ལ་གསང་སྔགས་ནི། ལྷ་ཕོའི་དབྱིབས་དང་ཁ་དོག་དང་ཕྱག་རྒྱ་ལྟ་བུར་སྣང་བའོ། །ལྷག་མ་གཉིས་ནི། ལྷ་མོའི་དབྱིབས་དང་ཁ་དོག་དང་ཕྱག་རྒྱ་ལྟ་བུར་སྣང་བ་སྟེ། འདི་དག་ཀྱང་རྟགས་ཀྱི་སྒོ་ནས། རིག་སྔགས་དང་གསང་སྔགས་དང་གཟུངས་སྔགས་སུ་བཞེད་དོ། །དེ་རྣམས་ཀྱི་སྒོ་ནི་ཡིག་འབྲུ་དང་སྒྲར་སྣང་བ་སྟེ། འདི་རྣམས་ཀྱང་དོན་གྱི་སྒོར་གྱུར་པས་སྔགས་སུ་གསུངས་སོ། །འདི་རྣམས་ལ་ཆོས་མཐུན་པ་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཀྱི་ངོ་བོ་ཉིད་དུ་ཡང་བཤད་པ་དང་། །དེའི་རྒྱུར་ཡང་བཤད་པ་དང་། ལས་བསྐུལ་བར་བཤད་པ་དང་། བདེན་པའི་ཚིག་ཏུ་བཤད་པ་རྣམས་སོ། །དེ་ལ་སྔགས་ཉིད་ཐོབ་ཅིང་བསྒྲུབ་པར་བྱ་བའི་ལྷ་ཡིན་པར་བཤད་པས། ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ལ་འཇུག་སྟེ། དེས་ན་དངོས་གྲུབ་ཀྱི་ངོ་བོ་ཉིད་ཡིན་ནོ། །དེ་ལྟར་ཡང་བྱ་བའི་རྒྱུད་ལས་ཀྱང་། རིག་སྔགས་དང་གསང་སྔགས་ཀྱི་ངོ་བོ་ལྷ་དྲུག་ཏུ་གསུངས་ལ། རྣལ་འབྱོར་གྱི་རྒྱུད་ལས་ཀྱང་། གསང་སྔགས་ལྷ་དང་དངོས་གྲུབ་ལ་གསུངས་སོ། །དེའི་རྒྱུར་བཤད་པ་ཡང་། ངེས་པའི་ཚིག་གི་ཚུལ་གྱིས་ལམ་གྱི་ཆོས་ལ་གསུངས་ལ། སྒོར་གྱུར་པའི་སྒོ་ནས། བཤད་པའི་ཆོས་ལ་ཡང་གསུངས་པའི་ཕྱིར་རོ། །ལས་བསྐུལ་བར་བཤད་པ་ཡང་། འདི་སྐད་དུ། ཞི་འཇིག་རྟེན་སྣང་བྱེད་ལས། བ་ལ་སྩོགས་ལས་རྣམས་ལ། །སོ་སོའི་བསྐུལ་བར་རིག་པ་ཡིན། །ཞེས་བྱ་བ་དང་། གསང་གསང་བ་འདུས་པ་ལས། བའི་སྔགས་ཀྱིས་བསྐུལ་ནས་སུ། ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །བདེན་པའི་སང་གྲྭ་ཧ་ལས། ཚིག་ཏུ་བཤད་པ་ནི། །བདེན་ལས་འཇིག་རྟེན་འདི་ཉམས་པས། །སྔགས་ཀྱི་དངོས་གྲུབ་ཐོབ་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། ངེས་པའི་ཚིག་ནི་གསང་སྔགས་ཞེས་བྱ་བ། གསང་མན་ཞེས་བྱ་བའི་སྒྲ་ལས་འདི་སྙེད་ལ་འཇུག བ་དང་། མཁས་པ་དང་། མཆོག་ཏུ་གྱུར་པ་དང་། བདེན་པ་རྣམས་ལ་ཡང་བྱ། རྣམ་པ་གཅིག་ཏུ་གསང་སྟེ་བརྗོད་པ། ཞེས་ཀྱང་བྱ། ཡང་ན་མནྡྷ་ཞེས་པ་མན་ནི་ཡིད་དམ་ཤེས་པ། ཏྲ་ནི་སྐྱབས་སམ་དཔུང་གཉེན་ཡིན་ཏེ། དེ་བས་ཤེས་སྐྱོབས་ཞེས་བྱ་སྟེ། ཤེས་པ་དང་དཔུང་གཉེན་དུ་ལྡན་པའི་དོན། རིག་སྔགས་ནི་བི་ཞེས་པ། བིནྡྷ་དྷ་སྟེ། འཇོམས་ཤིང་སེལ་བ་ལ་བྱ་བས། མ་རིག་པའི་ཉོན་མོངས་པ་འཇོམས་ཤིང་སེལ་བ་ལ་བཤད། བིནྡྷ་མ་དྷི་སྟེ་ཐོབ་པ་ལ་བྱ་བས་ཕུན་སུམ་ཚོགས་པ་ཐོབ་པ་འམ། ངག་གི་རིག་པ་ཐོབ་པ་ལ་ཡང་བྱ། ཡང་ན་བིརཱུ་སྭ་བྷཱ་བ་སྟེ། ངོ་བོ་ཉིད་རིག་པ་ལ་ཡང་བྱ་བ་དང་། སྤྱིར་བདེན་པ་གྲུབ་པའི་དོན་དུ་ཡང་སྟོན་པས་རིག་སྔགས་ཞེས་བྱའོ། །གཟུངས་སྔགས་ནི། དྷཱ་རི་ཎི་བྱ་བ་གཟུངས་སམ་འཛིན་པའི་དོན་ཏེ། །ཚིག་དང་དོན་དང་ཡོན་ཏན་འཛིན་པའམ། སྤྱིར་བདེན་པའི་ཚིག་གྲུབ་པར་སྟོན་པས་གཟུངས་སྔགས་ཞེས་བྱའོ། །དེ་རྣམས་ལས་གསང་སྔགས་ཞེས་བྱ་བའི་སྒྲ་ལ། གཞན་ལ་མི་བསྟན་པའི་དོན་དང་། བདེན་པའི་དོན་ལྷག་པར་སྟོན་ཏོ། །གཉིས་པོ་ལ་ནི་ཞར་ལ་སྟོན་ཏེ། རང་གི་ངོ་བོ་དབྱེ་བ་དང་། །ལས་དང་རྟགས་དང་དེ་ཡི་སྒོ། །མི་མཐུན་གཉེན་པོར་བཅས་པ་དང་། །ཆོས་མཐུན་པ་དང་ཐ་དད་ཆོས། །ཇི་སྙེད་འཇུག་པ་བསྟན་པ་དང་། །ངེས་པའི་ཚིག་གིས་བཤད་པའོ། །ཕྱག་རྒྱ་ནི་བདག་ཉིད་ཆེན་པོ་རྣམས་ཀྱི་མཚན་མའི་གཟུགས་ལ་བྱ་སྟེ་མཚན་མ་མེད་པའི་བདག་ཉིད་ཀྱང་ཡིན་ནོ། །དེ་ལ་མཚན་མའི་གཟུགས་ཀྱི་ཕྱག་རྒྱ་དེ་དག་ནི། རང་གི་གཟུགས་གཞིག་པར་བྱ་བ་མ་ཡིན་པ་དང་། རང་གི་དགོས་པའི་དོན་ལས་མི་འདའ་བ་དང་། བདག་ཉིད་ཆེན་པོ་རྣམས་ཀྱིས་རྟགས་སུ་སྟོན་པར་ནུས་པ་དང་། ཆོས་ཀྱི་རྒྱལ་པོ་ཉག་གཅིག་གི་ཕྱག་རྒྱུ་ཡིན་ཏེ། གཞན་ལ་མེད་པ་དང་། རྒྱལ་པོའི་ཕྲིན་ལས་ཐམས་ཅད་བྱེད་པར་ནུས་པའི་མཚན་ཉིད་རྣམས་དང་ལྡན་ནོ། །དེ་ལྟར་ཡང་གསུངས་པ། འདའ་ཀ་དེ་བཞིན་མི་ཤིགས་པ། །རྒྱལ་བའི་ཕྱག་རྒྱ་མཆོག་གི་རྟགས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །དེ་བས་ཕྱག་རྒྱ་ཞེས་བྱའོ། །ཞེས་གསུངས་པ་དང་། གཞན་ལས་ཀྱང་། རྒྱལ་པོའི་ལས་ཐམས་ཅད་ཕྱག་རྒྱས་བྱེད་པ་དང་འདྲ་བར། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ཕྱག་རྒྱས་བྱེད་དེ། ཞེས་གསུངས་ཏེ། དེ་ལ་འདའ་བར་དཀའ་བ་ནི། རང་གི་དགོས་པའི་དོན་སྒྲུབ་པ་ལ་ཐམས་ཅད་མི་འདའ་བའོ། བྱང་སེམས་བསྒོམ་པ་ལས། མི་ཤིགས་པ་ནི། རང་གི་མཚན་མའི་གཟུགས་གཞན་གྱིས་གཞོམ་པར་མི་ནུས་པ་སྟེ། འདི་གཉིས་ཀྱིས་ནི་བརྩོན་པའི་དོན་གྱིས་ཕྱག་རྒྱུར་བསྟན་ཏོ། །རྒྱལ་པོ་ཕྱག་རྒྱ་མཆོག་གི་རྟགས་ཞེས་བྱ་བ་ནི། གཞན་ལ་མེད་པར་སྟོན་ཏེ། ཐུན་མོང་མ་ཡིན་པའི་དོན་ཏོ། །བདག་ཉིད་ཆེན་པོ་མཚན་མའི་གཟུགས་ཞེས་བྱ་བ་ནི། མཚོན་པར་ནུས་པའི་རྟགས་སུ་གྱུར་པའོ། །ལས་ཐམས་ཅད་བྱེད་པ་ཞེས་བྱ་བ་ནི། དགོས་པའི་བྱ་བ་སྒྲུབ་པ་ལ་ཆོས་ཀྱི་རྒྱལ་པོ་ཉིད་དང་ཁྱད་པར་མེད་ཅིང་། ཐབས་སླ་བ་དང་ཚེགས་ཆུང་བས་བྱེད་པར་སྟོན་ཏོ། །འདིའི་རབ་ཏུ་དབྱེ་བ་ནི་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །རྣམ་པ་གཅིག་ཏུ་ན་མཚོན་པར་བྱེད་པའི་ཐབས་དང་། མཚོན་པར་བྱ་བའམ། བྱས་པའི་བྱེ་བྲག་གིས་ཤེས་རབ་ཀྱི་བདག་ཉིད་ལ་འཇུག་པའི་སྒོ་ནས་རྣམ་པ་གཉིས་སོ། །དེ་ལ་ཐབས་ཀྱི་སྒོ་ནས་ནི། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། །ཆོས་དང་། ལས་ཀྱི་ཕྱག་རྒྱའི་བྱེ་བྲག་གིས་བཞིར་གྲགས་སོ། །བྱ་བའི་སྒོ་ནས་རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་གསུམ་དུ་གྲགས་སོ། །ཐམས་ཅད་གཉིས་སུ་མེད་པའི་སྒོ་ནས་ནི། ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཞེས་ཁ་ཅིག་ལས་གྲགས་ཏེ། འདི་ནི་དབྱེ་བ་བསྡུས་པའོ། །ངེས་པའི་ཚིག་གི་ཚུལ་གྱིས་ནི། མུ་དྲ་ཞེས་བྱ་བ་མཚན་མའི་དོན་ཏེ། འདིས་མཚོན་པས་སམ། འདིས་འདེབས་པས་ན་ཕྱག་རྒྱའོ། །ཡང་མོ་ད་ནི་དགའ་བར་བྱེད་པའི་ཚིག་སྟེ། དགའ་བ་བསྐྱེད་པའི་དོན་ཏོ། །ཡང་མུ་ནི་སྒྲོལ་བ། ད་ར་ནི་བཅིང་བ་སྟེ། འཆིང་བ་དང་འགྲོལ་བའི་ལས་བྱེད་པ་འམ། བཅིངས་པ་ལས་འགྲོལ་བའི་ཕྱིར་ཕྱག་རྒྱའོ། །ཡང་མུ་ནི་ཆེན་པོ་ད་ར་ནི་འཇོམས་པ་སྟེ། དེའི་ཕྱིར་ཕྱག་རྒྱའོ། །ཡང་མུ་ད་ར་ཞེས་པའི་ཡི་གེ་གསུམ་སོ་སོར་ཕྲལ་ཏེ་བཤད་ན། མུ་མུ་ལ་ནི་རྩ་བ། ད་ཧེ་ཏུ་ནི་རྒྱུ། ར་སྨི་ར་ནི་བརྟན་པ་སྟེ་དེ་ལ་རྩ་བ་ན་དམ་ཚིག་གི་རྩ་བར་བསྟན་ཏེ། འདི་སྐད་དུ། སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཕྱག་རྒྱ་འདི་ལ་རབ་ཏུ་གནས། །ཞེས་གསུངས་པ་ལྟ་བུ་སྟེ། གང་ཕྱག་རྒྱ་བསྲུང་བ་དང་ལྡན་པ་དམ་ཚིག་དང་ལྡན་པར་འགྱུར་རོ། །དེ་ལ་རྒྱུ་ནི། དབང་བསྐུར་བའི་རྒྱུ་སྟེ། འདི་སྐད་དུ། མཉམ་སྦྱོར་ལས། ཕྱག་རྒྱས་དབང་བསྐུར་བའི་སྐབས་ནས་དབུ་རྒྱན་བཅིང་བས་བཅིངས་ནས་ནི། འགྱིང་ཞིང་མཐའ་ནས་དགྲོལ་བར་བྱ། །དར་གྱི་མཐའ་མ་འཕྱང་བ་ལྟར། །བྱས་ནས་ཐལ་མོ་གདབ་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །བརྟན་པ་ནི་བྱིན་གྱིས་བརླབས་པ་སྟེ། འདི་སྐད་དུ། རྒྱ་དེ་ཉིད་ལས་འདི་བཅིངས་པ་ཙམ་གྱིས་ནི། །སངས་རྒྱས་ཐམས་ཅད་བྱིན་རློབས་འགྱུར། །ཤིན་ཏུ་བྱིན་གྱིས་བརླབས་ན་ནི། །སངས་རྒྱས་ཐམས་ཅད་འདུ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་དག་གི་དོན་བསྡུས་པ་ཡང་འདི་ཨ་བ་ཏཱ་རའི་ཁུངས་དྲངས་པ་ནི་དམ་ཚིག་རྩ་བ་སྟེ། །དབུ་རྒྱན་བཅིངས་པ་རྒྱུ་ཡི་མཆོག །གང་གིས་ལུས་ཀུན་བརྟན་པས་ན། །ཕྱག་རྒྱ་ཞེས་ནི་བྱ་བ་ཡིན། །ཞེས་གསུངས་པ་ལྟ་བུའོ། །འདི་ལྟ་བུ་ནི་འདེབས་ཤིང་མཚོན་པར་བྱེད་པས་ཕྱག་རྒྱའི་དོན་དུ་སྦྱར་བ་སྟེ། འདི་སྐད་དུ། ཇི་སྒྱུ་འཕྲུལ་བརྒྱད་ཅུ་པ་ལས་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོས་རྩིགས་ནི་བཏབ་པ་ལྟར། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཐམས་ཅད་གཞན་ལས། སྐྱེ་བོ་ཀུན་ལ་ཞེས་འབྱུང་། བདེ་ཆེན་སྙིང་ལ་གནས་པ་དང་། དབང་ཆེན་དུས་ལ་སྩོགས་པ་ཡིས། ཐམས་ཅད་ཀུན་ལས་དེ་བཞིན་འདེབས། ཀུན་ལ་དེ་བཞིན་འདེབས། །ཞེས་གསུངས་པ་ལྟ་བུའོ། །མཚན་ཉིད་མེད་པའི་ཕྱག་རྒྱ་ཡང་། འདེབས་པས་ན་ཕྱག་རྒྱ་ཞེས་བྱ་བའི་དོན་དུ་ཡང་གསུངས་ཏེ། འདི་སྐད་དུ་ངོ་བོ་ཉིད་ལེའུ་ལྷག་ལས་མེད་མཚན་ཉིད་མེད། མཉམ་པ་ཆེན་པོའི་ཕྱག་རྒྱ་ཡིས། །ཕྱོགས་བཅུ་དུས་བཞི་ཐམས་ཅད་དང་། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཡོན་ཏན་སྐྱོན་རྣམས་སྐྱེ་འགག་མེད། །ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །མཚན་མར་བྱ་བའམ། བྱས་པའི་དོན་གྱིས་ཕྱག་རྒྱ་ཞེས་གསུངས་པ་ཡང་། འདི་སྐད་དུ། རྒྱ་ཧེ་བཛྲ་ལས་ཡིས་བཏབ་ཅིང་མཚོན་པའི་ཕྱིར། །ཕྱག་རྒྱ་ཞེས་ནི་བྱ་བ་སྟེ། །རྡོ་རྗེ་རྒྱ་ཡིས་བཏབ་ཕྱིར་རོ། །ཞེས་གསུངས་པ་ལྟ་བུ་དང་། ཡེ་ཤེས་རྒྱ་ཡིས་བཏབ་པའི་ཕྱིར། །ཞེས་གསུངས་པ་ལྟ་བུའོ། །འདི་དག་ནི་སྤྱིའི་ངེས་ཚིག་གོ། །སོ་སོའི་བྱེ་བྲག་ཏུ་གསུངས་པ་རྣམས་ལས། དམ་ཚིག་གི་ཕྱག་རྒྱ་ནི། སངས་རྒྱས་ཀྱི་ཐུགས་གསང་བའི་ཡེ་ཤེས་ཀྱི་མཚན་མར་གྱུར་བ་རྣམས་ཏེ། འདི་ནི་དམ་ཚིག་བསྐུལ་ཞིང་རྟོགས་པའམ། མཚོན་པས་ན། དམ་ཚིག་དང་ལྡན་པའི་ཕྱིར་དམ་ཚིག་ཕྱག་རྒྱ་ཞེས་བྱའོ། །ཡང་འདི་ཉིད་མི་འདའ་བ་ཡིན་པས་ན་དམ་ཚིག་གི་ཕྱག་རྒྱའོ། །ཆོས་ཀྱི་ཕྱག་རྒྱ་ནི། རྒྱལ་བ་རྣམས་ཀྱིས་བཤད་པའི་ཆོས་ཀྱི་མཚན་མར་གྱུར་པ་སྟེ། འདི་ཡང་ལྡན་པ་དང་། ཡིན་པའི་དོན་གྱིས་ཆོས་ཀྱི་ཕྱག་རྒྱ་ཞེས་སྔ་མ་བཞིན་ནོ། །ལས་ཀྱི་ཕྱག་རྒྱ་ནི། །རྒྱལ་བ་རྣམས་ཀྱི་ཕྲིན་ལས་ཀྱི་མཚན་མའི་གཟུགས་ཏེ། ངེས་ཚིག་ནི་སྔ་མ་བཞིན་ནོ། །ཕྱག་རྒྱ་ཆེན་པོ་ནི། ཡོངས་སུ་རྫོགས་པའི་མཚན་མ་སྟེ། ལྷ་དྲན་པའི་རྒྱུར་ཆེ་བའི་ཕྱིར་ཆེན་པོ་ཞེས་བརྗོད་དོ། །དེ་ཡང་རང་གི་འདོད་པའི་སྐུའི་མཚན་མ་རྫོགས་ན་ཆེན་པོ་ཞེས་བྱ་སྟེ། ཐམས་ཅད་ཀྱི་ཐམས་ཅད་མ་རྫོགས་ཀྱང་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །གཞན་ཡང་རྒྱས་གདབ་པར་བྱ་བའི་སྒོ་ནས་གསུངས་པ་རྣམས་ལས། རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱ་ནི། །བུད་མེད་ཀྱི་ལུས་ཏེ། འདི་ལ་ཡེ་ཤེས་ཀྱི་རྡོ་རྗེས་གདབ་ཅིང་མཚན་པར་བྱ་བའམ། བྱས་པ་ཡིན་པས་ན། ཕྱག་རྒྱ་ཞེས་བྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི། ཡེ་ཤེས་ལས་བསྐྱེད་པའི་ལྷ་མོའི་སྐུ་སྟེ། ངེས་པའི་ཚིག་ནི་སྔ་མ་བཞིན་ནོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི། མཚན་མ་ཐམས་ཅད་ལས་འདས་པའི་ཆོས་ཀྱི་སྐུ་སྟེ། འདི་ལ་ཡེ་ཤེས་ཀྱི་མཚན་མས་གདབ་པར་བྱ་བ་ཡིན་པ་དང་། མཆོག་ཏུ་གྱུར་པའི་སྒོ་ནས་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ལྟར་ཡང་གསུངས་པ། ལས་འཇམ་དཔལ་ཐབས་ཀྱི་འཁོར་ལོ་ལས། དང་ཡེ་ཤེས་ཆེན་པོ་ནི། བུད་མེད་དང་ནི་བརྟགས་པ་དང་། མཚན་མེད་ཤེས་རབ་ཕ་རོལ་ཕྱིན། ཞེས་བྱ་བ་ལ་སྩོགས་པ་གསུངས་པ་ལྟ་བུའོ། །ཡོང་ནི། །མཚན་ཉིད་མེད་པའི་ཕྱག་རྒྱ་ཞེས་གསུངས་པ་དང་། ཕྱག་རྒྱ་ཆེན་པོ་འདི་དོན་གཅིག་སྟེ། ཕྱག་རྒྱ་ཐམས་ཅད་ཀྱི་རྒྱུར་གྱུར་པ་དང་། ཕྱག་རྒྱ་ཐམས་ཅད་ཀྱིས་མཚོན་པར་བྱ་བ་ཡིན་པ་དང་། ཆོས་ཐམས་ཅད་ལ་ཁྱབ་པའི་ཕྱིར། ཕྱག་རྒྱ་ཆེན་པོ་ཞེས་གསུངས་ཏེ། མཚན་མ་ཐམས་ཅད་ཀྱང་དེའི་དབང་གིས་རྒྱལ་བའི་སྐུ་གསུང་ཐུགས་ཉིད་དུ་ལྷུན་གྱིས་གྲུབ་པར་འགྱུར་བས། ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཞེས་བྱའོ། །རང་གི་ངོ་བོ་མཚན་ཉིད་དང་། །རབ་དབྱེ་བ་དང་ངེས་ཚིག་གིས། །གསང་བའི་ཕྱག་རྒྱ་བརྗོད་པར་བྱ། །བསྒྲུབ་པ་ནི། ཇི་སྐད་དུ་གསུངས་པའི་དངོས་གྲུབ་རྣམ་པ་གསུམ་གྲུབ་པར་བྱེད་པའི་ཐབས་ལ་བྱ་སྟེ། དེ་ལ་དངོས་གྲུབ་གསུམ་ནི། བྱང་ཆུབ་ཆེན་པོ་སྟེ་མཆོག་གི་དངོས་གྲུབ་དང་། རྫུ་འཕྲུལ་ཆེན་པོ་ལ་སྩོགས་པ་ཐུན་མོང་གི་དངོས་གྲུབ་ཆེན་པོ་དང་། ཞི་བ་ལ་སྩོགས་པ་ལས་ཕྲ་མོའི་དངོས་གྲུབ་བོ། །དེ་གྲུབ་པར་བྱེད་པ་ནི། བསྙེན་པ་དང་སྒྲུབ་པའི་བྱེ་བྲག་སྟེ། དེ་ཡང་འདོད་པའི་དངོས་གྲུབ་བསྙེན་ཅིང་བརྟེན་པའི་ཐབས་ནི་བསྙེན་པ་ཞེས་བྱ་སྟེ། བཟླས་བརྗོད་དང་དཀའ་ཐུབ་ལ་སྩོགས་པའོ། །དངོས་གྲུབ་ཉེ་བར་གྱུར་པ་ན། དེ་སྒྲུབ་པའི་སྦྱོར་བ་ནི་སྒྲུབ་པ་སྟེ། འདི་ཡང་དཀྱིལ་འཁོར་དང་། བཟླས་པ་དང་ཏིང་ངེ་འཛིན་ལ་སྩོགས་པའོ། །དངོས་གྲུབ་དེ་ལེན་པའི་ཐབས་ཐ་མ་ནི། སྒྲུབ་པ་ཆེན་པོ་ཞེས་བྱའོ། །ཡང་ཐབས་ཀྱི་བྱེ་བྲག་བཞིར་ཡང་གསུངས་ཏེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ། །དེ་ལ་བསྙེན་པ་ནི། དངོས་གྲུབ་ལ་ཉེ་བ་སྟེ། རྟགས་ཐོབ་པ་ཡན་ཆད་དོ། ཉེ་བའི་བསྙེན་པ་ནི། དེ་བརྟན་པར་གྱུར་པའོ། །སྒྲུབ་པ་ནི་དེ་ནས་འདོད་པའི་དངོས་གྲུབ་སྒྲུབ་པ་ལ། ཟླ་བ་དྲུག་ཏུ་ཞུགས་པས་སྤོགས་པའི་ཆོ་ག་དང་བཅས་པའོ། །སྒྲུབ་པ་ཆེན་པོ་ནི་དངོས་གྲུབ་ལེན་པའོ། །དེའི་རབ་ཏུ་དབྱེ་བ་ནི་གཉིས་ཏེ། ཐབས་ཀྱི་སྒོ་ནས་དབྱེ་བ་དང་། །ཐབས་ཀྱི་བྱ་བའི་སྒོ་ནས་དབྱེ་བའོ། །དེ་ལ་ཐབས་ཀྱི་སྒོ་ནས་ནི། བསྙེན་སྒྲུབ་ཀྱི་ཆར་གཏོགས་པ་སྟེ། ལས་དང་བྱ་བའི་སྒོ་ནས་བསྒྲུབ་པ་དང་། ཏིང་ངེ་འཛིན་གྱི་སྒོ་ནས་བསྒྲུབ་པའོ། །བྱ་བ་ཡང་བཟླས་བརྗོད་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། སྦྱིན་སྲེག་དང་།མཆོད་པ་དང་། འབྱོར་པ་བཟང་པོ་ལ་སྩོགས་པ་ལ་བརྟེན་པ་སྟེ། དེ་ཡང་ཐམས་ཅད་ལ་བརྟེན་པ་དང་། དེའི་ཆ་ཤས་ལ་རྟེན་པའི་བྱེ་བྲག་གོ། །ཏིང་ངེ་འཛིན་གྱི་སྒོ་ནས་ནི། བཟླས་པ་དང་བཅས་པ་དང་། བཟླས་པ་མེད་པའོ། །བྱ་བའི་སྒོ་ནས་ནི། ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་བྱང་ཆུབ་སྒྲུབ་པ་དང་། རྫུ་འཕྲུལ་དང་མི་སྣང་བ་ལ་སྩོགས་པ་ཐུན་མོང་གི་དངོས་གྲུབ་ཆེན་པོ་སྒྲུབ་པར་གསུངས་པ་རྣམས་དང་། ཞི་བ་དང་དྲག་པོ་ལ་སྩོགས་ཏེ། ལས་སྣ་ཚོགས་སྒྲུབ་པར་གསུངས་པ་རྣམས་སོ། །ངེས་པའི་ཚིག་ནི། །འདིས་འདོད་པའི་དོན་སྒྲུབ་པར་བྱེད་པས་ན་སྒྲུབ་པའོ། །ཡང་སཱ་དྷ་ན་ཞེས་བྱ་བའི་སྒྲས། ན་ཀུན་ཏུ་ལེན་པས་ན་སྒྲུབ་པ་སྟེ། འདོད་པའི་འབྲས་བུ་ལེན་པའི་ཕྱིར། །ངོ་བོ་དབྱེ་བ་ངེས་ཚིག་གིས། །སྒྲུབ་པའི་མཚན་ཉིད་བཤད་པ་ཡིན། །དེ་ལྟར་རྒྱུད་ཀྱི་དངོས་པོར་གསུངས་པ་དེ་དག་གི་ནང་དུ་ལྟ་བ་དང་སྤྱོད་པ་ལ་སྩོགས་ཏེ་བསླབ་པའི་མཐའ་དྲུག་དང་བཅུ་ལ་སྩོགས་པ་རྣམས་སུ་གསུངས་པ་ཡང་འདུས་པར་ཤེས་པར་བྱ་བ་ནི། དོན་དེ་དག་ལྟ་སྤྱོད་རྣམ་པ་གཉིས་སུ་ཡང་འདུར་རུང་སྟེ་ཤེས་པར་བྱ་བ་ནི་ལྟ་བ་ཉམས་སུ་ལེན་པ་ནི་སྤྱོད་པའོ། །ཡང་ཀུན་འདུས་ལས་ལྟ་བས་ཐག་བཅད། སྤྱོད་པས་ལ་དོར། དོན་མན་ངག་གིས་སྒྲུབ། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། རིམ་པ་དབང་གིས་བགྲོད། གཞི་དམ་ཚིག་གིས་བཟུང་། ཞེས་བྱ་བ་དང་། དེའི་སྟེང་དུ་རྒྱུད་ཐོས་པས་དགྲོལ། ཕུལ་དུ་མཁས་པས་དབྱུང་། སྒོ་ཀུན་ནས་བསྡུར། མཐའ་གཅིག་ཏུ་བསྡུར་བར་གསུངས་པ་རྣམས་ཀྱང་འདུས་པར་ཤེས་པར་བྱའོ། །དེ་ལ་མན་ངག་ནི། ཐབས་ཀྱི་མཆོག་ཏུ་གྱུར་པ་ལ་བྱ་སྟེ། གཏན་ལ་ཕབ་པ་དང་། ཉེ་བར་བསྟན་པའི་དོན་ཡིན་པས། ངེས་ཨུ་པ་དེ་ཤ་ཞེས་བྱ་བའི་སྒྲས་པའི་ཚིག་གི་ཚུལ་གྱིས་ན། །འདོད་པའི་འབྲས་བུ་བསྒྲུབ་པ་ལ་ཐབས་ཆེན་པོ། །གཏན་ལ་ཕབ་སྟེ་ཉེ་བར་བསྟན་པའི་ཕྱིར། །མན་ངག་ཅེས་བྱའོ། །གཞན་ནི་གོང་དུ་བསྟན་པར་ཟད་དོ། །རྒྱུད་ཀྱི་དངོས་པོ་དེ་ཁོ་ན་ཉིད་བཅུ་སྒྱུ་འཕྲུལ་དྲྭ་བ་ལས་འདི་སྐད་འབྱུང་སྟེ། གཞན་ལས་ཅུང་ཟད་མི་འདྲ་བར་འགྱུར། ཞེས་གསུངས་པ་ཡང་། དཀྱིལ་འཁོར་གྱི་བྱ་བ་དང་། ཕྱག་རྒྱུ་དང་། སྟང་སྟབས་དང་། འདུག་སྟབས་དང་། གསང་སྔགས་དང་། ལས་ལ་སྦྱོར་བ་དང་། སྦྱིན་སྲེག་དང་། མཆོད་པ་དང་། ཏིང་ངེ་འཛིན་དང་། །སླར་བསྡུ་བ་དང་བཅུ་སྟེ། འདི་དག་ནི། སྒྲུབ་ཐབས་ཀྱི་ཡན་ལག་དཀྱིལ་འཁོར་གཅིག་གི་ཆ་རྐྱེན་ལ་ཚོགས་པར་དགོས་པར་གསུངས་ཏེ། གོང་དུ་བསྟན་པ་ཉིད་དུ་ཇི་ལྟར་རིགས་པ་བཞིན་དུ་བསྡུ་བར་བྱའོ། །རྒྱུད་ཀྱི་དེ་ཉིད་ལས་དངོས་པོ་འདི་དག་མི་ཤེས་པར། གསང་སྔགས་སྨྲ་བ་ང་ཡིན་ནོ། །ཞེས་མངོན་པའི་ང་རྒྱལ་མི་བྱའོ། །ཞེས་གསུངས་པས། གསང་སྔགས་སྨྲ་བ་རྣམས་ཀྱིས། འདི་དག་ལ་གོམས་པར་བྱ་བར་རིགས་སོ། །གུ་རུ། མ་ཧཱའི། ཨུ་པ་དེ་ཤ། གུ་རྒྱུ། རྒྱུད་སྤྱིའི་དངོས་པོ་དྷརྨ་བྷ་དྲས་མཛད་པའོ། །

དབང་གི་རབ་ཏུ་བྱེད་པའོ། །ལས་ཀྱི་དབང་ནི་དངོས་སུ་མིང་ཡང་མཐུན་པར་ཟད། འཁོར་ལོ་སྒྱུར་བའི་དབང་ནི་འཆད་པའི་དབང་ཡིན། འཁོར་ལོ་སྒྱུར་བ་ཆེན་པོའི་དབང་ནི། རྡོ་རྗེ་རྒྱལ་པོ་ཆེན་པོའི་དབང་ཡིན་ཏེ། དེ་ལྟར་ཆ་མཐུན་ཞིང་འདུས་པ་ལས། འདིར་ནུས་པའི་དབང་དེ་དག་ཀྱང་། གསང་བ་བྱང་ཆུབ་སེམས་ཀྱི་ཁྱད་པར་ལས་བསྐུར་བས། ཁྱད་པར་དུ་འཕགས་པ་ཡིན་ཞེས་འཆད་དོ། །དེ་ལྟར་དབང་བསྐུར་བ་རྫོགས་ནས། ཐ་མར་འདོད་པའི་ཡོན་ཏན་གྱི་དབང་བསྐུར་ཏེ། རྡོ་རྗེ་བླ་མ་ཆེན་པོ་དང་། །བདག་དང་གཞན་ཡང་འདོད་དགུས་མཆོད། །ཞེས་འབྱུང་བ་ལྟར་བྱའོ། །དེ་ནས་གཏོར་མ་བཏང་སྟེ། དཀྱིལ་འཁོར་བསྡུ་བའི་ལས་བྱའོ། །བདག་ཅག་གི་བླ་མ་ལ་སྩོགས་པ་སློབ་དཔོན་དུ་གྱུར་པ་རྣམས་ཀྱི་གཞུང་གིས་ནི། དཀྱིལ་འཁོར་བྲིས་ཀྱང་རུང་མ་བྲིས་ཀྱང་རུང་། ཞི་ཁྲོའི་དཀྱིལ་འཁོར་གཉི་གའི་མཆོད་པ་གཞུང་བཞིན་དུ་བགྱིས་ནས། དེ་ལས་ཚོགས་ཀྱི་མཆོད་པ་བགྱིས་ཏེ། །གཏོར་མ་བཏང་བ་ཡང་རྫོགས་པར་བྱ་ནས། དེ་ནས་གདོད་སློབ་མ་དཀྱིལ་འཁོར་དུ་བཅུག་སྟེ། དབང་བསྐུར་བའི་ཆོ་ག་མཛད་ཅེས་གསུངས་སོ། །ཡང་ནི་སློབ་དཔོན་ཉིད་དབང་ཡང་རྫོགས་ལ། དམ་ཚིག་དང་ཡང་ལྡན་ཞིང་། དབང་བསྐུར་བ་ལ་སྒྱུ་མེད་པའི་སེམས་དང་ལྡན་པ་དང་། སློབ་མ་དབང་བསྐུར་བའི་ཡུལ་རྒྱུ་དང་ལྡན་ཞིང་། གདམས་ངག་གིས་ཟིན་ན། ཆོ་ག་གོང་འོག་མི་མཐུན་པ་དང་། ལྷག་ཆད་དུ་གྱུར་པ་ལ་ཉེས་པ་མི་བཤད་ལ། འོན་ཀྱང་བཀའ་ལ་བརྟེན་ནས་བྱ་བ་ཡིན་གྱི། རས་ཆོད་དུ་བྱ་བ་ནི་མ་ཡིན་ནོ་ཞེས་བཤད་དོ། །དྷརྨ་བྷ་དྲས་མཛད་པ་དབང་གི་རབ་ཏུ་བྱེད་པ་རྫོགས་སོ། །

རོང་ཟོམ་ཆོས་བཟང་གིས་མཛད་པའི་རྣལ་འབྱོར་ཆེན་པོའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ལས་གནང་བཀག་གི་ཡི་གེ་གསལ་བར་བཀོད་པ་བཞུགས། རྣལ་འབྱོར་ཆེན་པོའི་སྤྱིའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ལས། རྣལ་འབྱོར་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཆེ་ཆུང་གིས། བསྲུང་མཚམས་གནང་བཀག་ཏུ་ཕྱེ་བ་ལས། ཤེས་རབ་དང་ཏིང་ངེ་འཛིན་དུ་མི་ལྡན་པའི་གང་ཟག་ཐ་མལ་པས། མི་བསྲུང་དུ་མི་རུང་བ་དང་། བསྲུང་བའི་ཡུལ་མ་ཡིན་པ་རྣམས་ཕྱེ་ནས་བརྗེད་བྱང་དུ་བྱས་ཏེ། རྩོལ་བ་འབྲིང་གིས་ཀྱང་ཉ་སྟོང་གི་བདུད་རྩིའི་མཆོད་པའི་དུས་སུ་ཞིག་པ་དང་མ་ཞིག་པ་རྣམས་བགྲང་ཞིང་གསོ་བར་བྱ་སྟེ། དེ་ལ་རྩ་རྩ་བ་འདི་ཞིག་པའི་ཚང་ནི་བླ་མ་དང་འཁོན་པའི་ལས་བྱས་ཏེ་ཤེས་བཞིན་དུ་དང་པོ་ཡང་དེ་མ་འཛེམས། ཐ་མར་ཡང་སོར་མ་བཅུག་པར་སྐྱེ་ཤིས་བར་བཅད་ན་རྩ་བ་གཏིང་ནས་ཞིག་གོ། །བའི་དམ་ཚིག་ལ་བླ་མ་བཀུར་བའི་སྐབས་སུ། ཐམས་ཅད་ཀྱང་བཀུར་བ་ཡིན་ན། ལྷག་པར་ཡང་དབང་དང་དམ་ཚིག་མན་ངག་ནོས་པར་བཀུར་བར་བྱ་སྟེ། དེ་ཡང་སངས་རྒྱས་པས་ལྷག་པའམ་མཉམ་པའམ། དཀོན་མཆོག་བཞི་བར་བལྟ་བ་རྣམས་གང་རུང་ཅིག་མནོས་ཏེ་བསྲུང་བར་བྱའོ། །རྡོ་རྗེ་མཆེད་རྩ་བ་འདིའི་སྐབས་སུ་སྔ་མ་བཞིན་དུ་མཁོན་བཙུགས་ཀྱི་ལས་བྱས་ནས་བདག་གིས་ཉེས་ན་བཤགས་པ་མི་བྱེད་པ་དང་། ཕ་རོལ་གྱིས་ཉེས་ན་བཤགས་ཀྱང་མི་ཚངས་པར་གྱུར་ཏེ་སྐྱེ་ཤིས་བར་བཅད་དུ་གྱུར་ན་རྩ་བ་གཏིང་ནས་ཞིག་གོ། །ལ་བྱམས་པར་བྱ་བ་ཡང་། ཐེག་པ་ཆེན་པོ་ལ་ཞུགས་པ་ཀུན་ཀྱང་ཡིན་ན། ལྷག་པར་ཡང་སྡོམ་པ་ལྷན་ཅིག་ནོས་པ་སྟེ། དེ་དག་ལ་ཕན་གདགས་པའི་བསམ་པ་བཏང་ཞིང་ཁྲོ་བ་སྤང་། འཁུ་ཞིང་གནོད་པ་བྱེད་པ་ལྟ་ཅི་མིང་ཡང་མི་གྲགས་པར་བྱའོ། །འདི་དག་ལས་འགལ་འཁྲུལ་ཤོར་ན། མཐོང་བའི་ཆོས་ལ་སོར་གཞུག་གོ། །ཡི་དམ་རྩ་བ་འདིའི་སྐབས་སུ་བྱ་ཆུབ་ཀྱི་སེམས་བཏང་ན་རྩ་བ་གཏིང་ནས་ཞིག་གོ། །མཆོད་པ་ནི་ཡན་ལག་ཡིན་ནོ། །ལྷ་བསྒོམ་ནས་མཆོད་པ་བྱས་ཏེ་སྔགས་བཟློས་པས་དུས་མཚུངས་ཀྱང་མཆོད་པ་མེད་པར་ཡང་བསྒོམ་ཞིང་བཟླས་སུ་རུང་ངོ་། །རྟག་ཏུ་བརྟེན་པ་བཞི་ནི་ལྷ་དང་བླ་མ་རྟག་ཏུ་མཆོད། སྔགས་དང་ཕྱག་རྒྱ་རྟག་ཏུ་བརྟེན། ཞེས་བཤད། རྟག་པའི་སྒྲ་ནི་རྒྱུན་ལ་བྱ། གྱི་ལྷ་བསྒོམ་པ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་དང་། བདུད་རྩི་ལྔ་དང་དུ་བླང་བ་ནི། དུས་དང་ཚུལ་གཅིག་སྟེ། བརྩོན་པ་རབ་འབྲིང་གི་དབང་གིས་ཞག་ཟླ་དང་ལོ་དུས་ལ་ཡས་བསྒོམ་པ་དང་། བཟླས་བརྗོད་དང་བདུད་རྩིའི་ཚོགས་སྤྱིར་བསྡུ་མཆོད་པ་དག་བགྱི། དེ་ཡང་ཏིང་ངེ་འཛིན་དང་བཟླས་པ་ནི། དམ་བཅས་པ་ལས་ལྷག་པར་ཡང་འགྲུབ་ཚད་དུ་བགྱི། །མཆོད་པ་ནི། ལོ་ཟླ་ལས་འདར་མི་རུང་ངོ་། །གསང་བའི་མན་ངན་ནི། སྤྱིར་གཞན་གྱིས་འཕུར་ཀར་གྱུར་པ་ཐམས་ཅད་དངོས་གྲུབ་དང་ཚེ་དང་ལོངས་སྤྱོད་ཀྱི་བར་ཆད་དུ་འགྱུར་རོ། སློབ་དཔོན་དང་མཆེད་དང་གནས་དང་དུས་ལྟ་བུ་ནི། གསང་སྔགས་འཆོལ་བའི་དུས་སུ་བསྲུང་བར་བྱ་བ་མ་ཡིན་ནོ། །ཡི་དམ་གྱི་ལྷ་དང་། ཡི་དམ་གྱི་སྔགས་དང་། ཡི་དམ་གྱི་ཕྱག་རྒྱ་དང་། འདི་གསུམ་རང་གི་ཡི་དམ་འདི་གསུམ་དབང་བསྐུར་བའི་སློབ་མ་ལ་སྨྲས་ཀྱང་དངོས་གྲུབ་ལ་གནོད་དོ། །ནི་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་སོ། །འདྲེས་པ་ལ་བསྟན་ན་དངོས་གྲུབ་ཉམས་སོ། །སྤྱོད་པ་རླབས་པོ་ཆེ་ནི། མ་འདྲེས་པ་ལ་མི་བསྟན་ནོ། །ལྟ་བ་ཟབ་མོ་ནི། །ཐེག་པ་དམན་ཞིང་བློ་དམན་པ་རྣམས་ལ་མི་བསྟན་ནོ། །གལ་ཏེ་འདི་ལས་ཉམས་ན་བསྐང་བའི་ཐབས་གཞན་མེད་དེ། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་ཡིན་པས། ཀུན་ཀྱང་སྣོད་ཡིན་པར་བསམ་པ་དང་། ཤེས་རབ་ཀྱི་ཆོས་མཉམ་པ་ཉིད་དུ་རྟོག་པས་བསྐང་ངོ་ཞེས་གསུངས། སྤྱད་པར་བྱ་བའི་དམ་ཚིག་ལྔ་ལ། སྒྲོལ་བའི་སྐབས་སུ། བསྒྲལ་བའི་ཞིང་བཅུ་གསུངས་པ་ལས། ངན་སོང་གསུམ་བསྒྲལ་བར་གསུངས་པའི་སྐབས་སུ། ཨུ་མ་ཚང་ན་ཉལ་བ། མཁའ་ལ་རླུང་ལྟར་འཕྲོ་བ། བཅུ་དྲུག་ཚང་ན་འཁྱིལ་བ་ལྟ་བུ། དུད་འགྲོ་ལས་ཞིང་ཁུད་པར་གྱུར་པ་རྣམས་ཀྱང་། སྙིང་རྗེ་དང་ཤེས་རབ་དང་ཏིང་ངེ་འཛིན་གྱིས་དེ་དག་ལ་ཕན་ཤིན་ཏུ་ཐོགས་པར་དཀའ་བས། འདི་དངོས་སུ་བསྒྲལ་བར་མི་བརྩམ་མོ། །ཡི་དྭགས་ལས་གདོན་ཆེན་པོ་གཙུ ག་ལག་ཁང་དུ་ཞུགས་ནས། དགེ་འདུན་རྣམས་ལ་བར་ཆད་བྱེད་པ་དང་། དབེན་ཚ་ཁ་ཁའི་རྣལ་འབྱོར་པ་རྣམས་ལ་གནོད་པ་དང་། སྲོག་ཆགས་མང་པོ་ལ་འཚེ་བ་དག་ལ་དྲག་པོའི་ཕྲིན་ལས་ཀྱིས་མནན་གཟིར་དག་བྱ་རུང་ངོ་། །དམྱལ་བ་ལ་ཞིང་ཁུད་པ་མེད་དོ། །མིའི་སྐྱེ་དགུའི་ཞིང་ཁུད་པ་རྣམས་ལས། འདུས་པར་འོངས་པ་བསྒྲལ་བར་གསུངས་པ་ནི། སྔོན་དུས་དང་པོའི་ཚེ། སྤྱི་གསང་བཞི་སློབ་དཔོན་དང་། མཆེད་དང་། དུས་དང་། གནས་དག་གསང་བའི་ཚེ། ལོ་སྤྱོད་པའི་དུས་ན། གསང་སྔགས་ཞེས་བྱ་བར་གང་ཟག་འགའ་ཞིག་སྤྱོད་པ་ཡང་། སྐྱེ་བོ་སུ་ལ་ཡང་མ་གྲགས་པའི་དུས་ན། བསྒྲལ་བའི་ཞིང་ཡིན་ཏེ། ཕྱིས་གསང་སྔགས་ཐུན་མོང་དུ་གྲགས་པའི་ཚེ། བསྒྲལ་བའི་ཞིང་མ་ཡིན་ནོ། །གཞན་དཀོན་མཆོག་གི་བསྟན་པ་འཇིག་པ། །རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ། རྣལ་འབྱོར་པ་ཡོང་ལ་གནོད་པ། སློབ་དཔོན་དང་མཆེད་ལ་འཁུ་བ། དམ་ཚིག་རྩ་བ་ཆེན་པོ་ཉམས་ཤིང་ལོག་པ། གསང་བའི་ཐེག་པ་སྒྲུབ་པ་པོ་དང་བཅས་པ་ལ་འཕྱ་ཞིང་སྐུར་བ་རྣམས་ནི། མངོན་སྤྱོད་ཀྱི་ལས་ལ་སོགས་པས་ཆེད་དུ་བླངས་ཏེ་སྒྲལ་བ་ཡིན་ནོ། །དངོས་གྲུབ་ཀྱི་རྫས་སུ་བསྒྲལ་བར་གསུངས་པའི་འབྲས་བུ་ཆེན་པོ་ལྔ་ལ་སོགས་པ་ནི། གང་ཟག་ཕལ་བའི་ཡུལ་མ་ཡིན་པས། སྒྲོལ་བ་འདི་ནི་མི་བརྩམ་མོ། །སྦྱོར་བའི་སྐབས་སུ། རྒྱན་གཙོ་གཟུངས་གཅིག་ལས་གཞན་བཙལ་དུ་མི་གནང་བར་ནོས་པ། གཅིག་པ་དང་། བསྙེན་པ་རྫོགས་ནས་སྒྲུབ་པའི་ཚེ་བཙལ་ཏེ་སྒྲུབ་པ་ཆེན་པོའི་དུས་སུ་དངོས་གྲུབ་ལེན་པའི་ཚེ་ཚོགས་མཆོག་གསང་བ་ལ་གཟུངས་གཅིག་སྦྱོར་བར་དམ་ཚིག་ནོས་པ་གུད་དུ་ཕྱེ་བ་མེད་པར་དཀྱིལ་འཁོར་གཅིག་གི་ནང་དུ་གཙོ་བོ་གཟུངས་ཕན་ཚུན་འཁྲིལ་དུ་གནང་བའི་དམ་ཚིག་ནོས་པ། སྨོན་ལམ་གཅིག་པ། འདི་གཉིས་ནི་དེ་ལྟར་དམ་བཅའ་ནུས་པའི་གང་ཟག་ཡོད་ན། གང་ཟག་ཕལ་པས་ནུས་ཀྱང་མི་རུང་བ་མེད་དོ། །བརྩོན་འགྲུས་ཀྱིས་མི་ནུས་ན། །ནོད་པར་བྱ་བ་མ་ཡིན་ནོ། །རིགས་ལྔ་ཚུལ་གཅིག་པ་ནི། སྤྱོད་པ་དང་དམ་ཚིག་མཐུན་པ་ཡོད་ན་ནོད་དུ་རུང་ངོ་། །ཕྱལ་བ་ནི། ཀུན་གྱིས་ནོད་ཅིང་བསྲུང་བར་བྱ་བ་ཡིན་ནོ། །མ་བྱིན་པ་ལེན་པའི་སྐབས་སུ། དཀོན་མཆོག་ལ་བསྔོས་པ་ལ་སོགས་ཏེ། ཤིན་ཏུ་ལྕི་བའི་རྫས་རྣམས་ནི་བླང་བར་བྱ་བ་མ་ཡིན་ནོ། །བསྒྲལ་བའི་ཞིང་དུ་གྱུར་པའི་རྫས་དང་ཤིན་ཏུ་སེར་སྣས་བཅིངས་པའི་རྫས་རྣམས་སྙིང་རྗེས་དབང་གིས་བླངས་ནས་མཆོད་སྦྱིན་ཆེན་པོར་བྱ་བར་གསུངས་སོ། །བརྫུན་དུ་སྨྲ་བའི་སྐབས་སུ། དམ་ཚིག་ལ་གནོད་པའི་བརྫུན་དང་། སེམས་ཅན་ལ་གནོད་པའི་བརྫུན་དང་། གང་ཟག་གཞན་སྤྱོད་པའི་ཆོས་ཀྱི་གཞུང་ལ་དམོད་པའི་བརྫུན་དང་། རང་ལ་ལུང་ངེས་པ་མེད་པར་ཕ་རོལ་གྱི་བདེན་པའི་ཚིག་ལ་ལན་ལྡོན་པའི་རྫུན་རྣམས་སྨྲ་བར་མི་བྱའོ། །གཞན་བླ་མ་དང་གྲོགས་ལ་ཕན་པར་འགྱུར་བའི་རྫུན་དང་། སེམས་ཅན་གྱི་སྲོག་དང་རྫས་ལ་སྐྱོབས་པར་འགྱུར་བའི་རྫུན་རྣམས་ནི་ཆེད་དུ་བླངས་ཏེ་སྨྲ་བར་བྱའོ། །ངག་རྩུབ་མོ་སྨྲ་བའི་སྐབས་སུ། དམ་ཚིག་ལ་གནོད་པའི་ངག་རྩུབ་སློབ་དཔོན་དང་མཆེད་ལ་གནོད་པའི་ཁྲོ་ཚིག་དང་། སྤྱིར་བསྙེན་པ་ལ་གནོད་པའི་ཁྲོ་ཚིག་ལྟ་བུ། མོ་དང་། སེམས་ཅན་ཕལ་བ་རྣམས་ལ་ཀུན་ནས་མནར་སེམས་ཀྱི་རྒྱུར་འགྱུར་བའི་ཚིག་རྩུབ་མོ་ནི་སྨྲ་བར་མི་བྱའོ། །གཞན་གོང་དུ་བསྟན་པའི་བསྒྲལ་བར་བྱ་བའི་དམིགས་རྣམས་གདུལ་བར་བྱ་བའི་ཕྱིར་ངག་རྩུབ་མོ་སྨྲ་བ་དང་། དྲག་པོའི་གསང་སྔགས་བཟླས་པ་དང་། སྣོད་དུ་གྱུར་བའི་གང་ཟག་ལ་ཆོས་ཟབ་མོ་བཤད་པའི་ཚིག་གདུག་པ་ཅན་སྒྲོལ་བའི་ཆོས་དང་འཇིག་རྟེན་ལུགས་དང་མི་མཐུན་པའི་ལྟ་བ་ཟབ་མོ་བཤད་པ་ལྟ་བུ། རྩུབ་མོ་རྣམས་ནི་དམིགས་ཀྱིས་སྨྲ་བར་བྱའོ། །དམ་ཚིག་འདི་དག་ནི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྲུང་བར་བྱ་བ་ཡིན་ཏེ། འདའ་བར་མི་གནང་ངོ་། །དེ་ལ་ཡང་སྤྱད་པར་བྱ་བའི་དམ་ཚིག་ལྔ་ལས། ཇི་ལྟར་བསྟན་པ་བཞིན་དུ་མ་ནུས་ན་ནི། དངོས་གྲུབ་ལས་ཉམས་པར་འགྱུར་ཏེ། སྒྲིབ་པ་ལ་སོགས་པར་ནི་མི་འགྱུར་བས། ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་ལ་སོགས་པས་ཀྱང་བསྐང་བར་བྱའོ། །ཉོན་མོངས་པ་ལྔ་མི་སྤང་བའི་དམ་ཚིག་དང་། ཤེས་པར་བྱ་བའི་དམ་ཚིག་ལྔ་ནི། སྤྱིར་ཤེས་རབ་དང་ཏིང་ངེ་འཛིན་གྱིས་རྟོགས་ཤིང་གོམས་པར་བྱ་བ་ལས་མ་གཏོགས་པ་ལུས་ངག་གིས་ལྷག་པར་སྤྱད་ཅིང་བསྲུང་དུ་མེད་དོ། །གྲུབ་པར་བྱ་བའི་དམ་ཚིག་ལྔ་ནི། དམ་ཚིག་འདི་རྣམས་ཚུལ་བཞིན་དུ་བསྒྲུབ་པའི་འབྲས་བུ་ཡིན་ཏེ། དེ་བཞིན་དུ་བརྩོན་པར་བསྲུང་བ་ལས་མ་གཏོགས་པ་ལྷག་པར་གུད་དུ་བསྲུང་བ་མེད་དོ། །འདི་དག་ནི་རྣལ་འབྱོར་ཆེན་པོའི་དམ་ཚིག་མདོར་བསྡུས་པ་ཡིན་ནོ། །སྤྱིར་དུས་དང་རྒྱུན་དུ་བསྲུང་བའི་ལྷའི་བརྟུལ་ཞུགས་དང་བརྟུལ་ཞུགས་ཀྱི་མཉམ་པའི་བརྟུལ་ཞུགས་དང་། དམ་ཚིག་རྣམས་དང་། དུས་སྐབས་སུ་བསྲུང་བར་བྱ་བའི་དམ་ཚིག་ཅན་ནམ་དུ་མི་སྤྱོད་པ་ལ་སོགས་པ། ལྷག་པའི་དམ་ཚིག་རྣམས་ནི། །དམ་བཅས་པའི་བསྙེན་སྒྲུབ་ཆེན་པོ་དང་། དུས་དུས་སུ་བྱ་བའི་བསྙེན་བསྒྲུབ་རྣམས་བྱ་བའི་ཡ་ཕྱིར། བསྲུང་བར་བྱ་བ་ཡིན་པས། ལྷག་པར་བླ་མ་ལས་གུད་དུ་ནོད་མི་དགོས་ཏེ། དང་པོར་དབང་ནོད་པའི་དུས་སུ། སྤྱིའི་དམ་ཚིག་འདི་དག་མནོས་ནས། ཕྱིར་བསྣན་ཅིང་ལེགས་པར་གཏན་ལ་ཕབ་སྟེ། དུས་ཀྱི་གསོ་སྦྱོང་གིས་ཕྱིན་པར་བྱས་ན་བསླབ་པ་ཕྲ་མོ་དག་དུས་ནམ་དགོས་པའི་དུས་སྐབས་སུ་བསླབས་པས་ཆོག་གོ། །དམ་ཚིག་འདི་དག་ཉམས་ན་བསྐང་བའི་ཐབས་ཀྱང་ལུགས་གཉིས་སྣང་སྟེ། གཞུང་གཅིག་ནི། དམ་ཚིག་ཉམས་ན་སླར། དཀྱིལ་འཁོར་དུ་ཞུགས་ཏེ། དབང་དང་དམ་ཚིག་ནོད་དོ་ཞེས་འབྱུང་ངོ་། །གཞུང་གཉིས་པ་ནི། ཉམས་པ་དང་སློབ་དཔོན་དང་མཆེད་ལྕམ་ནང་ཕན་ཚུན་ཉམས་པའི་ཡུལ་རྣམས་ཚེའི་བར་ཆད་ཀྱིས་མ་བསྐལ་ན། སོར་བཅུག་པས་བསྐང་ཞེས་འབྱུང་ངོ་། །གསོ་སྦྱོང་གི་དུས་ནི། བརྩོན་པ་རབ་ནི། རྟག་ཏུ་སེམས་པ་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་དང་། ཐོ་རངས་དུས་ཀྱི་ཡི་དམ་ཐོག་མར་དམ་ཚིག་བསྒྲང་ཞིང་གསོ། ཐུན་དང་པོ་ལ་ཉམས་པ་དང་མ་ཉམས་པ་བགྲང་ཞིང་གསོ་བར་འབྱུང་། འབྲིང་དེའི་ཚེ་གྲོགས་ཀྱི་དབང་པོ་ཡོད་ཀྱང་རུང་མེད་ཀྱང་རུང་། པོས་ཟླ་ཚིགས་ཀྱི་མཆོད་པ་ལ་བགྲང་ཞིང་གསོ། །ཐ་འདིའི་དམ་ཚེ་སློབ་དཔོན་དང་མཆེད་ཀྱི་ནང་དུ་དཔང་དུ་གསོལ་ཏེ། མས་ལོ་དུས་ཀྱི་མཆོད་པ་ལ་བགྲང་ཞིང་གསོ། ཉམས་ཤིང་ཞིག་པའི་སྐྱོན་ནི་སྤྱིར་གྲགས་པས་མ་སྨྲོས་ཏེ། མདོར་ན་དགེ་བའི་དབང་པོ་ཐམས་ཅད་ཀྱི་སྲོག་གི་དབང་པོ་དམ་ཚིག་ཡིན་ཏེ། འདི་མེད་ན་དབང་ལ་སོགས་པ་དགེ་བ་གཞན་གྱི་ནུས་པ་ཡོད་མི་སྲིད་པར་དམ་ཚིག་གི་བདག་པོ་ཉིད་ཀྱིས་གསུངས་སོ། །དྷརྨ་བྷ་དྲས་མཛད་པའི་དམ་ཚིག་གི་གནང་བཀག་གོ། །

གསང་སྔགས་ཀྱི་བཟླས་བརྗོད་བྱེད་པའི་ཚེ། ཆོ་ག་ཡན་ལག་བརྒྱད་དང་དམིགས་པ་མང་ན་ཡང་། གཞུང་དག་ལས་མཐོང་བ་ཙམ་མདོར་བསྡུ་ན། ཁ་ཅིག་ནི་སྔར་ཏིང་ངེ་འཛིན་བསྒོམ་པ་དང་། ཡེ་ཤེས་ཀྱི་ལྷ་མཆོད་པའི་ཆོ་ག་རྒྱས་པར་བྱས་ཏེ་བཟླས་བརྗོད་བྱེད་པ་ཡང་ཡོད། ཁ་ཅིག་ནི་དེ་དག་དང་མི་ལྡན་པ་ཡང་ཡོད་དོ། །དམིགས་པའི་རིམ་པ་ཡང་ཁ་ཅིག་ནི་ཐ་མལ་པའི་ལུས་ཀྱི་དམིགས་པ་ཉིད་ཀྱིས་སེམས་ཅན་གྱིས་དོན་དུ་བསམ་སྟེ། གཡེངས་བ་སྤངས་ནས་བཟླས་བརྗོད་བྱེད་པ་ཡང་ཡོད། ཁ་ཅིག་ནི་བདག་གི་ཐ་མལ་པའི་ལུས་ཀྱི་ནམ་མཁའ་ལ་འཕགས་པའི་སྐུ་བསམ་སྟེ་ཟློས་པ་ཡང་ཡོད། ཁ་ཅིག་ནི་སྐུ་གཟུགས་ལྟ་བུ་མདུན་དུ་བཞག་སྟེ། དེ་ཉིད་རང་གི་དད་པའི་ལྷ་དང་མི་གཉིས་པར་བརྟགས་ནས། བ་སྤུ་གཡོ་ཞལ་འཛུམ་སྙམ་དུ་རྟོག་ཅིང་ཟློས་པ་ཡང་ཡོད། ཁ་ཅིག་ནི་རང་ཉིད་ལྷའི་སྐུར་བརྟགས་ཏེ། སྙིང་ཀ་ལ་སོགས་པའི་གནས་རྣམས་སུ་ཇི་ལྟར་གྲགས་པའི་ཡི་གེ་རྣམས་བརྟགས་པ་འམ། རྡོ་རྗེ་ལ་སོགས་པའི་མཚན་མ་དང་བཅས་པ་ཡང་རུང་སྟེ། དེ་དག་ཡིད་ལ་ཀློག་པའི་ཚུལ་གྱིས་ཟློས་པ་ཡང་ཡོད། ཁ་ཅིག་ནི་དེ་ཉིད་ཀྱི་མདུན་དུ་རང་དང་འདྲ་བའི་ལྷ་བསམ་སྟེ། དབུགས་རྔུབ་པའི་ཚུལ་གྱིས་བདག་དང་མི་གཉིས་པའི་ལྷའི་སྐུ་ལ་དམིགས་ཤིང་། དབུགས་འབྱུང་བའི་ཚུལ་གྱིས་མདུན་ན་བཞུགས་པའི་ལྷ་ལ་དམིགས་པ་ཡང་ཡོད། ཁ་ཅིག་ནི་ཚུལ་དེ་ཉིད་ལ་འོད་ཟེར་འཕྲོ་བའི་ཚུལ་གྱིས་ལྷ་ལ་ཐིམ་སྟེ་ཐུགས་དམ་བསྐུལ་ཞིང་མཉེས་པར་བྱེད། འདུ་བའི་ཚུལ་གྱིས་བདག་ལ་ཐིམ་ཞིང་དངོས་གྲུབ་ནོད་པ་ཡོད། ཁ་ཅིག་ནི་བདག་ཉིད་ཀྱང་ལྷ་དང་མི་གཉིས་པའི་སྐུ་ཕྱག་རྒྱ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིད་ལ་བྱེད་ཅིང་། ཆོས་ཐམས་ཅད་ཀྱང་བདག་དང་། །རང་བཞིན་ཐ་མི་དད་པའི་འཕགས་པའི་སྐུས་ཡོངས་སུ་གང་བར་དམིགས་ཏེ། འོད་ཟེར་འཕྲོས་པས་འཕགས་པ་ཐམས་ཅད་མཉེས་པར་བྱེད་ཅིང་ཐུགས་དམ་བསྐུལ་བ་དང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཡང་སྒྲིབ་པ་སྦྱོང་ཞིང་ལས་རྣམས་བཞི་རྫོགས་པར་བྱེད་པ་དང་། སླར་འདུ་བའི་ཚུལ་གྱིས་སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་ཐོབ་པར་བསམ་པ་ཡང་ཡོད། དེ་དག་ནི་འདུལ་བའི་དབང་གིས་སོ་སོའི་མོས་པ་དང་། ནུས་པའི་ཁྱད་པར་གྱི་དབང་དུ་གསུངས་པས་ཏེ། གཞུང་སོ་སོ་ལ་གཞན་གྱིས་སུན་དབྱུང་བར་མི་བྱའོ། །སྤྱིར་སྔགས་ནི་གསུང་གི་ཕྱག་རྒྱ་སྟེ། དེ་ཉིད་ཀྱི་སྒོ་ནས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཐམས་ཅད་དང་ལྡན་པར་བྱིན་གྱིས་རློབས་པར་ཤེས་པར་བྱའོ། །གསང་སྔགས་ཟློས་པ་ཡང་སངས་རྒྱས་ཀྱི་མཛད་སྤྱོད་ལ་ཞུགས་པ་ཡིན་པས། ཆོས་ཐམས་ཅད་མ་སྐྱེས་པར་རྟོགས་པའི་ཐུགས་དང་། སྐུ་ཕྱག་རྒྱུར་གསལ་བའི་ཏིང་ངེ་འཛིན་དང་། གསང་སྔགས་དག་པར་བཟླས་པ་དང་ལྡན་པར་བྱས་ན་དོན་ཆེན་པོར་བཤད་དོ། །གསང་སྔགས་རང་གི་ངོ་བོ་ནི་ཐབས་ཤེས་རབ་ཕུལ་དུ་བྱུང་བའོ། །རྟགས་ནི་ལྷའི་སྐུའོ། །སྒོ་ནི་ཡིག་འབྲུའོ། །ངེས་པའི་ཚིག་ནི་ཐུན་མོང་མ་ཡིན་པའི་དོན་དང་། །དམ་པར་གྱུར་པ་དང་། བློ་གྲོས་དང་། ཐབས་ལ་མཁས་པ་ལ་ཡང་འཇུག །ཡན་ལག་བསྒྱུར་ན་གསང་སྟེ་བརྗོད་པ་དང་། ཤེས་པ་དང་དཔུང་གཉེན་དུ་ལྡན་པ་ལ་བྱ་བར་ཡང་བཤད་དོ། །སྨྲ་བ་ཐམས་ཅད་ཀྱི་མཆོག་གསང་སྔགས་སྨྲ་བ་ཡིན་པ་བཤད་དོ། །འདི་ལྟར་དགེ་སློང་སོའུ་ཁྱུ་དེ་བས་ཚིགས་སུ་བཅད་པ་བརྗོད་པ། སྨྲ་བ་ཐམས་ཅད་སྤངས་ནས་སུ། །གསང་སྔགས་སྨྲ་བ་བརྩམ་པར་བྱ། །བདེ་བའི་ལྷ་ཡང་བསྒྲུབ་པས་ན། །སྔགས་ཀྱི་མཐུ་ནི་ཤིན་ཏུ་ཆེ། །ཞེས་པ་ལྟ་བུའོ། །གསང་སྔགས་བརྗོད་པའི་བསོད་ནམས་ཀྱང་། བཀའ་དམ་པ་བཏོན་པ་དང་། ཆོས་ཉིད་ཡིད་ལ་བྱེད་པ་དང་། བདེན་པ་དང་། རིག་པ་དང་། དྲན་པ་ཐོབ་པ་དང་། ཆོས་ལ་དབང་བསྒྱུར་བ་ཐོབ་པ་དང་། འདོད་པའི་དངོས་གྲུབ་ཐམས་ཅད་ཐོབ་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཞེས་གསུངས་སོ། །རིག་སྔགས་ནི་མ་རྟོགས་པའི་གཉེན་པོའོ། །གསང་སྔགས་ནི་ལོག་པར་རྟོགས་པའི་གཉེན་པོའོ། །གཟུངས་སྔགས་ནི་དྲན་པ་ཉམས་པའི་གཉེན་པོའོ། །སྤྲོས་པ་དང་བྲལ་བའི་དོན་སྒོམ་པ་ནི། དེ་དག་གི་ཤེས་རབ་ཀྱི་ཆོ་ག ཐབས་ཀྱི་ཆོ་ག་ནི་དམ་པའི་ཆོས་ཉན་པ་དང་། ཤེས་རབ་དང་སྙིང་རྗེ་སྒོམ་པ་དང་། ཐོས་པའི་དོན་བཟླས་བརྗོད་བྱེད་པ་རྣམས་ནི། དེ་དག་གི་རིམ་པ་བཞིན་དུ་ཐབས་ཀྱི་ཆོ་གར་སྦྱར་རོ། །བཟླས་བརྗོད་བྱ་ཐབས་ཀྱི་ཡན་ལག་རྫོགས་སོ། །

རོང་ཟོམ་ཆོས་བཟང་གིས་མཛད་པའི་རང་བྱུང་ཡེ་ཤེས་ཆེན་པོའི་འབྲས་བུ་རོལ་པའི་དཀྱིལ་འཁོར་དུ་བལྟ་བའི་ཡི་གེ་བཞུགས་ལགས་སོ། །གསང་སྔགས་ཀྱི་ཚུལ་ལས། སོ་སོ་སྐྱེ་བོ་ཐ་མལ་པའི་ཤེས་པ། རང་བྱུང་གི་ཡེ་ཤེས་ཅན་དུ་སྟོན་པ་དང་། དེའི་དབང་གིས་ཕྱི་ནང་གི་དངོས་པོ་འདི་དག་ཀྱང་ཡེ་ཤེས་རོལ་པའི་དཀྱིལ་འཁོར་དུ་ལྟ་སྟེ། ཆོས་ཐམས་ཅད་བདེན་པ་གཉིས་གའི་སྒོ་ནས། ཟག་པ་མེད་པའི་དཀྱིལ་འཁོར་དུ་འདོད་པ་འདི། ཇི་ལྟར་གསུངས་པ་དེ་ལྟར་མཚན་ཉིད་པར་གྲུབ་པ་ཅིག་ཡིན་ནམ། འོན་ཏེ་དེ་ལྟར་མ་ཡིན། དེ་ལྟར་སྟོན་པའི་བཀའ་འདི་ཡང་དགོངས་པའི་ཚིག་ཞིག་གམ། འོན་ཏེ་གཟུགས་པོར་གསུང་པ་ཞིག་ཡིན། གལ་ཏེ་མཚན་ཉིད་པ་ཞིག་ཡིན་ན་ནི། དེ་ལྟར་སོ་སོ་སྐྱེ་བོའི་ཤེས་པས་མངོན་དུ་བྱས་པ་མེད་དོ། །གལ་ཏེ་དེ་ལྟ་མ་ཡིན་ཏེ། མི་སྡུག་པ་དང་། ཟད་པར་དང་ཟིལ་གནོན་ལྟ་བུར་སྒོམ་པའི་ཡུལ་དུ་སྣང་བ་དག་ནི། ཉོན་མོངས་ཁ་ཅིག་གི་གཉེན་པོར་བསྟན་པར་གསུངས་པ་འདི་དག །ཀུན་བརྟགས་པའི་གཟུགས་སམ་དབང་འབྱོར་པའི་གཟུགས་ཤེས་གྲགས་པ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་སུ་བསྟན་ཏེ། དངོས་པོའི་མཚན་ཉིད་པར་ཡང་མ་གྲགས་ན་གསང་སྔགས་ཀྱི་ཚུལ་གྱི་གྲུབ་མཐའ་འང་དགོངས་པའི་ཚིག་ཏུ་འགྱུར་ཏེ། ངེས་པའི་དོན་གཏན་ལ་ཕབ་པར་ཡང་མི་འགྱུར་ལ། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཀྱང་། མཚན་ཉིད་ཀྱི་ཐེག་པ་ལས་གྲགས་པ་ལྟར་བདེན་པར་འགྱུར་རོ་ཞེ་ན། འདིར་ལན་བཏབ་པ། གསང་སྔགས་ཀྱི་ཚུལ་ལས་ཇི་སྐད་གསུངས་པ་འདི་དག་ནི། མཚན་ཉིད་པར་གྲུབ་པ་ཡིན་ཏེ། ཡོངས་སུ་བརྟགས་པ་མ་ཡིན་ནོ། །དེའི་དབང་གིས་བཀའ་འདི་ཡང་གཟུགས་པོར་གསུངས་པ་ཉིད་ཡིན་ཏེ། དགོངས་པའི་ཚིག་མ་ཡིན་ནོ། །སྤྱིར་ཆོས་ཀྱི་མཚན་ཉིད་བདེན་པ་དང་། བདེན་པ་མ་ཡིན་པར་སྒྲུབ་པ་དང་། །དབང་པོའི་ཤེས་པ་ལ་ཇི་ལྟར་སྣང་བ་དེ་ལྟར་བདེན་པར་འདོད་པ་ཞིག་གམ། འོན་ཏེ་རིགས་པའི་ཤེས་པས་ཇི་ལྟར་གྲུབ་པ་དེ་ལྟར་བདེན་པར་འདོད། གལ་ཏེ་དབང་པོའི་ཤེས་པ་ལ་སྣང་བ་དེ་ལྟར་བདེན་པར་འདོད་ན་ནི། གྲུབ་མཐའ་གང་གིས་ཀྱང་བློ་བཅོས་མི་དགོས་ཀྱིས། སེམས་ལས་ཆུང་ངུར་གྱིས་ལ་འདུག་ཅིག །གལ་ཏེ་རིགས་པས་གྲུབ་པ་བདེན་པར་འདོད་ན་ནི། ལེགས་པར་སྒྲུབ་པར་བྱ་ཡིས་ཉོན་ཅིག །འདི་ལྟ་སྟེ། ལ་ལའི་འགལ་བ་གང་ཡིན་ཏེ། །དེ་ནི་གཞན་གྱི་འདོད་པ་ཡིན། །ལ་ལའི་འདོད་པ་གང་ཡིན་ཏེ། །དེ་ནི་གཞན་གྱི་འགལ་བ་ཡིན། །ལ་ལའི་མཚན་ཉིད་པ་གང་ཡིན། །དེ་ནི་གཞན་གྱི་བརྟགས་པ་ཡིན། །ལ་ལའི་རྫས་ཡོད་གང་ཡིན་ཏེ། །དེ་ནི་གཞན་གྱི་བཏགས་ཡོད་ཡིན། །ལ་ལའི་དོན་དམ་གང་ཡིན་ཏེ། །དེ་ནི་གཞན་གྱི་ཀུན་རྫོབ་ཡིན། །ལ་ལའི་བཀུར་གནས་གང་ཡིན་ཏེ། །དེ་ནི་གཞན་གྱི་བྲན་ཁོལ་ཡིན། །ཁ་ཅིག་གང་ཟག་རྟག་པའི་བདག །རང་དབང་བྱེད་པ་པོར་འདོད་དང་། །སྡུག་བསྔལ་སྦྱོར་བར་འདོད་པ་སྟེ། །དེ་ལ་གཞན་གྱིས་མཚར་དུ་བརྩིས། །ཁ་ཅིག་ཆགས་སོགས་ཉོན་མོངས་དག །དོན་དམ་ཉིད་དུ་འདོད་པ་དང་། །སྤང་དུ་རུང་བར་འདོད་པ་སྟེ། །དེ་ལ་གཞན་གྱིས་མཚར་དུ་བརྩིས། །ཁ་ཅིག་ཡང་དག་མ་ཡིན་པའི། །ཀུན་རྟོག་རྫས་སུ་འདོད་པ་དང་། །འཁྲུལ་བ་ཡིན་པར་འདོད་པ་སྟེ། །དེ་ལ་གཞན་གྱིས་མཚར་དུ་བརྩིས། །སྡུག་བསྔལ་སྦྱོར་བར་འདོད་པ་དང་། །རང་དབང་མིན་ལ་མཚར་ཅི་ཡོད། །སྤང་དུ་རུང་བར་འདོད་པ་དང་། །དོན་དམ་མིན་ལ་མཚར་ཅི་ཡོད། །འཁྲུལ་བ་ཡིན་པར་འདོད་པ་དེ། །རྫས་སུ་མེད་པར་མཚར་ཅི་ཡོད། །ཚུལ་འདི་དག་རྟོག་པ་ལ། ལྷ་རྣམས་ལ་འང་ཕྱུག་དབུལ་ཡོད་ལ། རིག་པ་ལ་འང་ཆེ་ཆུང་ཡོད་དེ། དེ་དག་འགྲན་པས་ཤེས་པར་འགྱུར་གྱིས། གང་གྲུབ་པའི་མཐའ་འཚོལ་བར་འདོད་པ་རྣམས་ཀྱིས། དེ་ལྟར་བརྟགས་ཏེ་བཙལ་བར་བྱའོ། །ད་ནི་འདིར་བདག་གིས་མི་འཚམ་པའི་ཚིག་ལྟ་བུས་འཚམ་པའི་དོན་སྒྲུབ་པར་བྱ་སྟེ། ཇི་སྐད་དུ། རྨད་ཀྱི་རྣ་བུ་བྲག་ལ་འཇོག་པ་བཞིན། མི་འཚམ་མཚམ་བཤད་སྐྱོན་མེད་ཡོན་ཏན་བསྔགས་ཞེས་གསུངས་པ་ལྟ་བུ་སྟེ། དེ་ཡང་འདི་ལྟར་སོ་སོ་སྐྱེ་བོའི་ཤེས་པ་ནི། རང་བྱུང་གི་སེམས་ཅན་དུ་ཡང་སྨྲའོ། །ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་པར་ཡང་སྨྲའོ། །ཡེ་ཤེས་ནི་དོན་ལ་ཕྱིན་ཅི་མ་ལོག་པ་ཡིན་པར་ཡང་སྨྲའོ། །འཁྲུལ་བ་ནི་དོན་ལ་ཕྱིན་ཅི་ལོག་པ་ཡིན་པར་ཡང་སྨྲའོ། །དེ་གཉིས་ནི་ཕན་ཚུན་སྤངས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་པར་ཡང་སྨྲའོ། །གང་ཟག་གཅིག་ལ་རང་བྱུང་གི་ཡེ་ཤེས་ཀྱི་རྒྱུད་གཅིག་དང་། འཁྲུལ་བའི་ཤེས་པའི་རྒྱུད་གཅིག་སྟེ། དེ་ལྟར་གཉིས་སྒྲིལ་མར་གནས་པ་ཡང་མ་ཡིན་ཏེ། ཤེས་པའི་རྒྱུད་གཅིག་ལས་མེད་པར་ཡང་སྨྲའོ། །གང་གི་ཚེ་འཁྲུལ་བའི་སྣང་བ་དང་ལྡན་ཞིང་ཉམས་སུ་མྱོང་བ་དེའི་ཚེ། མ་འཁྲུལ་བའི་དོན་ཉམས་སུ་མྱོང་བ་མེད་པར་ཡང་སྨྲའོ། །གང་གི་ཚེ་མ་འཁྲུལ་བའི་དོན་ཉམས་སུ་མྱོང་བ་དེའི་ཚེ། འཁྲུལ་བ་ཉམས་སུ་མྱོང་བ་མེད་པར་ཡང་སྨྲའོ། །གང་གི་ཚེ་འཁྲུལ་བའི་དོན་ཉམས་སུ་མྱོང་ཞིང་ལོག་པར་ངེས་པའི་ཤེས་པ་སྐྱེས་པ་དེའི་ཚེའང་། ཡང་དག་པའི་དོན་གྱི་རྣམ་པར་སྐྱེས་པའི་ཤེས་པ་ལས་འདས་པར་གྱུར་པ་མེད་པར་ཡང་སྨྲའོ། །གང་གི་ཚེ་ཡང་དག་པའི་ཤེས་པ་ངེས་པའི་ཤེས་པ་དང་བཅས་པར་སྐྱེས་པ་དེའི་ཚེ་ཡང་། ཤེས་པ་རང་གི་རྒྱུད་ལས་བོགས་ཕྱུང་ཞིང་ཁྱད་པར་ཅན་ཐོབ་པ་མེད་པར་ཡང་སྨྲའོ། །གཞན་ཡང་འགལ་བར་གྲགས་པ། མཚན་ཉིད་གཅིག་པའི་ངོ་བོར་འགལ་བ་དང་། རྒྱུན་ལྷན་ཅིག་སྐྱེ་བ ར་འགལ་བ་ལྟ་བུ་གང་ཡང་རུང་སྟེ། རྫས་སུ་གྲུབ་པའི་ཆོས་འགལ་བ་གཉིས་མཚན་ཉིད་གཅིག་གོ་ཞེའམ། ལྷན་ཅིག་སྐྱེའོ་ཞེས་ནི་མི་སྨྲའོ། །གལ་ཏེ་གཅིག་རྫས་སུ་ཡོད་པ་ཞིག་ལ། གཅིག་རྫས་སུ་མེད་པ་ཞིག་ན་ནི། འགལ་བ་འདུ་བ་མེད་པར་སྨྲའོ། །གལ་ཏེ་གཉི་ག་རྫས་སུ་མེད་པར་འདོད་ནའང་འགལ་བ་འདུ་བ་མེད་དེ། རྫས་སུ་མེད་ཀྱང་བདེན་པ་དང་བདེན་པ་མ་ཡིན་པའི་ཐ་སྙད་ཀྱི་ཡུལ་དུ་རུང་བ་ནི་སྤྱིར་ཤེས་པར་བྱ་བ་ཡིན་ནོ། །འདིར་རེ་ཞིག་དང་པོར་དཔེ་བརྟགས་པར་བྱ་སྟེ། ཐག་པ་ལ་སྦྲུལ་དུ་འཁྲུལ་བའི་ཤེས་པ་སྐྱེས་བའི། སྦྲུལ་གྱི་མཚན་ཉིད་ནི་གཏན་མེད་པ་ཡིན་ལ། ཐག་པ་དང་སྦྲུལ་དུ་འཁྲུལ་བའི་ཤེས་པ་ནི། མེད་པ་མ་ཡིན་ཏེ་རྫས་སུ་ཡོད་པ་ཉིད་དོ། ། །དེ་ལ་ཡང་དང་པོ་ཐག་པའི་ཕྱོགས་ལ་བརྟགས་པར་བྱ་སྟེ། ཐག་པ་རྫས་སུ་འདོད་པའི་གང་ཟག་དེ་ལ། འདི་སྐད་བསྟན་པར་བྱ་སྟེ། ཐག་པ་ཞེས་བྱ་བ་ཁྱོད་ཀྱིས་རྫས་སུ་བཟུང་བ་ལྟར། །གཅིག་པུའི་མཚན་ཉིད་ཀྱི་རྫས་འདི་ལ་མེད་དེ། འདི་ནི་རྩའམ་སྤུ་དུམ་འདུས་པའི་བདག་ཉིད་ཙམ་ལ་ཐག་པ་ཞེས་གཅིག་པུའི་བློ་འབྱུང་བ་ཙམ་དུ་ཟད་དེ། དེ་ལྟར་རྫས་སུ་མེད་དོ། །ཞེས་བསྟན་པར་བྱའོ། །དེ་གྲུབ་པར་གྱུར་ནས། ཡང་རྩའམ་སྤུ་རྫས་སུ་འཛིན་པའི་གང་ཟག་དེ་ལ་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཀྱིས་དེ་ལྟར་རྫས་སུ་མེད་པར་སྒྲུབ་པར་བྱའོ། །དེ་བཞིན་དུ་རྡུལ་ཕྲ་རབ་རྫས་སུ་འཛིན་པའི་གང་ཟག་དེ་ལ་ཡང་། ཕྱོགས་ཆ་དྲུག་གི་ཆ་ཤས་ཀྱི་རྫས་མི་འགྲུབ་སྟེ། དེ་བས་ན་རྫས་སུ་ཡོད་པ་དང་མེད་པ་ནི་རིགས་པ་ཆེ་ཆུང་གི་དབང་གིས་རིམ་པ་བཞིན་དུ། ལ་ལའི་རྫས་སུ་ཡོད་པ་དེ་ཡང་གཞན་གྱི་རྫས་སུ་མེད་པར་འགྱུར་རོ། །ད་ནི་སྦྲུལ་དུ་འཁྲུལ་བའི་ཤེས་པ་བརྟགས་པར་བྱ་སྟེ། སྦྲུལ་དུ་འཁྲུལ་བའི་ཤེས་པ་ཡང་སྨྲའོ། །དེའི་ཚེ་ཤེས་པ་དེ་ནི་ཐག་པའི་རྣམ་པར་སྐྱེས་པའི་ཤེས་པ་ཡིན་པར་ཡང་སྨྲའོ། །སྦྲུལ་དུ་འཛིན་པ་ནི་འཁྲུལ་བ་ཡིན་པར་ཡང་སྨྲའོ། །ཐག་བའི་རྣམ་པར་སྐྱེས་པ་ནི་མ་འཁྲུལ་པའི་ཤེས་པ་ཡིན་པར་ཡང་སྨྲའོ། །འཁྲུལ་བ་དང་མ་འཁྲུལ་བ་གཉིས་ནི་གཅིག་གིས་གཅིག་སྤངས་བའི་མཚན་ཉིད་ཀྱིས་འགལ་བ་ཡིན་པར་ཡང་སྨྲའོ། །དེའི་ཚེ་ཉིད་ན་འཁྲུལ་པའི་ཤེས་པའི་རྒྱུད་གཅིག་དང་། མ་འཁྲུལ་པའི་ཤེས་པའི་རྒྱུད་གཅིག་སྟེ། གཉིས་སྒྲིལ་མར་མེད་པར་ཡང་སྨྲའོ། །གང་གི་ཚེ་སྦྲུལ་དུ་འཛིན་པའི་ཤེས་པ་ལོག་པར་ངེས་པ་ཡོད་པ་དེའི་ཚེ། །ཐག་པར་འཛིན་པའི་ཤེས་པ་ངེས་པའི་ཤེས་པ་མེད་པར་ཡང་སྨྲའོ། །གང་གི་ཚེ་ཐག་པར་འཛིན་པའི་ཤེས་པ་ངེས་པའི་ཤེས་པ་ཡོད་པ་དེའི་ཚེ། སྦྲུལ་དུ་འཛིན་པའི་ཤེས་པ་ལོག་པར་ངེས་པའི་ཤེས་པ་མེད་པར་ཡང་སྨྲའོ། །གང་གི་ཚེ་སྦྲུལ་དུ་འཛིན་པའི་ཤེས་པ་ལོག་པར་ངེས་པ་ཡོད་པ་དེའི་ཚེའང་རྣམ་པར་ཤེས་པ་དེ་ནི་ཐག་པའི་རྣམ་པར་སྐྱེས་པའི་ཤེས་པ་ཡིན་ཏེ། སྦྲུལ་གྱི་རྣམ་པར་སྐྱེས་པའི་ཤེས་པ་ནི་སྐད་ཅིག་ཀྱང་སྐྱེ་མ་མྱོང་ངོ་ཞེས་ཀྱང་སྨྲའོ། །གང་གི་ཚེ་ཐག་པར་ངེས་པར་འཛིན་པའི་ཤེས་པ་དོན་ལ་ཕྱིན་ཅི་མ་ལོག་པར་སྐྱེས་པ་དེའི་ཚེའང་། ཐག་པའི་རྣམ་པར་སྐྱེས་པ་ཉིད་ཀྱི་རྒྱུན་མ་ཆད་པ་ཡིན་ཏེ། སྔ་མ་ལས། ཁྱད་པར་དུ་གྱུར་ཅིང་བོགས་ཕྱུང་བ་མེད་པར་ཡང་སྨྲའོ། །དེའང་འདི་ལྟར་རྣམ་པར་བཞག་སྟེ། སྦྲུལ་དུ་འཁྲུལ་བའི་ཤེས་པའང་དེ་ལྟར་རྫས་སུ་ཡོད་པ་ཞིག་ཡིན་ལ། ཐག་པའི་རྣམ་པར་སྐྱེས་བའི་ཤེས་པའང་དེ་ལྟར་རྫས་སུ་ཡོད་པ་ཞིག་སྟེ། དེ་ལྟར་རྫས་སུ་ཡོད་པ་གཉིས་ཤེས་པ་གཅིག་གི་ཆོས་སུ་སྒྲུབ་པ་ནི། འགལ་བར་གྱུར་པ་ཞིག་ན། བདག་ཅག་ནི་དེ་ལྟར་སྒྲུབ་པ་མ་ཡིན་ཏེ། སྦྲུལ་དུ་འཛིན་བའི་ཤེས་པ་ནི་དེ་ལྟར་རྫས་སུ་མེད་དོ། །དུས་དེར་དེ་ན་སྦྲུལ་མེད་པའི་ཕྱིར་རོ། །ཡུལ་དང་དུས་གཞན་གྱི་སྦྲུལ་ལ་དམིགས་པ་ཡང་མ་ཡིན་ཏེ། ཐག་པ་ཙམ་གྱིས་བསྐྱེད་པའི་ཤེས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་པོའི་ཤེས་པ་མ་འཁྲུལ་ཡང་ངེས་པར་འཛིན་པའི་ཤེས་པ་འཁྲུལ་ལོ་ཞེས་ཟེར་བ་དག་ཀྱང་། དེའི་དམིགས་པའི་རྐྱེན་ཡང་ཐག་པ་ཉིད་ཡིན་ཏེ། ཡུལ་དང་དུས་གཞན་གྱི་སྦྲུལ་ལ་ནི་མ་དམིགས་སོ། །དེ་བས་ན་སྦྲུལ་དུ་འཁྲུལ་པའི་ཤེས་པ་དེའི་དམིགས་པའི་རྐྱེན་ཐག་པ་ཉིད་ཡིན་ལ་རྣམ་པར་ཤེས་པ་དེ་ཡང་ཐག་པའི་རྣམ་པར་སྐྱེས་པའི་ཤེས་པ་ཡིན་པས། དེ་ལྟར་རྫས་སུ་ཡོད་ཀྱི། སྦྲུལ་གྱི་རྣམ་པར་སྐྱེས་པའི་མཚན་ཉིད་དུ་ནི་རྫས་སུ་མེད་དོ། །འོ་ན་སྦྲུལ་དུ་འཁྲུལ་པའི་ཤེས་པ་ཡོད་དོ་ཞེས་ཅི་ལ་བྱ་ཞེ་ན། འདི་ནི་ཕྱིན་ཅི་ལོག་སྒྲུབ་པ་ཞེས་བྱ་སྟེ། ཕྱིན་ཅི་ལོག་ཡོད་པར་སྒྲུབ་པ་ཐམས་ཅད་ཀྱང་ཐ་སྙད་ཙམ་སྒྲུབ་པ་ཡིན་ཏེ། རྫས་སྒྲུབ་པ་ནི་མ་ཡིན་ནོ། །དཔེར་ན་མགལ་མེའི་འཁོར་ལོ་ཡོད་དོ་ཞེས་སྒྲུབ་ན་རྒྱུན་མ་ཆད་པའི་མཚན་ཉིད་དུ་ཡོད་པར་ནི་སྒྲུབ་པར་མི་བྱེད་ཀྱི། གཅིག་མྱུར་དུ་བསྐོར་བའི་མཚན་ཉིད་ཡིན་པ་ལ་འཁོར་ལོ་ལྟ་བུར་སྣང་བ་འབྱུང་བས་སྣང་བ་ཙམ་ལ་མགལ་མེའི་འཁོར་ལོ་ཡོད་ཅེས་ཐ་སྙད་འཇུག་ཀྱང་རྒྱུན་མ་ཆད་པའི་མཚན་ཉིད་ནི་རྫས་སུ་མེད་དོ། །གཅིག་མྱུར་དུ་འཁོར་བ་ནི་རྫས་སུ་ཡོད་དེ། སྣང་བ་ཙམ་མི་སྣང་ངོ་ཞེས་ཀྱང་འགོག་པར་མི་བྱེད་དེ། དེས་ན་འཁོར་ལོ་ལྟར་སྣང་ཡང་། དེ་ལྟ་བུའི་མཚན་ཉིད་མེད་པས་འཁྲུལ་བ་ཞེས་བྱའོ། །དཔེ་གཞན་ཡང་གཞག་པར་བྱ་སྟེ། །བརྫུན་པ་ཡོད་དམ་ཞེས་འདྲི་ན། ཡོད་དེ་མེད་ན་རྫུན་དུ་སྨྲ་བ་ཇི་ལྟར་ཉེས་པར་འགྱུར། ཡོད་ན་རྫུན་པ་ཞེས་བྱ་བ་ནི་རི་བོང་གི་རྭ་ལྟ་བུ་ཡིན་ན། རི་བོང་གི་རྭ་ཇི་ལྟ་བུ་ཞིག་ཡོད། རི་བོང་གི་རྭ་ཇི་ལྟ་བུ་ཡང་མེད་དེ། དེའི་ཕྱིར་རི་བོང་གི་རྭ་ཞེས་བྱ་བའི་ཐ་སྙད་རྫུན་དུ་གྲུབ་བོ། །རི་བོང་གི་རྭ་ཉིད་མེད་ན་དེའི་མིང་དོན་ལ་འཇུག་པའི་ཐ་སྙད་ཇི་ལྟར་འགྱུར། །དོན་ལ་ཇི་ལྟ་བ་བཞིན་འཇུག་པའི་ཐ་སྙད་དུ་མི་འགྱུར་ཏེ། འོན་ཀྱང་འཇུག་པ་དང་འདྲ་བར་བརྗོད་པས་དེས་ན་རྫུན་ཞེས་བྱའོ། །དེ་བས་ན་བརྫུན་ཞེས་བྱ་བའི་དོན་མ་གྲུབ་པས། བརྗོད་པའི་ཐ་སྙད་དེ་ཡང་དོན་ལ་འཇུག་པའི་ཐ་སྙད་མ་ཡིན་ཏེ། ཐ་སྙད་ལྟར་སྣང་བ་ཡིན་པས་རྫས་སུ་མེད་དོ། །ཐ་སྙད་ཙམ་དུ་ནི་ཡོད་དོ་ཞེས་བརྗོད་དོ། །དེ་བཞིན་དུ་འཁྲུལ་བའི་ཤེས་པ་ཐམས་ཅད་ཀྱང་དོན་དེ་ལྟར་རྫས་སུ་མེད་པའི་ཕྱིར་རོ། །ཤེས་པ་དེའང་དེ་ལྟར་རྫས་སུ་མེད་པར་ཤེས་པར་བྱའོ། །དེ་ལྟར་དཔེ་བརྒྱུད་མ་དག་པ་བསྟན་ནས། ད་ནི་དོན་ཉིད་བརྗོད་པར་བྱ་སྟེ། སོ་སོ་སྐྱེ་བོ་ཐ་མལ་པའི་ཤེས་པའང་། རང་བྱུང་གི་ཡེ་ཤེས་ཅན་དུ་སྨྲ་བ་དང་། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཡོད་པར་སྨྲ་བ་འདི་ཡང་དེ་དང་འདྲ་སྟེ། འཁྲུལ་བའི་ཤེས་པའང་དེ་ལྟར་རྫས་སུ་ཡོད་པར་འདོད་ལ། རང་བྱུང་གི་ཡེ་ཤེས་ཀྱང་དེ་ལྟར་རྫས་སུ་འདོད་ཅིང་། དེ་གཉིས་ཤེས་པ་གཅིག་གི་མཚན་ཉིད་དུ་སྨྲ་ན་ནི། འགལ་བ་འདུ་བར་འགྱུར་བ་ཞིག་ཡིན་ན། དེ་ལྟར་སྒྲུབ་པར་བྱེད་པ་མ་ཡིན་ཏེ། འཁྲུལ་བའི་ཤེས་པ་ནི་ཐ་སྙད་ཙམ་དུ་ཡོད་དོ་ཞེས་སྒྲུབ་བོ། །རང་འབྱུང་གི་ཡེ་ཤེས་ནི་རེ་ཞིག་མཚན་ཉིད་པར་སྒྲུབ་སྟེ། “ ཇི་ལྟར་མགལ་མེའི་ས་འཁོར་ལོ་རྒྱུན་མ་ཆད་པའི་མཚན་ཉིད་དུ་རྫས་སུ་མེད་པས། གཅིག་མྱུར་དུ་འཁོར་བའི་མཚན་ཉིད་དུ་རྫས་སུ་ཡོད་པར་གྲུབ་པ་བཞིན་དུ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འདི་ཡང་གཟུང་བ་དང་འཛིན་པའི་མཚན་ཉིད་དུ་རྫས་སུ་མེད་པས། གང་གི་ཡང་གཟུང་བ་མ་ཡིན་པ། གང་ལ་ཡང་འཛིན་པ་མ་ཡིན་པ་རང་རིག་པའི་མཚན་ཉིད་དུ་རྫས་སུ་གྲུབ་སྟེ། འདི་ལ་འགལ་བ་མེད་དོ། །གཟུང་བ་དང་འཛིན་པའི་མཚན་ཉིད་མེད་ཀྱང་དེར་སྣང་བའི་རྟོག་པ་ཡོད་དོ་ཞེ་ན། གཟུང་འཛིན་ཉིད་མེད་པའི་ཕྱིར་རྟོག་པ་དེ་ཡང་དེ་ལྟར་རྫས་སུ་མེད་དོ། །འདི་ལྟར་མགལ་མེ་མྱུར་དུ་བསྐོར་བ་འཁོར་ལོར་སྣང་བ་ན། སྣང་བ་དེ་ཉིད་ཀྱི་མཚན་ཉིད་མྱུར་དུ་བསྐོར་བ་ཡིན་ཏེ། འཁོར་ལོ་མ་ཡིན་ནོ། །དེ་བཞིན་དུ་ཐག་པ་ལ་སྦྲུལ་དུ་སྣང་བ་ན་སྣང་བའི་ཤེས་པ་དེ་ཉིད་ཐོག་པའི་རྣམ་པར་སྐྱེས་པའི་ཤེས་པ་ཡིན་ཏེ། སྦྲུལ་གྱི་རྣམ་པར་སྐྱེས་པའི་ཤེས་པ་མ་ཡིན་ནོ། །དེ་བཞིན་དུ་གཟུང་བ་དང་འཛིན་པར་སྐྱེ་བའི་རྣམ་པར་རྟོག་པ་དེ་ཡང་། །རང་རིག་པའི་མཚན་ཉིད་དུ་སྐྱེས་པ་ཡིན་ཏེ། གཟུང་འཛིན་གྱི་མཚན་ཉིད་དུ་སྐྱེ་བ་ནི་མ་ཡིན་ནོ། །གལ་ཏེ་གཟུང་འཛིན་གྱི་མཚན་ཉིད་དུ་སྐྱེས་པ་ཡོད་པར་ཁས་ལེན་ན་ནི། །གཟུང་འཛིན་ཉིད་ཡིན་པར་ཁས་ལེན་པ་ཡིན་ཏེ། དེ་ཡོད་པར་གྱུར་ན། འཁྲུལ་བའི་ཉེས་པ་ཉིད་དུ་ཡང་མི་འགྱུར་རོ། །དེ་བས་ན་ཤེས་པ་གང་ལ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་དེའི་ཚེ་ཉིད་ན་གཉིས་པོས་སྟོང་པའི་རང་རིག་པ་ཙམ་ཉིད་ཡིན་པར་གྲུབ་པའོ། །རང་རིག་པ་དེ་ཉིད་ཡེ་ཤེས་ཞེས་བྱ་སྟེ། དོན་ལ་ཕྱིན་ཅི་ལོག་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་གོང་དུ་དམ་བཅས་པའི་སོ་སོའི་སྐྱེ་བོ་ཐ་མལ་པའི་ཤེས་པའང་རང་བྱུང་གི་ཡེ་ཤེས་ཅན་ཡིན་ནོ། །ཞེས་སྨྲས་པ་འདི་འང་གྲུབ་ལ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འཁྲུལ་བ་ཡིན་པར་ཡང་གྲུབ་བོ། །དེ་ཉིད་ཀྱི་དབང་གིས་ཡེ་ཤེས་དོན་ལ་ཕྱིན་ཅི་མ་ལོག་པ་ཡིན་པར་སྨྲས་པ་ཡང་གྲུབ་བོ། །འཁྲུལ་བའི་ཤེས་པ་ཕྱིན་ཅི་ལོག་ཡིན་པར་སྨྲས་པ་ཡང་གྲུབ་བོ། །དེ་གཉིས་ཕན་ཚུན་སྤངས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་པར་ཡང་གྲུབ་སྟེ། ཇི་ལྟར་མྱུར་དུ་བསྐོར་བའི་མཚན་ཉིད་ཡིན་པ་དང་། འཁོར་ལོའི་མཚན་ཉིད་ཡིན་པ་གཉིས་ཕན་ཚུན་འགལ་བ་ཡིན་ཡང་། འཁོར་ལོའི་མཚན་ཉིད་དུ་རྫས་སུ་མེད་པས། མྱུར་དུ་བསྐོར་བའི་མཚན་ཉིད་དུ་གྲུབ་པ་ལ་འགལ་བ་འདུ་བ་མེད་དོ། །དེ་བཞིན་དུ་འཁྲུལ་བའི་ཀུན་རྟོག་དེ་ལྟར་རྫས་སུ་མེད་པས་རང་རིག་པའི་མཚན་ཉིད་དུ་གྲུབ་པ་ལ་འགལ་བ་འདུ་བ་མེད་དོ། །འཁྲུལ་བའི་ཤེས་པའི་རྒྱུད་དང་རང་བྱུང་གི་ཡེ་ཤེས་ཀྱི་རྒྱུད་གཉིས་ཡོད་པ་ཡང་མ་ཡིན་ཏེ། ཤེས་པ་རྒྱུད་གཅིག་ཡིན་པར་ཡང་གྲུབ་སྟེ། ཇི་ལྟར་འཁོར་ལོའི་རྒྱུན་དང་མྱུར་དུ་བསྐོར་བའི་རྒྱུན་གཉིས་མེད་དེ། དངོས་པོ་གཅིག་གི་རྒྱུན་རྒྱུད་མ་ཆད་པ་ཡིན་པ་དང་། གཞན་ཡང་ཐག་པའི་རྣམ་པར་སྐྱེས་པའི་ཤེས་པའི་རྒྱུད་དང་། སྦྲུལ་གྱི་རྣམ་པར་སྣང་བའི་ཤེས་པའི་རྒྱུད་གཉིས་མེད་དེ། ཤེས་པ་རྒྱུད་གཅིག་ཡིན་པ་བཞིན་དུ། འཁྲུལ་བའི་ཤེས་པ་དང་། རང་བྱུང་གི་ཡེ་ཤེས་ལའང་རྒྱུད་གཉིས་སུ་འགྱུར་བ་མེད་དོ། །གང་གི་ཚེ་གཟུང་འཛིན་གྱི་རྣམ་པར་སྣང་བའི་ཉམས་དང་ལྡན་པའི་ཤེས་པ་སྐྱེས་པ་དེའི་ཚེ། གཟུང་འཛིན་གཉིས་མེད་པར་སྣང་བའི་ཤེས་པ་ཡང་མེད་པ་དང་། དེ་བཞིན་དུ་གཉིས་མེད་པར་སྣང་བའི་ཚེ། གཉིས་སུ་སྣང་བའི་ཉམས་དང་ལྡན་པ་མེད་པ་ཡང་གྲུབ་སྟེ། ཇི་ལྟར་འཁོར་ལོ་སྣང་བའི་ཚེ་མྱུར་དུ་བསྐོར་བར་མི་སྣང་ལ། མྱུར་དུ་བསྐོར་བར་སྣང་བའི་ཚེའང་འཁོར་ལོ་སྣང་མེད་པ་དང་། སྦྲུལ་དུ་སྣང་བ་ཉམས་སུ་མྱོང་བའི་ཚེ་ཐག་པར་ངེས་པའི་བློ་མེད་པ་དང་། ཐག་པར་ངེས་པའི་ཤེས་པ་ཡོད་པ་དེའི་ཚེ། སྦྲུལ་དུ་འཛིན་པའི་བློ་མེད་པ་བཞིན་ནོ། གང་གི་ཚེ་གཟུང་བ་དང་འཛིན་པའི་ཀུན་དུ་རྟོག་པ་སྐྱེས་པ་དེའི་ཚེའང་། རང་རིག་པའི་མཚན་ཉིད་དུ་སྐྱེས་པ་ལས། སྐད་ཅིག་མ་འགའ་ཡང་འདུས་པ་མེད་པར་སྨྲས་པའང་གྲུབ་སྟེ། ཇི་ལྟར་འཁོར་ལོ་སྣང་བའི་ཚེ་མྱུར་དུ་བསྐོར་བའི་སྐད་ཅིག་ཙམ་ལས་མ་གཏོགས་པ། འཁོར་ལོར་བསྐོར་བ་སྐད་ཅིག་མ་གཅིག་ཙམ་ཡང་མེད་པ་དང་། སྦྲུལ་དུ་སྣང་བའི་ཤེས་པ་སྐྱེས་པ་དེའི་ཚེ། ཐག་པའི་རྣམ་པར་སྐྱེས་པའི་ཤེས་པའི་སྐད་ཅིག་མ་ཙམ་ལས་མ་གཏོགས་པ། སྦྲུལ་གྱི་རྣམ་པར་སྐྱེས་པའི་ཤེས་པ་ས་ནི་སྐད་ཅིག་མ་གཅིག་སྐྱེས་པའང་མེད་པ་བཞིན་ནོ། །གང་གི་ཚེ་དོན་ལ་ཕྱིན་ཅི་མ་ལོག་པའི་ཤེས་རབ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་སྐྱེས་པའི་དུས་ནའང་། རང་བྱུང་གི་ས་ཡེ་ཤེས་ཉིད་ཀྱི་རྒྱུན་ལས་བོགས་ཕྱིན་ཅིང་ཁྱད་པར་ཅན་ཐོབ་པ་མེད་པར་ཡང་སྨྲས་པ་གྲུབ་སྟེ། ཇི་ལྟར་ཐག་པར་ངེས་པར་ཤེས་པའི་ཤེས་པ་སྐྱེས་པ་ན། ཐག་པའི་རྣམ་པར་སྐྱེས་པའི་ཤེས་པའི་རྒྱུན་ཉིད་ཡིན་ཏེ། རྒྱུན་མི་འདྲ་བ་གཞན་ཞིག་སྐྱེས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྦྲུལ་གྱི་རྣམ་པར་ཤེས་པ་སྐྱེ་བ་སྐད་ཅིག་ཀྱང་མ་མྱོང་བའི་ཕྱིར་རོ། །དེ་བཞིན་དུ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་ཤེས་པ་སྐྱེས་པའི་ཚེ་ཉིད་ནའང་། རང་རིག་པའི་མཚན་ཉིད་དུ་སྐྱེས་པ་ཙམ་ལས་མ་གཏོགས་པ། གཟུང་འཛིན་གྱི་མཚན་ཉིད་དུ་སྐྱེས་པ་སྐད་ཅིག་ཙམ་ཡང་མ་གྲུབ་པས། མི་རྟོགས་པའི་ཡེ་ཤེས་སྐྱེས་པའི་ཚེ་ན་ཡང་རང་རིག་པའི་མཚན་ཉིད་ཡེ་ནས་ཡིན་ལ་དེ་ལྟར་སྐྱེས་པ་ཙམ་དུ་ཟད་དེ། འདི་ལ་གཟུང་འཛིན་དུ་སྐྱེས་པའི་མཚན་ཉིད་ལས་གནས་གྱུར་ནས་རང་རིག་པའི་མཚན་ཉིད་དུ་སྐྱེས་པ་ནི་མེད་དོ། །དེ་ལྟར་ན་སོ་སོའི་སྐྱེ་བོ་ཐ་མལ་པའི་ཤེས་པའང་རང་བྱུང་གི་ཡེ་ཤེས་ཅན་ནོ། །ཞེས་གསུངས་པ་འདིའང་དགོངས་པའི་ཚིག་མ་ཡིན་ཏེ། གཟུགས་པོར་གསུངས་པ་ཉིད་ཡིན་པས། དོན་འདི་ཡང་མཚན་ཉིད་པ་ཡིན་པར་ཤེས་པར་བྱའོ། །མཚན་ཉིད་པ་འདི་ཡང་གསང་སྔགས་ཀྱི་གཞུང་གིས་རྫས་སུ་འདོད་པ་ནི་མ་ཡིན་མོད་ཀྱི་རྫས་སུ་མེད་པར་འདྲ་ཡང་། རེ་ཞིག་བདེན་པ་དང་། བདེན་པ་མ་ཡིན་པ་ཙམ་དུ་མཚན་ཉིད་པ་དང་མཚན་ཉིད་པ་མ་ཡིན་པ་སྒྲུབ་སྟེ། དཔེར་ན་སྐྱེས་བུ་མཁས་པ་དག །སྨིག་རྒྱུ་ལ་སྔོ་བ་དང་གཡོ་བའི་རྫས་མེད་པར་གྲུབ་ཀྱང་། བླུན་པོ་སྨིག་རྒྱུ་ལ་ཆུར་འཁྲུལ་བ་དག་ལ། འདི་ཆུ་མ་ཡིན་ཏེ་སྨིག་རྒྱུ་ཡིན་ནོ་ཞེས། ཆུ་ནི་མཚན་ཉིད་པ་མ་ཡིན་པ་ལ་སྨིག་རྒྱུ་ནི་མཚན་ཉིད་པར་སྟོན་ནོ། །གཞན་ཡང་ཐེག་པ་ཆེན་པོ་པ་དག །ཐ ག་པ་དང་རྩྭ་དང་རྡུལ་གྱི་ཆ་ཤས་དག་རྫས་སུ་མི་འདོད་ཀྱང་བླུན་པོ་དག་ཐག་པ་ལ་སྦྲུལ་དུ་འཁྲུལ་བ་དག་ལ་འདི་ནི་སྦྲུལ་མ་ཡིན་ཏེ། ཐག་པ་ཡིན་ནོ་ཞེས་ཐག་པ་མཚན་ཉིད་པར་སྟོན་ནོ། །དེ་བཞིན་དུ་ཐག་པ་ཞེས་བྱ་བ་གཅིག་པུ་ཟླུམ་རིལ་གྱི་རྫས་སུ་མེད་དེ། རྩྭ་དུ་མ་འདུས་པ་ཡིན་ནོ་ཞེས་རྩྭའི་མཚན་ཉིད་དུ་སྟོན་ཏོ། །དེ་བཞིན་དུ་རྩྭ་ཞེས་བྱ་བ་དུ་མའི་མཚན་ཉིད་དུའང་མེད་དེ། རྡུལ་ཕྲ་རབ་ཀྱི་ཆ་ཤས་ཡིན་ནོ་ཞེས་པ་དང་། རྡུལ་གྱི་རྫས་ཀྱང་མེད་དེ་སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བ་དང་། སྟོང་པ་ཉིད་ཀྱང་དངོས་པོ་ལ་བརྟེན་པའི་བློས་བསྒྲུབ་པ་ཡིན་ཏེ། ཇི་ལྟ་བུའི་ངོ་བོར་ཡང་སྒྲུབ་ཏུ་མི་རུང་ངོ་ཞེས་བྱ་བའི་བར་དུ་སྟོན་ཏོ། །དེ་བཞིན་དུ་གསང་སྔགས་ཀྱི་ཚུལ་ལས་ཀྱང་། ཆོས་གང་ལ་ཀུན་རྫོབ་ཀྱི་རྫས་ཙམ་དུ་མ་ཡང་ཡོད་པ་མ་ཡིན་པར་འདོད་མོད་ཀྱི། རེ་ཞིག་ཐེག་པ་འོག་མའི་གཞུང་བཟུང་ནས། ལྟ་བ་དམན་པའི་གང་ཟག་རྣམས་ལ་འདི་སྐད་དུ་སྟོན་པར་གྱུར་ཏེ། ཁམས་གསུམ་པའི་འཁྲུལ་བའི་ཤེས་པ་དང་། དེའི་རྣམ་པར་སྨིན་པ་འདི་དག་ནི། ཇི་ལྟར་སྣང་བ་འདི་ལྟར་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་རང་བྱུང་གི་ཡེ་ཤེས་དང་། ཡེ་ཤེས་རོལ་པའི་དཀྱིལ་འཁོར་ཡིན་ནོ། །ཞེས་དེའི་མཚན་ཉིད་དུ་སྟོན་ཏོ། །སྐུ་དང་ཡེ་ཤེས་དེ་དག་ཀྱང་དེ་ལྟ་བུའི་མཚན་ཉིད་དུ་ཡང་གྲུབ་པ་མེད་དེ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ནི། གང་ལྟར་ཡང་རྣམ་པར་བཞག་ཅིང་མཚན་ཉིད་གཟུང་དུ་མེད་པས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་ཕྱིར་རྡོ་རྗེའི་ཐེག་པ་ཞེས་ཀྱང་འདོད་དོ། །དེ་བས་ན་འདི་ལྟར་སྣང་བ་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཡིན་ཞིང་མཚན་ཉིད་པར་གྲུབ་པ་གང་ཡང་མེད་པ་དང་། རེ་ཤིག་ཙམ་དུ་ཡེ་ཤེས་རང་སྣང་བའི་སྤྱོད་ཡུལ་ཡིན་པས། ཡེ་ཤེས་རོལ་པའི་དཀྱིལ་འཁོར་ཡིན་པས། འདི་ཙམ་དུ་བདེན་པའི་ཕྱིར་གང་གིས་གང་དུའང་རུང་སྟེ། འདི་ལྟར་ཡིད་ལ་བྱས་ཤིང་འདི་ལྟ་བུར་སྣང་བ་བརྟན་པར་གྱུར་ན། མྱ་ངན་ལས་འདས་པའི་གོ་འཕང་ལ་མི་སླུ་བའི་ཕྱིར། སྣང་བ་ཐམས་ཅད་ཀྱི་ནང་ན་དམ་པ་ཡིན་པས། ཀུན་རྫོབ་ཀྱི་བདེན་པ་ཡང་དག་པའི་ཀུན་རྫོབ་ཅེས་ཀྱང་ཐ་སྙད་གདགས་སོ། །སྣང་བ་གཞན་ནི་ཐར་བའི་དོན་ལ་སླུ་བའི་ཕྱིར་སྣང་དུ་འདྲ་ཡང་ལོག་པའི་ཀུན་རྫོབ་ཡིན་ནོ། །འདིར་བརྒལ་བ། དབང་པོ་དྲུག་གི་སྤྱོད་ཡུལ་དུ་སྣང་བ་འདི་དག་ནི། འཁྲུལ་བའི་དབང་གིས་སྣང་བ་ཡིན་ཏེ། མ་འཁྲུལ་བའི་དབང་གིས་སྣང་བ་ནི་མ་ཡན་ནོ། །འཁྲུལ་པ་ནི་ཟག་པས་བཅིངས་པའི་ཕྱིར་འཁོར་བའི་རྒྱུ་ཡིན་པས། རྣམ་པར་བྱང་བའི་ཆོས་སུ་ཡང་མི་འགྱུར་རོ་ཞེ་ན། ཕྱོགས་གཅིག་བདེན་མོད་ཀྱི། སྣང་བ་ནི་འཁྲུལ་བའི་དབང་དང་། རང་རིག་པའི་དབང་དང་། ཆོས་ཉིད་སྐྱེ་བ་མེད་པའི་དབང་གིས་སྣང་བར་འགྱུར་ཏེ། འདི་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པས་ངོ་བོ་ཉིད་གྲུབ་པ་གང་ཡང་མ་ཡིན་པ་ཞིག་མ་ཡིན་ན་ཡང་། ཅིར་ཡང་སྣང་བར་མི་འགྱུར་རོ། །གལ་ཏེ་ཤེས་པ་རང་རིག་པ་ཞིག་མ་ཡིན་ཏེ། ཤེས་རིག་གི་མཚན་ཉིད་དང་བྲལ་བ་ཞིག་ཡིན་ན་ཡང་། སྣ་ཚོགས་སུ་སྣང་བར་མི་འགྱུར་རོ། །མ་འཁྲུལ་ན་སྣ་ཚོགས་སུ་སྣང་བར་མི་འགྱུར་ཏེ། འདི་གསུམ་གྱི་དབང་གིས་སྣང་བར་འདྲ་བ་ལས། སྣང་བ་གང་གིས་གྲོལ་བར་སྣང་བ་ནི། རྣམ་པར་བྱང་བའི་ཆོས་ཤེས་བྱའོ། །སྣང་བ་གང་གིས་འཆིང་བར་སྣང་བ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཤེས་བྱ་སྟེ། ཆོས་རྣམ་པར་གཞག་པ་འདི་གཉིས་ཀྱང་འཁྲུལ་བར་སྣང་བའི་དབང་དུ་བྱས་ནས་བཞག་གི། སྣང་བ་དང་བྲལ་བའི་དབང་དུ་ནི་མ་ཡིན་ནོ། །དེ་ལྟར་གཞུང་ལས་ཀྱང་གསུངས་ཏེ། ཀུན་ནས་ཉོན་མོངས་པ་འཁྲུལ་བའི་མཚན་ཉིད་ཡིན་པར་བསྟན་པ་དང་། འཁྲུལ་བ་དེ་སྣང་བར་བསྟན་པ་ཡང་གསུངས་ཏེ། འཇམ་དཔལ་བཤེས་གཉེན་གྱི་ཞལ་སྔ་ནས་གསུངས་པ། ཀུན་དུ་རྟོག་ཅན་ཡང་དག་མ་ཡིན་ཀུན་དུ་རྟོག་པས་རྩོལ་མེད་ཉམས། །བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་དག་རྐྱེན་གྱི་དབང་སོང་བས། །སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། །ཞེས་གསུངས་སོ། །ལུས་གསུམ་གྱི་དོན་ཀྱང་དབུས་མཐའ་ལས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་བོ་དེའི་དོན་མེད། །ཅེས་གསུངས་སོ། །རྣམ་པར་བྱང་བའི་ཆོས་འཁྲུལ་བ་ལ་སྣང་བ་ཡིན་པ་དང་། སྣང་བ་མ་གྲུབ་པར་བསྟན་པ་གསུངས་ཏེ། བདེ་གཤེགས་བྱུང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྒྱུ་འདྲ་འཁྲུལ་ལ་སྣང་། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བའི་ཆོས་སུ་སྣང་བ་གཉིས་ག་ཡང་སྒྱུ་མ་ལྟ་བུ། སེམས་ཅན་གྱི་བསམ་པ་ལ་སྣང་བ་ཙམ་ཡིན་པར་ཡང་། དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གསུངས་པ། སེམས་ནི་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དཔེར་ན་སྒྱུ་མའི་མཁན་པོ་འགས། །གྱོ་མོ་ལ་ནི་སྔགས་བཟླས་ནས། །ལེགས་པར་བྱས་པའི་གཟུགས་དག་ལ། །སྦྱོར་བ་གོམས་པས་བསྣུན་ན་ནི། །རྐང་བཞི་པ་ལ་སོགས་པའི་གཟུགས། །ཞེན་པའི་སེམས་ལ་སྣང་བར་འགྱུར། །དེ་བཞིན་བསོད་ནམས་ཡེ་ཤེས་ལས། །འབྱུང་བའི་ཚོགས་ཀྱིས་བསྒོས་པའི་སེམས། །སེམས་ཅན་རྣམས་ཀྱི་བསམ་པ་ལ། །བླ་མེད་བྱང་ཆུབ་སྣང་བར་བྱེད། །ཅེས་གསུངས་སོ། །དེ་བས་ན་སྣང་བ་ཐམས་ཅད་གང་ཅི་སྣང་ཡང་རུང་སྟེ། །སེམས་ཅན་གྱི་བསམ་པ་ལ་སྣང་བ་སྒྱུ་མ་ལྟ་བུ་འཁྲུལ་བའི་སྣང་བ་ཉིད་ཡིན་པར་ཤེས་པར་བྱའོ། །འོ་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་སྣང་བའང་འཁྲུལ་བའི་སྣང་བ་ཡིན་ནམ་ཞེ་ན། དེ་ཡང་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་ནི་སྣང་བ་ཉིད་མ་ཡིན་ཏེ། མི་རྟོག་པ་ཉིད་ཡིན་པའི་ཕྱིར་རོ། །དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྣང་བ་ནི། ཁ་ཅིག་མི་འདོད་པ་ཡང་ཡོད་དོ། །གལ་ཏེ་འདོད་ན་ཡང་། སེམས་ཅན་དག་གཟིགས་པ་ཙམ་ཡིན་པས། ཉིད་ལ་སྣང་བའི་བག་ཆགས་ཟད་པའི་ཕྱིར། དེ་ཙམ་བཟོད་པར་བྱའོ། །ཞེས་བཤད་དོ། །ཡོང་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི། བསམ་གྱིས་མི་ཁྱབ་པའི་ཡུལ་ཡིན་པས་འདི་ལ་མི་བརྩད་པར་བཞག་གོ་ཞེས་བཤད་དོ། །དེ་བས་ན་སྣང་བ་ཐམས་ཅད་འཁྲུལ་བའི་དབང་གིས་སྣང་བ་ཡིན་ནོ། །ཞེས་བྱ་བ་ནི་བདེན་ནོ། །འཁྲུལ་བའི་སྣང་བ་ཐམས་ཅད་ཟག་པས་བཅིངས་པ་ཡིན་ནོ། ཞེས་བྱ་བ་ནི་བདེན་པ་མ་ཡིན་ཏེ། སྣང་བ་ཁ་ཅིག་ལས་དང་ཉོན་མོངས་པའི་གཉེན་པོར་འགྱུར་ཏེ་ཟག་པ་རྒྱས་པར་མི་བྱེད་པ་ཡང་ཡོད་དོ། །གཞན་ཤེས་པ་ལ་བེམ་པོ་དང་བརྡོས་པ་མེད་པས་ཅི་ཡང་སྣང་བའི་རྒྱུར་ཡང་འགྱུར་ཏེ། བརྡོས་པ་ཅན་གྱི་ཆོས་མིན་པས་ཇི་ལྟར་དམིགས་པ་དེར་སྣང་ངོ་། །ཞེས་གསུངས་པ་ལྟ་བུའོ། །ཆོས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་སྣང་བར་ཡང་གསུངས་པ། རང་བཞིན་གཅིག་ཏུ་མ་ངེས་པས། ཇི་ལྟར་བརྟགས་པ་དེར་སྣང་སྟེ། ཞེས་གསུངས་ཏེ། དེ་བས་ན་སྣ་ཚོགས་སུ་སྣང་བའི་རྒྱུ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་པ་སྣ་ཚོགས་པས་བཞག་པའི་བག་ཆགས་ཀྱི་ཁམས་སྣ་ཚོགས་ཅན་ཡིན་པ་དང་། ཤེས་པ་ཉིད་རང་རིག་པ་ཡིན་ཏེ། བེམ་པོ་དང་བརྡོས་པ་ཅན་མ་ཡིན་པས་གཟུགས་བརྙན་ཐམས་ཅད་སྣང་དུ་རུང་བ་ཅན་ཡིན་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་དང་། ཅི་ཡང་མ་ཡིན་པས། གེགས་མེད་པའི་ཕྱིར་ཅིར་ཡང་སྣང་དུ་རུང་བ་ཡིན་ནོ། །དེ་ལྟར་སྣང་བའི་རྐྱེན་གསུམ་རྣམ་པར་བཞག་པ་ལས། ཆོས་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་དང་། ཤེས་པ་རང་རིག་པའི་ཚུལ་གཉིས་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོའི་སྣང་བ་ཐམས་ཅད་ལ་ཐུན་མོང་དུ་བདག་པོའི་རྐྱེན་དུ་འགྱུར་རོ། །འཁྲུལ་བའི་ཤེས་པས་བཞག་པའི་བག་ཆགས་ཀྱི་ཁམས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམ་པ་གཉིས་སུ་འགྱུར་ཏེ། སྤྱིར་འཁྲུལ་བའི་དབང་གིས་བཞག་པ་ཡིན་པས། སྣང་བ་ཐམས་ཅད་ཀྱི་རྐྱེན་དུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉི་གའི་ཐུན་མོང་གི་སྣང་བའི་རྒྱུའི་རྐྱེན་དུ་འགྱུར་རོ། །ནག་པོའི་བག་ཆགས་དང་དཀར་པོའི་བག་ཆགས་ཀྱི་སྒོ་ནས་ནི། ཐུན་མོང་མ་ཡིན་པའི་རྒྱུའི་རྐྱེན་དུ་འགྱུར་རོ། །དེ་ལ་ནག་པོའི་བག་ཆགས་དེ་ནི། ཤིན་ཏུ་འཁྲུལ་བའི་བློས་བསྐྱེད་པ་ཡིན་པའི་ཕྱིར། ཐམས་ཅད་དུ་ལོག་པར་སྦྱོར་བས་དེའི་རྒྱུ་ལས་བྱུང་བའི་སྣང་བ་ཡང་། །ཤིན་ཏུ་བསླུ་བ་ཡིན་པའི་ཕྱིར་རོ། །སླུ་བ་ཆེན་པོ་སྟེ། དེ་ལ་སླུ་བ་ཞེས་བྱ། མི་བདེན་པ་ཞེས་བྱ། འཁྲུལ་བ་ཞེས་བྱ། ཡིད་བརྟན་དུ་མི་རུང་བ་ཞེས་བྱ། དཀར་པོའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བའི་སྣང་བ་རྣམས་ནི། ཡང་དག་པར་བདེན་པ་མ་ཡིན་ནའང་མཁས་པ་རྣམས་ཀྱིས་དེ་ལ་བློ་བཞག་ཅིང་བརྟེན་པར་བཟོད་པ་སྟེ། ཐར་པ་ལ་མི་བསླུ་བའི་ཕྱིར། དེ་ནི་མི་བསླུ་བ་ཞེས་བྱ། བདེན་པ་ཞེས་བྱ། མ་འཁྲུལ་བ་ཞེས་བྱ་ཡིད་བརྟན་དུ་རུང་བ་ཅེས་བྱ། དེ་དག་གི་ཕྱིར་དབང་པོ་དྲུག་གི་སྤྱོད་ཡུལ་དུ་སྣང་བའི་ཆོས་འདི་རྣམས་ལ། བག་ཆགས་ངན་པའི་ཡ་བློས་བསྐྱེད་པ་རྣམས་ཀྱིས། མཐོང་ཞིང་བརྟགས་པ་ལྟར་གྲུབ་པ་ནི་མ་ཡིན་གྱི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་ལས་གསུངས་པ་ལྟར་དཀར་པོའི་བག་ཆགས་ཀྱི་སྟོབས་ཀྱིས་བསྐྱེད་པ་རྣམས་ཀྱི་སྣང་བ་ལྟར་ཡེ་ཤེས་རོལ་པའི་དཀྱིལ་འཁོར་དུ་སྣང་བ་འདི་ནི་གྲུབ་བོ། །ཞེས་བཟོད་པར་བྱའོ། །དེ་བས་ན་འཁྲུལ་བ་ཆེ་ཆུང་གི་སྣང་བ་ལ་འཁྲུལ་པ་དང་མ་འཁྲུལ་པར་རྣམ་པར་བཞག་པ་དང་། ཡོད་པ་དང་མེད་པར་རྣམ་པར་བཞག་པ་འདི་ལ་ཉེས་སྐྱོན་མེད་དེ། ཇི་ལྟར་སྦྲུལ་དང་ཐག་པ་དང་ཆ་ཤས་དང་རྡུལ་དང་སྟོང་པ་ཉིད་ལ་སོགས་པ་ལ་གཉིས་ལྟོས་ནས་བཞག་པའི་ཚེ། སྔ་མ་སྔ་མ་རྣམས་མེད་དོ། །ཞེས་བརྗོད་པ་ཡང་སྐུར་བ་མ་བཏབ་པ་ཡིན་ལ། ཕྱི་མ་ཕྱི་མ་རྣམས་ཡོད་དོ་ཞེས་བརྗོད་པ་ཡང་སྒྲོ་མ་བཏགས་པ་ཡིན་ནོ། །དེ་དག་གི་ཤེས་པ་ལ་ཡང་སྔ་མ་སྔ་མའི་ཤེས་པ་ནི་འཁྲུལ་བ་ཡིན་ནོ་ཞེས་བརྗོད་པ་ཡང་སྐུར་པ་བཏབ་པ་མ་ཡིན་ལ། ཕྱི་མ་ཕྱི་མའི་ཤེས་པ་རྣམས་མ་འཁྲུལ་བའི་ཤེས་པ་ཡིན་ནོ། །ཞེས་བྱ་བ་འདི་ཡང་སྒྲོ་བཏགས་པ་མ་ཡིན་ནོ། །ཇི་ལྟ་ཇི་ལྟར་འཁྲུལ་བར་བཞག་པ་དེ་ལྟ་དེ་ལྟར་རྫས་སུ་མེད་པ་ཡིན་ནོ། །ཞེས་བྱ་བ་འདི་ཡང་སྐུར་བ་བཏབ་པ་མ་ཡིན་ལ། ཇི་ལྟ་ཇི་ལྟར་མ་འཁྲུལ་བ་ཡིན་པ་དེ་ལྟ་དེ་ལྟར་རྫས་སུ་གྲུབ་པ་ཡིན་ནོ། །ཞེས་བྱ་བ་འདི་ཡང་སྒྲོ་བཏགས་པ་མ་ཡིན་ནོ། །དེ་བས་ན་རྫས་དང་རྫས་མེད་པ་དང་། འཁྲུལ་བ་དང་མ་འཁྲུལ་བ་གཉིས་ཀ་ཡང་ཆོས་རྣམས་ཀྱི་མཚན་ཉིད་ལ་དེ་ལྟར་བཟོད་པ་ནི་མེད་དོ། །བློའི་སྟོབས་ཆེ་ཆུང་ལས་ཆོས་ཀྱི་མཚན་ཉིད་ཀྱང་རྣམ་པར་གཞག་པ་ཙམ་དུ་ཟད་དོ། །དོན་འདི་དག་གི་ཕྱིར་ན། ལུང་དང་རིགས་པ་གཉིས་གས་གྲུབ་པ་ཡིན་པས། གསང་སྔགས་ཀྱི་ཚུལ་ལས་སྣང་བ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་སྣང་བའི་དཀྱིལ་འཁོར་དུ་འདོད་པ་འདི་ལ། རང་གི་གྲུབ་པའི་མཐའ་འཛིན་པ་ལ་ལ་དག །འདི་དག་ནི་གཉེན་པོའི་དོན་དུ་གསུངས་པ་ཡིན་ཏེ། མཚན་ཉིད་པ་མ་ཡིན་ནོ་ཞེའམ། ཀུན་བརྟགས་པ་དང་དབང་འབྱོར་པའི་གཟུགས་ཡིན་ཏེ་མཚན་ཉིད་པ་མ་ཡིན་ནོ། །ཞེའམ། ལུང་དེའང་དགོངས་པའི་དབང་གིས་གསུངས་པ་ཡིན་ཏེ། གཟུགས་པོར་གསུངས་པ་མ་ཡིན་ནོ་ཞེས་དེ་སྐད་མ་ཟེར་ཤིག གསང་སྔགས་ཀྱི་གྲུབ་པའི་མཐའ་འཛིན་པའི་གང་ཟག་རྣམས་ཀྱིས་ཀྱང་སྣང་བ་ཐམས་ཅད་ཀྱང་རེ་ཞིག་ཤེས་པ་འཁྲུལ་བ་སྣང་བའི་དབང་དུ་ནི། ཡེ་ཤེས་རོལ་བའི་དཀྱིལ་འཁོར་ཡིན་ལ། །དེ་ཡང་ཡེ་ཤེས་རང་སྣང་བ་ཙམ་སྟེ། ཡེ་ཤེས་དེའང་རང་འབྱུང་ཡིན་ལ། རང་འབྱུང་གི་ཡེ་ཤེས་དེ་ཉིད་ཀྱང་ཡང་དག་པར་མ་གྲུབ་ན། འདིའི་རོལ་པའི་དཀྱིལ་འཁོར་ལྟ་ག་ལ་འགྲུབ། ཅེས་ཀྱང་རྟོགས་ཤིང་གོམས་པར་བྱས་ནས། རོལ་པའི་དཀྱིལ་འཁོར་དེ་དག་ལའང་སངས་རྒྱས་དང་འཐུན་པར་འགྲོ་བའི་དོན་དུ་སྤྲུལ་པར་བྱའོ། །འདིར་བརྒལ་བ། དབང་པོ་དྲུག་གི་སྤྱོད་ཡུལ་དུ་སྣང་བ་འདི་དག་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ཡིན་པར་བདེན་པ་ལྟ་གྲུབ་ཏུ་རུང་སྟེ། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཅི་ཡང་མ་ཡིན་པ་ཡིན་པས་སྣང་བ་གཉིས་ཀ་རུ་མ་ངེས་པ་དང་། །མ་ངེས་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་དག་པ་ཡིན་པ་དང་། རང་བྱུང་གི་ཡེ་ཤེས་རང་རིག་པའི་དབང་གིས་སྣང་བ་ཡིན་པ་དང་། བཟང་པོའི་བག་ཆགས་ཀྱི་སྟོབས་དང་ལྡན་པ་རྣམས་ཀྱི་སྣང་བ་ནི། ཐར་པ་མི་སླུ་བས་བདེན་པ་ཡིན་པར་གྲུབ་ཏུ་རུང་ན། དེ་དང་འདྲ་བར་ངན་པའི་བག་ཆགས་ཀྱིས་སྣང་བའང་བདེན་པར་གྲུབ་སྟེ། མངོན་སུམ་གྱི་སྣང་བ་ཐམས་ཅད་ནི་སྒྲོ་སྐུར་དང་བྲལ་བ་ཡིན་པའི་ཕྱིར་དང་། ཤེས་པ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། འདི་ཡང་བདེན་པར་གྲུབ་པར་འདྲའོ་ཞེ་ན། མངོན་སུམ་གྱི་སྣང་བ་ཐམས་ཅད་གང་ཅི་ཡང་རུང་སྟེ་ནམ་མཁའི་སྐྲ་ཤད་དང་། ཟླ་བ་གཉིས་པ་ལ་སོགས་པ་ཀུན་ཀྱང་སྒྲོ་སྐུར་མེད་པ་ཡིན་པ་དང་། ཤེས་པའི་ངོ་བོ་ཉིད་ཡིན་པ་ནི་བདེན་མོད་ཀྱི་དེ་ཉིད་དེ་ལྟ་བུར་བདེན་པར་བཞག་ཏུ་མི་རུང་སྟེ་དོན་ཇི་ལྟ་བ་བཞིན་དུ་བྱེད་པ་ལ་སླུ་བའི་བྱེ་བྲག་ཡོད་པས་དེ་ལྟ་སྣང་བ་བདེན་ཀྱང་། དེ་ལྟ་བུའི་མཚན་ཉིད་དུ་གཞག་ཏུ་མི་རུང་སྟེ། དེ་ན་གོང་དུ་དཔྱད་ཟིན་ཏོ། །ཡང་འདི་སྐད་དུ། རྒྱལ་བའི་དཀྱིལ་འཁོར་དུ་སྣང་བ་དེ་ནི་གང་ཟག་དེ་ཉིད་ཀྱི་སྣང་བ་ཡིན་ལ། ཐུན་མོང་གི་སྣང་བ་ནི་གང་ཟག་གཞན་གྱི་སྣང་བ་ཡིན་པས། དངོས་པོ་གཅིག་གི་མཚན་ཉིད་དུ་མི་རུང་ངོ་ཞེ་ན། དེ་ནི་བདེན་མོད་ཀྱི་སྐྱོན་དེ་ནི་ཁྱོད་ཉིད་ཀྱི་གཞུང་ལ་ཡང་ཡོད་མེད་དེ། ཇི་ལྟར་ཡི་དྭགས་རྣམས་ཀྱིས་ཆུ་ཀླུང་ལ་རྣག་ཏུ་མཐོང་ངོ་ཞེས་བརྗོད་པ་ན་རྣག་ཏུ་སྣང་བ་ནི་ཡི་དྭགས་ཀྱི་བློའི་སྣང་བ་ཡིན་ལ། ཆུ་ཀླུང་དུ་སྣང་བ་ནི་མི་ལ་སོགས་པ་རང་གི་སྣང་བ་སྟེ། དེ་ལྟ་ན་སྣང་བའི་གཞི་སོ་སོ་ཡིན་ན་ཆུ་ཀླུང་ལ་རྣག་ཏུ་མཐོང་ཞེས་བརྗོད་པ་ཅི་ཞིག་དགོས། སྨྲས་པ། དེ་ནི་རླན་པ་དང་གཡོ་བའི་མཚན་ཉིད་དག་ཐུན་མོང་གི་སྣང་བ་ཡིན་པ་དང་། མི་དང་དུད་འགྲོ་ཕལ་མོ་ཆེ་ལ་སྣང་བའི་རྒྱུན་འདི་གཞིར་བྱས་ནས། ཡི་དྭགས་རྣམས་ལ་ངན་པར་སྣང་བའི་མཚན་ཉིད་ཀྱིས་དེ་ལྟར་དུ་ཁྱད་པར་དུ་བྱས་ནས་དེ་སྐད་ཅེས་བརྗོད་དོ་ཞེ་ན། །དེ་ལྟ་བུ་ཡིན་པའི་ཕྱིར། ཁོ་བོ་ཅག་ཀྱང་འཁྲུལ་བའི་སྣང་བ་ཐུན་མོང་དུ་བྱས་ནས། སྣང་བ་དག་པ་དང་མ་དག་པ་གཉིས་སུ་རྣམ་པར་ཕྱེ་ནས་བཞག་པ་འདི་ལ་ཉེས་པ་ཅི་ཡོད། །ཡང་བརྒལ་བ། ཐུན་མོང་བའི་སྣང་བའི་དུས་དང་། ཡོངས་སུ་དག་པར་སྣང་བའི་དུས་གཉིས་རང་གི་ངོ་བོ་ཐ་དད་ཡིན་པས། དངོས་པོ་གཅིག་གི་མཚན་ཉིད་དུ་མི་རུང་ངོ་ཞེ་ན་སྐྱོན་དེའང་ཁྱོད་ཉིད་ལ་ཡང་ཡོད་པ་ཡིན་ཏེ། སྐད་ཅིག་མ་སྔ་མ་ལ་སྣང་བའི་ས་དང་། ཕྱི་མ་ལ་སྣང་བའི་ས་གཉིས་ཀྱང་གཅིག་པ་མ་ཡིན་ཏེ། སྐད་ཅིག་མ་གཉིས་པར་སྡོད་པའི་དངོས་པོ་ནི་གང་ཡང་མེད་པའི་ཕྱིར་རོ། །སྨྲས་པ། གཉིས་པར་སྡོད་པ་མེད་ཀྱང་དངོས་པོ་རྣམས་ཀྱི་རྒྱུན་རྒྱུད་མ་ཆད་པ་ལ་མཚན་ཉིད་རྣམ་པར་བཞག་པ་ཡིན་ནོ་ཞེ་ན། དེ་ལྟར་ན་ཁོ་ཅག་ཀྱང་དེ་དང་འདྲ་བ་ཡིན་ཏེ། འཁྲུལ་བའི་སྣང་བའི་རྒྱུན་རྒྱུད་མ་ཆད་པ་གཞིར་བྱས་ནས། །དེ་ལ་མ་དག་པའི་མཚན་ཉིད་དང་། དག་པའི་མཚན་ཉིད་རྣམ་པར་འཇོག་པར་བྱེད་ཅིང་། སྔ་མའི་དངོས་པོ་དེ་ཉིད་ཕྱི་མ་ཡིན་ཞེས་ནི་མི་སྨྲའོ། །དེ་བས་ན་བློ་སོ་སོའི་དབང་ལ་སྣང་བ་དང་། དེའི་དབང་དུ་གསུངས་པའི་གྲུབ་པའི་མཐའ་ཐམས་ཅད་ཀྱང་བརྟག་པར་བཟོད་པ་ནི་གང་ལ་ཡང་ཡོད་པ་མ་ཡིན་མོད་ཀྱི། སེམས་ཅན་ཆུད་མི་གསོན་པ་ཙམ་བདེན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། སེམས་ཅན་དོན་གྱི་ཉམས་གཅིག་པུ། །དེ་ཉིད་ཡིན་ཏེ་གཞན་དག་ནི། །བདེན་པ་ཡང་དག་ཡོད་མ་ཡིན། །ཞེས་གསུངས་པ་ལྟ་བུའོ། །ཡང་བརྒལ་བ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་དུ་ལྟ་རུང་ན། སངས་རྒྱས་ནི་ཆོས་ཉིད་དག་པ་དང་། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་། ཡོན་ཏན་གྱི་ཁྱད་པར་གྱི་བདག་ཉིད་ཡིན་ན། འདིར་གང་བཟུང་ཞེ་ན། ཐམས་ཅད་གཟུང་བར་བྱའོ། །སེམས་ཅན་ཐམས་ཅད་ཡོན་ཏན་ཅན་དུ་ཇི་ལྟར་གཟུང་ཞེ་ན། གོང་དུ་བརྗོད་པ་བཞིན་ཏེ། ཡོན་ཏན་ཅན་ཉིད་དུ་སྣང་བའི་ཕྱིར་རོ། །འོ་ན་ཆོས་ཐམས་ཅད་སངས་རྒྱས་ཡིན་ན། གསང་སྔགས་ཀྱི་ས་ཚུལ་ལས་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་འབྱུང་བ་ལྔ་ནི་རིགས་ཀྱི་ཡུམ་ལྔ། ཡང་དབང་པོ་ལྔ་ནི་རིགས་ལྔ། ཡུལ་ལྔ་ནི་ཡུམ་ལྔ་ཞེས་བྱ་བ་ལ་སོགས་པ་སོ་སོར་གསུངས་པ་ལྟ་བུ་དང་། ཡེ་ཤེས་ལྔ་ནི་རིགས་ལྔ་ཞེས་བྱ་བ་ལ་སོགས་གསུངས་པ་དང་། གཞན་ཡང་ཇི་ལྟར་སྣང་བ་དེ་ལྟར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་ཞེས་ཀྱང་གསུངས་པ་དང་། །གཞན་དག་ཏུ་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ངེས་པ་ཡང་གསུངས་པ་དག་ཅི་ལ་དགོངས་ཏེ་གསུངས་པ་ཡིན་ཞེ་ན། འདི་ནི་ཐམས་ཅད་ཀྱང་བདེན་པ་སྟེ། དེ་ལ་ཇི་ལྟར་སྣང་བ་ཐམས་ཅད་ཀྱང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཉིད་ཡིན་ནོ། །དེ་ལ་སྐུ་མདོག་དང་ཕྱག་མཚན་སོ་སོར་ངེས་པ་དག་ཀྱང་རང་བཞིན་དེ་ཉིད་ལས་ཉམས་པ་ཡང་མེད་ལ། །ཐབས་མྱུར་བར་ཡང་འགྱུར་ཏེ། འདི་སྐད་དུ། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་སྣང་མོད་ཀྱི། །ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། །དོན་དང་ལས་ཡིན་བསྒོམ་པས་འགྲུབ། །ཅེས་གསུངས་པ་ལྟ་བུའོ། །ཕུང་པོ་ལ་སོགས་པའི་ཆོས་སོ་སོ་ལྷ་སོ་སོར་གསུངས་པ་ཡང་། །རང་བཞིན་དེ་ལྟར་ཡིན་པ་ལ་འགལ་བ་མེད་ལ། དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཟག་བཅས་དང་ཟག་པ་མེད་པའི་ཆོས་མཚན་ཉིད་སོ་སོར་འཛིན་པའི་བློ་ཅན་རྣམས་ལ་མཚན་ཉིད་འདྲ་བར་བསྟན་པས་སོ་སོའི་བློ་ལྡོག་པར་འགྱུར་ཏེ། འདི་ལྟར་ཀ་བ་དང་བུམ་པའི་མཚན་ཉིད་འདུ་བྱེད་དུ་བསྟན་ནས་དེའི་མཚན་ཉིད་མི་རྟག་པར་བསྟན་ན། ཀ་བ་དང་བུམ་པའི་བློ་ལྡོག་པ་བཞིན་དུ། ཕུང་པོ་ལྔའི་ཆོས་དང་རྒྱལ་བ་རིགས་ལྔའི་ཆོས་ཀྱི་མཚན་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བསྟན་ནས། དེའི་མཚན་ཉིད་སངས་རྒྱས་སུ་བསྟན་ན། ཟག་བཅས་དང་ཟག་མེད་ཀྱི་མཚན་ཉིད་སོ་སོ་བའི་བློ་ལོག་ནས། ཐམས་ཅད་ཀྱང་ཟག་པ་མེད་པའི་བློ་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་ཐབས་ལ་མཁས་པས་ཆོས་མཐུན་པ་བསྟན་པའི་སྒོ་ནས་ངེས་པའི་བློ་སྐྱེ་སྟེ། འཇུག་པ་དང་དགྲོལ་བའི་ཡན་ལག་ཏུ་འགྱུར་རོ། །དེ་བས་ན་དེ་དག་དེ་ལྟར་བསྟན་ཏོ། །དེ་ཆོས་ཇི་ལྟར་མཐུན་ཞེ་ན། རྣམ་པར་སྣང་མཛད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཚན་མར་བསྟན་པ་སྟེ། །གཟུགས་ཀྱང་ལུས་ཀྱི་དངོས་གཞིའོ། །གཟུགས་ནི་བེམ་པོས་བཅིངས་པ་སྟེ། །གཏི་མུག་ཀྱང་བླུན་པས་བཅིངས་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་ངོ་བོ་ཉིད་ཀྱི་སྐུ་སྟེ། དེ་བས་ན་གཟུགས་དང་གཏི་མུག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་དུ་བཤད་དོ། །དེ་བས་ན་གདུལ་བྱ་རྣམས་ལ་རྣམ་པར་སྨིན་པའི་སྐུ་བཟང་པོ་དཔེ་མེད་པ་སྣང་བར་མཛད་པས་རྣམ་པར་སྣང་མཛད་དོ། །དེ་བཞིན་དུ་གཞན་ལའང་སྦྱར་ཏེ། མི་བསྐྱོད་པ་ནི། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་མཚན་མའོ། །རྣམ་པར་ཤེས་པའང་ཐུགས་ཏེ། ཞེ་སྡང་ཡང་སེམས་ཀྱི་ལས་རགས་པ་ཡིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཐུགས་ཀྱི་སྙིང་པོ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་ཐུགས་ནི་འཇིག་རྟེན་པའི་སེམས་ལྟར། རྣམ་པར་རྟོག་པའི་གཡོ་བ་མེད་པས་མི་བསྐྱོད་པ་ཞེས་བཤད་དོ། །རིན་ཆེན་འབྱུང་གནས་ནི། སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་མཚན་མ་སྟེ། ཚོར་བ་ཡང་ལོངས་སྤྱོད་ཀྱི་གཞི་ཡིན་ནོ། །ང་རྒྱལ་ཀྱང་འདོད་པས་མྱོས་པའི་བདག་ཉིད་དེ་བཞིན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཉེས་པ་ཐམས་ཅད་ཀྱི་བདག་ཏུ་ལྟ་བ་དང་བྲལ་བས་བདག་མེད་པར་རྟོགས་པ་ནི། ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པས། ཡོན་ཏན་རིན་ཆེན་འབྱུང་གནས་སོ། །སྣང་བ་མཐའ་ཡས་ནི་གསུང་གི་བདག་ཉིད་དེ། འདུ་ཤེས་ཀྱང་ཐ་སྙད་འདོགས་པའི་ལས་ཅན་ཡིན་ལ། འདོད་ཆགས་ཀྱང་དངོས་པོའི་མཚན་མ་ལ་ཆགས་པ་སྟེ། དེ་བཞིན་དུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་ཡིན་པ་དང་། ཆོས་ཀྱི་སྣང་བ་ཆེན་པོ་མཐའ་ཡས་པ་སྟོན་པའི་བདག་ཉིད་ཡིན་པས། གསུང་སྣང་བ་མཐའ་ཡས་སོ། །དོན་ཡོད་གྲུབ་པ་ནི་ལས་ཀྱི་བདག་ཉིད་དེ། འདུ་བྱེད་ཀྱང་ལས་ཀྱི་བདག་ཉིད་དོ། །ཕྲག་དོག་ཀྱང་རྩེ་གཅིག་པར་གཏོད་པ་སྟེ། དེ་སྐད་དུ། འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། །རྩེ་གཅིག་བདག་ཉིད་གཏོད་པའོ། །ཞེས་གསུངས་པའོ། །ཁུངས་གཞན་ནི་གསལ་བས་མ་བྲིས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་། མི་དམིགས་པའི་ཐུགས་རྗེ་ཆེན་པོའི་དབང་གིས། འགྲོ་བའི་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་ཡིན་ཏེ། དེ་བས་ན་ལས་ནི་དོན་ཡོད་གྲུབ་པ་ཡིན་ནོ། །དེ་བཞིན་དུ་འབྱུང་བ་ཆེན་པོ་ཡུམ་དུ་བཞག་པའང་སྐྱེད་པའི་གཞི་ཡིན་པས། ཆོས་ཀྱི་དབྱིངས་དང་ཡུམ་རྣམས་སུ་མཚན་ཉིད་གཅིག་གོ། །དེ་བས་ན་འདི་སྐད་དུ། སྣོད་དུ་སྣང་བ་ཡུམ་གྱི་དབྱིངས། །བཅུད་རྣམས་རྒྱལ་བ་ཡབ་ཀྱི་མཁའ། །འབྱུང་འཇུག་བྱེད་པ་ལོངས་སྤྱོད་དེ། །རྣམ་གསུམ་བདེ་ཆེན་སངས་རྒྱས་སོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ནམ་མཁའ་ནི། གཟུགས་ཀྱི་གོ་འབྱེད་པས་ཀུན་གྱི་གཞིར་གྱུར་པ་སྟེ། དེ་བཞིན་ཉིད་ཀྱི་རིགས་ཡིན་པས་དབྱིངས་ཀྱི་དབང་ཕྱུག་མའོ། །ས་ནི་སྲ་བའི་མཚན་ཉིད་འཛིན་པས་དྲག་པོས་འདུལ་བའི་ཕྱིར། རྡོ་རྗེ་རིགས་ཀྱི་ཡུམ་མོ། །མེ་ནི་སྨིན་པར་བྱེད་པའི་བདག་ཉིད་ཡིན་པས། རིན་པོ་ཆེའི་རིགས་ཏེ། དེ་བས་ན་རིན་པོ་ཆེའི་རིགས་ཀྱི་ཡུམ་མོ། །དེ་བཞིན་དུ་ཆུ་ནི་རླན་ཅིང་སྡུད་པའི་མཚན་ཉིད་ཡིན་པས། སྙིང་རྗེའི་བདག་ཉིད་དེ། པདྨ་རིགས་ཀྱི་ཡུམ་མོ། །རླུང་ནི་གཡོ་ཞིང་བསྐྱོད་པའི་བདག་ཉིད་ཡིན་པས། ལས་ཀྱི་རིགས་ཀྱི་ཡུམ་མོ། །དེ་བས་ན་ཡུམ་འདི་དག་ཀྱང་། ཉོན་མོངས་པ་རྣམ་པ་ལྔ་དག་པ་དང་། ཕ་རོལ་ཏུ་ཕྱིན་པ་ལྔ་ཐོབ་པའི་སྒོ་ནས་འདོད་སྤྱོད་རྣམ་པ་ལྔའི་སྒོ་ནས་བདག་ཉིད་ཆོས་ཉིད་ཀྱི་ཕྱག་རྒྱ། གཟུངས་ཀྱི་རང་བཞིན་དུ་བཤད་དོ། །གཞན་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་། དབང་པོ་དང་དེའི་ཡུལ་རྣམས་ཀྱང་རིགས་ཉིད་ཀྱི་སྒོ་ནས་དེ་བཞིན་དུ་བསྟན་ཏེ། མིག་དང་གཟུགས་དང་དེའི་རྣམ་པར་ཤེས་པ་ནི་བྱང་ཆུབ་སེམས་ཀྱི་མཚན་ཉིད་སྐུའི་རིགས་སུ་བཤད་དོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ནི་ཆོས་རིན་པོ་ཆེའི་གཏེར་འཛིན་པའི་མཚན་ཉིད་རིན་པོ་ཆེའི་རིགས་སུ་བཤད་དོ། །ཁ་ཅིག་ལས་ནི་ཆོས་ཉན་པའི་མཚན་ཉིད་དང་ཆོས་ཀྱི་སྒྲའི་སྒོ་ནས་པདྨའི་རིགས་སུ་བཤད་དོ། །སྣ་ལ་སོགས་པས་ཚུལ་ཁྲིམས་ལ་སོགས་པ་ཡོན་ཏན་གྱི་དྲི་འཛིན་པའི་མཚན་ཉིད་ཡོན་ཏན་གྱི་རིགས་སུ་ཡང་བཤད་དོ། །དག་པའི་ཆོས་ཀྱི་དྲི་འཛིན་པས་པདྨའི་རིགས་སུ་ཡང་བཤད་དོ། །ལྕེ་ལ་སོགས་པ་ནི་བྱ་བ་ཐམས་ཅད་པ་ལས་ཀྱི་རིགས་སུ་བཤད་དོ། །ཁ་ཅིག་ལས་དམ་པའི་ཆོས་བརྗོད་པ་པདྨའི་རིགས་སུ་བཤད་དོ། །དབང་པོ་དང་ཡུལ་ལྷ་དང་ལྷ་མོར་བཞག་པ་ནི། ལོངས་སྤྱོད་པར་བྱེད་པ་དང་། བྱ་བའི་སྒོ་ནས་བསྟན་ཏོ། །རྣམ་པར་ཤེས་པའང་དེ་བཞིན་ནོ། །ཕུང་པོ་གཙོ་བོར་བསྟན་པ་དང་ཁམས་དང་སྐྱེ་མཆེད་འཁོར་དུ་བསྟན་པ་ནི། ཡན་ལག་དང་ཉིང་ལག་གི་ཚུལ་གྱིས་སོ། །འདི་དག་ལ་སོགས་པའི་ཆོས་མཐུན་པའི་མཚན་ཉིད་བསྟན་པ་རྣམས་ཀྱང་། དོན་གྱི་རང་བཞིན་ལས་འགལ་བ་མེད་པའི་ཕྱིར་དང་། དོན་དང་མཐུན་པར་བྱེད་པའི་ཕྱིར་རོ། །གཞན་དུ་ནི། ཆོས་མཐུན་པ་ཁྱད་པར་དུ་སྨོས་པ་མེད་པ་རྣམས་ཀྱང་གཟུངས་དང་སྤོབ་པ་མི་ཟད་པའི་ཕྱིར་བསྟན་དུ་ཡོད་པ་ཅན་ཡིན་ལ། མ་བསྟན་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་དེ་དང་མཐུན་པ་ཅན་ཡང་ཡིན་པས། ལྷག་པར་མ་བསྟན་པ་ལ་ཉེས་པ་ཡང་མེད་དོ། །ཚུལ་འདི་དག་ཙམ་ནི། གསང་སྔགས་ཀྱི་སྒོར་འཇུག་པའི་གང་ཟག་རྣམས་ཀྱིས། ཇི་སྐད་གསུངས་པའི་ཚུལ་ལ་ལྟ་བ་བརྟན་པར་བསྐྱེད་པར་བྱ་བ་དང་། གཞན་གྱི་གྲུབ་པའི་མཐའ་འཛིན་པ་དག་ཀྱང་། གསང་སྔགས་ཀྱི་ཚུལ་ལ་སྤྱིར་སྐུར་བ་མེད་པར་བྱ་བ་དང་། ཁྱད་པར་དུ་ཇི་སྐད་གསུངས་པའི་དོན་རྣམས་ཀྱང་ངེས་པའི་དོན་དུ་བཟུང་བར་བྱ་བའི་ཕྱིར་དང་། རང་ལ་བརྟེན་པའི་གང་ཟག་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་བྲིས་པ་ཡིན་ནོ། །གལ་ཏེ་གང་ཟག་གིས་ཉེས་པའི་སྐྱོན་མཐོང་ན་ཡང་། དང་པོར་རང་དང་གཞན་གྱི་གྲུབ་པའི་མཐའ་བཏང་སྟེ། གཟུ་བོའི་བློས་ངེས་པར་རྟོགས་ལ། སྐྱོན་དུ་འགྱུར་བའམ་མི་འགྱུར་བ་ལེགས་པར་དཔྱད་བར་གྱིས་ཤིག ངེས་པར་ལུང་དང་རིགས་པ་གཉི་ག་དང་འགལ་བའི་སྐྱོན་མཐོང་བར་གྱུར་ན། ལྟ་བ་དེ་ཉིད་ལས་རབ་ཏུ་བཟློག་པའི་ཡི་གེ་དག་ཀྱང་འདིའི་རྗེས་སུ་བྲིས་ཤིག མ་འོངས་པའི་གང་ཟག་རྣམས་ལ་ཕན་པར་འགྱུར་རོ། །དེ་ལྟར་སྤྱིའི་སྒོ་གྲུབ་མཐའ་འདི་ལྟ་བུའི་གཞུང་ལ་སྐྱོན་དུ་མི་འདོགས་ན། ཡན་ལག་གི་ཉེས་པའི་སྐྱོན་དག་ནི། བཟོད་པར་བྱ་བ་ཡང་ཡིན་ལ། གལ་ཏེ་ཆེར་སྐྱོན་དུ་མཐོང་ན་ཡང་དེའི་རྩ་ཉིད་དུ་དེ་བཟློག་པའི་ཡི་གེ་དག་ཀྱང་བྲི་བར་རིགས་སོ། །ཡོངས་ནི་འདི་ལྟ་བུའི་ཚུལ་དག་ལ་བརྟགས་པ་བྱ་བའི་གཞུང་དག་ནི། བདག་ཅག་ལྟ་བུའི་བློས་གཞུང་དུ་འགོད་པར་རིགས་པ་མ་ཡིན་ན་ཡང་། སློབ་མས་གསོལ་བ་བཏབ་པའི་ངོ་དགར་གྱུར་པ་དང་། དེ་ལ་བརྟེན་ནས་ཕྱོགས་སུ་འབྲང་བའི་གང་ཟག་ལ་ཕན་པར་འགྱུར་བ་སྲིད་པའི་བློ་དང་། རང་གིས་མཐོང་བའི་ཤེས་པའི་ཚད་རང་གི་བརྗེད་བྱང་དུ་བྱ་ཕྱིར་བྱས་པ་ཙམ་དུ་ཟད་ཀྱི། གང་ཟག་ཐམས་ཅད་ཀྱི་དོན་དུ་འགྱུར་བར་འདོད་པའི་བསམ་པས་བྱས་པ་མ་ཡིན་པས། །བརྗེད་བྱང་བྲིས་པ་ཙམ་ལ་དཔྱ་བར་འོས་པ་མ་ཡིན་ནོ། །ཚུལ་འདི་ཡང་གསང་སྔགས་ཀྱི་ལྟ་བ་ཕྱོགས་གཅིག་པ་ཡིན་ཏེ། དམིགས་པ་ཆེན་པོའི་ཡང་ཆེན་པོའི་སྐབས་སུ་དོན་དམ་པ་རྒྱུར་ལྟ་བ་དང་། ཀུན་རྫོབ་འབྲས་བུར་ལྟ་བ་དང་། རྒྱུ་གནས་སུ་ལྟ་བ་དང་། འབྲས་བུ་རོལ་པའི་དཀྱིལ་འཁོར་དུ་ལྟ་བ་ལ་སོགས་པ་དྲུག་བཤད་པ་ལས། འདི་ནི་འབྲས་བུ་རོལ་པའི་དཀྱིལ་འཁོར་དུ་ལྟ་བའི་ཕྱོགས་ཙམ་བཤད་པ་སྟེ། འདི་དག་ལ་སོགས་པའི་ཆེན་པོར་བསྟན་པ་གཞན་དག་དང་། མཚན་གྱི་ཁྱད་པར་གྱིས་ཕྱེ་བའི་ལྟ་བའི་ཁྱད་པར་རྣམས་ནི་ཡི་གེ་གཞན་དུ་བྲིས་པ་ཡང་ཡོད་པས། འདིར་སྤྱིར་གཞུང་མ་བྲིས་སོ། །དྷརྨ་བྷ་དྲས་མཛད་པའི་རང་བྱུང་ཡེ་ཤེས་ཆེན་པོའོ།། །།

རབ་གནས་ཀྱི་རྩ་བ།

༄༅། །རབ་གནས་ཀྱི་རྩ་བ་བཞུགས་སོ། །

༄༅། །རབ་ཏུ་གནས་པ་ལ་གཉིས་ཏེ། སྔོན་དུ་བྱ་བ་དང་། རབ་ཏུ་གནས་པ་དངོས་སོ། །སྔོན་དུ་བྱ་བ་ལ་གསུམ་སྟེ། རྟེན་སྟ་གོན་དུ་གནས་པ་དང་། མགོན་པོ་བསྡུ་བ་དང་། ཡོན་བདག་སྟ་གོན་དུ་གནས་པའོ། །རབ་ཏུ་གནས་པ་དངོས་ལ་དྲུག་སྟེ། སྦྱང་བ་དང་། བྱིན་གྱིས་བརླབས་པ་དང་། མངའ་དབུལ་བ་དང་། མཆོད་གནས་སུ་གཏད་པ་དང་། སྲུང་མ་བསྒོ་བ་དང་། བརྟན་པར་བཞུགས་སུ་གསོལ་བའོ། །དང་པོ་རྟེན་སྟ་གོན་དུ་གནས་པ་ནི་རྩ་བའི་མཆོད་པ་ཟིན་ནས་སྟ་གོན་དུ་བྱ་རྒྱུ་དེ་བྱི་དོར་བྱ་བ་དང་། རྒྱན་བཏགས་ལ་གཞག་གོ །མགོན་པོ་བསྡུ་བ་ནི། །ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་ན་ནི་བཞུགས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམ་འཇུག་པ། །དེ་བཞིན་གཟུགས་འདིར་ཁྱོད་བཞུགས་མཛོད། །འདི་རུ་རྟག་ཏུ་མགོན་པོར་ནི། །གྱུར་ནས་མེ་ཏོག་ལ་སོགས་འདི། །བྱང་ཆུབ་སེམས་ནི་འཕེལ་བའི་ཕྱིར། །ཆེ་གེའི་དོན་དུ་བཞུགས་སུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་དོར་ལ་སྔགས་འདི་བརྗོད་དོ། །ཨོཾ་ཨ་མ་སུ་ཁཱ་ཤཱ་ཡ་པ་ལི་ལི་ཏ་བི་ས་ཁ་ན་མི་ཏེ་བི་བ་ས་ན་ཙ་རི། ན་མོ་བྷ་ག་བཱན་ཛཿཧཱུཾ་བཾ་ཧོ་ཧི་ཧི་ཧི་ཧི། པྲ་ཏི་ཛ་བཛྲ་ཀུ་སུ་མ་ས་ཡན་ལ་ལི་མ་ཎ་སྭཱ་ཧཱ། །ཡོན་བདག་སྟ་གོན་དུ་གནས་པ་ནི། དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པ་ཡང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པ། །གྱུར་པར་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་ནི་མཆོག་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་གུས་པའི་མཆོག་ཡིན་ནོ། །སྦྱང་བ་ལ་ལྔ་སྟེ། ཆུ་དང་ཉུང་ཀར་གྱིས་སྦྱང་བ་དང་། འབྲུ་མར་གྱིས་སྦྱང་བ་དང་། ཤིང་ལྔའི་ཤུན་པས་སྦྱང་བ་དང་། བའི་རྣམ་ལྔའི་བུམ་ཆུས་སྦྱང་བ་དང་། རས་ཀྱིས་སྦྱང་བའོ། །ཡུངས་ཀར་ཆུའམ་མེའི་ནང་དུ་དོར་ལ་སྔགས་འདི་བརྗོད་དོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། འབྲུ་མར་དང་ཤིང་ཤུན་གྱི་སྔགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤོ་ངྷ་ནེ་སྭཱ་ཧཱ། བའི་རྣམ་ལྔས་སྦྱང་བ་ནི། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷའི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤེ་ག་ས་མ་ཡ་ཤྲེ་ཡེ་ཧཱུཾ། །སྤྱན་གྱི་སྔགས་ནི། །ཨོཾ་རུ་རུ་སྦུ་རུ་ཏིཥྠ་སིད་དྷི་ལོ་ཙ་ནེ་སརྦ་ཨརྠ་སཱ་ངྷ་ནི་སྭཱ་ཧཱ། དེ་ནས་རས་ཀྱི་སྦྱོང་ཞིང་། ཨོཾ་བཛྲ་བྷ་བ་སེ་སྭཱ་ཧཱ། ཨོཾ་བཛྲ་གན་ངྷེ་སྭཱ་ཧཱ། ཨོཾ་བཛྲ་ཨ་པ་ར་ན་བི་སུ་ཤ་ནེ་སྭཱ་ཧཱ། བྱིན་གྱིས་བརླབ་པ་ནི། གླེགས་བམ་མམ། མཆོད་རྟེན་ནམ། ཅི་རིགས་སུ་བརླབ་བོ། །དེ་ནས་མངའ་དབུལ་བ། ཅི་འབྱོར་ཚད་དུ་དབུལ་བར་བྱའོ། །དེ་ནས་མཆོད་གནས་སུ་གཏད་པ་ནི། ཁྱོད་ཀྱིས་ང་ལ་གསོལ་བཏབ་པའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་སྐད་གསུངས་བཞིན་རབ་གནས་པ། །དེ་ནི་ངས་བྱས་བྱེད་དུ་བཅུག །ཁྱོད་ཀྱིས་ཀྱང་ནི་ཀུན་རྫོགས་པས། །ཅི་བདེ་བར་ནི་མཆོད་པར་གྱིས། །སྲུང་མ་བསྒོ་བ་ནི། གང་ནི་སྐུ་གཟུགས་བསྐལ་པ་ཡི། །བསྐལ་པ་བརྒྱ་ལས་ལྷག་གནས་ཤིང་། །ས་དང་མེ་དང་ཆུ་དང་ནི། །རླུང་ལས་ལྷ་རྣམས་ཀུན་གྱིས་སྲུངས། །སློབ་དཔོན་སློབ་མར་བཅས་པ་དང་། །བུ་དང་ཚ་བོ་རྣམས་སྲུངས་ཏེ། །རབ་དགའ་ཡིད་བདེར་འགྱུར་ནས་ནི། །གནས་རབ་བཟང་པོ་དག་ཏུ་ཞུགས། །བརྟན་པར་བཞུགས་སུ་གསོལ་བ་ནི། །ཨོཾ་སུ་པྲ་ཏིཥྠ་ཏེ་བཛྲ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲི་ངྷ་ཏིཥྠ་ཞེས་བྱ་བས་རབ་ཏུ་གནས་པར་བྱའོ། །བླ་མ་རོང་པས་མཛད་དོ། །རབ་གནས་ཀྱི་རྩ་བ་ཡིན།

བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་རབ་ཏུ་གནས་པ་ཇི་ལྟར་བྱ་བའི་གཞུང་གི་བཤད་སྦྱར།

༄༅། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་རབ་ཏུ་གནས་པ་ཇི་ལྟར་བྱ་བའི་གཞུང་གི་བཤད་སྦྱར་བཞུགས་སོ། །

༄༅། །༼རབ་གནས་ཀྱི་རྒྱུད་ལས། གང་ཚེ་གཟའ་ནི་ཕན་འདོགས་དོན། །དེ་ཚེ་མར་གྱི་ངོ་ལ་བརྩམས། །ཞེས་གསུངས། མཆན། ཞེས་འདུག །༽ གང་ཞིག་བདེ་བར་གཤེགས་རྣམས་ཀྱི། །ཕྱག་རྒྱ་གང་གིས་འཇིག་རྟེན་དུ། །སྐྱེ་བོ་བྱིན་གྱིས་བརླབ་པའི་ཕྱིར། །ཆོ་ག་རྣམ་ཕྱེ་བཤད་པ་ལས། །ཕྱག་རྒྱས་ཕྱག་རྒྱ་བྱིན་བརླབས་ཏེ། །ཡུན་དུ་དགེ་ཤིས་བརྟན་འདོད་པས། །སྔགས་དང་ཕྱག་རྒྱ་ཇི་སྙེད་པས། །གང་ཞིག་བརླབ་ཀྱང་སྐྱོན་མེད་དེ། །ཇི་སྙེད་ལྷ་སྔགས་ཕྱག་རྒྱ་ཀུན། །ཆོས་ཉིད་རྣམ་གྲོལ་མཚོན་པར་གཅིག །གཞན་ཡང་ཕྱག་རྒྱ་གཅིག་པུའང་། །རྣམ་གྲོལ་མཐའ་ཡས་མཚོན་སྒོར་གྱུར། །ལས་དང་དངོས་གྲུབ་ཐམས་ཅད་པ། །དེ་ཕྱིར་ཉེས་སྐྱོན་ཡོད་མིན་ཀྱང་། །གང་ཞིག་ཉེ་བར་བསྟན་པ་རྣམས། །ཅུང་ཟད་འདི་རུ་བརྗོད་པར་བྱ། །དེ་ལ་འདི་ལྟར་སྐུ་གཟུགས་སམ་རི་མོའི་རྒྱུད་དམ། མཆོད་རྟེན་དང་གླེགས་བམ་ལྟ་བུ་ཕྱི་རོལ་གྱི་ཕྱག་རྒྱར་བསྟན་པ། བསོད་ནམས་བསགས་པ་དང་། དངོས་གྲུབ་བསྒྲུབ་པ་དང་། ལས་སྣ་ཚོགས་བསྒྲུབ་འདོད་པའི་ཕྱིར་བཞེངས་སུ་གསོལ་བ་རྣམས་ལ། ཡུན་དུ་བརྟན་ཞིང་བསམ་པ་ཇི་ལྟ་བ་བཞིན་དུ་དགེ་ཤིས་དང་ལྡན་པར་བསྒྲུབ་པར་བྱ་བའི་ཕྱིར། བྱིན་གྱིས་བརླབ་ཅིང་བཀྲ་ཤིས་བསྒྲུབ་པའི་ཆོ་ག་འཇིག་རྟེན་དུ་གྲགས་པ་དང་མཐུན་པར་བྱ་བ་ལ། འདི་སྐད་དུ་རབ་གནས་ཀྱི་ཆོ་ག་ཞེའམ། དེ་བཞིན་དུ་༼མཆོད་རྟེན་ལ། ༽མངའ་དབུལ་བ་ཞེའམ། ༼གསུང་རབ་ལ། ༽ཞལ་བསྲོ་བ་ཞེའམ། སྐུ་གཟུགས་ལྟ་བུ་ལ་སྤྱན་དབྱེ་བའི་ཆོ་ག་ཞེས་བྱ་བར་གྲགས་པ་རྣམས་ལ། རྒྱུད་རྣམས་ལས་ཉེ་བར་བསྟན་པ་ཙམ་ཉུང་ཤས་བསྡུས་པ་དེ་ལ་བྱིན་གྱིས་བརླབ་པ་དང་ཞལ་བསྲོ་བ་ཞེས་གྲགས་པ་ལ། བྱིན་གྱིས་བརླབ་པ་ཁྱད་པར་དུ་ཉེ་བར་བསྟན་པ་རྣམས་འདིར་བསྟན་པ། འདི་ལྟར་སྐུ་གཟུགས་དང་རི་མོའི་རྒྱུད་རྣམས་ལ་བྱིན་རླབས་ཉུང་ཤས་ཙམ་བྱེད་པར་འདོད་ན། སྤྱིའི་མཆོད་པ་དང་། ཇི་སྐད་དུ་བསྟན་པའི་བྱ་བ་རྣམས་བྱས་ལ། སྔགས་པ་སྐུ་གཟུགས་ཀྱི་མདུན་དུ་ཉེ་བར་འདུག་སྟེ། དང་པོར་བསྲུང་བ་ཆེན་མོ་རྣམས་ཀྱི་སྔགས་ཀྱིས་སྤྱིར་བསྲུང་བ་བྱས་པའི་རྗེས་སུ། དམ་ཚིག་གསུམ་གྱི་སྔགས་དང་ཕྱག་རྒྱས་དམ་ཚིག་ལས་མི་འདའ་བར་བྱིན་གྱིས་བརླབ་པ་དང་། དེ་ནས་ཆོས་ཀྱི་དབྱིངས་ཀྱི་སྔགས་དང་ཕྱག་རྒྱས་སྐུ་གཟུགས་དེ་ཉིད་དང་། ཆོས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་པ་དང་། དེ་ནས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་དེ་ཉིད་བསྐྱེད་དེ་བྱིན་གྱིས་བརླབ་པ་དང་། དེ་ཉིད་དུ་སྐུ་གསུང་ཐུགས་རྫོགས་ཀྱང་ལྷག་པར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། ཐུགས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས་པ་དང་། གསུང་ཡོངས་སུ་རྫོགས་ པར་བྱིན་གྱིས་བརླབ་པ་དང་། འོད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་དང་། གདན་བྱིན་གྱིས་བརླབ་པ་སྟེ། འདི་དག་ཙམ་གྱིས་ཀྱང་བྱིན་གྱིས་བརླབ་པ་རྫོགས་སུ་རུང་སྟེ། དེའི་རྗེས་ལ་བཀྲ་ཤིས་དང་མཆོད་པ་རྣམས་བྱའོ། །དེ་ལ་དང་པོར་བསྲུང་བ་ཆེན་མོས་བསྲུང་བ་ནི། འདི་ལ་རྣམ་སྣང་མངོན་བྱང་གི་ཏནྟྲ་ནས་སྔགས་དང་ཕྱག་རྒྱ་གཉིས་ཀ་འབྱུང་། སྔགས་པ་བདག་ཉིད་གོང་དུ་དཀོན་མཆོག་སྤྱིའི་མཆོད་པའི་གྲངས་སུ། རང་གི་ལྷའི་ཏིང་ངེ་འཛིན་དང་ལྡན་པ་དེ་ཉིད་ཀྱི་ཤུགས་ཀྱིས་རང་གི་ལྷར་བྱས་པས་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་བྱ་བའི་ཕྱིར། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་གུང་མོ་གཉིས་ནང་དུ་དགུག །མཐེ་བོ་གཉིས་བསྒྲེང་། མཛུབ་མོ་དང་མཐེའུ་ཆུང་ཅུང་ཟད་དགུག །སྲིན་ལག་གཉིས་བསྒྲེང་ངོ་། །༼རྟགས་འདི་ནས་འོག་གི་རྟགས་ཀྱི་བར་སྒྱུ་འཕྲུལ་དབང་བྱུང་ནས་མཚན་མར་གནང་ལ་འདིའི་ཧོར་ཁོངས་ཕྱི་མོ་གཞན་ནས་བསབ། ༽༼བསྟབ་པས་ནི། ས་བཅུ་ཀུན་ལ་དབང་བ་དང་། །ཐེག་པ་མཐའ་དག་སྟོན་པ་ཡི། །ཆོས་ཀྱི་རྒྱལ་པོ་ཆེན་པོར་ཤོག །འཁོར་ལོར་སྒྱུར་བའི་རྒྱལ་པོའི་རྐྱེན། གླང་པོ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། ༼འདི་ནས་འོག་གི་སྐར་མའི་རྒྱལ་པོ་པ་བ་སངས་ཀྱི་སྐར་མ་ཐམས་ཅད་ཅེས་པའི་བར། འདིའི་ཤོག་བུ་གཉིས་པའི་དོད་དུ། གཞན་ཅིག་འདྲེས་པར་འདུག་གོ ། ༽གླང་པོ་རིན་པོ་ཆེ་མདོག་ཐལ་དཀར་དུ་འདུག་པ། ཡན་ལག་བདུན་ཤིན་ཏུ་མཐོ་བར་གནས་པ། གསེར་གྱིས་བརྒྱན་པ། གསེར་གྱིས་དྲ་བས་བརྒྱན་པ་ནམ་མཁའ་ལ་འགྲོ་བ། ལྷ་དང་ལྷ་མ་ཡིན་དང་གཡུལ་འགྱེད་པ་ན། གཡུལ་དེ་དག་ལས་རྒྱལ་བར་ནུས་པའོ། །དེ་ལྟར་དེ་བཞིན་དུ་གླང་པོ་ཆེས་དབང་བསྐུར་བས་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས། ཐེག་པ་ཆེན་པོའི་གནས་སུ་འདེགས་པའི་སྟོབས་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །གླང་པོ་རིན་ཆེན་བསྟབས་པས་ནི། །སྟོབས་བཅུ་ཀུན་ལ་དབང་བ་དང་། །ཐེག་པ་མཐའ་དག་སྟོན་པ་དང་། །དབང་མཆོག་དམ་པ་ཐོབ་པར་ཤོག ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱན། ནོར་བུ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། ནོར་བུ་རིན་པོ་ཆེ་ཐམས་ཅད་དུ་སྔོ་བ། བཻཌཱུརྱའི་རང་བཞིན་དུ་གནས་པ། ཟུར་བརྒྱད་སུལ་གསུམ་དང་ལྡན་པ། འོད་རབ་ཏུ་འབར་བ་སྟེ། རྒྱལ་པོས་སད་པའི་ཕྱིར། མཚན་མོ་སྨག་གི་མུན་རུམ་ན། འོད་མའི་ཚལ་དུ་རྒྱལ་མཚན་གྱི་རྩེ་མོ་ལ་གཙུགས་ན། དཔག་ཚད་གཅིག་ཚུན་ཆད་དུ་ཉིན་པར་གྱི་འདུ་ཤེས་སྐྱེ་བར་གྱུར་ཏོ། །དེ་ལྟར་དེ་བཞིན་དུ་ནོར་བུ་རིན་པོ་ཆེས་དབང་བསྐུར་བས། ཕྱི་ནང་ཐམས་ཅད་གསལ་ཞིང་མུན་པ་མེད་དེ་གསལ་བཞིན་དུ་འབྱུང་བའི་ཡོན་ཏན་ལྡན་པའི་དབང་ཐོབ་པར་གྱུར་ཅིག །ནོར་བུ་རིན་ཆེན་བསྟབས་པས་ནི། འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །དཔེ་བྱད་མཚན་གྱིས་བརྒྱན་པ་ཡི། །གསེར་གྱི་སྐུ་མདོག་ཐོབ་པར་ཤོག ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྐྱེན་རྟ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། མདོག་ནམ་ནངས་པའི་མདོག་གི་ཁ་དོག་འདྲ་བ། མགོ་གནག་པ། རྔོག་མ་ལྕང་ལོར་འཁྱིལ་བ། ནམ་ཀ་ལ་འགྲོ་བ། ཏ་ལ་ཧ་ག་ཞེས་བགྱི་སྟེ། རྒྱལ་པོས་སད་པའི་ཕྱིར་ནང་པར་སྔར་རྟ་ལ་ཞོན་ཏེ། གླིང་བཞི་རྒྱ་མཚོ་དང་བཅས་པའི་མཐའ་བསྐོར་ནས། སླར་ཁྱེའུ་སུས་ཀྱི་དགའ་བ་ཉམས་སུ་མྱོང་བར་གྱུར་ཏོ། །དེ་ལྟར་དེ་བཞིན་དུ་རྟ་རིན་པོ་ཆེས་དབང་བསྐུར་བས། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཐོགས་པ་མེད་པར་སྒྲོལ་ནུས་པའི་དབང་ཐོབ་པར་གྱུར་ཅིག །རྟ་མཆོག་རིན་ཆེན་བསྟབས་པས་ནི། རྫུ་འཕྲུལ་རྐང་པའི་དབང་ཐོབ་ནས། །ཉོན་མོངས་རྒྱ་མཚོ་སྒྲོལ་བ་ཡི། །ཐར་པའི་འབྲས་བུ་ཐོབ་པར་ཤོག ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱན་བཙུན་མོ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། ཧ་ཅང་མི་རིང་ཧ་ཅང་མི་ཐུང་ལ། ཧ་ཅང་མི་སྦོམ་ཧ་ཅང་མི་འཕྲ་ཞིང་། ཧ་ཅང་མི་དཀར་ཧ་ཅང་མི་གནག་སྟེ། རན་པ་ཕུན་སུམ་ཚོགས་པ་དང་ལྡན་པ། པགས་པའི་མདོག་མེ་ཏོག་པྲི་ཡང་ཀུ་དང་འདྲ་བ། ཁ་ནས་ཨུཏྤལའི་ངད་ལྡན་པ། གྲང་བའི་དུས་རེག་ན་དྲོ་བ། ཚ་བ་ཚ་བའི་དུས་ན་རེག་ན་བསིལ་བ། ཡིད་ཀྱི་འགྱུ་ཆ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སེམས་དང་འགལ་བར་མི་བྱེད་ན། ལུས་དང་ངག་གི་ལྟ་ཅི་སྨོས་ཏེ། དེ་ནི་བུད་མེད་ཐམས་ཅད་ཀྱི་སྐྱོན་སེལ་བར་སྟེ། དཔེར་ན་སྐར་མའི་རྒྱལ་པོ་པ་བ་སངས་ཀྱི་སྐར་མ་ཐམས་ཅད། ༽བཞུགས་སུ་གསོལ་ནས། ཕྱི་ནང་གི་མཆོད་པས་མཆོད་པ་དང་། ལྷ་གང་ཡིན་པ་སོ་སོ་རང་རང་གི་༼སྐུ་གསུང་ཐུགས་དང་ཡན་ལག་ཉིང་ལག་དང་སྐྱེ་མཆེད་དང་བཅས་པ། ༽སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ་གཞག་པ་དག་ཁྱད་པར་དུ་བྱེད་དོ། །དེ་ལ་དམ་པ་ཆོས་ཀྱི་སྐུ་གཟུགས་དང་རི་མོའི་རྒྱུད་དང་། མཆོད་རྟེན་དང་། གླེགས་བམ་དང་། དྲི་གཙང་ཁང་དང་བཅས་པ་རྣམས་ཀྱང་དངོས་སུ་ན་འཕགས་པ་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་ཡིན་པས་ལྷ་རྟེན་གྱི་ཁོངས་སུ་གཏོགས་སོ། །དེ་ཡང་ཇི་ལྟ་ཞེ་ན། སངས་རྒྱས་འཇིག་རྟེན་དུ་མངོན་དུ་བྱུང་སྟེ། དམ་པ་ཆོས་ཀྱི་འཁོར་ལོ་མངོན་དུ་བསྐོར་ནས་འཕགས་པའི་དགེ་འདུན་མང་པོའང་ཞལ་བཞུགས་ཙམ་ན། མཆོད་པའི་རྟེན་གུད་དུ་བཅའ་མི་དགོས་ཏེ། འཕགས་པ་ཉིད་ལ་མཆོད་པ་ལས། དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་འཕགས་པའི་དགེ་འདུན་རྣམས་ཀྱང་མྱ་ངན་ལས་འདས་ཏེ། འཇིག་རྟེན་ན་འཕགས་པ་ཞལ་མི་བཞུགས་པའི་འོག་ཏུ་རྟེན་ལ་མཆོད་པ་བྱེད་པར་འགྱུར་ཏེ། དེ་ཡང་འདི་ལྟར་སྟོན་པ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་ཀྱི་ཤིང་དང་། རྡོ་རྗེ་གདན་ལྟ་བུ། སྟོན་པ་མྱ་ངན་ལས་འདས་ནས་སྐུ་གདུང་བརྒྱད་དུ་བགོས་ནས་མཆོད་རྟེན་བྱས་པ་རྣམས་དང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལོན་ནས་རྒྱལ་པོ་ངྷརྨཱ་ཨ་ཤོ་ཀ་ཞེས་བྱ་བ་བྱུང་བས། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་དུ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བཞེངས་སུ་གསོལ་བ་དང་། སྡེ་སྣོད་གསུམ་གྱི་ཆོས་ཀྱང་དེ་ཡན་ཆད་དུ་གང་ཟག་གི་བློ་ལ་གནས་པ་ལས། རྒྱལ་པོ་དེས་དག་ཅིང་ཡུན་དུ་བརྟན་པར་བྱ་བའི་ཕྱིར། ༼བཀའ་བསྡུས་ནས། ༽གླེགས་བམ་ལ་བཀོད་དེ་དྲི་གཙང་ཁང་དུ་བཞུགས་སུ་གསོལ་ལོ། །འདི་ནི་ཐུན་མོང་གི་མཆོད་པའི་རྟེན་ཚུལ་ལོ། །གསང་སྔགས་ཀྱི་ཚུལ་ལས། སངས་རྒྱས་སྤྱོད་ཡུལ་དུ་མི་འགྱུར་བ་རྣམས་ཀྱི་དོན་དུ་ཕྱག་རྒྱ་འཇིག་རྟེན་དུ་བཞག་སྟེ་སེམས་ཅན་གྱི་དོན་བྱེད་དོ། །དེ་ཡང་༼དག་མ་དག་གི ། ༽ཕྱག་རྒྱ་ཇི་སྙེད་པ་རྣམས་ཀྱང་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཙམ་དུ་འདུས་ཏེ། དེ་ཡང་ཕྱི་རོལ་གྱི་དབང་པོའི་སྤྱོད་ཡུལ་དུ་༼མངོན་སུམ་དུ། ༽གྱུར་པ་ལ་བྱིན་གྱིས་བརླབས་པ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། སྐུ་གཟུགས་དང་། རི་མོའི་རྒྱུད་དང་། མཆོད་རྟེན་དང་། གླེགས་བམ་ལྟ་བུ་མིག་དང་ལུས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དང་། གསང་སྔགས་ཀྱི་སྒྲ་དང་། དམ་པ་ཆོས་ཀྱི་ཡི་གེ་དང་། མིང་དང་ཚིག་ཏུ་ཕྱུང་བའི་སྒྲ་ལྟ་བུ་རྣ་བའི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་དང་། གཞན་ཡང་ཡིད་ཀྱིས་བསམ་ཤིང་དམིགས་པའི་ཕྱག་རྒྱ་ལྟ་བུས་བསྡུས་པ། ༼ལག་ན་འོད་འབར་སྣང་བ་པོ། །ཞེས་པས། ༽ཆ་ཤས་ཡོངས་སུ་རྫོགས་པའམ། མ་རྫོགས་པའམ། འདྲ་བའམ། མི་འདྲ་བའམ། མདོར་ན་བཟོ་བྱས་པ་དང་། ཚུལ་དུ་ལག་གི་འདུ་བྱེད་ཀྱིས་བཅའ་བ་དང་། བརྗོད་པ་དང་། བསམ་པས་བསྡུས་པ་ཐམས་ཅད་ཀྱང་། ལྷ་དང་སྔགས་དང་ཕྱག་རྒྱ་གསུམ་དུ་འདུས་ཏེ། འདི་གསུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་དོ། །ཇི་སྐད་དུ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ཏན་ཏྲ་ལས། འཇམ་དཔལ། གསང་སྔགས་ཀྱི་༼གཟུགས་དང་ཡི་གེ་གསུམ། ༽ཆོས་ཉིད་དེས་༼དཔེ་དོན་དམ་པའི། ༽ཆོས་ཉིད་སྟོན་ཏེ། དེས་ཚིག་གི་རྣམ་པ་བསྟན་པ་ན་བྱ་བ་ནུས་པར་འགྱུར་རོ། །འཇམ་དཔལ། བརྟེན་པའི་ཆོས་ཉིད་བྱ་བ་ནུས་པར་འགྱུར་བ་ལ་ལྟོས། དཔེར་ན་གཙུབ་སྟན་རྟེན་ནས་སུ། །གཙུབ་ཤིང་གཙུབས་པ་བྱས་པ་ཡིས། །མི་ཡིས་རྩོལ་བ་བྱས་རྒྱུ་ལས། །སྟོབས་དང་ལྡན་པའི་མེ་འབྱུང་ངོ་། །དེ་བཞིན་སྔགས་དང་ཕྱག་རྒྱ་ལྷ། །གསུམ་ནི་འདུས་པར་གྱུར་པ་ལས། །༼དོན་དམ་པའི་འབྲས་བུ། ༽ཆེན་པོ་དག་ནི་འབྱུང་འགྱུར་ཏེ། །བྱུང་ནས་ཡིད་ལ་གང་འདོད་པའི། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །ཞེས་གསུངས་པ་ལྟ་བུའི་དོན་ཡིན་ནོ། །དེ་ལྟར་དོན་བྱེད་ནུས་པའི་ཕྱག་རྒྱ་དེ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བཀོད་པའི་དུས་ན། ཡི་གེ་བཀོད་པ་ནི་གསུང་ཆོས་ཀྱི་ཕྱག་རྒྱར་བསྡུ་བར་འགྱུར་རོ། །གླེགས་བམ་དུ་བཀོད་ན་ནི་དམ་ཚིག་གི་ཕྱག་རྒྱར་བསྡུ་བར་འགྱུར་རོ། །མཆོད་རྟེན་ཡང་དམ་ཚིག་གི་ཕྱག་རྒྱའི་ཁོངས་སུ་བསྡུའོ། །སྐུ་ཡོངས་སུ་རྫོགས་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་བཞིན་དུ། སྐུ་གཟུགས་དང་རི་མོའི་རྒྱུད་ཀྱང་ཕྱག་རྒྱ་ཆེན་པོའོ། །རྡུལ་ཚོན་ལ་མ་བརྟེན་པའི་མཆོད་རྟེན་གུད་དུ་བཞེངས་པའང་། ཆོས་ཀྱི་སྐུའི་གཟུགས་བརྙན་ཏེ། ཆོས་ཀྱི་དབྱིངས་སམ། གཉིས་སུ་མེད་པའི་ཡེ་ཤེས་སམ། རྣམ་པར་གྲོལ་བའི་འབྲས་བུའམ་སྐུ་ཞེས་གྲགས་པའི་ཕྱག་རྒྱར་བསྟན་པས། སྐབས་ཁ་ཅིག་ཏུ་སངས་རྒྱས་ཀྱི་ཕོ་བྲང་དུའང་བསྟན་ཏེ། གཉིས་མེད་ཡེ་ཤེས་དེ་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་གསུང་པ་དང་དོན་འདྲ་སྟེ། ཨེ་༼ཆོས་འབྱུང་། ༽གྲུ་གསུམ་དང་། གཙུག་ཏོར་གྱི་ཕྱག་རྒྱ་དང་། མཆོད་རྟེན་རྣམས་ཐུགས་དམ་ཚིག་གི་ཕྱག་རྒྱའི་ཁོངས་སུ་བསྡུའོ། །དེ་ལས་ཁྱད་པར་དུ་མཆོད་རྟེན་དང་། གཙུག་ཏོར་གྱི་ཕྱག་རྒྱ་དང་། འཁོར་ལོ་རྣམས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱར་གསུངས་སོ། །སརྦ་བུདྡྷ་ས་མ་ཡོ་ག་ལས། ༼སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། ༽རིགས་དྲུག་གི ། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དཀྱིལ་འཁོར་དུ་འགོད་པའི་སྐབས་སུ་གསུངས་པ། ཆོས་གོས་དང་ནི་ལྷུང་བཟེད་དང་། །དེ་བཞིན་དུ་ནི་འཁར་གསིལ་དང་། །དམ་པའི་ཆོས་ཀྱི་གླེགས་བམ་དག །མཚན་མའི་ཕྱག་རྒྱ་ཚོགས་གཞན་ནོ། །ཞེས་གསུངས་པས་གླེགས་བམ་ཡང་དམ་ཚིག་གི་ཕྱག་རྒྱར་གསུངས་ལ། འཁར་གསིལ་གྱི་དོན་ཡང་ལམ་དང་འབྲས་བུ་བཅས་པའི་མཆོད་རྟེན་གྱི་དོན་དུ་གསུངས་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཁར་གསིལ་བསྣམས་ཏེ་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། འཁར་གསིལ་གྱི་དོན་དང་ཆེ་བ་བསྒྲགས་པ་ན། འདི་སྐད་དུ། གླིང་བཞི་ལེགས་པར་བརྒྱན་པའི་སྤྱི་བསྡུས་ལ། །རྣམ་གྲོལ་འབྲས་བུ་སྨིན་པའི་མཆོད་རྟེན་བཞུགས། །སྟོང་པ་མཚན་མ་མེད་པའི་སྦུ་གུ་རུ། །མི་རྟོག་དཀའ་ཐུབ་འཆང་བའི་དྲང་སྲོང་སྩལ། །ཞེས་བྱ་བ་ལ་སྩོགས་པ་གསུངས་པའི་དོན་གྱིས། མཆོད་རྟེན་ནི་རྣམ་པར་གྲོལ་བའི་སྐུའི་ཕྱག་རྒྱ་ཡིན་ལ། སྦུ་གུ་དང་དྲང་སྲོང་ནི་ལམ་དང་གང་ཟག་གི་ཕྱག་རྒྱའོ། །མདོར་ན་གླེགས་བམ་དང་མཆོད་རྟེན་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་དང་མཚན་ནོ། །དེ་བས་ན་འདི་རྣམས་བཞེངས་སུ་གསོལ་བའི་དུས་སུ། རབ་གནས་ཀྱི་ཆོ་ག་བྱ་བ་ཡང་སྤྱི་ཐུན་མོང་གི་ཆོ་ག་ནི་སྤྱི་ཉིད་ལ་ལྟོས་པར་ཟད། ཁྱད་པར་དུ་བྱིན་གྱིས་ བརླབ་པའི་ཆོ་ག་ནི། བྱ་བའི་རྒྱུད་དག་ན་ཞིབ་པ་ལས། དེ་ཡང་ཁྱད་པར་དུ་གསལ་བར་མཐོང་བ། བྱ་བའི་རྒྱུད་དུ་གཏོགས་པ་ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་འཇམ་དཔལ་གསང་བའི་རྒྱུད་ལས། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དགོས་པའི་བྱ་བ་བཞི་གསུངས་པ། རྟག་ཏུ་བདག་ཉིད་མཆོད་པའི་ཕྱིར་དང་། ལས་ཕྲ་མོ་བསྒྲུབ་པའི་ཕྱིར་དང་། དངོས་གྲུབ་ཆེན་པོ་བསྒྲུབ་པའི་ཕྱིར་དང་། སློབ་མ་གཞུག་པའི་ཕྱིར་བྲི་བར་གསུངས་པ་ལས། འདི་ལ་དཀྱིལ་འཁོར་བྱེ་བྲག་ཏུ་གྱུར་པ་མེད་དེ། ཡི་དྭགས་ཕལ་ཆེན་གྱི་དཀྱིལ་འཁོར་གྱི་ཚད་ཁྲུ་གང་བ་ནས། ཁྲུ་བརྒྱད་པའི་བར་དུ་གསུངས་པ་ལས། དེ་ལ་རྟག་ཏུ་བདག་ཉིད་མཆོད་པ་ནི་ཁྲུ་གང་བ། དངོས་གྲུབ་བསྒྲུབ་པ་ནི་ཁྲུ་བརྒྱད་པ། ལྷག་མ་ནི་ལས་ཕྲ་མོ་བསྒྲུབ་པར་གསུངས་ཏེ། སློབ་མ་གཞུག་པའང་དེ་ལས་གུད་དུ་མ་གསུངས་སོ། །དེ་བས་ན་གཞུང་ལ་ལ་ལས། དམ་ཚིག་གི་དཀྱིལ་འཁོར་དུ་སློབ་མ་གཞུག །དེ་བཞིན་དུ་ལས་ཀྱི་དཀྱིལ་འཁོར་དང་། སྒྲུབ་པའི་དཀྱིལ་འཁོར་དང་། མཆོད་པའི་དཀྱིལ་འཁོར་རྣམས། སོ་སོར་བྱ་བ་སྐད་དུ་འབྱུང་བ་ཡོད་པའང་ཡང་དག་པར་ན་དེ་ལྟར་ངེས་པ་མེད་པར་ཤེས་པར་བྱ་སྟེ། དཀྱིལ་འཁོར་གྱི་བྱ་བ་བཞི་ཐུན་མོང་དུ་འགྱུར་རོ། །གཞན་ཡང་སྐུ་གཟུགས་དང་རི་མོའི་རྒྱུད་རྣམས་དངོས་གྲུབ་བསྒྲུབ་པ་ལ་ཤས་ཆེར་གསུངས་ཀྱང་། སློབ་མ་གཞུག་པའི་བྱ་བ་ལ་ཡང་ཐུན་མོང་དུ་འབྱུང་ངོ་། །གཞན་ཡང་ལྷའི་དེ་ཁོ་ན་ཉིད་ཤེས་པ་ནི། དངོས་གྲུབ་ཀྱི་རྒྱུར་གསུངས་ཏེ། དེ་ཡང་ཕྱག་རྒྱ་ཐམས་ཅད་དང་ལྡན་པའི་ལྷའི་མཚན་ཉིད་དང་། ཡོན་ཏན་ཕྲིན་ལས་ཀྱི་ཆེ་བ་དག་དང་ལྡན་པར་ཤེས་པའོ། །༼ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ། ༽ལྷ་ཇི་ལྟ་བ་བཞིན་དུ་༼ལུས་ཡན་ལག་བྱིན་གྱིས་བརླབ་པ་དང་། ༽བདག་ལ་བྱིན་གྱིས་བརླབས་ཤིང་ཕྱག་རྒྱ་༼སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་ལ་སོགས་པའོ། །༽བཀོད་ཅིང་རྒྱས་བཏབ་པས་ནི་བདག་བྱིན་གྱིས་བརླབས་པར་འགྱུར་རོ། །བདག་ཇི་ལྟ་བ་བཞིན་དུ་རྡུལ་ཚོན་༼ས་ཡར། ༽གྱི་དཀྱིལ་འཁོར་དུ་བཀོད་པའི་ཕྱག་རྒྱ་དང་། གཞན་ཡང་སྐུ་གཟུགས་དང་རི་མོའི་རྒྱུད་རྣམས་ལ། ལྷ་སྤྱན་དྲངས་ཏེ་དེར་བཞུགས་སུ་གསོལ་ནས། མཆོད་པ་བྱས་ཏེ། དེ་ལ་ཕྱག་རྒྱ་བཀོད་ཅིང་བྱིན་གྱིས་བརླབས་པས། དམ་ཚིག་ཅན་གྱི་སྐྱེ་བོ་ལ་བསྟན་ན་དེ་དག་རིག་འཛིན་དམ་ཚིག་ཅན་དུ་བྱིན་གྱིས་རློབ་པར་འགྱུར་རོ། །ཞེས་འབྱུང་ངོ་། །མདོར་ན་ལྷ་བཞིན་དུ་བདག་བྱིན་བརླབ། བདག་བཞིན་དུ་དཀྱིལ་འཁོར་དང་སྐུ་གཟུགས་བྱིན་གྱིས་བརླབ། དེས་སྐྱེ་བོའི་ཚོགས་བྱིན་གྱིས་རློབ་པར་བྱེད་ནུས་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ད་ནི་དེ་དག་ཉིད་གང་ཟག་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར། གཞུང་གི་ཚིག་ཉིད་བསྟན་པར་བྱ་སྟེ། དེ་ཡང་༼འཇམ་དཔལ། ༽གསང་བའི་རྒྱུད་ཉིད་ལས། དང་པོ་ལྷའི་དངོས་པོར་ཤེས་པ་དངོས་གྲུབ་ཀྱི་རྒྱུར་བསྟན་པའི་སྐབས་ནས། ས་བོན་ཁྲོ་བོའི་གཟུགས་ཡིན་ཏེ། །དེ་ཉིད་ཕལ་ཆེར་རབ་ཏུ་གྲགས། །༼ཁྲོ་བོའི་རང་བཞིན། ༽གཅིག་པུ་མཚོན་ཆ་དུ་མའི་མཆོག །རྟག་ཏུ་མཚོན་ཆ་འབར་བར་བྱེད། །ཅེས་བྱ་བ་ནས། འདི་ནི་ཁྲོ་བོའི་ཞལ་༼དངོས་དང་འདྲ་བའི་དོན། ༽ཡིན་གསུངས། །འདི་ནི་ཐོག་མ་ཉིད་ཀྱི་གཟུགས། །དེའི་མཐུ་ཡང་ཅི་འདྲ་བ། །ཚུལ་བཞིན་དུ་ནི་འདིར་བཤད་དོ། །ཞེས་གསུངས་ནས། དེ་ནས་མཐུའི་ཆེ་བ་དང་མཚན་ཉིད་དག་ཀྱང་བཤད་ནས། དེ་ལྟར་ཁྲོ་བོའི་རྒྱལ་པོའི་གཟུགས། །ས་བོན་ཞེས་སུ་བྱ་བ་ཡི། །སྔགས་ཀྱི་དངོས་པོ་ཤེས་ནས་ནི། །༼ལྷ་དང་དངོས་གྲུབ་ལ་སོགས་པ་སྔགས་སུ་གསུངས་པ། གསང་འདུས་ལས། དེ་བཞིན་སྔགས་རྣམས་ཐམས་ཅད་ལ། །རྨད་དུ་བྱུང་བའི་གཏོར་མ་འབུལ། །ཞེས་སོ། །ལྷ་སྔགས་སུ་བཤད། ༽སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། འདིའི་དོན་ནི་བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་པོའི་ཡེ་ཤེས་ཆེན་པོ་ཉིད་ས་བོན་གྱི་ཡི་གེར་གྱུར་པ་ཡིན་པས། དེ་བས་ན་ས་བོན་གྱི་ཡི་གེ་ནི་ཁྲོ་བོ་ཆེན་པོའི་སྐུ་ཉིད་ཡིན། མཚོན་ཆ་མ་ལུས་པ་ཡིན། ཁྲོ་བོའི་ཞལ་ཉིད་ཡིན་པས། མདོར་ན་དེ་བཞིན་གཤེགས་པ་ཉིད་ཡིན་པས། དེའི་ཕྱིར་ས་བོན་གྱིས་སྐུ་བསྐྱེད་པ་དང་། སྙིང་པོ་ལ་སོགས་པའི་ཡན་ལག་ལྔ་བྱིན་གྱིས་བརླབ་པ་བྱས་ན། དེ་བཞིན་གཤེགས་པ་ཉིད་དུ་བྱིན་གྱིས་རློབ་པར་ནུས་པས། ས་བོན་ལས་བསྒྲུབས་པའི་སྐུ་ལ་ས་བོན་བཀོད་པའི་ཚུལ་འདི་ནི་གསང་སྔགས་ཀྱི་ལྷའི་དངོས་པོ་ཤེས་པ་ཡིན་པས་དངོས་གྲུབ་ཀྱི་རྒྱུར་གསུངས་པའོ། །དེ་ནས་ལྷ་བཞིན་དུ་བདག་བྱིན་གྱིས་བརླབས་ཏེ། གཟུགས་བརྙན་ལ་སོགས་པ་ལ་ལྷ་སྤྱན་དྲངས་ནས་མཆོད་པ་བྱ་བར་གསུངས་པ། འདི་སྐད་དུ། ༼གསང་རྒྱུད་ལས། ༽ས་བོན་བཀོད་པའི་ཚུལ་བཞིན་དུ། །བདག་གི་ལུས་ལ་སྦྱར་བར་བྱ། །གཟུགས་ལ་གཟུགས་ནི་བཞག་ནས་སུ། །མཚོན་ཆ་དེ་ཉིད་ལག་ན་ཐོགས། །ས་བོན་རྣམས་ཀྱང་ཁར་བཞག་སྟེ། །རྐང་པ་གཉིས་ཀྱང་ཚམ་ངམ་བྱ། །དེ་ནས་ཀུན་ཏུ་ཁྲོས་ནས་སུ། །རང་གི་ས་བོན་དགོད་པར་བྱ། །ཐོག་མར་བདག་ལ་མ་ཡེངས་པར། །བསྲུང་བ་དེ་ལྟར་བྱས་ནས་སུ། །དཀྱིལ་འཁོར་དུ་ནི་སྤྱན་དྲངས་ཏེ། །དེ་ནས་མདུན་དུ་མཆོད་པར་བྱ། །ཞེས་གསུངས་པ་ཉིད་ཀྱིས་བསྟན་ཏོ། །དེ་ནས་བདག་ལ་ས་བོན་བཀོད་པ་བཞིན་དུ་མདུན་དུ། མཆོད་པའི་ལྷ་རྡུལ་ཚོན་ཡིན་ཡང་རུང་། སྐུ་གཟུགས་སམ་རི་མོ་ཡིན་ཡང་རུང་སྟེ། མདུན་དུ་མཆོད་པའི་ལྷ་དེ་ལ་ཡང་ས་བོན་ཡན་ལག་ལྔ་པ་བཀོད་དེ། དེ་དམ་ཚིག་ཅན་གྱི་སྐྱེ་བོ་ལ་བསྟན་པས་དེ་དག་རིག་འཛིན་དམ་ཚིག་ཅན་དུ་བྱིན་གྱིས་རློབ་པར་འགྱུར་བར་གསུངས་པ་ཡང་། ཇི་སྐད་དུ། དེར་ནི་མཆོད་པ་བྱས་ནས་ཀྱང་། །དཀྱིལ་འཁོར་དག་གམ་རི་མོ་ལ། །རང་གི་ཡན་ལག་དགོད་པ་དང་། །དམ་ཚིག་ཅན་ལ་བསྟན་ན་ནི། །རིག་འཛིན་དམ་ཚིག་ཅན་དུ་འགྱུར། །ཞེས་གསུངས་སོ། །དེ་བས་ན་འབྲེལ་བ་གསུམ་པོ་འདི་ཚུལ་མཐུན་པ་ལ་ཐེ་ཚོམ་བཟར་མི་རུང་ངོ་། །འབྲེལ་བ་གསུམ་མདོར་བསྡུས་ན། ཡེ་ཤེས་ཀྱི་ལྷ་གདུལ་བྱ་རྣམས་ལ་སྣང་བ་བཞིན་དུ་བདག་བྱིན་གྱིས་བརླབ། བདག་བྱིན་གྱིས་བརླབས་པ་བཞིན་དུ་དཀྱིལ་འཁོར་དང་སྐུ་གཟུགས་ལ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བའི་ལྷ་ལ་བྱིན་གྱིས་བརླབས་ཏེ། ༼དེས། ༽ སྐྱེ་བོ་བྱིན་གྱིས་རློབ་ནུས་པར་བྱའོ། །ཞེས་བྱ་བ་འདི་གཞུང་ལས་མངོན་དུ་༼གོང་དུ། ༽བསྟན་པས། ཐེ་ཚོམ་གྱི་གནས་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་འབྲེལ་པ་གསུམ། མཐུན་པར་བྱ་བར་ལུང་བསྟན་ནས། ད་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པར་བྱ་སྟེ། ༼གསང་རྒྱུད་ལས། ༽རྒྱུད་དེ་ཉིད་ལས། ༼འདི་ལས་ཀྱི་སེམས་དཔའ་བསྐྱེད་པ། ༽ཐོག་མའི་ཁྲོ་བོའི་རྒྱལ་པོ་ཡིས། །ཁྲུས་ཀྱི་ཆོ་ག་ཉིན་རེ་བྱ། །དེ་ནས་ཁྲོ་བོ་བསྐུལ་བ་ཡི། །བསྲུང་བ་རང་གི་ལུས་ལ་བྱ། །༼རང་གི་ཁྱད་པར་གྱི་ལས། ༽ བམ་གྱི་ས་བོན་ལས་བྱུང་༼འདི་དམ་ཚིག་སེམས་དཔའ་སྐྱེད་པའི་ཚུལ་༽པའི། །ཡིད་ཀྱི་པདྨའི་སྟན་ལ་འདུག །བདག་ཉིད་དེའི་སྟེང་དུ་ཡང་། །ས་བོན་ཧཱུྃ་ལས་བསྒྱུར་བའི་སྐུ། །བརྟག་པར་བྱ་སྟེ་བརྟགས་ནས་ཀྱང་། །༼ལུས་བྱིན་གྱིས་བརླབ་པ། ༽བདག་གི་སྤྱི་བོར་ཡི་གེ་ཨོཾ། མིག་གཉིས་སུ་ནི་ཡི་གེ་ཨས། །བསྲུང་བར་བྱས་ཏེ་དེ་ནས་ཡང་། །༼ཨ་ཀྲོ། ༽སྔགས་ནི་ཡི་གེ་བཅུ་བདུན་པོ། །བཟླས་ཤིང་དེ་བཞིན་ཤེས་དྲན་ནས། །རང་གི་ལུས་ལ་སྔགས་བཞག་པ། །སྙིང་ཁར་ཡི་གེ་ཧཱུྃ་གཞག་བྱ། །དེ་ནས་ཁྲོ་བོའི་མཚོག་མ་ཡིས། །བདག་གི་༼ཁྲོ་བོ། ༽མཚོག་མར་རེག་པར་བྱ། །ཁྲོ་བོའི་གཙོ་བོའི་སྤྱི་གཙུག་ཀྱང་། །ཕྱིས་ནི་གཙུག་ཏུ་གཞག་པར་བྱ། །དེ་ནས་ལུས་ལ་གོ་ཆ་ཡང་། །སྔགས་པས་ཆོ་ག་བཞིན་དུ་བྱ། །དེ་ནས་བདག་གི་ལག་གཉིས་ལ། །བློ་དང་ལྡན་པས་མཚོན་ཆ་དགོད། །༼ང་རྒྱལ་དང་། ༽ རང་གི་དམ་ཚིག་ལྡན་པའི་༼ཕྱག༽རྒྱ། །༼འདི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ། ༽ མཁས་པས་ཆོ་ག་བཞིན་བཅིངས་ནས། །ཁྲོ་བོ་མཆོད་ལ་འཇུག་པར་བྱ། །ཞེས་གསུངས་སོ། །དེ་ལྟར་བྱིན་གྱིས་བརླབས་པའི་མཆོད་པའི་གནས་ཀྱང་། དཀྱིལ་འཁོར་དང་། སྐུ་གཟུགས་དང་། རི་མོ་རྣམས་ཐུན་མོང་ཡིན་པར་གསུངས་ཏེ། འདི་སྐད་དུ། ༼ཡང་དེ་ཉིད་ལས། ༽ ཁྲོ་བོའི་མཆོད་པ་བཤད་པ་ནི། །འདོད་པ་ཐམས་ཅད་སྟེར་བ་སྟེ། །ཡི་དྭགས་ཕལ་ཆེན་དཀྱིལ་འཁོར་དང་། །གཞན་ཡང་རྟག་པར་སྐུ་གཟུགས་དང་། །ཇི་སྲིད་བསྟན་པའི་རི་མོ་ལ། །ཡིད་ཀྱིས་མཆོད་པ་བྱ་བར་བསྒྲགས། །ཞེས་གསུངས་པའོ། །མཆོད་པའི་གནས་དེ་དག་ཀྱང་གང་ཡང་རུང་བ་གཅིག་ལ་མཆོད་པ་ལས། ཀུན་ཚང་བར་མཆོད་དགོས་པར་ངེས་པ་མེད་དེ། འདི་སྐད་དུ། ༼ཡང་དེ་ཉིད་ལས། རྫས་བསྟན་པ། ༽ ལྷ་ཡི་མེ་ཏོག་དྲི་ཞིམ་དང་། །བིལ་པའི་ལོ་མ་བཟང་པོ་དང་། །སྤོས་ཆུ་དག་གི་ས་ལའམ། །ཡང་ན་སྐུ་གཟུགས་དག་ལ་མཆོད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྷན་དུ་མཆོད་ཀྱང་རུང་སྟེ། འདི་སྐད་དུ། ཡང་ན་ཕྱག་རྒྱའི་དཀྱིལ་འཁོར་དུ། །རི་མོ་བཀྲམ་ནས་མཆོད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །འདི་དག་གིས་ནི་བདག་བྱིན་གྱིས་བརླབ་པའི་ཚུལ་དང་། དཀྱིལ་འཁོར་དང་སྐུ་གཟུགས་དང་རི་མོ་རྣམས་ལ་མཆོད་པའི་བྱེ་བྲག་མེད་པར་བྱ་བ་གྲུབ་བོ། །ད་ནི་དེ་རྣམས་སུ་མཆོད་པའི་ལྷ་ལ་མཆོད་པའི་དུས་སུ། བདག་དང་༼ཏིང་འཛིན་གྱི་དཀྱིལ་འཁོར་དང་། ༽མཐུན་པར་༼དེས། ༽བྱིན་གྱིས་བརླབ་པ་ཇི་ལྟར་བྱ་བའི་ཁུངས་བསྟན་པར་བྱ་སྟེ། དེ་ཡང་དང་པོར་སྤྱན་དྲངས་པའི་ལྷའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ལེགས་པར་བསམ་ནས། སྤྱན་དྲངས་ཏེ། བཞུགས་སུ་གསོལ་ནས། དང་པོར་ཡོན་ཆབ་ཕུལ། དེའི་འོག་ཏུ་དྲི་ཆབ་ཕུལ། དེའི་འོག་ཏུ་ལྷ་བཤོས་དབུལ། དེའི་འོག་ཏུ་མེ་ཏོག་འཕྲེང་བ་ཕུལ་ནས། སྐབས་དེར་ལྷ་དེ་བདག་བཞིན་ཏུ་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཡང་ཡན་ལག་ལྔ་པའི་གསང་སྔགས་མེ་ཏོག་ལ་བསྔགས་ཤིང་། ཡིད་ཀྱིས་ལྷའི་གནས་སུ་བཞག་པའི་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ནས་བདུག་པ་དབུལ། དེ་ལ་ཕྱོགས་བརྒྱད་དུ་༼ཕྱིར་མི་ལྡོག་པའི་ཕྱིར། ༽མར་མེ་བསྟམ། དེ་ནས་ཁྲོ་བོ་ལ་འབྱུང་པོའི་གཏོར་མ་དབུལ། དེ་ནས་ཕྱི་རོལ་དུ་ཕྱུང་སྟེ་སྨེ་གཏོར་རྣམས་བྱིན་ནས། དེའི་རྗེས་སུ་སློབ་མ་གཞུག་པ་ལ་སོགས་པ་དཀྱིལ་འཁོར་བྱ་བ་བཞི་པོ་གང་ཡང་རུང་བ་ལ་སྦྱར་བར་བྱའོ། །ཞེས་ཤེས་པར་བྱའོ། །དེ་ཡང་འདི་སྐད་དུ། ༼རྒྱུད་དེ་ཉིད་ལས། ༽ དེ་ལྟར་ཆོ་ག་བཞིན་བསམ་ནས། །འཇུག་ཏུ་ཁྲོ་བོ་གཤིན་རྗེ་གཤེད། །སྔགས་བརྗོད་༼ཨོཾ་ཡ་མཱནྟ་ཀ་ཧཱུཾ༴༴ཅེས་པ། ༽པས་ནི་སྤྱན་དྲངས་ནས། །རང་གི་སྙིང་པོས་བཞུགས་སུ་གསོལ། །༼སྐུའི་ཚུལ་ནི། ༽ ཁྲོ་བོ་འཁྲུགས་པ་འཇིགས་མཛད་པ། །གཟི་བརྗིད་འཕགས་པ་བསམ་པ་ནི། །ཞེས་ཁྲོ་བོའི་ཚུལ་དང་མཚན་ཉིད་བསྟན་ནས། དེ་ལྟར་བསམ་ནས་ལེགས་པར་ནི། །སྙིང་པོས་སྤྱན་དྲངས་ཡོན་ཆབ་དབུལ། །ཡོན་ཆབ་ཆོ་ག་བཞིན་ཕུལ་ནས། །ཡི་དྭགས་ཀྱི་ནི་སྤྱི་བོར་ཡང་། །༼ཕྱག་རྒྱ། ༽མེ་ཏོག་དམར་པོ་གཞག་པར་བྱ། །དེ་ནས་ཙནྡན་དམར་དབུལ་བ། །བློ་ལྡན་གྱིས་ནི་ཁྲོ་བོ་ལའོ། །དྲི་ཡི་འོག་ཏུ་ལྷ་བཤོས་དག །ཙན་དན་གྱིས་ནི་གཏོར་བའོ། །མེ་ཏོག་དག་གི་ཕྲེང་བ་ཡང་། །མེ་ཏོག་སྔགས་ཀྱིས་དབུལ་བར་བྱ། །མེ་ཏོག་ཆོ་ག་བཞིན་ཕུལ་ནས། །དེ་ལྟར་སྙིང་པོའི་སྔགས་ཀྱིས་ཀྱང་། །ཁྲོ་བོ་གཙོ་བོའི་སྙིང་ག་དང་། །ཁྲོ་བོ་ཡི་ནི་སྤྱི་བོར་ཡང་། །སྙིང་པོ་རྣམ་པར་དགོད་པར་བྱ། །མཚོག་མ་དེའི་མཚོག་མ་དང་། །དེའི་གཙུག་ཏུ་སྤྱི་གཙུག་བཞག །དེའི་ལུས་ལ་གོ་ཆ་དང་། །མཚོན་ཆའི་གནས་སུ་མཚོན་ཆའོ། །མེ་ཏོག་ཡིད་ཀྱིས་གཞག་པ་ནི། །ཇི་ལྟར་གསུང་བ་བཞིན་ཏུ་བྱ། །དེ་ལྟར་མཆོད་ནས་བདུག་པ་ནི། །སྔགས་ཀྱིས་བཏབ་སྟེ་དེ་ལ་དབུལ། །དེ་ནས་མེ་མར་རབ་འབར་བ། །ཕྱོགས་བརྒྱད་དུ་ཡང་དགོད་པར་བྱ། །འབྱུང་པོའི་གཏོར་མ་ཁྲོ་བོ་ལ། །ཕུལ་ནས་ཡི་དྭགས་ཕལ་ཆེན་གྱི། །ཕྱི་རོལ་དུ་ནི་མཁས་པ་ཡིས། །སྨེ་གཏོར་རྣམས་ནི་སྦྱིན་པར་བྱ། །ཞེས་གསུངས་སོ། །མཆོད་པའི་རིམ་པ་འདི་ལྟ་བུ་ནི་ཡོན་ཆབ་དང་པོར་དབུལ་བ་ངེས་པ་ཙམ་ལས་རིམ་པ་གཞན་ལྷག་པར་ངེས་པ་མེད་དེ། རེ་ཤིག་འདིར་ཇི་ལྟར་གསུངས་པ་བཞིན་དུ་བསྟན་པར་ཟད་དོ། །དེ་ལྟར་བྱིན་གྱིས་བརླབ་པའི་རིམ་པ་འདི་ཡང་། རྡུལ་ཚོན་དང་སྐུ་གཟུགས་ཀྱི་ཁྱད་པར་ནི། ལྷ་གཤེགས་སུ་གསོལ་མི་གསོལ་གྱི་བྱེ་བྲག་དང་། རྣལ་འབྱོར་གྱི་རྒྱུད་ལས་ཕྱག་རྒྱ་དགྲོལ་བའི་སྐབས་དག་ལས། ཕྱག་རྒྱ་རང་གི་གནས་སུ་དགྲོལ། །ཞེས་བསྟན་པའི་ཤུགས་དང་སྐུ་གཟུགས་དང་མཆོད་རྟེན་དང་གླེགས་བམ་ལྟ་བུ་དམིགས་པས་ཡུན་རིང་དུ་བརྟན་པར་བཞུགས་པར་བྱིན་གྱིས་བརླབ་པ་རྣམས་ལ། རབ་གནས་ཀྱི་ཆོ་གའི་དུས་སུ་ལྷ་སླར་གཤེགས་སུ་མི་གསོལ་ཞིང་། ཕྱག་རྒྱ་མི་དགྲོལ་ཞེས་གྲགས་པ་དང་སྦྱར་ན། སྐུ་གཟུགས་དང་རི་མོའི་རྒྱུད་ལ་ནི་༼ཆ་ཤས་ཙམ་མ་ཡིན་ཏེ། ༽ཡོངས་སུ་རྫོགས་པའི་ལྷ་ཉིད་ཡིན་པས། ཕྱག་རྒྱ་དགྲོལ་བ་ཅུང་ཟད་ཀྱང་མི་དགོས་པར་རིགས་སོ། །མཆོད་རྟེན་དང་གླེགས་བམ་ལ་ནི། སྤྱན་དྲངས་ཞིང་བྱིན་གྱིས་བརླབ་པའི་དུས་སུ། ༼སྐབས་དེར། ༽ཆ་ཤས་ཡོངས་སུ་རྫོགས་པའི་ལྷར་བྱིན་གྱིས་བརླབས་ཀྱང་། ཕྱག་རྒྱ་དགྲོལ་བའི་སྐབས་སུ་ཡོངས་སུ་རྫོགས་པའི་ཕྱག་རྒྱ་ཆེན་པོ་ཉིད་དམ་ཚིག་གི་ཕྱག་རྒྱར་བསྡུས་ལ། དེ་ནས་མི་དགྲོལ་བར་བརྟན་པར་བཞུགས་པར་རིགས་སོ། །སློབ་དཔོན་ལ་ལ་དག་ན་རེ། བདག་གི་མདུན་དུ་བྱིན་གྱིས་བརླབས་པའི་ལྷའི་ཕྱག་རྒྱ་དགྲོལ་བ་མ་བྱས་ན། བདག་ཉིད་བྱིན་གྱིས་བརླབས་པའི་ཕྱག་རྒྱ་ཡང་དགྲོལ་དུ་མི་རུང་སྟེ། སྔགས་པ་ལྕགས་སུ་བཅུག་པ་ཡིན་ནོ། །ཞེས་སྔོན་ཐོས་ན། འདི་ལྟ་བུ་ནི་གཞུང་ནས་ཀྱང་མ་མཐོང་། ༼དེ་ལྟར་ཡིན་ན་སྔགས་པ་ཉིད་དེར་ལྷའི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་གྱིས་སྣང་བ་ཡིན་ན། ཐམས་ཅད་དུའང་མིན་ཕྱག་རྒྱ་དེ་ཉིད་ནི་ལྷ་དང་མི་གཉིས་དང་སྐབས་ཐམས་ཅད་ལྷ་ལྟར་སྣང་བ་དང་འགལ་ལོ། །༽རིགས་པས་ཀྱང་མ་དམིགས་སོ། །ཡང་ལ་ལ་ན་རེ། དང་པོ་སངས་རྒྱས་ཀྱི་སྐུར་བསྐྱེད་ལ། མཆོད་པ་རྫོགས་ནས་སངས་རྒྱས་རྣམས་འོད་དུ་ཞུ་སྟེ། གླེགས་བམ་ལ་སོགས་པར་གྱུར་པར་བྱའོ། །ཞེས་ཐོས་ན། འདི་ལྟ་བུ་ནི་རྒྱུད་ནས་ལུང་བསྟན་པ་ཡང་མ་མཐོང་ལ། །རིགས་པས་འགལ་བ་ཡང་མ་མཐོང་ངོ་། །ཡང་ལ་ལ་དག་ན་རེ། སློབ་མ་དབང་བསྐུར་བའི་ཆོ་ག་དང་འདྲའོ། །ཞེས་ཐོས་ན། འདི་ལྟ་བུ་ནི་རྒྱུད་ནས་ལུང་བསྟན་པ་ཡང་མ་མཐོང་ལ། །རིགས་པས་འཐད་པ་ཡང་མ་མཐོང་སྟེ། འདི་ལྟར་སློབ་མ་ལ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སྡོམ་པ་བཟུང་བ་ནས་བརྩམས་ནས། ཐ་མ་སངས་རྒྱས་ཀྱི་ས་ལ་ལུང་བསྟན་ཅིང་འབྲས་བུའི་ཆོས་ཀྱི་གོ་འཕང་སྦྱིན་པའི་བར་དུ། གོ་འཕང་གི་ཆོས་རྒྱུད་ལ་བསྐྱེད་ཅིང་སྦྱིན་པ། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ཁོངས་སུ་གཏོགས་པ་ཡིན་ལ། སློབ་མས་ཐོབ་པའང་བཀའ་ཐོབ་པའི་མཚན་ཉིད་ཡིན་ནོ། །སྐུ་གཟུགས་བྱིན་གྱིས་བརླབ་པ་འདི་ནི། ཡེ་ཤེས་ཀྱི་ལྷ་རྣམས་འགྲོ་བའི་དོན་དུ་འཕྲུལ་པ་སྟོན་པས་ན། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འཇིག་རྟེན་དུ་བཞག་པ་རྣམས་ལས། ཕྱག་རྒྱའི་གཟུགས་སུ་བྱས་པ་ལ། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་མཆོད་པའི་སྒོ་ནས། །ཕྱག་རྒྱ་ལ་ཕྱག་རྒྱའི་མནན་ཏེ་བྱིན་གྱིས་བརླབ་པ་ཙམ་དུ་ཟད་པས། འདི་གཉིས་མཐུན་པའི་རིགས་པའང་མ་མཐོང་ངོ་། །སྐུ་གཟུགས་དང་རི་མོར་བྲིས་པ་དག་ལ། ལྷ་གང་ཡིན་པའི་རང་རང་གི་ས་བོན་ལས། རང་རང་གི་སྐུར་བསྐྱེད་ཅིང་དམིགས་ཏེ་བཟླས་བརྗོད་བྱས་པས། སངས་རྒྱས་ཀྱི་གོ་འཕང་གི་བར་དུ་ཐོབ་པར་འགྱུར་བ་ནི། རྒྱུད་ལས་གསུངས་ཏེ། འདི་ལྟར་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་ལས། འདི་སྐད་དུ། ལག་ན་རྡོ་རྗེ། རས་སམ་རྩིག་པ་ལ་སོགས་པ་ལ། དམིགས་པ་གང་གིས་གསང་སྔགས་འཆང་རྣམས་ཀྱི་ཡེ་ཤེས་རྫོགས་པར་འགྱུར་ཞིང་། ཡེ་ཤེས་རྫོགས་པས་སངས་རྒྱས་ཉིད་བདེ་བླག་ཏུ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་པའི་གསང་སྔགས་ཀྱི་ཚོགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གསང་ཆེན་བཤད་པར་བྱ་བ་ཉོན་ཅིག །ཨོཾ་གྱི་ཡེ་ཤེས་ཀྱིས་བསྒྲུབས་པ། །རྒྱལ་ཆེན་རྣམ་པར་སྣང་མཛད་ནི། །ཤེས་རབ་ཡེ་ཤེས་རབ་རྒྱས་པ། །ཞེས་བྱ་བ་ལ་སོགས་སྐུའི་མཚན་ཉིད་གསུངས་ནས། ནང་གི་གསང་སྔགས་བཟླས་བརྗོད་ཅིང་། །དེ་ཉིད་སྤྱོད་ཡུལ་བསྒོམ་པར་གྱིས། །ཞེས་བྱ་བ་ལ་སོགས་པ་ལྷ་ཐམས་ཅད་སྙིང་པོ་ལས་སྐུར་བསྐྱེད་ཅིང་བསྒོམ་པ་དང་བཟླས་པ་གསུངས་པས། འདི་ལྟ་བུ་ནི་ལུང་གིས་འགྲུབ་པའི་ཕྱིར། འདི་ལྟར་བྱེད་འདོད་ན་ཡང་དེ་བཞིན་དུ་བསྒྲུབ་པར་བྱའོ། །མདོར་ན་སྐུ་གཟུགས་དང་གླེགས་བམ་དང་མཆོད་རྟེན་རྣམས་ཀྱི་ཐ་མལ་པའི་གཟུགས་ཉིད་ལ། ཡི་གེ་ལ་སོགས་པའི་ལྷས་བྱིན་གྱིས་བརླབས་ཏེ། མཆོད་པ་དང་། གཞི་དེ་ལས་ས་བོན་༼ཨོཾ་དང་ཧཱུཾ་ལ་སོགས་པ། ༽ལས་སྐུར་བསྐྱེད་དེ་མཆོད་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངང་ལས་སྐད་ཅིག་གཅིག་༼ཆུ་དང་པ་ལ་ཉི་ཟླའི་གཟུགས་བརྙན་མ་བརྩལ་བར་སྣང་བ། ༽ཙམ་གྱིས་སྐུར་བསྐྱེད་དེ་མཆོད་པ་རྣམས་ནི། སྒྱུ་འཕྲུལ་དྲ་བའི་རྒྱུད་ཉིད་ཀྱི་གཞུང་ཉིད་དང་སྦྱར་ན་ལྷའི་རྣལ་འབྱོར་རྣམ་པ་གསུམ་གསུངས་པས། དེའི་དབང་གིས་སྐུ་གཟུགས་ལ་སོགས་པ་ལ་ཡང་ཚུལ་རྣམ་པ་གསུམ་གང་ཡང་རུང་བ་ལ་སྦྱར་ཡང་འགལ་བ་མེད་པར་རིགས་སོ། །ལུང་གིས་ཀྱང་སྔར་བསྟན་པ་བཞིན་དུ་གྲུབ་བོ། །དེ་ལ་རྣལ་འབྱོར་རྣམ་པ་གསུམ་ནི། འདི་སྐད་དུ། ༼སྒྱུ་འཕྲུལ་དྲྭ་བ་ལས། ༽རྣལ་འབྱོར་རྣམ་གསུམ་ཞེས་བྱ་སྟེ། །བྱིན་གྱིས་བརླབ་དང་ཡོངས་བརྟགས་དང་། །གཟུགས་ཉིད་རྫོགས་པར་གྱུར་པ་ནི། །རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུངས། །ཞེས་གསུངས་པའོ། །དེ་ཉིད་ཇི་ལྟར་ཡིན་པར་བསྟན་པ་ནི། འདི་སྐད་དུ། ༼དེ་ཉིད་ལས། ༽སྔགས་ཀྱི་བྱིན་རླབས་ཡ་མཚན་བསྐྱེད། །རྣལ་འབྱོར་བྱིན་བརླབ་ཡིན་པར་གསུངས། །བྱང་ཆུབ་སེམས་ནི་དག་པ་དང་། །གསང་སྔགས་ས་བོན་སྐྱེ་བ་ཆེ། །ཕྱག་རྒྱའི་ཚོགས་སུ་བརྟགས་པ་ཡིས། །༼ཆོ་ག་རིམ་གྱིས་བསྐྱེད་པ། ༽རིམ་གྱིས་གཟུགས་ནི་རྫོགས་བྱས་པ། །དེ་ནི་བརྟགས་པར་བརྗོད་པ་སྟེ། །རྣལ་འབྱོར་ཆོ་ག་༼ཏིང་ངེ་འཛིན་གྱི་དཀྱིལ་འཁོར། ༽ཡིན་པར་གསུངས། །བསྡུ་དང་སྤྲོ་བར་བྱས་པ་ལས། །༼ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཚུལ་ཇི་ལྟ་བ་བཞིན་རང་བཞིན་དཀྱིལ་འཁོར། ༽རྣམ་པའི་མཆོག་ཀུན་ལྡན་པ་དག །༼རིག་པ། ༽སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ། །༼རང་བཞིན་གྱི་དཀྱིལ་འཁོར། ༽རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་གསུངས་པ་ཡིན་ནོ། །རྣལ་འབྱོར་འདི་གསུམ་གྱི་གཞིར་གྱུར་པ་བདག་གི་དེ་ཁོ་ན་ཉིད་གཞི་ཡི་གཞུང་གང་དང་མཐུན་པ་ཡིན་ཞེ་ན། འདི་ལྟར་དང་པོར་ཕྱི་རོལ་གྱི་དོན་ཡོད་པར་༼ཉན་ཐོས་པའི་གཞུང་། ༽སྨྲ་བའི་ཚུལ་དང་། གཉིས་པ་༼ནང་སེམས་སུ་འདོད་པ་སེམས་ཙམ། ༽རྣལ་འབྱོར་སྤྱོད་པ་བའི་ཚུལ་དང་། །གསུམ་པ་༼དོན་སེམས་གཉིས་མེད་དུ་འདོད་པ། ༽དབུ་མའི་ཚུལ་ཏེ། འདི་གསུམ་གྱི་ཚུལ་དང་མཐུན་པར་བདག་གི་དེ་ཁོ་ན་ཉིད་གཞིར་བྱས་ཏེ། ལྷའི་རྣལ་འབྱོར་བསྒོམ་པར་གསུངས་པ་ཡིན་ནོ། །དེ་ཉིད་གསུངས་པ། ༼ཡང་དེ་ཉིད་ལས། ༽དང་པོ་དམ་ཚིག་བྱིན་བརླབ་པ། །རྣལ་འབྱོར་སྤྱོད་པ་དག་གིས་བརྟགས། །དབུ་མ་རྫོགས་པར་བྱ་བ་དག །འདི་ནི་རྣལ་འབྱོར་ཆོ་གར་བཤད། ཅེས་གསུངས་པ་སྟེ། དེ་ལ་དམ་ཚིག་ཅེས་བྱ་ནི། ས་མ་ཡ་ཞེས་བྱ་བའི་སྒྲ་ཚུལ་ཁྲིམས་དང་སྡོམ་པ་ལ་༼མི་༽འཇུག་ཅིང་། སྤྱིའི་གཞུང་ལ་འཇུག་པའི་དུས་སུ་གཞུང་ལུགས་ཞེས་མིང་གདགས་སོ། །ཞེས་སྔོན་གྱི་སྒྲ་བསྒྱུར་གྱི་སྐད་ཀྱི་དཀར་ཆག་ལས་འབྱུང་བས། དེ་དག་དང་མཐུན་པར་ཚིག་འདི་དག་བོད་ཀྱི་སྐད་དང་མཐུན་པར་གོ་བདེ་བར་སྦྱར་ན། ཚིག་འདི་སྐད་དུ། བྱིན་བརླབས་གཞུང་ལུགས་དང་པོ་སྟེ། །བརྟགས་པ་རྣལ་འབྱོར་སྤྱོད་པ་ཡི། །དབུ་མ་རྫོགས་པར་བྱ་བ་དག །འདི་ནི་རྣལ་འབྱོར་ཆོ་གར་བཤད། ཅེས་ཚིག་རྣམ་པར་སྦྱར་ན། དོན་མཐུན་ཡང་ཅུང་ཟད་གོ་བདེ་བར་སྣང་ངོ་། །དོན་ནི་འདི་ཡིན་ཏེ། གཞུང་ལུགས་དང་པོ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་དང་མཐུན་པའི་བདག་གི་དེ་ཁོ་ན་ཉིད་ནི། དེ་ལ་བདག་ཅེས་བྱ་བ་ནི་ཕུང་པོ་ལྔའི་དོན་བློས་རྣམ་པར་མ་ཕྱེ་བ་ཙམ་ལ་བདག་ཅེས་གདགས། དེའི་དེ་ཁོ་ན་ཉིད་ནི་ཕུང་པོའི་བསྡུས་པའི་ཕྱི་ནང་གི་དངོས་པོ་འདི་དག་ལ། མུ་སྟེགས་ཅན་དག་གིས་ཀུན་ཏུ་བརྟགས་པའི་བདག་དང་བདག་གི་བ་དང་། རྟག་པ་དང་ཆད་པ་ལ་སྩོགས་པར་༼འདོད་པ་དེ་ལས་ཉན་ཐོས་པས། ༽ཀུན་ཏུ་བརྟགས་པས་སྟོང་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཙམ། ཡང་དག་པའི་ཤེས་པས་མངོན་དུ་གྲུབ་པ་འདི་མེད་པར་སྐུར་པ་གདབ་ཏུ་མི་རུང་བ་འདི་ནི་བདག་གི་དེ་ཁོ་ན་ཉིད་དོ། །དེ་བྱིན་གྱིས་བརླབ་པར་བྱ་བའི་གཞིར་བྱས་ཏེ། ལྷའི་དེ་ཁོ་ན་ཉིད་དུ་གཏོགས་པ་ཆོས་ཉིད་རྣམ་པར་དག་པ་དང་། །རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེ་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། ཡི་གེ་དང་། སྐུ་དང་། ཕྱག་རྒྱ་དག་གིས་བྱིན་གྱིས་བརླབས་ཤིང་བསྒོས་ཏེ། གསེར་གྱི་གླེགས་བམ་ལ་དངུལ་ཆུ་ཞུན་མ་ཐིམ་པ་བཞིན་དུ། ལྷས་བསྒོས་ཤིང་བྱིན་གྱིས་བརླབས་ཏེ་ལྷར་བསྒོམ་པ་འདི་ནི། བྱིན་གྱིས་བརླབས་པའི་རྣལ་འབྱོར་ཞེས་བྱའོ། །ཚུལ་དེ་དང་མཐུན་པར་བསྒོམ་པར་འདོད་ན། བདག་ཉིད་དམ་ཚིག་སེམས་དཔར་བསྐྱེད་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཕྱག་རྒྱའམ་སྐུ་ཙ་ཀ་ལི་བཀོད་པ་དང་། སྐུ་གཟུགས་དང་རི་མོའི་རྒྱུད་ལ་སོགས་པ་ལ་ཡང་། དང་པོ་བདག་གི་དེ་ཁོ་ན་ཉིད་རྣམ་པར་སྨིན་པའི་གཟུགས་ཀྱི་དབྱིབས་ཀྱི་བྱེ་བྲག་བཟོ་བྱས་པ་ཉིད་ལ། ཡི་གེ་དང་ཕྱག་རྒྱ་དང་སྐུ་ལ་སོགས་པའི་ལྷས་བྱིན་གྱིས་བརླབས་ཏེ་ལྷར་གྱུར་པར་བྱ་བ་འདི་ཡང་། ལུང་དང་རིགས་པས་གྲུབ་པའི་ལྷའི་རྣལ་འབྱོར་ཕྱོགས་གཅིག་ཡིན་ནོ། །གཉིས་པ་༼སེམས་ཙམ། ༽རྣལ་འབྱོར་སྤྱོད་པ་དང་མཐུན་པའི་ཡོངས་སུ་བརྟགས་པའི་རྣལ་འབྱོར་གྱི་ཚུལ་ལྟར་ན། བདག་གི་དེ་ཁོ་ན་ཉིད་ཀྱང་བདག་གི་ཐ་སྙད་གདགས་པ་ནི་སྔ་མ་དང་འདྲ། ༼བདག༽དེའི་དེ་ཁོ་ན་ཉིད་ནི་ཕྱི༼ཡུལ། ༽ནང་༼སེམས། ༽གི་དངོས་པོ་འདི་དག་ལ། མུ་སྟེགས་ཅན་གྱིས་ཀུན་ཏུ་བརྟགས་པས་སྟོང་པར་མ་ཟད་ཀྱི། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་རྣམས་ཀྱིས་༼ཕྱི། ༽གཟུང་བ་དང་འཛིན་པའི་དངོས་པོ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡང་དག་པར་ཡོད་པར་ཀུན་ཏུ་བརྟགས་པས་ཀྱང་སྟོང་བ། ༼ནང་། ༽སེམས་དང་སེམས་ལས་བྱུང་བ་རང་རིག་པ་ཙམ་པོ་གང་གིའང་གཟུང་བ་མ་ཡིན་པ། གང་ལ་ཡང་འཛིན་པར་བྱེད་པ་མ་ཡིན་པ། ཡེ་ཤེས་རང་རིག་པ་ཙམ་པོ་འདི་ནི། བདག་གི་དེ་ཁོ་ན་ཉིད་དོ། །དེ་ཡང་ཇི་ལྟ་བ་བཞིན་དུ་ཚད་དུ་ཆུད་ན་ནི། དེ་བཞིན་གཤེགས་པ་ཉིད་ཡིན་ཏེ། འོན་ཀྱང་སེམས་ཅན་གྱི་དུས་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་སྒྲིབ་པ་ཙམ་མོ། །དེ་ཉིད་གཞིར་བྱས་ཏེ་ལྷའི་རྣལ་འབྱོར་སྒོམ་པར་བྱེད་པའི་ཚེ། དང་པོར་ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པའོ། །ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་སྒོ་ནས། ངོ་བོ་ཉིད་དག་པར་མོས་པས་གཟུང་བ་དང་འཛིན་པའི་དངོས་པོར་བལྟ་བའི་བག་ཆགས་ཐམས་ཅད་དག་པར་བྱས་ནས། ཡེ་ཤེས་ཡོངས་སུ་དག་པ་ཙམ་ལ་དམིགས་ཏེ། དེ་ལ་བསོད་ནམས་ཀྱི་ཚོགས་ཀྱི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པའི་དབང་གིས། ཟླ་བའི་དཀྱིལ་འཁོར་ཉིད་དུ་གྱུར་པར་བྱས་ཏེ། དེ་ལ་ས་བོན་གྱི་ཡི་གེ་དང་། ཐུགས་མཚན་གང་ཡིན་པ་དང་། སོ་སོའི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་ནས་དེ་ལ་ཡང་༼ཀ་ཝཱ་ཙ། ༽བྱིན་གྱིས་བརླབ་ཅིང་དབང་༼ཡེ་ཤེས་ཀྱིས། ༽བསྐུར་བ་ལས་སོགས་པའི་སྒོ་ནས། ཤིན་ཏུ་ཡོངས་སུ་རྫོགས་པར་བྱ་བ་འདི་ནི། ཡོངས་སུ་བརྟགས་པའི་རྣལ་འབྱོར་གྱི་ཚུལ་ལོ། །ཚུལ་འདི་དང་མཐུན་པར་རྡུལ་ཚོན་དང་སྐུ་གཟུགས་ལ་སོགས་པ་ལ་ཡང་ཡི་གེ་ནས་རིམ་གྱིས་གཟུགས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱ་བ་འདི་ནི། སྒྱུ་འཕྲུལ་དྲ་བའི་རྒྱུད་འདི་ཉིད་ཀྱི་གཞུང་གི་ཚུལ་ཡང་ཡིན་ནོ། །གསུམ་པ་དབུ་མ་དང་སྒོ་མཐུན་པའི་རྫོགས་པའི་རྣལ་འབྱོར་གྱི་ཚུལ་གྱི་བདག་གི་དེ་ཁོ་ན་ཉིད་ནི། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ཡོངས་སུ་དག་པའི་ཡེ་ཤེས་༼རང་རིག་པ་ཙམ་འདི། ༽ཡང་དག་པར་ཡོད་པར་འདོད་པ་ཡང་ཀུན་ཏུ་བརྟགས་པ་ཙམ་སྟེ། ཕྱི་ནང་གི་དངོས་པོ་འདི་དག་ནི་རྒྱུ་རྐྱེན་རྟེན་འབྲེལ་ཙམ་ལས་སྐྱེ་བར་དམིགས་པས། ཡང་དག་པར་ན་གཅིག་དང་དུ་མའི་ངོ་བོ་ཉིད་བློས་ཕྱེ་ན། རྙེད་པ་མ་ཡིན་པས། ཆོས་ཐམས་ཅད་ནི་སྤྲོས་པ་ཉེ་བར་ཞི་བའི་མཚན་ཉིད་དེ། རྒྱུད་འདི་ཉིད་ལས་ཀྱང་། འདི་སྐད་དུ། གང་ལ་དངོས་རྣམས་དངོས་མེད་ཅིང་། །མཐའ་གཉིས་ཀྱི་ནི་མཚན་མ་མེད། །དབུས་ལ་དཔྱད་པ་མེད་པ་དག །དུས་གསུམ་འདས་པ་ནམ་མཁའ་འདྲ། །ཞེས་གསུངས་པ་ལྟ་བུ་དང་། ཤེས་རབ་ཕ་རོལ་ཕྱིན་པ་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་ཤིང་། །དུས་རྣམས་མཉམ་པ་ཉིད་ཤེས་པ། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་པ་ལྟ་བུ་དོན་འདྲ་སྟེ། དུས་གསུམ་གྱིས་དངོས་པོ་ཐམས་ཅད་བསྡུས་པ་ཡིན་ཏེ། དངོས་པོ་ཐམས་ཅད་གདོད་མ་ནས་རྣམ་པར་དག་ཅིང་སྤྲོས་པ་ཉེ་བར་ཞི་བའི་མཚན་ཉིད་གང་ཡིན་པ་འདི་ནི། བདག་གི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་ཀྱང་དེ་ཉིད་ཡིན་ཏེ། དེ་བས་ན་བདག་དང་སངས་རྒྱས་རང་བཞིན་མཉམ་པ་འདི་ནི། ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་བ་ཐམས་ཅད་ཀྱི་གཞིའོ། །གཞི་དེ་ལས་བདག་ལྷའི་རྣལ་འབྱོར་སྒོམ་པའི་ཚེ། ༼རྒྱུ་རྐྱེན་རྟེན་འབྲེལ་ཙམ་ལ་སྐྱེ་བ། ༽མཚོ་དང་བ་ལ་ཉི་ཟླའི་གཟུགས་བརྙན་རིམ་པ་མེད་པར་དུས་གཅིག་ཏུ་འཆར་བར་སྣང་བ་བཞིན་དུ། ཆོས་ཉིད་རྣམ་པར་དག་པའི་ངང་དུ་བསྒོམས་པའི་ངང་ལས། གཟུགས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཆ་ཤས་ཐམས་ཅད་ཡོངས་སུ་རྫོགས་པའི་དྲྭ་བ་ཅན་སྐད་ཅིག་གིས་ཡོངས་སུ་རྫོགས་པར་བསྒོམ་པའོ། །རྣལ་འབྱོར་གྱི་ཚུལ་༼གསུམ་པོ། ཞེས་མཆན་འདུག་མོད་མི་འབྱོར། གསུམ་པ་ཞེས་པ་ནི་རུང་བ་ཙམ་མོ། །མཆན་འདི་ལའང་དགོས་པ་སྤུ་ཉག་གི་རྩེ་མོ་ཙམ་ཡང་མེད་དོ། །༽ འདི་དང་མཐུན་པར་འཇུག་པར་འདོད་ན། བདག་དེ་ལྟར་བསྒོམས་པའི་འོག་ཏུ་རྡུལ་ཚོན་དང་སྐུ་གཟུགས་ལ་སོགས་པ་དག་ལ་ཡང་། ཐོག་མར་སྟོང་པ་ཉིད་དུ་བསྒོམས་ཏེ། དེའི་ངང་ལས་ཇི་ལྟར་འདོད་པའི་སྐུ་རུ་བསྐྱེད་པར་རིགས་སོ། །དེ་ལྟར་རྡུལ་ཚོན་དང་སྐུ་གཟུགས་ལ་སོགས་པ་ལ། བདག་བྱིན་གྱིས་བརླབ་པ་དང་མཐུན་པར་བྱིན་གྱིས་བརླབས་པ་ལུང་དང་རིགས་པ་གཉི་ག་དང་མཐུན་པར་བརྗོད་ནས། ད་ནི་གཞི་རྣམས་ལ་སྤྱན་དྲངས་ཞིང་བཞུགས་སུ་གསོལ་བའི་ལྷ་རྣམས་ལ་ཡང་། བདག་བྱིན་གྱིས་བརླབ་པ་དང་མཐུན་པར། གོ་ཆ་དང་མཚོན་ཆ་དང་དབང་དང་བྱིན་རླབས་ཐམས་ཅད་བྱིན་གྱིས་བརླབ་ཅིང་བསྒྲུབ་པ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གསུངས་པའི་ལུང་གི་ཁུངས་བརྗོད་པར་བྱ་སྟེ། དེ་ལ་བདག་བྱིན་གྱིས་བརླབས་པའི་སྐབས་སུ། འདི་སྐད་དུ། འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ། །ཆ་ཤས་ཀྱི་ནི་དྲྭ་བ་ཅན། །ཡེ་ཤེས་སེམས་དཔའ་རྫོགས་པར་བརྟག །དེ་འོག་ལག་པའི་ཕྱག་རྒྱ་ཡིས། །གོ་ཆ་མཚོན་ཆ་ལ་སོགས་བྱ། །རྫོགས་སངས་རྒྱས་ལྔས་དབང་བསྐུར་ཏེ། །ཅོད་པན་འཕྲེང་བ་རྣམས་ཀྱིས་ཀླུབས། །ཞེས་གསུངས་པ་དང་མཐུན་པར། སྤྱན་དྲངས་པའི་ལྷ་ལ་ཡང་བྱ་བར་གསུངས་པ། ལག་པ་བསྟོད་དེ་བསྐོར་བ་ཡི། །ལྕགས་ཀྱུ་ཡིས་ནི་སྤྱན་དྲངས་ཡང་། །བྱོན་ནས་དང་པོར་ཕྱོགས་བཅིངས་ཏེ། །དམ་ཚིག་དག་ཀྱང་དབུལ་བར་བྱ། །གདན་རྣམས་སོ་སོར་ཕུལ་ནས་སུ། །མཆོད་ཡོན་དབུལ་བའི་སྦྱོར་བ་བྱ། །དབང་བསྐུར་མཚོན་ཆ་གོ་ཆ་སོགས། །སིལ་སྙན་མཆོད་སོགས་ངོ་བོར་བྱ། །རྣམ་པ་ཀུན་གྱིས་མཉེས་བྱས་པ། །རྣལ་འབྱོར་བདག་ཉིད་ཅན་གྱིས་བརྟག །ཅེས་གསུངས་པའོ། །དེ་ལ་འདིར་དབང་བསྐུར་བ་ཞེས་བྱ་བ་ནི། གོང་དུ་བདག་ཉིད་བྱིན་གྱིས་བརླབ་པའི་སྐབས་སུ། རྫོགས་སངས་རྒྱས་ལྔས་དབང་བསྐུར་ཏེ། །ཅོད་པན་འཕྲེང་བ་རྣམས་ཀྱིས་ཀླུབས། །ཞེས་གསུངས་པ་དང་མཐུན་པར། སྔགས་དང་ཕྱག་རྒྱའི་སྒོ་ནས་སངས་རྒྱས་ལྔའི་ངོ་བོ་ཉིད་ཀྱི་དབུ་རྒྱན་གྱི་དབང་བསྐུར་ཏེ། དར་གྱི་ཅོད་པན་དང་། མེ་ཏོག་གི་འཕྲེང་བས་ཀྱང་དབུ་རྒྱན་དེ་ལ་བརྒྱན་ཅིང་དཔྱངས་པའོ། །སིལ་སྙན་མཆོད་སོགས་ངོ་བོར་བྱ། །ཞེས་བྱ་བ་ནི། དུང་དང་གླིང་བུ་ལ་སོགས་པའི་སིལ་སྙན་དང་། རྔ་ཡབ་དང་བསིལ་ཡབ་དང་། རྒྱལ་མཚན་དང་། རིན་པོ་ཆེ་ཚོན་སྣ་ཚོགས་ཀྱིས་སྤྲས་པའི་ས་གཞི་དང་། ཁང་པ་བརྩེགས་པའི་གཞལ་ཡས་ཁང་དང་། གོང་གི་དབུ་རྒྱན་གྱི་རྗེས་སུ་སྙན་ཆ་དང་། མགུལ་རྒྱན་དང་། ཕྱག་དང་། ཞབས་ཀྱི་གདུབ་རྒྱན་གཉིས་དང་། སྐུ་ཉིད་ཀྱི་རྒྱན་རྣམ་པ་ལྔ་གནས་ལྔར་གཞག་པ་དང་། སྟོད་གཡོགས་དང་སྨད་དཀྲིས་ལ་སོགས་པའི་ན་བཟའ་དང་། དེ་ནས་དེའི་སྟེང་དུ་གདུགས་དང་བླ་རེ་དང་། གཞལ་ཡས་ཁང་གི་གྲྭ་རྣམས་སུ་ཡང་པདྨའི་ཕྲེང་བ་དང་། དྲིལ་བུ་གཡེར་ཀའི་དྲྭ་བས་བརྒྱན་པ་ལ་སོགས་པའི་མཆོད་པ་རྣམས་སྔགས་དང་ཕྱག་རྒྱ་ཉིད་ཀྱིས་བསམ་ཞིང་དབུལ་བར་བྱའོ། །དངོས་སུ་བཤམས་པ་རྣམས་ལ་ནི་དེ་ཉིད་ཀྱི་སྟེང་དུ། སྔགས་དང་ཕྱག་རྒྱས་མེ་ཏོག་ལ་བསྔགས་ཤིང་བཞག་ན། ལྷག་པར་བྱིན་གྱིས་རློབ་པར་འགྱུར་རོ། །ཞེས་གཞན་ལས་ཀྱང་གསུངས་སོ། །དེ་ ནས་རྡོ་རྗེ་གླུའི་མཆོད་པ་དག་ཀྱང་བྱའོ། །ཇི་སྐད་དུ་སྨོས་པ་འདི་དག་བསྟན་པ་ནི། བྱིན་གྱིས་རློབས་ཅིང་བཀྲ་ཤིས་པར་བྱ་བའི་རྫས་ཀྱི་མཆོད་པ་ཁྱད་པར་དུ་བསྟན་པ་ཙམ་དུ་ཟད་དེ། སྤྱིར་མཆོད་པ་ན་གསང་བའི་མཆོད་པར་གཏོགས་པ། སྒེག་མོ་ལ་སོགས་པའི་གར་གྱི་མཆོད་པ་དང་། མེ་ཏོག་ལ་སོགས་པ་གར་གྱི་མཆོད་པ་དང་། ལྷ་བཤོས་ལ་སོགས་པ་ཉེ་བའི་མཆོད་པ་རྣམས་ཀྱང་ཐུན་མོང་དུ་རྒྱུད་དེ་ཉིད་ལས་གསུངས་སོ། །གཞན་ཡང་རྡོ་རྗེ་གར་གྱི་ཚུལ་གྱིས་སེམས་མ་བཞིའི་སྔགས་དང་ཕྱག་རྒྱས། ཆོ་འཕྲུལ་བཞིའི་ཚུལ་གྱིས་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་ལ་སོགས་པ་བྱ་བ་དང་། ཏིང་ངེ་འཛིན་གྱི་མཆོད་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པའི་ཞིང་དུ་བྱིན་གྱིས་བརླབ་ཅིང་ཡོངས་སུ་གང་བར་ཡང་གསུངས་ཏེ། འདི་སྐད་དུ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནི། །རྒྱབ་ཏུ་མདུད་པ་ལྟར་འདོར་ཞིང་། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །རིན་ཆེན་ཅོད་པན་འཕྲེང་དབང་བསྐུར། །ཏིང་འཛིན་གནས་པ་འཁོར་ལོ་ཅན། །འཁོར་ལོ་མངའ་བའི་ལྷ་རྣམས་ལ། །སངས་རྒྱས་ས་ནི་རབ་འགེངས་པ། །གསང་བའི་མཆོད་པ་འབྱུང་བར་བསམ། །ཞེས་གསུངས་པའི་འོག་ཏུ་སྒེག་མོ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་གར་གྱི་མཆོད་པ་རྫོགས་པའི་རྗེས་ལ། གོང་དུ་སྨོས་པའི་སིལ་སྙན་ལ་སོགས་པའི་བཀྲ་ཤིས་ཀྱི་རྫས་རྣམས་ཀྱི་ཕྱག་རྒྱ་དང་སྔགས་གསུངས་པ། དེ་ལ་རྡོ་རྗེ་ལས་བསྒྱུར་ཏེ་མཆོད་པའི་ཕྱག་རྒྱ་བཅའ་བ་ནི། འདི་སྐད་དུ། དེ་ནས་སིལ་སྙན་ཚུལ་གྱིས་སུ། །ལག་གཉིས་སིལ་སྙན་ལེགས་པར་བརྡུང་། །དུང་དང་གླིང་བུ་བུད་པ་དང་། །ལག་པ་ཡིས་ནི་རྔ་ཡབ་གཡབ། །བསིལ་ཡབ་ཚུལ་གྱིས་བསིལ་ཡབ་དང་། །རྩེ་མོ་གཉིས་ནི་རྒྱལ་མཚན་བྱ། །ཚོན་དགྱེའི་ཚེ་ན་ལྕུག་ཕྲན་ལྟར། །བསྐྱོད་ཅིང་ཚོན་ཕྱེ་འཕྲེད་པ་དགྱེ། །ལག་གཡོན་སྣོད་ཀྱི་ཚུལ་བྱས་ལ། །གཡས་པ་ཡིས་ནི་ལྷ་བཤོས་དབུལ། །ཁང་པ་བརྩེགས་པ་བཞག་ནས་སུ། །གོས་ཀྱི་ཚུལ་གྱིས་གོས་རྣམས་དང་། །གདུ་བུ་དོ་ཤལ་རྐང་རྒྱན་དང་། །རྣ་ཆ་གནས་ལྔ་རྣམས་སུ་གཞག །དེ་ནས་གདུགས་ཀྱི་ཚུལ་གྱིས་སུ། །ལྷ་རྫས་གདུགས་ནི་ལེགས་པར་གཟུགས། །བསམ་གཏན་ཚུལ་གྱི་ལག་པ་དག ། ནམ་མཁའ་ལ་ནི་མཛེས་བསྐོར་ན། །སངས་རྒྱས་ཞིང་རབ་འགེངས་བྱེད་པའི། །བླ་རེ་རྣམ་པ་སྣ་ཚོགས་འགྱུར། །གྲྭར་ནི་པདྨའི་འཕྲེང་བ་དང་། །དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན། །ཞེས་གསུངས་པའི་ཕྱག་རྒྱ་རྣམས་ཀྱིས་དབུལ་བར་བྱའོ། །དེ་ནས་ལག་པ་གཡས་པ་རྡོ་རྗེ་གསོར་ཞིང་། གཡོན་པས་རྡོ་རྗེ་དྲིལ་བུ་བསིལ་ནས་རྡོ་རྗེ་དྲིལ་བུ་གསང་སྔགས་འདིས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་གླུའི་བསྟོད་པ་དག་བྱའོ། །དེ་ལ་རྡོ་རྗེ་དྲིལ་བུའི་གསང་སྔགས་ནི། ཨོཾ་བཛྲ་གྷན་ཌེ་ར་ཎི་ཏ། པྲ་ར་ཎི་ཏ། སམ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྴེ་ཏྲཾ་པྲ་ཙ་ལི་ཏེ་པྲཛྙཱ་པ་ར་མི་ཏཱ་ནཱ་ད་སྭ་བྷཱ་བེ་བཛྲ་ངྷརྨ་ཧྲི་ད་ཡ། སན་ཏོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པ་འདིའོ། །མཆོད་པའི་ཕྱག་རྒྱའི་སྐབས་སུ། ཚོན་དགྱེས་ཚེ་ན་ལྕུག་ཕྲན་ལྟར། །ཞེས་གསུངས་པ་འདི་ནི། དཀྱིལ་འཁོར་འབྲི་བའི་ཚེ་ཙམ་དུ་སྨོས་པར་མ་ཟད་དེ། མཆོད་པ་ཉིད་ཀྱི་དུས་སུ་རྒྱལ་མཚན་དང་གདུགས་ལ་སོགས་པ་བཙུགས་པའི་རྗེས་ལ། ས་གཞི་ཉེ་འཁོར་དུ་རིན་པོ་ཆེའི་ཚོན་འབྲི་བ་ལྟར་བྱ་ཞིང་། ཏིང་ངེ་འཛིན་གྱིས་རིན་པོ་ཆེའི་གཞི་ལ་རིན་པོ་ཆེའི་ཚོན་བརྒྱ་རྩ་གཅིག་པ་ལ་སོགས་པས། མིག་མང་རིས་དང་ཐོ་ལོ་རིས་སུ་སྤྲས་པ་འབྱུང་བར་བསམ་མོ། །དེ་ལ་མིག་མང་རིས་ནི་ཕྱོགས་ཀུན་ཏུ་འབྲེལ་བའོ། །ཐོ་ལོ་རིས་ནི་ཁོར་བུ་དང་གེགས་༼རྫོགས་ཆེན་ཤིང་པར་དུ་བེགས་དང་འདྲ་བོ་ཞིག་འདུག་ལགས། ༽ལིང་དུ་སྤྲས་པའོ། །དེའི་གཏན་ཚིག་འདི་ཉིད་ནས་ཀྱང་། མཆོད་པའི་སྐབས་སུ། སྒེག་མོ་གླུ་དང་གར་རྣམས་དང་། །རྒྱལ་མཚན་ལ་སོགས་ཚོན་དགྱེ་དང་། །སིལ་སྙན་མཆོད་པ་རྣམ་པ་ནི། །སྣ་ཚོགས་རྣམས་ཀྱིས་མཆོད་པར་བྱ། །ཞེས་གསུངས་པ་ཉིད་ཀྱི་ཡང་ཕྱིར་རོ། །མཆོད་པའི་ཕྱག་རྒྱ་འདི་རྣམས་ཀྱི་གསང་སྔགས་ནི། མཆོད་པའི་སྤྲིན་རབ་འབྱམས་ཐམས་ཅད་བྱིན་གྱིས་རློབས་པར་འགྱུར་བའི་རིགས་སྔགས་འདི་ཡིན་ཏེ། ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ། ཨུཏྒ་ཏེ། སྥ་ར་ན་ཧི་མཾ། ག་ག་ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་འདི་སརྦ་༼ཐམས་ཅད། ༽ལ་སྦྱར་བར་བྱའོ། །འདི་དག་ནི་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་ལས་གསུངས་པའི་ལུང་གི་ཁུངས་དང་། རིགས་པ་བརྗོད་པ་ཡིན་ནོ། །གཞན་ཡང་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་ཚུལ་དང་ཏིང་ངེ་འཛིན་གྱི་མཆོད་པ་རྒྱ་ཆེན་པོའི་ཚུལ་འདི་ཆ་མཐུན་པར་འབྱུང་སྟེ། ཇི་སྐད་དུ། ༼སྙིང་པོ་ལས། ༽ ཡི་གེའམ་གདན་ནམ་སྙིང་པོའམ། །ཕྱག་རྒྱའམ་སྐུ་གསུང་ཐུགས་ལྡན་པར། །བྱིན་རླབས་ཡ་མཚན་རྨད་པོ་ཆེ། །འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ། །ཞེས་གསུངས་ཏེ་དཀྱིལ་འཁོར་དུ་སྐུ་གསུང་ཐུགས་ཀྱི་མཚན་མ་གང་བཀོད་ཀྱང་རུང་སྟེ། ཐམས་ཅད་ལ་སྐུ་གསུང་ཐུགས་གསུམ་ཅར་ལྡན་པར་བྱིན་གྱིས་བརླབས་ན་དངོས་གྲུབ་ཏུ་འགྱུར་རོ་ཞེའོ། །ཏིང་ངེ་འཛིན་གྱི་མཆོད་པའི་ཚུལ་ཡང་། འདི་སྐད་དུ། ༼སྙིང་པོ་ལས། ༽མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེ་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་ན་བཟའ་རྒྱལ་མཚན་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་ཀའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཞེས་གསུངས་པ་དང་དོན་མཐུན་ཏེ། ཅུང་ཟད་བྱེ་བྲག་ཏུ་ན། སྔ་མ་ནི་ཕྱག་རྒྱ་དང་སྔགས་དང་ཏིང་ངེ་འཛིན་དང་ལྡན་པར་དབུལ་བར་གསུངས་ལ། འདི་ནི་ཏིང་ངེ་འཛིན་ཙམ་གྱིས་དབུལ་བར་གསུངས་པའོ། །འདི་ཉིད་ལ་ཡང་། སྔོན་གྱི་ མཁན་པོ་རྣམས་ཀྱི་གདམས་ངག་བརྒྱུད་པ་ལས། སངས་རྒྱས་ཀྱི་ཞིང་དང་གཞལ་ཡས་ཁང་དུ་བཅས་པ་ནི་ཡི་གེ་བྷྲཱུཾ་ལས་སྤྲོས་ཏེ་དབུལ། རིན་པོ་ཆེའི་རྒྱན་གྱི་ཁྱད་པར་རྣམས་ནི་ཡི་གེ་ཏྲཱཾ་ལས་སྤྲོས་ཏེ་དབུལ། གླུ་དབྱངས་དང་སིལ་སྙན་ལ་སོགས་པའི་སྒྲའི་མཆོད་པ་རྣམས་ཡི་གེ་ཧྲཱི་ལས་སྤྲོས་ཏེ་དབུལ། ཁྲུས་ཀྱི་རྫིང་བུ་ལ་སོགས་ས་ཆུའི་ལོངས་སྤྱོད་ཀྱི་རྐྱེན་གྱི་བྱེ་བྲག་ནི་ཡི་གེ་ཁཾ་ལས་སྤྲོས་ཏེ་དབུལ། བདུད་རྩི་ཟས་དང་བཏུང་བ་ནི་ཡི་གེ་ཨ་ལས་སྤྲོས་ཏེ་དབུལ། ན་བཟའ་དང་བླ་བྲེ་དང་རྒྱལ་མཚན་དང་བ་དན་ལ་སོགས་པའི་ལྷབ་ལྷུབ་དང་། དྲི་ལ་སོགས་པ་འདོད་སྤྱོད་ཀྱི་མཆོད་པ་ཕལ་པོ་ཆེ་རྣམས་ནི། ཡི་གེ་ཨོཾའམ་ཧཱུཾ་ལས་སྤྲོས་ཏེ་དབུལ། བྲོ་གར་ལ་སོགས་པའི་འདུ་འཕྲོ་རྣམས་ནི། ཡི་གེ་ཧཾ་ལས་སྤྲོས་ཏེ་དབུལ་ལོ། །ཞེས་བཤད་དོ། །ཚུལ་འདི་དག་དང་སྦྱར་ན་མཆོད་པ་འདི་ལྟ་བུ་ལ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་། ས་བོན་དང་བཅས་པར་མཆོད་ཀྱང་འགལ་བ་མེད་ཀྱི་སྟེང་དུ་ཤིན་ཏུ་ཡང་བྱིན་གྱིས་རློབ་པར་འགྱུར་བར་འཐད་པ་ཉིད་ཡིན་ནོ། །གཞན་ཡང་བཀྲ་ཤིས་ཀྱི་རྫས་ཁྱད་པར་དུ་སྨོས་པ་ནི། སྟོན་པ་བཅོམ་ལྡན་འདས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ཕྱིར། ཤིན་ཏུ་བཀྲ་ཤིས་པའི་མཚན་དང་ལྡན་པར་འཇིག་རྟེན་དུ་གཤེགས་པའི་ཚེ། ཡེ་ཤེས་ཆེན་པོ་དེའི་ཕྱག་རྒྱ་གཟུངས་ཀྱི་ཚུལ་དུ་བྱིན་གྱིས་བརླབ་པ་ནི། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཡིན་ཏེ། དེ་བས་ན་སྐུ་གཟུགས་བྱིན་གྱིས་བརླབ་པ་ལ་ལྷ་མོ་འདི་བརྒྱད་ཀྱི་སྔགས་དང་ཕྱག་རྒྱའི་གཟུགས་ཀྱིས་བརླབ་པ་ནི། ཤིན་ཏུ་ཡང་རིགས་པ་ཡིན་ནོ། །དེ་ཡང་རྒྱལ་མཚན་ནི་སྐུ་ཉིད་ཀྱི་རྟགས་སོ། །གདུགས་ནི་དབུ་གཙུག་ཏོར་གྱིའོ། །དུང་དང་པད་མ་བུམ་པ་ནི་ཚེམས་དང་ལྗགས་དང་མགུལ་གྱི་རྟགས་ཏེ། གསུང་གི་ཕྱག་རྒྱའོ། །དཔལ་བེའུ་ནི་ཐུགས་ཀྱི་ཕྱག་རྒྱའོ། །འཁོར་ལོ་དང་ཉ་ནི་ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་དང་། སོར་མོ་རྣམས་ཟླུམ་ཞིང་བྱིན་གྱིས་ཕྲ་བའི་རྟགས་ཏེ། མཛད་པའི་ཕྱག་རྒྱའོ། །དེ་བས་ན་རྫས་འདི་རྣམས་ཀྱིས་ཀྱང་རང་རང་གི་གནས་སུ་གཏུག་ཅིང་བྱིན་གྱིས་བརླབ་པར་བྱའོ། །གཞན་ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་དུ་སྲོད་ལ་བདུད་བཏུལ། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཤིན་ཏུ་བཀྲ་ཤིས་པར་མཛད་པའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པས་དུང་ལ་སོགས་པའི་བཀྲ་ཤིས་ཀྱི་རྫས་རྣམས་ཕྱག་ཏུ་ཕུལ་ཏེ། བཀྲ་ཤིས་པར་བྱིན་གྱིས་བརླབས་པའི་རྫས་རྣམས་བྱ་བ་ཐམས་ཅད་ལ་ཡང་བཀྲ་ཤིས་གསོལ་བ་ཡིན་ན། འདིར་སྐུ་གཟུགས་ལ་སོགས་པ་བྱིན་གྱིས་བརླབ་ཅིང་བཀྲ་ཤིས་གསོལ་བའི་དུས་སུ་ལྟ་སྨོས་ཀྱང་ཅི་དགོས། གཞན་ཡང་ལྷ་མཆོད་པའི་དུས་སུ་ཡོན་བདག་རྣམས་ལ་ཡང་བུམ་པ་ལས་ཁྲུས་ཆབ་ནོད་ཅིང་དབང་ཅི་རིགས་སུ་བསྐུར་བ་ཡང་བྱ་དགོས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་དང་ཚུལ་མཐུན་པ་ཡིན་ནོ། །དེའི་དུས་སུ་ཁ་ཟས་བཟང་པོ་སྤྱན་གཟིགས་སྣ་ཚོགས་ཀྱིས་སྤྲས་པ་རྣམས་ཀྱིས་ཀྱང་། གང་ཟག་རྣམས་ངོ་བསྲོ་ཞིང་བཀྲ་ཤིས་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །ཚུལ་འདི་ལྟ་བུ་ལ་གང་ཟག་རྣམས་འཇུག་པར་འགྱུར་བའི་རྒྱུ་ནི། རང་ཡིད་ཆེས་པའི་ལུང་དང་མཐུན་པ་ཡིན་ཏེ། དེ་བས་ན་གང་ཟག་རྣམས་མོས་པ་ཐ་དད་པས། རྒྱུད་ཀྱི་གཞུང་ཉིད་ནས་འབྱུང་བ་ཅུང་ཟད་ཙམ་སྦྱར་བར་བྱ་སྟེ། གང་ཟག་གི་སློབ་དཔོན་རྣམས་ཀྱིས་མཛད་པའི་མཛད་བྱང་རྣམས་ལ་ནི་ཀུན་མཐུན་པར་ཡིད་བརྟན་པར་མི་བྱེད་པའི་ཕྱིར་རོ། །དེ་ལ་སྐུ་གཟུགས་དང་རི་མོའི་རྒྱུད་རྣམས་ལས་དང་དངོས་གྲུབ་ཀྱི་ཆོ་གའི་དབང་དུ་ཤས་ཆེར་གསུངས་ཀྱང་། དེ་དག་ཏུའང་སློབ་མ་གཞུག་པའི་བྱ་བར་བསྟན་པའི་ལུང་གི་ཁུངས་ཀྱང་། དཔལ་སངས་རྒྱས་མཉམ་སྦྱོར་ལས་ཀྱང་གསུངས་ཏེ། འདི་སྐད་དུ། ཁམས་ཀྱི་ངོ་བོ་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩ་ལས་བྱུང་། །རང་གི་ལྷའི་ཆ་ལུགས་སུ། །བསྒྲུབ་པའི་ཕྱག་རྒྱ་རབ་ཏུ་བྱ། །དཀྱིལ་འཁོར་གང་དང་གང་བསྟན་པར། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་ཡིས། །སློབ་མའི་ཚོགས་ཀུན་དེ་དང་དེར། །མཆོད་པ་བྱས་ནས་དེ་བསྒྲུབས་སོ། །ཞེས་གསུངས་སོ། །དེ་ལ་སྣ་ཚོགས་ཕྱག་རྒྱའི་མཆོད་པ་ཞེས་པ་ནི། སྒྱུར་བྱེད་ཀྱི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ཀྱིས་བསྡུས་པ་སྟེ། །དེ་ལ་སྒྱུར་བྱེད་ཅེས་བྱ་བ་ནི། །ལྕགས་ལ་གསེར་འགྱུར་གྱི་རྩིས་བསྒྱུར་བ་བཞིན་དུ། རྣམ་པར་སྨིན་པའི་ཆོས་སུ་གྲགས་པའི་དངོས་པོ་རྣམས་ལ། སྒྱུར་བྱེད་ཀྱི་ཕྱག་རྒྱ་འདི་རྣམས་ཀྱིས་བཅས་ཤིང་བསམ་སྟེ། ལྷར་བྱིན་གྱིས་བརླབས་ན། སངས་རྒྱས་ཉིད་དུ་བྱིན་གྱིས་རློབ་པར་འགྱུར་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ཡང་ཚུལ་འདི་ལྟར་རྒྱུད་དེ་ཉིད་ལས། རྒྱ་འདི་བཅིངས་པ་ཙམ་གྱིས་ནི། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཤིན་ཏུ་བྱིན་གྱིས་བརླབས་ནས་ནི། །སངས་རྒྱས་ཐམས་ཅད་འདུལ་བར་འགྱུར། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་པའི་ཕྱིར། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། མདོར་ན་བྱིན་གྱིས་བརླབས་པ་དང་། རང་བཞིན་གཅིག་པ་དང་། གོམས་པའི་མཐུར་གྱུར་པ་གསུམ་གྱི་མཐུ་ལས་གྲུབ་པར་འགྱུར་རོ། །འདི་ནི་གསང་སྔགས་སྤྱིར་བཏང་བའི་དོན་ཡིན་ནོ། །དེ་ལ་ཁྱད་པར་དུ་བྱིན་གྱིས་བརླབ་པ་ནི། རིགས་དྲུག་གི་སརྦ་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པ་སྟོན་ཏོ། །དེ་བཞིན་དུ་ཕྱག་རྒྱས་དབང་བསྐུར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱི་སྒོ་ནས་དབང་བསྐུར་བ་བསྟན་ཏོ། །དེའི་ཚེ་ཆོས་ཀྱི་ཕྱག་རྒྱ་རྣམས་བརྗོད་པར་ཡང་བཞེད་དོ། །མཆོད་པ་ནི་ཕྱག་རྒྱ་ཐམས་ཅད་ཀྱང་མཆོད་པར་གསུངས་སོ། །རྒྱུད་དེའི་གཞུང་གི་ལྷའི་ཕྱག་རྒྱ་བཅིངས་ཤིང་བསམ་པ་ཙམ་གྱིས། ལྷར་བྱིན་གྱིས་རློབ་པར་བཞེད་དེ། མདོར་བསྡུ་ན་ལྷ་རྣམས་ལ་ཕྱག་རྒྱའི་མཚན་མ་ཇི་ལྟར་ལྡན་པ་བཞིན་དུ། ཕྱག་རྒྱ་བཅས་པས་འགྲུབ་པར་འགྱུར་བར་གསུངས་ཏེ། འདི་སྐད་དུ། སྨིན་མ་མིག་དང་སོ་དང་མཆུ། །ཁ་དང་ལུས་དང་རྐང་ལག་གིས། །ཆ་ལུགས་བཞིན་དུ་གར་བྱེད་པས། །རབ་ཏུ་བདེ་བ་འགྲུབ་པར་འགྱུར། །ཅེས་གསུངས་པ་ཡིན་ཏེ། མདོར་ན་ལྷའི་ཆ་ལུགས་བཞིན་དུ་ཕྱག་རྒྱ་བཅས་ཤིང་བསམས་པས་འགྲུབ་ཅེས་བྱ་བའི་དོན་ཏོ། །ལྷ་རྣམས་ལ་རྡོ་རྗེ་གོ་ཆའི་བསྲུང་བ་བྱའོ་ཞེས་གྲགས་པ་ཡང་། དེ་ཉིད་ལས། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཇི་ལྟའི་ཚུལ་བཞིན་བྱེད་པ་ཡིས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །གོ་ཆ་བགོ་བའི་ཚུལ་དུ་བྱ། །སྤྱི་བོ་དང་ནི་དཔྲལ་བ་གཉིས། །གློ་གཉིས་དང་ནི་རྒྱབ་ཏུ་གཉིས། །རྡོ་རྗེ་འཕྲེང་བས་བཅིངས་པ་དང་། །སངས་རྒྱས་གཙུག་གི་ནོར་བུ་དག ། དར་བཅིང་ཐབས་སུ་བཅིངས་ནས་ནི། །འགྱིང་དང་བཅས་པས་མཐའ་ནས་དགྲོལ། །དར་དཔྱང་པ་ཡི་ཐབས་བྱས་ནས། །ཐལ་མོ་བརྡབ་པར་བརྟན་པར་བྱ། །འདི་ཡིས་བསྲུང་བ་བྱས་ནས་ནི། །རྡོ་རྗེ་སེམས་དཔའ་དཔལ་དང་འདྲ། །མི་ཆོད་པ་དང་མི་ཕྱེད་པའི། །རྡོ་རྗེ་སྐུ་ནི་རབ་ཏུ་འགྲུབ། །དཔལ་རྡོ་རྗེ་གོ་ཆ་ཞེས་པའི་ཕྱག་རྒྱའོ། །ཞེས་གསུངས་སོ། །ཁུངས་སྨོས་པ་འདི་དག་གིས་ནི། སྤྱིར་སྐུ་གཟུགས་བྱིན་གྱིས་བརླབ་པའི་ཚུལ་དང་ལས་དག་ལ། ཐེ་ཚོམ་ཟ་བ་བསལ་བའི་ཕྱིར་དང་། རྒྱུད་འདི་ཉིད་ཀྱི་གཞུང་དུ་རབ་གནས་བྱེད་ན་ཡང་ཚུལ་འདི་ལྟར་བྱའོ། །ཞེས་ཤེས་པར་བྱའོ། །ཞེས་ཤེས་པར་བྱ་བའི་ཕྱིར་སྨོས་པའོ། །འདི་ནི་ཕྱི་རོལ་གྱི་ཕྱག་རྒྱ་གཙོར་སྨོས་པའི་གཞུང་ངོ་། །ནང་སེམས་ཀྱི་ཏིང་ངེ་འཛིན་གཙོར་བྱེད་པའི་དཔལ་གསང་བ་འདུས་པ་ལྟ་བུ་ལས་ནི། རང་བྱིན་གྱིས་བརླབ་པའི་རིམ་པ། བསྙེན་བསྒྲུབ་ཡན་ལག་བཞིའི་ཏིང་ངེ་འཛིན་གྱི་སྒོ་ནས་བྱིན་གྱིས་བརླབ་པར་གསུངས་ཏེ། འདི་སྐད་དུ། བསྙེན་དུས་གཙུག་ཏོར་ཆེན་པོ་ཡི། །གཟུགས་སུ་དམིགས་པ་ཉིད་དུ་སྦྱོར། །ཉེ་བར་བསྒྲུབ་པ་བསྒྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །སྔགས་ཀྱི་བདག་པོ་བསྒོམ་པ་ལ། །བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །བསྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཡེ་ཤེས་རྡོ་རྗེ་གྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། བདག་འདི་ལྟར་བྱིན་གྱིས་རློབ་པ་ཡིན་པས། སྐུ་གཟུགས་ལ་འདི་ལྟར་བྱའོ། །ཞེས་ལུང་བསྟན་པ་མ་མཐོང་ཡང་། འདི་ལྟར་བྱིན་གྱིས་བརླབ་པར་རིགས་པར་མཐོང་ངོ་། །སྤྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། སྐུ་གཟུགས་དང་། མཆོད་རྟེན་དང་། གླེགས་བམ་ལ་སོགས་པ་ཆ་ཤས་ཡོངས་སུ་རྫོགས་པའམ། རྡོ་རྗེ་དང་འཁོར་ལོ་ལ་སོགས་ཏེ། ཆ་ཤས་མ་རྫོགས་པ་ཡང་རུང་སྟེ། ཕྱག་རྒྱ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། ཡེ་ཤེས་ཆེན་པོའི་གཟུགས་བརྙན་དུ་གྱུར་པ། རྣམ་པར་ཐར་པའི་སྒོ་མཐའ་ཡས་པ་མཚོན་པའི་གནས་སུ་གྱུར་པ། ལས་དང་དངོས་གྲུབ་ཐམས་ཅད་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་ཆོས་ཀྱི་སྐུ་ཞེས་བྱ་བ་ཡང་། ཕལ་ཆེར་གཉིས་སུ་མེད་པའི་ཡེ་ཤེས་ལ་བྱ་བར་བཞེད་ལ། ཡེ་ཤེས་དེ་ཡང་ལམ་དང་འབྲས་བུར་བཅས་པའི་ཆོས་ཐམས་ཅད་ཀུན་ནས་བསགས་ཤིང་ཡོངས་སུ་རྫོགས་པའི་ལུས་ཡིན་པས། ཆོས་ཀྱི་སྐུ་ཞེས་ཀྱང་བཤད་དོ། །ཡེ་ཤེས་ཆེན་པོ་དེ་ཉིད། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་གདུལ་བྱ་རྣམས་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་གཟུགས་ཀྱི་མཚན་ཉིད། དབང་པོའི་སྤྱོད་ཡུལ་དུ་རུང་བར་བྱིན་གྱིས་བརླབ་པས། གཟུགས་ཀྱི་སྐུ་ཞེས་བྱའོ། །དེ་ལྟར་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གཉིས་ཕན་ཚུན་མཚོན་བྱ་མཚོན་བྱེད་དུ་སྟོན་པའི་ཚེ། རེས་འགའ་ནི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཆོས་དེ་ཉིད་མཚན་མའི་གཟུགས་སུ་བྱིན་གྱིས་བརླབས་སོ། །ཞེས་ཆོས་ཀྱི་སྐུའི་རྟགས་སུ་གཟུགས་ཀྱི་སྐུ་སྟོན་ཏོ། །རེས་འགའ་ནི་གཟུགས་ཀྱི་སྐུའི་མཚན་མ་དང་འདྲ་བར་ཆོས་ཀྱི་སྐུ་ལ་འདི་ལྟ་བུའི་ཡོན་ཏན་གྱི་ཆོས་མངའ་འོ། །ཞེས་གཟུགས་ཀྱི་སྐུ་དཔེར་སྟོན་ཏོ། །ཚུལ་འདི་གཉིས་དང་སྦྱར་ན་རབ་གནས་ཀྱི་ཆོ་གའི་དུས་སུ་ཡང་། སྐུ་གཟུགས་དང་རི་མོའི་རྒྱུད་ལྟ་བུ་སྐུ་རྫོགས་པར་བྱུང་བ་ལ་ནི། རབ་གནས་ཀྱི་ཆོ་ག་བྱེད་པའི་དུས་སུ་སྐུའི་མཚན་མ་སྣ་ཚོགས་ཇི་ལྟར་བསྟན་པ་དེ་ཉིད་ཡེ་ཤེས་ཆེན་པོ་ཉིད་དེར་བྱིན་གྱིས་བརླབས་པ་ཡིན་ནོ། །ཞེས་མོས་པ་བསྐྱེད་པར་རིགས་ལ། མཆོད་རྟེན་དང་གླེགས་བམ་ལྟ་བུ་དམ་ཚིག་གི་ཕྱག་རྒྱའི་དབྱིབས་ཡིན་པ་དང་། གལ་ཏེ་གླེགས་བམ་ཆོས་ཀྱི་ཕྱག་རྒྱར་སྒྲུབ་ཀྱང་རུང་སྟེ། འདི་ལྟ་བུ་ལ་རབ་གནས་ཀྱི་ཆོ་ག་བྱེད་པའི་ཚེ་ནི། སྐུའི་མཚན་མ་སྣ་ཚོགས་དང་མཐུན་པའི་ཆོས་ཀྱི་དོན་གྱི་ལུས། སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ལ་མངའ་སྟེ། ཡེ་ཤེས་དེ་ཉིད་མཆོད་རྟེན་དུ་བྱིན་གྱིས་བརླབ་པའོ། །ཞེས་མོས་པ་བསྐྱེད་པར་རིགས་སོ། །གང་གི་ཕྱིར་ཞེ་ན། མདོ་སྡེ་རབ་ཏུ་གནས་པའི་ལེའུ་ལས། གཟུགས་ཀྱི་མཚན་མ་དང་མཐུན་པའི་ཆོས་ཀྱི་སྐུའི་ལུས་བཤད་དེ། འདི་སྐད། བསྡུ་བའི་དངོས་པོ་བཞིས་བསྡུས་དབུ་བཞི་ལྡན། །སུམ་ཅུ་རྩ་བདུན་བྱང་ཆུབ་ཕྱོགས་ཆོས་རལ་པར་བྱས། །རིག་པ་བསམ་གཏན་ཡེ་ཤེས་ཟེ་བ་སྣ་ཚོགས་ཅན། །ཏིང་འཛིན་སྣ་ཚོགས་ཟེའུ་འབྲུ་རྡུལ་དང་རྣམ་བྲལ་བ། །སྟོང་ཉིད་རྣམ་ཐར་གསུམ་གྱི་ཁ་གདངས་པ། །ཚངས་པའི་གནས་བཞིའི་མཆེ་བ་སོ་དྲང་སྙེར། །ཤེས་རབ་ཡེ་ཤེས་ཉི་ཟླ་འོད་ཟེར་དག་པའི་པད་མ་འདབ་བརྒྱ་ལ། །ཞི་གནས་ལྷག་མཐོང་ཤིན་ཏུ་རྣམ་པར་དག་པའི་མིག་དང་ལྡན། །ཕ་རོལ་ཕྱིན་དྲུག་བདག་གཞན་དོན་བསྒྲུབ་ཤིན་ཏུ་འཇམ་པའི་ཕྱག་དྲུག་དང་། །ཤིན་ཏུ་མགྱོགས་པའི་ཤུགས་དང་ལྡན་པའི་རྫུ་འཕྲུལ་རྐང་པ་བཞི། །འཕགས་པའི་བདེན་བཞི་ཐུགས་སུ་ཆུད་པའི་ཡན་ལག་སྡེར་མོ་རྣོ། །རྟེན་འབྲེལ་བཅུ་གཉིས་རིམས་བརྒྱུད་བཅུ་གཉིས་ལྷུན་འཕགས་གཟུགས། །སྲོག་འཛིན་དབུགས་ལ་མངའ་མཛད་ཤིན་ཏུ་བསྒྲགས་པའི་ཤངས། །དད་པས་རྒྱུད་ལ་རྣ་ལྷགས་གསན་པ་མ་འགགས་བྱམས་དང་ཐུགས་རྗེའི་ཉན་རྣ་ཅན། །བསམ་གཏན་ཏིང་འཛིན་སྙོམས་འཇུག་རི་སུལ་ཕུག་ན་གནས། །ཞེས་གསུངས་པ་ལྟ་བུའི་དོན་གྱིས་ཆོས་ཀྱི་སྐུ་ལ་ཕར་ལྡན་དུ་སྦྱར་ཏེ། དེ་ལྟ་བུའི་ལམ་འབྲས་བུར་བཅས་པའི་ཆོས། ཆོས་དང་ལྡན་པའི་བདག་ཉིད་ཆོས་ཀྱི་སྐུ་དེ་ཉིད་ལམ་དང་འབྲས་བུའི་རིམ་པའི་ཚུལ་དུ་མཆོད་རྟེན་གྱི་དབྱིབས་སུ་བྱིན་གྱིས་བརླབས་སོ། །ཞེས་སམ། ལམ་དང་འབྲས་བུའི་ཆོས་དེ་ཉིད་སྟོན་པའི་སྒྲ་དང་སྒྲ་མཚོན་པའི་ཡི་གེའི་དབྱིབས་རྣམས་ཀྱི་གཞི་གླེགས་བམ་དུ་བསྟན་པ་འདི་ཡིན་ནོ། །ཞེས་བྱ་བར་འགྱུར་རོ། །ཡོངས་སུ་རྫོགས་པའི་སྐུ་གཟུགས་ལ་ནི། ཆོས་ཀྱི་སྐུའི་ཡོན་ཏན་དེ་ཉིད་ལྷ་དང་མིའི་གཟུགས་དང་མཐུན་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལ། འདི་ལྟར། དབུ་དང་། དབུ་སྐྲ་དང་། དབུ་རྒྱན་དང་། དབུ་རྒྱན་གྱི་ཟེའུ་འབྲུ་དང་། སྤྱན་དང་། སྙན་དང་། ཤངས་དང་། ཞལ་དང་། ཚེམས་དང་། ཕྱག་དང་། ཞབས་དང་། སོར་མོ་སེན་མོས་བརྒྱན་པ་དང་། དེ་ལྟ་བུ་དང་ལྡན་པའི་སྐུ་ཉིད་དང་། བཞུགས་པའི་གནས་གཞི་གདན་དང་བཅས་པ་འདི་ལྟ་བུ་རྣམས་སུ་བྱིན་གྱིས་བརླབ་པའོ། །ཞེས་མོས་པ་བསྐྱེད་ཅིང་། དེ་དག་གི་སྔགས་དང་ཕྱག་རྒྱ་རྒྱུད་ན་བཞུགས་པ་རྣམས་དང་། སྔོན་གྱི་མཁན་པོ་རྣམས་ཀྱིས་མཛད་པའི་མཛད་བྱང་ན་བཞུགས་ཀྱང་རུང་། དེ་ལྟ་བུའི་སྔགས་དང་ཕྱག་རྒྱ་དང་མི་ལྡན་ཡང་། གང་ཟག་རྣམས་ཀྱིས་བཀུར་སྟིའི་ཚུལ་གྱི་རིམ་གྲོ་མཆོད་པར་བསྟན་པ། དབུ་བཤད་པ་དང་། དབུ་རྒྱན་དབུལ་བ་དང་། དེ་ལ་དར་ཆིངས་དང་། མེ་ཏོག་གི་འཕྲེང་བ་གདགས་པ་དང་། སྐུ་ལ་ན་བཟའ་གསོལ་བ་དང་། སྤྱན་དབྱེ་བ་དང་། སྙན་དང་། ཤངས་དང་། ཞལ་དང་། ལྗགས་དང་། ཚེམས་ཀྱི་རྡུལ་བསལ་བ་ལྟ་བུ་རྣམས་ལ་ཡང་མོས་པ་སྨོན་ལམ་དུ་བཅས་པ་བརྗོད་ཅིང་། ལག་གི་ཕྱག་རྒྱས་དེ་ལྟ་བུའི་ཚུལ་དུ་བྱས་པ་ཉིད་ཕྱག་རྒྱ་ཡིན་ཏེ། དེ་ཡང་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་དང་། སརྦ་བུདྡྷ་༼སངས་རྒྱས་མཉམ་སྦྱོར། སརྦ་བུདྡྷ་ས་མ་ཡོ་ག །༽ལས་ཀྱང་གོང་དུ་བསྟན་པ་ཉིད་ཀྱིས་གྲུབ་པ་ཡིན་ལ། ཕྱག་ན་རྡོ་རྗེས་དབང་སྐུར་བའི་ཏན་ཏྲ་ལས་ཀྱང་། རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་རྟོགས་ནས་ལྷའི་སྐུ་གསུང་ཐུགས་ཀྱང་དེ་བཞིན་དུ་རྟོགས་ཏེ། ལྷ་དང་བདག་སྐུ་གསུང་ཐུགས་རྡོ་རྗེ་ལྟར་མཉམ་པར་སྦྱར་བ་ནི། སྔགས་པ་མཉམ་པར་གཞག་པ། ཞེས་བྱ་སྟེ། དེའི་ཚེ་ལུས་ཀྱི་བསྐྱོད་པ་ཐམས་ཅད་ནི་ཕྱག་རྒྱ་ཡིན་ལ། ངག་གིས་སྨྲས་པའི་ཚིག་ཐམས་ཅད་ནི་གསང་སྔགས་ཡིན་ནོ། །ཞེས་གསུངས་པ་འདི་ལྟ་བུས་ཀྱང་། ལུང་གིས་གྲུབ་པའང་མཐོང་ལ། ཡོན་ཏན་ཡང་མཐོང་སྟེ། འགལ་བ་ནི་མ་མཐོང་ངོ་། །སྤྱིར་བྱ་བ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ནས། སྐུ་གཟུགས་བྲི་བའི་ཆོ་ག་མང་དུ་བཤད་པ་རྣམས་ལ་ཡང་། ཁ་ཅིག་ལས་ནི་མཆོད་པ་དང་བཟླས་པ་ཙམ་བཤད། ཁ་ཅིག་ལས་ནི་སློབ་མ་གཞུག་པའང་བཤད། ཁ་ཅིག་ལས་ནི་སྐུ་གཟུགས་དེ་ཉིད་ལ་བརྟེན་ཏེ་ས་བོན་གྱི་ཡི་གེ་ལས་ལྷའི་སྐུར་བསྐྱེད་པའང་བཤད། ཁ་ཅིག་ལས་ནི་སྐུ་གཟུགས་མངོན་པར་མཆོད་དེ་སྤྱན་དབྱེ་བ་བྱས་ཤིང་བདེན་པའི་བྱིན་རླབས་དམིགས་ལ། མཚན་མ་བརྟགས་ནས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། མཆོད་པའི་ཆོ་ག་བྱས་ནས་བཟླས་པ་ལ་འཇུག་པ་ལྟ་བུའང་བཤད་ན། དེ་ལ་ཕལ་ཆེར་ནི་གོང་དུ་རྒྱས་པར་བཤད་དོ། །སྤྱན་དབྱེ་བ་ལ་སོགས་པའི་ཆོ་ག་ནི་ངན་སོང་སྦྱོང་བ་ལས། འདི་སྐད་དུ། རས་ལ་བཅོམ་ལྡན་འདས་ཐམས་ཅད་རིག་པ་དེ་བཞིན་དུ་བྲིས་ལ། ཞེས་བྱ་བ་ལས་སོགས་པའི་རི་མོའི་ཆོ་ག་ལེགས་པར་བྲིས་ཟིན་པའི་རྗེས་སུ། དེ་ནས་རི་མོའི་སྐུ་གཟུགས་དེ་མངོན་པར་མཆོད་དེ། བདག་ཉིད་ཀྱིས་སྤྱན་དབྱེ་བ་བྱ་ཞིང་བདེན་པའི་བྱིན་རླབས་དམིགས་པར་བྱའོ། །དེ་ནས་ཅི་སྟེ་མཚན་མ་ཞིག་མཐོང་ན་ནི། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །འོན་ཏེ་མ་མཐོང་ན་ནི་རིང་མོ་ཞིག་ནས་དངོས་གྲུབ་ཏུ་འགྱུར་ཏེ། བཞད་པ་དང་ནི་རྔ་སྒྲ་དང་། །དྲིལ་བུའི་སྒྲ་དང་དེ་བཞིན་འབྲུག ། དགེ་སློང་བྲམ་ཟེའི་བུ་མོ་དང་། །འབྲས་བུ་མཐོང་ན་མྱུར་དུ་ནི། །མཆོག་དང་བར་དང་ཐ་མ་འགྲུབ། །དེ་ནས་གཟུགས་དེ་བྱིན་བརླབས་ཏེ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ཅི་བདོག་པས་ནི་མཆོད་པར་བྱ། །ཞེས་གསུངས་ནས། དེ་ནས་བདག་བསྲུང་ནས་བཟླས་པ་ལ་འཇུག་པར་གསུངས་ཏེ། དེ་ལ་སྤྱན་དབྱེ་བ་ནི་རི་མོ་འབྲི་བའི་དུས་སུ་སྤྱན་མ་བྲིས་བར་༼མདོ་ལས། མིག་མ་བྲིས་པར་རྔན་པ་མི་ཐོབ་བཞིན། །གསུངས། ༽བཞག་པ་དེ། རབ་གནས་ཀྱི་དུས་སུ་སྔགས་པ་བདག་ཉིད་ཀྱི་སྔགས་དང་ཕྱག་རྒྱ་དང་ཏིང་འཛིན་གྱིས། སྤྱན་དབྱེ་བ་བྱས་པའི་རྗེས་སུ་རི་མོ་མཁན་དེ་ཉིད་བཀུག་སྟེ། དེས་སྤྱན་བྲིས་ནས་ཁ་ཟས་དང་ཡོན་གྱིས་མཆོད་དེ། མགུ་བར་བྱས་ནས་སླར་བཏང་ངོ་། །ཞེའོ། །བདེན་པའི་བྱིན་རླབས་དམིགས་པ་ནི། འདི་སྐད་དུ། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱི་བརླབས་ཀྱིས་སྐུ་གཟུགས་འདི་ལ། བདེན་པའི་བྱིན་རླབས་འབྱུང་བ་འགྲུབ་པར་གྱུར་ཅིག །བདག་གི་དངོས་གྲུབ་ཏུ་འགྱུར་བ་ཞིག་ན་ནི། མཚན་མ་འགའ་ཞིག་སྣང་བར་གྱུར་ཅིག །ཅེས་བརྗོད་དེ་སྤྱན་དབྱེ་བའི་ལས་ལ་འཇུག་གོ ། གལ་ཏེ་བདག་སྐལ་བ་དང་ལྡན་པ་ཞིག་ན་ནི། ཇི་སྐད་གསུངས་པའི་མཚན་མ་དེ་དག་རྣ་ལམ་དུ་གྲགས་པ་དང་། མིག་ལམ་དུ་སྣང་བར་འགྱུར་རོ་ཞེའོ། །དེ་ལ་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པ་ནི། ལྷ་གང་ཡིན་པའི་སོ་སོའི་སྔགས་ཕྱག་རྒྱས་ལྷ་དེ་ཉིད་དུ་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་ལ་སོགས་པའི་ཡན་ལག་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་དག་ཡིན་ནོ། །དེ་ཡང་བྱ་བ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དག་གི་གཞུང་སྤྱིར་བསྡུ་ན། ཡན་ལག་བྱིན་གྱིས་བརླབ་པའི་སྐབས་སུ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་འདི་ནི། ཐུན་མོང་དུ་སྣང་ངོ་། །གཞན་ཡང་། གཙུག་ཏོར། སྤྱན། ལྗགས། གོ་ཆ་སྟེ་ཡན་ལག་བཞིས་བྱིན་གྱིས་བརླབ་པ་འདི་ཡང་ཐུན་མོང་དུ་སྣང་ངོ་། །ཁྱད་པར་ནི་བྱ་བའི་རྒྱུད་ལྟར་ན་ཡིག་འབྲུའི་སྒོ་ནས་ཡན་ལག་ལྔའི་ཚུལ་གྱིས་བརླབ་པ་འདི་གཙོ་བོར་གསུངས་ཏེ། འདི་ལྟར་སྙིང་པོ་དང་། མཚོག་མ་དང་། སྤྱི་གཙུག་དང་། གོ་ཆ་དང་། མཚོན་ཆའོ། །རྒྱུད་ཁ་ཅིག་ལས། དེ་ལས་ལྷག་པར་གནས་མང་དུ་བྱིན་གྱིས་བརློབ་པ་ཡང་ཡོད་དེ། གཙོ་བོར་ཡིག་འབྲུའི་སྒོ་ནས་ལྷར་བྱིན་གྱིས་རློབ་པར་གསུངས་སོ། །རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རྒྱུད་ཐུན་མོང་དུ་ནི། ཆོ་འཕྲུལ་བཞིའི་ཚུལ་གྱིས་བྱིན་གྱིས་བརླབ་པ་ལ། སེམས་མ་བཞིའི་སྔགས་དང་ཕྱག་རྒྱའི་སྒོ་ནས་བརླབ་པར་གསུངས་ཏེ། ཏིཥྛ་ཞེས་བྱ་བའི་སྒྲ་ཡང་། །བརྟན་ཞིང་མི་འགྱུར་བ་ལ་ཡང་འཇུག་གོ །ཕྱག་རྒྱ་ཞེས་བྱ་ཡང་བརྟན་པར་བྱིན་གྱིས་བརླབ་པའི་དོན་ཏེ། དེ་བས་ན་སེམས་མ་བཞིའི་ཕྱག་རྒྱའི་གཟུངས་ཀྱི་ཆོ་འཕྲུལ་བཞིའི་ཚུལ་བརྟེན་པར་བྱེད་པའོ། །ངན་སོང་སྦྱོང་བ་ལས་ནི། རིགས་བཞིའི་འཁོར་ལོ་བསྒྱུར་བ་བཞིའི་སྒོ་ནས། ལྷ་རྣམས་བརྟན་པར་བྱིན་གྱིས་བརློབ་པའང་གསུངས་ཏེ། འདི་སྐད་དུ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྔགས་དང་། རིག་པ་དང་། སྙིང་པོ་དང་། ཕྱག་རྒྱ་ཐམས་ཅད་བརྟན་པར་བགྱི་བའི་ཕྱིར། ཉིད་ཀྱི་སྙིང་པོ་འདི་བཤད་དོ། །ཞེས་གསུངས་པའོ། །དེ་ལ་སྤྱིར་རྒྱུད་ཐམས་ཅད་དུ་ཆ་མཐུན་པར་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའི་སྙིང་པོ་ནི། སྤྱི་བོར་ཨོཾ། ལྕེ་ལ་ཨཱཾ། སྙིང་གར་ཧཱུྃ་གཞག་པའོ། །དེ་ལས་ལྷའི་སྐུར་བསྐྱེད་པ་ཡང་ཁ་ཅིག་ལས་བཤད་དོ། །དེ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་ཕྱི་མའི་ཕྱི་མར་གྲགས་པ། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་ལས། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱ་བསྟན་པ་ནི། འདི་སྐད་དུ། གང་ཞིག་བཅིངས་པ་ཙམ་གྱིས་སུ། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །འདིར་ནི་ལུས་ནི་བྱིན་བརླབས་ཏེ། །རང་གི་གཟུགས་སུ་རྣམ་བསྒོམས་ན། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ལག་པ་གཉིས་ཁུ་ཚུར་བཅངས་པ་ལས། མཐེ་བོ་གཉིས་བཏེགས་པ་ནི། དེ་བཞིན་གཤེགས་པའི་སྟེ། སྐུ་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །དེ་གཉིས་ལས་གཡོན་པའི་མཐེ་བོང་ནང་དུ་བཅུག་སྟེ་གཡས་པའི་མཐེ་བོང་བཏེག་པ་ནི། འཇིག་རྟེན་དབང་ཕྱུག་གི་སྟེ། གསུང་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པའི་མཐེ་བོང་ནང་དུ་བཅུག་སྟེ། གཡོན་པའི་མཐེ་བོང་བཏེག་པ་ནི། རྡོ་རྗེ་འཆང་གི་སྟེ། ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །གསང་སྔགས་ནི། ཨོཾ་ཨཱ་རྣམ་པར་སྣང་མཛད་དོ། །ཨོཾ་ཧྲཱིཿའོད་དཔག་མེད་དོ། །ཨོཾ་ཧཱུཾ་མི་འཁྲུག་པའོ། །གསང་སྔགས་ཀྱི་ཡི་གེའི་སྙིང་པོའོ། །ཡང་ན་ས་བོན་གྱི་སྔགས་ཀྱིས་བྱེད་ན། ཨོཾ་རྣམ་པར་སྣང་མཛད་ཀྱིའོ། །ཨཱཿའཇིག་རྟེན་དབང་ཕྱུག་གིའོ། །ཧཱུཾ་རྡོ་རྗེ་འཆང་གིའོ། །ཁྱད་པར་དུ་རྡོ་རྗེ་འཆང་ལ། ཟླ་བའི་གཟུགས་ལ་བསྒོམ་ཞེས་བཤད། ཆོ་འཕྲུལ་བཞིའི་ཚུལ་གྱིས་བྱིན་གྱིས་བརླབ་པ་ནི། དེ་ཉིད་ལས། བྱིན་བརླབ་དམ་ཚིག་དབང་བསྐུར་ལ། །རྡོ་རྗེ་སེམས་མ་རིན་ཆེན་དང་། །ཆོས་མ་རྡོ་རྗེ་ལས་མ་བཞི། །སྦྱོར་བ་བས་ནི་རྟག་ཏུ་སྦྱར། ཞེས་གསུངས་པ་སྟེ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེང་སྟེ། ལྷའི་ཐུགས་ཀར་གཏད་ནས། ཨོཾ་ས་ཏྭ་བཛྲཱི་ཧཱུཾ་ཞེས་བརྗོད་པས། སེམས་དཔའི་རྡོ་རྗེ་བརྟན་པར་བྱིན་གྱིས་བརླབ་པོ། །དེ་ཉིད་ལས་ཚིགས་དབུས་མ་བཅག་སྟེ་རིན་པོ་ཆེ་ལྟར་བྱས་ནས། ལྷ་རྣམས་ཀྱི་དཔྲལ་བར་གཏད་དེ། ཨོཾ་རཏྣ་བཛྲཱི་ཏྲཱཾ་ཞེས་བརྗོད་པས། རིན་པོ་ཆེ་འབར་བའི་དབུ་རྒྱན་དུ་གྱུར་ཏེ། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་བསམ་མོ། །དེ་ཉིད་ལས་པདྨའི་དབྱིབས་སུ་བྱས་ཏེ། ལྷ་རྣམས་ཀྱི་ལྗགས་ལ་གཏད་ནས། ཨོཾ་ངྷརྨ་བཛྲཱི་ཧྲི་ཞེས་བརྗོད་པས། ལྗགས་པདྨ་ལ་སོ་སོའི་ཆོས་ཀྱི་ཡི་གེ་གསལ་བར་གྱུར་ཏེ། དམ་པའི་ཆོས་འབྱུང་བ་ལ་མངའ་བརྙེས་པར་བསམ་མོ། །དེ་ཉིད་ལས་མཐེ་བོང་དང་མཐེའུ་རྩེ་སྤྲད་དེ་ཕྱིར་འགྱེད་ནས། ལྷ་རྣམས་ཀྱི་ཐུགས་གར་གཏད་དེ། ཨོཾ་ཀརྨ་བཛྲཱི་ཨཿཞེས་བརྗོད་པས། ལྷ་རྣམས་ཀྱི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་ལྗང་ཁུ་འོད་འབར་བར་བསམ་ཏེ། འཕགས་པ་མཆོད་པ་དང་འགྲོ་བའི་དོན་བྱེད་པ་བཅས་སངས་རྒྱས་ཀྱི་མཛད་པ་སརྦ་ལྷུན་གྱིས་གྲུབ་པར་མཛད་པ་ལ་མངའ་བརྙེས་པར་བསམ་མོ། །དེའི་འོག་ཏུ་ཡང་སོ་སོ་རང་རང་གི་སྔགས་དང་ཕྱག་རྒྱས་ཀྱང་བྱིན་གྱིས་བརླབ་པོ། །ཞེས་ཀྱང་བཤད་དོ། །ངན་སོང་སྦྱོང་བ་ལས། བདག་ཉིད་ལྷའི་སྐུར་བྱིན་གྱིས་བརླབ་པའི་རིམ་པ་གསུངས་པ་ནི། འདི་སྐད་དུ། ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པ་བྱས་ནས་ཀྱང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དེ་དབུས་སུ། །བསམ་ནས་དམ་ཚིག་ཕྱག་རྒྱ་ཡང་། །བསམ་ཞིང་དེ་བཞིན་དུ་ཉིད་དུ། །སྒྲུབ་པ་པོ་ནི་བསྒྱུར་བར་བྱ། །ལྷའི་རྣལ་འབྱོར་ཚུལ་དུ་བསྒྱུར། །དེ་ནས་རང་གི་ས་བོན་དང་། །ཕྱག་རྒྱས་ཕྱག་རྒྱ་དེ་བཞིན་བརླབ། །ལྟག་འོག་གོ་རིམ་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱི་དབང་བསྐུར་རོ། །དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང་། །མཁས་པ་ཡིས་ནི་བསྒྲུབ་བྱས་ན། །དེ་བཞིན་གཤེགས་ཀྱང་འགྲུབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་པ་འདི་ཡིན་ཏེ། འདི་ལ་སྔོན་གྱི་མཁན་པོ་རྣམས་ཀྱིས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་། ཆོ་འཕྲུལ་ཆེན་པོ་བཞིས་རྫོགས་པར་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཡིན་ནོ། །ཞེས་ཀྱང་བཤད། ལ་ལ་ན་རེ། དེ་ལྟར་བསྟན་པ་མེད་དེ་ཆོ་ག་རྣམ་པ་ལྔ་དང་ལྡན་པར་བསྐྱེད་པའི་ལྷ་ལ། བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་ཙམ་བྱས་པར་ཟད་དོ། །ཞེས་ཟེར་ན། འདི་ནི་ཚུལ་གཉི་གར་དྲང་དུ་རུང་ན། རྒྱུད་འདིའི་ཚུལ་ནི་བྱ་བའི་རྒྱུད་དང་མཐུན་པར་ཁོག་ཕུབ་ལ། རྣལ་འབྱོར་གྱི་ཚུལ་དང་མཐུན་པ་ཡང་ཡོད་པས། སྤྱིའི་རྒྱུད་དུ་སྣང་སྟེ། གང་དུ་ཡང་ཉེས་པ་མ་མཐོང་ངོ་། །དེ་ལ་གཞུང་འདི་ཉིད་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་དང་ཕྱག་རྒྱ་ལ། ཕྱག་རྒྱ་ནི་གསལ་བ་ཉིད་དུ་གསུངས་སྟེ། འདི་སྐད་དུ། ལག་པ་གཡོན་པ་ཐལ་མོ་གན་རྐྱལ་དུ་པང་དུ་བཞག་ལ། དེའི་སྟེང་དུ་གཡས་པ་བཞག་སྟེ། མཐེ་བོང་གཉིས་རྩེ་སྤྲད་པ་ལ་ཞི་བའི་ལྟ་བས་ལྟ་བ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ། དམ་ཚིག་ཡིན་པར་བཤད་དོ། །དེ་ཉིད་ལས་བཟློག་སྟེ། ལྟག་འོག་བསྣོལ་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་གཅིག་ལ་གཅིག་ལུ་གུ་རྒྱུད་དུ་བསྣོལ་ལ། སྙིང་གར་བཞག་པ་འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཐལ་མོ་རྫོགས་པར་སྦྱར་བ་ལས། ལྷག་མ་རྣམས་བརྐྱང་པ་འདི་ནི། པདྨ་རིགས་ཀྱི་པདྨའི་ཕྱག་རྒྱའོ། །ཞེས་གསུངས་པ་འདི་ཡིན་ནོ། །འདིའི་གསང་སྔགས་ནི་ཚོམ་གཅིག་ཏུ་མ་གསུངས་ཀྱང་། སྤྱིར་རྒྱུད་འདི་དཀྱིལ་འཁོར་སརྦ་རིགས་གསུམ་གྱི་ཚུལ་གྱིས་བསྡུས་པར་གསུངས་པས། དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་ནི། བཅོམ་ལྡན་རྣམ་པར་སྣང་མཛད་དམ། ཤཱཀྱ་ཐུབ་པའི་སྙིང་པོ་གང་ཡང་རུང་བ་གཅིག་དང་སྦྱར་བར་བྱ་བའམ། ཡང་ན་སངས་རྒྱས་སྤྱན་གྱི་སྙིང་པོ་གཞུག །རྡོ་རྗེ་རིགས་ཀྱི་གསང་སྔགས་ནི་རྡོ་རྗེ་འཆང་གི་གསང་སྔགས་གང་ཡང་རུང་བ་ཞིག་གམ། ཡང་ན་མཱ་མ་ཀཱིའི་སྙིང་པོའོ། །པད་མ་རིགས་ཀྱི་ཚེ་དཔག་མེད་ཀྱི་སྙིང་པོའམ་ཡང་ན་གོས་དཀར་མོའི་འོ། །གཞན་ཡང་རྒྱུད་འདི་ཉིད་ལས། རིགས་བཞིའི་དེ་བཞིན་གཤེགས་པ་བཞི་གསལ་བར་གསུངས་པ་ནི། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྔགས་དང་། སྣང་བ་མཐའ་ཡས་ཀྱི་གསང་སྔགས་དང་སྦྱར་ཏེ། དེ་བཞིན་གཤེགས་པ་སྔ་མ་བཞིན་དུ་སྦྱར་ཡང་ཉེས་སྐྱོན་མེད་དོ། །རྡོ་རྗེ་གཙུག་ཏོར་གྱི་དཀྱིལ་འཁོར་ཉིད་ཀྱི་དབང་ཕྱུག་བྱས་ནས་བྱིན་གྱིས་བརློབ་པར་འདོད་ན། ཨོཾ་བྲྀ་ཏ་བྲྀ་ཏ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཐ་ཏྲ་ཐ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། བི་དྲ་བ་བི་དྲ་བ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། ཅེས་བྱ་བ་འདི་དང་སྦྱར་རོ། །དེ་ནས་བྱིན་གྱིས་བརླབ་པ་ལ་སོགས་པ་འཁོར་ལོ་སྒྱུར་བ་བཞིའི་སྔགས་དང་ཕྱག་རྒྱས་བྱ་བ་ནི། ལག་པ་གཡས་གཡོན་གྱི་གུང་མོ་གཤིབས་ཏེ་བསྒྲེང་ལ། མཛུབ་མོ་གཉིས་རྩེ་སྤྲད་དེ་ཟླུམ་པོར་བྱས་ལ་གུང་མོར་གཞར། སྲིན་ལག་བསྣོལ་མཐེ་བོང་དང་མཐེའུ་ཆུང་སོ་སོར་བསྒྲེང་བ་ནི། ལག་ན་རྡོ་རྗེའི་ཕྱག་རྒྱ་སྟེ། ཨོཾ་བྷྲཱུཾ་དྲུཾ༼འ་ཆུང་ཡོད་པ་ནན་ཐབས་བྲལ། ༽་བཛྲ་པཱ་ཎི་དྲི་ངྷ་ཏིཥྛ་ཧཱུཾ། ཨོཾ་ཧཱུཾ་ཨོཾ། འདིས་ནི་སྤྱིར་བྱིན་གྱིས་བརླབ་པའོ། །ཨོཾ་བཛྲ་ཧཱུཾ་ཕཊ་ཐུགས་བྱིན་གྱིས་བརླབ་པའོ། །དེ་ཉིད་ཀྱི་མཛུབ་མོའི་ཚིགས་བར་མ་བཅག་པ་ནི་དབང་བསྐུར་བ་སྦྱིན་པར་བྱེད་པ་སྟེ། ནམ་མཁའི་སྙིང་པོའི་ཕྱག་རྒྱའོ། །དེ་ཉིད་དཔྲལ་བར་གཏད་དེ། ཨོཾ་དྷྀ་ངྷ་བཛྲ་ཧཱུཾ། ཞེས་བརྗོད་པས་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བར་བསམ་མོ། །དེ་ཉིད་ལས་མཛུབ་མོ་བསྡམ་ལ་སྲིན་ལག་པདྨ་འདྲ་བར་བྱས་པ་འདི་ནི་པདྨ་ལས་བྱུང་བའི་ཕྱག་རྒྱ་སྟེ། ལྗགས་ལ་གཏད་ལ། ཨོཾ་བཛྲ་ཧཱུཾ་ཅེས་བརྗོད་པས། ཆོས་འབྱུང་བ་ལ་མངའ་བརྙེས་པར་བྱིན་གྱིས་བརླབ་བོ། །གུང་མོ་གཤིབས་ལ་མཛུབ་མོ་དང་སྲིན་ལག་ནང་དུ་བཀུག་སྟེ། ཐ་མ་བཞི་བསྒྲེང་བ་ནི་སྣ་ཚོགས་རྡོ་རྗེ་གཟི་ཅན་གྱི་ཕྱག་རྒྱ་སྟེ། ཐུགས་ཀར་གཏད་ལ། ཨོཾ་བཛྲ་ཧཱུཾ་ཨ་ཞེས་བརྗོད་པས། ཐུགས་ཀར་སྣ་ཚོགས་རྡོ་རྗེ་གཟི་ཅན་བསམས་ཏེ། ཨོཾ་བཛྲ་ཧཱུཾ་ཨཱ། ཞེས་བརྗོད་པས། འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་བྱེད་པའི་མཛད་པ་ལ་མངའ་བརྙེས་པར་བསམ་མོ། །བྱ་བའི་རྒྱུད་དུ། ཁྱད་པར་དུ་གསུངས་པའི་ཡན་ལག་ལྔ་པའི་སྔགས་རྣམས་ནི། ལྷ་སོ་སོ་རེ་རེ་ལ་ཡན་ལག་ལྔ་པ་ཐ་དད་རེ་རེ་ཡོད་པས་འདིར་མ་བསྡུས་ཏེ། འོན་ཀྱང་སྐུ་གཟུགས་གཞུང་གང་དུ་བཞེངས་སུ་གསོལ་བ་དེའི་ས་བོན་རྣམས་བླངས་ཏེ་སོ་སོར་སྦྱོར་ཅིག །དེ་མི་ནུས་པ་རྣམས་ཀྱི་དོན་དུ། སྤྱི་ཙམ་སྦྱར་ན། སྙིང་པོ་ནི། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་སྤྱིར་འཇུག་པས། སྤྱི་བོར་ཨོཾ། མིག་གཉིས་སུ་ཨཱཿ སྙིང་གར་ཧཱུཾ་གཞག་གོ ། མཚོགས་མ་དང་སྤྱི་གཙུག་ནི་རང་གི་ལྷའི་སྙིང་པོ་གང་ཡིན་ཉིད་གཞག་གོ །གོ་ཅ་ནི་བྲང་དུ་ཏྲུཾ་༼འདི་ཡང་ནན་ཐབས་བྲལ་བས་བཞག །༽གཞག་གོ །མཚོན་ཆ་ནི་ལག་པ་གཉིས་ལ་ཕཊ་གཞག་གོ ། གཙུག་ཏོར། སྤྱན། ལྗགས། གོ་ཅ་བྱིན་གྱིས་བརླབ་པ་ནི་རྣལ་འབྱོར་ཆེན་པོའི་གཞུང་ལྟར་ན། སརྦ་བུདྡྷ་ལས། རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །མཐེ་བོང་རྩེ་མོ་མཉམ་པར་གཞག །ཁོང་སྟོང་མི་འགྱུར་དམ་པའོ། །སྤྱི་བོའི་མཚམས་སུ་རབ་བཞག་ནས། །འདི་ཡིས་བསྲུང་བར་བྱས་ན་ནི། །སངས་རྒྱས་དངོས་གྲུབ་མ་ལུས་པ། །ལུས་པ་མེད་པ་ཡོངས་སུ་གྲུབ། །གསང་སྔགས་ནི། ན་མ་སྟུ་སརྦ་བུདྡྷ་བྷྱཿཞེས་བརྗོད་པས། དབུ་གཙུག་ཏོར་བྱིན་གྱིས་བརླབ་པར་འགྱུར་རོ། །སྤྱན་བྱིན་གྱིས་བརླབ་པ་ནི། མཛུབ་མོས་མཐེ་བོ་མནན་ནས་ནི། །རང་གི་མཐེ་བོས་མཛུབ་མོ་མནན། །དཔལ་གྲུབ་སྤྱན་གྱི་ཕྱག་རྒྱ་སྟེ། །མཛུབ་མོ་མིག་གི་འབྲས་བུར་བྱ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །རྡོ་རྗེ་སྤྱན་ནི་གཉིས་དག་ཏུ། །ཁོང་སྟོང་དུ་ནི་སྦྱར་བར་བྱ། །དཔལ་གྲུབ་རྡོ་རྗེ་སྤྱན་ཡིན་ནོ། །གསང་སྔགས་ནི། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦཱརྠ་སཱ་ངྷ་ནི་སྭཱ་ཧཱ། འདིས་སྤྱན་ལ་བྱིན་གྱིས་བརླབས་པས། ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་འགྱུར་རོ། །ཡང་ན་སྤྱན་གྱི་ཕྱག་རྒྱ་ནི། དཔལ་ལྡན་གཡོན་པ་འགྱིང་དང་བཅས། །དཔལ་ལྡན་ལག་པ་གཡས་པ་ཡི། །པདྨོ་ཁུ་ཚུར་དཔྲལ་བར་བཞག །བདག་གི་མིག་ནི་གྱེན་དུ་བལྟ། །འདི་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཐམས་ཅད་རབ་སྒྲུབ་པའོ། །དཔལ་རྡོ་རྗེ་པདྨོ་གྱེན་དུ་འབར་བའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །པདྨའི་ཁུ་ཚུར་ཅེས་བྱ་བ་ནི། རྡེག་པའི་ཁུ་ཚུར་བཅངས་པ་ལས། །མཐེ་བོང་དག་ལ་གུང་མོ་གཞག །པདྨོའི་ཁུ་ཚུར་གྲུབ་པ་སྟེ། །སརྦ་དག་པའི་ལས་ལ་སྦྱར། །ཞེས་པ་འདི་ཡིན་ནོ། །ལྗགས་བྱིན་གྱིས་བརླབ་པ་ནི། རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །གུང་མོ་མཉམ་པར་རབ་ཏུ་བསྒྲུབ། །མཐེ་བོ་མཐེའུ་ཆུང་འདབ་མ་བཞི། །པདྨ་དྲི་མེད་རབ་ཏུ་རྒྱས། །དཔལ་པདྨོའི་རྒྱལ་པོའི་ཕྱག་རྒྱའོ། །འདི་ལྗགས་ལ་གཏད་དེ་སྔགས་ནི། ཨོཾ་ཤྲི་བཛྲ་པདྨ་བ་ད་བ་མུ་ཁ་ཡོ་གཱི་ཤྭ་ར་ཧི་ཧི་ཧི་ཧི། ཞེས་བརྗོད་ན། ཆོས་ཀྱི་ལྗགས་བྱིན་གྱིས་བརླབ་པར་འགྱུར་རོ། །རྣལ་འབྱོར་རམ་རྣལ་འབྱོར་ཆེན་པོའི་རྒྱུད་སྤྱིར་འབྲངས་ན། དེ་བཞིན་གཤེགས་པའི་སྔགས་དང་ཕྱག་རྒྱས་ནི། གཙུག་ཏོར་བྱིན་གྱིས་བརླབས་པར་འགྱུར་རོ། །སངས་རྒྱས་སྤྱན་གྱི་སྔགས་དང་ཕྱག་རྒྱས་ནི། སྤྱན་བྱིན་གྱིས་བརླབ་པར་འགྱུར་རོ། །རྡོ་རྗེ་ཆོས་ཀྱི་སྔགས་དང་ཕྱག་རྒྱས་ནི། ལྗགས་བྱིན་གིས་བརླབ་པར་འགྱུར་རོ། །རྡོ་རྗེ་བསྲུང་བའི་སྔགས་དང་ཕྱག་རྒྱས་ནི། གོ་ཅ་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ལ་སངས་རྒྱས་སྤྱན་གྱི་གསང་སྔགས་ནི། ཨོཾ་ག་ག་ལོ་ཙ་ནི་སྭཱ་ཧཱ། ཨོཾ་བུདྡྷ་ལོ་ཙ་ནི་ཧཱུཾ་སིདྡྷ་ན་སྭཱ་ཧཱ། ཞེས་གང་ཡང་རུང་བ་སྦྱར་རོ། །དེ་བཞིན་གཞན་ལས་གསུངས་པ་སྦྱར་ཡང་ཉེས་སྐྱོན་མེད་དོ། །འདི་ལྟར་སྐུ་གཟུགས་ལ་སོགས་པ་བྱིན་གྱིས་རློབ་པའི་ཚེ་སྐུ་གཟུགས་དེ་ཉིད་རྒྱུད་གང་གི་གཞུང་དུ་བཞེངས་སུ་གསོལ་བ་དེ་ཉིད་ཀྱི་བྱིན་གྱིས་བརླབས་པའི་རིམ་པས་བྱིན་གྱིས་བརླབས་ན། སརྦ་སྐྱོན་མེད་ཅིང་འཚམ་པར་འགྱུར་རོ། །སརྦ་བུདྡྷ་ལས། རང་གི་ལྷའི་རྣལ་འབྱོར་གྱིས། །བདག་དང་གཞན་ཡང་མཆོད་པར་བྱ། །ཞེས་འབྱུང་བས། རང་ཉིད་ལྷག་པའི་ལྷའི་ཏིང་ངེ་འཛིན་དུ་གནས་པའི་རྣལ་འབྱོར་པས། རང་གི་ལྷའི་རྒྱུད་དུ་གཏོགས་པ་ལ་མཆོད་པ་མ་གཏོགས་པ་ལྷ་གཞན་དང་གཞན་དག་ལ་ཡང་མཆོད་དུ་རུང་བ་སྐད་དུ་འབྱུང་སྟེ། འོན་ཀྱང་སྐུ་གཟུགས་སོགས་པ་ལ། བྱིན་གྱིས་བརླབ་པ་དང་བསྟུན་དུ་མི་རུང་བས། བྱིན་གྱིས་བརླབ་པ་ནི། སོ་སོའི་གཞུང་ལྟར་བྱས་ན་འཚམས་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་དབྱེར་མེད་པ་ཡིན་ནོ། །ཞེས་མོས་པ་གཙོར་བྱས་པ་ཙམ་གྱིས་ཆོ་ག་ཐམས་ཅད་བསྲེས་ན་ཆེན་པོར་མི་རུང་ངོ་། །ལེའུ་དང་པོ་མིག་གི་ཚུལ་རྫོགས་སོ།། །། བླ་མ་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པའོ། །

རབ་ཏུ་གནས་པའི་ཆོ་ག་ཚོགས་ཡིག་ཆེན་པོ།

༄༅། །རབ་ཏུ་གནས་པའི་ཆོ་ག་ཚོགས་ཡིག་ཆེན་པོ་ཞེས་བྱ་བ་བཞུགས།

༄༅། །གང་ཞིག་བདེ་བར་གཤེགས་རྣམས་ཀྱི། །ཕྱག་རྒྱ་གང་གིས་འཇིག་རྟེན་དུ། །སྐྱེ་བོ་བྱིན་གྱིས་བརླབས་པའི་ཕྱིར། །ཆོ་གའི་རྣམ་དབྱེ་བཤད་པ་ལས། །ཕྱག་རྒྱས་ཕྱག་རྒྱ་བྱིན་བརླབས་ཏེ། །ཡུན་དུ་དགེ་ཤིས་བརྟན་འདོད་པས། །སྔགས་དང་ཕྱག་རྒྱ་ཇི་སྙེད་པས། །གང་ཞིག་བརླབས་ཀྱང་སྐྱོན་མེད་དེ། །ཇི་སྙེད་ལྷ་སྔགས་ཕྱག་རྒྱ་ཀུན། །ཆོས་ཉིད་རྣམ་གྲོལ་མཚོན་པར་གཅིག །གཞན་ཡང་ཕྱག་རྒྱ་གཅིག་པུ་ཡང་། །རྣམ་གྲོལ་མཐའ་ཡས་མཚོན་སྒོར་གྱུར། །ལས་དང་དངོས་གྲུབ་ཐམས་ཅད་པ། །དེ་ཕྱིར་ཉེས་སྐྱོན་ཡོད་མིན་ཡང་། །གང་ཞིག་ཉེ་བར་བསྟན་པ་རྣམས། །ཅུང་ཟད་འདི་རུ་བརྗོད་པར་བྱ། །སྐུ་གཟུགས་དང་མཆོད་རྟེན་དང་གླེགས་བམ་རྣམས་ཞལ་བསྲོ། མངའ་དབུལ། བྱིན་གྱིས་བརླབ། རབ་གནས་བྱ་བ་ལ་སོགས་པའི་ཐ་སྙད་ཀྱིས་བསྟན་པ། མདོར་ན་དགེ་ཤིས་སམ་བཀྲ་ཤིས་སྒྲུབ་པར་གྲགས་པའི་ཆོ་ག་འདི་ལ། པྲ་ཏིཥྛ་བི་ངྷི་ཞེས་བྱ་བའི་སྒྲ། པྲ་ནི་དོན་ལྷག་པར་སྟོན་པའི་ཚིག་གི་ཕྲད་དུ་ཟད། ཏིཥྠ་ནི་བརྟན་པའམ་ཡུན་རིང་དུ་གནས་པ་ལ་བྱ། བི་ངྷི་ནི་ཆོ་ག་སྟེ་རབ་གནས་ཀྱི་ཆོ་ག་ཞེས་བཏགས། རྣམ་པ་གཅིག་ཏུ་པྲ་རིང་དུ་དྲངས་པའི་སྒྲའི་ཁོང་ན་ཨའི་སྒྲ་ཡོད་དེ། དེ་ལྟར་ན་ཨ་ངྷི་ཥྛན་ཞེས་བྱ་བ་བྱིན་གྱིས་བརློབས་པ། ཨ་ངྷི་ཥྛཏེ་ཞེས་བྱ་བ་བྱིན་གྱིས་བརླབས་པ་སྟེ། མདོར་ན་བརྟན་ཞིང་བྱིན་ཆེ་ལ་དགེ་ཞིང་བཀྲ་ཤིས་པར་བྱ་བའི་ཆོ་ག་སྟེ། བྱིན་གྱིས་བརླབས་པ་ཞེ་འམ། ཞལ་དྲོ་བར་བྱ་ཞེ་འམ། བཀྲ་ཤིས་བསྒྲུབ་པའི་སྔགས་ལ། ན་མཿ སརྦ་ཏ་ཐཱ་གཏེ་བྷྱཿསརྦ་བྷ་ཡ་བི་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཧཾ་ཁཾ། རཀྵ་མ་ཧཱ་བ་ལ། སརྦ་ཏ་ཐཱ་ག་ཏ་པུ་ཎྱ་ནི་རྫ་ཏེ་ཧཱུཾ་ཧཱུཾ་ཏྲཊ་ཏྲཊ་ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། །འདིས་ཐམས་ཅད་དུ་བསྲུང་བར་བསམ་མོ། །དེ་ནས་དམ་ཚིག་ལས་མི་འདའ་བར་བྱ་བ་ནི། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། །མཐེ་བོང་གཉིས་བསྒྲེང་ངོ་། །རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། །སངས་རྒྱས་སྐྱོབ་པ་ཀུན་གྱི་ཡིན། །སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཕྱག་རྒྱ་འདི་ལ་རབ་ཏུ་གནས། །སྔགས་ལ། ན་མཿས་མནྟ་བུདྡྷ་ནཱཾ། ཨ་ས་མེ། ཏྲི་ས་མེ། མ་ཧཱ་ས་མ་ཡེ་སྭཱ་ཧཱ། འདིས་སངས་རྒྱས་ཐམས་ཅད་ཀྱིས་སྟོན་པར་བྱེད་པའི་སྐུ་གསུང་ཐུགས་ཀྱི་ཆོས་ལས་མི་འདའ་བ། ས་དང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་པར་བྱེད་ནུས་པའི་མཐུ་དང་ལྡན་པར་སྐུ་དེ་ཉིད་གྱུར་པར་བསམ་མོ། །དེ་ནས་ལག་པ་གཉིས་ཁུ་ཚུར་བཅངས་ཏེ་མཐེ་བོ་གཉིས་ནང་དུ་གཞུག །མཛུབ་མོ་གཉིས་བསྒྲེང་ངོ་། །རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། ཆོས་དབྱིངས་རྣམ་པར་སྦྱོང་བའོ། །སྔགས་ལ། ན་མཿས་མནྟ་བུདྡྷ་ནཱཾ། ངྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཏྨཱ་ཀོ་྅་ཧཾ། འདིས་དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསམ་མོ། །དེ་ནས་སྐུ་གཟུགས་སམ་རི་མོའི་རྒྱུ་དེ་ཉིད་ལྷ་གང་གི་སྐུ་ཡིན་པ་དེའི་ཕྱག་རྒྱ་དང་སྙིང་པོ་བརྗོད་དེ། སྐུ་ཡོངས་སུ་རྫོགས་པར་བསྐྱེད་དོ། །ཡང་ན་ལྷ་ཐམས་ཅད་ལ་ཐུན་མོང་དུ་འཁོར་ལོ་སྒྱུར་བའི་ཕྱག་རྒྱ་དང་རང་རང་གི་སྔགས་ཀྱིས་བསྐྱེད་པར་བྱ་སྟེ། དེ་ལ་ཕྱག་རྒྱ་ནི། ལག་པ་བསྣོལ་ཏེ་སོར་མོ་རྣམས་རྒྱབ་སྦྱར་ནས་མཐེ་བོང་གཉིས་སྤྲད་དོ། །ཕྱག་རྒྱ་དཔལ་དང་ལྡན་པ་འདི། །ཆོས་ཀྱི་འཁོར་ལོ་ཞེས་སུ་བསྒྲགས། །འཇིག་རྟེན་མགོན་པོ་སྐྱོབས་རྣམས་ཀྱི། །འཁོར་ལོ་རབ་ཏུ་འདིས་བསྐོར་རོ། །སྔགས་ནི་ལྷ་རང་རང་གི་སྙིང་པོ་བརྗོད་པར་བྱ་སྟེ། རེ་ཤིག་མཚོན་པ་ཙམ་སྦྱར་ན། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཨཱཿརྣམ་པར་སྣང་མཛད་ཀྱིའོ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་བྷ་ཤཱཀྱ་ཐུབ་པའི་འོ། །ནམཿསནྟ་བུདྡྷཱ་ནཱཾ། ཨོཾ་པ། སྤྱན་རས་གཟིགས་དབང་ཕྱུག་གིའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་བ། ཕྱག་ན་རྡོ་རྗེའི་འོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་མཾ། འཇམ་དཔལ་ཀྱིའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ངྷི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་འོ། །ན་མཿསམནྟ་བུདྡྷཱ་ནཱཾ། ཨོཾ་གཾ།སངས་རྒྱས་སྤྱན་གྱི་འོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་བཾ། གོས་དཀར་ཅན་གྱིའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་མཾ། མཱ་མ་ཀཱིའི་འོ། །འདི་དག་མཚོན་པ་ཙམ་དུ་ཟད་དེ། ལྷ་སོ་སོའི་སྙིང་པོས་སྦྱར་བར་བྱའོ། །འདིས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་ལྷར་གྱུར་པར་བསམ་མོ། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་ཏེ་ཐུགས་ཀར་གཏད་ལ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་རྒྱ། །མི་ཤེས་གྲོང་ཁྱེར་འཇོམས་པར་བྱེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །ཉིད་ཀྱིས་བྱིན་གྱིས་བརླབས་ཏེ་བསྟན། སྔགས་ལ། ན་མཿས་མནྟ་བུདྡྷཱ་བཛྲ་ནན་ཧཱུཾ། །དེ་ནས་གསུང་དང་ལྡན་པར་བྱིན་གྱིས་བརླབ་པ། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ཏེ། མཛུབ་མོ་གཉིས་ཀྱི་མཐེ་བོ་གཉིས་སོ་སོར་དཀྲིས་ལ། དུང་ལྟ་བུར་བྱས་ཏེ་ཞལ་དུ་གཏད་ལ། །ཕྱག་རྒྱ་དཔལ་ལྡན་དམ་པ་འདི། །ཆོས་ཀྱི་དུང་ཞེས་རྣམ་པར་བསྒྲགས། །འདི་ནི་འཇིག་རྟེན་འདི་དག་ན། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞི་བ་མྱ་ངན་འདས་འགྲོ་བ། རྡུལ་དང་བྲལ་བའི་ཆོས་འཆད་དོ། །སྔགས་ལ། ན་མཿས་མནྟ་བུདྷཱ་ནཾ། སརྦ་ཐཱ་ཨཾ། དེ་ནས་འོད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ནི། བསྲུང་བ་ཆེན་མོའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་ལ་མཐེ་བོ་གཉིས་ནང་དུ་གཞུག་གོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འོད་ཟེར་འབར་བའི་འཕྲེང་བ་སྟེ། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །མ་རིག་མུན་པ་སེལ་བར་བྱེད། སྔགས་ལ། ན་མཿས་མནྟ་བུདྷཱ་ནཱཾ། ཛྭ་ལ་མཱ་ལི་ན་ཏ་ཐཱ་ག་ཏ་ཨརྩི་སྭཱ་ཧཱ། གདན་བྱིན་གྱིས་བརླབ་པ་ནི། ལག་པ་གཉིས་ཐལ་མོ་སྦྱར་བ་ལས་བརྐྱང་སྟེ་པདྨ་ལྟར་བྱས་ལ། མཐེ་བོ་གཉིས་དང་མཐེའུ་ཆུང་གཅིག་ཏུ་སྤྲད་དེ། མཛུབ་མོ་གཉིས་དང་གུང་མོ་སྤྲད་དོ། །པདྨ་དམ་པ་དཔལ་ལྡན་འདི། །སངས་རྒྱས་སྐྱོབས་པ་ཐམས་ཅད་ཀྱི། །མི་ཤིག་རྡོ་རྗེའི་གདན་ཡིན་ཏེ། །དེར་ནི་འདྲེན་པ་འཚང་རྒྱ་ཞིང་། །རྒྱལ་བ་སྲས་རྣམས་ཐམས་ཅད་ནི། །འདི་ལས་སྐྱེས་དང་བྱང་ཆུབ་འགྱུར། སྔགས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ། དེ་ལྟར་བྱིན་གྱིས་བརླབས་ཏེ་བཀྲ་ཤིས་དང་མཆོད་པའི་ཆོ་ག་རྣམས་བྱའོ། །མདོར་བསྡུས་པ་ནི་འདིས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཅུང་ཟད་དེ་བས་རྒྱས་པར་བྱེད་པར་འདོད་ན། དེ་རྣམས་བྱས་པའི་སྟེང་དུ་ཡང་། བྱིན་གྱིས་བརླབ་པའི་ཆོ་ག་འདི་བསྣན་པར་བྱ་སྟེ། དབུ་གཙུག་ཏོར་དང་ལྡན་པ་དང་། ཞལ་མཛོད་སྤུ་དང་། དེ་བཞིན་དུ་སྤྱན་དང་། ལྗགས་དང་། གོ་ཆ་རྣམས་ཀྱིས་མནན་པར་བྱའོ། །དེ་ལ་དབུ་གཙུག་ཏོར་བྱིན་གྱིས་བརླབ་པ་ནི། ལག་པ་གཉིས་ཁུ་ཚུར་བཅིངས་ལ། གུང་མོ་གཤིབས་ཏེ་བསྒྲེང་། མཛུབ་མོ་གཉིས་ངོས་ནས་བཀུག་སྟེ་སྦྱར་རོ། །ཕྱག་རྒྱ་དེ་སྐུའི་དབུ་སྟེང་དུ་གཏུགས་ཏེ། གཙུག་ཏོར་ཕྱག་རྒྱ་རྒྱ་ཆེན་ཏེ། །གཙུག་ཏོར་ཞེས་ནི་བསྒྲགས་པ་ཡིན། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། རྒྱལ་བའི་མཆོག་ཏུ་གྱུར་པ་ཡིན། །སྔགས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཧཱུཾ་ཧཱུཾ། འདིས་དབུ་གཙུག་ཏོར་རིན་པོ་ཆེ་མཐོན་འཐིང་ཆེན་པོའི་ཁ་དོག་དང་དབྱིབས་འདྲ་བ། རབ་ཏུ་འབར་བ་འོད་ཟེར་ཁ་དོག་བརྒྱ་ཕྲག་དུ་མ་འཕྲོ་བ། རྩེ་མོ་བལྟར་མི་མངོན་པ། སངས་རྒྱས་ཐམས་ཅད་ཀྱིས་རྣམ་པར་དག་པའི་ཆོས་གཟིགས་པའི་མཐུ་ལས་སྐྱེས་པ། འདི་ལྟ་བུ་དང་ལྡན་པར་བསམ་མོ། །དེ་ནས་ཞལ་མཛོད་སྤུ་དང་ལྡན་པར་བྱིན་གྱིས་བརླབ་པ་ནི། ལག་པ་གཡས་པ་ཁུ་ཚུར་བཅངས་ལ། སྐུ་གཟུགས་ཀྱི་སྨིན་མཚམས་སུ་བཞག་སྟེ། རྒྱལ་བ་དམ་པས་ཕྱག་རྒྱ་འདི། །མཛོད་སྤུ་ཞེས་ནི་རབ་ཏུ་བསྒྲགས། །འདི་ནི་བཅིངས་པ་ཙམ་གྱིས་སུ། །རྒྱལ་བའི་མཆོག་ཏུ་གྱུར་པ་ཡིན། །སྔགས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ཧཾ་ཛ། འདིས་ཞལ་མཛོད་སྤུ་གཡས་སུ་འཁྱིལ་བ་ཤེལ་ལྟར་དག་པ། ནོར་བུ་རིན་པོ་ཆེ་ལྟ་བུའི་འོད་དང་ལྡན་པར་བསམ་མོ། །དེ་ནས་སྤྱན་བྱིན་གྱིས་བརླབ་པ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ་གུང་མོ་དང་སྲིན་ལག་གཉིས་བརྐྱང་སྟེ། མཐེ་བོང་དྲུང་དུ་བཞག་གོ། །དེ་སྐུ་གཟུགས་ཀྱི་སྤྱན་གཉིས་ལ་གཏུགས་ལ། །འདི་ནི་སངས་རྒྱས་མགོན་རྣམས་ཀྱི། །ཐུགས་རྗེ་ལས་བྱུང་སྤྱན་ཡིན་ཏེ། །མིག་གི་སྟེང་དུ་མཁས་པས་བཞག །དེ་ལས་སངས་རྒྱས་སྤྱན་དུ་འགྱུར། སྔགས་ལ། ན་མཿས་མནྟ་བུདྡྷཱ་ནཾ། ག་ག་ན་པ་ར་མ་ཀྵ་ཎ་ཀ་རུ་ཎ་མ་མ་ཏ་ཐཱ་ག་ཏ་ཙཀྵུཿསྭཱ་ཧཱ། འདིས་ཡེ་ཤེས་དང་ཐུགས་རྗེའི་སྤྱན་དང་ལྡན་པར་བསམ་ཞིང་། དུས་དེར་རི་མོ་མཁན་ནམ་བཟོ་པོ་གང་ཡིན་པ་དེ་བཀུག་སྟེ། ཇི་ལྟར་ཁས་བླངས་པའི་ཡོན་ལས་ཅི་ནུས་དཔགས་ཏེ་ཕུལ་ལ། མཆོད་འགྲོན་བྱས་ཏེ་སྤྱན་སྔར་གསལ་བར་མ་བྱས་པ་དེ་ལེགས་པར་གསལ་བར་བྱས་ཏེ། དེ་ཡང་གསེར་གྱི་ཐུར་མས་ཕྱེད་དུ་གཞུག་པར་གྲགས་པས། སྤྱན་དབྱེ་བ་འདི་དབང་པོ་རྣམས་ཀྱི་མཆོག་ཡིན་པས་འདི་ལས་མཚན་མར་བཙུགས་ཏེ། བྱིན་གྱིས་བརླབ་པའི་ཆོ་ག་ཐམས་ཅད་ལ། སྐུ་གཟུགས་སྤྱན་དབྱེ་བའི་ཆོ་ག་ཞེས་ཀྱང་གྲགས་སོ། །ལྗགས་བྱིན་གྱིས་བརླབ་པ་ནི། རྡོ་རྗེ་གོ་ཆའི་ཕྱག་རྒྱ་ལས། སྲིན་ལག་གཉིས་དང་མཐེ་བོ་གཉིས་དང་མཐེའུ་ཆུང་གཉིས་གཅིག་ཏུ་སྦྱོར། སྐུ་གཟུགས་ཀྱི་ལྗགས་ལ་གཏད་དེ། རྒྱ་འདི་བདེ་བར་གཤེགས་རྣམས་ཀྱི། །དམ་ཆོས་རབ་གནས་ལྗགས་ཡིན་ཏེ། །འདི་ནི་བཅིངས་པ་ཙམ་གྱིས་སུ། །བདེན་པའི་ཆོས་ལ་དབང་བར་འགྱུར། །སྔགས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་ག་ཏ་ཛི་ཧྭཱ་ས་ཏྱ་ངྷརྨ། །པྲ་ཏིཥྛ་ཏེ་སྭཱ་ཧཱ། དེ་ནས་གོ་ཆ་བྱིན་གྱིས་བརླབ་པ་ནི། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཛུབ་མོ་གཉིས་ཀྱི་ངོས་ནས་དཀྲིའོ། །དེ་སྐུ་གཟུགས་ཀྱི་བྲང་དུ་གཏུགས་ཏེ། འདི་ནི་བདེ་བར་གཤེགས་པ་ཡི། །རྡོ་རྗེ་འབར་འཕྲོ་གོ་ཆ་སྟེ། །རབ་གཏུམ་ཕྱག་རྒྱ་འདི་བཅིངས་པས། །རྡོ་རྗེ་མི་ཕྱེད་སྐུར་བསྒོམ་མོ། །སྔགས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། པྲ་ཙཎྜ་བཛྲ་ཛྭ་ལ་བི་སྥུ་ར་ཧཱུཾ། ཅིས་ཀྱང་མི་ཕྱེད་པའི་སྐུར་གྱུར་པ་བསམ་མོ། །དེ་ལྟར་ཕྱག་རྒྱ་སྔ་མ་བདུན་དང་། ཕྱི་མ་ལྔས་མནན་ཏེ། ཕྱག་རྒྱ་བཅུ་གཉིས་ཀྱིས་བྱིན་གྱིས་བརླབས་པ་བསྟན་པས་ཚུལ་ཡིན་ནོ། །འདི་ལྟ་བུར་བྱིན་གྱིས་བརླབས་པ་ལ། ཡན་ལག་ལྔ་པའི་གསང་སྔགས་ཀྱིས་བྱིན་གྱིས་བརླབ་པ་ཞེས་བྱ་བའང་གྲགས་ཏེ། ཡན་ལག་ལྔ་ནི། སྙིང་པོ་དང་། མཚོག་མ་དང་། སྤྱི་གཙུག་དང་། གོ་ཆ་དང་། མཚོན་ཆ་དང་། དེ་ལས་སྙིང་པོ་ནི་སྙིང་གར་རོ། མཚོག་མ་དང་སྤྱི་གཙུག་ནི་དེ་ཉིད་དུའོ། མཚོན་ཆ་ནི་ལག་པ་ལའོ། །འདི་དག་ནི་ལྷ་རེ་རེ་ལ་སྔགས་མི་འདྲ་བ་རེ་རེ་ཡོད་པས་སྤྱི་ཐུན་མོང་དུ་མི་འཇུག་པའི་ཕྱིར་འདིར་མ་བཀོད་དེ། ལྷ་སོ་སོའི་སྒོའི་ཆོ་ག་ལ་དེ་ལྟར་བསྟན་པ་ཡོད་པའི་གཞུང་དུ་བསྒྲུབ་པར་འདོད་ན། དེ་དག་གིས་ཀྱང་འདིར་བྱིན་གྱིས་བརླབ་པར་བྱའོ། །གཞན་ཡང་དབང་པོ་ལྔ་ཆར་བྱིན་གྱིས་བརླབ་པར་འདོད་ན་སྐུ་དང་སྤྱན་དང་ལྗགས་གསུམ་ནི་སྔ་མ་ལ་མ་ལྟོས་པས་ཆོག་གོ། །སྙན་དང་ཤངས་བྱིན་གྱིས་བརླབ་པ། མཐེའུ་ཆུང་བསྒྲེང་བའི་ཚུལ་གྱིས་སུ། །ལག་པ་དེ་ཉིད་བཏེག་ནས་ནི། །སྔགས་པས་རྣ་བ་གཉིས་ཀར་ཡང་། །ཧ་ཞེས་བྱ་བ་བཞག་པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་རྩེ་མོ་འཛིན་བྱེད་པ། །ཐོས་པ་འཛིན་བྱེད་དམ་པ་ནི། །གཟུངས་ནི་སྦྱིན་པར་བྱེད་པའོ། །སྔགས་ལ། བཛྲ་ཧོ་ཧ་སྭཱ་ཧཱ། གཟུངས་ཐམས་ཅད་ཀྱི་སྙན་མངའ་བར་བསམ་མོ། །ཤངས་བྱིན་གྱིས་བརླབ་པ་ནི། ལག་པ་དེ་ཉིད་གཏེགས་ནས་སུ། །ཧ་ཞེས་བྱ་བ་སྟོབས་ལྡན་པར། །ཐེའུ་ཆུང་བསྒྲེང་བའི་ཚུལ་གྱིས་སུ། །རྡོ་རྗེ་སྣ་ལ་བཞག་པར་བྱ། །ཕྱག་རྒྱ་དེ་སྐུ་གཟུགས་ཀྱི་ཤངས་ལ་གཏད་དེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ཤུགས་འཛིན་མཆོག་ཡིན་ཏེ། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །ཡིད་བཞིན་མགྱོགས་པ་འཛིན་པར་འགྱུར། །སྔགས་ལ། བཛྲ་ཧོ་ཧ་སྭཱ་ཧཱ། དེ་དག་གིས་ནི་དབང་པོ་ལྔ་ཡོངས་སུ་ རྫོགས་པར་འགྱུར་རོ། །ད་ནི་ཤིན་ཏུ་སྤྲོས་པ་ལ་དགའ་བ་རྣམས་ཀྱི་དོན་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའི་ཡན་ལག་དང་། ཉིང་ལག་ཐམས་ཅད་བྱིན་གྱིས་བརླབ་པ་དང་། ཐུགས་ཡེ་ཤེས་ཀྱི་ཡོན་ཏན་གྱི་ཆེ་བ་ཐམས་ཅད་དང་ལྡན་པར་བྱིན་གྱིས་བརླབ་པ་དང་། དེ་བཞིན་དུ་གསུང་གི་ཡན་ལག་ཐམས་ཅད་དང་། གཞན་ཡང་གཞལ་ཡས་ཁང་བཀོད་པ་དང་། བྱང་ཆུབ་ཀྱི་ཤིང་ལྟ་བུ་གནས་བྱིན་གྱིས་བརླབ་པ་དང་། བླ་རེ་ལ་སོགས་པ་མཆོད་པའི་རྒྱན་བྱིན་གྱིས་བརླབ་པ་དང་། མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ། རྒྱུད་རྣམས་ལས་ཇི་སྐད་གསུངས་པ་ཅི་རིགས་ཙམ་ཅིག་བསྡུ་བར་བྱ་སྟེ། ཤིན་ཏུ་རྒྱས་པ་ནི་ཡི་གེའི་གཞུང་དུ་བསྡུ་བར་ནུས་ཀྱང་། སྔགས་པ་རྣམས་ཀྱིས་ཆོ་ག་ལ་སྦྱོར་བར་དཀའ་ བས་མ་བྲིས་སོ། །ཅི་རིགས་ཙམ་བཀོད་པ། དེ་ལ་ཡན་ལག་གི་དམ་པ་དབུ་སྤྱིར་བྱིན་གྱིས་བརླབ་པ། ལག་པ་ཁུ་ཚུར་བཅངས་ལ། མཐེ་བོ་གཉིས་དང་མཛུབ་མོ་གཉིས་ནང་དུ་བཅུག་པ་ནི་བཅོམ་ལྡན་འདས་ཀྱི་དབུའི་ཕྱག་རྒྱའོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་དུཾ་སྭཱ་ཧཱ། དབུ་སྤྱིར་བྱིན་གྱིས་བརླབ་པའོ། །དེ་ནས་ལག་པ་གཡས་པ་བཏེག་སྟེ། མཚོག་མར་བཞག་ལ་དེར་ཡི་གེ་ཁཾ་འབར་བར་བསམས་ཏེ། བཛྲ་ཧོ་ཁཾ་སྭཱ་ཧཱ། ཞེས་བརྗོད་དོ། །མཚོག་མ་བྱིན་གྱིས་བརླབ་པའོ། །ལག་པ་གཉིས་ཟླ་བ་ལྟར་བྱས་ཏེ་དཔྲལ་བར་གཏད་ལ། ཙཎྜ་ཨུ་ནནྡྷ་ར་སྭཱ་ཧྭ། དཔྲལ་བ་བྱིན་གྱིས་བརླབ་པའོ། །ལག་པ་མཛུབ་མོ་བསྒྲེང་སྟེ་སྨིན་མ་ལ་གཏད་ལ་ཡི་གེ་ཧ་བསམས་ཏེ། བཛྲ་ཧོ་ཧཱུཾ་སྭཱ་ཧཱ། སྨིན་མ་བྱིན་གྱིས་བརླབ་པའོ། །མཐེ་བོང་བསྒྲེང་སྟེ་གཏད་ནས་མཁུར་ཚོས་ལ་གཏུགས་ཏེ། ཡི་གེ་ཧོ་བསམས་ནས་བཛྲ་ཧོ་ཧོ་སྭཱ་ཧཱ། མཁུར་ཚོས་བྱིན་གྱིས་བརླབ་པའོ། །གུང་མོ་བཏེག་སྟེ་མཆུ་གཉིས་ལ་བཞག་ནས་ཡི་གེ་ཧ་བསམས་ཏེ། བཛྲ་ཧོ་ཧཱུཾ་སྭཱ་ཧཱ། མཆུ་བྱིན་གྱིས་བརླབས་པའོ། །ལྗགས་ཀྱི་ཕྱག་རྒྱ་ལས་གུང་མོ་གཉིས་དང་སྲིན་ལག་གཉིས་བཀུག་ལ་ནང་དུ་སྦྱར། མཐེ་བོང་གཉིས་བསྒྲེང་ལ་ཅུང་ཟད་བཀུག་སྟེ། རྩེ་མོ་གུང་མོ་ལ་ཕྱོགས་པར་བྱ། མཐེའུ་གཉིས་སྔ་མ་བཞིན་ནོ། །སྔགས་ལ། ཏ་ཐ་ག་ཏ་མ་ཧཱ་ཝཀྟ་སྭཱ་ཧཱ། ཞལ་བྱིན་གྱིས་བརླབ་པའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་དེ་ཉིད་བཀྲོལ་ལ་ནང་དུ་བཅུག་སྟེ་ཚེམས་མཆེ་བ་ལ་གཏད་ལ། ཏ་ཐཱ་ག་ཏ་མ་ཧཱ་དཾ་ཥྚ་སྭཱ་ཧཱ། ཚེམས་བྱིན་གྱིས་བརླབ་པའོ། །དེ་ནས་ཁུ་ཚུར་ཀོ་སྐོ་ལ་གཏད་དེ། བཛྲ་མཱུརྟི་སྭཱ་ཧཱ། ཀོ་སྐོ་བྱིན་གྱིས་བརླབ་པའོ། །དེ་དག་ནི་དབུའི་ཡན་ལག་དང་ཉིང་ལག་ཡོངས་སུ་རྫོགས་པར་བྱ་བའོ། །དེ་ནས་ཐུགས་བྱིན་གྱིས་བརླབ་པར་བྱ་བ་ལ། རྡོ་རྗེ་རྩེ་གསུམ་འཁྱིལ་བའི་ཕྱག་རྒྱ་བཅས་ཏེ་ཐུགས་ཀར་བཞག་ལ། བཛྲ་ཧོ་རི་སྭཱ་ཧཱ། ཐུགས་ཀ་ན་དཔལ་བེའུ་རྡོ་རྗེ་འཁྱིལ་བ་དང་འདྲ་བ་འབར་བ་བསམ་མོ། །ད་ནི་ཐུགས་ཡེ་ཤེས་ཀྱི་ཡོན་ཏན་གྱི་ཆོས་རྫོགས་པར་བྱིན་གྱིས་བརླབ་པ། ཤུནྱ་ཏ་བཛྲ་སྭཱ་ཧཱ། སྟོང་པ་ཉིད་ཐུགས་སུ་ཆུད་པར་བྱིན་གྱིས་བརླབ་པའོ། །སརྦ་ངྷརྨ་ས་མནྟ་བཛྲ་སྭཱ་ཧཱ། རྡོ་རྗེ་མཉམ་པ་ཉིད་ཐུགས་སུ་ཆུད་པར་བྱིན་གྱིས་བརླབ་པའོ། །དེ་བཞིན་དུ་གཞན་ཡང་། ན་མཿས་མནྟ་བུདྡྷཱ་ནཾ། ཐཾ། བྱམས་པ་ཆེན་པོ་འབྱུང་བའོ། །ན་མཿས་མནྟ་བུདྡྷཱ་ནཾ། ཨཾ། སྙིང་རྗེ་ཆེན་པོ་འབྱུང་བའོ། །དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་པ་ནི། །ན་མཿས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་ག་ཏ་སྨྲྀ་ཏི་ས་ཏྭ་ཧི་ཏ་སྭཱ་ཧཱ། དྲན་པ་ཉེ་བར་བཞག་པའི་འོ། །ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ངྷརྨ་ས་མནྟ་པྲ་སྟ་སྭཱ་ཧཱ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་བྱེད་པའི་དབང་པོ་དང་སྟོབས་ཀྱིའོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བོ་དྷྱངྒ་ཧྲྀ་ད་ཨ་ཤ་ཡ་ས་སརྦ་བུདྡྷཱ་སྭཱ་ཧཱ། རྡོ་རྗེ་བྱང་ཆུབ་ཀྱི་ཡན་ལག་གིའོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་མརྒ་བི་ཤོ་ངྷ། ད་ཀ་ད་ཀ།ཙ་ར་ཙ་ར་སྭཱ་ཧཱ། འཕགས་པའི་ལམ་རྣམས་ཀྱིའོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། ས་ཏྱ་བ་ཀ་ས་མུད་དཱ་ཀ་བུདྡྷཱ་རཱུ་པ་ངྷ་ར་སྭཱ་ཧཱ། འཕགས་པའི་བདེན་པ་རྣམས་ཀྱིའོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་པ་ར་མི་ཏ་གར་བྷ་སརྦ་ཏྲ་ཨ་ཏི་ཧ་ཏ་བཛྲ་ཙི་ན་ཧ་སྭཱ་ཧཱ། ཕ་རོལ་དུ་ཕྱིན་པའི་འོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། བཛྲ་དྷཱ་ར་ནི། ཤ་ར་དྷཱ་ར་དྷཱ་ར་བཛྲ་སྭཱ་ཧཱ། གཟུངས་རྣམས་ཀྱིའོ། །ན་མཿ ས་མནྟ་བུདྡྷཱ་ནཱཾ། ཨ་ཙིནྟྱ་ཨདྦྱ་ཏ་རཱུ་པ་ཝཱ་ཀ་ས་མ་ཏ། པྲཱསྟ་བི་ཤུདྡྷ་སྭ་ར་སྭཱ་ཧཱ། དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པའི་འོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ད་ཤ་བ་ལཱངྒ་ངྷ་ར་ཧཱུཾ་སཾ་ཇ་སྭཱ་ཧཱ། སྟོབས་བཅུའོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། ཨ་བེ་ཎི་ཀ་བཛྲ་སཾ་བྷ་བ་བུདྡྷ་སུ་ཏྲ་སྭཱ་ཧཱ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་འོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱེཿསརྦ་མུ་ཁེ་བྷྱཿ སརྦ་ཐཱ། བེ་ཤ་ར་ད་བཛྲ་མརྒྷ་ནི་ར་དརྴ་ཀ་སྭཱ་ཧཱ། མི་འཇིགས་པ་རྣམས་ཀྱིའོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿསརྦ་ཐཱ། ཏྲི་རཏྣ་སཾ་སྟ་བ་ཀ་བུདྡྷཱ་རཱུ་པངྷ་ར་སྭཱ་ཧཱ། དཀོན་མཆོག་གསུམ་གྱི་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཆོས་ཀྱི་སྐུ་བརྙེས་པའི་ཐུགས་ཀྱི་བདག་ཉིད་དུ་བྱིན་གྱིས་བརླབ་པ་སྟེ། འདི་ནི་གཟུགས་སམ་རི་མོའི་རྒྱུད་བྱིན་གྱིས་བརླབ་པའི་སྐབས་སུ་སྨོས་པ་སྟེ། མཆོད་རྟེན་མངའ་དབུལ་བའི་དུས་སུ་ནི། དང་པོ་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པ་ནས་དཀོན་མཆོག་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་པའི་བར་འདིས་བྱིན་གྱིས་བརླབ་པ་ཙམ་གྱིས་ཆོག་སྟེ། ཅུང་ཟད་བྱེ་བྲག་ཏུ་ན་ཕྱག་རྒྱ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ། ཆོས་ཀྱི་དབྱིངས་ལ་མངའ་བརྙེས་པར་བྱིན་གྱིས་རློབ་པ་མཆོད་རྟེན་གྱི་ཕྱག་རྒྱ་བཅས་ཏེ། །སྔགས་འདི་དག་གིས་སྦྱར་ཞིང་བྱིན་གྱིས་བརླབ་པར་བྱའོ། །འདི་དག་ལ་རང་རང་གི་ཕྱག་རྒྱ་སོ་སོར་སྦྱར་བར་རྒྱུད་ལས་གསུངས་པ་ཡོད་ནའང་སྔགས་པ་རྣམས་ཀྱིས་ལྕོགས་པར་དཀའ་བས་སྤྱིའི་ཕྱག་རྒྱ་ལ་བརྟེན་པ་ཡིན་ནོ། །མཆོད་རྟེན་བྱིན་གྱིས་བརླབ་པའི་སྐབས་འདིར་སྨོས་པ་ནི་རྟོགས་པར་སླ་བའི་ཕྱིར་སྐབས་འཕྲོས་སུ་བསྟན་པ་སྟེ་ཆོག་གོ། །གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལྟར་ཐུགས་བྱིན་གྱིས་བརླབ་ནས་གསུངས་བྱིན་གྱིས་བརླབ་པ་ནི། གོང་དུ་ཞལ་དང་ལྗགས་དང་ཚེམས་དང་མཆུ་རྣམས་བྱིན་གྱིས་བརླབ་པ་ཉིད་་ཡིན་མོད་ཀྱི། ཆོས་ཐམས་ཅད་བརྗོད་པའི་སྔགས་དང་ཕྱག་རྒྱ་འདིས་མནན་ཏེ་བྱིན་གྱིས་བརླབ་པར་བྱའོ། །ལྗགས་ཀྱི་ཕྱག་རྒྱའམ་དུང་གི་ཕྱག་རྒྱའམ་མགུར་བུམ་པའི་ཕྱག་རྒྱ་བཅས་ཏེ། ཞལ་ལ་གཏད་ལ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། པྲ་བརྟ་ཡ་བཛྲ་ཛྙཱ་ན་སཱ་ག་རཱ་ན་ཏ་སྭ་ཧཱ། འདིས་ཆོས་ཀྱི་ཕུང་པོ་ཐམས་ཅད་སྟོན་པར་མཛད་པར་བྱིན་གྱིས་བརླབ་བོ། །དེ་ནས་བྲང་ལ་སོགས་པའི་སྐུ་ཡན་ལག་རྣམས་བྱིན་གྱིས་བརླབ་པར་བྱ་སྟེ། ཕྱག་རྒྱ་རྡོ་རྗེ་རྩེ་གཅིག་པ་བཅས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། བཛྲ་བ་ར་ངྷ་རི་བུ་ར་བཛྲོ་རྟ་མ་སྭཱ་ཧཱ། བྲང་བྱིན་གྱིས་བརླབ་པའོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། བཛྲ་བ་ཧཱུརྦྷ་བ་བཛྲ་བ་ཧུ་ཤུ་རཱངྒ་མ་སྭཱ་ཧཱ། ཕྱག་བྱིན་གྱིས་བརླབ་པའོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཧྲིཾ། ཞབས་བྱིན་གྱིས་བརླབ་པའོ། །དེ་ནས་འཁོར་ལོའི་ཕྱག་རྒྱ་ཕྱག་དང་ཞབས་ལ་གཏུགས་ཏེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨོཾ། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པར་བྱིན་གྱིས་བརླབ་པའོ། །དཔལ་བེའུའི་ཕྱག་རྒྱ་ལས་གུང་མོ་གཉིས་བཀྱེད་དེ་བརྐྱང་ལ། མཐེ་བོ་གཉིས་ནང་དུ་བཅུག་སྟེ། སྐུ་གཟུགས་ཀྱི་ལྟེ་བ་ལ་གཏུགས་ཏེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱོཿ སརྦ་ཐཱ་ཧྲིཾ། སྐུ་ལྟེ་བའི་དཀྱིལ་འཁོར་བྱིན་གྱིས་བརླབ་པའོ། །སྐུ་ཡན་ལག་དང་ཉིང་ལག་བྱིན་གྱིས་བརླབ་པ་ཕྲ་མོ་གཞན་ཡང་ཡོད་མོད་ཀྱི། འདི་དག་ཙམ་དུ་འདུས་པར་སྣང་བས་མ་བཀོད་དོ། །དེ་ལ་གཙུག་ལག་ལྟ་བུ་གནས་དང་བཅས་པ་ལྷའི་དཀྱིལ་འཁོར་མང་པོ་དང་ལྡན་པར་བྱིན་གྱིས་རློབ་པར་བྱེད་པའི་ཚེ་ནི། སྙིང་པོའི་དཀྱིལ་འཁོར་གང་རིགས་ཙམ་ཅིག་ཇི་སྐད་དུ་བསྟན་པ་ལྟར་བྱིན་གྱིས་བརླབས་ཏེ། ཇི་སྙེད་པ་གཞན་དག་ནི་སྤྱིའི་སྔགས་ཙམ་གྱིས་ཐམས་ཅད་དུས་གཅིག་ཏུ་བསྐྱེད་པར་བསམ་ལ། བྱིན་གྱིས་བརླབ་པ་དུས་གཅིག་ཏུ་བྱའོ། །དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་བུདྡྷཱ་བོ་ངྷི་ས་ཏྭ་ཧྲྀ་ད་ཡཾ་ནི་བེ་ཤ་ནི་ན་མཿསརྦ་བིཧྱཱ་སྭཱ་ཧཱ། སངས་རྒྱས་དང་བྱང་ཆུབ་སེམས་དཔལ་ཐམས་ཅད་ཀྱིའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཧེ་ཏུ་པྲཏྱ་ཡ་བི་ག་ཏ་ངྷརྨཱ་ནི་རྫ་ཏ་ཧཱུཾ། ཉན་ཐོས་རྣམས་ཀྱིའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། རང་སངས་རྒྱ་རྣམས་ཀྱིའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཏ་བ་མ་ཏི་བི་ཏི་ར་ན་ངྷརྨ་དྷཱ་ཏུ་ནི་རྫཏ་སཾ་སཾ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ལོ་ཀ་ལོ་ཀ་ཀ་ར་ཡ། སརྦ་དེ་བ་ནཱ་ག་ཡཀྵ། གནྡྷརྦ། ཨ་སུ་ར། ག་རུ་ཊ། ཀིཾ་ན་ར། མ་ཧོ་རཱ་ག །ཧྲྀ་ད་ཡ་ན། ཨ་ཀ་རི་ཤ་ཡ། བི་ཙི་ཏྲ། ག་ཏི་སྭཱ་ཧཱ། ལྷ་ལ་སོགས་པའི་འགྲོ་བ་ཐམས་ཅད་ཀྱི་སྙིང་པོའོ། །སྙིང་པོ་འདི་དག་གིས་དུས་གཅིག་དུ་བྱིན་གྱིས་བརླབས་ལ། དེ་ནས་ཇི་སྐད་དུ་སྨོས་པའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལ་སངས་རྒྱས་རྣམས་ལ་ནི་ཇི་སྐད་དུ་བསྟན་པ་ཐམས་ཅད་ལྡན་པར་བྱིན་གྱིས་བརླབ་པོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་ཐར་པའི་སྒོ་དེ་དག་ཡོངས་སུ་མ་རྫོགས་པ་ཙམ་དུ་་བྱིན་གྱིས་བརླབ་པོ། །ཉན་ཐོས་རྣམས་ལ་ནི། རྒྱུ་དང་རྐྱེན་དང་བྲལ་བའི་ཆོས་ལས་སྐྱེས་པར་བྱིན་གྱིས་བརླབ་པོ། །རང་སངས་རྒྱས་རྣམས་ནི་ངག་གི་ལམ་དང་བྲལ་བའི་ཆོས་ལས་སྐྱེས་པར་བྱིན་གྱིས་བརླབ་པོ། །འཇིག་རྟེན་པའི་ལྷའི་གཙོ་བོ་རྣམས་ནི། དེ་བཞིན་གཤེགས་པའི་ཞལ་མཐོང་བའི་སྐལ་བ་དང་ལྡན་ཞིང་། སྟོང་པ་ཉིད་དང་སྙིང་རྗེས་བརླན་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོང་བའི་བཀའི་ཐུགས་དམ་ལ་གནས་པར་བྱིན་གྱིས་བརླབ་པོ། །འགྲོ་བ་རིས་དྲུག་ཐ་མལ་པ་ཐམས་ཅད་ནི། བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་རང་བཞིན་ལ། འཕགས་པ་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པར་བྱིན་གྱིས་བརླབ་པོ། །དེ་ལྟར་བྱིན་གྱིས་བརླབ་པ་ཟིན་པའི་རྗེས་ལ། གཙོ་བོ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལས་མི་གཡོ་བར་བཞུགས་བཞིན་དུ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་བདུད་ཕམ་པར་མཛད་ཅིང་། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་མནན་པར་བྱིན་གྱིས་བརླབ་པར་བྱ་སྟེ། ལག་པ་གཉིས་སྦྱར་ཏེ། གུང་མོ་གཉིས་བཀུག་ལ། ནང་དུ་བཅུག་སྟེ་གདན་ལ་གཏད་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ། ཨ་ད་ར་བཛྲ་ས་མ་ཡ། མ་ནུ་པ་ལ་ཡ་སྭཱ་ཧཱ། པདྨའི་གདན་ནི་གང་དུ་སྨོས་པས་བྱ་སྟེ། སྤྱིར་རྟག་ཏུ་ལྡན་པའི་ལོངས་སྤྱོད་ཀྱི་རྐྱེན་དྲུག་ཏུ་གྲགས་པ་ལ། བཞུགས་པའི་གདན་དང་སྐུའི་ན་བཟའ་གཉིས། དབུའི་གདུགས་དང་སྟེང་གི་བླ་རེ་གཉིས་ཏེ་བཞི། བཞུགས་པའི་གཞལ་མེད་ཁང་ཆེན་པོ་དང་། གཤེགས་བཞུགས་ཀྱི་ལྡིང་ཁང་གཉིས་ཏེ་དྲུག་གོ །དེ་ལ་གདན་བསྟབ་ནས། ན་བཟའ་བྱིན་གྱིས་བརླབ་པ། ལག་པ་ལ་ཡི་གེ་བཾ་བསམས་ནས་རང་གི་ལྕེ་རྩེར་ཧཱུཾ་བསྒོམས་ཏེ་ལན་གསུམ་མྱོང་ངོ་། །ཞེས་གཏོར་ཆུང་འཇམ་མགོན་ལས་བཤད། ཐབས་མཆོག་ལས་ནི། རང་གི་ལྕེ་རྩེར་རྡོ་རྗེ་དཀར་པོ་འབར་བ་ནས་འབྲུ་ཙམ་ཅིག་བསམས་ནས་ལན་གསུམ་དམ་ཚིག་བླངས་ཏེ། པདྨའི་གདན་གྱི་ཕྱག་རྒྱ་ལས། ༼ལག་པ་གཉིས་རྟིང་པ་སྤྲད་དེ་སོར་མོ་གཉིས་ཕྱིར་བཀྱེད་དེ་ཡིད་ཙམ་བཀུག་པའོ། །༽ རྒོད་མ་ཁའི་ཕྱག་རྒྱར་བྱས་ཏེ་སྣོད་བཟུང་ནས།༼ལག་པ་གཉིས་མཐེ་བོ་དང་སྲིན་ལག་གཉིས་ཀྱིས་སྣོད་བཟུང་ནས་འཐུང་བའོ། །༽ ཇི་ལྟར་འདོད་པ་བཞིན་དུ་བསམ་ཞིང་ཅི་རན་དུ་བཏུང་། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད། ཕྱི་ནང་གི་རྣལ་འབྱོར་མའི་ཚོགས་རྣམས་ལ་ཡང་མཆོད། སློབ་མའི་འཁོར་རྣམས་ལ་ཡང་རྒྱལ་ཚབ་ནས་རིམ་པ་བཞིན་བསྟབ་ཅིང་མཆོད། ཅེས་བཤད། དེ་ལ་ཕྱག་རྒྱ་གསུམ་གསུངས་པ་ལས། དང་པོ་རྡོ་རྗེའི་ཕྱག་རྒྱ་ནི། སོར་མོ་གཞན་རྒྱབ་ཏུ་བསྣོལ། གུང་མོ་གཉིས་ནང་དུ་ལྟོ་སྦྱར་ཏེ་བསྒྲེང་། མཐེའུ་ཆུང་དང་མཐེ་བོ་རྩེ་སྤྲད་ནས་ཁ་ཕར་བསྟན་པའོ། །པདྨའི་སྟན་ནི། ལག་པ་གཉིས་རྟིང་བ་སྤྲད་དེ། སོར་མོ་ཕྱིར་བཀྱེད་ནས་ཡིད་ཙམ་བཀུག་པ་ནི་པདྨའི་གདན་ནོ། །དེ་ལ་ལག་པ་གཉིས་མཐེ་བོང་དང་སྲིན་ལག་གཉིས་ཀྱིས་སྣོད་བཟུང་ནས་འཐུང་བ་ནི་རྒོད་མ་ཁའོ། །དེ་ནས་ཤ་རྣམ་པ་ལྔ་ལ་སོགས་པ་ཞལ་ཟས་གཞན་ཐམས་ཅད་རིལ་སྤྱི་སྤུངས་སུ་བཞག་ནས་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཡང་ཐབས་མཆོག་དབྱིག་གི་སྒྲོན་མ་ལས་ནི་སྐབས་འདིར་དྲི་ཆབ་བྱིན་གྱིས་བརླབས་ཏེ་རྫས་ལ་གདབ་ཅིང་བསང་ཞེས་བཤད། ཐབས་མཆོག་དཔག་གིས་མི་ལང་བའི་མདོ་ལས་ནི་སྔོན་དུ་བརྗོད་པ་བཞིན་དུ་ཛ་གད་བྱིན་གྱིས་བརླབས་པའི་གོང་དུ་རྫས་ཐམས་ཅད་ལ་དྲི་ཆབ་ཀྱིས་བསང་ཞེས་བཤད། ཧེ་ཆུང་ལས་ནི་སྤྱན་དྲངས་པའི་རྗེས་ལ་དྲི་ཆབ་ཀྱིས་རྫས་རྣམས་བསངས་ཏེ་མཆོད་པ་དབུལ་ཞེས་བཤད། འཇམ་མགོན་ལས་ནི་ལྷའི་དཀྱིལ་འཁོར་བསྒོམ་ནས་སྤྱན་དྲངས་ཀྱི་སྔོན་དུ་དྲི་ཆབ་བྱིན་གྱིས་བརླབས་ཏེ། རྫས་ཐམས་ཅད་བསང་ཞེས་བཤད་དེ། འདི་དག་གང་ལྟར་བྱས་ཀྱང་འགལ་བ་མེད་དོ། །རེ་ཤིག་འདིར་དྲི་ཆབ་ཀྱིས་བསངས་ཀྱང་རུང་། གོང་དུ་བསངས་ཀྱང་རུང་སྟེ། དེ་ནས་སྤྱི་སྤུངས་སུ་བཞག་པ་དེ་ལ་མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཡི་གེ་ཧཱུཾ་མཐིང་ཀ་འབར་བས་རྣམ་པར་རྟོག་པ་དེ་དག་ཐམས་ཅད་བསྲེགས་ནས་སྟོང་པ་ཉིད་དུ་བསམ། དེ་ནས་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཡི་གེ་ཨཾ་དམར་པོ་འབར་བ་ལས་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་ཟླ་བའི་སྟེང་དུ་བསྡུས་པས་སླར་ཟླ་བ་ལྟ་བུར་གྱུར་པའི་དབུས་སུ་ཡི་གེ་ཨོཾ་དཀར་པོ་འབར་བ་གཅིག་ཏུ་གྱུར་པར་བསམས་ཏེ། སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གྱུར་པར་བསམ། ཨོཾ་དཀར་པོ་འབར་བ་དེ་ལས་འདོད་པ་ལྔའི་ལྷ་མོ་བྱུང་སྟེ། སྣ་ལ་གཟུགས་ཀྱི་ལྷ་མོ་སྐུ་མདོག་དཀར་མོ། ཕྱག་གཉིས་ན་མེ་ལོང་བསྣམས་པ་མང་པོ་བསམ་གྱིས་མི་ཁྱབ་པ་བྱུང་བས་མེ་ལོང་ལས་གཟུགས་ཀྱི་མཆོད་པ་སྣ་ཚོགས་འཕྲོས་ཏེ། དཀྱིལ་འཁོར་གྱི་ལྷ་དང་འདུས་པའི་རྣལ་འབྱོར་དང་མ་མོ་དང་མཁའ་འགྲོའི་ཚོགས་ལ་མཆོད་ནས་ལྷ་མོ་དེ་དག་གི་སྤྱན་ལ་ཐིམ་པར་བསམ། དེ་ནས་ཡང་ཨོཾ་ལས་སྒྲའི་ལྷ་མོ་མཐིང་ཁ་ཕྱག་ན་པི་ཝང་བསྣམས་པ་མང་པོ་བྱུང་སྟེ། པི་ཝང་གི་སྒྲ་ལས་སྒྲའི་མཆོད་པ་སྣ་ཚོགས་བྱུང་བས། ཡང་མཆོད་པ་ཐམས་ཅད་ཀྱི་སྙན་ལ་ཐིམ། ཡང་ཨོཾ་ལས་དྲིའི་ལྷ་མོ་སེར་མོ། ཕྱག་ན་དྲི་སྣོད་དུང་ཕོར་འཛིན་པ་མང་པོ་ལས་དྲིའི་མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད་ནས་ཐམས་ཅད་ཀྱི་ཤངས་ལ་ཐིམ། ཡང་ཨོཾ་ལས་རོའི་ལྷ་མོ་དམར་མོ་བདུད་རྩིའི་སྣོད་ཐོགས་ཏེ་བྱུང་བས། དེ་ལས་རོའི་མཆོད་པ་ཞལ་ཟས་སྣ་ཚོགས་ཀྱི་ཐམས་ཅད་མཆོད་ནས་ལྗགས་ཀྱི་དབང་པོ་ལ་ཐིམ། དེ་ཡང་ཨོཾ་ལས་རེག་གི་ལྷ་མོ་ལྗང་གུ་ཕྱག་གཉིས་ན་རྡོ་རྗེ་བསྣམས་ཏེ་དཔུང་བར་འཁྱུད་པ་ལས། རེག་གི་མཆོད་པ་མང་པོ་བྱུང་ནས་ཐམས་ཅད་ལ་མཆོད་ནས་སྐུ་ལ་ཐིམ། ཡང་ཨོཾ་ལས་ཆོས་ཀྱི་དབྱིངས་ཀྱི་ལྷ་མོ་སྐུ་མདོག་དཀར་མོ། ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ་མང་པོ་འཕྲོས་པས། འཕགས་པ་ཐམས་ཅད་ཀྱང་རིལ་རྡོ་རྗེ་སེམས་དཔར་གྱུར་ནས། དེ་དག་རེ་རེ་ལ་ཡང་ཀུན་ཏུ་བཟང་མོ་རེ་རེས་མཆོད་པས། ཐམས་ཅད་གཉིས་སུ་མེད་ཅིང་བྱང་ཆུབ་ཀྱི་སེམས་ཀྱི་རོའི་བདེ་བ་བསྟར་ནས་མཉེས་པར་བསམ། དེ་ནས་གར་དང་དབྱངས་ལ་སོགས་པ་ལྷའི་མཆོད་པ་སྣ་ཚོགས་པ་རྣམས་ཀྱིས་ཀྱང་མཆོད་པར་བྱ་སྟེ། སྣོད་རྣམས་ཀྱང་ཁ་ཕྱེ་ལ། བུད་མེད་བཞི་༼ཞེས་པ་མེ་ཏོག་ལ་སོགས་ལྷ་མོ་བཞི་ལ་བྱ། ༽དང་བཅས་པ་ལག་པ་གཡས་གཡོན་མཛེས་པའི་གར་༼གར་གྱི་ཕྱག་རྒྱ་ལས་དང་སྟབས་ཀྱི་ཕྱག་རྒྱ་བྱས་ལ་སྤྱི་བོར་དགྲོལ། ༽བྱ་ཞིང་། རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ་སྟེ། མཆོད་པ་ཐམས་ཅད་༼ཡིད་བཞིན་གྱི་བདུད་རྩི་རྒྱ་མཚོའི་སྤྲིན་སྙེད་ཀྱི་ལྷ་དང་ལྷ་མོའི་མཆོད་པ་འཕྲོ་བར་བསམ་མོ། །༽དབུལ་བར་བྱ་ཞིང་། དབྱངས་འདི་དག་ཀྱང་བླང་ངོ་། །ཨོཾ་ཨཱཿ་ཧཱུཾ་སུ་ར་ཏ་ཏི་པ་ཡོ་༼མཆོད་པ། ༽ག །ཀ་མ་ལེ། ཨ་མ༼ཕྲེང་བ། ༽་ལེ། བཛྲ་ཨ་མྲྀ་ཏ། ཧ་ར་ཎ་པྲ་ཏཱི་ཙྪ། ༼བསྟབ་པའི། ༽བྷ་ག་བན་༼བཅོམ་ལྡན་འདས། ༽ཛཿཧཱུཾ་བཾ་ཧོཿ༼སྤྱན་དྲངས། ༽ ཨ་ལ་ལ་ཧོཿ༼དགྱེས་པ། ༽པ་ན་བེ་པུ་ནུ། ༼མཆོད་པ། ༽ སུ་ར་ཏི་ཏི་བ་ར་མུ། ༼འདི་ཀུན་མཆོད་པ། ༽ཏ་ཐཱ་ག་ཏུ་༼དེ་བཞིན་གཤེགས་པ། ༽སིད་དྷུ། ཨོཾ་ཧཱུཾ་པ་ར་མུ། ཏ་ཐཱ་ག་ཏ་སིང་དྷུ། ས་མ་ཡོ་ད་མུ། ས་བ་བུ། མ་ཧཱ་སུ་ཧུ་སིདྡྷ་ད་བུ། ཨོཾ་ཧཱུཾ་ས་བ་བུ། མ་ཧཱ་སུ་ཧུ་སིད་དབུ་ཨོཾ་ཧཱུཾ། ཡང་ན། གར་བྱ་ཞིང་། དང་པོ་མེ་ཏོག་གི་ཕྱག་རྒྱ་བཅིངས་ནས་མཆོད་དེ། དབྱངས་འདི་སྐད་བྱའོ། །རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་༼ཐམས་ཅད་ཟེར། ༽དམ་པ་གྲུབ་པར་མཛོད། ཨོཾ་ཧཱུཾ། ༼བར་དུ་ཨཾ་ཟེར། ༽ དེ་ནས་བདུག་པའི་ཕྱག་རྒྱ་བཅིངས་ལ། ཡང་དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། ཨོཾ་ཧཱུཾ། ༼བར་དུ་ཨཾ་ཟེར། ༽ དེ་ནས་མར་མེའི་ཕྱག་རྒྱ་བཅིངས་ཏེ། དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། ཨོཾ་ཧཱུཾ། ༼བར་དུ་ཨཾ་ཟེར། ༽ ཡང་དྲིའི་ཕྱག་རྒྱ་བཅིངས་ནས། མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། ཨྃ་ཧཱུཾ་༼བར་དུ་ཨཾ་ཟེར། ༽མཆོད་པ་མང་པོ་མི་འབྱོར་ན་དེ་དག་ཙམ་གྱིས་མཆོད་པ་ཐམས་ཅད་བྱས་པར་འགྱུར་རོ། །ཞེས་དཔལ་མཉམ་སྦྱོར་ལས་བཤད། དེ་ནས་ཅུང་ཟད་རྒྱས་པར་བྱ་བར་འདོད་ན་འདི་དག་བརྗོད་དེ། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པ་བཞེས་སུ་གསོལ། །ཡེ་ཤེས་དབྱིངས་མ་ཡུམ་གྱི་གཞལ་ཡས་སུ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་མཆོག་བཀོད་དེ། །ཐབས་དང་ཤེས་རབ་འབྲེལ་པའི་སྦྱོར་མཆོད་ཀྱིས། །འཕགས་པ་ཀུན་ལ་མཉེས་པའི་མཆོད་པ་འབུལ། །ཞེས་པ་དང་། ཨེ་མའོ། །ཀུན་ཏུ་བཟང་པོའི་རིག་པ་རྒྱ་ཆེ་བསམ་གྱིས་མི་ཁྱབ་ལ། །དངོས་ཉིད་མེད་པའི་ཆོས་ལ་དགའ་བའི་རོལ་བས་གཟུངས་སུ་གྱུར། སངས་རྒྱས་ཀུན་གྱི་བདེ་མཆོག་བདུད་རྩི་ར་ས་ཡན། །ཇི་ལྟར་བདེ་ལ་བསྟེན་ཅིང་ཀུན་དུ་སྣང་བར་མཛོད། །ཀྱེ་བདེ་མཆོག་བདེ་བས་རོལ་པ་ཚུལ་བཞིན་མཛོད། །སྡུག་བསྔལ་འགྲོ་བའི་ལས་ཅན་བདེ་བས་ཚིམ་པར་མཛོད། །བྱམས་པའི་སྤྱན་ཅན་ཐུགས་རྗེའི་ཉི་མས་འགྲོ་བ་ཀུན་ལ་སྣང་མཛད་དེ། །གཏི་མུག་འཐིབས་པོའི་མུན་ནག་བྱང་ཆུབ་སེམས་ཀྱིས་གསལ་བར་སྟོན། །དེ་ནི་འདུས་པའི་ཚོགས་ལ་བདེ་སྦྱིན་རིག་པའི་རྒྱལ་པོས་གསུངས། །བྱང་ཆུབ་མཆོག་གི་སེམས་དེ་སྙིང་པོའི་མཆོག་ཏུ་དབང་བསྐུར་ཅིག །དབྱངས་ཀྱི་རྒྱལ་པོ་འདི་ཡིས་སྐད་ཅིག་བསྐུལ་བས་ནི། །རབ་ཏུ་དགྱེས་པའི་བདག་ཉིད་མངོན་དུ་གྱུར་ཏེ་དངོས་གྲུབ་སྩོལ། །རྣམ་པ་ཀུན་ཏུ་སྐྱེ་བ་མེད་པའི་བདེ་བས་རོལ་ཅིང་ཆུབ་མཛད་པ། །བདག་དང་གཟུངས་ཀྱི་དམ་དང་བཅས་ཏེ་རྣལ་འབྱོར་འགྱུར་བ་མེད་པའི་ཡིད། །བདེ་མཆོག་བྱང་ཆུབ་སེམས་ནི་རྣམ་པ་ཀུན་ཏུ་སྡུག་བསྔལ་ཡོངས་བྲལ་ཏེ། །ཆེ་བའི་ཡེ་ཤེས་ལྷུན་གྲུབ་མཆོག་ལྡན་པ། །བདེ་སྤྱོད་བདེ་ལ་རོལ་བ་ཚུལ་བཞིན་མཛོད། །ཅེས་བརྗོད་ནས། ལྷ་མོ་བཅུ་དྲུག་གི་གར་དང་དབྱངས་ཀྱིས་མཆོད་དེ། དེ་ལ་གར་གྱི་ཚུལ་ནི་འདི་ཡིན་ཏེ། ཆུ་སྐྱེས་ཞལ་ནི་འཛུམ་བཅས་པ། །ཡངས་པའི་སྤྱན་གྱིས་གར་མཛད་དེ། །ཕྱག་དང་ཞབས་ནི་བསྒྱུར་བ་ཡིས། །རབ་ཏུ་དགྱེས་ལྡན་སྨིན་མ་སྒྱུར། །ཡིད་ཙམ་འཛུམ་པའི་སྤྱན་ཟུར་གཟིགས། །ཤ་རྒྱས་བརླ་ནི་ནུ་མར་འདུད། །སྐེད་པའི་དབྱིབས་ནི་རྣམ་པར་ཡངས། །སྣམ་གྱི་ངོས་ཀྱང་ཆེ་ལ་མཛེས། །ཆགས་པ་ཅུང་ཟད་ཚེམས་ཀྱིས་གནོན། །ཚེམས་ཀྱི་ཕྲེང་བ་ཀུན་ད་ཟླ། །མི་དྲག་བཟློག་པའི་དབུགས་འབྱིན་ཅིང་། །རབ་ཏུ་དགའ་ཆེ་དགྱེས་པས་བསྟོད། །ཕྱག་གཉིས་གར་དང་བཅས་པ་ཡིས། །མདུན་དུ་ཐལ་མོ་བཞག་པར་བྱ། །སོར་མོ་ཀུན་གྱི་རྩེ་མོ་ལ། །ཕ་རོལ་ཕྱིན་པའི་ཚོགས་རྣམས་བསམ། འདི་ལྟ་བུའི་གར་དང་ལྡན་པའི་ལྷ་མོ་བཅུ་དྲུག་གི་གར་བྱ་ཞིང་། སྔགས་དང་ཕྱག་རྒྱ་ལ་སྦྱར་བར་བྱའོ། །རྡོ་རྗེ་ཐལ་མོ་ལས་རྡོ་རྗེ་བཅིང་བར་བྱ་སྟེ། སྲིན་ལག་གཉིས་བརྐྱང་སྟེ་མདའི་ཚུལ་དུ་བཟུང་བར་བྱའོ། །འདི་ནི་རབ་དགྱེས་གཙོ་བོ་ཡི། །ཕ་རོལ་ཕྱིན་མཆོག་བསྡུད་པ་ཡིན། །སངས་རྒྱས་རྣམས་ཀྱི་མྱོས་བྱེད་པ། །དཔའ་བོ་ཐམས་ཅད་རྨོངས་པར་བྱེད། །ཨོཾ་སུ་ར་ཏ་མ་ནོ་བྷ་བ་ཧྲཱིཿ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །གསང་བའི་སྙིང་གི་པདྨོ་ལ། །ཤིན་དུ་དགྱེས་པས་མཉེས་པར་གྱུར། །ཡང་རྡོ་རྗེ་གར་ལས་ཕྱག་རྒྱ་དེ་ཉིད་སྙིང་གར་བཙུགས་ཏེ། རྒྱ་འདིས་ལས་ཀུན་བྱེད་འགྱུར་ཏེ། །བདུད་རྣམས་ཐམས་ཅད་འཇིགས་པར་བྱེད། །རྒྱལ་བ་འདོད་ཆགས་བྲལ་སྤྱད་པའང་། །ཐམས་ཅད་འདི་ཡིས་སློང་བར་བྱེད། །ཨོཾ་སུ་ར་ཏ་བཛྲ་ཀི་ལི་ཀི་ལི་ཧཱུཾ། ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ། །རྡོ་རྗེ་པདྨོ་ཕྱེ་བ་ཡིས། །ནམ་མཁའི་དཀྱིལ་འཁོར་མཐའ་དག་ཏུ། །མཛེས་པའི་སྤྱན་དང་རོལ་ཅིང་འགྲོ། །དེ་ནས་ཐལ་མོ་དེ་ཉིད་བཅིངས་ལ་གྱེན་དུ་བཟུང་སྟེ། མཐེའུ་ཆུང་གཉིས་བསྒྲེང་། མཐེ་བོང་གཉིས་བརྐྱང་ངོ་། །ཕྱག་རྒྱ་འདི་ནི་ཆུ་སྲིན་ཞེས། །རྒྱལ་མཚན་ལྡན་པར་བཤད་པ་ཡིན། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། །འདོད་ཆགས་བྲལ་བར་བསྒྲུབ་པ་ཡིན། །ཨོཾ་སུ་ར་ཏ་བཛྲ་སྨྲེ་ཧ་ཧྲཱིཿ། །འདི་ནི་ཆགས་པ་ཐམས་ཅད་ལ། །འདོད་ཆགས་བདེ་བྱེད་སྙོམས་པ་འཐོབ། །འདི་ཡིས་འགྲོ་བ་གསུམ་དག་ཏུ། །དངོས་གྲུབ་མྱུར་དུ་འཐོབ་པར་བྱེད། །དེ་ནས་ཐལ་མོ་དེ་ཉིད་མཉམ་དུ་གཟུང་ནས། འགྱིང་ཞིང་འགྱིང་བས་གར་བྱས་ཏེ། ཁུ་ཚུར་གཉིས་དཀུག་ཡོན་དུ་འགྱིང་བས་བརྟན་པར་བྱའོ། །ཕྱག་རྒྱ་འདི་ནི་རྒྱལ་ལ་སོགས། །བདེ་བ་དམ་པས་མཆོད་བྱས་ཏེ། །འགྱིང་བའི་སྦྱོར་བས་གར་བྱས་ན། །དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད། །ཨོཾ་སུ་ར་ཏ་བཛྲ་གརྦྷེ་ཧཱུཾ། ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །སྡིག་པ་སྐད་ཅིག་མེད་པར་འགྱུར། །ཁམས་གསུམ་འདི་ནི་དངོས་གྲུབ་ཆེ། །དཔལ་གྱི་བསྒྱིངས་པ་ཐོབ་པར་འགྱུར། །དེ་ནས་ཕྱག་རྒྱ་དེ་ཉིད་མཉམ་དུ་གཟུང་སྟེ། ལག་པའི་འདབ་མ་གར་དང་བཅས་པས། མྱུར་དུ་སྟེང་དུ་དོར་བར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྨད་བྱུང་དམ་པ་མཆོད་བྱས་པ། །སྦྱོར་བ་གར་གྱི་མཆོད་པ་ཡིས། །ཐམས་ཅད་ལས་བྱེད་དངོས་གྲུབ་པོ། །ཨོཾ་སུ་ར་ཏ་བཛྲ་མ་དུ་ག་རེ་གུང་གུང་། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རབ་དགྱེས་ཐོབ་པ་རྨོངས་བྱེད་མ། །རྡོ་རྗེ་ཡེ་ཤེས་ཐུགས་གནས་པའི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །དེ་ནས་ཕྱག་རྒྱ་དེ་ཉིད་འོག་གི་ཕྱོགས་སུ་དོར་ཏེ་སྟེང་དུ་ཅུང་ཟད་བསྒྱུར་བར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བདེ་མཆོག་ཡིད་ནི་ཚིམ་བྱེད་པ། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །བདུད་རྣམས་ཤིན་ཏུ་རིང་བར་འགྱུར། །ཨོཾ་སུ་ར་ཏ་བཛྲ་མེ་བྷེ་ཏམ་ཏམ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡིད་ཀྱི་དངོས་གྲུབ་ཐོབ་བྱེད་དེ། །འདི་ནི་འདོད་པ་ཐམས་ཅད་རྣམས། །ཡི་གེས་སྐད་ཅིག་སྒྲུབ་པར་བྱེད། །དེ་ནས་ཐལ་མོ་དེ་ཉིད་མཐེ་བོ་བསྒྲེང་སྟེ། ལྷག་མ་ཉི་མ་བཞིན་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་མཆོག་ཏུ་སྣང་བྱེད་པ། །ཐོག་མ་མེད་ནས་དྲི་མས་བསྒོས། །འདི་ཡིས་གཏི་མུག་འཕྲོག་བྱེད་དོ། །ཨོཾ་སུ་ར་ཏ་བཛྲ་ཤ་ར་ད་ཨཿཨཿ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྣང་བ་རབ་སྒྲུབ་པ། །ཡི་གེ་ཕྱག་རྒྱ་འདིས་བཏབ་ན། །སངས་རྒྱས་ཡེ་ཤེས་མཆོད་པར་བྱེད། །དེ་ནས་ལག་པ་གཡས་གཡོན་བརྗིད་པའི་གར་བྱ་ཞིང་ཐལ་མོ་མཉམ་པོར་བྱས་ཏེ། གཡོན་གྱི་ཁུར་ཚོས་ནས་སྤྱི་བོར་བཞག་གོ།རྒྱལ་བ་རྣམས་ཀྱི་ཕྱག་རྒྱ་འདི། །མཆོད་པ་ཐམས་ཅད་སྒྲུབ་བྱེད་དེ། །ཐམས་ཅད་དོན་རྣམས་གྲུབ་པས་དགེ།བཀྲ་ཤིས་རྣམ་རྒྱལ་ཐོབ་པར་བྱེད། །ཨོཾ་སུ་ར་ཏ་བཛྲ་ཤེ་ཤྲི་ཧོ་ཧཿ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྣ་ཚོགས་ཆེན་མོ་མདུན་དུ་འགྲོ། །སྣ་ཚོགས་ཆེན་མོ་འདི་ཡིས་ནི། །སྣ་ཚོགས་ཡེ་ཤེས་དངོས་གྲུབ་བོ། །དེ་ནས་རྡོ་རྗེ་ཁུ་ཚུར་མཉམ་པར་བཞག་སྟེ་དཀུའི་ཕྱོགས་སུ་བཞག་གོ། །འདི་ནི་སངས་རྒྱས་ཀུན་གྱི་སྒེག །ཤིན་ཏུ་དགྱེས་པའི་སྒྲུབ་བྱེད་ཡིན། །པདྨོའི་ཚུལ་གྱིས་སྒེག་པ་ཡིས། །རྡོ་རྗེ་ཆེན་པོ་དེ་དངོས་གྲུབ། །ཨོཾ་ཧེ་མ་ཧཱ་སུ་ར་ཏ་བི་ལཱ་པི་ནི་ཏྲ་ཏྲ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྒེག་པར་བྱ་བ་སྤྲུལ་པ་ཡིན། །འདི་དང་མཉམ་པར་སྦྱོར་བ་ཡི། །སྒེག་མོས་ཡེ་ཤེས་བསྐྱེད་པར་བྱེད། །དེ་ནས་རྡོ་རྗེ་ཐལ་མོ་མཉམ་པར་སྦྱར་ཏེ། དགོད་པའི་ཚུལ་དུ་ཀུན་ཏུ་བསྐོར་བར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བཞད་མོར་ཡོངས་སུ་བསྒྲགས་པ་ཡིན། །རྣལ་འབྱོར་གསང་བའི་དབང་ཕྱུག་ལ། །གསང་བ་ཆེན་པོས་མགུ་བར་བྱེད། །ཨོཾ་ཧེ་མ་ཧཱ་སུ་ར་ཏ་བཛྲ་ཧཱ་སྱ་ཧཿཧཿ། ཡི་གེ་ཕྱག་རྒྱ་འདི་ཡིས་ནི། །ཉིད་ཀྱི་སྙིང་ལ་རྒྱས་བཏབ་ན། །ཕྲེང་བ་རྒྱན་གྱི་རྣམ་པར་བརྒྱན། །དཔལ་ལྡན་དེ་མ་ཐག་ཏུ་འགྱུར། །དེ་ནས་ཐལ་མོ་གཉིས་སུ་བྱས་ཏེ། གཡོན་གྱིས་པི་ཝང་གི་ཚུལ་དུ་བྱས་ལ། གཡས་ཀྱི་མཛུབ་མོའི་རྩེ་མོས་བརྡུང་བ་ལྟར་བྱའོ། །ཇི་སྙེད་ཡིད་འོང་གླུ་དག་ནི། །འཇིག་རྟེན་གྲགས་པའི་བདེ་བ་དག །སྒྲ་ཡིས་བསྐྱེད་པ་རྣམ་སྒྱུར་བ། །དེ་མཐུན་དབྱངས་འདིར་སྒྲུབ་པར་བྱེད། །ཨོཾ་ཧེ་མ་ཧཱ་སུ་ར་ཏ་བཛྲ་གཱི་ཏི་ཏེ་ཏེ། སེམས་ཀྱི་ཕྱག་རྒྱའི་ཡི་གེ་འདི། །འདི་ཡིས་བྱིན་བརླབ་དག་པ་དག །སྦྱོར་བ་འདི་ཡིས་སྦྱར་བ་ཡིས། །འདོད་བྱེད་ཐམས་ཅད་ཐོབ་པར་འགྱུར། །དེ་ནས་ཐལ་མོ་དེ་ཉིད་མཉམ་པར་སྦྱར་ཏེ། རྡོ་རྗེ་གར་གྱི་སྦྱོར་བས་བསྒྱུར་ནས། ཐ་མར་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་སྤྱི་བོར་བཞག་གོ། །ཇི་སྙེད་གར་གྱི་གཙུག་ལག་ལས། །འགྱུར་བར་བྱེད་པ་བཤད་པ་དང་། །ཇི་སྙེད་དེ་སྙེད་ཕྱག་རྒྱའི་རྣམས། །གཉིས་མེད་འདུས་པས་འདི་དངོས་གྲུབ། །ཨོཾ་ཧེ་མ་ཧཱ་སུ་ར་ཏ་བཛྲ་ནྲྀ་ཏི་སེ་བ་སེ་བ། རྣལ་འབྱོར་འདི་ཡིས་རྒྱས་བཏབ་ན། །བདེ་ལྡན་གར་ནི་བྱེད་ཅིང་སྤྲོ། །འོག་མིན་གྱི་ནི་གནས་ཆེན་དུ། །སངས་རྒྱས་རྣམས་དང་ཐབས་གཅིག་འགྲོགས། །དེ་ནས་ལག་པ་གཉིས་རྡོ་རྗེ་བསྡམས་པ་བྱས་ཏེ། མཛུབ་མོ་ལྕགས་ཀྱུ་ལྟར་བྱ། མཐེ་བོང་གཉིས་དབུས་སུ་བཞག་གོ།འདི་ཡིས་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་རྨད་བྱུང་ཐོབ་པར་འགྱུར། །རྣལ་འབྱོར་ཀུན་གྱི་བདེ་འབྲེལ་པ། །རྡོ་རྗེ་བློ་མཆོག་དངོས་གྲུབ་བོ། །ཨོཾ་སུ་ར་ཏ་བཛྲ་མ་ཧཱ་བི་ཤྭ་རཱུ་པེ་ཛཿཛཿ། ཕྱག་རྒྱ་ཡེ་ཤེས་རྨད་བྱུང་བ། །འདི་ནི་ཐབས་ཀྱིས་མཉམ་བཞག་ན། །ནམ་མཁའི་ཉི་མ་འབུམ་འདྲ་བ། །དེ་ནི་དེ་མ་ཐག་ཏུ་འགྱུར། །དེ་ནས་ཕྱག་རྒྱ་དེ་ཉིད་ལས། མཛུབ་མོའི་རྩེ་མོ་ཞགས་པ་ལྟར་སྦྱར་རོ། །བུད་མེད་པདྨོ་ཨུཏྤལ་དང་། །མ་ལུས་རྒྱལ་བ་རྣམས་དང་རྩེན། །རྡོ་རྗེ་པདྨོར་སྦྱོར་བས་ན། །དགའ་བྱེད་མྱུར་དུ་དངོས་གྲུབ་བོ། །ཨོཾ་སུ་ར་ཏ་བཛྲ་མ་ཧཱ་ཤཔྟ་སུ་ཀེ་ཧཱུཾ་ཧཱུཾ། ཕྱག་རྒྱ་འདི་ནི་བདེ་མཆོག་སྟེ། །བར་ཆད་མེད་པར་ཐོས་པར་འགྱུར། །ཁམས་གསུམ་ངོ་བོ་ཐམས་ཅད་ན། །སྒྲ་ཡི་ཐོས་པ་དངོས་གྲུབ་པོ། །དེ་ནས་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་དང་མཐེ་བོ་ལུ་གུ་རྒྱུད་ལྟར་སྦྲེལ་བར་བྱའོ། །འདི་ནི་བློ་ལྡན་རབ་དགྱེས་པའི། །རྡོ་རྗེ་དཔེ་མེད་དྲི་དང་ལྡན། །དགའ་བྱེད་ལྷན་ཅིག་རྩེན་བྱས་ན། །དབང་ཕྱུག་དམ་པའི་དངོས་གྲུབ་འགྱུར། །ཨོཾ་སུ་ར་ཏ་བཛྲ་མ་ཧཱ་གནྡྷ་སུ་ཀེ་བཾ་བཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྣ་ཚོགས་ཡེ་ཤེས་གྲུབ་འགྱུར་ཏེ། །བདག་ཉིད་རྡོ་རྗེས་བརྒྱན་པ་ཡི། །དེ་ནི་མཚན་ལྡན་ཀུན་དང་རྩེན། །དེ་ནས་བཅིངས་པ་དེ་ཉིད་དམ་པོར་བྱས་ཏེ། མཐེའུ་ཆུང་དང་སྲིན་ལག་གི་མཚམས་སུ་མཐེ་བོང་བཅུག་ལ་བསྐྱོད་དོ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད། །དཔལ་ལྡན་དཔེ་མེད་བདེ་བ་དང་། །སྣ་ཚོགས་སྦྱོར་བ་སྣ་ཚོགས་བདག །འདི་ཡིས་རབ་ཏུ་དགྱེས་པར་འགྱུར། །ཨོཾ་སུ་ར་ཏ་བཛྲ་མ་ཧཱ་ར་སེ་ཧོཿཧོཿ། དགྱེས་པ་ཆེན་པོའི་དྲི་མཆོག་གི།རྒྱལ་མཚན་ལྡན་མ་ཞེས་བྱ་བ། །སངས་རྒྱས་ཀུན་གྱི་རོལ་པ་ཡིས། །མཆོད་པ་མི་ཟད་བྱེད་པར་འགྱུར། །དེ་ལྟར་ལྷ་མོ་རྣམས་ཀྱི་གར་གྱིས་མཆོད་ནས། ཡང་ལྷ་མོ་རྣམས་ཀྱི་དབྱངས་འདི་ལེན་ཞིང་། སྦྱོར་བ་ཆེན་པོ་ལ་བསྐུལ་བར་བྱའོ། །དགྱེས་རབ་གདོན་མི་ཟ་ལ་བཞུགས། །དགྱེས་མཆོག་དགྱེས་མཛོད་སེམས་དཔའ་ཆེ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཟླ་གསང་ཐིག་ལེར་ལྡན་པའོ། །བདག་ཅག་ཀུན་ཀྱང་ཐ་ཚིག་ཅན། །དད་རབ་དགྱེས་རབ་སྐྱོན་མེད་པའོ། །སེམས་དཔའ་ཆེན་པོ་དགྱེས་པར་མཛོད། །རྣལ་འབྱོར་མ་ཡི་དཀྱིལ་འཁོར་དུ། །དགྱེས་རབ་ལོངས་སྤྱོད་བསྟེན་པར་མཛོད། །ཅེས་དབྱངས་ཀྱིས་བསྐུལ་བས། བདེ་བ་སྐྱེད་པར་བྱ་སྟེ། ཨོཾ་སུ་ར་ཏ་བཛྲ་ཝཱ་ཀ་སུ་ཁེ་ཧཱུཾ། ཞེས་པས་བདེ་བ་དེ་བརྟན་པར་བྱའོ། །དེ་ནས་ལྷ་མོ་རྣམས་ལ་རྡོ་རྗེ་བལྟ་བས་བལྟས་ཏེ་བདེ་བ་སྐྱེས་པར་བྱས་ལ། ཨོཾ་སུ་ར་ཏ་བཛྲ་དྲྀཥྚི་སུ་ཁེ་ཧྲཱིཿ། ཞེས་བྱ་བས་བདེ་བ་བརྟན་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། བདེ་བར་རེག་པའི་སྦྱོར་བས་སྤྱད་པར་བྱ་སྟེ། ཨོཾ་སུ་ར་ཏ་བཛྲ་ཀཱ་ཡསུ་ཁེ་ཧཱུཾ། ཞེས་བྱ་བས་བརྟན་པར་བྱའོ། །དེ་ནས་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་བདེ་བ་ལ་མཚུངས་པར་གནས་ཏེ། ཨོཾ་མ་ཧཱ་སུ་ཁ་ཧཱུཾ། ཞེས་བརྗོད་པས་མི་རྟོག་པའི་བདེ་བ་ཆེན་པོ་ལ་གནས་པར་བྱའོ། །དེ་ནས། ཕཊ་ཅེས་བརྗོད་པས། སངས་རྒྱས་རྣམས་ཀྱི་གཟུགས་ཕྱུང་སྟེ། དཀྱིལ་འཁོར་ཐམས་ཅད་ལ་ཡང་མཆོད་དེ། གསང་སྔགས་འདིས་བདག་ཉིད་བླང་བར་ཡང་བྱའོ། །ཨོཾ་སུ་ར་ཏ་བཛྲ་ཨ་མྀ་ཏ་ད་ད་ཧཱུཾ་ཨཿ། འདི་ནི་ལྷ་མོ་བཅུ་དྲུག་གི་མཆོད་པ། སྐུ་གསུང་ཐུགས་ཀྱི་གསང་བ་དང་ལྡན་པའོ། །དེ་ནས་ཚོགས་ལ་རོལ་བར་བྱ་བའི་ཕྱིར། གླུ་འདིས་ཞལ་ཟས་ཀྱི་ལོངས་སྤྱོད་རོལ་བར་བསྐུལ་ལོ། །བདེ་བ་མཆོག་གི་རྒྱ་ཆེན་དགོངས་སུ་གསོལ། །བསམ་གྱིས་མི་ཁྱབ་བདེ་མཆོག་དབྱིངས་དང་ལྡན། །མི་གཡོ་གསུང་དང་བྲལ་བའི་དབྱངས་སྙན་པ། །གཟུངས་ལ་རོལ་ཅིང་བདེ་ལ་བཞེས་སུ་གསོལ། །ངོ་མཚར་ཆེན་པོའི་ཆོ་འཕྲུལ་སྣང་མཛད་པ། །འགྲོ་རྣམས་བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏེ། །རྒྱུད་རྣམས་ཡང་དག་གང་ལའང་མི་གནས་པ། །བདེ་བ་མཆོག་གི་གཟུངས་ཀྱིས་རོལ་པར་མཛོད། །ཀྱེ་སེམས་ཅན་ཀུན་ལ་ཕན་པར་དགྱེས་པ་དེ་དག་ལ་ནི་བདག་བསྐུལ་བ། །སེམས་ཅན་ཀུན་གྱི་དོན་མཆོག་དམ་ཚིག་བཞིན་དུ་འདིར་སྩོལ་ཅིག །དེ་ནས་ཕྱོགས་ཀྱི་མཆེ་བའི་ཕྱག་རྒྱས་མཆོད་པ་ལ་གཏུགས། ཨོཾ་ཨེ་ས་༼ཚུར་སྤྱོན། ༽ཧཱུཾ། བེ་ས་༼འདིར་བཞུགས། ༽ཧཱུཾ། ས་མ་ཡ་བྷ་ཀྵ་༼དམ་ཚིག་གི་མཆོད་སྟོན་གསོལ། ༽ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་༼སུ་ལ་གསོལ་ན། དཔལ་ཆེན་པོ་འཁོར་དང་བཅས་པ་ལ། ༽ཧཱུཾ། ཛཿཧཱུཾ་བཾ་ཧོཿ༼སྤྱན་དྲངས། ༽ཨོཾ་པྲ་ཏཱིཙྪ་ཧོཿ། ༼ལས་གྲུབ་པར་མཛོད། ༽ཞེས་ལན་གསུམ་བརྗོད་ནས་བཤགས་པ་བགྱི་སྟེ། ༼གར་གྱི་སྨོན་ལམ། ༽ཧོཿབསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཞིང་ཁམས་ན། གང་དག་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ། རྣལ་འབྱོར་དབང་ཕྱུག་ཆེན་པོའི་གྲལ་ཐོབ་པ། ཡེ་ཤེས་བླ་མའི་ས་ནོན་པ། བཅོམ་ལྡན་འདས་རིགས་ལྔ་ཐབས་ཀྱི་ཡབ་དང་ཤེས་རབ་ཀྱི་ཡུམ་དང་། སེམས་དཔའ་དང་སེམས་མ། མཆོད་པའི་ལྷ་མོ་དང་། ཁྲོ་བོ་དང་ཁྲོ་མོ་དང་། ཕོ་ཉ་དང་མངག་གཞུག་དང་། བྲན་ཕོ་དང་བྲན་མོ་དང་། དཔལ་རྡོ་རྗེ་གནོད་སྦྱིན་བཛྲ་ཀིཾ་ཀ་ར་ལ་སོགས་ཏེ། འགྲོ་བ་མཐའ་དག་གི་དོན་ལ་རྩེ་གཅིག་ཏུ་མཛད་པ། འབར་བའི་ཀློང་ཆེན་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྟག་ཏུ་མཉམ་པར་བཞུགས་པའི་འཕགས་པ། འཁོར་རྒྱ་མཚོ་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། ཡོན་བདག་ལ་སོགས་པས་རྣལ་འབྱོར་གྱི་མཆོད་པ་གཞུང་བཞིན་དུ་སྦྱར་ཏེ། ཆོས་ཀྱི་དབྱིངས་ཀྱི་མུར་ཐུག་པ་ཕོ་བྲང་གི་དཀྱིལ་འཁོར་དུ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་དུ་བསྟབས་ཏེ་འབུལ་ཞིང་མཆིས་ན། གཉིས་སུ་མེད་པའི་བྱིན་གྱིས་བརླབས་དང་། ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ་ལོ། །འདིས་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཤིང་ཚིམ་པར་གྱུར་ཅིག །དེ་ལྟར་མཆོད་ཡོན་དམ་པར་བསྔོས་ཤིང་བསྟབས་པས། མཉེས་པའི་བྱིན་བརླབས་ཀྱིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྣལ་འབྱོར་མཆོག་གི་སྐལ་བ་དང་ལྡན་པར་གྱུར་ཅིག ། ཕྱོགས་བཅུ་ན་མཆེད་ལྕམ་དྲལ་བཞུགས་སོ་འཚལ་གྱི་དམ་ཚིག་ཉམས་པ་ཐམས་ཅད་དིང་ནུབ་བསྐོངས་ཏེ་ཆོ་ག་བཞིན་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །ཡོན་བདག་ཆེ་གེ་མོ་དང་བདག་ཅག་ཚོགས་ཀྱི་དཀྱིལ་འཁོར་འདིར་འདུས་པ་རྣམས་ཀྱིས་དང་པོར་གསང་བའི་ཐེག་པ་འདིའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉན་པོ་མནོས་པ་ལས་གཞུང་བཞིན་བསྒྲུབ་པར་རྔོ་མ་ཐོགས་ཏེ། ཏིང་ངེ་འཛིན་ལེ་ལོར་གྱུར་པ། སྔགས་དང་ཕྱག་རྒྱ་རྒྱུན་བཅད་པ། གསང་བའི་མན་ངག་གཞན་ལ་སྤེལ་བ། རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དྲལ་ལ་གདུང་སེམས་རྒྱུན་ཆད་པ། མི་སྨད་པ་སྨད་པ། མི་སྤང་པ་སྤངས་པ། དམ་ཚིག་ངོ་མ་འཚལ་བ། དམ་ཚིག་ཁྱད་དུ་བསད་པ་ལ་སོགས་པ་ནོངས་འཁྲུལ་ཆག་ཉམས་ཅི་མཆིས་པ་ཐམས་ཅད་རབ་ཏུ་གནོང་བའི་སེམས་ཀྱིས་མཐོལ་བཤགས་ཤིང་མཆིས་ན། ཐུགས་རྗེ་ཆེན་པོས་བཟོད་པར་བཞེས་ཏེ། ཚངས་པ་ཡིད་བཞིན་དུ་སྩལ་དུ་གསོལ་ལོ། །བདག་ཅག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གདུང་བསབ་པ་དང་། འགྲོ་བ་མཐའ་དག་གི་དོན་བགྱི་བའི་སླད་དུ། ཆོས་ཆེན་པོ་རྣལ་འབྱོར་གྱི་ཐེག་པ་འདི་བསྒྲུབ་པར་དམ་བཅས་པ་ལ། མི་དང་མི་མ་ཡིན་པའི་དགྲ་དང་ནད་བགེགས་ལ་སོགས་པ་བར་ཆད་ཅི་ཡང་མི་འབྱུང་ཞིང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་མཛད་དུ་གསོལ་ལོ། །འཇིག་རྟེན་འདིར་ཆོས་ཆེན་པོ་རྣལ་འབྱོར་གྱི་ཐེག་པ་འདི་ཡང་དར་ཞིང་རྒྱས་པ་དང་། བརྟན་ཞིང་མི་འགྱུར་བར་ཡུན་རིང་དུ་གནས་པ་དང་། རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པའི་དུས་མེད་པ་དང་། རྡོ་རྗེ་སྙིང་པོ་ལྟར་འཇིག་པའི་དུས་མེད་པར་སྨོན་ཏོ། །དེ་ནས་སློབ་དཔོན་གྱིས་ཚོགས་ལ་རོལ་པར་དབང་བསྐུར་ལ། ཡོན་བདག་གང་ཡིན་པས་ཞལ་ཟས་དམ་པའི་ཕུད་རྣམས་ལས། དང་པོར་རྡོ་རྗེ་སློབ་དཔོན་ལ་གུས་པར་བསྟབས། དེ་ནས་གཞན་ལ་ཡང་རིམ་བཞིན་བསྟབས་ཏེ་ཅི་བདེར་ལོངས་སྤྱད་ཅེས་ཐབས་མཆོག་ལས་འབྱུང་། ཚོགས་ཆེ་ཆུང་གི་ཡི་གེ་ལས་ནི། དང་པོ་ཕུད་ལས་བདེ་བར་གཤེགས་པ་མཆོད་ཅིང་། བཤགས་པ་དང་བསྟབས་པ་དག་ཀྱང་བྱའོ། །ཞེས་འབྱུང་ན། རང་གི་བློ་དང་ཇི་ལྟར་འཚམ་པ་བཞིན་བྱའོ། །ཡོང་ནི་ཚོགས་ཀྱི་མཆོད་པའི་སྐབས་འདིར། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། དེའི་འཁོར་ན་གནས་པའི་ཕྱི་ནང་གི་རྣལ་འབྱོར་ཐམས་ཅད་དང་། འདུས་པའི་རྣལ་འབྱོར་པ་ཐམས་ཅད་དབྱེར་མེད་པར་ལོངས་སྤྱོད་ཆེན་པོའི་ཚོགས་ལ་མཉམ་པ་ཉིད་ཀྱི་མཛད་སྤྱོད་དུ་རོལ་པ་ཡིན་ལ། ལྷ་དང་སློབ་དཔོན་ཡང་གཞུང་ཁ་ཅིག་ལས་སློབ་དཔོན་གཉན་པར་བཀུར་བ་འབྱུང་། ཁ་ཅིག་ལས་ལྷ་གཉན་པར་བཀུར་བ་འབྱུང་། རྣལ་འབྱོར་པའི་དགོངས་པའང་། ཁ་ཅིག་ལས་བདག་ཉིད་མ་ནོར་པའི་དབང་ཕྱུག་ཏུ་བལྟས་ཏེ། སྔོན་ལ་བདག་ཉིད་རོལ་བར་འབྱུང་། ཁ་ཅིག་ལས་སྔོན་ལ་ལྷ་མཆོད་པར་འབྱུང་སྟེ། གང་ལྟར་ཡང་འགལ་བ་མེད་པས་ཇི་ལྟར་རང་གིས་དམ་ཚིག་མནོས་པ་བཞིན་དུ་བྱའོ། །དེ་ལ་རེ་ཤིག་བདག་ཉིད་རོལ་པར་འདོད་ན་ནི། རྣལ་འབྱོར་པ་རྣམས་ཀྱིས་ལྷ་དང་ལྷ་མོའི་ཏིང་ངེ་འཛིན་གསལ་བར་བགྱིས་ཏེ། སངས་རྒྱས་ཐམས་ཅད་དང་མི་གཉིས་པའི་ཏིང་ངེ་འཛིན་གྱིས་རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་གཅིག་ལ་གཅིག་གསོལ་ཞིང་བསྟབས་པས་འཕགས་པ་ཐམས་ཅད་མཉེས་པར་བསམ་ཞིང་། དེའི་བྱིན་གྱིས་བརླབས་ཀྱིས་ཕྱི་ནང་གི་རྣལ་འབྱོར་རྣམས་དང་ཁམས་གསུམ་གྱིས་སེམས་ཅན་ཡང་ཚིམ་པར་བསམ་ཞིང་ཚོགས་ལ་རོལ་བར་བྱའོ། །གལ་ཏེ་སྔོན་ལ་ལྷ་མཆོད་ཅིང་གུད་དུ་མཆོད་པར་འདོད་ན་ནི་དམ་རྫས་སྣ་ཚོགས་ལས་སྦྱར་བའི་གཏོར་མ་ཡང་བཤམས་ཏེ། མེ་ཏོག་ལ་སོགས་པའི་ཉེ་བའི་མཆོད་པ་རྣམ་པ་ལྔ་དང་བཅས་པས། ཚོགས་ཆེན་པོ་ཕུད་༼ཞི་བའི་དཀྱིལ་འཁོར་ཆེན་པོ་ལ་ནི། གོང་དུ་བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཞེས་པས་ཅི་རིགས་སུ་མཆོད། ཁྲོ་བོ་ལ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །ཞེས་མཆོད། ༽དང་བཅས་ཏེ། བདེ་བར་གཤེགས་པ་ཞི་ཁྲོའི་དཀྱིལ་འཁོར་ཐམས་ཅད་དང་ཕྱོགས་བཅུའི་རྣལ་འབྱོར་ཕ་དང་རྣལ་འབྱོར་མ་དང་། རྡོ་རྗེ་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་འགྲོ་མ་ཐམས་ཅད་ལ་མཆོད་པ་དང་དམ་ཚིག་གི་བཤགས་པ་བྱ་བ་༼ཡིད་ལ་ཇི་ལྟར་འཚམས་པ། ༽དང་། གདུག་པ་༼ཇི་ལྟར་འཚམས་པའི། ༽འདུལ་བ་ལ་སོགས་པ་ཕྲིན་ལས་བཅོལ་བ་བྱ་སྟེ། དེ་ནས་གདོད་ཚོགས་ལ་རོལ་བར་བྱའོ། །དེ་ལ་མཆོད་པ་ཡང་ཞི་བའི་དཀྱིལ་འཁོར་ལ་ནི། གོང་དུ་སྤྱིའི་མཆོད་པར་སྨོས་པའི། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཞེས་བྱ་བ་ལ་སོགས་པ་ཅི་རིགས་ཀྱིས་མཆོད་པར་བྱའོ། །ཁྲོ་བོའི་དཀྱིལ་འཁོར་ལ་མཆོད་པ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིག་པར་བྱེད་པ་དང་། །སྙིང་རྗེ་ངམ་དང་ཞི་བ་ལ་སོགས་པ། སྐུའི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིས། །གར་བྱ་གྲུབ་པོ་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་རོ་མཆོག་གསོལ། །མེ་ཏོག་ལ་སོགས་ཙནྡན་ཕྲེང་། །བཟང་དགུ་འབུལ་ལོ་བཞེས་སུ་གསོལ། མི་མོ་རྣམས་ཀྱི་རེག་བྱ་མཆོག །བྱིན་གྱིས་རློབ་ཤིག་རྣལ་འབྱོར་པ། བསྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །ནང་གི་མཆོད་པ་དབུལ་བ། བདུད་རྩི་ལ་སོགས་དམར་ཆེན་སྙིང་པོ་ལྔ། །མཱཾ་ས་ལ་སོགས་ཚེ་འཕེལ་དཔའ་བོའི་མཆོག །མ་ཙ་མེ་ཙ་རཀྟ་རུཀྟི་ར། །ཉེ་བར་སྒྲུབ་པའི་མ་ལུས་སྒྲུབ་རྫས་རྣམས། །དྲི་མེད་གཟི་ལྡན་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་རྒྱ་མཚོ་ཐམས་ཅད་དགྱེས་ཤིང་རོལ་དུ་གསོལ། །ཞེས་པ་དང་། གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་པས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོད་སྟོན་ཀུན་གསོལ་ལ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །རྒྱས་བཏབ་རྨོངས་བྱས་མནབས་སུ་གསོལ། །བདེ་མཆོག་ངོ་མཚར་བདེ་བས་བཞུགས། །ཧཱུཾ་ཨ་ལ་ལ་ཧོཿ། སྣང་བར་མཛོད། རྣལ་འབྱོར་བདེ་མཆོག་སྒྱུར་མས་སྤྲུལ། །དམ་ཚིག་དག་ལ་འཇུག་ཏུ་གསོལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །མ་ལུས་པ་དག་མནབས་སུ་གསོལ། །ཉོན་མོངས་ཐམས་ཅད་བསལ་བར་མཛོད། །དེ་ནས་བཤགས་པ་དང་ཕྲིན་ལས་བཅོལ་བ་དག་ཀྱང་ཇི་ལྟར་འཚམ་པ་བཞིན་བགྱི། དེ་ནས་ཚོགས་ལ་རོལ་ཏེ། རྗེས་ཆད་པ་དང་ཀིཾ་རྣམས་བོས་ཏེ་སྩལ། དེ་ནས་ལྷག་མའི་མཆོད་པ་བྱ་སྟེ། མཆོད་པའི་ལྷག་མ་རྣམས་དང་མེ་ཏོག་སྙིང་པོ་ལ་སོགས་པའི་ཕྱག་དར་རྣམས་གཅིག་ཏུ་བསྡུས་ཏེ། ༼ཚོགས་ཀྱི་དཀྱིལ་དུ་བཞག་ལ། ཕྱི་ནང་གི་རྣལ་འབྱོར་གྱི་འཁོར་ན་ལྷག་མ་དང་ཕྱག་དར་དང་ཁ་ཆུ་དང་དྲི་མ་ལ་དབང་ཞིང་དགའ་བ་ཡོད་པས། ༽དེ་དག་བྱིན་གྱིས་བརླབས་ཤིང་མཆོད་པ་དང་། གཞན་ཡང་མེ་ཏོག་དང་དྲི་དང་བདུག་པ་དང་གླུ་གར་དང་རོལ་མོ་རྣམས་ཀྱིས་ཀྱང་སྔ་མ་བཞིན་དུ་རྒྱ་ཆེར་མཆོད་པ་དང་། བཤགས་པ་དང་ཕྲིན་ལས་བཅོལ་བ་དག་ཀྱང་བགྱི། གཞུང་ཁ་ཅིག་ལས་སྔོན་ལ་ཕུད་སྤགས་ཏེ་ཕྱིས་ལྷག་མ་དང་བསྲེ་ཞེས་ཀྱང་བཤད། ཁ་ཅིག་ལས། གང་ལྟར་བྱས་ཀྱང་ཉེས་པ་མེད་དོ། །ཞེས་ཀྱང་བཤད་དོ། །དེ་ལ་ལྷག་མ་བྱིན་གྱིས་བརླབ་པ་ནི། རྣལ་འབྱོར་གྱི་འཁོར་ཁ་ཅིག་ལྷག་མ་ལ་དགའ་བར་མ་ཟད་ཀྱི། ཁ་ཆུ་ལ་དགའ་བ་ཡང་ཡོད་ལ། ཁ་ཅིག་དྲི་མ་ལ་དགའ་བ་ཡང་ཡོད་པས་ལྷག་མའི་ཕྱོགས་གཅིག་གུད་དུ་བྱས་ལ། དཔལ་ཆེན་པོའི་ཏིང་ངེ་འཛིན་དུ་ཞུགས་ཏེ། དཔལ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་བཅས་ལ། ཁ་ཆུ་དམ་ཚིག་ཡེ་ཤེས་ཀྱི་འོད་ཟེར་དུ་དམིགས་ལ་གདབ། དེ་ནས་ལྷག་མའི་གཏོར་མ་ལ་ལག་པ་གཡོན་པས་རེག་༼གུ་ཡ་ལག་གི་ཕྱག་རྒྱས། ༽སྟེ། སྔགས་འདི་ལན་གསུམ་གདབ་བོ། རྟ་མགྲིན་གྱི་ཕྱག་རྒྱ་བཅིངས་༼གཡོན་པའི་སྲིན་མཐེབ་སྦྱར་ཏེ། གཏོར་མ་ལ་རེག་སྟེ། ༽ཏེ། ལྕེའི་རྩེ་མོར་ཧཱུཾ་དམར་པོ་བསྒོམ་ནས། གསང་སྔགས་འདིས་བདུད་རྩིར་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་ཨ་མྲྀ་ཏ་ཨ་ངྷི་ཏིཥྛ་མུཾ་ཧཱུཾ་ཧྲཱིཿཋ། དེ་ནས་མཐེ་བོང་དང་སྲིན་ལག་གི་བར་དུ་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿདམར་པོ་བསམས་ཏེ། ལྷག་མའི་གཏོར་མ་དེ་ཉིད་ལས་ལན་གསུམ་བླངས་ཏེ་བཟའ་བར་བྱའོ། །དེ་ནི་དམ་ཚིག་བླང་བའོ། །དེ་ནས་ཕྱི་ནང་གི་མཁའ་འགྲོ་མ་སྤྱན་དྲང་བར་བྱ་སྟེ། ཧེ་རུ་ཀའི་དམ་ཚིག་གི་ཕྱག་རྒྱ་དཔྲལ་བར་བཅིངས་ནས་སྤྱུགས་པ་བརྗོད་དེ། །ཨོཾ་ཨེ་ས་ཧུཔཻ་སཧུ་ས་མ་ཡ་བྷཀྵ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཞེས་བརྗོད་དེ་སྤྱུགས་པ་དྲག་པོ་བླང་། ལྷག་མ་ལ་དབང་བ་རྣམས་འདིར་གཤེགས་ཤེས་བརྗོད་ཅིང་ཚིག་འདི་ཡང་བརྗོད་དེ། ཨ་ར་ལི་ཡི་རིགས་ནི་མཐིང་ཀ་འབར་བའི་མདོག །༼ཚོགས་ཀྱང་།༽ཞལ་བཟང་མཆེ་བ་གཙིགས་པས་དྲག་པོར་བཞད་པར་མཛོད། །རྣལ་འབྱོར་མ་ཡི་དཀྱིལ་འཁོར་མཆོག་སྦྱིན་གསོལ་མཛད་པའི། །དིང་ཉིད་གནས་མཆོག་འདིར་ནི་འཁོར་དང་བཅས་ཏེ་གཤེགས། །ཤེས་བརྗོད་དེ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་ཆེ་བར་བྱིན་གྱིས་བརླབས་ཏེ། མེ་ཏོག་ལ་སོགས་པ་མཆོད་པ་སྣ་ཚོགས་ཀྱི་གར་དང་། དབྱངས་དང་རོལ་མོ་མཛེས་པ་རྣམས་ཀྱིས་སྔ་མ་བཞིན་དུ་རྒྱ་ཆེར་མཆོད་པར་བགྱིའོ། །དེ་ནས་ཕྱི་ནང་གི་མཁའ་འགྲོ་མ་རྣམས་ལས་ལ་གཞུག་ཅིང་དངོས་གྲུབ་ཐམས་ཅད་དབང་དུ་བྱ་བའི་ཕྱིར། དཔལ་ཧེ་རུ་ཀའི་སྔགས་དང་༼ཐམས་ཅད་འགུགས་པའི། ༽ཕྱག་རྒྱ་དང་། དེ་བཞིན་དུ་ཌ་ཀྐི་རྒྱལ་པོ་༼ལས་དང་དངོས་གྲུབ་ལ་སྦྱོར་བའི། ༽དང་། རྟ་༼དངོས་གྲུབ་ཆེན་པོ་ཐམས་ཅད་ལྷུན་གྱིས་གྲུབ་པའི། ༽མགྲིན་རྣམས་ཀྱིས་སྦྱར་བར་བྱ་སྟེ། དེ་ལ་དང་པོར་རྡོ་རྗེ་ཐལ་མོ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ། མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་པ་གཅིག་ལ་གཅིག་མཁྱུད། མཐེ་བོ་གཉིས་ཕན་ཚུན་རྩེ་སྦྱར། གུང་མོ་གཉིས་ཀྱང་རབ་ཏུ་སྦྱར་ཏེ། ལྷག་མ་རྣམས་བརྐྱང་སྟེ་འོད་ཟེར་ལྟར་བཏང་བ་འདི་ནི་དཔལ་ཧེ་རུ་ཀའི་ཕྱག་རྒྱ་སྟེ། བཅིངས་པ་ཙམ་གྱིས་འགུགས་ཤིང་འཛུད་པར་བྱེད་པའོ། །ཕྱག་རྒྱ་འདི་ནི་གཟི་བརྗིད་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་པ། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །བསྔགས་ཤིང་མཆོད་པ་བྱས་པ་ཡིན། །བཅིངས་པ་ཉིད་ཀྱིས་འབེབས་པ་དང་། །ཐམས་ཅད་ཚོགས་ནི་འཛུད་པར་བྱེད། །ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨཱ་ག་ཙྪཱ་ཡ་ཨཱ་ག་ཙྪཱ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ་ཧྲི་ད་ཡ་ཧཱུཾ་ཧཱུཾ་ཕཊ། དཔལ་ཧེ་རུ་ཀའི་སྔགས་དང་ཕྱག་རྒྱ་སྟེ། ཐམས་ཅད་དགུགས་ཤིང་ལས་དང་དངོས་གྲུབ་སྣ་ཚོགས་ལ་འཛུད་པར་བྱེད་དོ། །དེ་ནས་རྡོ་རྗེ་བཅིངས་པ་གཉིས་སུ་བྱས་ཏེ་རྒྱབ་སྦྱར། མཐེའུ་ཆུང་གཉིས་བརྐྱང་སྟེ་ཕན་ཚུན་བསྣོལ། མཛུབ་མོ་གཉིས་བསྒྲེང་སྟེ་སྙིང་གར་བརྟེན་ནས་བརྐྱང་བསྐུམ་གྱི་ཚུལ་དུ་གནས་པ་འདི་ནི། ལས་ཐམས་ཅད་བྱེད་པའོ། །འདི་ཡིས་ཐམས་ཅད་ལས་ཀྱི་རྣམས། །ཇི་ཙམ་ཡིད་འདོད་བྱེད་པར་འགྱུར། །ཚེ་འདིར་སྡིག་པ་གང་བྱས་པ། །འདི་ཡིས་ཐམས་ཅད་འཕྲོག་པར་བྱེད། །དེ་དག་ཐམས་ཅད་མྱུར་འགྱུར་ཏེ། །དངོས་གྲུབ་ཡིད་བཞིན་རིན་ཆེན་འབྱུང་། །ཨོཾ་ཌཱ་ཀི་ཨཱ་ཀརྵ་ཡ་ཨཱཀརྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཾ། ཧྲི་ད་ཡ་ན། ཧཱུཾ་བཛྲ་ཛཿཧཱུཾ་བཾ་ཧོཿ། ཌཀྐི་ཧཱུཾ་ཛཿ། ཌ་ཀྐི་རྒྱལ་པོའི་སྔགས་དང་ཕྱག་རྒྱ་སྟེ། ལས་དང་དངོས་གྲུབ་རྣམས་ལ་སྦྱོར་བར་འགྱུར་རོ། །དེ་ནས་དངོས་གྲུབ་ཆེན་པོ་ལ་སྦྱར་བའི་ཕྱིར། ཐལ་མོ་མཉམ་པར་སྦྱར་ཏེ། མཐེ་བོང་གཉིས་དབུས་སུ་སྦྱར། ལྷག་མ་འདབ་མ་ཁ་ཕྱེ་བ་ལྟར་བྱས་པ་ནི་པདྨའི་སྟན་ནོ། །དེ་ལས་མཐེ་བོང་གཉིས་རྩེ་མོ་ཐུར་དུ་བཏུད་པ་ནི་རྟ་གདོང་གིའོ། །གང་གིས་སྦྱར་བྱས་སྐད་ཅིག་ཏུ། །དེ་ཡི་དངོས་གྲུབ་ཆེན་པོར་འགྱུར། །བཅིངས་མ་ཐག་ཏུ་འཕུར་འགྱུར་བ། །འདོད་པ་བཞིན་དུ་ཉེ་བར་འགྲོ། །ས་ལ་སོགས་དངོས་འདོད་པ་བཞིན། །མྱུར་དུ་སླར་ཡང་ལྡོག་པར་འགྱུར། །ཨོཾ་བཛྲ་པདྨ་བ་ཌ་བ་མུ་ཁ་ཨཱ་ཀརྵ་ཡ་ཨཱ་རྵ་ཡ། པྲ་བེ་ཤ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ། ཧྲི་ད་ཡ་ཧ་ཧ་ཧི། ཨོཾ་ཨཱཿཧཱུཾ། དཔལ་རྟ་མགྲིན་གྱི་སྔགས་དང་ཕྱག་རྒྱ་སྟེ། དངོས་གྲུབ་ཆེན་པོ་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་རོ། །དེ་ནས་ལྷག་མ་དང་ཕུད་གཅིག་ཏུ་བསྲེས་ནས། གཏོར་མ་བརྫང་ཞིང་བསྐྱལ་བར་བྱ་སྟེ། དཔལ་ཧེ་རུ་ཀའི་ཐོད་པའི་ཐལ་མོ་ཞེས་བྱ་བའི་ཕྱག་རྒྱ་མཆོད་པ་དང་། གཏོར་མ་ཐམས་ཅད་དབུལ་བར་བྱེད་པ་བཅས་ཏེ། གསང་སྔགས་འདི་དག་བརྗོད་པར་བྱའོ། །བུདྡྷ་ཊཱ་ཀི་ནཱི་པྲ་ཏཱི་ཙྪེ་མཾ་བ་ལིནྟ་ཨོཾཿཕཊ། ཨོཾ་བཛྲ་ཊཱ་ཀི་ནཱི་པྲ་ཏིཙྪཾ་མཾ་བ་ལིནྟ་ཧཱུཾ་ཕཊ། ཨོཾ་རཏྣ་ཊཱ་ཀི་ནཱི་པྲཏཱིཙྪེ་མཾ་བ་ལིནྟ་ཏྲཱཾ་ཕཊ། ཨོཾ་པདྨ་ཊཱ་ཀི་ནཱི་པྲ་ཏཱིཙྪམཾ་བ་ལིནྟ་ཧྲཱིཿཕཊ། ཨོཾ་བི་ཤྭ་ངྷ་ཀི་ནི་པྲ་ཏཱི་ཙྪེ་མཾ་བ་ལིནྟ་ཨཱཿཕཊ། ཅེས་བརྗོད་དེ་གཏོར་མ་བསྐྱལ། གླུ་གར་དང་མཆོད་པ་རྣམ་པ་མང་པོས་ཕྱི་ནང་གི་མཁའ་འགྲོ་དམ་ཅན་རྣམས་དགྱེས་ཤིང་ཚིམ་པར་བྱའོ། །འདི་དག་ཙམ་ནི་སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་མཆོད་པའི་ཡི་གེ་དག་དང་། རྒྱུད་དག་ལས་ཀྱང་སྣང་། སླད་ནས་བོད་ཀྱིས་མཛད་པའི་ཚོགས་རྒྱས་འབྲིང་གི་ཡི་གེ་དག་ལས་ནི་དབང་ཕྱུག་མ་ལ་མཆོད་པ་དང་ལས་བཅོལ་བར་འབྱུང་། བོད་ཀྱིས་མཛད་པའི་གཏོར་མ་བསྔོ་བའི་ཡི་གེ་ཕལ་ལས་ནི། དཔལ་ཆེན་པོའི་ལྷག་མ་དང་། རྣལ་འབྱོར་བའི་ལྷག་མ་རྣམ་གཉིས་ཀྱིས་འགྲོན་མར་གྱི་གནས་བདུན་མཆོད། ཅེས་ཀྱང་འབྱུང་། ལས་མནར་བ་ཅིག་བྱེད་ན། ལས་ཀྱི་བཟླས་པ་བྱ། ཞེས་ཀྱང་འབྱུང་སྟེ། འདི་དག་ལ་ཡང་གཅིག་ཏུ་ཆད་པའི་ངེས་པ་མེད་པས་གལ་ཏེ་སྔ་མས་ཡིད་མི་ཚིམ་ཞིང་། སོ་སོར་མཆོད་པ་དང་ཕྲིན་ལས་བཅོལ་བར་འདོད་ན་ཡང་རང་རང་གི་བློ་ལ་ཇི་ལྟར་འཚམ་པ་བཞིན་དུ་བྱའོ། །དེ་ནས་ལྷ་གཤེགས་སུ་གསོལ་ཏེ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །གྲུབ་པ་ཚུལ་བཞིན་སྩལ་ལགས་ཀྱིས། །སངས་རྒྱས་ཡུལ་དུ་གཤེགས་པར་མཛོད། །སླར་ཡང་གཤེགས་པར་མཛད་དུ་གསོལ། །ཞེས་བརྗོད། གསང་བའི་མཆོད་པའི་སྒོ་ནས་དཀྱིལ་འཁོར་བསྡུ། རྣམ་པར་མི་རྟོག་པ་ཅུང་ཟད་བསྒོམ། སློབ་དཔོན་ལ་ཕྱག་བྱས་ཏེ་བཟོད་པ་གསོལ། མཆེད་ལྕམ་དྲལ་ནང་ཕན་ཚུན་བཟོད་པ་གསོལ། ཆོས་དོན་ཟབ་མོ་དག་བླ་མ་ལ་ཞུ། གླུ་གར་དང་བྲེ་མོའི་གཏམ་ལ་སོགས་པ་དགའ་བའི་ལོངས་སྤྱོད་རྣམས་ཀྱང་བླ་མ་རྣམས་ལ་ཞུས་ཏེ་བྱའོ། །དེ་དག་ཐམས་ཅད་ཀྱང་སེམས་དང་ཡེ་ཤེས་རང་སྣང་བའི་མཚན་ཉིད་ཙམ་སྟེ། དམིགས་སུ་མེད་པར་ཤེས་པར་བྱའོ། །ཚོགས་ཡིག་ཆེན་པོ་ཞེས་བྱ་བ། དཔལ་རོང་པ་ཆེན་པོ་ཆོས་ཀྱི་བཟང་པོས་མཛད་པ་རྫོགས་སོ། །བླ་མའི་མན་ངག་ཐུན་མོང་མ་ཡིན་པའོ། །

ལྟ་བ་དང་གྲུབ་མཐའ་སྣ་ཚོགས་པ་བརྗེད་བྱང་དུ་བགྱིས་པ།

༄༅། །ལྟ་བ་དང་གྲུབ་མཐའ་སྣ་ཚོགས་པ་བརྗེད་བྱང་དུ་བགྱིས་པ་བཞུགས་སོ། །

ཉན་ཐོས་ཀྱི་ལྟ་བ་ནི། བྱེ་བྲག་པ་དང་། མདོ་སྡེ་པ་གཉིས་ཀ་འདྲ་བར། ཡུལ་རྡུལ་ཕྲ་རབ་རྫས་སུ་ཡོད་པར་འདོད་དོ། །ལུང་ལས་ཀྱང་། ལག་མཐིལ་སྤུ་ཉག་གཅིག་བཞག་ན། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །མིག་ཏུ་སོང་ན་དེ་མིན་ལྟར། །མཁས་པའི་ཡེ་ཤེས་མིག་དང་འདྲ། །མི་མཁས་ཡེ་ཤེས་ལག་མཐིལ་འདྲ། ཞེས་འབྱུང་སྟེ། དེ་ཡང་བྱེ་བྲག་པ་དང་། མདོ་སྡེ་པའོ། །དེ་ཡང་བྱེ་བྲག་པ་ནི། མུ་སྟེགས་བྱེ་བྲག་པ་ཡོད་པར་སྨྲ་བ་དང་མཐུན་ཏེ། མུ་སྟེགས་བྲེ་བྲག་པ་ཡོད་པར་སྨྲ་བ་ནི། ཆོས་ཐམས་ཅད་སྒྲ་ཙམ་དུ་འདོད་ལ། སྒྲ་དེ་ཡང་མ་འདྲེས་པར་འདོད་དོ། །དེ་དང་མཐུན་པར་ཉན་ཐོས་བྱེ་བྲག་པ་ཡང་། དངོས་པོ་ཐམས་ཅད་ཀྱི་མཐའ་ནི་རྡུལ་ཕྲ་རབ་དུ་འདོད་ལ། དེ་ཡང་མ་འདྲེས་པར་འདོད་དོ། །འོ་ན་སྒྲ་མ་འདྲེས་པར་འདོད་པ་དང་། རྡུལ་མ་འདྲེས་པར་འདོད་པ་གཉིས་འདྲ་ན། གཅིག་ནི་ཅི་སྟེ་འཁོར་བའི་ཆོས་སུ་གསུངས་ལ། གཅིག་ནི་ཅི་སྟེ་ཐར་པ་མྱ་ངན་ལས་འདས་པའི་ཆོས་སུ་གསུངས་ཞེ་ན། ལན་དུ། དེ་ལྟ་ཞིག་ན་ཡང་མུ་སྟེགས་ཀྱིས་ནི། སྒྲ་རྟག་པར་འདོད་ལ། དེ་ལ་བྱེད་པ་པོའི་བདག་གཅིག་ཀྱང་ཡོད་པར་འདོད་དེ། སྒྲ་དེ་གོམས་པ་མཐུར་གྱུར་པའི་ཚེ་ན། ནམ་མཁར་ལག་པས་རེག་ན་ཏྭག་ཏྭག་ཟེར་བར་འགྱུར་རོ་ཞེས། དེ་ལྟར་བདག་རྟག་པར་འདོད་པས་འཁོར་བའི་ཆོས་སུ་གསུངས་ལ། ཉན་ཐོས་ཀྱིས་ནི། རྡུལ་ཕྲ་རབ་དེ་ཉིད་མི་རྟག་པ་དང་། བྱེད་པ་པོ་བདག་མེད་པར་འདོད་པས། མྱ་ངན་ལས་འདས་པའི་ཆོས་སུ་གསུངས་སོ། །ཉན་ཐོས་མདོ་སྡེ་པ་ནི། བཀའ་མཐའ་དག་དང་མཐུན་པས་མདོ་སྡེ་པ། ཞེས་བཏགས་སོ། །ཉན་ཐོས་རྣམ་གཉིས་ཡུལ་ལ་གཅོད་པའི་ཚུལ་ཅི་ལྟ་བུ་ཞེ་ན། བྱེ་བྲག་པ་ན་རེ། སྣང་བ་ཐམས་ཅད་ནི་འདུས་པ་ལས་སྣང་སྟེ། འཇིམ་གོང་བསྒོང་བ་དང་འདྲ་ལ། གཅོད་པ་ཐམས་ཅད་ཐུག་ཕྲད་དུ་གཅོད་དེ། ཤེས་པ་བྱི་བོས་ཡུལ་རང་གི་ངོ་བོ་ལ་གཅོད་ཅེས་བྱའོ། །མདོ་སྡེ་པ་ན་རེ། སྣང་བ་ཐམས་ཅད་ལྟོས་པ་ལས་སྣང་བ་སྟེ། ནགས་དང་གཡག་རྔ་དང་འདྲ་ལ། གཅོད་པ་ཐམས་ཅད་ནི་འཕྲེད་ཀར་གཅོད་ཅེས་བྱ་སྟེ། ཡུལ་གྱི་རྣམ་པ་སྣང་བ་ཞེས་བྱ་བ་དེ་ཡང་། སྐད་ཅིག་མ་དང་པོ་ལ། ཡུལ་དང་དབང་པོ་དང་མཚུངས་པ་དེ་མ་ཐག་པ་སྐྱེ་བཞིན་པ་འགགས་མ་ཐག་ཏུ། སྐད་ཅིག་མ་ཕྱི་མ་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གྱི་བག་ཆགས་ཟ་འོག་གི་རི་མོ་འདྲ་བ་བློ་ལ་ཡོད་པ་ཤེས་བཞིན་པར་སྐྱེས་སྟེ། ཡུལ་གྱི་རྣམ་པ་ཅན་ཞེས་བྱ་བ་དེས་ཡུལ་ཅི་ཡིན་པ་རྗེས་ཐོགས་ལ་གཅོད་དོ། །ཉན་ཐོས་ཀྱིས་ཡུལ་དེ་ལྟར་གཅོད་པ་ལ་ཡང་འགལ་དུ་མི་རུང་བ་རྣམ་པ་གསུམ་སྟེ། མངོན་སུམ་གྱི་ཚད་མ་དང་འགལ་དུ་མི་རུང་བ་དང། རིགས་པའི་ཚད་མ་དང་འགལ་དུ་མི་རུང་པ་དང་། དེ་བཞིན་གཤེགས་པའི་བཀའ་ཚད་མ་དང་འགལ་དུ་མི་རུང་བའོ། །དེ་ཡང་མངོན་སུམ་གྱི་ཚད་མ་ལ་ཡང་གསུམ་སྟེ། དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ་མོ། །དེ་ལ་དབང་པོའི་མངོན་སུམ་ནི། གཟུགས་སྒྲ་དྲི་རོ་རེག་བྱའོ། །ཡིད་ཀྱི་མངོན་སུམ་གྱི་ཡུལ་ནི། གཟུགས་ལ་སོགས་པ་འདི་དག་ཡིད་ཀྱི་མངོན་སུམ་དུ་ཡང་འགྱུར་རོ། །ཞེས་བྱས་བ་དང་། རྒོལ་བ་ན་རེ། ཡུལ་གཅིག་ལ་ཤེས་པ་གཉིས་ཀྱིས་འཛིན་སྲིད་དམ་མི་སྲིད། ཅི་སྟེ་འཛིན་ན་ནི། སྔར་གཟུང་བ་འཛིན་པའི་སྐྱོན་དུ་འགྱུར་རོ། །མི་འཛིན་ན་ནི་འོན་པ་དང་ལོང་བའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་སྒོ་ལྔའི་རྣམ་པར་ཤེས་པ་ལ་མ་བརྟེན་པར་ཡིད་ཀྱི་ལྐོག་ཏུ་གྱུར་པ་གཅོད་ན་ནི། འོན་ལོང་མེད་པའི་སྐྱོན་དུ་འགྱུར་རོ། །ཞེས་ཟེར་བ་དང་། ལན་དུ་ཡུལ་འཕྲེད་ཀ་ལ་གཅོད་ཅེས་བྱ་སྟེ། རྗེས་ཐོགས་ལ་རིམ་གྱིས་གཅོད་པ་ལ་བྱའོ། །དེ་ལ་སྐད་ཅིག་མ་དང་པོ་ལ་ཡུལ་དང་དབང་པོ་མཚུངས་པ་དེ་མ་ཐག་པ་གསུམ་འཚོགས་པའི་སྒོ་ནས་ཡུལ་སྣང་རིམ་དུ་གཅོད་པ་དང་། དེའི་རྗེས་ཐོགས་ལ་ཡིད་ཀྱིས་གསལ་བར་གཅོད་པ་ལ་བྱའོ། །རྣལ་འབྱོར་གྱི་མངོན་སུམ་ནི། མཉམ་པར་བཞག་པའི་གནས་སྐབས་ན་ཡང་། འཕགས་པའི་ཡེ་ཤེས་ཀྱི་སྤྱན་གྱིས་རྡུལ་ཕྲ་རབ་ཀྱི་ཕྱི་མོ་རྫས་སུ་ཡོད་པར་གཟིགས་སོ། །རིགས་པའི་ཚད་མ་དང་འགལ་ཏུ་མི་རུང་བ་ནི། ཕུང་པོ་ལྔ་ལས་ནི་གཟུགས་ཀྱི་ཕུང་པོ་རྡུལ་ཕྲ་རབ་ལས་གྲུབ་པ་ཡོད་ལ། ཁམས་དང་སྐྱེ་མཆེད་ལས་ཀྱང་དབང་པོ་གཟུགས་ཅན་རྡུལ་ཕྲ་རབ་ལས་གྲུབ་པ་ཡོད་པས། དོན་དམ་པར་ཡུལ་ཡོད་པར་འདོད་དོ། །བཀའ་ཚད་མ་དང་འགལ་དུ་མི་རུང་བ་ལ། མི་སྲིད་པའི་ཆོས་བཞི་ནི། འབྲས་བུ་སྔ་མར་སྨིན་ནས་རྒྱུ་ཕྱིས་འབྱུང་མི་སྲིད་དེ། ཆོས་རྒྱུ་འབྲས་ལྡོག་མི་སྲིད་དོ། །སངས་རྒྱས་གཉིས་སྟོང་ཁམས་གཅིག་ལ་དུས་གཅིག་དུ་ཆོས་ཀྱི་འཁོར་ལོ་སྐོར་མི་སྲིད་དེ། སྲིད་ན་གཅིག་བདུད་ཡིན་ནོ། །རྒྱལ་པོ་གཉིས་ཀྱིས་རྒྱལ་ཁམས་གཅིག་ལ་དབང་བྱེད་མི་སྲིད་དེ། སྲིད་ན་རྒྱལ་ཁམས་དེ་འཁྲུག་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྫུན་གསུང་མི་སྲིད་དེ། བཅོམ་ལྡན་འདས་ཀྱི་བཀའ་ལས་ཀྱང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྡུལ་ཕྲ་རབ་ལས་གྲུབ་པ་ཡོད་པར་གསུངས་པས། སེམས་ཙམ་ལྟར་ཡུལ་མེད་དོ། །ཞེས་བསྐུར་བ་གདབ་དུ་མི་རུང་ངོ་། །ཞེས་འདོད་དོ།། །། རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་ལུགས་ནི། སེམས་ཙམ་གྱིས་སེམས་དོན་དམ་པར་ཡོད་པར་འདོད་དེ། ཉན་ཐོས་ལྟར་ཡུལ་ཡོང་གིས་མེད་པ་ལ་སྒྲོ་འདོགས་པ་དང་། དབུ་མ་ཆེན་པོས་སེམས་ཀྱང་དོན་དམ་པར་མེད་དོ་ཞེས་བསྐུར་བ་འདེབས་པ་སྤང་དགོས་ཏེ། སེམས་དོན་དམ་པར་མེད་པ་ཞིག་ན་ནི། བསོད་ནམས་བསགས་པའི་གཞི་མེད། ཐར་པ་སྒྲུབ་པའི་དོན་མེད་པས། སེམས་ནི་སེམས་ཅན་གྱི་དུས་ན། སེམས་ཤེས་པ་སྐད་ཅིག་མ་ཙམ་དུ་ཡོད་དོ། །ད་ལྟར་ཡུལ་དུ་སྣང་བ་འདི་སེམས་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་སེམས་གཟུང་བ་ཆ་གཅིག་ཡུལ་དུ་འཁྲུལ། གཟུང་བ་ཆ་གཅིག་སེམས་སུ་འཁྲུལ་བ་རྟོག་པས་བརྟག་པ་དང་། བག་ཆགས་ཙམ་ལ་བག་ཆགས་སུ་རྟོག་པ་ཞེས་བྱའོ། །དེས་ན་ཡུལ་ནི་ཤེས་པ་ལས་གྱུར་པ་ཡིན་ཀྱང་བེམ་པོར་སྣང་། སེམས་ནི་ཤེས་པའི་དངོས་གཞི་ཡིན་པས་རིག་པར་སྣང་། ཡུལ་ནི་རྟོག་པས་བརྟགས་པ་ཡིན་པས་ཐ་དད་པར་སྣང་། སེམས་ནི་རྟོག་པའི་དངོས་གཞི་ཡིན་པས་གཅིག་པར་སྣང་། ཡུལ་རྣམས་ཀྱང་ཤེས་པས་འཕྲུལ་པ་ཡིན་པས་འབྲེལ་པ་ཡོད། ཡུལ་རྡུལ་ཕྲ་རབ་རང་རྒྱུད་དུ་ལོགས་ཤིག་ན་ཡོད་པར་གྱུར་ན་ནི། ཤེས་པ་དང་བེམ་པོ་གཉིས་རིགས་མི་མཐུན་པས། འབྲེལ་བ་མེད་པའི་ཕྱིར་དེ་ཤེས་པར་ཡང་མི་རུང་ངོ་། །ཡང་རྡུལ་ཕྲ་རབ་གཅིག་ལས་ཐ་དད་པར་སྣང་བར་མི་འགྱུར་རོ། །དེ་བས་ན་ཡུལ་མེད་དོ། །སེམས་རྟོགས་པ་ཉམས་ནས་ཡུལ་དུ་སྣང་ངོ་། །སེམས་དོན་དམ་པར་ཡོད་དོ། །མེད་ན་ཐར་པ་བསྒྲུབ་པ་དོན་མེད་པའི་སྐྱོན་དུ་འགྱུར་བས། མེད་ཅེས་པར་ཡང་མི་རུང་སྟེ། གཏན་ཚིགས་དེ་བས་ན་སེམས་ཀྱང་སེམས་ཅན་གྱི་དུས་ན་ཀུན་གཞི་རྒྱུན་གྱི་རྟག་པ་སྐད་ཅིག་མ་ཙམ་དུ་ཡོད་ལ། འཕགས་པའི་དུས་ན་ཡེ་ཤེས་རྒྱུན་གྱི་རྟག་པ་སྐད་ཅིག་མ་ཙམ་དུ་ཡོད་དོ། །དེ་ལྟར་ཡོད་མེད་གཉིས་ཀྱི་མཐའ་བསལ་ནས། དབུ་མའི་ལམ་ལ་གནས་པ་བདག་ཅག་ཡིན་ཏེ། སེམས་ཙམ་དབུ་མ་ཞེས་འདོད་པའོ།། །། རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་ནི། ཀུན་རྫོབ་ཏུ་སེམས་ཙམ་དང་མཐུན་པར། སྣང་སྲིད་ཀྱི་ཆོས་ཐམས་ཅད་སེམས་འཁྲུལ་བའི་དབང་གིས་སྣང་བས། ཡུལ་ལོགས་ཤིག་ན་མེད་པར་འདོད་དེ། ཉན་ཐོས་ལྟར་ཡུལ་ཡོང་གིས་མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་མཐའ་དང་། དབུ་མ་ཆེན་པོ་ལྟར་སེམས་ཀུན་ཏུ་ཡང་མེད་དོ་ཞེས་བསྐུར་བ་འདེབས་པའི་མཐའ་སེལ་ཏེ། དེ་གཉིས་ཀའི་མཐའ་བསལ་ནས། དེ་གཉིས་ཀའི་མཐའ་ལས་དབེན་པའི་དབུ་མ་ཆེན་པོའི་ལམ་ནི་བདག་ཅག་ཡིན་ནོ། །ཞེས་ཟེར་ནས། སེམས་དོན་དམ་པར་ཡོད་པར་འདོད་པ་དེ་ཀུན་རྫོབ་ཏུ་བཞག་ནས། སེམས་དེ་དོན་དམ་པར་མ་གྲུབ་པར་འདོད་དེ། སེམས་དེ་དོན་དམ་པར་ཡོད་ན་ནི་མུ་སྟེགས་ཅན་དང་ཆ་འདྲ་བར་སོང་བས། དེ་ལྟར་མི་རུང་སྟེ། ལུང་ལས་ཀྱང་། ཁྱོད་ཀྱི་མར་འདོད་གང་ཡིན་པ། །དེ་ནི་ང་ཡི་ཆུང་མ་ཡིན་། །ཁྱོད་ཀྱི་དོན་དམ་གང་ཡིན་པ། །དེ་ཉིད་ང་ཡི་ཀུན་རྫོབ་ཡིན། །ཞེས་གསུངས་ཏེ། ཁྱོད་ཀྱི་མཆོད་གནས་སུ་འདོད་པ་གང་ཡིན་པ་དེ་ནི་ངའི་ཆུང་མ་སྟེ་བྲན་མོ་དང་འདྲ་ལ། ཁྱོད་ཀྱི་དོན་དམ་གང་ཡིན་པ་དེ་ནི་ངའི་ཀུན་རྫོབ་ཡིན་ཏེ། ཤེས་པ་རྒྱུན་གྱི་རྟག་པ་སྐད་ཅིག་མ་ཀུན་རྫོབ་སྒྱུ་མ་ཙམ་དུ་ཡོད་པ་དེ་ཡང་སྐད་ཅིག་མའི་ཆས་གཞིགས་ན། དོན་དམ་པར་མ་གྲུབ་སྟེ། སྐད་ཅིག་མ་སྔ་མ་ནི་འདས། ད་ལྟར་ནི་མི་གནས། ཕྱི་མ་ནི་མ་འོངས་པས་ཡོད་པར་མི་འགྲུབ་བོ། །ཀུན་རྫོབ་ཏུ་རྟེན་འབྲེལ་འཚོགས་པའི་མཐུ་ལས་སྣང་བར་འདོད་ལ། དོན་དམ་པར་ལུས་སེམས་གཉིས་ཀ་ཡང་མ་གྲུབ་པར་འདོད་དེ། སེམས་ཙམ་གྱི་ལྟར་ཡུལ་རང་བཞིན་གྱིས་མེད་པ་ལ་ནི་ཆད་པས་བཅད་ནས་མེད་པར་བརྟག་མི་དགོས་ལ། སེམས་རང་བཞིན་མེད་པ་ལ་ནི་བྱ་དགའ་སྩལ་ནས་ཡོད་པར་བསྒྲུབ་མི་དགོས་ཏེ། ཡུལ་སེམས་གཉིས་ཀ་འཕགས་པའི་དུས་ན། ཡེ་ཤེས་རྒྱུན་གྱི་རྟག་པ་སྐད་ཅིག་ཙམ་དུ་ཡོད་པར་འདོད་པ་ཡང་། དོན་དམ་པར་ཡོད་པར་མི་འགྲུབ་སྟེ། ལུང་ལས། ཡེ་ཤེས་ཡེ་ཤེས་ཞེས་བརྗོད་པ། །ཡེ་ཤེས་བརྗོད་པ་ཉིད་ཀྱང་གསོག །ཅེས་འབྱུང་སྟེ། དེ་ལྟར་སེམས་ཉིད་མཐའ་དང་དབུས་མེད་དོ།། །། མདོ་སྡེ་དབུ་མའི་ལུགས་ནི། ཉན་ཐོས་མདོ་སྡེ་པ་བཀའ་མཐའ་དག་དང་མཐུན་པས། ཀུན་རྫོབ་སྒྱུ་མ་ཙམ་དུ་དེའི་ལུགས་དང་མཐུན་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་ཤིང་བུ་དང་རྡེའུ་ལ་སྒྱུ་མའི་སྦྱོར་སྔགས་ཀྱིས་བཏབ་པ་དང་། སྒྱུ་མའི་རྟ་དང་གླང་པོ་ཆེ་ལ་སོགས་པར་སྣང་སྟེ། དེ་ལྟར་ཐང་ཅིག་སྒྱུ་མའི་སྦྱོར་སྔགས་ལས་སྣང་ཡང་། རང་བཞིན་མེད་པ་བཞིན་དུ། ཀུན་རྫོབ་སྒྱུ་མ་ཙམ་དུ་ཡུལ་སེམས་གཉིས་ཀ་རྟེན་འབྲེལ་གྱི་མཐུ་ལས་མི་སླུ་བར་སྣང་ཡང་། དོན་དམ་པར་ཡུལ་ཡང་ཕྱོགས་ཆ་དྲུག་གི་ཆ་ལས་མ་གྲུབ་ལ། སེམས་ཀྱང་སྐད་ཅིག་མའི་ཆ་ལས་མ་གྲུབ་སྟེ། དངོས་པོ་མེད་པར་འདོད་དོ། །བསྐལ་པ་ཆེན་པོ་གསུམ་གྱིས་བསྐལ་ནས། མི་མངོན་པ་ནི་མ་ཡིན་གྱི། ཡོང་མེད་པ་ཁོ་ན་ཡིན་ནོ། །རང་བཞིན་གྱིས་བསྐལ་པ་ལྟོག་འདྲེའམ། གནས་ཀྱིས་བསྐལ་པ་ཚངས་པའམ། འདི་ན་མེད་པས་དུས་ཀྱིས་བསྐལ་པ་གཞན་ན་ཡོད་པ་ལྟ་བུ་མ་ཡིན་ནོ། །ཁྱབ་ལྡོག་དང་སྦྱར་ན། ཤིང་གིས་ཤ་བ་ལ་ཁྱབ་ལ་ཤ་བས་ཤིང་ལ་མ་ཁྱབ། མེས་དུ་བ་ལ་ཁྱབ་ལ། དུ་བས་མེ་ལ་མ་ཁྱབ་བོ། །ས་བོན་གྱིས་མྱུ་གུ་ལ་ཁྱབ་ལ། མྱུ་གུས་ས་བོན་ལ་མ་ཁྱབ་བོ། །མི་རྟག་པས་བྱས་པ་ལ་ཁྱབ། བྱས་པས་མི་རྟག་པ་ལ་མ་ཁྱབ་བོ། །རྣམ་གྲངས་ཀྱི་དོན་དམ་པས་ཡང་དག་པའི་ཀུན་རྫོབ་ལ་ཁྱབ། ཡང་དག་པའི་ཀུན་རྫོབ་ཀྱིས་རྣམ་གྲངས་ཀྱི་དོན་དམ་པ་ལ་མ་ཁྱབ་བོ། །རྣམ་གྲངས་ཀྱི་དོན་དམ་པ་ལོག་ན། ཡང་དག་པའི་ཀུན་རྫོབ་ལྡོག་གོ །ཡང་དག་པའི་ཀུན་རྫོབ་ལོག་ན། རྣམ་གྲངས་ཀྱི་དོན་དམ་པ་ལྡོག་པར་མ་ངེས་སོ། །གཞན་ཡང་འཕགས་པའི་ཡེ་ཤེས་ཀྱི་གནས་སྐབས་ན། རྣམ་གྲངས་ཀྱི་དོན་དམ་པ་ཡོད་པའི་ཕྱིར་རོ། །དེ་ལྟར་གོང་དུ་བརྟགས་པ་ལས་ཀྱང་། ཆོས་ཅན་ལ་རྒྱབ་ན། གཏན་ཚིགས་དུ་བ་སྣང་བས། བསྒྲུབ་པར་བྱ་བ་མེ་ཡོད་དེ། མཐུན་པའི་དཔེ་ཚང་བང་དང་འདྲ། མི་མཐུན་པའི་དཔེ་ཆུ་རླངས་དང་མི་འདྲའོ། །ཆོས་ཅན་དངོས་པོ་འདི་དག་གི་གཏན་ཚིགས་ནི། བྱས་པའི་ཕྱིར་མི་རྟག་སྟེ། མཐུན་པའི་དཔེ་རྫ་མཁན་དང་འདྲ། མི་མཐུན་པའི་དཔེ་ནམ་མཁའ་དང་མི་འདྲའོ། །དེ་ལྟར་གཏན་ཚིགས་བསྟན་ནས། མུ་སྟེགས་ཀྱིས་བདག་རྟག་པ་དང་། ཉན་ཐོས་ཀྱིས་རྡུལ་ཕྲ་རབ་དང་། སེམས་ཙམ་གྱིས་སེམས་དོན་དམ་པར་ཡོད་དོ། །ཞེས་བརྟགས་པ་དེ་རྣམས། ཡན་ལག་བདུན་གྱི་གཏན་ཚིགས་ཀྱིས་བསྒྲུབ་པར་འདོད་དེ། ཡན་ལག་བདུན་ནི། ཁྱབ་པ་སྤྱིར་བཏང་བ་དང་། ཆོས་ཅན་དང་། གཏན་ཚིགས་དང་། བསྒྲུབ་པར་བྱ་བ་དང་། མཐུན་པའི་དཔེ་དང་། མི་མཐུན་པའི་དཔེ་དང་། ཕྱོགས་ལ་ཆོས་བསྡུ་བའོ། །ཡུལ་གང་དང་གང་ན་ཞེས་བྱ་བའི་ཁྱབ་པ་སྤྱིར་བཏང་ནས། མུ་སྟེགས་ཀྱིས་བདག་རྟག་པ་ཆོས་ཅན་དུ་བཞག་སྟེ། གཏན་ཚིགས་ཅིག་ཅར་དོན་བྱེད་པར་ཡང་མི་མངོན། རིམ་གྱིས་དོན་བྱེད་པར་ཡང་མི་གསལ་བས། བསྒྲུབ་པར་བྱ་བའི་རང་བཞིན་མེད་དེ། མཐུན་པའི་དཔེ་ནི་རི་བོང་གི་རྭའམ། མོ་གཤམ་གྱི་བུ་དང་འདྲའོ། །མི་མཐུན་པའི་དཔེ་སྒྱུ་མ་དང་ཅང་མི་འདྲ། ཕྱོགས་ལ་ཆོས་བསྡུ་བ། སྤྱིར་མུ་སྟེགས་ཀྱི་བདག་རྟག་པ་མ་སྐྱེས་སོ། །ཡང་ཡུལ་གང་དང་གང་ན་ཡང་རུང་ཞེས་ཁྱབ་པ་སྤྱིར་བཏང་ནས། ཉན་ཐོས་ཀྱི་རྡུལ་ཕྲ་རབ་ཆོས་ཅན་དུ་བཞག་སྟེ། གཏན་ཚིགས་ཕྱོགས་ཀྱི་ཆས་གཞིགས་ན། བསྒྲུབ་པར་བྱ་བ་རང་བཞིན་མེད་དེ། མཐུན་པའི་དཔེ་ཀ་བ་དང་འདྲ། མི་མཐུན་པའི་དཔེ་ཚོར་བ་དང་ཅང་མི་འདྲ། ཕྱོགས་ལ་ཆོས་བསྡུ་བ་དེ་རྣམས་ཀུན་གྱིས་ཉན་ཐོས་ཀྱི་རྡུལ་ཕྲ་རབ་མ་གྲུབ་བོ། །ཡང་ཡུལ་གང་ན་ཡང་རུང་། ཁྱབ་པ་སྤྱིར་བཏང་ནས། སེམས་ཙམ་གྱིས་སེམས་དོན་དམ་པར་ཡོད་ཅེས་བྱ་བ་ཆོས་ཅན་དུ་བཞག་སྟེ། གཏན་ཚིགས་དབུ་མའི་ཕུར་བཞི་དང་། མུ་བཞི་སྐྱེ་འགོག་དང་། གཅིག་དང་དུ་མ་དང་བྲལ་བས་བསྒྲུབ་པར་བྱ་བ་རང་བཞིན་མེད་དེ། མཐུན་དཔེ་སྒྱུ་མ་དང་འདྲ། མི་མཐུན་དཔེ་རི་བོང་གི་རྭའམ། མོ་གཤམ་གྱི་བུ་དང་ཅང་མི་འདྲ། ཕྱོགས་ལ་ཆོས་བསྡུ་བ་དེ་རྣམས་ཀུན་གྱིས། སེམས་ཙམ་གྱི་སེམས་རང་བཞིན་མེད་པར་བསྒྲུབ་བོ།། །། སྤྲོས་པ་མེད་པའི་དོན་དམ་པ་ནི། སྤྲོས་པའི་མཐའ་བརྒྱད་དང་བྲལ་བའོ། །བདེན་པ་དེ་གང་ལ་བདེན་ཞེ་ན། ཀུན་རྫོབ་ནི་སྐྱེ་བོའམ་འཁྲུལ་བའི་ངོ་ཀ་ལ་བདེན། དོན་དམ་པ་ནི་འཕགས་པའི་ཡེ་ཤེས་ལ་བདེན། ཆོས་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ན་ནི། དེ་བཞིན་གཤེགས་པས་དེ་ཐུགས་སུ་ཆུད་པས་དངོས་པོ་འགའ་ཞིག་གཟིགས་པར་འོས་ན། དངོས་པོ་རྡུལ་ཕྲ་རབ་ཙམ་ཡང་མ་གཟིགས་པས་དངོས་པོ་མེད་པ་ཡིན་ནོ། །འོ་ན་འདི་གཉིས་བྱེ་བྲག་ཅིས་དབྱེ་ཞེ་ན། རྣམ་གྲངས་ཀྱི་དོན་དམ་པས་སེམས་ཅན་གྱི་ཕུང་པོ་སྐྱེ་བ་འགོག་པར་འདོད། ཡང་དག་པའི་ཀུན་རྫོབ་འགོག་པར་མི་འདོད་པས། བྱེ་བྲག་དབྱེའོ། །ཆོས་སྐྱེ་བ་མེད་པའི་གཏན་ཚིགས་ཆེན་པོ་བཞི་ལ། དབུ་མའི་ཕུར་བཞི་དང་། གཅིག་དང་དུ་མ་དང་བྲལ་བ་དང་། མུ་བཞིའི་སྐྱེ་བ་འགོག་པ་དང་། རྟེན་འབྲེལ་ལོ། །དབུ་མའི་ཕུར་བཞི་ནི། བདག་ལས་མི་སྐྱེ་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་སྐྱེས་ཀྱང་། །ནམ་ཡང་སྐྱེ་བར་མི་འགྱུར་རོ། །ཞེས་འབྱུང་སྟེ། བདག་ལས་མི་སྐྱེ་སྟེ་གཅིག །གཞན་ལས་མི་སྐྱེ་བ་དང་གཉིས། གཉིས་ཀ་ལས་མི་སྐྱེ་བ་དང་གསུམ། རྒྱུ་མེད་པ་ལས་མི་སྐྱེ་བ་དང་བཞིའོ། །ཐེག་པ་ཆེན་པོའི་གཞུང་གིས་དེ་སྐད་ཟེར་བ་ལ། མུ་སྟེགས་པ་ན་རེ། བདག་ལས་ཀྱང་སྐྱེ། གཞན་ལས་ཀྱང་སྐྱེ། གཉིས་ཀ་ལས་ཀྱང་སྐྱེ། རྒྱུ་མེད་པ་ལས་ཀྱང་སྐྱེའོ། །ཞེས་ཟེར་ཏེ། དེ་ལ་བདག་ལས་སྐྱེ་ཞེས་བྱ་བ་ནི། བདག་ལུས་ཐམས་ཅད་ཀྱི་དབང་ཕྱུག་སེམས་ཅན་ཞེས་བྱ་བ། བདག་རྟག་པ་གཅིག་པུ་ཞིག་ཡོད་པ་དེ་ལ། རྡུལ་དང་མུན་པ་སྙིང་སྟོབས་གསུམ་གྱིས་བག་ཆགས་བསྒོས་ནས། དེ་གསུམ་ཆ་མཉམ་པ་ལས་ཆོས་ཐམས་ཅད་ཀྱི་རྒྱུ་བྱེད། སེམས་ཅན་ཐམས་ཅད་དེས་བསྐྱེད་པའི་ཕྱིར་ན། བདག་ལས་ཀྱང་སྐྱེའོ། །གཞན་ལས་ཀྱང་སྐྱེ་ཞེས་བྱ་བ་ནི། ཕྱྭ་དང་དབང་ཕྱུག་དང་། གནམ་གྱིས་བསྐོས་པའི་བྱེད་པ་པོ་ཞིག་གིས་རྒྱུ་བྱས་ཏེ། སེམས་ཅན་ཐམས་ཅད་དེ་ལས་སྐྱེས་པའི་ཕྱིར། གཞན་ལས་ཀྱང་སྐྱེའོ། །གཉིས་ཀ་ལས་ཀྱང་སྐྱེ་ཞེས་བྱ་བ་ནི་བདག་རྟག་པས་ནི་རྒྱུ་བྱས་ལ། གཞན་ཕྱྭ་དང་དབང་ཕྱུག་གིས་རྐྱེན་བྱས་ནས་སྐྱེ་སྟེ། དཔེར་ན་ལོང་བའི་གཉའ་བར་གྲུམ་པོ་ཞོན་ནས་སོང་ན། ལོང་བས་ནི་རྐང་པ་བྱས། གྲུམ་པོས་ནི་མིག་བྱས་ནས་སོང་བར་གྱུར་ནས། གར་བསམ་པའི་སར་ཕྱིན་པ་དང་འདྲ་བས་ན། བདག་རྟག་པས་ནི་རྒྱུ་བྱས་ལ། གཞན་ཕྱྭ་དང་དབང་ཕྱུག་གིས་ནི་རྐྱེན་བྱས་ནས། སེམས་ཅན་ཐམས་ཅད་དེ་ལས་སྐྱེ་བའི་ཕྱིར། གཉིས་ཀ་ལས་སྐྱེའོ། །རྒྱུ་མེད་པ་ལས་ཀྱང་སྐྱེ་ཞེས་བྱ་བ་ནི། སྟོན་ཀའི་ཤ་མོས་སྤང་བཏོལ་ཏེ་སྐྱེ་བ་ལ་རྒྱུ་ག་ལ་ཡོད། སྲན་མ་ཟླུམ་པའི་རྒྱུ་ནི་སུས་བཟླུམས། ཚེར་མ་རྣོ་བའི་རྒྱུ་ནི་སུས་བཞོགས་ཏེ་རྣོ་བར་བྱས། རྨ་བྱ་བཀྲ་བ་ནི་སུས་བཀྲ་བར་བྱས། ལུང་ལས་ཀྱང་། སྲན་ཟླུམ་ཡུངས་ཟླུམ་ཚེར་མ་ངོ་བོ་ཉིད་ཀྱིས་རྣོ་བ་དང་། །རྨ་བྱ་བཀྲ་བ་སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱི་བཀྲ། །ཞེས་འབྱུང་སྟེ། ངོ་བོ་ཉིད་ཀྱིས་རྒྱུ་རྐྱེན་ལ་མ་ལྟོས་པར་ཡང་སྐྱེའོ། །ཞེས་ཟེར་རོ། །མུ་སྟེགས་པས་དེ་སྐད་བརྒལ་བ་ལ། །ཐེག་པ་ཆེན་པོ་པས་སླར་ལན་བཏབ་པ། ཁྱོད་ཀྱི་སྐྱེ་ཞེས་བྱ་བ་ནི་རེ་ཤིག་ཚིག་ཏུ་རུང་ན། གཏན་ཚིགས་ཀྱིས་གཞིག་པར་གྱུར་ན། རེ་ཞིག་བདག་ལས་སྐྱེས་ཞེས་བྱ་བ་དེ། བདག་སྐྱེས་ཟིན་པ་ཞིག་སྐྱེའམ། མ་སྐྱེས་པ་སྐྱེ། ཅི་སྟེ་སྐྱེས་ཟིན་པ་ཞིག་སྐྱེས་ཤེས་བྱ་ན། བདག་ཕུང་པོ་ལྔའི་བདག་ཉིད་དུ་གྲུབ་ཟིན་པས། བསྐྱེད་མི་དགོས་སོ། །ཕུང་པོ་ལྔའི་བདག་ཉིད་དུ་གྲུབ་པ་ཟིན་པ་འདི་ལས་སླར་ཡང་སྐྱེ་བར་འགྱུར་ན་ནི། སེམས་ཅན་སྐྱེ་བ་ལ་མཐའ་ཐུག་པ་མེད་དོ། །དེང་སང་ནམ་མཁའ་ལ་ཡང་ཐོག་རྒྱུ་ཡིན་ན་དེ་ལྟ་བུར་ཡང་སྐྱེར་མ་བཏུབ་བོ། །མ་སྐྱེས་པ་ལས་སྐྱེས་ཤེས་བྱ་ན་ནི། མ་སྐྱེས་པ་ནི་སྐྱེ་བ་མེད་པ་ཡིན་པས། ཡེ་ནས་མེད་པའི་ཆོས་ནི་བདག་ཅེས་བྱ་བའི་མིང་གིས་གདགས་སུ་མེད་ན། མེད་པའི་ཆོས་ལས་ཅི་སྟེ་ཡོད་པའི་ཆོས་སྐྱེ་བར་འགྱུར། དེ་ལྟར་ཡིན་ན་རི་བོང་གི་རྭའམ་མོ་གཤམ་གྱི་བུ་ལ་སོགས་པ་མེད་པ་ཡང་ཡོད་པར་འགྱུར་རོ། །དེ་ལྟར་ན་སྐྱེས་པ་དང་མ་སྐྱེས་པ་གཉིས་ལས་སྐྱེར་མ་བཏུབ་པས། བདག་ལས་ཀྱང་མི་སྐྱེའོ། །གཞན་ལས་སྐྱེའོ་ཞེས་ཟེར་ན། གཞན་ཞིག་པ་ལས་སྐྱེའམ། མ་ཞིག་པ་ལས་སྐྱེ། གཞན་ཞིག་པ་ལས་སྐྱེ་ཞེས་བྱ་ན། ཞིག་པ་ནི་འགགས་པ་ཡིན་ན། འགགས་པ་ནི་ཇི་ལྟ་བུ་ཡང་ཡོངས་སུ་མེད་པ་ལ་བྱ་སྟེ། རྒྱུ་མེད་པ་ལ་ནི་རྒྱུ་ཡོད་པར་མི་འཐད་པས། གཞན་ཞིག་པ་ལས་ཀྱང་མ་སྐྱེས་སོ། །གཞན་མ་ཞིག་པ་ལས་སྐྱེ་ཞེས་བྱ་ན། གླང་རུ་གཉིས་འདྲ་བར། རྒྱུ་ཡང་ཅོག་གེ་འདུག །འབྲས་བུ་ཡང་ཅོག་གེར་འདུག་པས། རྒྱུ་འབྲས་གང་གང་གིས་བྱ་བ་གཏོལ་མེད་པས། གཞན་མ་ཞིག་པ་ལས་ཀྱང་མ་སྐྱེས་པས། གཞན་ལས་ཀྱང་མ་སྐྱེས་སོ། །རྒོལ་བ་པོས་བརྒལ་བ། གཞན་ལས་ཀྱང་གཞན་སྐྱེ་བར་མི་འཐད་དམ། ཞེས་བྱས་པ་ལས། སླར་ལ་ལན་དུ། གཞན་སྐྱེ་ཞེས་བྱ་བ་ནི། རྒྱུ་བྲ་བོ་དང་ཇུ་ཙེ་ལྟ་བུ་བཏབ་པ་ལས། འབྲས་བུ་གྲོའམ་ནས་སྐྱེ་བ་བཞིན་དུ། མི་དགེ་བ་སྤྱད་པས་མཐོ་རིས་སུ་སྐྱེ་ལ། དགེ་བ་སྤྱད་པས་ངན་སོང་དུ་སྐྱེ་ན་ནི། གཞན་ལས་གཞན་སྐྱེ་ཞེས་བྱར་རུང་ན། དེ་ལྟར་སྐྱེར་མ་བཏུབ་པས། གཞན་ལས་ཡང་མ་སྐྱེས་སོ། །གཉིས་ཀ་ལས་ཀྱང་མི་སྐྱེ་སྟེ། གོང་དུ་སྨོས་པའི་བདག་ཀྱང་མ་གྲུབ་སྟེ་བསྒྲུབ་ཁོངས་ན་འདུག་ལ། གཞན་ཡང་མ་གྲུབ་སྟེ་བསྒྲུབ་ཁོངས་ན་འདུག་པས། མེད་པ་གཉིས་ཀྱིས་ཡོད་པ་གཅིག་གི་རྒྱུ་བྱར་མི་བཏུབ་པས། གཉིས་ཀ་ལས་ཀྱང་མ་སྐྱེས་སོ། །ཡང་ན་གོང་མའི་སྐྱོན་གཉིས་ཀ་འདུ་བའི་ཕྱིར་རོ། །རྒྱུ་མེད་པ་ལས་ཀྱང་མི་སྐྱེ་སྟེ། ཐམས་ཅད་ཀུན་རྒྱུ་རྐྱེན་ལ་རག་ལས་པ་ཡིན་ནོ། །ཅི་སྟེ་མེད་པ་ལས་སྐྱེ་བར་འགྱུར་ན་ནི། ནམ་མཁའ་ལས་ཀྱང་མེ་ཏོག་སྐྱེ་ལ། རུས་སྦལ་ལས་སྤུ་སྐྱེ། མོ་གཤམ་ལ་ཡང་བུ་ཡོད་པར་འགྱུར། རི་བོང་ལ་ཡང་རྭ་སྐྱེ་བར་འགྱུར་ཏེ། རྒྱུ་མེད་པར་འབྲས་བུ་སྐྱེ་བར་འགྱུར་བས། དགེ་བ་མ་སྤྱད་པར་ཡང་མཐོ་རིས་སུ་སྐྱེ་བར་འགྱུར། མི་དགེ་བ་མ་སྤྱད་པར་ཡང་ངན་སོང་དུ་སྐྱེ་བར་འགྱུར། བྱེ་མ་ལ་ཡང་མར་ཁུ་འབྱུང་བའི་སྐྱོན་དུ་འགྱུར་ཏེ། དེ་ལྟར་མ་བཏུབ་པས། རྒྱུ་མེད་པ་ལས་ཀྱང་མི་སྐྱེའོ། །ཐེག་པ་ཆེན་པོ་པས་དེ་སྐད་སྨྲས་པ་དང་། མུ་སྟེགས་རྒོལ་བ་པའི་བདག་ཉིད་ན་རེ། ཁྱོད་ཀྱི་བདག་ལས་བདག་མི་སྐྱེ་བ་དང་། གཉིས་ཀ་དང་རྒྱུ་མེད་པ་ལས་མི་སྐྱེ་བ་ནི་དེ་ལྟར་རུང་ན། གཞན་ལས་གཞན་མི་སྐྱེ་ཞེས་བྱ་བ་དེ་ལ་དཔྱད་སྒོ་གཅིག་མཆིས་ཏེ། གཞན་ཡང་ཡིན། མི་རྟག་པ་ཡང་ཡིན། མ་ཞིག་པ་ཡང་ཡིན་ནོ། །གཞན་ཡིན་པས་ན་མྱུ་གུ་སྔོའུ་ཡི་སྔོན་རོལ་ས་བོན་སྐྱའུ་ཡོད་པས། གཞན་པ་ཡང་ཡིན། མི་རྟག་པ་ཡིན་པས་ན་ས་བོན་སྐྱའུ་འགག་ནས། མྱུ་གུ་སྔོའུ་འབྱུང་བས་ན་མི་རྟག་པ་ཡང་ཡིན། མ་ཞིག་པ་ཡིན་པས་སོ། །ས་བོན་སྐྱའུ་དང་མྱུ་གུ་སྔོའུ་ཡི་བར་ཅིས་ཀྱང་མ་ཆོད་པར་འབྲེལ་མར་འདུག་པས་ན། མ་ཞིག་པ་ཡང་ཡིན་ནོ། །ཡང་ཐེག་པ་ཆེན་པོ་པས་རྒོལ་བ་པོ་ལ་ལན་བཏབ་པ་འོ་ན་ཁྱོད་ཀྱི་བར་ཅིས་ཀྱང་མ་ཆོད་པ་ཞེས་བྱ་བ་དེ། སྐད་ཅིག་མ་གསུམ་གྱིས་བར་ཆད་དམ་མ་ཆོད་བྱས་པ་དང་། ཁོ་ན་རེ། སྐད་ཅིག་མ་གསུམ་གྱིས་བར་མ་ཆོད་དོ། །ཞེས་ཟེར་རོ། །འོ་ན་ཁྱོད་ཀྱི་གཞན་དེ་སྐད་ཅིག་མ་གསུམ་གྱིས་བར་མ་ཆོད་པས། སྐད་ཅིག་མ་གསུམ་ཡང་སྐྱེར་མི་བཏུབ་སྟེ། སྐད་ཅིག་མ་གསུམ་ནི། སེམས་ཀྱི་སྐད་ཅིག་མ་དང་། བྱ་བ་རྫོགས་པའི་སྐད་ཅིག་མ་དང་། དུས་ཀྱི་མཐའི་སྐད་ཅིག་མའོ། །དེ་ལ་སེམས་ཀྱི་སྐད་ཅིག་མ་ནི། སེ་གོལ་གཏོགས་པའི་ཆ་གཅིག་ལ། ཉན་ཐོས་ཀྱིས་ནི་བརྒྱ་དྲུག་ཅུར་བགྲང་ལ། བྱང་ཆུབ་སེམས་དཔའ་ནི་སུམ་བརྒྱ་རྩ་བཅུར་བགྲང་བར་མཁྱེན་ཏེ། དེ་ལྟར་མང་པོས་བར་ཆོད་ལ། བྱ་བ་རྫོགས་པའི་སྐད་ཅིག་མ་ནི། ས་བོན་སྐྱའུ་ཡང་རྒྱུའི་ཆོས་ཀྱི་བྱ་བ་རྫོགས་ལ། འབྲས་བུ་མྱུ་གུ་སྔོའུ་ཡང་འབྲས་བུའི་ཆོས་ཀྱི་བྱ་བ་རྫོགས་ཏེ། རྒྱུ་འབྲས་བྱ་བ་སོ་སོར་རྫོགས་པས་ན། བྱ་བ་རྫོགས་པའི་སྐད་ཅིག་མས་ཀྱང་བར་ཆོད་དོ། །དུས་ཀྱི་མཐའི་སྐད་ཅིག་མས་ཀྱང་བར་ཆོད་དེ། ས་བོན་སྐྱའུ་ཡི་དུས་ནི་སྔ་མར་སོང་། མྱུ་གུ་སྔོའུ་ནི་ད་ལྟར་གྱི་དུས་སུ་སོང་། དེའི་འབྲས་བུ་ནི་དུས་ཕྱི་མར་སོང་བས། དུས་ཀྱི་མཐའི་སྐད་ཅིག་མས་ཀྱང་བར་ཆོད་དོ། །ཡང་རྣམ་པ་གཅིག་དུ་བྱ་བ་རྫོགས་པ་དང་དུས་ཀྱི་མཐའི་སྐད་ཅིག་མ་གཉིས་ཀྱང་སེམས་ལ་བྱ་སྟེ། སེམས་སྔ་མ་སྔ་མ་ནི་འགགས་ལ་ཕྱི་མ་ཕྱི་མ་ནི་འབྱུང་བས། སྔ་མ་འགགས་པ་ནི་རྒྱུ་ཡིན་ལ། སྔ་མ་འགགས་པ་དེ་ལ་བརྟེན་ནས། ཕྱི་མ་འབྱུང་བ་ནི་འབྲས་བུ་ཡིན་པས། དེ་གཉིས་རྒྱུ་འབྲས་སོ་སོར་རྫོགས་པས་ན། བྱ་བ་རྫོགས་པའི་སྐད་ཅིག་མས་ཀྱང་བར་ཆོད་དོ། །དུས་ཀྱི་མཐའི་སྐད་ཅིག་མ་ནི་དུས་གསུམ་ལ་བྱ་སྟེ། སེམས་དུས་གསུམ་གྱི་ཆས་གཞིགས་ན། དུས་སྔ་མ་འདས་ཏེ་སྟོང་ལ། ད་ལྟ་མི་གནས་པས་སྟོང་། ཕྱི་མ་མ་འོངས་པས་སྟོང་། དེ་ལྟར་སེམས་དུས་གསུམ་གྱིས་བར་དུ་ཆོད་པས་ཀྱང་བར་དུ་ཆོད་དོ། །དེ་བས་ན་གཞན་ལས་ཀྱང་མ་སྐྱེས་པར་ངེས་སོ། །ཅི་སྟེ་སྐྱེ་བ་ཡིན་ན་ནི་གཏན་ཚིགས་འདི་བཞིས་སྐྱེ་རྒྱུ་ཡིན་ནའང་། གཏན་ཚིགས་ཆེན་པོ་འདི་བཞིས་གཞིགས་པ་ལས། ཕྱི་ནང་གི་ཆོས་ཐམས་ཅད་མ་སྐྱེས་པར་ངེས་ཏེ། དོན་དམ་པར་སྐྱེ་བ་མེད་དོ།། །། དབུ་མའི་ཕུར་བཞིའི་ངེས་ཚིག་བསྟན་པ་ལ། དབུ་མ་ཞེས་བྱ་བ་ནི། མུ་སྟེགས་ཀྱི་རྟག་ཆད་དང་། ཡོད་མེད་དུ་སྨྲ་བའི་སྒྲོ་སྐུར་གྱི་མཐའ་ཐམས་ཅད་སུན་འབྱིན་ཅིང་། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་ཆོས། མི་གནས་པའི་མྱ་ངན་ལས་འདས་པའི་ལམ། ཐེག་པ་ཆེན་པོའི་དོན་སྟོན་པར་བྱེད་པས། དབུ་མ་ཞེས་བྱའོ། །ཕུར་བུ་ཞེས་བྱ་བ་ནི། མུ་སྟེགས་ཀྱི་ལྟ་བ་ངན་པའི་བློ་གྲོས་ཀྱི་མདུད་པ་འདྲ་བ་ལ། སྐྱེ་བ་མེད་པའི་གཏན་ཚིགས་ཕུར་བུ་དང་འདྲ་བས། སུན་འབྱིན་པར་བྱེད་ཅིང་། དབུ་མའི་ལམ་ལ་འཛུད་པར་བྱེད་པས། ཕུར་བུ་ཞེས་བྱའོ། །གཅིག་དང་དུ་མ་དང་བྲལ་བ་ནི། ལུང་ལས་ཀྱང་། བདག་དང་གཞན་སྨྲའི་དངོས་དེ་དག །རང་བཞིན་ཉིད་དུ་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་འདྲ། །ཞེས་འབྱུང་སྟེ། སྒོ་ལྔའི་རྣམ་པར་ཤེས་པ་རང་གི་ངོ་བོར་མ་གྲུབ། ཡིད་ཀྱི་རྣམ་པར་ཤེས་པ་བརྒྱུད་དེ་མ་གྲུབ། སེམས་ལས་བྱུང་བའི་ཆོས་རྣམས་གཙོ་བོ་མེད་པའི་འཁོར་མི་སྲིད་པས་མ་གྲུབ། འདུས་བྱས་མ་གྲུབ་ན། འདུས་མ་བྱས་ཀྱང་ཟླས་མ་གྲུབ་པར་སྟོན་ཏེ། དེ་ལ་སྒོ་ལྔའི་གྲུབ་མཐའི་བརྗེད་བྱང་། རྣམ་པར་ཤེས་པ་རང་གི་ངོ་བོར་མ་གྲུབ་པ་ནི། མིག་གི་རྣམ་པར་ཤེས་པ་གཅིག་པུས་ཀྱང་། ཡུལ་ལ་ཟ་འོག་གི་རི་མོའམ། དཀྱིལ་འཁོར་གྱི་རི་མོ་ལྟར་ཁ་དོག་སྣ་ལྔ་ལ་དམིགས་པའི་དུས་ན། ཤེས་པ་ལྔར་གྱུར་པས། གཅིག་ཏུ་མ་གྲུབ་བོ། །རྒོལ་བས་བརྒལ་བ། ཡུལ་ཁ་དོག་སྣ་ལྔ་ལ་དམིགས་པའི་ཚེ། གཅིག་ཏུ་མ་གྲུབ་ཀྱང་རྡུལ་ཕྲ་རབ་ལ་དམིགས་པའི་ཚེ་གཅིག་ཏུ་གྲུབ་བོ། །ཞེས་ཟེར་བ་དང་། ལན་དུ། ཐ་དད་ཕྱོགས་དང་འབྲེལ་བའི་ཚེ། །ཁྱབ་རྣམས་གཅིག་པུའི་བདག་ཉིད་མིན། །ཞེས་འབྱུང་སྟེ། ཁྱོད་ཀྱི་རྡུལ་ཕྲ་རབ་ཕྱོགས་ཆ་དྲུག་གི་ཆར་གྲུབ་བམ་མ་གྲུབ། གྲུབ་ཅེས་བྱ་ན་འཇིག་རྟེན་གྱི་ཚད་མ་དང་འགལ་གྱིས་དོགས། མ་གྲུབ་ཅེས་བྱ་ན། ཁྱོད་རང་གི་གྲུབ་པའི་མཐའ་ཞིག་གིས་དོགས་སོ། །འོན་ཀྱང་། རྡུལ་ཕྲ་རབ་ལ་ཕྱོགས་ཆ་དྲུག་གི་ཆ་ཡོད་པས་མ་གྲུབ་བོ། །དེ་ལྟར་ན་གཅིག་གིས་བསགས་པའི་དུ་མ་ཡང་མི་འགྲུབ་པས་རང་བཞིན་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་བརྒྱུད་དེ་མ་གྲུབ་པ་ནི། ཤེས་པ་སྐྱེ་བ་ནི་རྐྱེན་བཞི་ལས་སྐྱེ་བ་ལས། སྒོ་ལྔའི་ཤེས་པ་མ་གྲུབ་པ་ན། ཡིད་ཀྱི་རྣམ་པར་ཤེས་པ་ལ་དེ་མ་ཐག་པའི་རྐྱེན་མེད་པས། སྐྱེར་མི་བཏུབ་པས་མ་སྐྱེས་སོ། །སེམས་ལས་བྱུང་བའི་ཆོས་རྣམས་གཙོ་བོ་མེད་པའི་འཁོར་མི་སྲིད་པས་མ་གྲུབ་པ་ནི། དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་མ་གྲུབ་པ་དང་། གཙོ་བོ་ལ་མ་ལྟོས་པའི་འཁོར་དེ་སུའི་འཁོར་ཡིན་ཏེ། སེམས་ལས་བྱུང་བའི་ཆོས་འདུ་བྱེད་ལྔ་བཅུ་རྩ་གཅིག་ཀྱང་། གཙོ་བོ་མེད་པའི་འཁོར་མི་སྲིད་པས་མ་གྲུབ་བོ། །དེ་ལྟར་འདུས་བྱས་ཀྱི་ཆོས་མ་གྲུབ་ན། འདུས་མ་བྱས་ཀྱི་ཆོས་ཀྱང་ཟླས་མི་འགྲུབ་པར་སྟོན་ཏེ། འདུས་མ་བྱས་བཞི་ནི། ནམ་མཁའ་དང་དེ་བཞིན་ཉིད་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །རྒོལ་བ་ན་རེ། འདུས་མ་བྱས་བཞི་ནི། རྒྱུས་ནི་མ་བསྐྱེད། རྐྱེན་གྱིས་ནི་མ་བསྒྲུབས། གང་གི་རྒྱུ་ཡང་མ་ཡིན་པ་འདི་ནི། དོན་དམ་པར་ཡོད་དོ། །ཞེས་པ་ལ། ལན་དུ། ཁྱོད་ཀྱི་འདུས་མ་བྱས་བཞི། རྒྱུས་ནི་མ་བསྐྱེད། རྐྱེན་གྱིས་ནི་མ་བསྒྲུབས། གང་གི་རྒྱུ་ཡང་མ་ཡིན། གང་གི་རྐྱེན་ཡང་མ་ཡིན་པ་དེ་ནི་བདེན་ནའང་། རང་གི་ངོ་བོར་གྲུབ་ན། ཤེས་པ་གཅིག་གི་ཡུལ་དུ་གྱུར་རམ་མ་གྱུར། ཤེས་པ་གཅིག་གི་ཡང་ཡུལ་དུ་མ་གྱུར་ན་ནི་གྲུབ་པར་ཡང་ཅིས་མངོན། ཤེས་པ་གཅིག་གི་ཡུལ་དུ་གྱུར་ན་ནི། གང་གི་ཡུལ་དུ་གྱུར་ཞེས་བྱས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་ཞེས་ཟེར་བ་ལ། ལན་དུ། རིམ་ཅན་ཤེས་དང་འབྲེལ་བའི་ཕྱིར། །ཁྱབ་རྣམས་རྟག་པའི་བདག་ཉིད་མིན། །ཞེས་འབྱུང་ངོ་། །རིམ་ཅན་ཞེས་བྱ་བ་ནི། རྗེས་ཐོགས་ལ་རིམ་གྱིས་གཅོད་ཅེས་བྱ་སྟེ། ཡུལ་བྱེ་བྲག་ཐ་དད་པ་གཅོད་པ་ལ་བྱའོ། །ཁྱབ་རྣམས་རྟག་པའི་བདག་ཉིད་མིན། །ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་སྐད་ཅིག་མ་རང་གི་ངོ་བོར་མ་གྲུབ་པ་ལ་བྱའོ། །དེ་ཡང་ཡུལ་ཅན་ཇི་བཞིན་དུ་ཡུལ་ཡང་དེ་བཞིན་ཞེས་བྱ་སྟེ། ཡུལ་ཅན་གྱི་རྣམ་པར་ཤེས་པ་སྐད་ཅིག་མ་བཞིན་དུ། ཡུལ་འདུས་མ་བྱས་ཀྱི་ཆོས་བཞི་ཡང་སྐད་ཅིག་མ་གསུམ་གྱི་ངོ་བོར་འགྱུར་ཏེ། སྔ་མ་ནི་འགགས། ད་ལྟར་ནི་མི་གནས། ཕྱི་མ་ནི་མ་འོངས་པས་མ་སྐྱེས་སོ། །བསགས་པའི་དུ་མ་གྲུབ་ན་ནི། རང་གི་ངོ་བོ་ཡང་བགྲངས་དུ་བཏུབ་བོ། །བསགས་པའི་དུ་མ་མ་གྲུབ་ན། དུ་མ་སུའི་དུ་མ་སྟེ། དུ་མ་རང་གི་ངོ་བོར་མ་གྲུབ་བོ། །གཏན་ཚིགས་དེས་ནི་ཉན་ཐོས་ཡུལ་ལོགས་ཤིག་ཏུ་གྲུབ་པ་སུན་ཕྱུང་ངོ་། །མུ་བཞིའི་སྐྱེ་བ་འགོག་པ་ནི། ལུང་ལས། གཅིག་གིས་གཅིག་གི་དངོས་མི་སྐྱེད། །གཅིག་གིས་དུ་མའི་དངོས་མི་སྐྱེད། །དུ་མས་གཅིག་གི་དངོས་མི་སྐྱེད། །དུ་མས་དུ་མའི་དངོས་མི་སྐྱེད། །ཅེས་འབྱུང་ངོ་། །རྒྱུ་གཅིག་གིས་འབྲས་བུ་གཅིག་མི་སྐྱེད་པ་དང་། རྒྱུ་གཅིག་གིས་འབྲས་བུ་དུ་མ་མི་སྐྱེད་པ་དང་། རྒྱུ་དུ་མས་འབྲས་བུ་གཅིག་མི་སྐྱེད་པ་དང་། རྒྱུ་དུ་མས་འབྲས་བུ་དུ་མ་མི་སྐྱེད་པའོ། །དེ་ལ་རྒྱུ་གཅིག་གིས་འབྲས་བུ་གཅིག་མི་སྐྱེད་པ་ནི། རྒྱུ་དབང་པོས་འབྲས་བུ་རྣམ་པར་ཤེས་པ་གཅིག་སྐྱེད་ལ། ཤེས་པ་རིས་མཐུན་པའི་ཕྱི་མ་མི་སྐྱེད་ན་ནི། ཤེས་པ་ཕྱི་མ་རྒྱུན་ཆད་ནས་འོན་པ་དང་ལོང་བ་གཉིས་ཀྱི་སྐྱོན་དུ་འགྱུར་བས། དོན་དམ་པར་ག་ལ་རུང་སྟེ་མི་རུང་བས། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་ཡང་མི་རུང་ངོ་། །རྒྱུ་གཅིག་གིས་འབྲས་བུ་དུ་མ་མི་སྐྱེད་པ་ནི། རྒྱུ་དབང་པོས་འབྲས་བུ་རྣམ་པར་ཤེས་པ་གཅིག་དང་ཕྱི་མའི་རིས་མཐུན་པ་གཉིས་སྐྱེད་དོ་ཞེ་ན། དེ་ཡང་ཀུན་རྫོབ་དུ་ནི་རུང་ནའང་། གཏན་ཚིགས་ཀྱིས་གཞིགས་ན། །དོན་དམ་པར་རྒྱུ་ལྟར་བྱས་ན་ནི་ཉུང་ལ། འབྲས་བུ་ལྟར་བྱས་ན་ནི་མང་སྟེ། རྒྱུའི་ཆོས་བརྩན་པར་བྱས་ན་ནི། འབྲས་བུ་ཐ་དད་པ་གཉིས། ཐ་དད་པ་མེད་པར་གཅིག་ཏུ་འགྱུར་བའི་རིགས་སོ། །འབྲས་བུ་བརྩན་པར་བྱས་ན་ནི། རྒྱུའི་ཆོས་ཐ་དད་པ་མེད་པ་གཅིག་པུ་ཡང་། ཐ་དད་པ་གཉིས་སུ་འབྱུང་བའི་རིགས་ན། རྒྱུའི་རྗེས་སུ་འབྲས་བུ་འགྲོར་མ་བཏུབ་བས། རྒྱུ་འབྲས་ལྡོག་སྟེ་རང་བཞིན་མེད་དོ། །རྒྱུ་དུ་མས་འབྲས་བུ་གཅིག་མི་སྐྱེད་པ་ནི། རྒྱུ་ཡུལ་དང་དབང་པོས་འབྲས་བུ་རྣམ་པར་ཤེས་པ་གཅིག་པུ་སྐྱེད་དོ་ཞེ་ན། དེ་ཡང་ཀུན་རྫོབ་དུ་ནི་རུང་ན། གཏན་ཚིགས་ཀྱིས་གཞིགས་ན་དོན་དམ་པར་མི་རུང་སྟེ། རྒྱུ་ལྟར་བྱས་ན་ནི་མང་ལ། འབྲས་བུ་ལྟར་བྱས་ན་ནི་ཉུང་། དེ་ཡང་རྒྱུ་བརྩན་པར་བྱས་ན་ནི། འབྲས་བུ་ཐ་དད་པ་མེད་པ་གཅིག་ཀྱང་ཐ་དད་གཉིས་སུ་འགྱུར་རོ། །འབྲས་བུ་བརྩན་པར་བྱས་ན་ནི། རྒྱུ་ཐ་དད་པ་གཉིས་ཀྱང་ཐ་དད་པ་མེད་པ་གཅིག་ཏུ་འགྱུར་རོ། །གཏན་ཚིགས་དེས་རྒྱུའི་རྗེས་སུ་འབྲས་བུ་འགྲོར་མ་བཏུབ་པས། རྒྱུ་འབྲས་ལྡོག་སྟེ་རང་བཞིན་མེད་དོ། །རྒྱུ་དུ་མས་འབྲས་བུ་དུ་མ་སྐྱེད་པ་ནི། རྒྱུ་ཡུལ་དང་དབང་པོ་དང་མཚུངས་པ་དེ་མ་ཐག་པ་གསུམ་གྱིས་འབྲས་བུ་ཡུལ་གྱི་རྣམ་པ་ཅན་དང་། རྣམ་པ་ལ་འཛིན་ནུས་པ་དང་། ཤེས་པའི་ངོ་བོ་ཅན་གསུམ་སྐྱེད་དོ། །དེ་ཡང་ཀུན་རྫོབ་དུ་ནི་རུང་ན། གཏན་ཚིགས་ཀྱིས་གཞིགས་ན་དོན་དམ་པར་མི་རུང་སྟེ། དེ་ཡང་རྒྱུའི་གནས་སྐབས་ན་གསུམ་དུ་བགྲངས་ཀྱང་། འབྲས་བུའི་ཆོས་གསུམ་ལ་ཤེས་པའི་ངོ་བོ་གཅིག་ལས་མེད་པས། རྒྱུ་ལྟར་བྱས་ན་ནི་མང་། འབྲས་བུ་ལྟར་བྱས་ན་ནི་ཉུང་། དེ་ཡང་རྒྱུ་བརྩན་པར་བྱས་ན་ནི། འབྲས་བུ་ཐ་དད་པ་མེད་པ་གཅིག་ཀྱང་ཐ་དད་པ་གསུམ་དུ་འགྱུར་ལ། འབྲས་བུ་བརྩན་པར་བྱས་ན་ནི། རྒྱུ་ཐ་དད་པ་གསུམ་ཡང་ཐ་དད་པ་མེད་པ་གཅིག་ཏུ་འགྱུར་རོ། །དེ་ལྟར་རྒྱུའི་རྗེས་སུ་འབྲས་བུ་འགྲོར་མ་བཏུབ་པས། རྒྱུ་འབྲས་ལྡོག་སྟེ་རང་བཞིན་མེད་དོ། །དེས་སེམས་ཙམ་གྱི་སེམས་དོན་དམ་པར་ཡོད་པར་འདོད་པར་ཡང་སུན་ཕྱུང་ངོ་། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི། རྒྱུ་རྐྱེན་དུ་མ་ཚོགས་པ་དང་། གཞན་དང་གཞན་སྣང་བས་དངོས་པོ་མེད་ཅིང་རང་བཞིན་མེད་དོ། །ཐེག་པ་གསུམ་ལ་དོན་བཞིས་བསྟན་ཏེ། འདེགས་པར་བྱ་བའི་ཡུལ་དང་། འདེགས་པར་བྱེད་པའི་སྩལ་དང་། བགྲོད་པར་བྱེད་པའི་ལམ་དང་། གནས་སུ་ཕྱིན་པའི་དོན་ནོ། །དེ་ལ་འདེགས་པར་བྱ་བའི་ཡུལ་ནི་སློབ་པ་ལ་ཞུགས་པའི་གང་ཟག་རྣམས་ལ་བྱའོ། །འདེགས་པར་བྱེད་པའི་སྩལ་ནི། ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་འབྲིང་དང་ཆུང་ངུའོ། །བགྲོད་པར་བྱ་བའི་ལམ་ནི། ཐེག་པ་སོ་སོའི་ས་དང་ཕ་རོལ་དུ་ཕྱིན་པའོ། །གནས་སུ་ཕྱིན་པའི་དོན་ནི། ཐེག་པ་སོ་སོའི་འབྲས་བུ་མཐར་ཕྱིན་པའོ། །དེ་ལ། ཤྲཱ་བ་ཀ་ཡཱ་ན་ཞེས་བྱ་སྟེ། ཐེག་པ་ཆུང་ངུ་པ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དབྱེ་ན་རྣམ་པ་ལྔ་སྟེ། འཇུག་པའི་སྒོ་དང་། རྟོགས་པའི་ལྟ་བ་དང་། སྒྲིབ་པ་སྤང་བའི་རིམ་པ་དང་། སྤྱོད་པའི་ཐབས་དང་། མཐར་ཕྱིན་པའི་འབྲས་བུའོ། །དེ་ཡང་འཇུག་པའི་སྒོ་ནི་བདེན་པ་བཞིའི་སྒོ་ནས་འཇུག་སྟེ། བདེན་པ་བཞི་ནི། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་མོ། །དེ་ལ་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་སྟེ། དེ་ལ་སྡུག་བསྔལ་ཤེས་པར་བྱ་བ་ནི། སྡུག་བསྔལ་བ། མི་རྟག་པ། སྟོང་པ། བདག་མེད་པ་བཞི་ཤེས་སོ། །དེ་ལ་སྡུག་བསྔལ་བ་ནི། སྡུག་བསྔལ་གསུམ་དང་བརྒྱད་ལ་བྱ་སྟེ། དེ་ཡང་དང་པོ་འབྲས་བུ་དག་གི་སྒོ་ནས་ཆོས་རྟོགས་སྟེ། རྒ་ཤི་གང་ལས་བྱུང་ཞེས་བརྟགས་པ་ལས། སྐྱེ་བ་ལས་འབྱུང་བར་རིག་སྟེ། དེ་གཉིས་ཀྱི་བར་ན་སྐྱེ་རྒ་ན་འཆིའི་སྡུགབསྔལ་རྣམ་པ་བཞི་དང་། དེའི་སྟེང་དུ་གཉེན་བྱམས་པ་དང་བྲལ་བ་དང་། དགྲ་སྡང་བ་དང་ཕྲད་པ་དང་། བདོག་པ་གཞན་ལ་ཤོར་བ་དང་། འདོད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་ཏེ། དེ་ལྟར་སྡུག་བསྔལ་བརྒྱད་དང་། དེའི་སྟེང་དུ་སྤྱིར་ཁྱབ་པའི་སྡུག་བསྔལ་གསུམ་སྟེ། ངན་སོང་གསུམ་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཁྱབ་པ་དང་། མི་ལ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པ་དང་། ལྷ་ལ་འགྱུར་བའི་སྡུག་བསྔལ་གྱིས་ཁྱབ་པ་སྟེ། དེ་ལྟར་སྡུག་བསྔལ་གསུམ་དང་བརྒྱད་ལ་ནི་སྡུག་བསྔལ་ཞེས་བྱའོ། །སྡུག་བསྔལ་དེ་རྣམས་ཀྱང་སྐད་ཅིག་རེ་རེ་ལ་ཉམས་སུ་མྱོང་བའི་ཕྱིར་མི་རྟག་པའོ། །ངོ་བོ་བདག་དང་གཞན་གྱི་ཆོས་ཀྱིས་སྟོང་པའི་ཕྱིར་སྟོང་པའོ། །མུ་སྟེགས་ཀྱིས་བརྟགས་པའི་བདག་པོ་མ་གྲུབ་པས་ན་བདག་མེད་པའོ། །དེ་ནས་སྡུག་བསྔལ་གྱི་རྒྱུ་བརྟགས་ན། ཀུན་འབྱུང་ལས་བྱུང་བར་རིག་ནས་ཀུན་འབྱུང་ལ་ཡང་ཆོས་བཞིར་རྟོགས་ཏེ། ཀུན་འབྱུང་བ། རྒྱུ། རྐྱེན། རབ་ཏུ་སྐྱེད་པར་རྟོགས་པའོ། །དེ་ལ་ཀུན་འབྱུང་བ་ནི་སྡུག་བསྔལ་ཀུན་དེ་ལས་འབྱུང་བའོ། །རྒྱུ་ནི་འདུ་བྱེད་དང་སྲིད་པའོ། །རྐྱེན་ནི་མ་རིག་པ་དང་སྲེད་ལེན་ནོ། །རབ་ཏུ་སྐྱེད་པ་ནི་ལས་ཉོན་དེས་སྡུག་བསྔལ་གྱི་གཞི་བདུན་པོའི་རྒྱུན་རབ་ཏུ་འབྱུང་བར་བྱེད་པའོ། །དེ་ནས་ཀུན་ནས་ཉོན་མོངས་པའི་ཕྱོགས། འཁོར་བའི་རྒྱུ་འབྲས་ཀྱི་སྡུག་བསྔལ་ནི་སྤང་དུ་རུང་བར་རྟོགས་ཏེ། རྣམ་པར་བྱང་བའི་ཕྱོགས་སུ་དཔྱད་པ་ལས། འཕགས་པའི་གནས་སྐབས་ན་སྡུག་བསྔལ་མེད་པར་རིག་སྟེ། དེ་ཡང་དང་ཡང་དུ་འབྲས་བུའི་སྒོ་ནས་དཔྱད་པ་ལས་འགོག་པའི་བདེན་པ་རྟོགས་ཏེ། འགོག་པ། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བ་བཞིར་རྟོགས་སོ། །དེ་ལ་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུར་བཅས་པ་འགོག་པས་འགོག་པ་ཞེས་བྱའོ། །སྡུག་བསྔལ་གྱི་ཚོར་བ་ཞི་བས་ཞི་བ། བདེ་བ་དམ་པ་ཐོབ་པས་གྱ་ནོམ་པ། ཁམས་གསུམ་ནས་ངེས་པར་འབྱུང་བས་ངེས་པར་འབྱུང་བ་ཞེས་བྱའོ། །དེ་ཡང་འགོག་པ་ཐོབ་པའི་རྒྱུ་ནི་ལམ་ཡིན་པར་རིག་སྟེ། ལམ་ལ་ཡང་བཞིར་ཤེས་ཏེ། ལམ། རིགས་པ། སྒྲུབ་པ། ངེས་པར་འབྱིན་པའོ། །དེ་ལ་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བྱའོ། །རིགས་པ་ནི་ཚུལ་བཞིན་མ་ནོར་པས་རིགས་པའོ། །སྒྲུབ་པ་ནི་འབད་སྩོལ་དང་བཅས་པས་བསྒྲུབས་པའོ། །ངེས་པར་འབྱིན་པ་ནི་ཁམས་གསུམ་ལས་ངེས་པར་འབྱིན་པར་མཛད་པའོ། །དེ་ལྟར་རྟོགས་ཏེ་བསྒོམས་པ་ནི་འཇུག་པའི་སྒོའོ། །རྟོགས་པའི་ལྟ་བ་ནི། ཀུན་ནས་ཉོན་མོངས་པའི་ཆོས་ཀྱང་རྒྱུ་དང་འབྲས་བུ་ཙམ་དུ་ཟད་ལ། རྣམ་པར་བྱང་བའི་ཆོས་ཀྱང་རྒྱུ་དང་འབྲས་བུ་ཙམ་དུ་ཟད་དེ་ མུ་སྟེགས་ཀྱི་བྱེད་པ་པོ་བྱ་བ་མེད་པས། གང་ཟག་ལ་བདག་མེད་པར་རྟོགས་པའོ། །སྒྲིབ་པ་སྤོང་བའི་རིམ་པ་ནི། ཉོན་མོངས་པའི་སྒྲིབ་པ་ཕྱོགས་གཅིག་ཏུ་ཟད་ཅེས་བྱའོ། །སྤྱོད་པའི་ཐབས་ནི་བདག་གི་དོན་གཅིག་ཏུ་སྤྱོད་དེ། དྲི་མས་དྲི་མ་མི་འཁྲུ་བ་དང་འདྲའོ། །ཞེས་ཟེར་རོ། །མཐར་ཕྱིན་པའི་འབྲས་བུ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ།། །། པྲ་ཏྱེ་ཀ་ཡཱ་ན་ཞེས་བྱ་བ། ཐེག་པ་འབྲིང་པོ་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དབྱེ་ན་རྣམ་པ་ལྔ་སྟེ། འཇུག་པའི་སྒོ་ནི་རྟེན་ཅིང་འབྲེལ་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དེ་ཡང་ཕྱི་རྟེན་ཅིང་འབྲེལ་བ་དང་ཡན་ལག་བཅུ་གཉིས་རྟོགས་པའི་ཚུལ་ནི། འབྲས་བུའི་སྒོ་ནས་རྟོགས་པ་ཏེ། དེ་ཡང་འབྲས་བུ་ས་ལུའི་ལྗངས་པའམ། ཤིང་ལྗོན་པའི་སྒོ་ནས་དཔྱད་པ་ལས་རྟོགས་ཏེ། དེ་ཡང་འབྲས་བུ་འདི་གང་ལས་བྱུང་ཞེས་བརྟགས་པས་མེ་ཏོག་ལས་བྱུང་བར་རིག་སྟེ། དེ་བཞིན་དུ་གང་ནས་གང་དུ་རྩ་བ་བཅད་པ་ལས། ས་བོན་ལས་སྐྱེ་བའི་བར་དུ་རྒྱུ་དྲུག་དང་འབྱུང་བ་ཆེན་པོ་བཞི་ལ་སོགས་པ་རྐྱེན་དྲུག་སྟེ། དེ་ལྟར་བཅུ་གཉིས་ཚོགས་པ་ལས་སྐྱེ་བ་ལྟ་ཞིག་ཅེས་དཔྱད་ནས། རང་བཞིན་མེད་པར་རྟོགས་པའོ། །དེ་བཞིན་དུ་ནང་རྟེན་ཅིང་འབྲེལ་བར་བྱུང་བ་ཡང་། དུར་ཁྲོད་དུ་སོང་སྟེ། མིའི་རོ་ལ་དཔྱད་པས། དང་པོར་འཁོར་བའི་ཉེས་དམིགས་རྒ་ཤི་མཐོང་ནས། དེ་ཅི་ལས་བྱུང་ཞེས་བརྟགས་པ་ལས། དེའི་རྒྱུ་ནི་སྐྱེ་བ་ཡིན་པར་རིག་ནས། དེ་བཞིན་དུ་གོང་ནས་གོང་དུ་རྩད་བཅད་པ་ལས། མ་རིག་པ་ལ་ཐུག་གི་བར་དུ་རྒྱུ་དང་འབྲས་བུའི་ཚུལ་དུ་རྟོགས་ཏེ། དང་པོ་འཁོར་བ་ལུགས་སུ་འབྱུང་བའི་ཚུལ་ཅི་ལྟར་འབྱུང་ཞེས་བརྟགས་པས། མ་རིག་པ་བདག་ཏུ་འཛིན་པ་མི་ཤེས་པའི་དབང་གིས། འདུ་བྱེད་ལས་སྣ་ཚོགས་བྱེད། ལས་དེ་བྱས་པས་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོས། བག་ཆགས་བསྒོས་པས་མིང་དང་གཟུགས་གྲུབ། མིང་དང་གཟུགས་སུ་བྱུང་བས། སྐྱེ་མཆེད་དྲུག་ཡུལ་ལ་འཕྲོ། ཡུལ་ལ་འཕྲོས་པས་རེག་པས་བཅད། རེག་པས་བཅད་པ་ཚོར་བས་ཉམས་སུ་མྱོང་། ཉམས་སུ་མྱོང་བས་སྲེད་པའི་འདོད་ཆགས་རླན་དང་འདྲ་བ་སྐྱེ། རླན་དང་འདྲ་བ་སྐྱེས་པས། ལེན་པས་དོན་དུ་གཉེར། དོན་དུ་གཉེར་བས་སྲིད་པའི་བག་ཆགས་མཐུ་ཅན་དུ་གྱུར། མཐུ་ཅན་དུ་བྱུང་བས་སྐྱེ་བ་ཐོབ། སྐྱེ་བ་ཐོབ་པས་རྒ་ཤི་འབྱུང་བའོ། །དེ་ནས་མ་རིག་པ་འགག་ཏུ་རུང་མི་རུང་ཞེས་འཁོར་བ་ལུགས་ལས་ལྡོག་པ་རྣམ་པར་བྱང་བའི་ཕྱོགས་སུ་དཔྱད་པ་ལས། མ་རིག་པ་འགག་ཏུ་རུང་བར་རྟོགས་ཏེ། མ་རིག་པ་བདག་ཏུ་འཛིན་པ་མི་ཤེས་པ་དེ་བདག་མེད་པར་རྟོགས་པ་ན། རིག་པའི་ཡེ་ཤེས་སུ་གྱུར་པས། མ་རིག་པ་འགག །མ་རིག་པ་འགགས་པས་འདུ་བྱེད་ལས་སྣ་ཚོགས་མི་བྱེད། འདུ་བྱེད་ལས་སྣ་ཚོགས་མ་བྱས་པ་དང་། ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་མི་བསྒོ། ཀུན་གཞི་ལ་བག་ཆགས་མ་བསྒོས་ན་མིང་དང་གཟུགས་ཏེ་ཕུང་པོ་ལྔར་མི་འགྱུར་ཞིང་། ཕུང་པོ་ལྔ་ཉིད་རྣམ་པར་བྱང་བའི་ཕུང་པོ་ལྔར་འགྱུར་རོ། །རྣམ་པར་གྲོལ་བའི་ཕུང་པོ་ལྔར་གྱུར་པ་དང་། སྐྱེ་མཆེད་དྲུག་ཡུལ་ལ་མི་འཕྲོ། མ་འཕྲོས་པ་དང་རེག་པས་མི་གཅོད། རེག་པས་མ་བཅད་པ་དང་། ཚོར་བས་ཉམས་སུ་མི་མྱོང་། མ་མྱོང་བ་དང་། སྲེད་པ་རླན་དང་འདྲ་བ་མི་སྐྱེ། སྲེད་པ་མ་སྐྱེས་པ་དང་། ལེན་པས་དོན་དུ་མི་གཉེར། ལེན་པས་དོན་དུ་མ་གཉེར་བ་དང་། སྲིད་པ་མཐུ་ཅན་དུ་མི་འགྱུར། སྲིད་པ་མཐུ་ཅན་དུ་མ་གྱུར་པ་དང་། སྐྱེ་བ་མི་ཐོབ། སྐྱེ་བ་མ་ཐོབ་པ་དང་། རྒ་ཤི་མེད་དོ། །རྟོགས་པའི་ལྟ་བ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའི་སྟེང་དུ། གཟུགས་ཀྱི་ཕུང་པོ་རྟོགས་སླ་བས། ཆོས་ཀྱི་ཁམས་ཀྱི་རགས་པ་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་སོ། །སྒྲིབ་པ་སྤོང་བའི་རིམ་པ་ནི། ཉོན་མོངས་པའི་སྒྲིབ་པ་སྤོང་བའི་སྟེང་དུ་ཤེས་བྱའི་སྒྲིབ་པ་ཡང་གཟུང་བའི་ཡུལ་སྤོང་སྟེ། མ་རིག་པ་དང་འདུ་བྱེད་ལ་རང་བཞིན་མེད་པར་རྟོགས། རྣམ་པར་ཤེས་པ་དང་མིང་བཞིའི་ཕུང་པོ་ནི་སྒྱུ་མ་ཙམ་དུ་སྒྲུབ། གཟུགས་ཀྱི་ཕུང་པོ་ནི་རང་བཞིན་མེད་པར་རྟོགས། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་ལ་མ་སྤྱད། སྲེད་པ་དང་ལེན་པ་ལ་རང་བཞིན་མེད་པར་རྟོགས། སྲིད་པ་ལ་མ་སྤྱད། སྐྱེ་བ་དང་རྒ་ཤི་རང་བཞིན་མེད་པར་རྟོགས་སོ། །སྤྱོད་པའི་ཐབས་ནི། ལུས་ཀྱི་རྫུ་འཕྲུལ་གྱི་སྒོ་ནས་ཡུལ་ལྗོངས་འགའ་ཙམ་མམ། ཉེན་འཁོར་ཙམ་གྱི་དོན་མཛད་དེ། དེ་ཡང་གསུང་གི་སྒོ་ནས་ཆོས་མི་སྟོན་ཏེ། ཕ་རོལ་གྱི་རྒྱུད་རྣམ་པར་མ་བརྟགས་མ་དཔྱད་པར་ཚིག་ཏུ་བརྗོད་ན། བདག་གི་སེམས་གཡེང་བར་འགྱུར་ལ། ཕ་རོལ་གྱི་སེམས་འཁྲུག་པར་འགྱུར་བས། དེ་ལྟར་གསུང་གི་སྒོ་ནས་ཆོས་མི་སྟོན་ཏོ། །མཐར་ཕྱིན་པའི་འབྲས་བུ་ནི། དགེ་བའི་བཤེས་གཉེན་གང་ན་མི་བཞུགས་པར་སོང་སྟེ། རྟེན་འབྲེལ་ཟབ་མོའི་དོན་བསྒོམས་པས། རང་གི་བྱང་ཆུབ་རང་གིས་བརྙེས་ནས། བསེ་རུ་ལྟར་གཅིག་པུ་དང་། བྱེའུ་ལྟར་མང་པོ་ཁྱུས་ལྡིང་བའོ། །དེ་ལ་བསེ་རུ་ལྟར་གཅིག་པུ་ནི་བློ་རྟུལ་པོ་སྟེ། བདག་གི་ལྟ་བ་གཞན་གྱི་གཡེང་བས་ཕྲོགས་ཀྱིས་དོགས་པའོ། །བྱེའུ་ལྟར་མང་པོ་ཁྱུས་ལྡིང་བ་ནི་བློ་རྣོན་པོ་སྟེ། བདག་གི་ལྟ་བ་གཞན་གྱི་གཡེང་བས་མི་འཕྲོགས་པའོ།། །། མ་ཧཱ་ཡཱ་ན་ཞེས་བྱ་སྟེ། ཐེག་པ་ཆེན་པོ་པ་ལ་ཡང་དོན་རྣམ་པ་ལྔས་བསྟན་ཏེ། འཇུག་པའི་སྒོ་དང་། རྟོགས་པའི་ལྟ་བ་དང་། སྒྲིབ་པ་སྤོང་བའི་རིམ་པ་དང་། སྤྱོད་པའི་ཐབས་དང་། མཐར་ཕྱིན་པའི་འབྲས་བུའོ། །དེ་ལ་འཇུག་པའི་སྒོ་ནི། བདེན་པ་རྣམ་པ་གཉིས་ཀྱི་སྒོ་ནས་འཇུག །རྟོགས་པའི་ལྟ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་རྟོགས་པ་སྟེ། དེ་ལ་ཆོས་དང་གང་ཟག་ནི། ཕུང་པོ་རྣམ་པ་ལྔ་སྐད་ཅིག་མ་ལ་སྐྱེ་འགག་བྱེད་པས་ན། གང་ཟག་ཅེས་བྱའོ། །ཕུང་པོ་རྣམ་པ་ལྔ་དེ། སོ་སོའི་བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པས་ཆོས་ཤེས་བྱའོ། །དེ་ལྟར་ཅིས་མངོན་ཞེ་ན། ལུང་ལས། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་ཉིད་འཛིན་ལ་ཆོས་ཤེས་བྱ། །ཞེས་འབྱུང་ངོ། །སྒྲིབ་པ་སྤང་བའི་རིམ་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ། སྒྲིབ་པ་རྣམ་གཉིས་མ་ལུས་པར་སྤོང་ངོ་། །སྤྱོད་པའི་ཐབས་ནི། བདག་དང་གཞན་གྱིས་དོན་ཕུན་སུམ་ཚོགས་པར་སྤྱོད་དོ། །མཐར་ཕྱིན་པའི་འབྲས་བུ་ནི། ས་བཅུ་མཐར་ཕྱིན་པ་དང་། འབྲས་བུ་སྐུ་གསུམ་དང་ཡེ་ཤེས་བཞིའོ། །ལྡེམ་པོར་དགོངས་པ་རྣམ་པ་བརྒྱད་ནི། ལྡེམ་པོར་དགོངས་པ་བཞི་དང་། དགོངས་པ་བཞིའོ། །ལྡེམ་པོར་དགོངས་པ་བཞི་ལ། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི། བདུད་ཀྱི་རྟོག་པ་ལ་དྲང་སྲོང་གཽ་ཏ་མ་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་བྱས་པས་ལྟ། གྲུབ་པར་བྱ་བའི་ཐབས་ཡོད་དམ་ཞེས་སྙམ་པ་ལ། དེའི་རྟོག་པ་མཁྱེན་ནས། ཕ་དང་མ་ནི་བསད་བྱས་ལ། །དགེ་འདུན་མང་པོའི་དབྱེན་བྱས་ཤིང་། །བྲམ་ཟེ་དགེ་བ་ཅན་གཉིས་དང་། །རྒྱལ་པོ་འཁོར་བཅས་རབ་བཅོམ་ན། །མི་དེ་ཡོངས་སུ་གྲུབ་པར་འགྱུར། །ཞེས་གསུངས་སོ། །གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། མུ་སྟེགས་མགྲིན་རིང་གིས་དྲང་སྲོང་གཽ་ཏ་མ། བདག་རྟག་པ་ཡོད་དམ་མེད་སྙམ་པ་ལ། དེའི་རྟོག་པ་མཁྱེན་ནས་སྲིད་པ་བར་མ་དོའི་མིང་བཞིའི་ཕུང་པོ་ཡོད་པ་ཙམ་ལ་དགོངས་ནས། བདག་ཡོད་པར་བཤད་པ་ལ། བཙལ་ཀྱང་མིང་བཞིའི་ཕུང་པོ་ལ་བདག་མ་རྙེད་ནས་འབྲས་བུ་ཐོབ་པ་ལྟ་བུའོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། བཀའ་མཐའ་དག་ལས་སྟོང་ངོ་ཞེས་བསྟན་པ་ནི། ཀུན་བརྟགས་མེད་པ་ལ་དགོངས། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། སྤྲུལ་པ་ལྟ་བུ་ཞེས་བརྗོད་པ་ནི་གཞན་དབང་སྒྱུ་མ་ཙམ་ལ་དགོངས་པའོ། །དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་ལ་སོགས་པ་བསྟན་པ་ནི། ཡོངས་སུ་གྲུབ་པ་ཡོད་པའི་དོན་ལ་དགོངས་པའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། ཆོས་ཀྱི་སྒོ་མོ་བརྒྱུད་ཁྲི་བཞི་སྟོང་ངོ་། །དགོངས་པ་བཞི་ལས་མཉམ་པ་ཉིད་ལ་དགོངས་པ་ནི། འཁོར་གྱི་དགེ་སློང་བྲམ་ཟེ་ར་ཏ་ན་བྱ་བས། སྔོན་གྱི་སངས་རྒྱས་གཙུག་ཏོར་ཅན་དང་། ད་ལྟར་གྱི་ཤཱཀྱ་ཐུབ་པ་གཉིས་ཞིང་ཁམས་དག་མ་དག་དང་། སྐུ་ཚེ་རིང་ཐུང་དང་། སྐུ་ཚད་ཆེ་ཆུང་ཡོད་པ་འདྲ་ཞེས་རྟོག་པ་བྱུང་བ་དེ་ལ་དགོངས་ནས། སྔོན་གྱི་སངས་གཙུག་ཏོར་ཅན་ནི་ང་ཡིན་ནའང་། སེམས་ཅན་གྱི་རྟོག་པ་མ་དག་གོ་ཞེས་གསུངས་ནས། མཚུངས་པ་རྣམ་པ་བཞི་བཀའ་སྩལ་ཏེ། སྤངས་པ་མཚུངས་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པར་མཚུངས། ཡེ་ཤེས་མཚུངས་ཏེ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པར་འདྲ། བརྩོན་འགྲུས་མཚུངས་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་འགྲོ་བའི་དོན་བྱེད་པར་འདྲ། ཆོས་མཚུངས་ཏེ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་ཆོས་སྟོན་པར་འདྲ། ཞེས་གསུངས་སོ། །དུས་གཞན་ལ་དགོངས་པ་ནི། མེ་ཏོག་གཅིག་ཕུལ་བའམ། ཨ་མི་ཏཱ་བྷ་ཐང་གཅིག་ལ་མོས་པས་འགྲུབ་པར་བསྟན་པའོ། །དོན་གཞན་ལ་དགོངས་པ་ནི། གང་ཟག་བློ་ཀར་བོར་པ་རྣམས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་མགོ་བརྒྱ་སྦྱིན་པར་བཏང་ཡང་། ད་རུང་འབྲས་བུ་མ་ཐོབ་སྟེ། བསྐལ་པ་ཆེན་པོ་གསུམ་དུ་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་ན། འབྲས་བུ་ཐོབ་བོ། །ཞེས་བསྟན་པའོ། གང་ཟག་གི་བསམ་པ་ལ་དགོངས་པ་ནི། གང་ཟག་སྦྱིན་པ་བྱིན་པས་ནི། ལོངས་སྤྱོད་ཆེ་བ་ལས་མི་ནུས་པས། དེ་བས་ཚུལ་ཁྲིམས་སུ་སྲུངས་ཤིག །ཅེས་པ་ལ་སོགས་པ་གོང་མ་ལ་འཛུད་པའོ། །ཡེ་ཤེས་བཞི་ལ། དོན་བརྒྱད་ཀྱིས་བསྟན་ཏེ། ཡེ་ཤེས་ཀྱི་རྒྱུ་དང་། གྲོགས་དང་། ཡེ་ཤེས་ཀྱི་ལས་དང་། ཡེ་ཤེས་ཀྱི་ཡུལ་དང་། ཡེ་ཤེས་ཀྱི་རང་བཞིན་དང་། ཡེ་ཤེས་ཀྱི་མཚན་ཉིད་དང་། ཡེ་ཤེས་ཀྱི་གྲངས་དང་། ཡེ་ཤེས་ཀྱི་འབྲས་བུའོ། །དེ་ལ་ཡེ་ཤེས་ཀྱི་རྒྱུ་ནི་ཚོགས་བརྒྱད་དེ། ཀུན་གཞི་ཆོས་ཐམས་ཅད་ཀྱི་གཞི་ལམ་རྒྱུར་གནས་པ་དེ། གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་བདག་དུ་འཛིན་པ་སྤངས་ནས། བདག་དང་གཞན་དུ་མཉམ་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་རིག་ཅིང་གཅོད་པ་དེ་གནས་གྱུར་པ་ནི་སོ་སོ་ཀུན་ཏུ་རྟོགས་པའི་ཡེ་ཤེས་སོ། །སྒོ་ལྔ་རང་གི་ཡུལ་ཐ་དད་པ་ལ་འབྱུང་བ་དེ་ནི་གནས་གྱུར་པ་ལས་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །སྒོ་ལྔ་ཡུལ་སོ་སོར་ངེས་པ་བཞིན་དུ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཀྱང་། སྨོན་ལམ་གཅིག་པའི་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་དོ། །གྲོགས་ནི་ཡིད་འཕགས་པའི་ལམ་ལ་དམིགས་པ་ལ་བྱ་སྟེ། དཔེར་ན་བསྐྱོད་ལེགས་པ་དང་འདྲའོ། །དེ་ཡང་ཕྱིང་བུས་བསྐྱོད་ན་མེ་ལོང་གི་གཡའ་དག་པ་དང་འདྲ་བར། ཡིད་འཕགས་པའི་ལམ་ལ་དམིགས་ན། བདག་གི་ཀུན་གཞིའི་དྲི་མ་དག་སྟེ། ཡིད་འཕགས་པའི་ལམ་ལ་དམིགས་ནས། ཀུན་གཞི་ལ་དགེ་བའི་བག་ཆགས་ཀྱི་ས་བོན་གནས་པར་འགྱུར་རོ། །ལས་ནི་སྒྲིབ་པ་གཉིས་སྤོང་བའོ། །ཡུལ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡུལ་ལོ། །དེ་ལ་ཐུན་མོང་གི་ཡུལ་ནི་ཆོས་ཀྱི་དབྱིངས་སོ། །ཐུན་མོང་མེ་ལོང་མ་ཡིན་པའི་ཡུལ་ནི་གསལ་མེ་ལོང་ཡེ་ཤེས་ལ་མི་སྒྲིབ་པ་དང་། མཉམ་མཉམ་ཉིད་ལ་མ་འདྲེས་པ་དང་། འགྲོ་སོར་རྟོག་བའི་རྒྱུད་མཁྱེན་པ་དང་། གདུལ་བྱ་བྱ་གྲུབ་ཐ་དད་པའོ། །རང་བཞིན་ནི། ཇི་སྙེད་པའི་ཆོས་ཐམས་ཅད་མཁྱེན་པ་སྟེ། ཇི་ལྟ་བ་ནི་སྤྱིའི་མཚན་མ་ལ་སྐྱེས་པ་ཡང་མཁྱེན། ཇི་སྙེད་པ་ནི་རང་རང་གི་མཚན་ཉིད་མ་ལུས་པའི་ཆོས་ཐམས་ཅད་མི་སྒྲིབ་པར་མཁྱེན་པའོ། །མཚན་ཉིད་ནི་སྐད་ཅིག་མ་སྟེ། ཡེ་ཤེས་ཡེ་ཤེས་ཞེས་བརྗོད་པ། ཡེ་ཤེས་བརྗོད་པ་ཉིད་ཀྱང་གསོག་བརྗོད་དུ་མེད་པའི་ཡེ་ཤེས་ནི། དོན་དམ་པ་ཡི་ཡེ་ཤེས་སོ། །ཞེས་གསུངས་པའོ། །གྲངས་ནི་བཞིའོ། །འབྲས་བུ་ནི་སྐུ་གསུམ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཆོས་ཀྱི་དེ་ཁོ་ན་ཉིད་དང་དབྱེར་མེད་པ་ནི་ཆོས་ཀྱི་སྐུའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐུགས་རྗེ་ཆེན་པོ་འབྱུང་བའི་རྒྱུར་གྱུར་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་གཞིར་གྱུར་པ་གཉིས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་གདུལ་བྱ་ཆུད་མི་ཟ་བ་ནི་སྤྲུལ་པའི་སྐུའོ། །སྐུ་གསུམ་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་སྐུ་གསུམ་ལྷུན་གྱིས་གྲུབ་པ་བརྙེས་པས། ཡུལ་ཡོན་ཏན་ཅན་ནམ། ཁྱད་པར་ཅན་དེ་ལ་མངོན་དུ་ཕྱོགས་པའི་དོན་གྱིས། དེའི་རྗེས་སུ་སློབ་པའི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། སྐུ་གསུམ་གྱི་འབྲས་བུ་སོ་སོར་ཐོབ་པར་འདོད་དེ། དེ་ལ་ཉན་ཐོས་ཀྱི་སྐུ་གསུམ་ནི། འགོག་པའི་སྙོམས་པར་འཇུག་པ་ནི་ཞི་བ་གྱ་ནོམ་པ་སྟེ། ཉན་ཐོས་ཀྱི་ཆོས་ཀྱི་སྐུའོ། །ཤཱཀྱ་ཐུབ་པ་རབ་ཏུ་བྱུང་བའི་ཚུལ་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཉན་ཐོས་ཀྱི་དབང་ཕྱུག་ཆེན་པོར་བསྟན་པས་ལོངས་སྤྱོད་རྫོགས་པའི་སྐུའོ། །ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལ་སོགས་པས། བཅོམ་ལྡན་འདས་ལ་ཐེ་ཚོམ་རྒོལ་ཞིང་ལན་ལྡོན་པས་འགྲོ་བ་ལ་ཆོས་སྟོན་པ་ནི་ཉན་ཐོས་ཀྱི་སྤྲུལ་པའི་སྐུའོ། །རང་སངས་རྒྱས་ཀྱི་སྐུ་གསུམ་ནི། དགེ་བའི་བཤེས་གཉེན་ག་ལ་བར་མི་བཞུགས་པའི་སར་སོང་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་དོན་བསྒོམས་པས། རང་གི་བྱང་ཆུབ་རང་གིས་རྟོགས་ཤིང་། འབྲས་བུ་དེ་ཁོ་ན་ཉིད་མངོན་དུ་བྱས་པ་ནི་ཆོས་ཀྱི་སྐུའོ། །དེའི་ཚེ་སྡུག་བསྔལ་གྱི་ཚོར་བ་རྒྱུན་ཆད་ཅིང་བདེ་བའི་རྒྱུན་ལ་བཞུགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །འབྲས་བུ་ཐོབ་ནས་ཤེས་རབ་མྱུར་མགྱོགས་ལ་སོགས་པ། ལུས་ཀྱི་ཆོ་འཕྲུལ་གྱི་སྒོ་ནས་ཡུལ་དང་ཉེན་འཁོར་ཙམ་དུ་འགྲོ་བའི་དོན་མཛད་པ་ནི་སྤྲུལ་པའི་སྐུའོ། །བྱང་ཆུབ་སེམས་དཔའི་སྐུ་གསུམ་ནི། མོས་པ་སྤྱོད་པའི་ས་བཞིར། གཟུང་འཛིན་གྱི་བག་ཆགས་རགས་པ་མངོན་ཏུ་རྒྱུ་བ་སྤངས་ཤིང་བཅོམ་ནས། ས་དང་པོ་ལ་ཆོས་ཉིད་ཀྱི་དོན་མཐོང་བའི་ཚེ། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་ཏེ། མཉམ་པར་བཞག་པའི་དུས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་བཞིན་དུ་རྟོག་པ་ནི་ཆོས་ཀྱི་སྐུའོ། །དེའི་ཚེ་སྡུག་བསྔལ་གྱི་ཚོར་བ་ནི་རྒྱུན་ཆད། ཆོས་ཉིད་ཀྱི་རོའི་དགའ་བ་ནི་ཉམས་སུ་མྱོང་ཞིང་། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་དུས་ན་སྐད་ཅིག་མ་ཕྱི་མ་ལ་རྗེས་སུ་ཐོབ་པ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས། འགྲོ་བའི་རྒྱུད་མཁྱེན་ཏེ། ཞིང་ཁམས་བརྒྱར་སྤྲུལ་པ་བརྒྱ་འགྱེད་པ་ནི་སྤྲུལ་པའི་སྐུའོ། །དེ་བཞིན་གཤེགས་པའི་སྐུ་གསུམ་ལྷུན་གྱིས་གྲུབ་པ་ནི། ས་བཅུའི་མཇུག་དུ་ཀུན་གཞིའི་བག་ཆགས་ཆ་ཕྲ་བའི་ཡང་ཕྲ་བ་མ་ལུས་པར་དག་པས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅེས་ཀྱང་བྱ། བགྲོད་པ་གཅིག་པའི་ལམ་ཞེས་ཀྱང་བྱ། ངོ་བོ་ཉིད་ཀྱི་སྐུ་ཞེས་ཀྱང་བྱ། བར་ཆད་མེད་པའི་ཏིང་ངེ་འཛིན་ཅེས་ཀྱང་བྱ་སྟེ། ཡང་དག་པའི་མཐའ་མངོན་དུ་བྱས་པའི་དུས་ན། དཔེར་ན་མེ་ལོང་གཡའ་དག་པའི་ནང་དུ་བཞིན་གྱི་གཟུགས་བརྙན་ཐམས་ཅད་སྣང་ཞིང་འབྱུང་བ་བཞིན་དུ། ཡེ་ཤེས་དེ་ཡང་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །ཡེ་ཤེས་དེ་དང་ཆོས་ཀྱི་དེ་ཁོ་ན་ཉིད་དབྱེར་མེད་པ་ནི་ཆོས་ཀྱི་སྐུའོ། །དེ་ལ་རྒོལ་བ་ན་རེ་དངོས་པོ་ཐ་དད་པ་གཉིས་གཅིག་ཏུ་གྱུར་པ་འདྲ་ཞིང་ཟེར་བ་ན། དེ་ལྟར་མ་ཡིན་སྟེ། འདི་གཉིས་ཚིག་ཏུ་ཐ་དད་པ་སྐད་བརྗོད་ཀྱང་། དོན་ཏུ་ན་ཡུལ་དང་ཡུལ་ཅན་དབྱེར་མེད་དེ། ཡེ་ཤེས་སྐྱེ་བར་བྱེད་པའི་རྒྱུ་ནི་ཆོས་ཉིད་རྣམ་པར་དག་པ་ཡིན་ལ། ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ། ཡེ་ཤེས་ཀྱིས་རྟོགས་པར་བྱེད་པས་འདི་གཉིས་ནི་དུང་དང་དཀར་བོའི་ཚུལ་དུ་དབྱེར་མེད་དོ། །དེ་ལ་ཆོས་ཀྱི་སྐུ་ཞེས་བྱ་བ་ལ། ཆོས་ནི་ཐོག་མ་མེད་པ་ནས་རིགས་སུ་གྱུར་པ། ཡེ་ནས་བྱང་ཆུབ་ཀྱི་སྙིང་པོ་ཅན། རང་བཞིན་གྱིས་རྣམ་པར་དག་པར་གནས་པ་ལས། རྟོག་པ་ནི་གློ་བུར་བ་ཡིན་ཏེ། རྟོག་པ་གློ་བུར་དེ་ནི་དཔེར་ན་སྣང་བ་བྱུང་ན་མུན་པ་རང་དྭངས་པ་དང་འདྲ་བར། རྟོག་པ་གློ་བུར་བ་ཆོས་ཉིད་ཀྱི་ངང་དུ་དྭངས་པའི་དུས་ན། ལྷག་པར་ངན་པ་ཅིག་བཟང་པོར་གྱུར་པ་མེད་དེ། ཡེ་ནས་རྣལ་མར་གནས་པའི་དོན་དེ་ཉིད་རང་བཞིན་རྣལ་མར་གྱུར་པ་ལ་བྱའོ། །སྐུ་ཞེས་བྱ་བ་ནི་ཡོན་ཏན་འཕེལ་འགྲིབ་མེད་པར་གནས་པ་ལ་ཡང་སྐུ་ཞེས་བྱ་ལ། སྐུ་གཉིས་འབྱུང་བའི་རྒྱུར་གྱུར་པ་ལ་ཡང་སྐུ་ཞེས་བྱ་སྟེ། དེ་ལྟར་ཆོས་ཀྱི་སྐུའོ།། །། ལོངས་སྤྱོད་རྫོགས་པའི་སྐུ་ནི། དེ་ལྟར་ཆོས་སྐུ་ལྷུན་གྱིས་གྲུབ་པའི་བྱིན་གྱི་རླབས་ལས། ཉོན་མོངས་པ་ཅན་གྱི་ཡིད་དང་བདག་ཏུ་འཛིན་པ་གནས་གྱུར་ཏེ། བདག་མེད་པར་རྟོགས་པས། བདག་དང་གཞན་གཞན་གྱི་རྒྱུད་དུ་མཉམ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཐུགས་རྗེ་ཆེན་པོ་འབྱུང་བའི་རྒྱུར་གྱུར་པ་དང་། སེམས་ཅན་གྱི་དུས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་གཙོ་བོ་ཆོས་ཐམས་ཅད་ལ་རིག་པས་གཅོད་པར་བྱེད་པ་དེ་གནས་གྱུར་པའི་དུས་ན། དེ་བཞིན་གཤེགས་པ་ལ་མངའ་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བྱ་བ་སོ་སོ་ཀུན་ཏུ་རྟོགས་པའི་ཡེ་ཤེས་སུ་་གྱུར་ཏེ། གཟུངས་དང་ཏིང་ངེ་འཛིན་དང་། དབང་དང་མངོན་པར་ཤེས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། བསྐལ་པ་གྲངས་མེད་པར་བསོད་ནམས་བསམ་གྱིས་མི་ཁྱབ་པ་བསགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་གྲངས་མེད་པའི་ཆོས་ལས། རྣམ་པར་སྣང་མཛད་ཀྱི་སྐུ་སྟེ། མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་བརྒྱན་ཅིང་། འོད་འདོམ་གང་བ་དང་། འོད་ཟེར་མཐའ་ཡས་པ་དང་། ཐམས་ཅད་དུ་བྱམས་པའི་ཞལ་ཏལ་ལེ་བར་བཞུགས་པ་ལ་བྱའོ། །དེ་ཡང་ཡེ་ཤེས་གཉིས་དང་ལྡན། ལོངས་སྤྱོད་གཉིས་མཛད་དེ། དེ་ཡང་ཞིང་དག་པ་ལ་ལོངས་སྤྱོད་པ་དང་། །འཁོར་སྨིན་པ་ལ་ལོངས་སྤྱོད་པའོ། དེ་ལ་ཞིང་དག་པ་ལ་ལོངས་སྤྱོད་པ་ནི། གསེར་གྱི་ས་གཞི་ལ་རིན་པོ་ཆེ་གཞལ་དུ་བཀྲམ་པའི་སྟེང་ན། ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཁྱོན་ནམ་མཁའི་མཐའ་དང་མཉམ་པ། རྒྱ་ཕྱོགས་བཅུར་མ་ཆད་པའི་དབུས་ན་རིན་པོ་ཆེའི་ཁྲི་ཁོང་སྐབས་ཅན་གྱི་སྟེང་ན། སྐུ་མདུན་དང་རྒྱབ་མེད་པར་བཞུགས་སོ། །འཁོར་སྨིན་པ་ལ་ལོངས་སྤྱོད་པ་ནི། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་རྒྱལ་བ་དང་། མོས་པ་སྤྱོད་པའི་ས་པ་རྣམས་འཁོར་དུ་གྱུར་པ་མ་ཡིན་གྱི། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་འཁོར་དུ་གྱུར་ནས། སྟོན་པས་ནི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་སྟོན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་ཉན་ཏེ། དཔེར་ན་མེ་ལོང་གཡའ་དག་པའམ། ཤེལ་ཆེས་དྭངས་པ་ལ་བལྟས་ན་བཞིན་གྱི་དཀྱིལ་འཁོར་སྣང་སྟེ། བདག་གི་དྲི་མ་བཀྲུ་བའི་ཐབས་ཤེས་པ་དང་འདྲ་བར། དེ་བཞིན་གཤེགས་པའི་སྐུ་མེ་ལོང་གཡའ་དག་པའམ། ཤེལ་ཆེས་དང་པ་འདྲ་བ་དེ་ལ། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བལྟས་པ་ཙམ་གྱིས། འཁོར་རྣམས་ཀྱིས་ཤེས་བྱའི་བག་ཆགས་མ་ལུས་པར་སྐུ་ལ་སྣང་སྟེ། ཤེས་བྱའི་སྒྲིབ་པ་སྤོང་བའི་ཐབས་དང་། མཉམ་པར་བཞག་པའི་དོན་སྣང་ནས་མཇལ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་ནི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་སྟོན་ལ། བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་ཉན་པ་ཞེས་འདི་ལ་བྱ་སྟེ། དེ་བཞིན་གཤེགས་པས་ནི་ཏིང་ངེ་འཛིན་གྱི་སྒོ་གྲངས་མེད་པ་བསྒྱུར་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་པར་བཞག་པ་ཙམ་གྱིས། ཤེས་བྱའི་སྒྲིབ་པ་དག་ནས། བླ་ན་མེད་པ་སངས་རྒྱས་པའི་འབྲས་བུ་ཐོབ། དེ་བཞིན་གཤེགས་པ་དེའི་འཁོར་ཡངས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་མ་རག་པ་ཤ་སྟག་འཁོར་དུ་བྱུང་བ་ལ་ནི། འཁོར་སྨིན་པ་ལ་ལོངས་སྤྱོད་པ་ཞེས་བྱའོ།། །། སྤྲུལ་པའི་སྐུ་ནི། སེམས་ཅན་གྱི་གནས་སྐབས་ན་སྒོ་ལྔའི་རྣམ་པར་ཤེས་པ་ཡུལ་སོ་སོ་ལ་རང་ཐད་དུ་འཕྲོ་བ་དེ། དེ་ལས་གནས་གྱུར་པའི་དུས་ན། བྱ་བ་གྲུབ་པའི་ཡེ་ཤེས་བྱ་བ་སྟེ། གདུལ་བྱའི་རྒྱུད་དེ་དང་དེ་གདུལ་བའི་ཐབས་སྣ་ཚོགས་པར་མཁྱེན་པ་དེ་དང་ནི། སྔོན་གྱི་སྨོན་ལམ་དང་། ཐུགས་རྗེ་ཆེན་པོའི་ཤུགས་དྲག་པོའི་བྱིན་གྱིས་རླབས་ལས། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་བ་རྣམས་སྨིན་ཅིང་གྲོལ་བར་མཛད་པ་དང་། ཡང་སྤྲུལ་བསམ་གྱིས་མི་ཁྱབ་པར་སྟོན་པའོ། །དེ་ནི་སྐུ་གསུམ་གྱི་དབྱེ་བ་སྟེ། སྐུ་གསུམ་ཀ་ཡང་ཐོབ་པར་མཚུངས་ལ། འཕྲིན་ལས་མི་མཚུངས་པར་ཤེས་པར་བྱའོ།། །། ད་ནི་སྐུ་གསུམ་གྱི་དོགས་པ་བསུ་བ་ལ་བབ་སྟེ། སྐུ་གསུམ་རྟག་གམ་མི་རྟག །སྐུ་གསུམ་ཡོད་དམ་མེད། སྐུ་གསུམ་མཚན་ཉིད་གཅིག་གམ་ཐ་དད་ཅེ་ན། ལན་གཅིག་ཏུ་རྟག་པར་ཡང་བཤད་དེ། ཆོས་ཀྱི་སྐུ་ནི་མི་འགྱུར་བའི་རྟག་པ་སྟེ། ལྷུན་གྱིས་གྲུབ་པའི་རང་བཞིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མི་ཉམས་པའི་རྟག་པ་སྟེ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་རྒྱུན་མི་འཆད་པར་སྤྱོད་པར་མཛད་པའོ། །སྤྲུལ་པའི་སྐུ་ནི་རྒྱུན་གྱི་རྟག་པ་སྟེ། ཐུགས་རྗེ་ཆེན་པོ་དང་སྔོན་གྱི་སྨོན་ལམ་གྱི་དབང་གིས། འགྲོ་བའི་དོན་ལ་ཡང་དང་ཡང་དུ་རྟག་པར་འབྱུང་བའོ། །ལན་ཅིག་མི་རྟག་པར་བཤད་དེ། ཆོས་ཀྱི་སྐུ་ནི་ཡེ་ཤེས་སྐད་ཅིག་མའི་ཆ་ལས་མི་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཏིང་ངེ་འཛིན་སྐད་ཅིག་མའི་ཆ་ལས་མི་རྟག་པའོ། སྤྲུལ་པའི་སྐུ་ནི་འདུལ་བའི་དུས་ལ་བབ་ན། འགྲོ་བའི་དོན་ཡང་དང་ཡང་དུ་མཛད། མ་བབ་ན་མི་མཛད་དེ། འབྱུང་འཇུག་བྱེད་པས་མི་རྟག་པའོ། །ལན་ཅིག་རྟག་ལ་རྟག་མི་རྟག་ཀྱང་མི་རྟག་པར་བཤད་དེ། ཆོས་ཀྱི་སྐུ་ནི་དཔེར་ན་ཉི་མ་དང་འདྲ་སྟེ། རྩ་བ་དང་གཞི་ཡིན་པས་རྟག་པའོ། །ཀུན་རྫོབ་ཀྱི་སྐུ་གཉིས་ནི་ཉི་མའི་འོད་ཟེར་དང་འདྲ་སྟེ། རྩ་བ་མ་ཡིན་ཞིང་འབྲས་བུ་ཆེན་པོ་མངོན་དུ་བྱེད་དེ། སླར་ཆོས་ཀྱི་སྐུ་ལ་འདུས་ཏེ་མི་རྟག་པའོ། ལན་ཅིག་རྟག་པ ར་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པར་བཤད་དེ། དེ་ལ་རྟག་པ་མ་ཡིན་པ་ནི། མུ་སྟེགས་ཀྱི་བྱེད་པ་པོ་བདག་རྟག་པ་པོ་ཐེར་ཟུག་ཏུ་གནས་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་ནི། སོ་སོའི་སྐྱེ་བོའི་འདུས་བྱས་ཀྱི་ཆོས་རྫ་མ་ཆག་པ་ལྟ་བུ་མི་རྟག་པ་ཡང་མ་ཡིན་གྱི། ཐ་མར་རྟག་ཆད་རྣམ་གཉིས་ལས་འདས་ཤིང་དབེན་པའོ། །སྐུ་གསུམ་ཡོད་དམ་མེད་ཅེ་ན། ལན་གཅིག་ཡོད་པར་བཤད་དེ། དེ་ལ་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་ཡོད་དེ། སྟུག་པོ་བཀོད་པའི་ཞིང་ཁམས་ན། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མཚན་མ་མེད་པར་ལྷུན་གྱིས་གྲུབ་པར་ཡོད་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་དུ་ཡོད་དེ། འོག་མིན་གྱི་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་ཏིང་་ངེ་འཛིན་གྱིས་ཆོས་སྟོན་པར་མཛད་དོ། །སྤྲུལ་པའི་སྐུ་ནི་མོས་པས་སྤྱོད་པའི་ས་པ་དང་། འགྲོ་བ་སྐལ་པ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་དུ་ཡོད་དེ། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྣང་བས་ཡོད་དོ། །ལན་ཅིག་མེད་པར་ཡང་བཤད་དེ། སྐུ་གསུམ་ལ་མཚན་ཉིད་དང་དངོས་པོའམ། རང་བཞིན་ཐ་དད་པ་མེད་དོ། །ཡང་ལན་ཅིག་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་བཤད་དེ། དེ་ལ་ཡོད་ཀྱང་ཡོད་པ་ནི། ཆོས་ཀྱི་སྐུ་ནི་ནམ་མཁའ་དང་འདྲ་སྟེ། མཚན་མའི་དངོས་པོ་ཅན་མ་ཡིན་ཡང་མི་འགྱུར་བར་གནས་པས་ཡོད་ཀྱང་ཡོད་ལ། ཀུན་རྫོབ་ཀྱི་སྐུ་གཉིས་ནི་གཞའ་ཚོན་དང་འདྲ་སྟེ། ཀུན་རྫོབ་ཏུ་སྣང་ཡང་། གཞའ་ཚོན་ནམ་མཁའི་ངང་དུ་དྭངས་པ་བཞིན་དུ་སླར་ཆོས་ཀྱི་སྐུ་ལ་་འདུས་པས་དངོས་པོ་མེད་དོ། །ཡང་ལན་ཅིག་ཡོད་པར་ཡང་མ་ཡིན་མེད་པར་ཡང་མ་ཡིན་པ ར་ཡང་བཤད་དེ། ཡོད་ཅེས་བྱས་ན་ནི་སྒྲོ་འདོགས་པའི་སྐྱོན་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་ནི་དངོས་པོ་མེད་ལ། མེད་ཅེས་བྱས་ན་བསྐུར་བ་བཏབ་པའི་སྐྱོན་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་ནི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་ཡིན་པས། མེད་པ་ཡང་མ་ཡིན་ནོ། །ཐ་མར་ཡོད་མེད་རྣམ་གཉིས་ལས་འདས་ཤིང་དབེན་པའོ།། །། སྐུ་གསུམ་རང་བཞིན་གཅིག་གམ་ཐ་དད་ཅེ་ན། གཅིག་པ་ཡང་མ་ཡིན་པ་ནི་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་སྣང་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་དུ་སྣང་ཞིང་། སྤྲུལ་པའི་སྐུ་ནི་སོ་སོའི་སྐྱེ་བོ་སྐལ་པ་དང་ལྡན་པ་དང་། མོས་པས་སྤྱོད་པའི་ས་དང་ཉན་ཐོས་དང་རང་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་དུ་སྣང་བས། མཚན་ཉིད་གཅིག་པ་ཡང་མ་ཡིན། ཡང་ན་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་། ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་པའི་སྐུ་འབྱུང་བས། འཕྲིན་ལས་ཐ་དད་པ་མཛད་དོ། །ཐ་དད་པ་མ་ཡིན་པ་ནི། ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གཟུགས་སྐུ་རྣམ་གཉིས་བྱུང་ཡང་ཆོས་ཀྱི་སྐུ་ལས་བྱུང་ལ། འདུས་ཀྱང་ཆོས་ཀྱི་སྐུའི་ངང་དུ་འདུས་ཤིང་། སྐུ་གསུམ་ཆར་སོ་སོར་ཐ་དད་པ་མ་ཡིན་ནོ། །རྟག་ཅེས་ཟེར་ན་ཡང་ཡིད་ཆེས་པར་གྱིས་ཤིག །མི་རྟག་ཅེས་ཟེར་ན་ཡང་ཡིད་ཆེས་པར་གྱིས་ཤིག །མེད་ཅེས་ཟེར་ན་ཡང་ཡིད་ཆེས་པར་གྱིས་ཤིག། ། ། མཚན་ཉིད་གསུམ་ནི་ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའོ། །དེ་ཡང་ལུང་ལས་ཀྱང་། ཀུན་ཏུ་བརྟགས་པ་བརྟགས་པའི་དབང་། །རྣམ་པར་བརྟགས་པ་གཞན་གྱི་དབང་། །འགྱུར་མེད་ཕྱིན་ཅི་མ་ལོག་པའི། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་འབྱུང་། དེ་ལ་ཡང་དོན་བཅུས་བསྟན་ཏེ། མཚན་ཉིད་གསུམ་དངོས་གང་ལ་བྱ་བ་དང་། ངེས་པའི་ཚིག་དང་། དབྱེ་བ་དང་། ས་བགོ་བ་དང་། སྐུ་གསུམ་ལ་སྦྱར་བ་དང་། རྣམ་པར་རིག་པ་ཙམ་ལ་བསྡུ་བ་དང་། ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུ་བ་དང་། ཡོད་པ་གསུམ་ཞེས་བྱ་བ་དང་། མེད་པ་གསུམ་ཞེས་བྱ་བ་དང་། གཅིག་པ་དང་། ཐ་དད་པར་བསྟན་པའོ། །དངོས་གཞི་གང་ལ་བྱ་ཞེ་ན། ཀུན་བརྟགས་ནི་གཟུང་འཛིན་ལ་བྱ། གཞན་དབང་ནི་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ལ་བྱ། ཡོངས་སུ་གྲུབ་པ་ནི་སྟོང་པའི་ཆོས་ཉིད་ལ་བྱ། ངེས་པའི་ཚིག་ནི། ཅིའི་ཕྱིར་ཀུན་བརྟགས་ཞེས་བྱ་ཞེ་ན། གཞན་དབང་ལ་འཁྲུལ་ནས། གཟུང་བ་དང་། འཛིན་པར་སྣང་ལ། གཞན་དབང་རང་སྣང་བར་མ་ཤེས་ནས། གཟུང་འཛིན་གཞན་དབང་ལས་ལོགས་ན་ཡོད་པར་བརྟགས་པའི་ཕྱིར། ཀུན་བརྟགས་ཤེས་བྱའོ། །ཅིའི་ཕྱིར་གཞན་དབང་ཞེས་བྱ་ཞེ་ན། ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་རང་སྐྱེ་མི་ནུས་ཀྱི། རྒྱུ་དང་རྐྱེན་གཞན་གྱིས་བསྐྱེད་པའི་ཕྱིར་གཞན་དབང་ཞེས་བྱའོ། །ཅིའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱ་ཞེ་ན། གཞན་དབང་ཆོས་ཅན་དེ་ལ་གཟུང་འཛིན་ཆ་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད་ཀྱི་ཆོས་ཉིད་ནི་རྟོག་པའི་མཚན་མ་དང་དངོས་པོར་ནམ་ཡང་མི་འགྱུར་བའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱའོ། །དབྱེ་ན་ནི། ཀུན་བརྟགས་པ་ལ་ཡང་གཉིས་ཏེ། སྣང་༼ཡུལ་སོ་སོའི་དབང་པོ། ༽བའི་ཀུན་བརྟགས་པ་དང་། མི་སྣང་༼ནམ་མཁའི་མེ་ཏོག་ལྟ་བུ། ༽བའི་ཀུན་བརྟགས་པའོ། །གཞན་དབང་ལ་ཡང་གཉིས་ཏེ། ལྟོས་པའི་༼འདུས་བྱས་ལ་ལྟོས་ནས་འདུས་མ་བྱས་ཡོད་པ་ལྟ་བུ། ༽གཞན་དབང་དང་། བསྐྱེད་པའི་གཞན་༼ཡུལ་དང་དབང་པོ་ས་བོན་དང་ཆུ་ལུད་ཀྱིས་བསྐྱེད་པ་ལྟ་བུ། ༽དབང་ངོ་། །ཡོངས་སུ་གྲུབ་པ་ལ་ཡང་གཉིས་ཏེ། མི་འགྱུར་བར་ཡོངས་སུ་གྲུབ་པ་ ༼ཆོས་རྣམས་ཀྱི་ཆོས་ཉིད་ལ་བྱ། ༽ དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་ ༼ཡང་དག་པའི་ཡེ་ཤེས་ལ་བྱ། ༽ པའོ། །ས་བགོས་པ་ནི། ཀུན་བརྟགས་ནི་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་དང་། གཞན་དབང་ནི་དག་པ་འཇིག་རྟེན་པའི་སྤྱོད་ཡུལ། ཡོངས་སུ་གྲུབ་པ་ནི་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ལོ། །ཅིས་མངོན་ཞེ་ན། ལུང་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །དེ་དག་ངོ་བོ་ཉིད་ཀྱིས་མེད། །གང་དག་ངོ་བོ་ཉིད་མེད་པ། །ནམ་དུ་ཡང་ནི་མི་སྐྱེའོ། །རྟོག་མེད་རྐྱེན་ལས་སྐྱེ་བ་ནི། །རྣམ་པ་ཀུན་ཏུ་བརྗོད་མེད་པ། །གཞན་གྱི་དབང་གི་ངོ་བོ་ཉིད། །འཇིག་རྟེན་དག་པའི་སྤྱོད་ཡུལ་ལོ། །རྟག་པའི་ངོ་བོ་ཉིད་ཀྱིས་དེ། །ཤིན་ཏུ་སྟོང་ཉིད་གང་ཡིན་པ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད། །མི་རྟོག་ཡེ་ཤེས་སྤྱོད་ཡུལ་ལོ། །ཞེས་འབྱུང་།། །། སྐུ་གསུམ་དང་སྦྱར་བ་ནི། ཡོངས་སུ་གྲུབ་པ་ནི་དབྱིངས་དང་ཡེ་ཤེས་ཡིན་པས་ཆོས་ཀྱི་སྐུའོ། །གཞན་དབང་ནི་ཏིང་ངེ་འཛིན་གྱི་ངོ་གང་ལ་སྣང་བས། ལོངས་སྤྱོད་རྫོགས་པའི་སྐུའོ། །ཀུན་བརྟགས་ནི་མེད་པ་རྣམས་ཡོད་པར་བརྟགས་པས་སྤྲུལ་པའི་སྐུའོ།། །། རྣམ་པར་རིག་པ་ཙམ་དུ་བསྡུ་ན། སེམས་ཀྱི་འཁྲུལ་བ་ནི་གཞན་དབང་ཡུལ་དུ་འཁྲུལ་པ་ཡིན། སེམས་ཀྱི་དངོས་གཞི་ནི་ཀུན་བརྟགས་གཟུང་འཛིན་ཡིན། སེམས་ཀྱི་ཆོས་ཉིད་ནི་ཡོངས་སུ་གྲུབ་པ་ཡིན་ནོ།། །། ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུ་ན། ཆོས་ཕྱི་ནང་གཉིས། འདུས་བྱས་དང་འདུས་མ་བྱས་གཉིས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའོ། །དེ་ཡང་ལྔར་བསྡུ་སྟེ། མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་སོ། །ལྔ་པོ་དེ་མཚན་ཉིད་གསུམ་དུ་བསྡུ་སྟེ། མིང་ནི་ཀུན་བརྟགས་སུ་བསྡུའོ། །རྒྱུ་མཚན་དང་། རྣམ་པར་རྟོག་པ་གཉིས་ནི་གཞན་དབང་དུ་བསྡུའོ། །དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་གཉིས་ནི་ཡོངས་སུ་གྲུབ་པར་བསྡུའོ། །ཡང་ན་གང་དག་མེད་པ་ལས་ཡོད་པར་སྒྲོ་བཏགས་པ་ཐམས་ཅད་ཀུན་བརྟགས་སུ་བསྡུའོ། །ཆོས་གང་རྒྱུ་རྐྱེན་གྱིས་བསྡུས་པ་ཐམས་ཅད་གཞན་དབང་དུ་བསྡུའོ། །ཆོས་ཉིད་ཀུན་བརྟགས་ལྟར་མེད་པ་ཡང་མ་ཡིན། གཞན་དབང་ལྟར་རྒྱུ་རྐྱེན་གྱིས་བསྐྱེད་པ་ཡང་མ་ཡིན་པ་ནི་ཡོངས་སུ་གྲུབ་པར་བསྡུའོ། །ཡོད་པ་གསུམ་ཞེས་བྱ་བ་ནི། ཀུན་བརྟགས་ཐ་སྙད་དུ་ཡོད། གཞན་དབང་རྫས་སུ་ཡོད། ཡོངས་སུ་གྲུབ་པ་ཆོས་ཉིད་དུ་ཡོད་དོ། །མེད་པ་གསུམ་ཞེས་བྱ་བ་ནི། ཀུན་བརྟགས་མཚན་ཉིད་ཀྱིས་མེད། གཞན་དབང་རང་སྐྱེ་མི་ནུས་པས་མེད། ཡོངས་སུ་གྲུབ་པ་དོན་དམ་པར་དངོས་པོ་མེད།། །། གཅིག་དང་ཐ་དད་ལས་གྲོལ་བར་བསྟན་པ་ནི། ཀུན་བརྟགས་ནི་མེད་པའི་ཆོས་ཡིན། གཞན་དབང་དང་ཡོངས་སུ་གྲུབ་པ་གཉིས་གཅིག་པ་དང་ཐ་དད་པ་ལས་གྲོལ་བར་བསྟན་ཏོ། །རྒོལ་བ་ན་རེ། གཅིག་ན་གཞན་དབང་བརྩན་པར་བྱས་ན། སངས་རྒྱས་མི་སྲིད་པར་རིགས་སོ། །ཡོངས་སུ་གྲུབ་པ་བརྩན་པར་བྱས་ན། སེམས་ཅན་མི་སྲིད་པའི་རིགས་སོ། །ཞེས་པ་ལ། ལན་དུ་གཅིག་དང་ཐ་དད་པ་ལས་གྲོལ་ཏེ། གཞན་དབང་ཀུན་བརྟགས་དང་མ་བྲལ་བའི་དུས་ན། གཅིག་པ་ཡང་མ་ཡིན་ལ། ཀུན་བརྟགས་གཟུང་འཛིན་གཉིས་ཀྱིས་སྟོང་པའི་དུས་ན། ཐ་དད་པ་ཡང་མ་ཡིན་ཏེ། ལུང་ལས་ཀྱང་། རྣམ་པར་རྟོག་པ་གཞན་གྱི་དབང་། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །གྲུབ་ནི་དེ་ལས་སྔ་མར་གྲུབ། །རྟག་ཏུ་མེད་པར་གྱུར་པ་གང་། །དེ་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་མ་ཡིན་པའང་མིན། །ཞེས་འབྱུང་ངོ།། །། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དོན་རྣམ་པ་བཞིས་བསྟན་ཏེ། དེ་ཡང་གང་ཞེ་ན། ངེས་པའི་ཚིག་དང་། རང་གི་ངོ་བོ་དང་། དབྱེ་བ་དང་། ལས་ཅི་བྱེད་པའོ། །དེ་ལ་ངེས་པའི་ཚིག་ནི། རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་ནས་འབྱུང་ལ། རྒྱུ་མེད་ཅིང་རྐྱེན་མེད་པར་མི་འབྱུང་བའི་ཕྱིར། རྟེན་ཅིང་འབྲེལ་བ་འབྱུང་བ་ཞེས་བྱའོ། །རང་གི་ངོ་བོ་ནི། ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ནང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ལ་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡང་རྒྱུ་དང་འབྲེལ་བ་དང་། རྐྱེན་དང་འབྲེལ་བའོ། །རྒྱུ་དང་འབྲེལ་བ་ནི། ས་བོན་ལས་མྱུ་གུ་འབྱུང་བ་ནས། མེ་ཏོག་ལས་འབྲས་བུ་འབྱུང་གི་བར་དུ་རྒྱུ་ལ་རག་ལས་པའི་ཆོས་དྲུག་གོ། །རྐྱེན་དང་འབྲེལ་བ་ནི། ཁམས་དྲུག་འདུས་པ་ལས། འབྲས་བུ་སྨིན་པར་བྱེད་དེ། དེ་ལ་འབྱུང་བ་ཆེན་པོ་བཞི་དང་། དུས་དང་ནམ་མཁའི་ཁམས་དང་དྲུག་གོ། །ནང་རྟེན་ཅིང་འབྲེལ་པ་ལ་ཡང་རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའོ། །དེ་ལ་རྒྱུ་དང་འབྲེལ་པ་ནི། མ་རིག་པ་ནས་རྒ་ཤིའི་བར་དུའོ། །རྐྱེན་དང་འབྲེལ་པ་ནི། ཁམས་དྲུག་འདུས་པ་ལས་འབྲས་བུ་འབྱུང་བའོ། །དབྱེ་བ་ནི་རྣམ་པ་དྲུག་སྟེ། མཚན་ཉིད་དང་། ལས་དང་། ཡན་ལག་གི་དབྱེ་བ་དང་། རིགས་བསྡུ་བ་དང་། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པར་བསྟན་པ་དང་། དུམ་བུ་གསུམ་གྱི་ཆ་ཡོད་པར་བསྟན་པའོ། །དེ་ལ་མཚན་ཉིད་ལ་ཡང་དོན་རྣམ་པ་ལྔ་སྟེ། རང་གི་མཚན་ཉིད་དང་། ངེས་པའི་ཚིག་གི་མཚན་ཉིད། ཡན་ལག་གི་མཚམས་སྦྱོར་བའི་མཚན་ཉིད་དང་། རྒྱུ་བསྡུ་བའི་མཚན་ཉིད་དང་། མཐའ་གཉིས་དང་འབྲལ་བའི་མཚན་ཉིད་དོ། །དེ་ལ་རང་གི་མཚན་ཉིད་ནི། མ་རིག་པའི་མཚན་ཉིད་ནི་མི་ཤེས་པ་སྟེ། རྒྱུ་དང་། འབྲས་བུ་དང་། དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པ་ནི་མ་རིག་པའོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་རང་གི་མཚན་ཉིད་རེ་རེ་ནས་སྦྱར་ཏེ་བཤད་དོ། །ངེས་པའི་ཚིག་གི་མཚན་ཉིད་ནི། ཅིའི་ཕྱིར་མ་རིག་པ་ཞེས་བྱ་ཞེ་ན། མུན་པ་ཆེན་པོའི་ཕྱིར་མ་རིག་པ་ཞེས་བྱ་སྟེ། དཔེར་ན་མུན་ཁང་གི་ནང་དུ་རྫས་ཤིག་བཞག་ན། རྫས་མེད་པ་མ་ཡིན་ན་ཡང་། མུན་པའི་དབང་གིས་རྫས་མི་མཐོང་བ་དང་འདྲ་བར། ཡང་དག་པ་དེ་ཁོ་ན་ཉིད་མེད་པ་མ་ཡིན་ན་ཡང་། མ་རིག་པའི་དབང་གིས་དེ་ཁོ་ན་ཉིད་མ་མཐོང་བའི་ཕྱིར། མ་རིག་པ་ཞེས་བྱའོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་ངེས་པའི་ཚིག་རེ་རེ་ཡོད་དོ། །ཡན་ལག་གི་མཚམས་སྦྱོར་བའི་མཚན་ཉིད་ནི། འདི་ཡོད་པས་ན་འདི་ཡོད་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུ། ཡན་ལག་བཅུ་གཉིས་གཅིག་གི་གྲོགས་སུ་གཅིག་གྱུར་པའོ། །རྒྱུ་བསྡུ་བའི་མཚན་ཉིད་ནི། དང་པོར་མ་རིག་པ་དང་། སྲེད་པ་དང་། ལེན་པ་གཉིས་ཀ་ཡང་ཆགས་ཤིང་ཞེན་པའི་མཚན་ཉིད་ཡིན་པས་སྲེད་པར་བསྡུ། དེ་གསུམ་རིང་བའི་རྒྱུའོ། །འདུ་བྱེད་ནི་སྲིད་པ་བསྐྱེད་པའི་རྒྱུ་ཡིན་པས། སྲིད་པར་བསྡུ་སྟེ། སྲིད་པ་ནི་ཉེ་བའི་རྒྱུ་ཞེས་གདགས། དེ་བས་ན་རྒྱུ་རྣམ་པ་གཉིས་སུ་འདུས་པས། རྒྱུ་བསྡུ་བའི་མཚན་ཉིད་ཅེ་བྱའོ། །མཐའ་གཉིས་དང་བྲལ་བའི་མཚན་ཉིད་ནི། ཡན་ལག་བཅུ་གཉིས་པོ་འདི་དག །རྒྱུ་འགག་པའི་ཆོས་ཅན་ཡིན་པས། མུ་སྟེགས་རྟག་པར་ལྟ་བའི་མཐའ་སེལ། འབྲས་བུ་འབྱུང་བའི་ཆོས་ཅན་ཡིན་པས། སྟོང་པ་ཆད་པར་ལྟ་བའི་མཐའ་སེལ་བས། མཐའ་གཉིས་དང་བྲལ་བའི་མཚན་ཉིད་ཅེས་བྱའོ། །ལས་ལ་རྣམ་གཉིས་ཏེ། ལས་དང་། བྱེད་པའི་རྩལ་ལོ། །མ་རིག་པའི་ལས་ནི་རྨོངས་པར་བྱེད་དོ། །དེའི་བྱེད་པའི་རྩལ་ནི་འདུ་བྱེད་མངོན་པར་འབྱིན་པའི་རྒྱུ་ཡང་ཡིན་ཏེ། དེ་བཞིན་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ཡན་ལག་གི་དབྱེ་བ་ནི། རྣམ་པ་ལྔ་སྟེ་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གསུམ་ནི་འཕེན་པའི་ཡན་ལག་གོ ། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་བཞི་ནི་འཕངས་པའི་ཡན་ལག་གོ ། སྲེད་པ་དང་། ལེན་པ་དང་། སྲིད་པ་གསུམ་ནི་མངོན་པར་སྒྲུབ་པའི་ཡན་ལག་གོ ། སྐྱེ་བ་ནི་མངོན་པར་གྲུབ་པའི་ཡན་ལག་གོ ། རྒ་ཤི་ནི་ཉེས་དམིགས་ཀྱི་ཡན་ལག་གོ ། རིགས་བསྡུ་བ་ནི། ལས་དང་ཉོན་མོངས་པ་དང་ཚེ་གསུམ་འདུས་ཏེ། མ་རིག་པ་དང་། སྲེད་ལེན་ནི་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་སོ། །ལྷག་མ་བདུན་ནི་སྡུག་བསྔལ་ཏེ་ཚེའོ། །འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པར་བསྟན་པ་ནི། གསུམ་ལས་གཉིས་འབྱུང་སྟེ། མ་རིག་པ་ལས་འདུ་བྱེད་འབྱུང་ལ། སྲེད་ལེན་ལས་སྲིད་པ་འབྱུང་ངོ་། །གཉིས་ལས་བདུན་འབྱུང་སྟེ། འདུ་བྱེད་དང་སྲིད་པ་ལས་འབྲས་བུ་སྡུག་བསྔལ་བདུན་འབྱུང་ངོ་། །བདུན་ལས་ཀྱང་གསུམ་འབྱུང་སྟེ། ད་ལྟར་གྱི་འབྲས་བུ་བདུན་ལས། མ་འོངས་པའི་མ་རིག་པ་དང་སྲེད་ལེན་གཉིས་འབྱུང་ངོ་། །དེ་བས་ན་ངེས་པ་མེད་པར་འབྱུང་བས། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དོ། །དུམ་བུ་གསུམ་གྱི་ཆ་ཡོད་པར་བསྟན་པ་ནི། མ་རིག་པ་དང་འདུ་བྱེད་ནི་འདས་པ་ཡིན་པས་ཚེ་སྔ་མ་སྟེ། རྒྱུ་འབའ་ཤིག་གི་སྒོ་ནས་བཞག །སྐྱེ་བ་རྒ་ཤི་གཉིས་ནི་མ་འོངས་པ་སྟེ། ཚེ་ཕྱི་མ་ཡིན་པས་འབྲས་བུ་འབའ་ཤིག་གི་སྒོ་ནས་བཞག་སྟེ། བར་ཆ་བརྒྱད་ནི་ད་ལྟར་གྱི་རྒྱུ་འབྲས་གཉིས་གའི་སྒོ་ནས་བཞག་གོ ། ལས་ཅི་བྱེད་ན། རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པས་ན། མུ་སྟེགས་ཅན་རྒྱུ་མེད་པ་ལས་འབྱུང་བར་འདོད་པ་དང་མི་མཐུན་པའི་རྒྱུ་ལས་འབྱུང་བ་སེལ་ཏོ། །རྒྱུ་ཡོད་པ་ལས་འབྱུང་ཞིང་། རྟག་པར་མ་ཡིན་པ་དང་། འཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་ཡིན་པ་དང་། དེ་དང་འདྲ་བའི་རྒྱུད་དུ་འབྱུང་བར་སྟོན་ཏོ། །ལུགས་ལས་ལྡོག་པ་ནི། གཞུང་ལས་འབྱུང་བར་བས། མ་རིག་པའི་མཚན་ཉིད་ནི་མ་ཤེས་པ་དང་། ༼ལས་དགེ་སྡིག་མི་ཤེས་པ། ༽ ལས་ནི་ཡང་དག་པ་ལ་སྒྲིབ་པ། ༼ཟག་པ་མེད་པའི་ཤེས་རབ་ལ་སྒྲིབ་པ། ༽ འདུ་བྱེད་ཀྱི་མཚན་ཉིད་ནི། དགེ་༼དགེ་བ་དང་མི་དགེ་བ་དང་མི་གཡོ་བར་འདུ་བྱེད། ༽སྡིག་ལ་མངོན་པར་འདུ་བྱེད་པ། ལས་༼ལས་དང་ཉོན་མོངས་པའི་ས་བོན་འདེབས་པས། ༽ནི་འདེབས་པའོ། །རྣམ་པར་ཤེས་པའི་མཚན་ཉིད་ནི། ཡུལ་རིག་༼བྱེ་བྲག་ཏུ་འབྱེད་པ། ༽ཅིང་རྟོགས་པ། ལས་༼སྲིད་པ་མྱོང་བར་སྦྱོར་ལ། ༽ནི་ཁྲིད་པའོ། མིང་དང་གཟུགས་ཀྱི་མཚན་ཉིད་༼མདུང་ཁྱིམ་གྱི་ཚུལ་རྟེན་པ། ༽ནི་རྟེན་པ། ལས་༼མི་དབྱེ་བའི་གཟུངས་བྱེད། ༽ནི་འཛིན་པའོ། སྐྱེ་མཆེད་དྲུག་གི་མཚན་ཉིད་ནི་༼སྐྱེ་བའི་སྒོར་འཇུག་། ༽སྐྱེ་བ། ལས་ནི་རྫོགས་༼དབང་པོ་དྲུག་རྫོགས་པར་བྱེད། ༽པའོ། རེག་པའི་མཚན་ཉིད་ནི་གཅོད་༼རིགས་སུ་གཅོད་པའོ། །༽པའོ། །ལས་༼ཚོར་བ་སྐྱེད་པའོ། །༽ནི་བསྐྱེད་པའོ། །ཚོར་བའི་མཚན་ཉིད་ནི་༼རྣམ་པ་གསུམ་མྱོང་བའོ། །༽མྱོང་བའོ། །ལས་༼ལས་ནི་བདེ་བ་སོགས་སྤྱོད་པའོ། །༽ནི་སྤྱོད་པའོ། །སྲེད་པའི་མཚན་༼ཆགས་པའི་ཡུལ་འདོད་པ། ༽ཉིད་ནི་ཆགས་པ། ལས་ནི་སྡུད་པ། ལེན་པའི་མཚན་༼དོན་གཉེར་ཞིང་སྒྲུབ་པ། ༽ཉིད་ནི་སྒྲུབ་པའོ། །ལས་ནི་༼བསྒྲུབ་པའི་ཐབས་སྦྱོར་བ། ༽སྦྱོར་བ། སྲིད་པའི་མཚན་༼བག་ཆགས་མཐུ་ཅན་དུ་གྱུར་བ། ༽ཉིད་ནི་འབྱུང་བ། ལས་༼ལུས་ལེན་པར་བྱེད་པ། ༽ནི་འབྱིན་པའོ། །སྐྱེ་བའི་མཚན་༼སྡུག་བསྔལ་གསུམ་དང་བརྒྱད་མྱོང་པའོ། ། ། ༽ཉིད་ནི་སྡུག་བསྔལ་བ། རྒས་པའི་མཚན་༼རྒུར་བ་དང་སྐྲ་དཀར་བ། ཁ་སྤུ་མང་བ། ༽ཉིད་ནི་ལུས་སེམས་འགྱུར་བར་བྱེད་པ། ཤི་༼ཚོར་བ་རྒྱུན་ཆད་ནས་ཡུད་ཙམ་འདས་པ། ༽བའི་མཚན་ཉིད་ནི་ལུས་སེམས་བྱེ་བའོ། །འཇིག་རྟེན་རྒྱང་ཕན་པས་ཚེ་སྔ་ཕྱི་མེད་པར་ལྟ་བའི་གཉེན་པོར། བཅོམ་ལྡན་འདས་ཀྱིས་རྒྱུ་རྐྱེན་བཅུ་གཉིས་བཀའ་སྩལ་ཏེ། དེ་ལ་མ་རིག་པ་དང་འདུ་བྱེད་གཉིས་ཀྱིས་ནི་ཚེ་སྔ་མ་བསྟན། སྐྱེ་བ་དང་རྒ་ཤི་གཉིས་ཀྱིས་ནི་ཚེ་ཕྱི་མ་བསྟན། བར་གྱི་བརྒྱད་ཀྱིས་ནི་ད་ལྟར་གྱི་ཚེ་བསྟན། དེ་ཡང་ཚེ་སྔ་མ་ནི་རྒྱུ་འབའ་ཤིག་གི་སྒོ་ནས་བསྟན། ཚེ་ཕྱི་མ་ནི་འབྲས་བུ་འབའ་ཤིག་གི་སྒོ་ནས་བསྟན། ད་ལྟར་གྱི་ཚེ་ནི་རྒྱུ་དང་འབྲས་བུ་གཉིས་ཀའི་སྒོ་ནས་བསྟན་ཏེ། དེ་ལྟར་ཅིའི་ཕྱིར་བསྟན་ཅེ་ན། ཚེ་གསུམ་ཡང་ཡོད་ལ། དེ་ཡང་ཚེ་སྔ་མའི་རྒྱུས་ནི་འདི་བསྐྱེད། འདིའི་རྒྱུས་ནི་ཕྱི་མ་བསྐྱེད་པར་བསྟན་པའི་ཕྱིར་རོ། །དེ་ལ་སྲེད་ལེན་དང་། མ་རིག་པ་གཉིས་ཉོན་མོངས་པར་རིགས་གཅིག་ཀྱང་། མིང་གཉིས་སུ་བཏགས། སྲིད་པ་དང་འདུ་བྱེད་གཉིས་ལས་སུ་རིགས་གཅིག་པ་ལས། མིང་གཉིས་སུ་བཏགས། རྣམ་པར་ཤེས་པ་ནས་ཚོར་བའི་བར་དང་། སྐྱེ་བ་དང་རྒ་ཤི་གཉིས་དང་། ཚེའི་འདུ་བྱེད་དུ་རིགས་གཅིག་པ་ལས། མིང་གཉིས་སུ་བཏགས་པར་རིག་པར་བྱ་སྟེ། ཚེ་གསུམ་དུ་བཅད་པ་ཆོད་ཆེ་བའི་ཕྱིར། དངོས་པོ་གཅིག་ལ་མིང་གཉིས་སུ་བཏགས་སོ། །ཚེ་སྔ་མར་བཏགས་པ་མ་རིག་པ་དང་འདུ་བྱེད་ཀྱིས། ད་ལྟར་གྱི་ཚེར་གཏོགས་པ་རྣམ་པར་ཤེས་པ་ནས་ཚོར་བའི་བར་དུ་ལྔ་བསྐྱེད་དོ། །ད་ལྟར་གྱི་ཚེར་གཏོགས་པ་སྲེད་ལེན་དང་སྲིད་པ་གསུམ་གྱིས། ཕྱི་མའི་ཚེར་གཏོགས་པ་སྐྱེ་བ་དང་རྒ་ཤི་གཉིས་སྐྱེད་དོ། །དེ་ལ་མ་རིག་པ་ནི་དངོས་སུ་ན། ཚེ་སྔ་མའི་སྲེད་ལེན་གཉིས་ཡིན། འདུ་བྱེད་ནི་སྔ་མའི་སྲིད་པ་ཡིན་ཏེ། དེ་ལྟར་ན་མ་རིག་པ་དང་འདུ་བྱེད་གཉིས་ཚེ་སྔ་མ་ཡང་ཡིན་ལ། དེའི་རྒྱུས་ཚེ་འདིའི་འབྲས་བུ་ལྔ་ཡང་བསྐྱེད་དོ། །ཚེ་འདིའི་མ་རིག་པ་ནི་སྲེད་ལེན་ཅེས་བྱ། འདུ་བྱེད་ནི་སྲིད་པ་ཞེས་བྱ་སྟེ། འདི་གསུམ་གྱིས་ནི་ཕྱི་མའི་སྐྱེ་བ་དང་རྒ་ཤི་གཉིས་བསྐྱེད་དོ། །དེ་ལྟར་ན་དེ་བརྒྱད་ཚེ་འདི་ཡང་། དེའི་རྒྱུས་ཚེ་ཕྱི་མ་ཡང་བསྐྱེད་དོ། །ཕྱི་མའི་སྐྱེ་བ་དང་རྒ་ཤི་གཉིས་ནི་དངོས་སུ་ཕྱི་མའི་རྣམ་པར་ཤེས་པ་སྐྱེ་བ་ཡིན། ལྷག་མ་རྣམས་ནི་རྒ་ཤི་ཡིན་ཏེ། དེ་ལྟར་ན་འབྲས་བུའི་སྒོ་གཅིག་པུ་ནས། ཕྱི་མ་བསྟན། ཅིའི་ཕྱིར་སྔ་མའི་སྲེད་ལེན་དང་སྲིད་པ་ལ་མ་རིག་པ་དང་འདུ་བྱེད་ཅེས་བྱ་ཞེ་ན། ཚེ་སྔ་མ་ནི་བརྟགས་པས་བཏགས་པ་ཙམ་དུ་ཟད་དོ།། །། བདག་མེད་པ་གཉིས་ལ་དོན་བཞི་སྟེ། རང་གི་ངོ་བོ་དང་། ངེས་པའི་ཚིག་དང་། དབྱེ་བ་དང་། ལས་ཅི་བྱེད་པའོ། །རང་གི་ངོ་བོ་ལ། གང་ཟག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བྱ། ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་བྱའོ། །ངེས་པའི་ཚིག་ནི། ཅིའི་ཕྱིར་ཆོས་དང་གང་ཟག་ཅེས་བྱ་ཞེ་ན། རྒྱུན་ལ་གང་ཟག་ཅེས་བྱ་ལ། །མཚན་ཉིད་འཛིན་ལ་ཆོས་ཤེས་ཞེས་བྱ། །ཞེས་འབྱུང་། དབྱེ་བ་ནི། གང་ཟག་གི་མིང་ནི་རྣམ་གྲངས་ཀྱིས་དབྱེ་བ་སྟེ། གང་ཟག་དང་། གང་འགྲོ་དང་། ཡར་འགྲོ་དང་། ཉེ་བར་འགྲོ་དང་། འཕེན་པ་དང་། རྫོགས་པ་ཞེས་བྱའོ། །ཆོས་ཀྱི་དབྱེ་བ་ནི། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའོ། །ལས་ནི་ཉོན་མོངས་པ་དང་། ཤེས་བྱའི་བསྒྲིབ་པ་སྤོང་སྟེ། དེ་ཡང་དོན་དྲུག་སྟེ། སྒྲིབ་པ་རྣམ་པ་གཉིས་རྒྱུ་གང་ལས་བྱུང་བ་དང་། རང་གི་ངོ་བོ་དང་། དབྱེ་བ་དང་། དེས་གང་ལ་སྒྲིབ་པ་དང་། སྤོང་བའི་གཉེན་པོ་གང་ཡིན་པ་དང་། སྤངས་ནས་འབྲས་བུ་ཅི་ཐོབ་པ་དང་དྲུག་གོ ། དེ་ལ་ཉོན་མོངས་པའི་སྒྲིབ་པའི་རྒྱུ་ནི་མ་རིག་པའོ། །རང་གི་ངོ་བོ་ནི། ཉོན་མོངས་པ་དྲུག་དང་། ཉེ་བའི་ཉོན་མོངས་པ་ཉི་ཤུའོ། །དབྱེ་བ་ནི་གསུམ་སྟེ། རྒྱུའི་ཀུན་ནས་ཉོན་མོངས་པ་མ་རིག་པ་དང་སྲེད་ལེན། ལས་ཀྱི་ཀུན་ནས་ཉོན་མོངས་པ་འདུ་བྱེད་དང་སྲིད་པ། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་རྣམ་པར་ཤེས་པ་ནས་ཚོར་བའི་བར་ལྔ་དང་། སྐྱེ་བ་དང་རྒ་ཤིའོ། །དེས་ཅི་ལ་སྒྲིབ་ཅེ་ན། ཐར་པ་མྱ་ངན་ལས་འདས་པ་ལ་སྒྲིབ་བོ། །སྤོང་བའི་གཉེན་པོ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའོ། །སྤངས་པའི་འབྲས་བུ་ནི་ཐར་པ་མྱ་ངན་ལས་འདས་པའོ། །ཤེས་བྱའི་སྒྲིབ་པའི་རྒྱུ་ནི་གཟུང་འཛིན་གྱི་ཆ་མ་བྱང་བའི་བག་ཆགས་སོ། །རང་གི་ངོ་བོ་ནི་རློམ་སེམས་པའི་རང་བཞིན་ཏེ། རྣམ་པར་བྱང་བ་ལ་མཚན་མར་འཛིན་པའོ། །དབྱེ་བ་ནི་གསུམ་སྟེ། སའི་སྒྲིབ་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་སྒྲིབ་པའོ། །དེ་ལ་སའི་སྒྲིབ་པ་ནི། ས་དང་པོ་ལ། ཀུན་ཏུ་འགྲོ་བའི་དོན་དུ་མ་རྟོགས་པ་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་ནི། སེར་སྣ་ལ་སོགས་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་སྒྲིབ་པ་ནི། ལུང་ལས། གཞི་ལ་མི་མཁས་ལེ་ལོ་དང་། །གཉིས་ཀྱིས་ཏིང་འཛིན་ཉམས་པ་དང་། །མི་སྐྱེད་པ་དང་ཉམས་ཆུང་དང་། །ལྟ་དང་གནས་ངན་ལེན་སྐྱོན་ཆགས། །ཞེས་འབྱུང་ངོ་། །དེས་ཅི་ལ་སྒྲིབ་པ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྒྲིབ་པའོ། །སྤོང་བའི་གཉེན་པོ་གང་ཞེ་ན། ཆོས་ལ་བདག་མེད་པར་རྟོགས་པའོ། །སྤངས་པའི་འབྲས་བུ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་བོ། །ངྷརྨ་བྷ་དྲས་སྦྱར་བ་སྟེ་རྫོགས་སོ། །ཨ་ཏི།། །།གཞན་ཕན་མཐའ་ཡས་མཆོག་གི་སྤྲུལ་པའི་སྐུ། །གཞན་ཕན་ཆོས་ཀྱི་སྣང་བ་ཞེས་བྱ་བས། །གཞན་ཕན་སླད་དུ་སྤར་འདི་བསྒྲུབས་པའི་དགེས། །གཞན་ཕན་ཕྲིན་ལས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པའང་མི་ཕམ་པས་སོ། །མངྒལཾ། །

རྗེ་དྷརྨ་བྷ་དྲའི་མཛད་པའི་ཆོས་ཀྱི་རྣམ་གྲངས་ཐོ་ཡིག

༄༅། །རྗེ་དྷརྨ་བྷ་དྲས་མཛད་པའི་ཆོས་ཀྱི་རྣམ་གྲངས་ཀྱི་ཐོ་ཡིག་བཞུགས།

༄༅། །རྗེ་དྷརྨ་བྷ་དྲ་ཞེས་བྱ་བ་ཤེས་རབ་དང་ཐུགས་རྗེ་ཕུལ་དུ་བྱུང་བ་དེས། མཛད་ཆོས་རྣམ་པར་ཐར་པའི་སྒོ་ཐོ་ཀ་འབུམ་སྡེ་གཅིག་སྦྱར་བར་རྗེ་ཆེན་པོ་ཉིད་བཞུགས་པའི་དུས་ན་གྲགས་ཀྱང་། ངེས་པའི་དོན་དུ་བཀའ་རྒྱས་འབྲིང་གསུམ་པས་མི་ཚད་པ་དངོས་ཅག་གི་སུག་ཏུ་བྱོན་ཏེ། དངོས་ཅག་གི་སུག་ཏུ་མ་འདུས་པ་ཡང་དཔག་ཏུ་མེད་པ་བཞུགས་པར་སྣང་ན། དེ་དག་ཀྱང་གང་གི་ཕྱིར་སྦྱར་བ་ནི། གཙོ་བོར་གྱུར་པ་བསླབ་པ་རིན་པོ་ཆེ་གསུམ་ལ་དགོངས་པའི་ལྟ་སྒོམ་ཆེ་ཆུང་གསུམ། འགྲེལ་བ་ཆེ་ཆུང་གསུམ། མདོ་རྒྱུ་ཆེ་ཆུང་གཉིས། གསུམ་ཡིན་པ་གྲགས་ལ། ཡང་གསང་སྔགས་ཀྱི་གཞུང་གིས། ཤེས་བྱ་ཐམས་ཅད་དོན་བཞིར་འདུས་པར་བཞེད་དེ། འདི་ལྟར་དངོས་པོ་དགུ་དང་དེ་ཉིད་བཅུ། །བསླབ་མཐའ་བཅུ་དང་བསྙེན་སྒྲུབ་བཞི། །སྤྱོད་པ་གསུམ་དང་གཞི་ལམ་གསུམ། །ཐུན་མོང་ཁྱད་པར་བསྟན་པ་སྟེ། །ཟུང་བཞི་ཡ་ནི་བཞི་བཅུར་འདུས། །གཞན་དག་བསླབ་མཐའ་སོ་དགུ་སྟེ། །ཐ་མས་སྔགས་དང་མཚན་ཉིད་ཀྱི། །ཐེག་པའི་ཁྱད་པར་བསྟན་པ་ཡིན། །ཞེས་པ་ནི་སྡོམ་གྱི་ཚིགས་སུ་བཅད་པ་སྟེ། དེ་ལ་དངོས་པོ་དགུ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་སྟོན་པ་ནི། གསང་སྙིང་དང་། མཉམ་སྦྱོར་གྱི་འགྲེལ་བ་དང་། གཤིན་རྗེའི་གཤེད་ཀྱི་རྟོག་པ་སྤྱིའི་བྱུང་ཚུལ་གྱི་ཡི་གེ་དང་། གསང་འདུས་ཀྱི་ཁོག་འབུགས། མཉམ་སྦྱོར་གྱི་ཁོག་འབུགས། ཀུན་འདུས་ཀྱི་ཁོག་འབུགས། གསང་རྒྱུད་ཀྱི་ཁོག་འབུགས། ཞགས་པའི་ཁོག་འབུགས།་ལེའུ་ལག་གི་ས་མ་ཊིཀ །དངོས་པོ་དགུའི་སྟོང་འཐུན་ལོགས་སུ་བཀོད་པ་ཆེ་ཕྲ་བདུན་ཞེས་གྲགས་པ་དག་གོ། །དེ་ཉིད་བཅུ་སྟོན་པ་ནི་རྡུལ་བྱང་ཆུབ་ཤེས་རབ་ཀྱི་དོན་དུ་མཛད་པའི་རྣམ་སྣང་སྒྱུ་དྲ་ལ་བརྟེན་པ་ལྟ་བུའོ། །བསླབ་པའི་མཐའ་སྟོན་པ། ཀུན་འདུས་ལ་བརྟེན་པའི་བསླབ་པའི་མཐའ་བཅུ་ཆེ་ཆུང་ཞེས་གྲགས་པ་ལ་སོགས་པ་དག་གོ། །བསྙེན་སྒྲུབ་སྟོན་པ་ནི། ཐུན་མོང་དང་ཁྱད་པར་གཉིས་ཏེ། དེ་ལ་བསྙེན་པ་ཐུན་མོང་ནི། སྒོམ་མཆོད་བཟླས་གསུམ་གྱི་སྒོ་ནས་ལྷ་གང་ཡང་རུང་བ་ཉེ་བར་བྱེད་པ་སྟེ། དངོས་སུ་ཞི་ཁྲོའི་སྒོམ་ཁོག་ཆེ་ཆུང་དང་། བདུད་རྩིའི་ལས་བྱང་ཆེ་ཆུང་གསུམ་དང་། ལས་ཀྱི་ཐོ་དང་། མན་ངག་སྣ་བརྒྱུད་ཆུང་ངུ་དང་། རྒྱ་གར་བླ་མ། སྨན་གྱི་རིགས་དབྱེ་བ། དཔལ་ཡང་དག་གི་བསྙེན་པའི་གཞུང་གསུམ་ལ་སོགས་པ་དང་། རུ་ལུ་འཛབ་དགོངས་ཀྱི་ཡི་གི་ཕྲན། རོ་སྒྲུབ་ཀྱི་ཡི་གེ་ཕྲན་ཚོ་དང་། ཐོད་བརྟག །ཕུར་བུ་ལུང་སྡེ་བཞི་གཅིག་ཏུ་དྲིལ་བའི་བསྙེན་པའི་གཞུང་ཆེ་ཕྲ་དང་། ནར་མ་ཆེ་འབྲིང་གསུམ་ཞེས་གྲགས་པ་དང་། ཕྲེང་བའི་རྒྱུ་དང་རིགས་བསྟན་པ་གཉིས་དང་། བཟླས་བརྗོད་ཀྱི་ཡན་ལག་བདུན་པ་དང་། བཅུ་གཅིག་པ་ལ་སོགས་པ་བཞི་དང་། མཚན་བརྗོད་ཀྱི་འགྲེལ་བ་སྒྲུབ་ཐབས། དེ་དག་ལ་སོགས་པའི་སྒོ་མཐའ་ཡས་པ་དག་ཡིན་ནོ། །ཁྱད་པར་གྱི་བསྙེན་པ་སྟོན་པ་ནི། བྱང་ཆུབ་ཀྱི་སེམས་གཏན་ལ་འབེབས་པར་བྱེད་པ། རྣམ་པར་མི་རྟོགས་པའི་སྒོམ་ལུང་བསྡུས་རྒྱས་ཉི་ཤུ་རྩ་དགུ་ཞེས་གྲགས་པ་ལ་སོགས་པ་ཇི་སྙེད་པའོ། །སྒྲུབ་པ་ལ་ཡང་དེ་བཞིན་ཏེ། ཐམས་ཅད་འདིར་སྨོས་པ་ཡི་གེ་མང་པོ་ཚོགས་མི་ནུས་པའི་“ ཕྱིར་མདོ་ཙམ་སྨོས་པ། སྒྲུབ་པ་ཆེན་པོ་སྤྱིའི་ལས་མདེའུ་དང་། ཚོགས་ཀྱི་ལས་མདེའུ་ཆེ་ཆུང་གསུམ། ཁོར་སྐྱུང་། བསྒྲགས། གསང་། རྡོ་རྗེ་སེམས་དཔའ་དབུགས་དབྱུང་། གཉེར་ལྔའི་ལས་བྱང་། དཔལ་གཤིན་རྗེ་གཤེད་པོའི་དངོས་གྲུབ་གནད་ལ་དབབ་པ་དང་། ཚེ་སྒྲུབ་པ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་ལ་བརྟེན་པ་ཆེ་ཕྲ་བཞི་དང་། ཀུན་འདུས་ལ་བརྟེན་པ་ཆེ་ཆུང་གཉིས་དང་། ངན་སོང་སྦྱོང་རྒྱུད་ལ་བརྟེན་པའི་ཚེ་ཆོག་ཐོར་བུ། ཕུར་བུ་ལ་བརྟེན་པ་ཆུང་དུ་དང་། ཞགས་པའི་མངོན་རྟོགས་ཞི་ཁྲོ་གཉིས་དང་། བདེ་བསྟན་གྱི་མངོན་རྟོགས་དང་། དངོས་གྲུབ་ལ་སྦྱོར་ཚུལ། དངོས་གྲུབ་སྤྱིའི་འབྱུང་ཚུལ་དང་། དབྱུང་ཐབས། འབྱུང་དུས། དངོས་གྲུབ་ཀྱི་མཚན་མ་བརྟག་པ་ཀླུ་སྒྲུབ་ཆེ་ཆུང་གཉིས། ཤེར་ཕྱིན་མཆོད་པ། རྡོ་རྗེ་སེམས་དཔའི་ཆིག་སྒྲུབ། ཀུན་བཟང་གི་ཆིག་སྒྲུབ། རྣམ་སྣང་གི་ཆིག་སྒྲུབ། འཇམ་དཔལ་གྱི་ཆིག་སྒྲུབ། གཤིན་རྗེ་གཤེད་པོའི་ཆིག་སྒྲུབ། ཞེ་སྡང་རྡོ་རྗེ་བསྐྱེད་པ། ཡི་དམ་ནར་མ། དཔལ་གཤིན་རྗེ་གཤེད་ཀྱི་རྡོ་རྗེའི་དཀྱིལ་འཁོར་མཆོད་པའི་ཆོ་ག་དང་ཆེ་ཆུང་གསུམ། དགྲ་ནག་གི་མངོན་རྟོགས། པྲ་ཁོག་བསླང་གི་ལས་བྱང་ཆོ་ག་ཐམས་ཅད་པར་བྱས་པ་ཞེས་གྲགས་པ་དང་ཆེ་ཆུང་གཉིས། བསྙེན་སྒྲུབ། ཆུ་རྔུབ་ལ་སོགས་པ་དང་སྤྱོད་ལམ་དང་ཁམས་ཀྱི་ཚོད་ཟིན་པར་བྱ་བའི་ཡི་གེ་ཆེ་ཕྲ་གསུམ་ལ་སོགས་པ་ཉམས་ཀྱི་མན་ངག་ཆེ་ཆུང་གསུམ་ཇོ་བཙུན་གྱི་ཕྲིན་ཡིག་ཆེན་པོ། ལོ་སྒོམ་ལོ་ཅིག་དགྲ་དང་འགྲས་པའི་དགེ་བ། གཏོར་མ་བགེགས་ལ་མི་འཆོར་བར་བྱ་བའི་ཡི་གེ་དག་ཡིན་ལ། སྤྱོད་པ་གསུམ་ལ་དགོངས་ཏེ་མཛད་པར་གྲགས་པ་ནི། འཇུག་པའི་སྤྱོད་པར་གཏོགས་པ་དབང་ལ་སྤྱི་ཁོག་དང་། རབ་ཏུ་བྱེད་པ། ནོ་པི་ཀ །ཐོ་ཡིག །ཐོ་བྱང་། བསྡུས་པ། སྡོམ་པ་བཟུང་བ་དང་། འཇུག་པའི་ཆོ་ག་ཡན་ལག་བདུན་པ་ལ་སོགས་པ་དང་། དམ་ཚིག་ལ། གོ་རུབ་ལོ་ཙ་བའི་དོན་དུ་མདོ་རྒྱུས་དང་། མདོ་རྒྱས་ཆུང་ངུ་། རྡོ་བཙུན་བསོད་ནམས་རྒྱལ་མཚན་གྱི་དོན་དུ་མདོར། །གནང་བཀག ། རྭ་བ་བརྒྱད་པའི་བཅའ་ཡིག །ཉི་ཤུ་རྩ་བརྒྱད་པའི་ཉམས་སུ་བླང་བའི་གདམས་པ་དང་། །དམ་ཚིག་གི་སྤྱིར་བཙུན་པར་བྱ་བའི་གདམས་པ་དང་། དམ་ཚིག་གི་རྩ་བ་མདོར་བསྡུས་དང་། རྩ་བ་མདོར་བསྡུས་པ་ཆུང་བ། དེ་ལ་སོགས་པ་མཐའ་ཡས་པ་དང་། མན་ངག་ལ་སྔ་འགྱུར་ལྔ་ལ། ནམ་མཁའ་ཆེའི་སྐབས་འགྲེལ་འབྲུ་འགྲེལ་གཉིས་ཀྱིས་དབུ་བྱས་པ་ཡིག་སྣ་ཆེ་ཕྲ་བཅུ་དགུར་གྲགས་པ་ལ་སོགས་པ་དག་དང་། སྒྲོན་མ་ལྔ་ལ་ཡིག་སྣ་བདུན་ལ་སོགས་པ་མཛད་པར་གྲགས་པ་དང་། དེ་མ་ཡིན་པའི་རྫོགས་པ་ཆེན་པོའི་སྒོམ་དོན་ཆེ་ཕྲ་བརྗོད་ཀྱིས་མི་ལང་བ་མཛད་པ་རྣམས་སོ། །བར་དུ་དངོས་གྲུབ་སྒྲུབ་པའི་སྤྱོད་པར་བསྟན་པ་ནི། གོང་གི་བསྙེན་སྒྲུབ་སྟོན་པའི་སྐབས་སུ་མདོ་ཙམ་སྨོས་པའི་སྒྲུབ་ཡིག་བཅུ་གཅིག་ལ་སོགས་པ་དག་གོ། །ཐ་མ་གྲུབ་པའི་སྤྱོད་པ་ལ་དགོངས་པ་ནི། རབ་གནས་ཀྱི་རྩ་བ་དང་མིག་རྐང་གཉིས། རྐང་པ་ཆུང་ངུ་སྐུ་ཁྲུས་གསོལ་བའི་ཡི་གེ་ལྔ་དྲུག་ཡོད། ཧེ་རུ་ཀ་ལས་ཀྱི་བཟླས་པ། །མར་གྱི་གནས་བདུན། །ཡི་དམ་ནར་མ། དཔལ་གྱི་གཏོར་ཆུང་གསུམ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་གྱི་ཁ་སྒྱུར་དྲུག་པ་ཆེ་ཆུང་། སྦྱིན་བསྲེག་གི་དེ་ཁོ་ན་ཉིད། རོ་བསྲེག་གི་རྩ་བ། །རིགས་དྲུག་ཆུང་ངུ་། གདགས་ཡིག་སྐོས་གདབ། འཛབ་བསྐུལ། བཤགས་བྱང་། ལྟངས་འཛིན་གཉིས། སྐར་མ་གཉིས། ས་འཕར་གནས་ཀྱི་སྨོན་ལམ་གཉིས། ལམ་བསྟན་གཉིས། ཟས་གཏད་གཉིས། སེ་འཕྲོ་དབང་ཕྱུག་རྒྱ་མཚོ་དང་དབུལ་སྟོན་རྡོར། བསོད་ཀྱི་དོན་དུ་བསྲེགས་ཀྱི་ཡི་གེ་བཅུ་གསུམ་དུ་གྲགས་པའོ། །འཇམ་དཔལ་ཞི་ཁྲོ་གཉིས་དང་། དགྲ་ནག་གི་སྦྱིན་སྲེག ཕུར་པའི་སྦྱིན་སྲེག ཞགས་པའི་རིགས་སྔགས་བཅད་པའི་སྦྱིན་བསྲེག་དང་། དེ་མ་ཡིན་པ་སྤྱིར་དགོངས་ཏེ་མཛད་པ་དང་བཅས་པ། སྤྱིར་སུམ་ཅུ་སོ་གཅིག་ཅེས་གྲགས་པ་དང་། ས་ཆེའི་བསྟོད་པ། སྒྱུ་འཕྲུལ་གྱི་ས་ཚ་དང་། དྲག་པོའི་ས་ཚ། ཕུར་བུའི་ས་ཚ། འཇམ་དཔལ་ཞི་ཁྲོ་གཉིས་ཀྱི་ས་ཚ། རྡོ་རྗེ་སེམས་དཔའ་ཆིག་སྒྲུབ་ཀྱི་ས་ཚ། གདོན་ཞི་བའི་ས་ཚ་ལ་སོགས་པ་ས་ཚའི་ཡི་གེ་བདུན་ཞེས་གྲགས་པ་དང་། ཆུ་གཏོར་ཆེ་ཆུང་གསུམ། ཀླུའི་གདོན་ལ་གཏོར་མ་སྦྱིན་པ། ཀླུ་མཆོད་བཟློག །གཏོར་མ་ཆ་གསུམ། གསེར་སྐྱེམས་ཆེ་ཆུང་གསུམ། །བདེན་བདར། ས་བདག་ཕག་གི་བུམ་གཏེར་ཆེ་ཆུང་གཉིས། ངན་སོང་སྦྱོང་བའི་ལས་འགྲེལ་དང་། ལས་ཀྱི་གཤིན་རྗེ་ལ་བསྒྲུབ་བྱ་གཏད་པ་དང་། གཤིན་རྗེའི་བཀའ་འཁོར་དུ་གཏོགས་པ་ལོ་ཀ་ཏྲི་གྱི་ཕོ་འདྲེ་དང་མོ་འདྲེ་ཐམས་ཅད་ལ་བསྒྲུབ་བྱ་བསད་པའི་ལས་བཅོལ་བའི་ལས་བྱང་ཆེན་པོ་དང་། བསྒྲུབ་བྱ་ལྷ་དང་དབྱེ་བའི་ལས་ཆེ་ཕྲ་གསུམ་གྲགས་པ་དང་། ཕྲིན་ལས་ཕུར་བུའི་གདབ་ལས་ལ་སོགས་ཡིག་སྣ་ཆེ་ཕྲ་བཅུ་ཕྲག་གཉིས་དང་བདུན་ཞེས་གྲགས་པ་ལ་སོགས་པ་དང་། མཐུ་བྱས་པ་ལ་སྒྲིབ་པར་མི་འགྱུར་བའི་ཡི་གེ་གྲུབ་མ་ཧཱུྃ་སྙིང་གི་དོན་དུ་མཛད་པ་དང་། བསྟན་མའི་བསྒྲུབ་པ། འཇམ་དཔལ་སྔགས་དོན་གྱི་གའུ་དང་། འཁོར་ལོ་ལ་སོགས་ཀྱི་ཡིག་སྣ་བཅུ་བདུན་ཞེས་གྲགས་པ་ལ་སོགས་ཤིན་ཏུ་མང་བར་ཡོད་པ་དག་གོ། །གཞི་ལམ་འབྲས་བུ་གསུམ་ལ། གཞི་ལ་སྣང་གཞི་བདེན་གཞི་གཉིས་ལས། །སྣང་གཞི་གཏན་ལ་འབེབས་པ་འགྲེལ་བ་ཚུལ་བཞི་ཡན་ལག་བཅོ་ལྔ་པའི་གཞུང་ཁོང་བཀྲ་དང་། ལྟ་འཕྲེང་སྟོད་སྨད་དང་། གྲུབ་མཐའ་ཆེ་ཆུང་གཉིས་དང་། ལྟ་བའི་བརྗེད་བྱང་ཆེ་ཆུང་གི་སྟོད་དང་། སྣོད་བཅུད་ཀྱི་འཇིག་རྟེན་གྱི་མཚན་ཉིད་སྟོན་པའི་གཞུང་སྒོ་མཐའ་ཡས་པ་རྣམས་སོ། །བྱིན་གྱི་ཆེ་ཆུང་དང་། སྒྲའི་བསྟན་བཅོས་མང་པོ་བཞུགས། སྨྲ་སྒོའི་འགྲེལ་བ། གནས་བརྒྱད་ཀྱི་འགྲེལ་བ། ཆུང་ངུའི་འགྲེལ་བ། རྟགས་འཇུག་དོན་འགྲེལ། མཚམས་སྦྱོར་རབ་དབྱེ། སྔགས་བཀླག་པ། གཞན་ཡང་ཡི་གེ་མང་དུ་ཡོད། སྒྲའི་བསྟན་བཅོས་ཀྱི་ཡི་གེ་ཕལ་ཆེར་མར་བ་ཆོས་གྲགས་ཀྱི་དོན་དུ་མཛད་གསུངས། བདེན་བཞི་ཡ གཏན་ལ་འབེབས་པ། ཉན་ཐོས་ཀྱི་མཐོང་སྒོམ་ཆེ་ཆུང་དང་། རང་རྒྱལ་གྱི་རྟེན་འབྲེལ་ཆེ་ཆུང་དང་། སེམས་ཙམ་གྱི་ངོ་བོ་ཉིད་གསུམ་པ་དང་། རྣམ་བཅས་རྣམ་མེད་དང་། དབུ་མའི་བདེན་པ་གཉིས་དང་། སྒྱུ་མ་ལྟ་བུ་དང་། རབ་ཏུ་ཤིན་ཏུ་མི་གནས་པའི་ཡི་གེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་། ལྟ་ཕྲེང་འགྲེལ་བའི་སྨད་དང་། བྱིས་པ་ཆོས་ཀྱི་སྒོར་འཇུག་དང་། མཐར་ཐུག་གསུམ་གྱི་མན་ངག་དང་། སྦྲུལ་ནག་པོའི་སྟོང་འཐུན་དང་། རྫོགས་ཆེན་གྱི་གདམས་པ་བསམ་གྱིས་མི་ཁྱབ་པ་དང་། བྱ་མུན་ལ་གཏུགས་ལ་སོགས་གཅིག་ཟུང་གཉིས་བཟློག་ལུགས་གསུམ་དང་། ལྷའི་རྣལ་འབྱོར་དུ་མཉམ་པར་བཞག་པའི་བསྒོམ་ལུང་ཆེ་ཕྲ་བདུན་ཞེས་གྲགས་པ་ལ་སོགས་དག་གོ། །ལམ་ལ། ལམ་རིམ་ཆེ་ཆུང་ས་གཉིས་ཞེས་གྲགས་ལ། འབྲས་བུ་ལ། སངས་རྒྱས་ཀྱི་ས་ཆེ་ཆུང་བདུན་དུ་གྲགས་པ་ལ་སོགས་མཐའ་ཡས་སོ། །ཐ་མ་ཐུན་མོང་ཁྱད་པར་སྟོན་པ་ནི། ཐེག་པའི་ཁྱད་པར་ཆེ་ཆུང་བདུན་དུ་གྲགས་པ་ལ་སོགས་པ་དང་། ཆོས་སྐད་ཐུན་མིན་ཆེ་ཆུང་བཞིར་གྲགས་པ་དང་། རང་བྱུང་གི་ཡེ་ཤེས་ཆེ་ཆུང་བཞིར་གྲགས་པ་དང་། སྣང་བ་ལྷ་སྒྲུབ་ཆེ་ཕྲ་བདུན་དུ་གྲགས་པ་ལ་སོགས་པ་དག་ཡིན་ཏེ། འདིར་སྨོས་པ་འདི་དག་ནི། སྤྱིར་གྲགས་པ་མདོ་ཙམ་བཀོད་སྟེ། །རྒྱས་པ་ནི། ལ་སྟོད་དང་ཨོང་པོ་མན་ཆད་ནས། ཁམས་དང་ཀོང་པོའི་གཏིང་ཡན་ཆད་ན་སྣ་ཚོགས་ཡོད་པར་རིག་པར་བྱའོ། །རྫོགས་སོ།། །།འདི་ཚོར་མ་ཐེ་བའི་མང་པོ་ཡོད། བརྒྱུད་ཡིག་དང་ཚོགས་ཡིག་ལ་སོགས་པའོ། །ཡི་གེ་འདི་རོང་བ་མེ་དཔུང་གིས་ཉེ་བར་བཏུས་པར་སྣང་ངོ་། །དེ་བླ་མ་ཉིད་ཀྱིས་ཅུང་ཟད་རྒྱས་པར་བཅོས་པའོ། །བླ་མ་མེ་དཔུང་གིས་བརྩམས་དཔེའི་ཕྱག་ཡིག་དངོས་ལ་བླ་མ་ཉིད་ཀྱིས་ཅུང་ཟད་རྒྱས་པར་མཆན་དུ་བཏབ་པ་ལ་ཞལ་བཤུས་སོ།། །།གཞན་ཕན་མཐའ་ཡས་མཆོག་གི་སྤྲུལ་པའི་སྐུ། །གཞན་ཕན་ཆོས་ཀྱི་སྣང་བ་ཞེས་བྱ་བས། །གཞན་ཕན་སླད་དུ་སྤར་འདི་བསྒྲུབས་པའི་དགེ། །གཞན་ཕན་ཕྲིན་ལས་སོ་སྟེང་ཁྱབ་གྱུར་ཅིག །ཅེས་པའང་མི་ཕམ་པས་སོ། །

དམ་ཚིག་མདོ་རྒྱས་ཆེན་མོ་རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པ།

༄༅། །དམ་ཚིག་མདོ་རྒྱས་ཆེན་མོ་རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པ་བཞུགས་སོ། །

༄༅། །བཅོམ་ལྡན་རྡོ་རྗེ་འཆང་ལ་གུས་བཏུད་ནས། །ཚུལ་ཆེན་གསང་བའི་ཐེག་པ་ལས་གསུངས་པའི། །དམ་ཚིག་མདོ་རྒྱས་ཚུལ་ཙམ་བསྟན་པ་འདི། །མཁས་པ་ཡིས་ཀྱང་བསྟེན་པར་བགྱི་བའི་འོས། །ཅི་སླད་འདི་དངོས་རྒྱལ་བའི་བཀའ་ཉིད་དེ། །མཚམས་སྦྱོར་ཙམ་ཞིག་གང་ཟག་རྟོག་གེའི་ཚིག །དེས་ཀྱང་དེ་ལ་གནོད་པ་མ་མཆིས་ཤིང་། །དེ་ཡང་བཀའ་ཉིད་ལ་ནི་བརྟེན་པ་ལགས། །རྩི་བཟང་སྨན་པའི་ལག་ནས་བྱུང་བའང་། །མཁས་པས་དུག་ནད་རྣམས་ལ་བརྟེན་འོས་ཏེ། །ཅི་སླད་རྩི་དེ་མཐུ་དང་ལྡན་པ་དང་། །སྨན་པའི་ལག་གིས་དེ་ལ་གནོད་མ་མཆིས། །༼སྦྱོར་བ་ལ་མ་དད་ནས་མི་འཇུག་པ་ལ་གདམས་པ། ༽གང་དག་སྦྱོར་བ་ཉིད་ལ་མ་དད་ཀྱང་། །མེ་ཏོག་ཚལ་ལས་མེ་ཏོག་འཚོང་བ་ཡིས། །མེ་ཏོག་སྣ་ཚོགས་བཏུས་ནས་ཕུང་པོར་བྱས། །དེ་ལས་ཁ་ཅིག་མེ་ཏོག་ཕྲེང་བར་བྱས། །སྐྱེ་དགུ་མེ་ཏོག་འདོད་རྣམས་གཞི་དེ་ལས། །ཕྲེང་བ་ལེན་ཏམ་འོན་ཏེ་ཕུང་པོ་ལེན། །ཁ་ཅིག་ཕྲེང་བ་ལས་ཀྱང་སིལ་མར་བྱེད། །ཁ་ཅིག་ཕྲེང་བ་ལས་ཀྱང་ཕྲེང་བར་བྱེད། །ཁ་ཅིག་ཕྲེང་བའི་གཞི་ལས་འདོད་མིན་འདོར། །ཇི་ལྟར་སྤྲོ་བཞིན་ལེན་པར་བྱེད་པ་ལྟར། །རྒྱལ་བས་རྒྱུད་ལས་གསུངས་པའི་དམ་ཚིག་རྣམས། །ཁ་ཅིག་གཟུང་བདེར་ཕྲེང་བའི་ཚུལ་དུ་བསྡུས། །ཁ་ཅིག་རིམ་མེད་ཕུང་པོ་བཞིན་བསྡུས་བྱས། །སྔགས་པ་ཇི་ལྟར་དད་བཞིན་བླང་བར་མཛོད། །དཔེར་ན་ལོ་ཏོག་ཐམས་ཅད་ས་དག་ལ། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། །ཇི་ལྟར་སྐྱེས་བུ་སྲོག་དབང་འགགས་གྱུར་ན། །དབང་པོ་གཞན་རྣམས་གནས་པར་མི་འགྱུར་བཞིན། །དམ་ཚིག་སྲོག་གི་དབང་པོ་འགགས་གྱུར་ན། །དགེ་བའི་དབང་པོ་གཞན་རྣམས་གནས་མི་འགྱུར། །༼དད་པའི་རྩ་བ་ཞན་ནས་སྡོམ་པ་ལ་ནན་ཏན་མེད་པ་རྣམས་ལ་གདམས་པ། ༽དེ་ཕྱིར་ཐར་པ་འདོད་པས་དད་བརྟེན་ནས། །དགེ་བའི་གཞི་སྲོག་སྡོམ་ལ་ནན་ཏན་བསྐྱེད། ལམ་འབྲས་ཆོས་དངོས་ཤེས་རབ་ཏིང་ངེ་འཛིན། །དེ་ལ་དགེ་ཚོགས་ཡོན་ཏན་ཀུན་རྫོགས་ཀྱང་། །ཇི་སྲིད་དེ་ཉིད་སྟོབས་སུ་མ་གྱུར་ཅིང་། །ཇི་སྲིད་སྨོན་ལམ་དབང་དུ་མ་གྱུར་དང་། །ཇི་སྲིད་སྐྱེ་བ་ལས་ཀྱིས་ལེན་གྱི་བར། །སྡོམ་པའི་གྲུ་ཡིས་སྲིད་པའི་མཚོ་ལས་སྒྲོལ། །༼ཐོས་པ་དང་རྟོགས་པ་དང་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་ཆེ་བ་བསྡོམས་པས་སྡོམ་པ་གཙོ་བོར་མི་འཛིན་པ་རྣམས་ལ་གདམས་པ། ༽དེ་ལྟར་ཐོས་དང་ཤེས་རབ་ལྡན་གྱུར་ཅིང་། །ལས་བརྗོད་བསམ་གཏན་མཆོག་ལ་བརྩོན་པས་ཀྱང་། །ཁྱིམ་པའམ་ནི་རབ་ཏུ་བྱུང་བ་ཡི། །སྡོམ་པ་གང་ནོས་བསྙེམས་པས་བཏང་མི་བྱ། །༼འཕམ་ལྟུང་ཆེན་པོ་བྱུང་ཡང་སེམས་འབད་དེ་བསླབ་པ་སླར་བླང་བའི་རྩོལ་བ་མེད་པ་རྣམས་ལ་གདམས་པ། ༽འཕམ་ལྟུང་ཆེན་པོ་བྱུང་ཡང་སེམས་སྟོབས་སླར་བསྐྱེད་དེ། །བྱང་ཆུབ་སེམས་ལ་བརྟེན་ནས་དེ་ཉིད་སླར་བླང་བྱ། །ཐེག་མཆོག་སྨོན་པ་བློ་གྲོས་གླང་པོའི་སྟོབས་བརྟེན་ནས། །སྡོམ་པ་གང་ཤོར་དེ་བླང་སླར་ཡང་མི་ཐོབ་མེད། །རྟ་རྒོད་རང་གི་སྟོབས་ཀྱིས་ཤོར་ཅིང་འཁྱམས་པའང་། །གླང་ཆེན་མགྲིན་པར་བཏགས་ན་འཛིན་ཅིང་རྗེས་སུ་འབྲང་། །འཇིག་རྩིའི་རྐྱེན་གྱིས་ཞིག་པའི་ལྕགས་རོ་བོར་བ་ཡང་། །བཅུད་ལེན་རྩི་དང་ཕྲད་ན་སླར་ཡང་བཟང་པོར་འགྱུར། །༼བསླབ་པ་གཞན་གྱི་ཡོན་ཏན་གྱི་རླབས་མཐོང་ནས་རང་གི་སྡོམ་པ་སྔ་མ་གཏོང་ཞིང་སྡོམ་པ་སྔ་ཕྱི་བརྗེ་བར་བྱེད་པ་རྣམས་ལ་གདམས་པ། ༽བསླབ་པ་གཞན་གྱི་ཡོན་ཏན་མཐོང་གྱུར་ཀྱང་། །རང་གི་སྡོམ་པ་སྔ་མ་མི་དབྲི་ཞིང་། །སྡོམ་པ་སྔ་ཕྱི་བརྗེ་བར་མི་བྱ་སྟེ། །ཅི་ནུས་སྔ་མ་བསྣན་ཞིང་ཕྱི་མ་སྤེལ། །རྒྱལ་བས་སྡོམ་པ་ཇི་སྙེད་གསུངས་པ་ལས། །གང་དག་བདག་གིས་གཞན་ལས་མ་བླངས་པའི། །རང་བཞིན་བཅས་དང་དངོས་གཞིར་གྱུར་རྣམས་ཀྱི། །ཁ་ན་མ་ཐོ་རྣམས་ནི་འབད་དེ་བསྡམ། །སེམས་ཅན་དོན་བྱ་དགེ་ཆོས་བསྡུ་བ་ལ། །སྔགས་སྤྱོད་དབང་ལ་ལྟོས་པ་མ་གཏོགས་པ། །ཐུན་མོང་རིགས་པས་དཔྱད་པར་བྱ་བ་རྣམས། །ཅི་ནུས་འབད་དེ་ཉམས་སུ་བླང་བར་བྱ། །དེ་ཡི་རྟགས་དང་ཆོ་ག་སྤང་བྱ་སྟེ། །དེ་ཡི་ཁྱད་པར་སྤྱོད་ཡུལ་མི་སྤྱད་དོ། །༼ལུས་ངག་ཆོས་དང་ལྡན་ན་བསམ་པས་མ་ཟིན་ཀྱང་དགེ་བར་འགྱུར་སྙམ་དུ་སེམས་པ་རྣམས་ལ་གདམས་པ། ༽མདོར་ན་རྣམ་པ་ཐམས་ཅད་དུ། །སེམས་བསྲུང་སྡོམ་བརྩོན་མ་གཏོགས་པ། །སྡོམ་པ་གཞན་བརྩོན་ཅི་ཞིག་དགོས། །དུད་འགྲོ་ཆོས་ལྡན་གཙང་བའང་། །དགེ་བའི་ས་བོན་འགྱུར་རམ་ཅི། །༼ལུས་ངག་སེམས་པས་ཟིན་ནས་སྡོམ་པ་མཁས་བླངས་པ་ལས་མ་འདས་ན་བློ་ལ་ཉོན་མོངས་པ་རྒྱས་ཀྱང་ལྟུང་བར་མི་འགྱུར་སྙམ་དུ་སེམས་པ་རྣམས་ལ་གདམས་པ། ༽ལུས་ངག་སྡོམ་པའི་སེམས་ཡོད་ཅིང་། །ལུས་ངག་སྡོམ་ལས་མ་འདས་ཀྱང་། །བློ་ལ་ཉོན་མོངས་རྒྱས་གྱུར་ན། །ཇི་ལྟར་བྲམ་ཟེ་གཙང་མའང་། །རང་བཞིན་ངན་འགྱུར་ལྟུང་གསུང་བཞིན། །༼སྤྱིར་མདོར་བསྡུས་ནས་བྱང་ཆུབ་ཀྱི་འབྲས་བུ་འདོད་པ་རྣམས་ལ་གདམས་པ། ༽དེ་ཕྱིར་བྱང་ཆུབ་འབྲས་འདོད་པས། །རྟེན་འབྲེལ་སྒྱུ་མའི་ཆོས་རྣམས་ལ། །རྒྱུ་ཕྱོགས་འགའ་ལ་མི་ལྟོས་ཏེ། །རྒྱུ་རྐྱེན་ཚོགས་ན་འབྲས་བུ་འབྱིན། །དེ་ལ་གསང་སྔགས་ཀྱི་ཚུལ་རྣམས་ལས་དམ་ཚིག་མདོ་རྒྱས་སུ་གསུངས་པ་ རྣམས་ཇི་ལྟར་ཤེས་པར་བྱ་ཞེ་ན། འདི་ལྟར། སྔགས་པ་ཁྱིམ་པ་དང་རབ་ཏུ་བྱུང་བའམ། རྡོ་རྗེ་སློབ་དཔོན་བྱེད་པ་དང་བྱེད་པ་མ་ཡིན་པའམ། སྒྲུབ་པ་པོ་མཐོང་བའི་ཆོས་ལ་དངོས་གྲུབ་ཆེན་པོ་ལ་སྦྱོར་བར་འདོད་པའི་རྩོལ་བ་དང་ལྡན་པ་འམ། དེ་ལྟ་བུའི་རྩོལ་བ་དང་མི་ལྡན་པའམ། སྒྲུབ་པ་པོ་ཉིད་དམ་སྒྲུབ་པའི་གྲོགས་མཆོག་རྣམས་ཀྱིས་རིག་སྔགས་དང་གསང་སྔགས་ཡོངས་སུ་མཉེས་པར་བྱ་བའི་ཆོ་ག་ལ་བརྟེན་ནས་ཞི་བ་ལ་སོགས་པའི་ལས་ཕྲ་མོ་བསྒྲུབ་པ་དང་། མངོན་པར་ཤེས་པ་དང་རང་གི་ལུས་ཀྱི་རྫུ་འཕྲུལ་ལ་སོགས་པའི་དངོས་གྲུབ་ཆེན་པོ་རྣམས་བསྒྲུབ་པ་དང་། མཐོ་རིས་དང་ཐར་བ་མཆོག་ཉིད་བསྒྲུབ་པར་འདོད་པ་རྣམས་ཀྱི་ཕྱིར། རྒྱལ་བ་རྣམས་ཀྱིས་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་རྣམས་སུ། དཀོན་མཆོག་དང་གང་ཟག་རྣམས་དང་སྤྱོད་ཡུལ་དང་དེ་དག་གི་ཆོས་ལ་བརྟེན་པ་ལས་བྱུང་བའི་དགེ་བ་དང་མི་དགེ་བའི་དངོས་པོ་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད། དམ་ཚིག་གི་སྡོམ་པ་རྣམས་བརྡ་སྣ་ཚོགས་ཀྱི་སྒོ་ནས་གསུངས་པ་ནི། འདི་ལྟར། དམ་ཚིག་དང་། སྡོམ་པ་དང་། ཚུལ་ཁྲིམས་དང་། དཀའ་ཐུབ་དང་། བརྟུལ་ཞུགས་དང་། དཀའ་སྤྱོད་དང་། འདུལ་བ་དང་། སྤྱོད་པ་དང་། སྤྱོད་ཡུལ་ལ་སོགས་པའི་བརྡ་སྣ་ཚོགས་ཀྱིས་གསུངས་པ་ཐམས་ཅད་ཀྱང་མདོར་བསྡུ་ན། གཞུང་དང་ལྷ་དང་གང་ཟག་རྣམས་ཀྱི་དབང་ལས། སྤྱི་དང་། ཁྱད་པར་དང་། ལྷག་པའི་དམ་ཚིག་རྣམ་སུ་འདུས་པར་ཤེས་པར་བྱ་སྟེ། དེ་ལས་ཀྱང་ཀུན་ནས་བསྡུ་ན་ནི། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་མཚན་ཉིད་དོ། །འདིར་སྡོམ་ཚིག་ནི། དཀོན་མཆོག་དང་ནི་གང་ཟག་དང་། །སྤྱོད་ཡུལ་དང་ནི་དེ་ཆོས་ལ། །དམིགས་ཤིང་བརྟེན་པ་ལས་བྱུང་བའི། །དགེ་དང་མི་དགེ་གང་ཡིན་པ། །བྱ་དང་བྱ་མིན་ཤེས་ནས་ནི། །འཇུག་དང་ལྡོག་པར་བྱ་བ་ལ། །ཚུལ་ཆེན་གསང་བའི་ཐེག་པ་ལས། །དམ་ཚིག་སྡོམ་པ་ཇི་སྙེད་ཅིག །སྣ་ཚོགས་བརྡ་ཡིས་གསུངས་པ་ཡང་། །གཞུང་དང་ལྷ་དང་གང་ཟག་རྣམས། །སྤྱི་དང་ཁྱད་པར་ལྷག་པ་ཡི། །དམ་ཚིག་རྣམས་སུ་འདུས་པར་འདོད། །ཀུན་ནས་བསྡུ་ན་བྱང་ཆུབ་སེམས། །ཡོངས་སུ་གཟུང་བའི་མཚན་ཉིད་དོ། །དེ་ལ་དཀོན་མཆོག་ལ་བརྟེན་པའི་དགེ་བ་དང་མི་དགེ་བ་རྣམས་ཀྱི་ཡོན་ཏན་དང་ཉེས་པ་ནི་ཚད་གཟུང་བར་མི་ནུས་ཏེ། ཇི་སྐད་དུ། ཇི་ལྟར་ནམ་མཁའ་མཐའ་ཐུག་མེད་པ་ལ། །འདོམ་གྱིས་གཞལ་བར་ཚད་ གཟུང་མི་ནུས་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་པ་ཡི། །དགེ་བ་དང་ནི་སྡིག་པའི་མཐའ་མི་དཔོགས། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ལྟར་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། ཤིན་ཏུ་ལྕི་བའི་ཆོས་བཞི་ལ་སོགས་པ་སྡིག་ལྕི་བ་རྣམས་ཀྱང་ཕལ་ཆེར་དཀོན་མཆོག་གསུམ་ལ་བརྟེན་པ་ལས་བྱུང་བ་ཡིན་ལ། དེ་ལས་ཤིན་ཏུ་ལྕི་བ་རྣམས་ཀྱང་དཀོན་མཆོག་ལ་བརྟེན་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་དཀོན་མཆོག་ལ་བརྟེན་པའི་དགེ་བའང་ཚད་གཟུང་བར་མི་ནུས་སོ། །གཞན་ཡང་རྡོ་རྗེ་སློབ་དཔོན་ལ་བརྟེན་པའི་སྡིག་ལྕི་བར་གྱུར་པ། སྙིང་ནས་རྡོ་རྗེ་སློབ་དཔོན་གྱི་སྐུ་སྨད་པ་དང་། རྡོ་རྗེ་སློབ་དཔོན་ལ་འཁུས་པ་དང་། དེ་བཞིན་དུ་བརྙས་པ་བྱས་པ་དང་། མཁོན་གཅུགས་སུ་གྱུར་པ་དང་། བཀའ་ལས་འདས་པ་དང་། ངན་སེམས་དཔྱའ་སེམས་སུ་གྱུར་པ་དང་། མ་གུས་པ་དང་། བཀུར་བསྟི་མེད་པ་རྣམས་ཀྱི་སྡིག་པའང་རིམ་པ་བཞིན་ཆེས་ལྕི་ཞིང་ཚད་གཟུང་བར་མི་ནུས་ལ། དེ་ལ་བརྟེན་པའི་མཆོད་པ་དང་བཀུར་བ་ལ་སོགས་པའི་བསོད་ནམས་ཀྱི་ཕུང་པོའང་ཚད་གཟུང་དུ་མི་རུང་བར་གསུངས་སོ། །གཞན་ཡང་རྡོ་རྗེ་མཆེད་ལ་བརྟེན་པའི་སྡིག་ལྕི་བར་གྱུར་པའང་འདི་ལྟར། རྡོ་རྗེ་སྤུན་ལ་འཁུས་པ་དང་། དེ་བཞིན་དུ་བརྙས་པ་བྱས་པ་དང་། ངན་སེམས་སྐྱེས་པ་དང་། མཁོན་གཅུགས་སུ་གྱུར་པ་དང་། ངན་པར་སྨྲ་བ་དང་། བརྩེ་བ་མེད་པ་ལ་སོགས་པའི་སྡིག་ལྕི་བར་གྱུར་པ་རྣམས་ཀྱང་དཀོན་མཆོག་ལ་བརྟེན་པའི་ཕྱོགས་ལས་བྱུང་བ་ཡིན་ནོ། །གཞན་ཡང་སེམས་ཅན་རྣམས་ལ་བརྟེན་ཏེ་ སྐྱེས་པའི་དགེ་བ་དང་མི་དགེ་བའང་དེ་བཞིན་དུ་གསུངས་ཏེ། ཇི་སྐད་དུ། སེམས་ཅན་ལ་བརྟེན་ནས་བྱང་ཆུབ་ཐོབ་པར་འགྱུར་ཞིང་། སེམས་ཅན་ལ་བརྟེན་ནས་ལྟུང་བ་འབྱུང་བར་འགྱུར་བས། དེ་བཞིན་གཤེགས་པ་དང་འདྲ་བར་སེམས་ཅན་ཡོངས་སུ་གཟུང་བར་བྱའོ། །ཞེས་གསུངས་པ་ལྟ་བུའོ། །སྤྱོད་ཡུལ་ལ་བརྟེན་པའང་། མཐོང་བ་དང་ཐོས་པ་ལ་སོགས་པ་དབང་པོ་དྲུག་གི་སྤྱོད་ཡུལ་ལ་བརྟེན་ནས་ཟག་པ་དང་ལྟུང་བའི་ཆོས་རྣམས་སྐྱེ་བར་འགྱུར་ཞིང་། དེ་ཉིད་ལ་བརྟེན་ནས་དགེ་བའི་ཆོས་ཀྱང་སྐྱེ་བར་འགྱུར་རོ། །གཞན་ཡང་དེ་དག་ནི་ཆོས་སུ་གྱུར་པ། ལུས་དང་ངག་དང་ཡིད་ཀྱི་ཆོས། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། དགེ་བ་དང་མི་དགེ་བ་ཉིད་ལ་བརྟེན་ནས་ཀྱང་དགེ་བ་དང་མི་དགེ་བ་སྐྱེ་བར་འགྱུར་ཏེ། དེ་བས་ན་དེ་ལྟ་བུའི་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད། སྔགས་པ་རྣམས་ཀྱི་བསླབ་པར་གྱུར་པ་རྒྱལ་བའི་བཀའི་མཚན་ཉིད་ལ། དམ་ཚིག་དང་སྡོམ་པ་ལ་སོགས་པ་བརྡ་སྣ་ཚོགས་ཀྱིས་བསྟན་ཏེ། དེ་ལ་དམ་ཚིག་གི་སྒྲ། ཡན་ལག་གི་དོན་ནི། ཀུན་ཐོབ་ཅིང་འགྲོ་བ་ལ་སོགས་པ་དུ་མ་ལ་འཇུག་མོད་ཀྱི། ཚིག་གཟུགས་པོར་འཇུག་པ་ནི། གཞུང་ལུགས་མཐུན་པར་བདེན་ཚིག་གི་དམོད་བཙུགས་ཏེ། མི་ནུས་པ་ལ་སོགས་པ་མི་གནང་ཞིང་འདའ་བར་མི་རུང་བའི་བཀའི་མཚན་ཉིད་དོ། །ཐུན་མོང་གི་མཚན་ཉིད་ནི། གོང་དུ་སྤྱིར་སྨོས་པ་ཉིད་ཡིན་ཏེ་འོག་མ་ཀུན་ལ་ཡང་དེ་བཞིན་དུ་སྦྱར་རོ། །སྡོམ་པ་ནི། ལུས་དང་ངག་གི་ སྤྱོད་པ་བསམ་པ་དང་བཅས་པ། བྱ་བ་མ་ཡིན་པ་ལ་འཇུག་པ་ལས་ལྡོག་པར་བྱེད་ཅིང་སྡོམ་པར་བྱེད་པའི་མཚན་ཉིད་དོ། །ཚུལ་ཁྲིམས་ནི། ཡན་ལག་གི་དོན་ནི། ཞི་བ་ལེན་པ་དང་། བསིལ་བར་གྱུར་པ་ལ་སོགས་པ་དུ་མ་ལ་འཇུག་མོད་ཀྱི། ཚིག་གཟུགས་པོར་ནི། རིགས་པ་དང་ལྡན་པའི་ངང་ཚུལ་དང་། བཀས་བཅད་ཅིང་བཅས་པའི་སྤྱོད་པའི་མཚན་ཉིད་དོ། །དཀའ་ཐུབ་ནི། ཏ་པ་ས་ཞེས་བྱ་བ་གདུང་བའི་དོན་ཏེ། ཡོན་ཏན་གྱི་འབྲས་བུ་འདོད་པའི་ཕྱིར། ཆེད་དུ་ལུས་སྡུག་བསྔལ་བར་བྱེད་པའི་སྤྱོད་པའི་མཚན་ཉིད་དོ། །བརྟུལ་ཞུགས་ནི། བྲ་དཾ་ཞེས་བྱ་བ་བསྒྱུར་བའི་དོན་ཡིན་ཏེ། ཡོན་ཏན་གྱི་འབྲས་བུ་འདོད་པའི་ཕྱིར། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཐ་མལ་པའི་གནས་ལས་གཞན་དུ་བསྒྱུར་བའི་མཚན་ཉིད་དོ། །དཀའ་སྤྱོད་ནི། དུཿཙ་ར་ཞེས་བྱ་བ། དུའི་སྒྲ་ནི་སྨད་པ་དང་བསྒྲུབ་པར་དཀའ་བ་དང་ཡུན་རིང་བ་ལ་སོགས་པ་ལ་འཇུག་སྟེ། གང་ཞིག་དུས་དང་དངོས་པོ་བསྒྱུར་བར་དཀའ་བ་རྣམས་ལ་ཡང་ཞུམ་པ་མེད་པར་སེམས་སྟོབས་ཀྱིས་སྒྲུབ་པར་བྱེད་པའི་སྤྱོད་པའི་མཚན་ཉིད་དོ། །འདུལ་བ་ནི། གདུལ་བར་དཀའ་བའི་གང་ཟག་ཉོན་མོངས་པའི་དབང་གིས་ཁེངས་ཤིང་དྲེགས་པ་རྣམས་ཀྱང་འདུལ་བར་བྱེད་པའི་སྤྱོད་པའི་མཚན་ཉིད་དོ། །སྤྱོད་པ་ནི། སྦྱོར་བ་དང་། འཇུག་པའི་སྤྱོད་པ་དང་། བསྒྲུབ་པའི་སྤྱོད་པ་དང་། གྲུབ་པའི་སྤྱོད་པས་བསྡུས་པ་རྣམས་ཀྱི་བྱ་བའི་མཚན་ཉིད་དོ། །སྤྱོད་ཡུལ་ནི། ཏིང་ངེ་འཛིན་དང་། ཤེས་རབ་དང་། དད་པ་དང་། བརྩོན་འགྲུས་ལ་སོགས་པའི་དབང་པོ་དང་། སྐྱེ་མཆེད་ཀྱི་དབང་པོའི་སྒོ་ནས་སྤྱོད་པར་རུང་བ་དང་མི་རུང་བའི་མཚན་ཉིད་ཀྱི་བསླབ་པའི་ཆོས་རྣམས་སོ། །དེ་དག་ལ་སོགས་པ་ཚུལ་སྣ་ཚོགས་ཀྱིས་བསྟན་པ་རྣམས་ཀྱང་མདོར་བསྡུ་ན། གཞུང་དང་། ལྷ་དང་། གང་ཟག་རྣམས་ཀྱི། སྤྱི་དང་། ཁྱད་པར་དང་། ལྷག་པའི་དམ་ཚིག་རྣམས་སུ་འདུས་པར་ཤེས་པར་བྱ་སྟེ། འདི་ལྟར་གཞུང་སྤྱི་དང་། ཁྱད་པར་གྱི་སྡོམ་པ་དང་། ལྷ་སྤྱི་དང་ཁྱད་པར་གྱི་སྡོམ་པ་དང་། གང་ཟག་སྤྱི་དང་ཁྱད་པར་གྱི་སྡོམ་པ་དང་། དེ་དག་གི་བྱེ་བྲག་ལས། དུས་ལྷག་པར་བསྲུང་བྱ་ལྷག་པར་བསྲུང་བར་བསྟན་པ་ནི་ལྷག་པའི་དམ་ཚིག་སྟེ། དེ་དག་ཐམས་ཅད་ཀྱང་ཤིན་ཏུ་མདོར་བསྡུ་ན་ནི། ཐེག་པ་ཆེན་པོའི་སྡོམ་པ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་ བའི་རྩ་བ་དང་ཡན་ལག་ཁོ་ན་ཙམ་སྟེ། དེ་ཕྱིར་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་འདི་ནི། རྩ་བའི་སྡོམ་པར་གྱུར་པ་རྣམས་ཀྱི་ཡང་རྩ་བར་གྱུར་པའོ། །དེ་ལ་གཞུང་ཐུན་མོང་གི་སྡོམ་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་འཛིན་པ་རྣམས་ཀྱིས་ཀྱང་སོ་སོར་ཐར་བའི་སྡོམ་པ་ཐུན་མོང་དུ་བཟུང་དགོས་པ་ཡིན་ལ། གསང་སྔགས་ཀྱི་སྡོམ་པ་འཛིན་པ་རྣམས་ཀྱིས་ཀྱང་སོ་སོར་ཐར་བ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ཀ་ཐུན་མོང་དུ་གཟུང་བར་བྱ་བ་ཡིན་གྱི། གསང་སྔགས་ཀྱི་སྒོར་འཇུག་པ་རྣམས་ཀྱིས་ཀྱང་སོ་སོར་ཐར་བའི་སྡོམ་པ་བཏང་སྟེ་གསང་སྔགས་ཀྱི་སྡོམ་པ་གཟུང་བ་ནི་མ་ཡིན་ནོ། །ཇི་སྐད་དུ། དཔུང་བཟངས་ཀྱིས་ཞུས་པ་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་གསུངས་པ་ལྟ་བུའོ། །ཚུལ་འདི་ནི་བྱ་བའི་རྒྱུད་འབའ་ཞིག་ཏུ་མ་ཟད་ཀྱི། རྣལ་འབྱོར་གྱི་རྒྱུད་དུ་ཡང་དེ་བཞིན་དུ་གསུངས་ཏེ། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་དགོངས་པ་དང་ཆོ་ག་སྟོན་པ་ཕྱིའི་རྒྱུད་རྡོ་རྗེ་རྩེ་མོ་ལས། འདི་སྐད་དུ། རབ་ཏུ་བྱུང་དང་ཁྱིམ་པ་ཡི། །ཕྱོགས་གཉིས་པོ་འདི་བསྒྲུབ་པར་བྱ། །ཞེས་གསུངས་ནས་ཡང་འདི་སྐད་དུ། །ཁྱིམ་པའི་ཚུལ་དུ་གནས་ནས་ནི། །རིག་སྔགས་རྒྱལ་པོ་རྟག་ཏུ་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་ཆེ། །རིག་འཛིན་རང་གི་སྡོམ་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་གཞུང་སྤྱིའི་སྡོམ་པ་ནི་གཞུང་གོང་མ་ལ་གནས་པ་རྣམས་ཀྱིས་འོག་མའི་སྡོམ་པ་ཐུན་མོང་དུ་བྱའོ། །གཞུང་ཁྱད་པར་གྱི་སྡོམ་པ་ནི། ཐུན་མོང་གི་སྡོམ་པ་དེ་རྣམས་ཀྱང་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་ཅིང་། དེ་དང་ཐུན་མོང་མ་ཡིན་པའི་ཟབ་པ་དང་རྒྱ་ཆེ་བའི་སྡོམ་པ་རྣམས་ཀྱང་ཁྱད་པར་དུ་སྤྱོད་པའོ། །ལྷ་ཐུན་མོང་གི་སྡོམ་པ་ནི། རང་གི་ལྷ་མཉེས་པར་བྱ་བའི་ཐབས་ལ་སྡོམ་པ་བྱེ་བྲག་མེད་པར་གསུངས་པ་ཐམས་ཅད་དང་། བྱེ་བྲག་ཏུ་གསུངས་པ་རྣམས་ཀྱང་ཐུན་མོང་དུ་བསྡུ་བར་གསུངས་པ་སྟེ། འདི་ལྟར་རྒྱལ་བའི་རིགས་ལ་ཚུལ་ཁྲིམས་དང་དཀོན་མཆོག་གསུམ་གཟུང་བ་ལྷ་ཁྱད་པར་གྱི་སྡོམ་པ་གསུངས་ཀྱང་། རྡོ་རྗེའི་རིགས་ལ་སོགས་པའི་རིགས་གཞན་བསྒྲུབ་པ་རྣམས་ཀྱིས་ཀྱང་དེ་བསྲུང་དགོས་ཏེ། དེ་བཞིན་དུ་པད་མའི་རིགས་ཀྱི་དམ་པའི་ཆོས་གཟུང་བ་དང་། རྡོ་རྗེ་རིགས་ཀྱི་བྱང་ཆུབ་ཀྱི་སེམས་བཟུང་བ་ལ་སོགས་པ་ཡང་ཤེས་པར་བྱའོ། །གང་ཟག་སྤྱིའི་སྡོམ་པ་ནི། འདི་ལྟར་རབ་ཏུ་བྱུང་བ་དང་ཁྱིམ་པའམ། རྡོ་རྗེ་སློབ་དཔོན་བྱེད་པ་དང་བྱེད་པ་མ་ཡིན་པ་དང་། དངོས་གྲུབ་ཆེན་པོ་ལ་སྦྱོར་བར་ནུས་པ་དང་དེ་མ་ཡིན་པ་དང་། བསྒྲུབ་པའི་གྲོགས་མཆོག་ལ་སོགས་ཏེ་ལས་དངོས་གྲུབ་དང་བསོད་ནམས་དང་ཐར་བ་འདོད་པ་ཐམས་ཅད་ཀྱིས་ཀྱང་ཐུན་མོང་དུ་བསྲུང་བར་བྱ་བ་རྣམས་སོ། །དེ་དག་ཐམས་ཅད་ཀྱི་ཐུན་མོང་གི་བསྲུང་བར་བྱ་བའི་རྩ་བའི་རྩ་བར་གྱུར་པ་ནི། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་མཚན་ཉིད་ཡིན་ཏེ། དེ་ཡང་འདི་ལྟར་ཐབས་དང་ཤེས་རབ་ཟབ་མོའི་ཚུལ་ཉེ་བར་བསྟན་པ། ལས་དང་བྱ་བ་ལ་རྣམ་པར་སྨད་པ། བྱང་ཆུབ་ཀྱི་སེམས་གཙོ་བོར་གྱུར་པ། བྱ་བ་བྱེ་བྲག་གི་རྒྱུད་དུ་གྲགས་པ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འདི་ལྟར་གསང་སྔགས་ཀྱི་སྒོར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱིས་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ། བསླབ་པའི་གཞི་ལྔ་གཟུང་ནས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་སྡུད་ཅིང་ལྟུང་བའི་རྩ་བ་བཞི་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བར་གསུངས་ཏེ། དེ་ལ་བསླབ་པའི་གཞི་ལྔ་ནི། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། རྫུན་དུ་སྨྲ་བ་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བའོ། །ལྟུང་བའི་རྩ་བ་བཞི་ནི། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། གནོད་སེམས་སོ། །སྡོམ་པ་འདི་དག་གིས་བྱང་ཆུབ་ཀྱི་སེམས་ཇི་ལྟར་འཛིན་པར་འགྱུར་ཞེ་ན། སྲོག་གཅོད་པ་སྤོང་བ་ལ་སོགས་པ་བསླབ་པའི་གཞི་བཞི་ནི། སྡོམ་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་གཞིར་གྱུར་པའོ། །ལོག་པར་ལྟ་བ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གེགས་སུ་གྱུར་པ་སྟེ། གང་དེ་ཡོད་ན་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གོ་སྐབས་མི་འབྱེད་དོ། །དེ་སྤངས་ཤིང་ཡང་དག་པའི་ལྟ་བ་དང་ལྡན་ན། བྱང་ཆུབ་ཀྱི་སེམས་སྐྱེ་བའི་གོ་སྐབས་འབྱེད་པར་འགྱུར་བས། དེ་བས་ན་གཞི་དེ་ལྔ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གཞིར་གྱུར་པའི་ཕྱིར་བསླབ་པའི་གཞི་ནི་འདི་ལྔ་ཁོ་ན་ཡིན་ནོ། །ལྟུང་བའི་རྩ་བ་རྣམས་ཀྱང་གཞི་ཁོ་ན་ཡིན་ཏེ། གང་གི་ཕྱིར་རྒྱུད་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་གྱི་ཆེ་བའི་བརླབས་བཤད་ནས། དེའི་རྗེས་སུ་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་རྒྱུ་ནི་གང་། རྩ་བ་ནི་གང་། མཐར་ཐུག་པ་ནི་གང་ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཐུག་པ་ནི་ཐབས་སོ། །ཞེས་གསུངས་པའི་ཕྱིར་ཏེ། དེ་བས་ན་འདིར་བྱང་ཆུབ་ཀྱི་སེམས་སྤངས་པས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་རྒྱུ་སྤངས་པར་འགྱུར་རོ། །དེ་བཞིན་དུ་སེར་སྣ་བྱེད་པ་དང་གནོད་སེམས་ཀྱིས་ནི་དེའི་རྩ་བ་སྙིང་རྗེ་ཆེན་པོ་སྤངས་པར་འགྱུར་རོ། །དམ་པའི་ཆོས་སྤོང་བས་ནི། དེའི་མཐར་ཐུག་པ་ཐབས་ལ་མཁས་པ་སྤངས་པར་འགྱུར་ཏེ། དེ་ལྟ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཐམས་ཅད་དུ་སྤངས་པར་འགྱུར་བའི་ཕྱིར། འདི་རྣམས་ནི་ལྟུང་བའི་རྩ་བ་ཆེན་པོར་གསུངས་པ་ཡིན་ནོ། །རྒྱུད་འདིར་ནི་ཤིན་ཏུ་མདོར་བསྡུས་པར་གསུངས་པ་སྟེ། དེ་བས་ན་འདི་ཉིད་ཀྱི་དམ་ཚིག་དབོག་པའི་སྐབས་ལས་ཀྱང་། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ ཆད། །ཡོངས་སུ་གཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པར་མི་བྱའོ། །ཇི་ལྟར་རང་གི་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་སྲུངས། །ཞེས་གསུངས་སོ། །སྤྱིར་བྱ་བའི་རྒྱུད་རྣམས་སུ་བསྒྲུབ་ཅིང་ཉམས་སུ་བླང་བར་བྱ་བའི་རྩ་བའི་དམ་ཚིག་ནི་བཅུ་གསུམ་དུ་གྲགས་ཏེ། དེ་ཡང་འདི་ལྟར་བཅོམ་ལྡན་འདས་ཀྱིས་རིགས་གསུམ་གྱི་དཀྱིལ་འཁོར་གྱི་བྱེ་བྲག་ཏུ་གྱུར་པ། དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱ་སྙེད་གསུངས་པ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བསྟན་པ་གསང་བའི་རྒྱུད་ལས་སྤྱིའི་རྩ་བའི་དམ་ཚིག་གསུངས་ཏེ། འདི་ལྟར། དེ་ནས་བླ་མ་སློབ་མ་རྣམས། །མ་ཡེངས་ལེགས་པར་བཀོད་ནས་སུ། །ཤེས་རབ་ཕ་རོལ་ཕྱིན་བླངས་ཏེ། །དམ་ཚིག་འདི་དག་བསྒོ་བར་བྱ། །དེ་རིང་ཕན་ཆད་ཁྱོད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་འཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་དུ་མཆོད་པ་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མཆོད་མགྲོན་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་པ་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་གསུངས་ཏེ། རྩ་བའི་དམ་ཚིག་བཅུ་གསུམ་པོ་འདི་དག་གིས་ཀྱང་གོང་དུ་བསྟན་པའི་ལྟུང་བའི་རྩ་བ་བཞི་ཡང་བསྡུས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བར་ཡང་གྱུར་བ་ཉིད་ཡིན་ནོ། །ཇི་ལྟ་ཞེ་ན། དཀོན་མཆོག་གསུམ་ལ་དད་པ་བརྟན་པར་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཚན་ནོ། །རྟག་ཏུ་ཕྱག་རྒྱ་ཆེན་པོ་ལ་ལྷག་པར་མོས་པར་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བཟུང་བ་ཡིན་ནོ། །རིག་སྔགས་དང་གསང་སྔགས་ཀྱི་ལྷ་ལ་དད་པ་བརྟན་པར་བྱ་བ་ནི། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་གཞིའོ། །བླ་མ་ལ་གུས་པར་བྱ་བ་ ནི། བྱང་ཆུབ་ཀྱི་སེམས་སྦྱིན་པར་བྱེད་པའོ། །དམ་ཚིག་ཅན་དང་དམ་ཚིག་ཅན་གྱི་འཛའ་བོ་རྣམས་ལ་གུས་པར་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དང་མཐུན་པའི་གྲོགས་སོ། །བཟླས་བརྗོད་ལ་འབད་པས་གསང་སྔགས་ཀྱི་སྤྱོད་པ་ལ་བརྩོན་པར་བྱ་བ་ནི། བྱང་ཆུབ་ཀྱི་སེམས་མྱུར་དུ་སྒྲུབ་པའོ། །དམ་ཚིག་མེད་པ་རྣམས་ལ་སྔགས་དང་ཕྱག་རྒྱ་མི་སྦྱིན་པ་ནི། བྱང་ཆུབ་ཀྱི་སེམས་ཆུད་མི་གསན་པའོ། །སྟོན་པ་གཞན་གྱི་གཞུང་མི་མཆོད་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཚན་མ་ཡིན་པ་སྤང་བའོ། །ལྷ་ཐམས་ཅད་ལ་སྡང་བར་མི་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་གེགས་བསལ་བའོ། །བསོད་ནམས་ཀྱི་ཚོགས་ལ་ནན་ཏན་བསྐྱེད་པ་ནི། བྱང་ཆུབ་ཀྱི་སེམས་དང་མཐུན་པའི་ཡན་ལག་གོ །སྲོག་ཆགས་རྣམས་ལ་བྱམས་པའི་སེམས་ཉེ་བར་བཞག་པ་ནི། གནོད་སེམས་སྤོང་བ་དང་། རང་གི་ལྷ་དང་། ལྷག་པའི་ལྷ་དང་། བླ་མ་ལ་དུས་མཚམས་ཀྱི་མཆོད་པ་བྱ་བ་དང་། ཕྱི་རོལ་པ་དང་ཐ་མལ་པའི་གློ་བུར་བ་དག་ལ་མཆོད་པ་དང་། སྦྱིན་པ་བྱེད་པས་ནི། སེར་སྣ་བྱེད་པ་སྤོང་བར་འགྱུར་ཏེ། འདི་དག་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་མི་མཐུན་པ་བསལ་ནས་རྩ་བ་སྙིང་རྗེ་ཆེན་པོ་བརྟན་པར་བྱེད་པའོ། །གསང་སྔགས་ཀྱི་རྒྱུད་རྣམས་ཀྱི་གླེགས་བམ་བསྲུང་ཞིང་། དེ་ཡང་བདག་གིས་རྟོགས་པར་བྱ་བ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཐབས་ལ་མཁས་པ་ཡོངས་སུ་འཛིན་པར་བྱེད་པ་སྟེ། དེ་བས་ན་རྩ་བའི་དམ་ཚིག་བཅུ་གསུམ་པོ་འདིས་ཀྱང་དམ་ཚིག་ཐམས་ཅད་བསྡུས་པར་ཤེས་པར་བྱ་སྟེ། གང་དག་འདིར་མ་གསུངས་པ་རྣམས་ཀྱང་། གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །ཞེས་གསུངས་པ་འདིར་ འདུས་ཏེ། དེ་བས་ན་འདི་དག་ནི་ཐམས་ཅད་ཀྱི་ཐུན་མོང་དུ་བསྲུང་བར་བྱ་བ་ཡིན་ལ། གཞན་ལས་གསུངས་པའི་དམ་ཚིག་རྒྱས་པ་རྣམས་ཀྱང་བསྲུང་བར་གསུངས་པ་ཡིན་ནོ། །གཞན་ལས་ནི། དབང་མ་བསྐུར་བ་སློབ་དཔོན་མི་བྱ་བ་དང་། ཐེག་པ་ཆུང་ངུ་པ་དང་ལུང་པ་གཅིག་པའི་ཆུ་ལ་མི་བཏུང་བ་དང་། ཕྱག་རྒྱ་རྡོ་རྗེའི་མཚན་ལ་མི་གཞོམ་པ་རྣམས་ཀྱང་རྩ་བའི་དམ་ཚིག་ཏུ་གྲགས་སོ། །རྒྱུད་གཞན་དུ་ཆོ་ག་ཞིབ་མོ་བསྟན་པ་དག་ལས། བསླབ་པའི་གཞི་མང་དུ་གསུངས་པ་དང་། དམ་ཚིག་གི་སྡོམ་པ་མང་དུ་རྒྱས་པར་བཤད་པ་རྣམས་ཀྱང་རྩ་བ་འདི་དག་ཙམ་དུ་ཤེས་པར་བྱའོ། །དེ་ཡང་རྒྱུད་ཐམས་ཅད་ཀྱི་སྤྱིའི་བསྒྲུབ་པའི་ཆོ་ག་རྒྱས་པར་བསྟན་པ་དཔུང་བཟང་གིས་ཞུས་པ་ལས་ནི་བསླབ་པའི་གཞི་དགུ་གསུངས་ཏེ། འདི་ལྟར། རྩ་བ་བཞི། ཆང་དང་བྱེད་པ་དང་། ཚིག་རྩུབ་མོ་དང་། ཀྱལ་པ་དང་། ཕྲ་མ་སྨྲ་བ་དང་། ལོག་པར་ལྟ་བ་སྤང་བ་དང་དགུ་གསུངས་སོ། །ལོག་པར་ལྟ་བ་སྤང་བ་ནི། གཞི་རྣམས་ཀྱི་རྩ་བར་གསུངས་ཏེ་འདི་སྐད་དུ། རྨོངས་པ་གང་གིས་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱིས་བསོད་ནམས་བསགས་བྱས་ཀྱང་། །ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ན། །དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང་། །ས་བོན་ཚིག་ན་མྱུ་གུ་མི་སྐྱེ་ལྟར། །དེ་བཞིན་མི་ཤེས་ལོག་ལྟས་བཅོམ་པ་ཡི། །སེམས་ལ་དགེ་བའི་ཆོས་རྣམས་མི་སྐྱེའོ། །དེ་ཕྱིར་ལོག་པར་ལྟ་བ་རྣམས་སྤངས་ལ། །ཡང་དག་ལྟ་བ་ལ་ནི་བརྟེན་པར་གྱིས། །རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གི །ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། །ཞེས་གསུངས་སོ། །ལྟུང་བའི་རྩ་བའང་། སེར་སྣ་དང་། དྲེགས་པ་དང་རྒྱགས་པ་དང་། གནོད་པར་བྱེད་པ་སྤང་བར་གསུངས་ཏེ། གཞན་ཡང་དད་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དཀོན་མཆོག་གསུམ་ལ་དད་པས་བརྟེན་པར་བྱ་བ་ལ་སོགས་པ་ཡང་གསུངས་སོ། །འཕགས་པ་ལེགས་པར་གྲུབ་པ་བྱེད་པ་ལས། གསང་སྔགས་ཀྱི་འདུལ་བའི་ཆོ་ག་ཞིབ་མོ་བསྟན་པའི་སྐབས་ནས། ལོག་པའི་ཚིག་དང་། གཏུམ་པའི་ཚིག་དང་། འགྱུར་བའི་ཚིག་དང་། རྩུབ་པའི་ཚིག་དང་། ཕྲ་མའི་ཚིག་དང་། དོན་མེད་པའི་ཚིག་དང་། ངག་གི་གནས་ངན་ལེན་དྲུག་སྤང་ བར་གསུངས་ལ། ལུས་ཀྱི་ཙབ་ཧྲལ་དང་སྟངས་ལ་སོགས་པའང་ལུས་ཀྱི་གནས་ངན་ལེན་དུ་གསུངས་ཏེ། དེ་ལ་སོགས་པ་སྒོ་གསུམ་གྱི་གནས་ངན་ལེན་རྒྱས་པར་གསུངས་སོ། །ལྟུང་བའི་རྩ་བ་བཞི་ཡང་སྤང་བར་བྱ་བ་རྒྱས་པར་གསུངས་ཏེ། འདི་སྐད་དུ། སྒྲུབ་པ་པོ་ནི་བློ་ཅན་གྱིས། །དུས་གསུམ་དུ་ཡང་སྐྱབས་སུ་འགྲོ། །དུས་གསུམ་དུ་ནི་སྡིག་པ་བཤགས། །དུས་གསུམ་བྱང་ཆུབ་སེམས་ཀྱང་བསྐྱེད། །རྒྱུད་མཐོང་ཆོ་ག་ཤེས་པ་ཡིས། །དུས་གསུམ་དུ་ཡང་སྨོན་ལམ་གདབ། །ཆོ་གར་སྤྱད་པ་དེ་དང་དེ། །ཇི་ལྟར་འདོད་པར་ཅི་ནུས་བྱ། །རྟག་ཏུ་གཏོང་ལ་བརྩོན་པ་དང་། །འཇུངས་བྲལ་སྙིང་རྗེར་ལྡན་པ་དང་། །རྟག་ཏུ་བཟོད་ཅིང་བྱམས་དང་ལྡན། །རྟག་ཏུ་བརྩོན་འགྲུས་ལྡན་པ་བྱ། །རྗེས་སུ་དྲན་པ་དྲུག་རྣམས་ཀྱང་། །བསམ་པ་དེས་པས་རྟག་ཏུ་བསྒོམ། །རྣམ་པ་སྣ་ཚོགས་ཆོས་མཉན་ནས། །མོས་པས་རྣམས་པར་དཔྱད་པར་བྱ། །གསང་སྔགས་ཆོ་ག་ཞིབ་ཀླག་ཅིང་། །སྔགས་དང་ཕྱག་རྒྱ་རྣམས་ཀྱང་མཆོད། །ཆོ་ག་ལས་ནི་འབྱུང་བ་བཞིན། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །ཡང་དག་ལྟ་ བ་ངེས་གྱུར་ཅིང་། །བྱང་ཆུབ་སེམས་ནི་བརྟན་བྱས་པའི། །དགེ་སློང་ལ་སོགས་འཁོར་བཞི་རྣམས། །མཁས་པས་རྟག་ཏུ་གཟུད་པར་བྱ། །དམ་ཚིག་ཕྱག་རྒྱ་བཅིངས་ནས་སུ། །རང་གི་གསང་སྔགས་རྒྱུད་རྣམས་བསྟན། །མཁས་པས་གསང་སྔགས་ལུང་གི་རྣམས། །ཐམས་ཅད་ཡང་དག་རྒྱས་པར་བྱ། །ཞེས་གསུངས་ཏེ། དེ་ལ་དུས་གསུམ་དུ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སྨོན་ལམ་གདབ་པ་སྟེ། འདི་ལྟར་ཡན་ལག་བཞིའི་སྒོ་ནས་བྱང་ཆུབ་ཀྱི་སེམས་འཛིན་པ་ལ་ནི། ལྟུང་བའི་རྩ་བ་བྱང་ཆུབ་ཀྱི་སེམས་སྤོང་བ་འབྱུང་བའི་གནས་མེད་དོ། །རྟག་ཏུ་གཏོང་བ་ལ་བརྩོན་པ་དང་། འཇུངས་པ་དང་བྲལ་བ་དང་། སྙིང་རྗེར་ལྡན་པ་སྟེ། ཡན་ལག་གསུམ་དང་ལྡན་པ་ལ་ནི་ལྟུང་བའི་རྩ་བ་སེར་སྣ་འབྱུང་བའི་གནས་མེད་དོ། །རྟག་ཏུ་བཟོད་པ་དང་བྱམས་པར་ལྡན་པ་སྟེ་ཡན་ལག་གཉིས་དང་ལྡན་པ་ལ་ནི། ལྟུང་བའི་རྩ་བ་གནོད་སེམས་འབྱུང་བའི་གནས་མེད་དོ། །བརྩོན་འགྲུས་ནི་ཀུན་གྱི་གྲོགས་སོ། །རྗེས་སུ་དྲན་པ་དྲུག་ཀྱང་དཀོན་མཆོག་གསུམ་རྗེས་སུ་དྲན་པ་གསུམ་ནི། བྱང་ཆུབ་ཀྱི་སེམས་འབྱུང་བའི་རྒྱུ་དང་ཐབས་ལ་མཁས་པ་འཛིན་པའི་རྒྱུའོ། །གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་གཉིས་ནི། རྒྱུ་དང་འབྲས་བུ་གཉིས་ཀྱི་སྒོ་ནས་སེར་སྣ་དང་གནོད་སེམས་ཀྱི་གཉེན་པོའོ། །དབུག་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་ནི་རྣམ་པར་མ་ཞི་བའི་གཉེན་པོ་སྟེ། དེ་དག་ཀྱང་བསམ་པ་དེས་པས་བསྒོམ་པས་ནི་ཁེངས་པ་དང་དྲེགས་རྒྱགས་ཀྱི་གཉེན་པོར་འགྱུར་ཏེ། དེ་བས་ན་རྗེས་སུ་དྲན་པ་དྲུག་པོ་འདི་ཉིད་ཀྱིས་ཀྱང་ལྟུང་བའི་རྩ་བ་བཞིའི་གཉེན་པོར་འགྱུར་རོ། །དམ་པའི་ཆོས་སྣ་ཚོགས་ཉན་ པ་དང་། མོས་པས་དཔྱོད་པ་དང་། ཆོ་ག་ཞིབ་མོ་ཀློག་པ་དང་། སྔགས་དང་ཕྱག་རྒྱ་ཕྱི་ནང་གི་མཆོད་པ་གཉིས་ཀྱིས་མཆོད་པ་དང་། ཆོ་ག་མ་ཉམས་པར་དཀྱིལ་འཁོར་དུ་སློབ་མ་ལ་དབང་དང་དམ་ཚིག་སྦྱིན་པ་དང་། བྱང་ཆུབ་ཀྱི་སེམས་བརྟན་པའི་དགེ་སློང་ལ་སོགས་འཁོར་རྣམ་བཞི་གཟུད་པ་དང་། དམ་ཚིག་གི་ཕྱག་རྒྱ་དང་ལྡན་པས་སློབ་མ་རྣམས་ལ་གསང་སྔགས་ཀྱི་རྒྱུད་བཤད་པ་དང་། གསང་སྔགས་ཀྱི་ལུང་རྣམས་རྒྱས་པར་བྱ་བ་སྟེ། དེ་ལྟར་ཡན་ལག་བརྒྱད་དང་ལྡན་པས་དམ་པའི་ཆོས་འཛིན་པར་བྱེད་པ་ལ་ལྟུང་བའི་རྩ་བ་དམ་པའི་ཆོས་སྤང་བ་འབྱུང་བའི་གནས་མེད་དོ། །གཞུང་ལ་ལ་ལས་ནི་བསླབ་པའི་གཞི་རྩ་བ་ བཞི་དང་ཤ་ཆང་སྤང་བ་སྟེ་ལྔར་གསུངས་པ་ཡང་ཡོད་ན། དེ་ལ་ཤ་སྤང་བ་ནི་སྙིང་རྗེ་ཆེན་པོ་འཛིན་པ་ཡིན་ལ། གང་དེ་ཡོད་ན་གནོད་སེམས་དང་སེར་སྣ་ཡང་ལྡོག་པར་འགྱུར་ཏེ། དེ་བས་ན་ཐེག་པ་ཆེན་པོར་གསུངས་པའི་སྡོམ་པ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་གཟུང་བའི་ཡན་ལག་ཡིན་ནོ། །འཕགས་པ་དཔུང་བཟང་གིས་ཞུས་པ་ལས་ནི། གོང་དུ་བསྟན་པ་བཞིན་དུ། སེར་སྣ་དང་དྲེགས་རྒྱགས་དང་གནོད་སེམས་སྤང་བའང་གསུངས་ལ། བྱང་ཆུབ་ཀྱི་སེམས་གཟུང་བའང་ཡན་ལག་བདུན་དང་ལྡན་པར་གསུངས་ཏེ། འདི་སྐད་དུ། སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །ཇི་ལྟར་མི་དབང་ཡན་ལག་བདུན་ལྡན་པ། །སྐྱོ་བ་མེད་པར་སྐྱེ་དགུ་འདུལ་བར་བྱེད། །དེ་བཞིན་སྔགས་པ་ཡན་ལག་བདུན་ལྡན་པ། །ལྷག་པར་གྱུར་ན་སྡིག་པ་འདུལ་བར་བྱེད། །ཅེས་གསུངས་ཏེ། དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་བྱང་ཆུབ་ཀྱི་སེམས་ཀྱི་གཞི་དང་རྩ་བའོ། །བརྩོན་འགྲུས་ནི་བསྐུལ་བའོ། །བཟོད་པ་ནི་འཛིན་པའོ། །དད་པ་ནི་རྒྱུའོ། །གསང་སྔགས་ནི་མྱུར་དུ་བསྒྲུབ་པའོ། །ཐོས་པ་ནི་ལེ་ལོ་མེད་པ་སྟེ་བྱང་ཆུབ་ཡན་ལག་བདུན་གྱི་རང་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོ་ནི། འདིར་སྨོན་པའི་སེམས་སྟོབས་ཏེ། འདི་ཡོད་ན་སྡོམ་པ་ཀུན་ཀྱང་འཛིན་པར་ནུས་ཤིང་། སོ་སོར་ཐར་པའི་སྡོམ་པ་ཞིག་ཅིང་གསོར་མི་རུང་བར་གྱུར་པ་རྣམས་ཀྱང་འདིའི་སྟོབས་ལ་བརྟེན་ནས་བླངས་ན་མི་འཐོབ་པ་མེད་དོ། །ཞེས་སོ། །གཞན་ཡང་རྩ་བའི་ལྟུང་བ་བཞི་པོ་སྤང་ཞིང་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་འདི་ནི། གསང་སྔགས་ཀྱི་ཚུལ་འབའ་ཞིག་ཏུ་མ་ཟད་ཀྱི། ཕ་རོལ་དུ་ཕྱིན་པའི་ཚུལ་ལས་ཀྱང་གསུངས་པ་ཡིན་ཏེ། དེ་ཡང་བསླབ་པའི་གཞི་བཞི་དང་ལྟུང་བའི་རྩ་བ་བཞི་ཚུལ་བསྟུན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩ་བའི་ལྟུང་བར་གསུངས་པ། འདི་ལྟར་སྡོམ་པ་ཉི་ཤུ་བ་ལས། རྙེད་དང་བཀུར་བསྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །ཞེས་གསུངས་པ་ནི། ཆགས་པ་སྤྱོད་པའི་གཞི་ལས་བརྟག་པར་གྱུར་པ། སྨོན་པའི་སེམས་གཏོང་བར་བྱེད་པས་བྱང་ཆུབ་ཀྱི་སེམས་སྤོང་བའི་ལྟུང་བར་གྱུར་པ་སྟེ། འདི་ལྟར་ལྟུང་བ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་སྤོང་བའི་ཡན་ལག་དུ་གྱུར་པ་ཡིན་མོད་ཀྱི། འོན་ཀྱང་ཁྱད་པར་དུ་སྨོན་པའི་སེམས་གཏོང་བར་བྱེད་པས་ཉེ་བར་བསྟན་པ་ཡིན་ནོ། །འཕོངས་པ་སྐྱབས་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །ཞེས་ གསུངས་པ་ནི་མ་བྱིན་པར་ལེན་པ་ལས་བརྟག་པའི་གཞིར་གྱུར་པ། སྐྱོབ་པའི་སེམས་གཏོང་བར་བྱེད་པ། སེར་སྣ་བྱེད་པ་ཞེས་བྱ་བའི་རྩ་བའི་ལྟུང་བར་གྱུར་པའོ། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཞེས་བྱ་བ་ནི། སྲོག་གཅོད་པ་ལས་བརྟག་པའི་གཞིར་གྱུར་པ། བྱམས་པའི་སེམས་གཏོང་བར་བྱེད་པ། གནོད་སེམས་བྱེད་པ་ཞེས་བྱ་བའི་རྩ་བའི་ལྟུང་བར་གྱུར་པའོ། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་བྱ་བ་ནི། བརྫུན་དུ་སྨྲ་བ་ལས་བརྟག་པའི་གཞིར་གྱུར་པ། ཐབས་ལ་མཁས་པ་གཏོང་བར་བྱེད་པ། དམ་པའི་ཆོས་སྤོང་བ་ཞེས་བྱ་བའི་རྩ་བའི་ལྟུང་བར་གྱུར་པའོ། །དེ་བས་ན་འདིར་ནི་སོ་སོར་ཐར་པ་ལས་གསུངས་པའི་ཕས་ཕམ་པ་བཞི་དང་། བྱང་ཆུབ་སེམས་པའི་ཕམ་པ་བཞི་ཚུལ་བསྟུན་ནས་བཤད་པ་ཡིན་ཏེ། དེ་ཡང་སྲོག་གཅོད་པ་ལ་སོགས་པ་དངོས་གཞི་བཞི་ནི། སྐབས་ཁ་ཅིག་ཏུ་ཐབས་མཁས་པས་ཟིན་པར་སྤྱད་ན་ཁ་ན་མ་ཐོ་བར་མི་འགྱུར་བའི་སྐབས་ཀྱང་ཡོད་ལ། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་བ་དང་། གནོད་སེམས་བྱེད་པ་སྟེ། རྩ་བ་བཞི་པོ་འདི་ནི་ཐབས་དང་ཤེས་རབ་ཀྱིས་ཟིན་པར་བྱར་མི་རུང་བ་རང་བཞིན་གྱིས་ཉོན་མོངས་པ་ཅན་ཏེ། དེ་བས་ན་ཐེག་པ་ཆེན་པོའི་ཁ་ན་མ་ཐོ་བ་རྣམ་པ་གསུམ་དུ་གྲགས་ཏེ། འདི་ལྟར་རང་བཞིན་གྱི་དང་། བཅས་པའི་དང་། དངོས་གཞིའོ། །གང་ཐེག་པ་ཆུང་ངུ་རུ་ནི། ཐབས་དང་བྲལ་བའི་བསླབ་པ་དང་ཡེ་ཤེས་གསུངས་ཏེ། དེ་བས་ན་གང་དངོས་གཞིའི་ཁ་ན་མ་ཐོ་བ་ཡིན་པ་དེ་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡང་ཡིན་ཏེ། དེ་བས་ན་གཞུང་དེར་ནི་ཁ་ན་མ་ཐོ་བ་རིས་གཉིས་སུ་ཆད་དོ། །གང་ཐེག་པ་ཆེན་པོ་མདོ་སྡེ་རྣམས་སུ་ཚུལ་དེ་དང་བསྟུན་ནས་བཤད་པ་ཡང་ཡོད་དེ། དེ་ནི་ཉན་ཐོས་རྣམས་ཐེག་པ་ཆེན་པོ་ལ་གཞུག་པའི་ཕྱིར་བསྟན་པ་ཡིན་ཏེ། ཇི་སྐད་དུ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཐབས་དང་ཤེས་རབ་ཀྱིས་ཟིན་པའི་དགེ་བ་བཅུ་ཡང་དག་པར་བླང་བ་དང་། བསླབ་པའི་གཞི་ལྔ་གཟུང་བ་ཡང་གསུངས་ནས། ལྟུང་བའི་རྩ་བ་བཞི་ནི་ཐབས་དང་ཤེས་རབ་དང་བྲལ་བ། རང་བཞིན་གྱིས་ཉོན་མོངས་པ་ཅན་དུ་གསུངས་སོ། །མདོ་སྡེ་རྣམས་ལས་ཐབས་དང་བྲལ་བའི་བསླབ་པ་ གསུངས་པའང་ཉན་ཐོས་དྲང་བའི་ཕྱིར་བཤད་པ་ཡིན་པར་གསུངས་ཏེ། ཇི་སྐད་དུ། ཐབས་ཀྱིས་ཟིན་པའི་དགེ་བ་བཅུ་བསྟན་པའི་རྗེས་སུ། གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟར། ཁྱིམ་པ་དང་། རབ་ཏུ་བྱུང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་ཁྱིམ་ན་གནས་ཤིང་བསླབ་པའི་གཞི་ལྔ་གཟུང་སྟེ་ཐབས་དང་ཚུལ་སྣ་ཚོགས་ཀྱིས་རྒྱལ་སྲིད་ལ་དབང་བྱེད་དོ། །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཡུལ་དང་དུས་ཀྱི་དབང་གིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་འདོད་པ་ནི། འདི་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་པར་གླུ་དང་རོལ་མོ་དང་མིག་འཕྲུལ་ལ་སོགས་པ་བཟོའི་གནས་རྣམས་སྣ་ཚོགས་སྟོན་ཅིང་། ཐབས་དང་ཚུལ་དེ་དང་དེ་དག་གིས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཡོངས་སུ་སྡུད་དོ། །དེ་ཡང་གང་ཞེ་ན་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་རོ། །དེ་ལ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ལོག་པར་ལྟ་བ་རབ་ཏུ་སྤངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པས་བསླབ་པའི་གཞི་དེ་ལྔ་བཟུང་ནས། བསླབ་པ་ཇི་སྐད་བསྟན་པ་རྣམས་ལ་སློབ་ཅིང་དད་པས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བླ་ན་མེད་པ། དེ་བཞིན་གཤེགས་པས་བསྔགས་པ་ལ་གནས་ཏེ། འདུས་བྱས་ཀྱི་ཚུལ་ཁྲིམས་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་ཅིང་། ལྟུང་བའི་རྩ་བ་བཞི་ནི་སྲོག་གི་ཕྱིར་ཡང་ཡོངས་སུ་ ཉམས་པར་མི་བྱའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་ཐབས་དང་ཤེས་རབ་དུ་མི་ལྡན་པ། རང་བཞིན་གྱིས་ཉོན་མོངས་པ་ཅན་ཏེ་སླར་གསོར་མི་རུང་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་འདས་པའི་སངས་རྒྱས་དང་། །དེ་བཞིན་གང་དག་མ་བྱོན་དང་། །གང་ཡང་ད་ལྟའི་མགོན་པོ་རྣམས། །ཐབས་དང་ཤེས་རབ་ལྡན་པ་ལ། །བསླབ་ནས་བླ་མེད་བྱང་ཆུབ་ནི། །འདུས་མ་བྱས་པ་དེས་འཐོབ་བོ། །ཐབས་དང་མི་ལྡན་ཡེ་ཤེས་དང་། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་གཟུད་པའི་ཕྱིར་བཤད་དོ། །ཞེས་གསུངས་སོ། །དེ་ལྟར་རྩ་བའི་ལྟུང་བ་འབའ་ཞིག་ཕ་རོལ་དུ་ཕྱིན་པའི་ཚུལ་དང་ཐུན་མོང་ཡིན་པར་མ་ཟད་ཀྱི། རྩ་བའི་དམ་ཚིག་བཅུ་གསུམ་ལས་ཀྱང་ཕལ་ཆེར་ཐུན་མོང་དུ་གྱུར་པ་ཡིན་ཏེ། འདི་ལྟར་དཀོན་མཆོག་གསུམ་ལ་དད་པ་བརྟན་པར་བྱ་བ་དང་། དགེ་བའི་བཤེས་གཉེན་སངས་རྒྱས་དང་འདྲ་བར་བལྟ་ཞིང་སྲོག་གི་ཕྱིར་ཡང་མི་གཏང་བ་དང་། ངོ་བོ་ཉིད་མེད་པའི་ཆོས་ལ་རྟག་ཏུ་མོས་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་བརྟན་པར་བྱ་བ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ལ་བྱམས་པར་བྱ་བ་དང་། སྟོན་པ་གཞན་གྱི་གཞུང་ལ་མི་བརྟེན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དམ་པའི་ཆོས་ལེགས་པར་གཟུང་བ་དང་། སྣོད་དུ་མ་གྱུར་པ་རྣམས་ལ་བྱང་ཆུབ་སེམས་དཔའི་བསླབ་པ་གསང་བ་མི་བསྟན་པ་དང་། བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་བསྐྱེད་པ་དང་། དགོན་པ་ལ་གནས་པ་བརྟེན་པར་བྱ་བ་གསུངས་ཏེ། རེ་ཤིག་ཅུང་ཟད་དུ་ན་རང་གི་ལྷ་མཉེས་པར་བྱ་བའི་སྒོ་ནས་ཐར་པ་དང་བདེ་འགྲོ་ཐམས་ཅད་འདོད་པའི་ཕྱིར། སྔགས་དང་ཕྱག་རྒྱའི་སྒོ་ནས་གསང་སྔགས་ཀྱི་སྤྱོད་པ་ལ་བརྩོན་པར་བྱ་བ་ཙམ་ཞིག་ཐུན་མོང་མ་ཡིན་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཞུགས་པ་རྣམས་ལ། མཚན་ཉིད་མེད་པའི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་མ་གསུངས་པ་ཡང་མ་ཡིན། བཟླས་བརྗོད་ཀྱི་སྒོ་ནས་སྡིག་པ་སྲེག་པའི་ཐབས་མ་གསུངས་པ་ཡང་མ་ཡིན་ནོ། །དེ་བཞིན་ གཤེགས་པའི་སྐུ་ཡིད་ལ་བྱ་བ་མ་གསུངས་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་གསང་སྔགས་ཀྱི་ཚུལ་ལས་གསུངས་པ་ལྟར། དེ་དག་ཁོ་ན་གཙོར་སྒྲུབ་ཅིང་། དེ་འབའ་ཞིག་ལ་བསླབ་པ་གཞན་ཡང་རྫོགས་པ་དང་། དེ་ཉིད་རྩ་བའི་སྡོམ་པར་མ་བསྟན་པས་འདི་དག་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ལྟོས་ན་གཞུང་ཁྱད་པར་གྱི་སྡོམ་པར་འགྱུར་རོ། །གསང་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ནི་གཞུང་ཐུན་མོང་གི་སྡོམ་པར་འགྱུར་རོ། །འདི་དག་ནི་རྩ་བའི་དམ་ཚིག་བསྟན་པའོ། །ཡན་ལག་གི་དམ་ཚིག་རྣམས་ཀྱང་རྩ་བའི་དམ་ཚིག་འདི་དག་ཉིད་ཀྱི་ཡན་ལག་དང་བྱེ་བྲག་ཏུ་གྱུར་པ་སྟེ། འདི་ལྟར་རྡོ་རྗེ་སློབ་དཔོན་ལ་མ་གུས་པས་ལེགས་ པ་མ་བརྟེན་པའི་ཡན་ལག་དང་། དད་པའི་རྩ་བ་ཞན་པས་དཀོན་མཆོག་གསུམ་གྱི་ཕྱོགས་སུ་བཟེམ་བག་ཆུང་ཞིང་བཀུར་བ་ཞན་པའི་ཡན་ལག་དང་། མཐུན་པའི་གྲོགས་མ་ཡིན་པ་དང་འགྲོགས་པའི་ཡན་ལག་དང་། རྨོངས་པས་གཞན་ནམ་བདག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་ཆུད་གསོན་པའི་ཡན་ལག་དང་། དམ་པའི་ཆོས་སྤང་བར་གྱུར་པའི་ཡན་ལག་དང་། གནོད་སེམས་ཀྱི་ཡན་ལག་དང་། སེར་སྣ་དང་ཆགས་སེམས་ཀྱི་ཡན་ལག་དང་། དེ་གཉིས་ཀྱི་རྒྱུད་ཁེངས་ཤིང་དྲེགས་པའི་ཡན་ལག་དང་། བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་དང་། བཟླས་བརྗོད་ཀྱི་ཡན་ལག་དང་། ལྷ་འཕང་བའི་ཡན་ལག་དང་། གཞན་ཡང་དེ་དག་གི་ཡན་ལག་དང་ནི་ཉིང་ལག་དུ་གཏོགས་པ་ཆོ་ག་ཞིབ་མོ་རྣམས་ལས་ཇི་སྐད་དུ་བཤད་པ་ཐམས་ཅད་ཀྱང་རྩ་བ་དང་ཡན་ལག་གི་དམ་ཚིག་ཏུ་གཏོགས་ཏེ། དེ་རྣམས་ལས་རྒྱུན་དུ་བསྲུང་བར་བྱ་བ་དང་། དུས་སྐབས་སུ་བསྲུང་བར་བྱ་བའི་བྱེ་བྲག་གིས་ལྷག་པའི་དམ་ཚིག་ཅེས་བྱ་བར་གྲགས་སོ། །གཞུང་དང་ལྷ་དང་གང་ཟག་གི་དབང་གིས་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཏུ་གྲགས་སོ། །དེ་ལ་རེ་ཞིག་ཐུན་མོང་གི་དམ་ཚིག་ཏུ་བསྟན་པའི་རྩ་བ་རྣམས་ལས་སོ་སོའི་ཡན་ལག་མདོ་ཙམ་བརྗོད་པར་བྱ་སྟེ། དེ་ཡང་གཞུང་དང་ལྷ་དང་གང་ཟག་ཐམས་ཅད་ཀྱི་ཐུན་མོང་གི་སྡོམ་པ་ཡིན་པར་ཤེས་པར་བྱའོ། །དེ་དག་ཀྱང་ཇི་སྐད་སྨོས་པ་བཞིན་དུ་རིམ་བཞིན་དུ་བརྗོད་པར་བྱ་སྟེ། དེ་ལས་གང་དག་འདིར་མ་སྨོས་པ་རྣམས་ཀྱང་སོ་སོའི་ཡན་ལག་ཏུ་ཅི་རིགས་སུ་བསྡུ་བར་བྱའོ། །འདིར་ཐམས་ཅད་ཕྱོགས་གཅིག་ཏུ་མ་བསྡུས་པ་ནི། གང་ཟག་ཁྱད་པར་གྱི་དམ་ཚིག་ཏུ་གསུངས་པ་རྣམས་གུད་དུ་ཁྱད་པར་ཉིད་དུ་བསྟན་ན། གང་ ཟག་སོ་སོས་བསྲུང་བར་བྱ་བ་དང་ཁྱད་པར་དམིགས་ཀྱི་མི་བསྲུང་དུ་མི་རུང་བར་མ་གསུངས་པ་རྣམས་ལས། ཇི་ལྟར་བསྲུང་ཞིང་ཉམས་སུ་བླང་བར་བདེ་བར་བསྟན་པའི་ཕྱིར་རོ། །དེ་ལ་རེ་ཞིག་འདིར་ཡན་ལག་མདོར་བསྟན་པ་ནི་འདི་དག་སྟེ། སྔགས་རིག་པས་ནི་བྱ་མིན་པ། །དབང་བསྐུར་མེད་པར་སློབ་དཔོན་བྱེད། །དེ་བཞིན་རྨོངས་པས་དཀྱིལ་འཁོར་འདྲེ། །རྗེས་གནང་མེད་པར་གསང་སྔགས་ལེན། །ཆོ་ག་གསང་སྔགས་རང་བཟོར་བྱེད། །ཕྱག་རྒྱ་མེད་པར་སྔགས་རྒྱུད་སྟོན། །གང་ཞིག་གཞན་ལས་མ་ནོས་པའི། །རྟགས་འཆང་བ་དང་ཆོ་ག་སྤྱོད། །ཁྱད་པར་སྤྱོད་ཡུལ་སྤྱོད་པར་བྱེད། །ལྷ་རྣམས་དག་ལ་སྨོད་པར་བྱེད། །ཕྱག་རྒྱའམ་དེའི་རྣམ་པ་དང་། །དེའི་རྫས་དང་ནི་སྨན་རྣམས་ལ། །འཇོམས་པའང་ནི་འགོང་བ་དང་། །རྫི་དང་ཡོངས་སུ་སྤྱོད་པར་བྱེད། །དེ་དང་དེ་འདྲའི་གྲིབ་མ་འགོང་། །ཡོངས་སུ་སྤྱོད་པའི་བྱེ་བྲག་ཀྱང་། །བཅོམ་ནས་སྤྱོད་དང་དེ་བཞིན་དུ། །དངོས་སྦྱིན་པ་དང་བསྒྱུར་ནས་སྤྱོད། །དབྲི་རློམ་དམན་རྣམས་སྡུད་པའོ། །ལྷག་པར་ཡི་དམ་མ་བསྔོས་པ། །བསོད་ནམས་སྦྱིན་ལ་ཉེས་པ་མེད། །དམ་ཚིག་ཉམས་དང་ལྷན་གཅིག་གནས། །ཡང་ན་དེ་ཡི་གྲོགས་ཀྱང་བྱེད། །ཕྱི་རོལ་བྲམ་ཟེ་མུ་སྟེགས་ཅན། །དེ་ལ་དགའ་བའི་སྐྱེ་བོ་དང་། །ཐེག་པ་ཆུང་ངུ་པ་དག་དང་། །ཉེ་བའི་ཕྱོགས་སུ་བརྟེན་པར་བྱེད། །གཤེད་མ་མ་རབས་སྡིག་ཅན་དང་། །ལྷན་གཅིག་གནས་སམ་སྨྲ་བར་བྱེད། །ཁྲིའམ་ཡང་ན་གཞི་གཅིག་ལ། །མི་གཙང་གཞན་དང་ཉལ་བར་བྱེད། །སྡིག་པའི་གྲོགས་པོ་ཐམས་ཅད་དང་། །ཉེ་བར་འགྲོགས་ལ་འཛེམ་མི་བྱེད། །གང་དག་དཀྱིལ་འཁོར་མ་ཞུགས་ལ། །སྔགས་དང་ཕྱག་རྒྱ་ཆོ་ག་དང་། །རྒྱུད་དང་དཀྱིལ་འཁོར་འཆད་པར་བྱེད། །བསྙེན་བཀུར་མེད་ལ་གསང་སྔགས་སྟེར། །ངང་ངན་ངན་པས་འཚོ་བའང་། །དམ་ཚིག་ཅན་དུ་སྡུད་པར་བྱེད། །ནང་མི་མཐུན་བཞིན་དམ་ཚིག་འདྲེ། །བདག་ཉིད་ལ་ནི་སྨོད་པར་བྱེད། །དེ་བཞིན་རང་ལ་དགའ་མི་བྱེད། །ཡང་ན་རང་ལ་སྐྱོ་བར་བྱེད། །ཡང་ན་ནད་ཀྱིས་འགོང་བར་བྱེད། །ཡང་དང་ཡང་དུ་ཟ་བ་དང་། །ཧ་ཅང་ཆུང་དང་ཆེར་ཟ་དང་། །ཡང་ན་མི་ཟ་བར་ཡང་བྱེད། །གང་དག་དོགས་པའང་ཟ་བར་བྱེད། །འཁོར་བས་སྐྱོ་དང་ཆགས་ཆེན་གཏོང་། །མྱ་ངན་འདས་ལ་དགའ་བར་བྱེད། །སྔགས་རྒྱུད་གླེགས་བམ་འཆང་མི་བྱེད། །དེའི་དོན་རྟོགས་པར་སྤྲོ་མི་བྱེད། །སྣ་ཚོགས་ཆོས་རྣམས་ཉན་མི་བྱེད། །མོས་པས་རྣམ་པར་དཔྱོད་མི་བྱེད། །གསང་སྔགས་ཆོ་ག་ཞིབ་མི་ཀློག །སྔགས་དང་ཕྱག་རྒྱ་མཆོད་མི་བྱེད། །ཡང་དག་ལྟ་བ་ངེས་འགྱུར་ཅིང་། །བྱང་ཆུབ་སེམས་ནི་བརྟན་བྱས་པའི། །དགེ་སློང་ལ་སོགས་འཁོར་བཞི་རྣམས། །ཐེག་ཆེན་གསང་བར་མི་འཛུད་ཅིང་། །གསང་སྔགས་ལུང་རྣམས་རྒྱས་མི་བྱེད། ཡི་གེ་རྣམས་སམ་ཕྱག་རྒྱ་ལ། །བག་མེད་པས་ནི་རེག་པར་བྱེད། །དེ་བཞིན་གུས་དང་གཙང་སྒྲ་མེད། །ཕན་དང་བདེ་བ་སྒྲུབ་བྱེད་པའི། །ལུང་རྣམས་ལ་ནི་སྐུར་བ་དང་། །སྒྲོ་འདོགས་པ་དང་འཕྱ་བར་བྱེད། །སེམས་ཅན་རྣམས་ལ་སྙིང་རྗེ་མེད། །བརྡབ་དང་བཅིང་དང་བརྡེག་སྩོགས་པས། །ལུས་ཅན་རྣམས་ནི་འཚེ་བར་བྱེད། །དེའི་རྣམ་པའང་འཇིགས་པར་སྤྲོ། །གཞན་གྱིས་ཟིལ་གྱིས་མ་ནོན་བཞིན། །རྩྭའམ་ལྗོན་ཤིང་གཅོད་པར་བྱེད། །ཡན་ལག་འཇིག་བྱེད་རིགས་ཀྱང་སློབ། །སྐྱེས་པ་བུད་མེད་བུས་པ་དང་། །གླང་པོ་བྱ་གག་ཁྱི་ལ་སོགས། །འཐབ་མོ་བྱེད་དུ་འཇུག་བྱེད་དང་། །ཡང་ན་དེ་དག་དགའ་བར་བྱེད། །མཆོད་པའི་ཞིང་དག་མ་ཡིན་ཞེས། །ཕྱི་རོལ་དགེ་སློང་མཆོད་མི་བྱེད། །དེ་བཞིན་ཞིང་དག་མ་ཡིན་ཞེས། །བློ་བུར་བ་ལ་སྦྱིན་མི་བྱེད། །ཞུམ་པས་ཀྱང་ནི་དེ་བཞིན་ཏེ། །བདག་ཉིད་ཀྱིས་ནི་སྐྱབས་འོས་ལ། །དེ་བཞིན་དུའང་སྦྱིན་མི་བྱེད། །འཆབ་པ་གསང་སྔགས་ལྷག་ཆད་སྟོན། །འདོད་པས་ལས་རྣམས་གཞན་དུ་བསྒྱུར། །ཆོས་གོས་དང་ནི་བསོད་སྙོམས་དང་། །སྨན་དང་མལ་སྟན་ལ་སོགས་ཏེ། །འཚོ་བའི་ཡོ་བྱད་ཐམས་ཅད་ལ། །ངན་ངོན་ཙམ་གྱིས་ཆོག་མི་བྱེད། །རྙེད་དང་བཀུར་བསྟི་འདོད་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པར་བྱེད། །ཚུལ་འཆོས་རྒྱུ་ཡི་བྱེ་བྲག་དག །རྣམ་པ་སྣ་ཚོགས་སྤྱོད་པར་བྱེད། །ཁེངས་པས་ སྔགས་དང་ལྷ་རྣམས་དང་། རྣལ་འབྱོར་ཅན་ལ་སྡང་བར་བྱེད། །དམན་པ་དག་ལ་བརྙས་པར་བྱེད། །མཉན་ན་བདེ་མེད་སྨྲ་བར་བྱེད། །ཐེག་པ་ཆེན་པོའི་གྲོགས་པོ་ལ། །ཤེས་རབ་རྩལ་གྱིས་རྩོད་པ་འགྱེད། །ཕྱི་རོལ་ལྷ་ལ་སྨོད་པར་བྱེད། །དེ་བཞིན་ཕྱི་རོལ་སྐྱེ་བོ་དང་། །དྲེགས་པ་ཡིས་ནི་འཐབ་པར་བྱེད། །སྒེག་དང་འགྱིང་དང་གདུགས་འཆང་དང་། །ལུས་ཀྱི་བྱ་བྱེད་ཐམས་ཅད་དང་། །མཛེས་པར་བྱ་ཕྱིར་རྒྱན་ལ་དགའ། །ཡོན་ཏན་ཅན་ལ་གུས་པ་མེད། །བསོད་ནམས་དོན་དུ་དཀྱིལ་འཁོར་ལྟ་བ་དང་། །དམ་ཚིག་སྣ་ཚོགས་རྒྱུན་དུ་བལྟ་བ་དང་། །བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཆོས། །དག་ཅིང་གྲོལ་བའི་མདོ་སྡེ་ཀླག་པ་དང་། །བདེ་གཤེགས་མཆོད་རྟེན་རིང་སྲེལ་སྙིང་པོ་ཅན། །འཇིམ་པའམ་བྱེ་མ་ལས་ནི་གདབ་པ་དང་། །རིང་སྲེལ་ཅན་གྱི་མཆོད་རྟེན་སྐུ་གཟུགས་སྩོགས། །མཆོག་ཏུ་དད་པས་ཀྱང་ནི་མཆོད་པ་དང་། །སྲོག་གི་ཉེན་སྩོགས་སྐྱབས་འོས་སྐྱབས་པ་དང་། །ཕྱག་འཚལ་མཆོད་དང་སྡིག་བཤགས་ལ་སོགས་པ། །ཡན་ལག་བདུན་པོ་སྩོགས་ལ་མི་བརྩོན་པའི། །ལུས་ཅན་དེ་ནི་བསོད་ནམས་ཡན་ལག་ཉམས། །ཟློས་པ་བཟླས་བརྗོད་ལ་གནས་པས། །བཟླས་བརྗོད་གྲངས་སུ་མི་གཞུག་པ། །གང་ཡང་བགེགས་ཀྱིས་བརླམས་པ་དང་། །ནད་རྣམས་ཀྱིས་ཀྱང་གཟིར་བའམ། །ལྷོད་པ་དང་ནི་མེད་པའམ། །ལུས་དང་སེམས་ནི་སྐྱོ་བ་དང་། །ཆོ་ག་ཇི་སྐད་བཤད་པ་དང་། །བཤད་པའི་དུས་ལས་འདས་པའམ། །མ་བསྡམས་པ་དང་མི་གཙང་བས། །གང་དག་བཟླས་བརྗོད་བྱེད་པ་ནི། །བཟླས་པའི་གྲངས་ནི་བཤད་པ་ལ། །མཁས་པས་དེ་དག་མི་སྦྱར་གྱི། །ཆོ་ག་བཞིན་དུ་བཟླས་པ་དང་། །མཉམ་བཞག་བཟླས་བརྗོད་དེ་དང་སྦྱར། །བཟླས་བརྗོད་བྱེད་པས་ཁྲོ་མི་བྱ། །ཡུལ་གྱི་བདག་ཉིད་དགའ་མི་བྱ། །ཞུམ་དང་མི་དགའ་འཇིགས་པ་དང་། །འཇུངས་དང་ང་རྒྱལ་ཡོངས་སུ་སྤང་། །ཟློས་ཚེ་ཅི་ཡང་མི་སྨྲ་ཞིང་། །ཡན་ལག་འགྱུར་བར་མི་བྱའོ། །ཀུན་རྟོག་རླུང་གིས་བསྐྱོད་ནས་ནི། །ཅི་ཡང་རུང་བ་མི་བསམ་མོ། །ཟློས་པ་བཟླས་བརྗོད་བྱེད་པའི་ཚེ། །རིག་སྔགས་ལས་ནི་མ་གཏོགས་པར། །བསྒོམ་པ་མཆོག་ཏུ་འགྱུར་བ་ཡང་། །རྣམ་རྟོག་བཟུང་ནས་མི་བསམ་མོ། །སྦྲིད་པ་ལུད་པ་ལ་སོགས་བྱུང་། །ཉེ་རེག་བྱས་ཏེ་ཕྱག་བཙལ་ཏེ། །གཞི་ནས་ཀུན་ཏུ་བརྩམ་པར་བྱ། །བཟླས་བརྗོད་ཀྱི་ནི་གེགས་རྣམས་དང་། །མཁས་པས་བཟླས་བརྗོད་སྐྱོན་རྣམས་ལ། །སླར་ཡང་གྲངས་ཀྱི་ཐོག་མ་ནས། །ཀུན་ཏུ་བརྩམ་པར་བྱ་བ་བཤད། །བག་མེད་པས་ནི་ལན་འགའ་ཞིག །གསང་སྔགས་ལྷ་གཞན་བཟླས་བྱས་ན། །ཡིད་ཀྱིས་གསོལ་བ་གུས་བྱས་ནས། །བཟླས་བརྗོད་སླར་ཡང་བརྩམ་པར་བྱ། །ཟློས་ཚེ་ལྷ་ཉིད་བཀའ་རྩལ་ན། །བསྲུང་བ་བྱས་ཏེ་བརྟགས་ནས་སུ། །བྱ་མིན་མི་བྱ་རིག་པར་བྱ། །ཟློས་པས་རྨི་ལམ་ངན་མཐོང་ན། །རིགས་ཀྱི་བདག་པོ་བརྒྱ་བཟླས་ཏེ། །དེ་ཡི་ཉིན་པར་དེ་མི་བཟླས། །བཟླས་བརྗོད་གྲངས་སུ་མི་གཞུག་གོ། གྲངས་ཀྱི་བཟླས་བརྗོད་ཐམས་ཅད་ལ། །ལྷག་པར་གྱུར་ལ་ཉེས་པ་མེད། །འདིར་ནི་དེ་ཡིས་མི་འགྲུབ་ལ། །གྲངས་སྐོངས་པ་ལ་མི་ཕན་ནོ། །འདི་དག་མདོ་ཙམ་བརྗོད་པ་སྟེ། །གལ་ཏེ་དངོས་གྲུབ་ མཆོག་འདོད་ན། །ཆོ་ག་ཞིབ་མོ་བརྩོན་པར་བྱ། །ཚུལ་ཆེན་གསང་བའི་སྒོར་ཞུགས་ནས། །བྱང་ཆུབ་སེམས་བཟུང་ཕྱིན་ཆད་ནི། །རྡོ་རྗེ་བརྡའ་དང་རྣམ་པ་ཡིས། །གང་དག་མཚོན་པར་བྱས་པ་ཡི། །ལྷ་དང་ལྷ་རྫས་གང་ཟག་དང་། །གླེགས་བམ་ལ་ཡང་དེ་བཞིན་དུ། །འཛེམ་དང་གུས་པས་མི་འཛིན་ལ། །གཙང་དང་གསང་བར་མི་བྱེད་ན། །རྡོ་རྗེ་འཆང་གི་རྗེས་འབྲང་བའི། །མཐུ་ཆེན་རྣམས་ཀྱིས་ཕུང་འགྱུར་ཏེ། །ཕ་རོལ་ཏུའང་ལྟུང་བར་འགྱུར། །དེ་བས་ནན་ཏན་ཆེར་བསྐྱེད་དེ། །གཙང་ཞིང་གོས་ཀྱང་གཙང་བ་དང་། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །གཙང་མའི་གནས་སུ་འདུག་ནས་ནི། །རྡོ་རྗེ་འཆང་ལ་གུས་པ་ཡིས། །གསང་སྟེ་རིག་པའི་བརྟུལ་ཞུགས་སྤྱད། །འོན་ཀྱང་རྡོ་རྗེ་འཆང་བ་རྣམས། །རྒྱབ་ཀྱིས་ཕྱོགས་པར་མི་འགྱུར་རོ། །ཡན་ལག་རྣམ་པར་བཞག་པ་འདི་དག་ཀྱང་རྩ་བའི་བྱེ་བྲག་རྣམ་པར་དབྱེ་བས་ཡན་ལག་ཅེས་བཤད་ཀྱི། ལྟུང་བ་ལྕི་ཡང་གིས་ནི་མ་ཡིན་ཏེ། ལྟུང་བ་ལྕི་ཡང་ནི་རྩ་བར་བཤད་པ་ཉིད་ལ་ཡང་ཡོད་ལ། ཡན་ལག་དུ་བཤད་པ་རྣམས་ལའང་དེ་བཞིན་དུ་ཤེས་པར་བྱའོ། །རྒྱུད་ཁ་ཅིག་ལས་ནི་ལྟུང་བ་ཆེ་ཆུང་གིས་རྩ་བ་དང་ཡན་ལག་ཏུ་བཤད་དོ། །འདི་དག་ནི་ཐམས་ཅད་ཀྱི་ཐུན་མོང་སྟེ་སྤྱིའི་དམ་ཚིག་གོ །ཁྱད་པར་གྱི་དམ་ཚིག་རྣམས་ལ་ཡང་། །རྡོ་རྗེ་སློབ་དཔོན་བྱེད་པ་རྣམས་ཀྱི་ཁྱད་པར་གྱི་དམ་ཚིག་ནི། ཕལ་ཆེར་སློབ་མ་དང་དེའི་བྱ་བ་ལ་བརྟེན་པ་སྟེ། རེ་ཞིག་མདོར་བསྡུ་བ་ནི་འདི་དག་ གོ །བདག་ཉིད་གང་དུ་མ་ཞུགས་པའི། །དཀྱིལ་འཁོར་དེར་ནི་སློབ་མ་རྣམས། །སློབ་དཔོན་གྱིས་ནི་གཞུག་མི་བྱ། །རང་ལ་ཕྱག་རྒྱ་མ་བསྟན་པའི། །རྒྱུད་དེ་གཞན་ལ་མི་བཤད་དོ། །གང་དག་དམ་ཚིག་མི་ཤེས་དང་། །དམ་ཚིག་རལ་པ་དག་ལ་ཡང་། །ཆོ་ག་གསང་བ་སྦྱིན་མི་བྱ། །བསྙེན་བཀུར་མེད་ལའང་མི་སྦྱིན་ཏེ། །མི་ཤེས་བཞིན་དུའང་དཀྱིལ་འཁོར་གྱི། །གང་ཞིག་བདག་པོ་བྱེད་པ་ནི། །དེ་ནི་མཚམས་མེད་འདྲ་བར་གསུངས། །བྱང་ཆུབ་སེམས་བརྟན་གྱུར་པ་ཡི། །འགྲོ་བ་དད་པ་བཟློག་མི་བྱ། །མ་བརྟགས་པར་ཡང་མི་གཟུང་ལ། །ནང་མི་མཐུན་པའང་མི་བསྡུའོ། །འཆབ་པས་ཆོ་ག་མ་ཚང་དང་། །ཡི་གེ་ལྷག་ཆད་མི་སྦྱིན་ནོ། །དམ་ཆོས་རྒྱས་ལ་འབད་པར་བྱ། །ནམ་ཡང་ཆོས་ཀྱི་གེགས་མི་བྱ། །མེ་ཏོག་བདུག་པ་མར་མེ་དང་། །དྲི་དང་ལྷ་བཤོས་གཏོར་མ་སོགས། །འཕོངས་ཀྱང་དབྲི་བར་མི་བྱ་ཞིང། །ལྷ་དང་ལས་རྣམས་སོ་སོ་ལ། །མ་བསྔགས་པ་རྣམས་སྦྱར་མི་བྱ། །ཐིག་དང་ཚོན་གྱི་བྱ་བ་ལ། །མ་དག་པ་རྣམས་སྤང་བར་བྱ། །དེ་ཡི་དམན་རྣམས་གྱུར་པ་དང་། །བདག་གམ་ཡང་ན་གཞན་གྱིས་ཀྱང་། །རྫི་དང་རྫིར་གཞུག་མི་བྱ་སྟེ། །དམན་པ་ལ་ཡང་སྦྱར་མི་བྱ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་རྣམས། །བླ་མས་སྤྱད་པར་གསུངས་པའང་། །བརྣབ་སེམས་ཀྱིས་ནི་མི་སྤྱད་དོ། །བཤིག་སྟེ་སྤྱད་པར་ཡང་མི་བྱ། །སེམས་ཅན་ཀུན་གྱི་བཤེས་གཉེན་དུ། །བྱང་ཆུབ་སེམས་གཟུང་གྱུར་ནས་ནི། །བསམ་པ་བཟང་པོས་བསྐྱོད་པས་ཀྱང་། །འགྲོ་བ་སུན་དབྱུང་མ་གནང་ན། །ལྷག་པར་བཤེས་གཉེན་གྱུར་རྣམས་ལ། །གང་དག་བསླབ་པ་གཟུང་ཕྱིར་ཏུ། །ཐབས་ཀྱིས་འདུལ་བ་མ་གཏོགས་པ། །བྱ་བ་ཕྲ་མོས་བསྐྱོད་པའི་བློས། །སློབ་མ་སུན་དབྱུང་སྨོས་ཅི་དགོས། །སློབ་མའི་ཁྱད་པར་གྱི་དམ་ཚིག་ནི། ཕལ་ཆེར་སློབ་དཔོན་དང་དེའི་བྱ་བ་ལ་བརྟེན་པ་སྟེ། དེ་བས་ན་ཇི་སྐད་དུ་སྤྱིར་བསྟན་པ་རྣམས་ལས་ལྷག་པར་བསྟན་པ་མེད་མོད་ཀྱི། འོན་ཀྱང་དཀྱིལ་འཁོར་དུ་འཇུག་པའི་དུས་ན་ཅུང་ཟད་ཁྱད་པར་དུ་བསྟན་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའི་དད་པ་བརྟན་པར་བྱ་བ་དང་། བླ་མས་བཀའ་སྩལ་པའི་བྱ་བ་ཐམས་ཅད་བདག་གིས་སྒྲུབ་པར་མི་ནུས་སོ་ཞེས་ཞུམ་པའི་བློ་མེད་པར་སྙིང་སྟོབས་ཀྱིས་སྒྲུབ་པ་དང་། དཀྱིལ་འཁོར་དུ་བསྔོས་པའི་ཡོ་བྱད་ཀྱི་སྨན་རྣམས་བདག་ཉིད་ཀྱིས་སླར་མི་བསྡུ་བའོ། །སྒྲུབ་པའི་གྲོགས་མཆོག་གི་ཁྱད་པར་གྱི་དམ་ཚིག་ནི། སྒྲུབ་པ་པོ་བས་བདག་ཉིད་ལྷག་པར་ཡོན་ཏན་ཆེ་ཡང་། གུས་པས་སྒྲུབ་པ་པོ་ལྷག་པར་བཀུར་བ་དང་། གཞན་གྱི་དངོས་གྲུབ་ཀྱི་རྫས་ཀྱིས་བྲིད་ཀྱང་། སྒྲུབ་པ་པོའི་ངོར་བལྟ་བར་བྱ་བ་དང་། བདག་ལ་འདོད་པ་མེད་པར་གྱུར་ཀྱང་། སྒྲུབ་པ་པོའི་ངོར་བལྟ་བར་བྱ་བ་དང་། གལ་ཏེ་བདག་ཉིད་བཀྲེས་སྐོམ་དང་གྲང་བ་ལ་སོགས་པས་སྐྱོ་བའི་སྐྱོན་གྱིས་གཟིར་ཡང་། སྒྲུབ་པ་པོའི་ངོར་བལྟ་བར་བྱ་བ་དང་། སྒྲུབ་པ་པོས་སྨྲས་པའི་ལས་ལ་རྣ་ལ་མི་གཟོན་ཅིང་མི་སྨྲ་བའི་བརྟུལ་ཞུགས་མི་སྤྱད་པ་དང་། སྒྲུབ་པ་པོའི་བརྡའ་རྣམས་ཤེས་པར་བྱ་ཞིང་བརྡའ་བཞིན་དུ་མྱུར་དུ་སྒྲུབ་པ་དང་། སྒྲུབ་པ་པོའི་ལས་ཀྱི་ལྷག་མ་རྣམས་བྱ་བ་དང་། ལས་ཀྱི་གྲོགས་བྱ་བ་དང་། ལས་ཀྱི་ཚབ་མ་བྱ་བ་དང་། སྒྲུབ་པ་པོའི་ཁ་ཟས་ཇི་ལྟར་ཟ་བ་དེ་ཉིད་བཟའི་གཞན་མི་བཟའ་བ་དང་། བགེགས་ཀྱི་བར་ཆད་བྱུང་ན་རང་ཉིད་ཀྱིས་གདུལ་བར་བྱ་བའོ། །སྒྲུབ་པ་པོའི་ཁྱད་པར་གྱི་དམ་ཚིག་ནི། སྤྱིར་གསང་སྔགས་ཀྱི་འདུལ་བ་དང་། དཀའ་ཐུབ་དང་། བརྟུལ་ཞུགས་དང་། སྡོམ་པ་དང་། གཙང་སྒྲ་ཇི་སྐད་གསུངས་པ་རྣམས་ལས་སྤྱིའི་བསླབ་པའི་ནང་དུ་མི་བསླབ་ཏུ་མི་རུང་བར་མ་གསུངས་པ་རྣམས་ཀྱང་སྒྲུབ་པ་པོས་འདར་མི་རུང་བ་རྣམས་ཏེ། དེ་བས་ན་རྒྱས་པར་ནི་འདུལ་བ་དང་དཀའ་ཐུབ་ལ་སོགས་པའི་ཆོ་ག་ཞིབ་མོ་ལས་བལྟ་བར་བྱའོ། །ཉམས་སུ་བླང་བར་བདེ་བའི་ཕྱིར་ཅུང་ཟད་མདོར་བསྡུ་བ་ནི་འདི་ལྟ་སྟེ། བཟླས་བརྗོད་དང་བསམ་གཏན་གྱི་སྒོ་རྣམ་པ་གཉིས་གང་ཡང་རུང་བས་རང་གི་ལྷ་མཉེས་པར་བྱེད་ཅིང་དངོས་གྲུབ་ཆེན་པོ་ལ་སྦྱར་བས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་ཅིང་བརྩོན་པ་རྣམས་ཀྱིས། ལྷ་འཕང་བའི་བྱ་བ་ཐམས་ཅད་ལས་ལྡོག་པར་བྱའོ། །བགེགས་འཇུག་པའི་བྱ་བ་ཐམས་ཅད་བསྲུང་བར་བྱའོ། །ཉོན་མོངས་པ་དང་མི་དགེ་བའི་ཆོས་སྐྱེ་བ་ཐམས་ཅད་བཟློག་པར་བྱའོ། །བྱ་བ་གང་གི་སྐབས་སུ་གང་བསྔགས་པར་གྱུར་པའི་བྱ་བ་དེ་ཉིད་ལ་ནན་ཏན་བྱའོ། སྤྱིར་བསྔགས་ཤིང་མཆོག་ཏུ་གྱུར་པའི་བྱ་བ་རྣམས་ཀྱིས་དེའི་བར་མི་བཅད་ཅིང་དེའི་ཚབ་མར་མི་གཞུག་གོ །དེ་ལ་སྡོམ་ནི། གཙང་ཞིང་ཞི་ལ་བཟོད་པ་དང་། །བསྡམས་ཤིང་ཐར་པ་ལ་སེམས་པས། །སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་དང་། གཙང་ཞིང་གོས་ཀྱང་གཙང་བ་དང་། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །གཙང་མའི་གནས་སུ་འདུག་ནས་ནི། །རྡོ་རྗེ་འཆང་ལ་གུས་པ་ཡིས། །གསང་སྟེ་རིག་པའི་བརྟུལ་ཞུགས་སྤྱད། །དེ་ལ་གཙང་བ་ནི། སྒོ་གསུམ་ལ་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་མ་གོས་ཤིང་གཙང་བ་དང་། ཟས་ དང་། གོས་དང་། གྲོགས་དང་། གནས་རྣམས་ལ་འབགས་པ་ལ་སོགས་པའི་སྐྱོན་གྱིས་མ་གོས་ཤིང་གཙང་བའོ། །དེ་ལ་སྒོ་གསུམ་གྱི་སྡིག་ཏོ་མི་དགེ་བའི་ཆོས་ནི། མི་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་བསྡུས་པ་བྱ་བ་མ་ཡིན་པ་ཐམས་ཅད་དོ། །ཟས་གཙང་བ་ནི་འདི་ལྟར་སྣོད་མ་ཡིན་པ་དང་། རྔོ་གཞི་མ་ཡིན་པ་དང་། དུས་མ་ཡིན་པ་དང་། བསམ་པ་མ་ཡིན་པ་རྣམས་ལས་བཟློག་པ་ནི་ཁ་ཟས་གཙང་བ་ཞེས་བྱའོ། །དེ་ལ་སྣོད་མ་ཡིན་པ་ནི། སྙིམ་པར་ཟ་བ་དང་མཁར་བའི་སྣོད་དུ་ཟ་བ་དང་ལོ་མའི་རྒྱབ་ཏུ་ཟ་བ་ལྟ་བུའོ། །རྔོ་གཞི་མ་ཡིན་པ་ནི། ལྷ་འཕང་བར་འགྱུར་བ་དང་བགེགས་ལྡང་བར་འགྱུར་བ་དང་། ཉོན་མོངས་པ་ དང་མི་དགེ་བ་འཕེལ་བར་འགྱུར་བའོ། །དེ་ལ་ལྷ་འཕང་བར་འགྱུར་བ་ནི། བདག་ཉིད་ལྷའི་རྣལ་འབྱོར་དུ་བྱེད་པའི་སྔགས་པས་ལྷ་མཉེས་པར་བྱ་བའི་ཕྱིར་འཇིག་རྟེན་ན་སྨེ་ཞིང་སྨད་པ་དང་དམན་པར་གྱུར་པའི་ཁ་ཟས་རྣམས་བཟའ་བར་མི་བྱའོ། །བགེགས་ལྡང་བའི་ཁ་ཟས་ནི། འབྱུང་པོ་རྣམས་ཀྱི་རང་བཞིན་གྱི་ཁ་ཟས་སུ་གྱུར་པ། ཏིལ་དང་། འོ་ཐུག་དང་། ལ་ཕུག་དང་། མ་ཤའི་སྲན་ཚོད་དང་། ལ་དུ་ལ་སོགས་པ་གཏོར་མའི་ཁ་ཟས་སུ་གང་བསྔགས་པར་གསུངས་པ་རྣམས་བཟའ་བར་མི་བྱའོ། །ཉོན་མོངས་པ་དང་སྡིག་པ་འཕེལ་བའི་ཁ་ཟས་ནི། འདི་ལྟར་གང་ཞིག་ཟོས་ན་ཕྱིར་ཞིང་སྲེད་པ་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་གང་དག་དྲན་པ་ཉམས་ཤིང་སྒྱིད་སྙོམ་པར་འགྱུར་བ་དང་། དབྱིབས་ཀྱིས་གཞོམ་དུ་མི་རུང་བ་དང་། བསྔོས་པས་ལོངས་སྤྱད་དུ་མི་རུང་བ་རྣམས་སོ། །དེ་ཡང་ཁ་ཟས་ཁ་ཅིག་ལ་ཉེས་པ་དུ་མ་དང་ལྡན་པ་ཡང་ཡོད་དོ། །གཞན་ཡང་བཀུར་བས་མི་བཟའ་བ་དང་། གནོད་པས་མི་བཟའ་བ་དང་། དམན་པས་མི་བཟའ་བ་དང་། ཉོན་མོངས་པ་འཕེལ་བས་མི་བཟའ་བའོ། །དེ་ལ་བཀུར་བས་མི་བཟའ་བ་ནི། ལྷ་ལ་བསྔོས་པ་དང་། ལྷའི་རྣམ་པ་ཡོད་པའོ། །གནོད་པས་མི་བཟའ་བ་ནི་བགེགས་ལྡང་བ་དང་དོགས་པ་ཅན་ནོ། །དམན་པས་མི་བཟའ་བ་ནི། །སྨེ་ཞིང་སྨད་པར་གྱུར་པའོ། །ཉོན་མོངས་པ་འཕེལ་བ་ནི། སྲོག་ཆགས་ཀྱི་ལུས་འདྲ་བ་གནོད་སེམས་ཀྱི་ས་བོན་འཕེལ་ཞིང་སྙིང་རྗེའི་ས་བོན་ཉམས་པར་བྱེད་པ་དང་། ཤ་དང་ཉ་ལ་སོགས་པ་སྲོག་ཆགས་ཀྱི་ཡན་ལག་ལས་བྱུང་བ་ཡང་དེ་བཞིན་དུ་བསྟན་ཏོ། །གཞན་ཡང་ཤ་དང་ཉ་དང་ཆང་དང་སྒོག་པ་དང་། གཞན་ཡང་རྩའི་བྱེ་བྲག་ཁ་ཅིག་ཕྱིར་ཞིང་སྲེད་པ་སྐྱེ་བར་འགྱུར་ཏེ། སེར་སྣའི་ས་བོན་རྒྱས་པར་བྱེད་ཅིང་སྐྱོབ་པའི་ས་བོན་ཉམས་པ་དང་། གཞན་ཡང་ཆང་ལ་སོགས་པ་སྲེད་པ་སྐྱེ་བ་དེ་དག་ཉིད་ཀྱང་ནུས་པ་དྲག་ཞན་གྱི་དབང་གིས་ལུས་སྒྱིད་སྙོམ་ཞིང་དྲན་པ་ཉམས་པར་བྱེད་པས། སྡོམ་པ་གཏོང་ཞིང་བག་མེད་པར་འཇུག་སྟེ་འདི་དག་ལྟ་བུ་ནི་ཉོན་མོངས་པ་འཕེལ་བར་བྱེད་པའི་ཁ་ཟས་སོ། །དེ་བས་ན་ཁ་ཟས་ཁ་ཅིག་ལ་ལྷ་འཕང་བ་དང་། བགེགས་ལྡང་བ་དང་། ཉོན་མོངས་པ་འཕེལ་བ་དང་། སྡིག་པ་འཕོག་པ་ཐམས་ཅད་དང་ལྡན་པའང་ཡོད་དེ་ཅི་རིགས་སུ་སྦྱར་རོ། །མི་བཟའ་བའི་དངོས་པོ་དེ་དག་ཉིད་བཟའ་བ་དང་བཅའ་བ་དང་བཏུང་བ་རྣམས་ལས། གང་དང་གང་དགག་པར་བྱ་བ་ནི་འོག་ནས་ཆོ་ག་ཞིབ་མོ་སྤྱིར་སྟོན་པའི་སྐབས་ནས་ཤེས་པར་བྱའོ། །དུས་མ་ཡིན་པ་ནི། རབ་ཏུ་བྱུང་བ་དང་ཁྱིམ་པའང་བཟླས་བརྗོད་ཀྱི་བརྟུལ་ཞུགས་འཛིན་པའི་ཚེ། ཉི་མ་ཕྱེད་མཚམས་མན་ཆད་བཟའ་བར་མི་གནང་ངོ་། །བསམ་པ་མ་ཡིན་པ་ནི། ཇི་ལྟར་རྨ་ལ་ཕན་པའི་ཁ་ཟས་སྨན་པས་བྱིན་པ་ལྟར་བཀྲེས་པའི་ནད་བསལ་བ་ཙམ་གྱི་བསམ་པས་བཟའ་བར་བྱའི། རོ་ལ་ཆགས་པའི་སྲེད་པས་བཟའ་བར་མི་བྱའོ། །ཇི་ལྟར་དགོན་པར་ལམ་གྱིས་དུབ་པ་བུའི་ཤ་ཟ་བ་ལྟར་ཞུམ་པས་བཟའ་བར་བྱའི། དྲེགས་ཤིང་རྒྱགས་པས་བཟའ་བར་མི་བྱའོ། །ཇི་ལྟར་སྲང་མདའི་ལྗིད་ལྟར་ཟས་ལྕི་ཡང་དང་ཆེ་ཆུང་སྙོམས་པས་བཟའ་བར་བྱའི། །མ་སྙོམས་པས་བཟའ་བར་མི་བྱའོ། །ཇི་ལྟར་ཁང་པ་རྙིང་པའི་ཀ་བ་བརྟན་པར་བྱ་བའམ། ཤིང་རྟའི་དམིགས་བསྐུ་བ་ལྟར་བཟའ་བར་བྱའི་ངན་པས་བསྐྱོད་པའི་བློས་བཟའ་བར་མི་བྱའོ། །ཇི་ལྟར་ལུས་ཆུ་ཤིང་ལྟར་ཤེས་པར་བྱ་སྟེ་བཟའ་བར་བྱའི་སེམས་ཀྱི་ཕྱིར་བཟའ་བར་མི་བྱའོ། །དེ་ལྟར་སྣོད་དང་། རྔོ་གཞི་དང་། དུས་དང་། བསམ་པ་དང་ལྡན་པའི་ཚེའང་ཡང་དང་ཡང་བཟའ་བར་མི་བྱའོ། །ཧ་ཅང་ཆེས་པ་དང་ཆུང་བར་བཟའ་བར་མི་བྱའོ། །ཧ་ཅང་མི་བཟའ་བར་ཡང་མི་བྱའོ། །གོས་གཙང་བ་ནི། རྒྱུ་དང་། ཁ་དོག་དང་། འབག་པ་དང་། གོས་པ་སྟེ། དེ་ལ་རྒྱུ་ནི། གསོ་མའི་རས་ཟར་མའི་རས་དང་། ཤིན་ཤུན་ལ་སོགས་པ་རྒྱུ་གཙང་བ་ལས་གྲུབ་པའོ། ཁ་དོག་ནི། སྔགས་པ་ཁྱིམ་པ་ལྷའི་བརྟུལ་ཞུགས་མི་འཛིན་པས་དཀར་པོ་འབའ་ཞིག་བགོ་བར་བྱའོ། །བརྟུལ་ཞུགས་ཀྱི་ཚེ་ནི་ལྷ་དང་ལས་དང་སྦྱར་རོ། །བྱ་བ་ལ་སྦྱོར་བའི་གོས་ཀྱི་གྲས་ཀྱང་། ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་པའི་ཚེ་མཐང་གོས་མི་སྤང་ངོ་། །སྤྱིར་གོས་གཅིག་པར་མི་བྱ། བཟླས་པ་དང་སྦྱིན་སྲེག་གི་བྱ་བ་ལ་ཞུགས་པའི་ཚེ་བླ་གོས་མི་སྤང་ངོ་། །གཞན་གྱིས་བརླམས་ཤིང་འབགས་པའི་གོས་དང་། བདག་ཉིད་ཀྱིས་ཀྱང་རྙིང་པར་གྱུར་པ་དང་། དྲི་མས་གོས་པ་སྤང་བར་བྱ་སྟེ། ཉིན་ཞག་གཅིག་ལ་གོས་གཙང་མ་ལན་གསུམ་བརྗེ་བར་གསུངས་པ་ལ། ལན་རེ་ནི་ཆུ་དང་འདག་ཆལ་གྱིས་དག་པར་བཀྲུ་བ་ཡིན་ལ། ལྷག་མ་གཉིས་ནི་གསང་གཏོར་དང་བདུག་པས་བཀྲུ་བ་ཡིན་ནོ། །རྒྱུད་ལས། འབྱུང་ཁུངས་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར། །ཞེས་གསུང་པ་དང་། གོས་ནི་ཁྲ་བོའམ་ཡང་ན་དཀར་པོ་གཅིག །ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི། བརྟུལ་ཞུགས་འཛིན་པའི་དབང་དུ་གསུངས་པ་ཡིན་པར་དགོངས་སོ། །གྲོགས་གཙང་བ་ནི། ཕྱི་རོལ་གྱི་བྲམ་ཟེ་དང་མུ་སྟེགས་ཅན་དང་། དེ་དག་ལ་དགའ་བའི་སྐྱེ་བོ་དང་། ཐེག་པ་ཆུང་ངུ་པ་དག་དང་ཕྱོགས་གཅིག་ཏུ་གནས་ཤིང་བསྟེན་པ་སྤང་བར་བྱ་བ་དང་། མི་དང་དུད་འགྲོ་རྣམས་ཀྱི་གཤེད་མར་གྱུར་པ་སྡིག་ཅན་མ་རབས་རྣམས་དང་ལྷན་ཅིག་གནས་ཤིང་སྨྲ་བ་ཙམ་ཡང་སྤང་བར་བྱ་བ་དང་། གང་དག་བག་མེད་པ་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་སྨེ་བའི་ལས་ཀྱིས་ཆེས་བགོས་པར་གྱུར་པ་རྣམས་དང་གཞི་གཅིག་ལ་མི་ཉལ་བ་དང་། དམ་ཚིག་ཉམས་པ་རྣམས་དང་ཡུལ་མཐུན་པར་གནས་པ་སྤང་བ་དང་། ལྷན་ཅིག་འགྲོགས་པའི་གྲོགས་མཆོག་ཀྱང་ཇི་སྐད་གསུངས་པའི་ཡོན་ཏན་དང་ལྡན་པ་རྣམས་དང་འགྲོགས་པ་ནི་གཙང་བའོ། །གནས་གཙང་བ་ནི། གཞན་གྱིས་མ་བརླམས་པ་དང་མ་འབགས་པའོ། །དེ་བས་ན་གཙང་ཞིང་བྱ་བ་འདིས་ནི་སྒོ་གསུམ་གྱི་སྤྱོད་པ་དང་སྤྱོད་ལམ་དུ་བཅས་པ་ལ་ཁ་ན་མ་ཐོ་བ་མེད་པ་སྟེ་ལས་ཀྱི་སྒྲིབ་པ་བཀག་པར་གྱུར་པའོ། །ཞི་ལ་བཟོད་པ་ཞེས་བྱ་བ་ནི། ཞི་བ་ནི་ང་རྒྱལ་དང་ལྟ་བ་དང་དྲེགས་རྒྱགས་དང་རྣམ་པར་མ་ཞི་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གྱུར་པ་རྣམས་སྤོང་བར་བྱེད་པ་སྟེ། སེར་སྣ་དང་གནོད་སེམས་ཀྱི་ཆ་ལས་བྱུང་བའི་ཉོན་མོངས་པ་རྣམས་འདུལ་བར་བྱེད་པའོ། །བཟོད་པས་ནི། ཐེག་པ་ཆེན་པོའི་ལྟུང་བའི་རྩ་བར་གྱུར་པ་སེར་སྣ་དང་གནོད་སེམས་འདུལ་བར་བྱེད་དེ། དེ་ལ་གནོད་པ་མི་མཇེད་པའི་བཟོད་པས་ནི། གནོད་སེམས་དང་དེའི་ཕྱོགས་སུ་གཏོགས་པ་ཁྲོ་བ་དང་མཁོན་དུ་འཛིན་པ་དང་འཚིག་པ་དང་རྣམ་པར་འཚེ་བ་ལ་སོགས་པ་འདུལ་བར་བྱེད་དོ། །ཡོན་ཏན་ཡོངས་སུ་བླང་བའི་ཕྱིར་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པས་ནི། སེར་སྣ་དང་དེའི་ཡན་ལག་ཏུ་གཏོགས་པ་སྒྱུ་ལ་སོགས་པ་འགྲོ་བ་སྐྱོབ་པ་དང་འགལ་བ་རྣམས་འདུལ་བར་བྱེད་དོ། །བདེན་པའི་དོན་ལ་མི་སྐྲག་པའི་བཟོད་པས་ནི། ཐེག་པ་ཆེན་པོའི་རྩ་བའི་ལྟུང་བར་གྱུར་པ། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བའི་ཡན་ལག་ཏུ་གྱུར་པའི་ཉོན་མོངས་པ་མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་ལ་སོགས་པ་འདུལ་བར་བྱེད་དེ། མདོར་ན་ཞི་བ་དང་བཟོད་པས་ནི་ཐེག་པ་ཆེན་པོའི་ལྟུང་བའི་རྩ་བ་རྣམས་མ་ཉམས་པར་སྲུང་ཞིང་ཉོན་མོངས་པའི་སྒྲིབ་པ་སྤོང་བར་བྱེད་དོ། །བསྡམས་ཤིང་ཞེས་བྱ་བས་ནི། དབང་པོ་དྲུག་གི་སྤྱོད་ཡུལ་ལ་སེམས་ཀུན་ནས་འཕྲོ་བ་དང་། བྱིང་རྨུགས་སུ་གྱུར་པ་ལས་བསྡམས་ཤིང་བསྲུང་བའི་མཚན་ཉིད་དེ། འདིས་ནི་རྨུགས་པ་དང་། རྒོད་པ་དང་། བག་མེད་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་ལ་སོགས་པ་སྙོམས་པར་འཇུག་པའི་སྒྲིབ་པར་གྱུར་པ་རྣམས་སྤོང་བར་བྱེད་དོ། །ཐར་པ་ལ་སེམས་པ་ཞེས་བྱ་བ་ནི། ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །དེ་ལྟར་ན་གཙང་བ་དང་། ཞི་ཞིང་བཟོད་པ་དང་། བསྡམས་པ་དང་། ཐར་པ་ལ་སེམས་པས་ནི་བསྒྲུབ་པ་པོའི་བརྟུལ་ཞུགས་བསྡུས་པ་ཡིན་ལ། གཙང་ཞིང་གོས་ཀྱང་གཙང་བ་ལ་སོགས་པས་ནི་གཙང་བའི་བྱེ་བྲག་བསྟན་པའོ། །རྡོ་རྗེ་འཆང་ལ་གུས་པ་ཞེས་བྱ་བས་ནི། ལྷའི་ཁྱད་པར་དང་དད་ པའི་ཁྱད་པར་རོ། །གསང་སྟེ་ཞེས་བྱ་བས་ནི། གསང་བའི་བརྟུལ་ཞུགས་སོ། །རིག་པའི་བརྟུལ་ཞུགས་སྤྱད་ཅེས་བྱ་བས་ནི། བཟླས་བརྗོད་ཀྱི་བརྟུལ་ཞུགས་དང་། སྦྱིན་སྲེག་གི་བརྟུལ་ཞུགས་དང་། བསམ་གཏན་གྱི་བརྟུལ་ཞུགས་དང་། སྤྱིར་དེ་དག་གི་བྱ་བ་བརྟུལ་ཞུགས་སུ་གྱུར་པ་ཐམས་ཅད་བསྡུས་ཏེ། ཅི་སྐད་དུ་སྨོས་པ་དེ་དག་ལས་ཀྱང་སྒྲུབ་པ་པོའི་བྱ་བ་ནི་ཐམས་ཅད་ཡིན་མོད་ཀྱི། འོན་ཀྱང་གཞི་དེ་ལས་ཁ་ཅིག་ནི་ཐུན་མོང་གི་དམ་ཚིག་ཏུ་འགྱུར་པས་ཅི་རིགས་སུ་ཤེས་པར་བྱའོ། །དེ་ལ་བཟླས་བརྗོད་དང་བསམ་གཏན་གྱི་ཁྱད་པར་གྱི་བརྟུལ་ཞུགས་རྣམས་ཀྱང་འོག་ནས་ཆོ་ག་ཞིབ་མོ་སྤྱིར་སྟོན་པའི་སྐབས་ནས་ཤེས་པར་བྱའོ། །སྔགས་པ་རབ་ཏུ་བྱུང་བ་རྣམས་ཀྱི་ཁྱད་པར་གྱི་དམ་ཚིག་ནི། སོ་སོར་ཐར་པའི་སྡོམ་པ་ཇི་སྐད་དུ་ཁྱིམ་པ་ལས་ཁྱད་པར་དུ་གྱུར་པ་རྣམས་ཇི་སྐད་དུ་གསུངས་པ་དེ་བཞིན་དུ་བསྲུང་བར་བྱའོ། །སྔགས་པ་ཁྱིམ་པའི་ཁྱད་པར་གྱི་དམ་ཚིག་ནི། རབ་ཏུ་བྱུང་བ་ལ་གནང་བ་ཁ་ཅིག་བསྲུང་བར་ནུས་ཀྱང་ཁྱིམ་པ་ལ་མ་གནང་བ་ཡོད་དེ། རྟགས་དང་ཆོ་ག་ལྟ་བུ་དང་། རབ་ཏུ་བྱུང་བའི་གོས་ཁྱིམ་པས་མི་རྫི་བ་ལྟ་བུ་ནི་ཁྱད་པར་གྱི་དམ་ཚིག་སྟེ། མདོར་ན་སྤྱོད་ལམ་ཐུན་མོང་དུ་བསྲེར་མི་གནང་བ་རྣམས་ཏེ། འདི་དག་ནི་གང་ཟག་ཁྱད་པར་དམ་ཚིག་མདོ་ཙམ་དུ་བསྟན་པའོ། །ལྷ་ཁྱད་པར་གྱི་དམ་ཚིག་ནི་ཕལ་ཆེར་གྲགས་པ། རྒྱལ་བའི་རིགས་ལ་ནི་ཚུལ་ཁྲིམས་གསུམ་བཟུང་བ་དཀོན་མཆོག་གསུམ་གཟུང་བ་གཙོར་བསྟན། པད་མའི་རིགས་ལ་ནི་དམ་པའི་ཆོས་གཟུང་བ་གཙོར་བསྟན། རྡོ་རྗེའི་རིགས་ལ་ནི་བྱང་ཆུབ་ཀྱི་སེམས་དང་། སློབ་དཔོན་གཟུང་བ་གཙོར་བསྟན་ཏོ་ཞེས་གྲགས་མོད་ཀྱི། བྱེ་བྲག་གི་དོན་དུ་ན། རྒྱལ་བའི་རིགས་ ལ་ནི། བསླབ་པའི་གཞི་རྣམས་གཟུང་བ་དང་། དཀོན་མཆོག་གསུམ་གཟུང་བ་དང་། སེམས་ཅན་གྱི་དོན་བྱ་བ་ལ་གདུལ་བྱ་སྣོད་སྡིག་ཅན་རྣམས་ལ་ཞི་བའི་ཕྲིན་ལས་ཀྱིས་ཕན་གདགས་པ་དང་། དགེ་བའི་ཆོས་བསྡུ་བ་ལ་ནི། སྤངས་པ་ཕུན་སུམ་ཚོགས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྡུད་པ་དང་། སྐུའི་སྟོད་ལས་སྤྲུལ་པར་བསྟན་པས་དངོས་གྲུབ་མཆོག་སྩོལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའི་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་སྡུད་པ་གཙོར་བསྟན་ཏོ། །པད་མའི་རིགས་ལ་ནི། དམ་པའི་ཆོས་སྤོང་བ་དང་སེར་སྣ་བྱེད་པ་གཉིས་ལས་ལྡོག་ཅིང་། དམ་པའི་ཆོས་དང་དེའི་ཕྱག་རྒྱ་གསང་སྔགས་ཡོངས་སུ་བཟུང་བ་དང་། སེམས་ཅན་གྱི་དོན་བྱེད་པ་ལ་གདུལ་བྱ་རྫས་དང་ཆོས་ཀྱིས་འཕོངས་པ་རྣམས་སྐྱབས་པ་དང་། དགེ་བའི་ཆོས་བསྡུ་བ་ལ་སྤྱོད་པ་མཉམ་པར་བཞག་པའི་མཚན་ཉིད་བསམ་གཏན་དང་། སྐྱོབ་པའི་མཚན་ཉིད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྐུའི་བར་ལས་བྱུང་བར་བསྟན་པས་དངོས་གྲུབ་སྩོལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་སྡུད་པ་གཙོར་བསྟན་ཏོ། །རྡོ་རྗེའི་རིགས་ལ་ནི་བྱང་ཆུབ་ཀྱི་སེམས་སྤོང་བ་དང་གནོད་སེམས་བྱེད་པ་གཉིས་ལས་ལྡོག་ཅིང་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་དང་། དེའི་ཕྱག་རྒྱ་དམ་ཚིག་གི་ཕྱག་རྒྱ་གཟུང་བ་དང་། རྡོ་རྗེ་སློབ་དཔོན་གཟུང་བ་གཙོར་བསྟན་ཅིང་། སེམས་ཅན་གྱི་དོན་བྱ་བ་ལའང་སེམས་ཅན་ཁེངས་ཤིང་གདུག་པ་རྣམས་དྲག་པོའི་ཕྲིན་ལས་ཀྱིས་ཚར་གཅད་པ་དང་། དགེ་བའི་ཆོས་བསྡུ་བ་ལའང་བྱམས་པ་དང་སྙིང་རྗེའི་དབང་གིས་བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུད་ཅིང་། སྐུའི་སྨད་ལས་སྤྲུལ་པ་བསྟན་པས་དངོས་གྲུབ་འོག་མ་སྩོལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ ཐུགས་ཀྱི་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་སྡུད་པའི་མཚན་ཉིད་གཙོར་བསྟན་ཏོ། །ལྷ་ཁྱད་པར་གྱི་དམ་ཚིག་འདི་དག་ཀྱང་གདུལ་བྱ་སོ་སོའི་དབང་གིས་ཇི་ལྟར་འདུལ་བ་དེ་བཞིན་དུ་བསྟན་པ་ཙམ་དུ་ཟད་དེ། ལྷ་གཅིག་ཀྱང་བསྲུང་བ་ཐམས་ཅད་དང་ལྡན་པ། །འགྲོ་བའི་དོན་མཛད་པ་ལ་ཕྲིན་ལས་སྣ་ཚོགས་པ། དངོས་གྲུབ་སྣ་ཚོགས་པ། སྐུ་གསུང་ཐུགས་ཀྱི་བཀོད་པ་ཐམས་ཅད་པ་ཡིན་མོད་ཀྱང་། འོན་ཀྱང་སྔགས་པ་རྣམས་ཀྱིས་ལྷ་གང་གཙོར་སྒྲུབ་པ་ཁྱད་པར་གྱི་དམ་ཚིག་གཙོར་བྱས་ཏེ་བསྲུང་ཞིང་། གཞན་སྤྱིར་བསྲུང་བར་བྱ་བ་ཡིན་ཏེ་ཁྱད་པར་ནི་དེ་ཙམ་ཡོད་དོ། །བྱ་བའི་རྒྱུད་འདིར་ནི་ཕལ་ཆེར་རིགས་གསུམ་དུ་གྲགས་པའི་དབང་དུ་བཤད་དེ། དཔུང་བཟང་གིས་ཞུས་པ་ ལས་ནོར་གྱི་རིགས་ཀྱང་གྲགས་ཏེ། དེ་ལྟར་ན་སེར་སྣ་སྤང་བ་དང་། སྦྱིན་པས་ཕན་གདགས་པ་དང་། རྒྱས་པའི་ལས་ཀྱིས་སེམས་ཅན་གྱི་དོན་བྱ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་བཀོད་པ་སྡུད་པ་རྣམས་ཀྱང་ནོར་གྱི་རིགས་ཀྱི་དམ་ཚིག་ཡིན་ཏེ། འོན་ཀྱང་བྱ་བའི་རྒྱུད་དུ་ཕལ་ཆེར་ལྷ་རྣམས་ནི་རིགས་གསུམ་དུ་གྲགས་པ་གཙོར་བསྟན་པས། ལྷ་ཁྱད་པར་གྱི་དམ་ཚིག་ཀྱང་གཙོར་རྣམ་པ་གསུམ་དུ་འགྱུར་རོ། །གཞུང་ཁྱད་པར་གྱི་དམ་ཚིག་ནི། ཅུང་ཟད་སྐབས་སྐབས་སུའང་བསྟན་པར་བྱ་བ་ཡིན་ན་གཟུང་བ་བདེ་བའི་ཕྱིར་འོག་ནས་རྣལ་འབྱོར་ཆེན་པོའི་སྐབས་སུ་མགོ་དྲིལ་ཏེ་བསྟན་ཏོ། །དེ་དག་ནི་སྤྱི་དང་། ཁྱད་པར་གྱི་དམ་ཚིག་མདོ་ཙམ་བསྟན་པའོ། །ལྷག་པའི་དམ་ཚིག་ནི། དུས་སྐབས་སུ་བསྲུང་བར་བྱ་བ་ལྷག་པར་བསྲུང་བར་བྱ་བ་ཡིན་པས། སྤྱོད་པ་གསུམ་གྱིས་བསྡུས་ནས་བསྟན་ཏེ། དེ་ལ་འཇུག་པའི་སྤྱོད་པ་སྐབས་སུ་བསྲུང་ བའི་ལྷག་པའི་དམ་ཚིག་ནི། འདི་ལྟར་སློབ་དཔོན་གཙང་སྦྲའི་བརྟུལ་ཞུགས་མ་མནོས་པ་རྣམས་ཀྱིས་ཀྱང་། དང་པོ་དཀྱིལ་འཁོར་བྱ་བ་བརྩམས་ནས་བྱ་བ་ཡོངས་སུ་མ་རྫོགས་ཀྱི་བར་དུ་གཙང་སྦྲའི་བརྟུལ་ཞུགས་བླངས་ཏེ། གོས་དང་ཟས་དང་གནས་དང་སྤྱོད་ལམ་རྣམས་གཙང་སྦྲ་དང་ལྡན་པར་བྱ་བ་དང་། སློབ་མས་ཀྱང་ཐ་ན་སྡོམ་པ་ནོད་པའི་དུས་སུ། ཞག་གཅིག་སྨྱུང་བ་ལ་གནས་ཏེ་སྡོམ་པ་ནོད་པ་དང་། སློབ་དཔོན་གྱིས་ཁྱད་པར་དུ་སློབ་མ་ལ་ཕན་སེམས་བསྐྱེད་པ་དང་། སློབ་མས་ཁྱད་པར་དུ་དད་པའི་རྩ་བ་བརྟན་པར་བྱ་བ་དང་། དཀྱིལ་འཁོར་བསྲུང་བ་མེད་པར་མི་བཞག་པ་དང་། རྒྱུ་རྐྱེན་མ་ཚང་ཡང་དུས་ཕྱི་ བཤོལ་དུ་མི་བསྣུར་བ་དང་། འགྲུབ་པར་མི་འགྱུར་བ་འདྲ་བའི་བགེགས་བྱུང་ཡང་སེམས་ཞུམ་པར་མི་བྱ་ཞིང་སྙིང་སྟོབས་སླར་བསྐྱེད་པ་ལྟ་བུ་རྣམས་སོ། །དངོས་གྲུབ་སྒྲུབ་པའི་སྐབས་ཀྱི་ལྷག་པའི་དམ་ཚིག་ནི། དང་པོ་རང་གི་ལྷག་པའི་ལྷའི་ཁྱད་པར་གྱི་དཀྱིལ་འཁོར་དུ་སྒྲུབ་པའི་དབང་ཐོབ་ཀྱང་བསྙེན་སྒྲུབ་ལ་འཇུག་པའི་དུས་སུ་དབང་དང་དམ་ཚིག་བསྣན་པར་བྱ་བ་དང་། བདག་ལ་ཡོན་ལེགས་པར་འབུལ་བ་བྱུང་ཡང་། དེ་ལ་ཐབས་གཅིག་གིས་བཀྲེས་སྐོམ་བཟློག་པའི་ཁ་ཟས་དེ་ཙམ་ལས་མ་གཏོགས་པ། གོས་དང་ནོར་ལ་སོགས་པའི་རྫས་ཅུང་ཟད་ཙམ་ཡང་མི་བླང་བ་དང་། དཀྱིལ་འཁོར་དང་དངོས་གྲུབ་ཀྱི་རྫས་ལ་སོགས་པ་བསྲུང་བ་མེད་པར་མི་བཞག་པ་དང་། དངོས་གྲུབ་ཀྱི་རྫས་དང་པོ་ཚོལ་བའི་ཚེ་རིན་གྱིས་འཇིགས་པར་མི་བྱ་སྟེ། ཁ་ཐབས་བཞིན་དུ་ཉོ་བ་དང་། རྫས་མ་དག་པ་མི་བཙལ་བ་དང་། གཞན་གྱིས་སྤྱད་པའི་ལྷག་མ་མི་བསྡུ་བ་དང་། དེ་བཞིན་དུ་སྐུ་གཟུགས་དང་བྲིས་སྐུ་ལ་སོགས་པའི་རིན་དང་ཡོན་རྣམས་ཡང་ལན་གཉིས་མི་སྨྲ་བ་དང་། སྔགས་ཀྱིས་གཞན་དང་འགྲན་པར་མི་བྱ་བ་དང་། སྔགས་ཀྱི་མཐུ་རྩལ་ཉམས་སད་པར་མི་བྱ་བ་དང་། རང་གི་སྔགས་རང་གི་དངོས་གྲུབ་ལ་སྦྱར་བ་ལས་མ་གཏོགས་པ་བྱ་བ་གཞན་ལ་མི་སྦྱར་བ་དང་། །གཞན་གྱི་སྔགས་ཀྱིས་ཀྱང་དུག་གི་ལས་དང་གདོན་གྱི་ལས་ལ་སོགས་པ་ཕན་གདགས་པའམ་ཚར་བཅད་པའང་རུང་སྟེ། ལས་ཕྲ་མོ་གང་ཡང་མི་བྱ་བ་དང་། ལུས་ཀྱི་སྤྱོད་ལམ་ཙབ་ཧྲལ་ལ་སོགས་པ་གནས་ངན་ལེན་ཕྲ་མོའང་སྤང་བ་དང་། སེམས་ཀྱི་འདུ་བྱེད་ཁྱད་པར་དུ་དངོས་གྲུབ་ཀྱི་གེགས་སུ་གྱུར་པ། ཁྲོ་བ་དང་། ཆགས་པ་དང་། ཞུམ་པ་དང་། མི་དགའ་བ་དང་། འཇིགས་པ་དང་། འཇུངས་པ་དང་། དྲེགས་པ་སྟེ་བདུན་གཙོར་སྤང་ཞིང་འདུ་བྱེད་གཞན་ཡང་བསྐྱུང་བ་དང་། ངག་གི་བྱ་བ་འཐབ་མོའི་གཏམ་དང་། བུད་མེད་ཀྱི་གཏམ་ལ་སོགས་ཏེ་འདུ་འཛིའི་གཏམ་རྣམས་མི་བྱ་བ་དང་། གླུ་གར་ལ་སོགས་པ་དབང་པོའི་སྤྱོད་ཡུལ་གཡེངས་བའི་ལས་རྣམས་མི་བྱ་བ་དང་། བཟླས་བརྗོད་ལ་ཞུགས་པའི་ཚེ་སེམས་གསང་སྔགས་ཉིད་ལ་དམིགས་པ་ལས་མ་གཏོགས་པ། བསམ་པ་མཆོག་ཏུ་གྱུར་པས་ཀྱང་བར་མི་བཅད་པ་དང་། ངག་གསང་སྔགས་ཉིད་ལས་མ་གཏོགས་པ་སྦྲིད་པ་དང་ལུད་པ་ལ་སོགས་པ་ངག་གི་གློ་བུར་བ་གཞན་གྱིས་བར་མི་བཅད་པ་དང་། ལུས་ཡན་ལག་མ་བསྐྱོད་ཅིང་མི་བསྒུལ་བ་དང་། རྡོ་རྗེའམ་རྡོ་རྗེ་ཁུ་ཚུར་རམ་རང་གི་ཕྱག་རྒྱ་མེད་པར་མི་བཟླས་པ་དང་། དེ་བཞིན་དུ་ཀུ་ཤའི་བསང་བྱེད་སྲིན་ལག་ལ་གདགས་པ་དང་། སྔགས་ཀྱི་གདུབ་བུ་བཅིང་བ་དང་། ཁུ་བ་འགག་པའི་བསྲུང་སྐུད་བཅིང་བ་དང་། བགེགས་སྲུང་བའིདུས་སུ་ས་མི་སྤོང་བ་དང་། བསྙེན་པ་དང་པོ་འམ་བར་མ་ལ་སོགས་པ་ཚོམས་གཅིག་ཏུ་གཏོགས་པ་ལ་གནས་དུས་གཉིས་སུ་བཅད་དེ་མི་བཟླས་པ་དང་། སྔགས་པ་རབ་ཏུ་བྱུང་བ་མ་ཡིན་ཡང་ཕྱོགས་དང་གོས་དང་ཟས་རྣམས་ཀྱི་མི་རུང་བ་དང་། འབགས་པ་རྣམས་སྤང་བ་དང་། དུས་གསུམ་དུ་ཁྲུས་བྱ་ཞིང་གོས་གསུམ་བརྗེ་པ་ལ་སོགས་པ་ལྟ་བུ་རྣམས་སོ། །གྲུབ་པའི་སྤྱོད་པའི་ལྷག་པའི་དམ་ཚིག་ནི། དངོས་གྲུབ་ཀྱི་མཐུ་བསྙེམས་ནས་བག་མེད་པར་གྱུར་ཏེ། དྲེགས་རྒྱགས་ཀྱི་དབང་གིས་དངོས་གྲུབ་ཉམས་པར་མི་བྱ་སྟེ། སྤྱིའི་དམ་ཚིག་ལས་མི་འདའ་བ་དང་། སེམས་ཅན་ཇི་ལྟར་འདུལ་བ་བཞིན་དུ་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱ་བ་དང་། དངོས་གྲུབ་མ་ཐོབ་པ་རྣམས་ཀྱིས་ཀྱང་ལས་བསྒྲུབ་པའི་དུས་སུ་ལྷའི་བརྟུལ་ཞུགས་སུ་གཏོགས་པ། གོས་དང་ཟས་དང་འདུག་སྟངས་དང་ལྟ་སྟངས་ལ་སོགས་པ་ཆོ་ག་ཐམས་ཅད་ གཞུང་བཞིན་དུ་བསྒྲུབ་པ་ལྟ་བུ་རྣམས་སོ། །དེ་ལྟར་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་འདི་རྣམས་ཀྱང་དོན་གྱི་དབང་དང་སྒོ་རེ་རེས་རྣམ་པར་བཞག་པ་ཡིན་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་ཐ་དད་པ་ཡང་མ་ཡིན་ལ། རྣམ་པར་བཞག་པ་ཐ་དད་པ་མེད་པའང་མ་ཡིན་ནོ། །ཇི་ལྟ་ཞེ་ན། གང་དག་སྤྱིའི་དམ་ཚིག་ཁོ་ན་ཡིན་གྱི་ཁྱད་པར་དང་ལྷག་པའི་དམ་ཚིག་ཏུ་མི་འཇུག་པའང་ཡོད་དེ། འདི་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལྟ་བུ་གཞུང་དང་གང་ཟག་དང་ལྷ་ཐམས་ཅད་ཀྱི་ཐུན་མོང་གི་སྡོམ་པར་གྱུར་པ་ལྟ་བུའོ། །གཞན་ཡང་ཁྱད་པར་གྱི་སྡོམ་པ་ཁོ་ནར་འགྱུར་གྱི་སྤྱི་དང་ལྷག་པར་མི་འཇུག་པའང་ཡོད་དེ། འདི་ལྟར་རབ་ཏུ་ བྱུང་བའི་རྟགས་འཛིན་པ་ལྟ་བུའོ། །ལྷག་པའི་དམ་ཚིག་ཁོ་ནར་འགྱུར་གྱི་སྤྱི་དང་ཁྱད་པར་དུ་མི་འཇུག་པའང་ཡོད་དེ། ལེགས་པར་ཕུལ་བའི་ཡོན་མི་བླང་བ་ལྟ་བུའོ། །གཞན་ཡང་གང་དག་སྤྱི་དང་ཁྱད་པར་གཉི་གར་འཇུག་གི་ལྷག་པའི་དམ་ཚིག་ཏུ་མི་འཇུག་པའང་ཡོད་དེ། འདི་ལྟར་བཅས་པའི་ཁ་ན་མ་ཐོ་བ་ཁ་ཅིག་ལྟ་བུའོ། །གང་དག་སྤྱི་དང་ལྷག་པ་གཉིས་གར་འཇུག་གི་ཁྱད་པར་གྱི་དམ་ཚིག་ཏུ་མི་འཇུག་པའང་ཡོད་དེ། འདི་ལྟར་དད་པའི་རྩ་བ་བརྟེན་པར་བྱ་བ་ལྟ་བུའོ། །གང་དག་ཁྱད་པར་དང་ལྷག་པ་གཉི་གར་འཇུག་གི་སྤྱི་ཡི་དམ་ཚིག་ཏུ་མི་འཇུག་པའང་ཡོད་དེ། འདི་ལྟར་དུས་མ་ཡིན་པའི་ཁ་ཟས་མི་བཟའ་བ་ལྟ་བུ་དག་གོ། གཞན་ཡང་གང་དག་སྐབས་ཀྱིས་གསུམ་ཆར་དུ་འཇུག་པའང་ཡོད་དེ། བཟླས་བརྗོད་ཀྱི་ཡན་ལག་ཁ་ཅིག་ལྟ་བུའོ། །དེ་བས་ན་སྤྱི་དང་ཁྱད་པར་ དང་། ལྷག་པའི་དམ་ཚིག་ཅེས་བྱ་བའི་དབྱེ་བ་འདི་ནི། གང་དག་གཞུང་དང་གང་ཟག་དང་ལྷ་རྣམས་ཀྱི་དབང་ལས་ལྷག་པར་མི་བསྲུང་དུ་མི་སྣང་༼གནང་། ༽བ་དང་། ཇི་ལྟར་ནུས་པ་བཞིན་དུ་བསྲུང་བ་དང་། ཁ་ཅིག་བསྲུང་བར་ནུས་ཀྱང་བསྲུང་དུ་མི་སྣང་༼གནང་། ༽བ་རྣམས་ལེགས་པར་ངོ་ཤེས་པར་བྱ་བའི་ཕྱིར་རྣམ་པ་གསུམ་དུ་ཕྱེ་སྟེ་བསྟན་པ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་དུ་རང་གི་ངོ་བོ་ཐ་དད་པར་གཟུང་བར་མི་བྱ་མོད་ཀྱི། སྐབས་ཀྱི་ཁྱད་པར་དུ་བསྲུང་ཞིང་དུས་ལྷག་པར་བསྲུང་བ་རྣམས་ཀྱང་མེད་པ་མ་ཡིན་ཏེ། དེ་དག་རྣམ་པར་དབྱེ་བ་འདིས་ལེགས་པར་ཤེས་པར་འགྱུར་རོ། །དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ལས་སྤྱི་དང་ཁྱད་པར་དང་ལྷག་པའི་དམ་ཚིག་གསུམ་དུ་གཙོར་བསྟན་པ་མཛད་ལ། བྱ་བའི་རྒྱུད་དུ་ཡང་ཚུལ་དེ་དང་མཐུན་པར་སྟོན་ཏོ། །གཞན་ཡང་ཐེག་པ་ཆེན་པོ་ཕ་རོལ་དུ་ཕྱིན་ པའི་ཚུལ་ལས་ཚུལ་ཁྲིམས་ཐམས་ཅད་རྣམ་པ་གསུམ་དུ་བསྡུས་ནས་གསུངས་ཏེ། ཚུལ་འདིས་ཀྱང་གསང་སྔགས་ཀྱི་དམ་ཚིག་ཐམས་ཅད་ཀྱང་བསྡུ་རུ་རུང་ངོ་། །གཞན་ཡང་གསང་སྔགས་ཀྱི་ཚུལ་ལས། བསྲུང་བའི་དམ་ཚིག་དང་། སྤྱད་པར་བྱ་བའི་དམ་ཚིག་དང་། སྒྲུབ་པའི་དམ་ཚིག་དང་གསུམ་དུ་བསྡུས་ནས་ཀྱང་གསུངས་ཏེ། ཚུལ་འདིས་ཀྱང་ཐེག་པ་ཆེན་པོའི་སྡོམ་པ་ཐམས་ཅད་བསྡུས་ཏེ། འདི་ལྟར་བྱ་བ་མ་ཡིན་པ་ལས་ལྡོག་པ་ཐམས་ཅད་ནི་བསྲུང་བའི་དམ་ཚིག་ཏུ་བསྡུས་སོ། །བྱ་བ་ལ་འཇུག་པ་ལ་རིས་གཉིས་སུ་ཕྱེ་སྟེ་འདི་ལྟར་སེམས་ཅན་གྱི་དོན་དང་། རྡོ་རྗེ་སློབ་དཔོན་དང་མཆེད་ལ་སོགས་པ་གང་ཟག་ཁྱད་པར་ཅན་གྱི་དོན་དང་། དཀོན་མཆོག་གི་དོན་ལ་སོགས་པའི་ཕྱིར་ལས་གང་དག་དངོས་གཞི་དགེའང་རུང་མི་དགེའང་རུང་སྟེ། དམིགས་ཀྱིས་སྤྱད་པར་བྱ་བར་ གསུངས་པ་ནི་སྤྱད་པར་བྱ་བའི་དམ་ཚིག་གོ །ཕྱོགས་གཅིག་ནི་འདི་ལྟར། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་གྱི་དངོས་གྲུབ་མན་ཆད་ནས་ལས་ཕྲ་མོའི་དངོས་གྲུབ་ཡན་ཆད། ལམ་དང་འབྲས་བུར་བཅས་པའི་ཆོས། ཕན་པ་དང་བདེ་བ་དང་བཅས་པ་མྱུར་དུ་སྒྲུབ་ཅིང་བརྩོན་པར་བྱ་བའི་དམ་ཚིག་རྣམས་ནི་སྒྲུབ་པའི་དམ་ཚིག་ཏུ་བསྟན་ཏོ། །དེ་ལས་བསྲུང་བར་བྱ་བའི་དམ་ཚིག་གི་སྐབས་སུ་གོང་དུ་ཇི་སྐད་བསྟན་པ་ལས་སོ་སོར་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་པའི་སྡོམ་པ་དང་རིག་པ་འཛིན་པའི་སྡོམ་པ་རྣམས་ལས་བྱ་བ་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་ཐམས་ཅད་དོ། །སྤྱད་པར་བྱ་བའི་དམ་ཚིག་གི་སྐབས་སུ་ནི། བསླབ་པའི་གཞི་ལས་དགེ་བ་བཅུ་དང་། བསླབ་པའི་གཞི་རྣམས་ལས་ཀྱང་སེམས་ཅན་གྱི་དོན་དུ་འགྱུར་བ་རྣམས་ཐབས་ཀྱིས་ཟིན་པར་བྱ་བ་དང་། གྲུབ་པའི་སྤྱོད་པའི་སྐབས་སུ་དངོས་གྲུབ་སྒྲུབ་པའི་རྗེས་ལ། གྲུབ་པ་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་སྟེ་ཕྲིན་ལས་སྣ་ཚོགས་ཀྱི་སྒོ་ནས་འདི་ལྟར་བསྟན་པ་ལ་མ་ཞུགས་པ་རྣམས་དབང་གི་ལས་ཀྱིས་གཞུག་པ་དང་། ཞུགས་པ་རྣམས་ཞི་བ་དང་རྒྱས་པར་བྱ་བ་དང་། གང་དག་འདུལ་བར་མ་གྱུར་པ་རྣམས་དྲག་པོའི་ལས་ཀྱིས་ཚར་གཅད་པ་དང་། ཁྱད་པར་དུའང་རྡོ་རྗེའི་མཆེད་ལ་སོགས་པ་ལ་བསྐྱང་ཞིང་བསྲུང་བ་དང་སྤེལ་བ་ལ་སོགས་པ་བྱ་བ་ནི་སྤྱད་པའི་དམ་ཚིག་ཏུ་བསྟན་ཏོ། །སྒྲུབ་པའི་དམ་ཚིག་ནི། བདག་ཉིད་ཀྱི་རྒྱུད་ལ་གོ་འཕང་གི་ཆོས་ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུབ་ཀྱིས་འབད་པར་བྱ་བ་རྣམས་ཏེ། དེ་བས་ན་འདི་གཉིས་ནི་བྱ་བ་ལ་འཇུག་པའི་སྡོམ་པར་འདྲ་མོད་ཀྱི། བདག་གི་དོན་དང་གཞན་གྱི་དོན་གང་གཙོར་བྱས་པ་དེ་ཡིས་ཕྱེ་བ་དང་། དངོས་གྲུབ་དང་ལས་ཀྱིས་ཕྱེ་བའི་བྱེ་བྲག་གིས་རྣམ་པ་གཉིས་སུ་བཤད་དོ། །གཞན་ཡང་དམ་ཚིག་ཐམས་ཅད་རྩ་བ་དང་ཡན་ལག་གཉིས་སུ་ཡང་བསྡུས་ཏེ། དེ་ཡང་འདི་ལྟར་གང་ཞིག་ཉམས་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རིགས་འཆད་པར་འགྱུར་བ་རྣམས་ནི་རྩ་བའི་དམ་ཚིག་གོ །གང་ཞིག་ ཉམས་ན་འབྲས་བུ་མྱུར་དུ་འགྲུབ་པ་ལ་གེགས་བྱེད་པར་འགྱུར་བ་རྣམས་ནི་ཡན་ལག་གི་དམ་ཚིག་ཏུ་གྲགས་སོ། །དེ་ཡང་རྒྱུད་ཁ་ཅིག་ལས་ནི་རྩ་བའི་རྩ་བར་གྱུར་པ་རྣམས་བསྡུས་ནས་རྩ་བའི་དམ་ཚིག་ཏུ་བསྟན་ཏོ། །དེའི་གྲོགས་ཕལ་མོ་ཆེ་ནི་ཡན་ལག་གི་དམ་ཚིག་ཏུ་བསྟན་ཏོ། །རྒྱུད་ཁ་ཅིག་ལས་ནི་གཞན་དུ་ཡན་ལག་ཏུ་བསྟན་པ་དེ་ཡང་རྩ་བར་གསུངས་པ་ཡང་ཡོད་དེ། དེའི་དགོངས་པ་ནི་གདུལ་བྱའི་དབང་ལས་དམ་ཚིག་སོ་སོར་བསྟན་ཏོ། །ཞེས་གསུངས་པས། དེའི་དབང་གི་རྣམ་པར་བཞག་པར་མངོན་ནོ། །དེ་ཡང་འདི་ལྟར། ཇི་ལྟར་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས། སྡོམ་པ་ཐམས་ཅད་ཀྱང་ཕམ་པ་ལྟ་བུར་འགྱུར་བའི་ལྟུང་བར་གསུངས་པ་དང་། ཉེས་བྱས་སུ་འགྱུར་བར་གསུངས་པ་ལྟར། རྒྱུད་ཁ་ཅིག་ལས་དམ་ཚིག་ཐམས་ཅད་རྩ་བ་དང་ཡན་ལག་ཏུ་བསྡུས་ནས་གསུངས་སོ། །ཇི་ལྟར་སོ་སོར་ཐར་པའི་སྡོམ་པ་ལས་ཕམ་པ་ལ་སོགས་པ་སྡོམ་པ་རིས་དུ་མར་ཕྱེ་བ་བཞིན་དུ། རྒྱུད་ཁ་ཅིག་ལས། གསང་སྔགས་ཀྱི་དམ་ཚིག་ཀྱང་རྩ་བའི་ལྟུང་བ་དང་། སྦོམ་པོའི་ལྟུང་བ་དང། ཡན་ལག་ལ་སོགས་པར་ཕྱེ་ནས་གསུངས་སོ། །རྒྱུད་ཁ་ཅིག་ལས་ནི། སེམས་ཅན་གྱི་རྣམ་པར་རྟོག་པ་མཐའ་ཡས་པའི་ཕྱིར་དམ་ཚིག་མཐའ་ཡས་སོ། །ཞེས་ཀྱང་གསུངས་ཏེ། དེའི་ཕྱིར་གསང་སྔགས་ཀྱི་དམ་ཚིག་ནི། སེམས་ཅན་གྱི་ཉོན་མོངས་པ་མཐའ་དག་གི་གཉེན་པོར་སྟོན་པས་གསུངས་པ་ཡང་མཐའ་ཡས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་སྤྱད་པར་བྱ་བ་ཡང་མཐའ་ཡས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པས་སྒྲུབ་པའི་དམ་ཚིག་ཀྱང་མཐའ་ཡས་སོ། །ད་ནི་གང་དག་ཕུང་པོའི་ཚུལ་དུ་རིམ་པ་དང་རིས་སུ་ཕྱེ་བ་མེད་པར་བསྟན་པས་དགའ་བར་འགྱུར་བ་རྣམས་ཀྱི་ཕྱིར་དང་། ཆོ་ག་ཞིབ་མོ་ལ་དགའ་བ་རྣམས་ཀྱི་ཕྱིར་རེ་ཞིག་རྒྱུད་སོ་སོ་ལས་ཇི་ལྟར་གྲགས་པ་བཞིན་དུ། འདུལ་བ་དང་། བརྟུལ་ཞུགས་དང་། དམ་ཚིག་དང་། ཚུལ་ཁྲིམས་དང་། སྡོམ་པ་ལ་སོགས་པའི་སྐད་ཀྱིས་ཇི་སྐད་བསྟན་པ། སྦྱོར་བ་དང་འཇུག་པའི་སྤྱོད་པ་དང་། དངོས་གྲུབ་སྒྲུབ་པའི་སྤྱོད་པ་དང་། གྲུབ་པའི་སྤྱོད་པ་རྣམས་ལས་ཅི་རིས་སུ་བསྟན་པ་རྣམས། གཞུང་སོ་སོ་ཉིད་ཀྱི་ཁུངས་ལས་ཇི་སྐད་སྨོས་པ་རྣམས་དེ་བཞིན་དུ་བསྡུས་ཏེ་བསྟན་པར་བྱའོ། །དེ་ལ་དང་པོར་རིག་སྔགས་ཀྱི་འདུལ་བ་བསྟན་པ་ཞེས་བྱ་བའི་བརྡའ་དང་སྐད་ཀྱིས་བསྟན་པ་ནི། འདི་ལྟར་འཕགས་པ་སུ་སིདྡྷི་ཀ་ར་ལས། གསང་སྔགས་ཟློས་པའི་འདུལ་བ་དང་། །སྡོམ་པ་དག་ཀྱང་ཇི་ལྟ་བུ། །ཞེས་ཞུས་པའི་ལན་བཤད་པའི་སྐབས་ནས་གསུངས་པ། དེ་ནས་གཞན་ཡང་གང་ཞིག་ལ། །གནས་ན་བཟློས་པ་པོ་རྣམས་ཀྱིས། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །གསང་སྔགས་ཟློས་པའི་འདུལ་བ་བཤད། །སྒྲུབ་པའི་གསང་སྔགས་ཐམས་ཅད་དང་། །ལྷ་རྣམས་དག་ནི་ཐམས་ཅད་དང་། །ཟློས་པ་བདག་ཉིད་ཆེན་པོ་ལ། །མཁས་པས་ཞེ་སྡང་མི་བྱའོ། །མཁས་པས་གསང་སྔགས་ཆོ་ག་དང་། །གསང་སྔགས་རང་བཟོར་མི་བྱ་ཞིང་། རང་བཞིན་ངན་པའི་མི་དག་ལ། །བརྙས་པར་ཡང་ནི་མི་བྱའོ། །བླ་མ་དཀྱིལ་འཁོར་སྟོན་པ་ནི། །སྤྱོད་པ་ངན་པ་གྱུར་ན་ཡང་། །ངག་གམ་ཡང་ན་ཡིད་ཀྱིས་སུ། །ནམ་ཀྱང་སྨད་པར་མི་བྱའོ། །མཁས་པས་རིག་སྔགས་དག་ལ་ནི། །ཁྲོས་ནས་གནན་དང་བཅིང་བ་དང་། །བཅད་པ་དང་ནི་ཚར་བཅད་དང་། །དྲག་སྤྱོད་དེ་དང་དེ་མི་བྱ། །གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱ་སྟེ། །བསྙེན་བཀུར་མ་བྱས་པ་ལ་ཡང་། །ཆོ་ག་ཤེས་པའི་སྔགས་མི་སྦྱིན། །རྒྱུད་ཤེས་མཁས་པས་གསང་སྔགས་དང་། །ཕྱག་རྒྱ་ཆོ་ག་ཞིབ་མོ་དང་། །རྒྱུད་དང་དཀྱིལ་འཁོར་བཤད་པ་དག །དཀྱིལ་འཁོར་མ་ཞུགས་ལ་མི་སྦྱིན། །མཚོན་ཆ་འདྲ་བ་ཐམས་ཅད་དང་། །དེ་བཞིན་སེམས་ཅན་འདྲ་བ་དག །ཕྱག་རྒྱ་སྣ་ཚོགས་འདྲ་བ་དང་། །བཟའ་བར་མི་བྱ་འགོང་མི་བྱ། །སྒྲུབ་པ་པོ་ནི་བློ་ལྡན་གྱིས། སྨན་རྣམས་སྨད་པར་མི་བྱ་སྟེ། །མི་གཙང་བས་ ཀྱང་རེག་མི་བྱ། །རྐང་པས་ཀྱང་ནི་མི་བསྒོམ་མོ། །ཐེག་པ་ཆེན་པོ་པ་དག་དང་། །ཤེས་རབ་རྩལ་གྱིས་བརྩད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག །ཐོས་ནས་སུན་ཡང་མི་དབྱུང་ངོ་། །སྔགས་ཀྱི་སྒྲུབ་པ་པོ་དག་ཀྱང་། །ལྷན་ཅིག་ནམ་ཡང་འགྲན་མི་བྱ། །ཉེས་པ་ཆུང་ངུ་དག་ལ་ནི། །ཁྲོས་ནས་དྲག་ཤུལ་བཅད་མི་བྱ། །བཟློས་པ་ཆོ་ག་ལ་གནས་པས། །གླུ་གར་རྩེད་མོ་མི་བྱ་སྟེ། །མཛེས་པར་བྱ་ཕྱིར་ཕྲེང་བ་དང་། །ཁ་དོག་བཅང་བར་མི་བྱའོ། །འགོང་བ་དང་ནི་མཆོང་པ་དང་། །རྒྱུག་པ་དང་ནི་ཙབ་ཧྲལ་དང་། །ལུས་ལས་འབྱུང་བའི་གནས་ངན་ལེན། །ཐམས་ཅད་ཡོངས་སུ་སྤང་བར་བྱ། །བདེན་པའི་ཆོས་ལ་ གནས་པ་ཡིས། །ལོག་པར་གཏམ་དང་འགྱུར་དང་རྩུབ། །དབྱེན་གྱི་ཚིག་ཀྱང་སྤང་བར་བྱ། །དོན་མེད་གཏམ་མང་མི་བྱའོ། །མུ་སྟེགས་ཅན་དང་གནས་པ་དང་། །རྩོད་པ་དག་ཀྱང་མི་བྱ་ཞིང་། །གདོལ་པ་ལ་སོགས་རིགས་ངན་དང་། །གསང་སྔགས་ཟློས་པ་སྨྲ་མི་བྱ། །བློ་ཅན་བཟླས་བརྗོད་བྱེད་པ་ན། །སྔགས་གཡོག་གཅིག་པུ་མ་གཏོགས་པར། །གཞན་དང་ལྷན་ཅིག་དགོས་མེད་པར། །འགའ་དང་ཡང་ནི་སྨྲ་མི་བྱ། །འབྲུ་མར་དག་གིས་ལུས་མི་བསྐུ། །ཏིལ་ཡང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་པ་ཚྭ་དག་དང་། །བཅའ་སྐྱུར་རྣམ་པ་ཐམས་ཅད་དང་། །ཅུང་སེང་དང་ནི་སྲན་རིལ་དང་། །དེ་བཞིན་མ་ཤའི་སྲན་ཆན་དང་། །ཏིལ་གྱི་ཅུང་སེང་ལ་དུ་དག །དངོས་གྲུབ་འདོད་པས་རྣམ་པར་སྤང་། །ལོག་འདྲེན་དག་གི་ཟས་ཀུན་དང་། །གཏོར་མའི་ཁ་ཟས་ཐམས་ཅད་དང་། །ཀྲི་ས་ར་དང་འོ་ཐུག་ཀྱང་། །གསང་སྔགས་ཟློས་པས་རྣམ་པར་སྤང་། །ཤིང་རྟ་ལ་སོགས་བཞོན་པ་དང་། །པད་མ་ལ་སོགས་རྫི་མི་བྱ། །ཁ་ཟས་ལྷག་མ་བོར་བ་ལ། །རྐང་པས་ཀྱང་ནི་རེག་མི་བྱ། །སྒེག་པའི་ཆོ་ག་ཐམས་ཅད་དང་། །ལྷམ་དང་གདུགས་དག་འཆང་བ་དང་། །ལུས་ཀྱི་བྱ་བྱེད་ཐམས་ཅད་དག ། གསང་སྔགས་ཟློས་པས་རྣམ་པར་སྤང་། །རྐང་པས་རྐང་པ་མཉེ་བ་དང་། །ལག་པས་ལག་པ་མཉེ་མི་བྱ། །བཤང་གཅི་དག་ནི་ཆུར་མི་དོར། །དེ་དང་ཉེ་བར་དོར་མི་བྱ། །སྙིམ་པ་ཁོ་ནར་མི་བཟའ་སྟེ། །མཁར་བའི་སྣོད་དུའང་བཟའ་མི་བྱ། །ལོ་མའི་རྒྱབ་དུའང་མི་བཟའ་ཞིང་། །མཁས་པས་ཆགས་པའི་ཟས་མི་བཟའ། །ཁྲི་ རྣམས་དང་ནི་ཁྲིའུ་དག་ལ། །སྒྲུབ་པ་བློ་ལྡན་མི་གཙང་བ། །གཞན་དང་ཉལ་བར་མི་བྱ་སྟེ། །གན་རྐྱལ་ཁ་སྦུབ་དུའང་མིན། །དེ་བཞིན་སྐྱིལ་ཀྲུང་བཅས་མིན་ནོ། །ཡང་དང་ཡང་དུ་མི་བཟའ་སྟེ། །ཧ་ཀྱང་ཆུང་དང་ཆེར་མི་བཟའ། །མི་བཟའ་བ་ཡང་མི་བྱ་ལ། །གང་དག་དོགས་པའང་མི་བཟའ་འོ། །ངོ་མཚར་རྣམས་ལ་དགའ་མི་བྱ། །ལྟད་མོ་ཀུན་ལའང་མི་བལྟ་ཞིང་། །བུད་མེད་ཡུལ་ལ་འཇོལ་ཉོག་ལ། །ཞེན་པའི་སེམས་ཀྱིས་ཆགས་མི་བྱ། །སྔགས་ཟློས་ཆོ་ག་ལ་གནས་པས། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཟས་དང་དེ་བཞིན་སྤྱོད་པ་ལ། །མ་བསྡམས་པར་ནི་ཡོང་མི་བྱ། །སྔགས་བཟློས་ཁྱིམ་པ་མཁས་པ་ཡིས། །ཁ་དོག་བསྒྱུར་བའི་གོས་མི་བགོ །དེ་བཞིན་རྙིང་དང་དྲི་མ་ཅན། གོས་གཅིག་པར་ནི་ཡོང་མི་བྱ། །བདག་ལ་སྨད་པར་མི་བྱ་ཞིང་། །རང་ལ་མི་དགར་མི་བྱ་སྟེ། །སྐྱོ་བར་ཡང་ནི་མ་གྱུར་དང་། །ནད་ཀྱིས་འགོང་བར་མི་བྱའོ། །བཀའ་ལན་སྩལ་བ་མ་གཏོགས་པར། །བདག་གིས་གསང་སྔགས་གཏང་མི་བྱ། །གཏི་མུག་བློས་ནི་མི་སྨད་ཅིང་། །སྒྲིམ་པ་ལྷོད་པར་མི་བྱའོ། །ཡིད་ནི་གཞན་དུ་མ་གྱུར་དང་། །བསམ་པ་མང་པོ་མ་ཡིན་དང་། །མི་གཙང་ཆགས་པའི་སེམས་མེད་པར། །ཟློས་པ་པོས་ནི་གསང་སྔགས་གདོན། །གདོན་གྱི་ལས་རྣམས་མི་བྱ་ཞིང་། །བསྲུང་དང་སླར་བཟློག་མི་བྱའོ། །རང་གི་སྔགས་སམ་གཞན་གྱིས་ཀྱང་། །ཟློས་པས་དུག་གི་ལས་མི་བྱ། །སྒྲུབ་ལ་དགོས་པ་མ་གཏོགས་པར། །གསང་སྔགས་གཞན་དུ་སྤྱད་མི་བྱ། །འགྲན་པ་དང་ནི་སད་ཕྱིར་ཡང་། །བདག་ གིས་གསང་སྔགས་མི་སྦྱར་རོ། །བློ་ལྡན་གྱིས་ནི་དུས་གསུམ་བཟླས། །དུས་གསུམ་དུ་ནི་ཁྲུས་བྱ་སྟེ། །མཚོ་ལ་སོགས་པའི་ཆུ་ལ་ནི། །སྔགས་ཀྱིས་བཏབ་ཏེ་བཀྲུ་བར་བྱ། །རིག་སྔགས་དག་ཀྱང་བཀྲུས་ནས་ནི། །མཁས་པས་ལྷ་ཡི་གནས་སུ་འགྲོ། །དེའི་བར་དུ་མི་ཁྲོ་ཞིང་། །འདོད་ཆགས་ཅན་དུ་མི་བྱའོ། །ལྷ་ལ་གཞོལ་བའི་ཡིད་ཀྱིས་སུ། །མ་ཡེངས་པར་ཡང་འགྲོ་བར་བྱ། །སྡོམ་པ་དག་ནི་གཟུང་བ་དང་། །ནན་ཏན་དུ་ནི་དམ་ཚིག་བསྲུང་། །བཟླས་བརྗོད་ཆོ་ག་མཁས་པ་ཡིས། །བཟླས་བརྗོད་བྱས་ལ་བརྩོན་པ་དང་། །རྟག་ཏུ་དཀྱིལ་འཁོར་བྱ་བ་དང་། །གླེགས་བམ་དག་ཀྱང་རྟག་ཏུ་ཀླག །མཁས་པས་མཆོད་རྟེན་རྟག་ཏུ་གདབ། །དགེ་བའི་ཕྱོགས་ཀྱང་རྟག་ཏུ་བྱ། །སྒྲུབ་པ་པོ་ནི་བློ་ཅན་གྱིས། །དུས་གསུམ་དུ་ཡང་སྐྱབས་སུ་འགྲོ། །དུས་གསུམ་དུ་ནི་སྡིག་པ་བཤགས། །དུས་གསུམ་བྱང་ཆུབ་སེམས་ཀྱང་བསྐྱེད། །རྒྱུད་མཐོང་ཆོ་ག་ཤེས་པ་ཡིས། །དུས་གསུམ་དུ་ཡང་སྨོན་ལམ་གདབ། །ཆོ་གར་སྤྱད་པ་དེ་དང་དེ། །ཇི་ལྟར་འདོད་པར་ཅི་ནུས་བྱ། །རྟག་ཏུ་གཏོང་ལ་བརྩོན་པ་དང་། །འཇུངས་བྲལ་སྙིང་རྗེར་ལྡན་པ་དང་། །རྟག་ཏུ་བཟོད་ཅིང་བྱམས་པར་ལྡན། །རྟག་ཏུ་བརྩོན་འགྲུས་ལྡན་པར་བྱ། །རྗེས་སུ་དྲན་པ་དྲུག་རྣམས་ཀྱང་། །བསམ་པ་དེས་པས་རྟག་ཏུ་བསྒོམ། །རྣམ་པ་སྣ་ཚོགས་ཆོས་ཉན་ནས། །མོས་པས་རྣམ་པར་དཔྱད་པར་བྱ། །གསང་སྔགས་ཆོ་ག་ཞིབ་ཀླག་ཅིང་། །སྔགས་དང་ཕྱག་རྒྱ་རྣམས་ཀྱང་མཆོད། །ཆོ་ག་ལས་ནི་འབྱུང་བ་བཞིན། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །ཡང་དག་ལྟ་བ་ངེས་གྱུར་ཅིང་། །བྱང་ཆུབ་སེམས་ནི་བརྟན་བྱས་པའི། །དགེ་སློང་ལ་སོགས་འཁོར་བཞི་རྣམས། །མཁས་པས་རྟག་ཏུ་གཟུད་པར་བྱ། །དམ་ ཚིག་ཕྱག་རྒྱ་བཅིངས་ནས་སུ། །རང་གི་གསང་སྔགས་རྒྱུད་རྣམས་བསྟན། །མཁས་པས་གསང་སྔགས་ལུང་གི་རྣམས། །ཐམས་ཅད་ཡང་དག་རྒྱས་པར་བྱ། །སྒྲུབ་པ་པོས་ནི་ཚེས་བརྒྱད་དང་། །བཅུ་བཞི་དང་ནི་བཅོ་ལྔ་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཁྱད་པར་དུ་ནི་མཆོད་པར་བྱ། །བཟླས་བརྗོད་སྦྱིན་སྲེག་མཆོད་པ་དང་། །དེ་བཞིན་སྡོམ་པ་གཟུང་བ་དང་། །ཁྱད་པར་དུ་ནི་བསོད་ནམས་ལ། །གུས་ཤིང་མངོན་པར་བརྩོན་པར་བྱ། །མཁས་པས་སྔགས་ནི་འདི་ཉིད་ཀྱི། །བརྒྱ་འམ་ཡང་ན་སྟོང་དག་ཏུ། །མངོན་པར་བསྔགས་པ་བྱས་པ་ཡི། །ལས་ཀྱི་རྡོ་རྗེ་རྟག་ཏུ་བཅང་། །སྒྲུབ་པོ་བཟླས་བརྗོད་བྱེད་པ་ན། །སྤོས་ཀྱིས་བྱུག་པའི་གདུབ་བུ་དག །བགྲང་ཕྲེང་རིགས་དང་མཐུན་པ་ནི། །རྟག་ཏུ་ལག་ལ་གདག་པར་བྱ། །ས་བོན་དགག་པའི་བསྲུང་སྐུད་བཅིང་། །བཟླས་བརྗོད་སྦྱིན་སྲེག་ཆོ་ག་ལ། །རྟག་ཏུ་སྟོད་གཡོགས་བགོ་བར་བྱ། །ཉལ་དང་འཕྲེས་ལ་ ཉེས་པ་མེད། །དེ་ཡང་མངོན་པར་བསྔགས་པར་བྱ། །ཕྱི་རོལ་པར་ནི་ཤིང་གི་ལྷམ། །རྟག་ཏུ་ཡང་ནི་བགོ་བར་བྱ། །ལྷ་དང་བླ་མ་མཆོད་གནས་ཀྱི། །གནས་དག་ཏུ་ནི་རྣམ་པར་སྤང་། །གང་དག་རྟག་ཏུ་བརྩོན་པ་ཡི། །ཟློས་པ་དངོས་གྲུབ་འདོད་པ་དེས། །ལུས་དང་ངག་ཡིད་འཇུག་པ་ཡིས། །རྟག་ཏུ་མཆོད་གནས་འཇུག་པར་བྱ། །མཆོད་རྟེན་མཐོང་ན་ཕྱག་བྱ་ཞིང་། །དགེ་སློང་མཐོང་ནའང་ཕྱག་བྱའོ། །ལྷ་དག་མཐོང་ན་རིམ་འགྲོ་བྱ། །བླ་མ་མཐོང་ནའང་མཆོད་པར་བྱ། །ཟབ་མོའི་ཆོས་ནི་བཤད་པ་དག །ཐོས་ནས་དད་པ་བསྐྱེད་པར་བྱ། །བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གི། མཐུ་ལ་རབ་ཏུ་དགའ་བར་བྱ། །སྔགས་ཀྱི་ལས་རྣམས་ཇི་སྙེད་པ། །ཐོས་ནས་ཡིད་ནི་སྤྲོ་བར་བྱ། །སྒྲུབ་བོ་དངོས་གྲུབ་འདོད་པས་ནི། །བློ་དང་ལྡན་པས་བརྩོན་འགྲུས་བསྐྱེད། །འདི་བྱ་འདི་ནི་མི་བྱའོ་ཞེས། །རིག་སྔགས་འདུལ་བས་སྨོས་པ་དང་། །བསླབ་བའི་སྡོམ་པ་གཉིས་ལ་ཡང་། །ཟློས་པས་རྟག་ཏུ་རྣམ་པར་བསམ། །རང་གི་བདེ་ལ་ཆགས་པ་དང་། །ཉིན་མཚན་དུ་ནི་སྤང་བར་བྱ། །འདི་དག་བྱས་ནས་འདི་བྱའོ་ཞེས། །མི་གཡེལ་བར་ནི་གྱུར་པར་བྱ། །ཉིན་པར་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤགས་པར་བྱ། །ནུབ་མོར་བྱས་པ་ནང་བར་བཤགས། །ལེགས་པར་བྱས་ལ་མངོན་དགའ་བྱ། །བཟླས་བརྗོད་སྦྱིན་སྲེག་གཙང་སྦྲ་དང་། །རིག་སྔགས་མཆོད་དང་རང་སྡོམ་དང་། །རིག་སྔགས་འདུལ་བ་དག་ལ་ཡང་། །སྒྲུབ་པ་པོས་ ནི་ནན་ཏན་གནས། །རིག་སྔགས་ཀྱི་འདུལ་བ་རིམ་པར་ཕྱེ་བའོ། །ཞེས་གསུངས་སོ། །འདུལ་བའི་སྐབས་སུ་སེམས་ཅན་གྱི་ལུས་འདྲ་བའི་ཁ་ཟས་སྤངས་པའང་ལྷ་ལ་ནི་འབུལ་དུ་རུང་སྟེ། །འདི་སྐད་དུ། ཁྱིམ་བྱ་ངང་བ་ར་མ་ཀ ། སིད་ཏ་བྲི་དུ་འོལ་བའི་དབྱིབས། །རི་དྭགས་བྱ་དང་ཉ་འདྲ་དང་། །གཟིག་དང་ཆུ་ཡི་གླང་པོའི་དབྱིབས། །འདི་ལ་སོགས་པ་བཟའ་བ་རྣམས། །རིགས་དང་ལས་དོན་དངོས་གྲུབ་ལ། །ཅི་རིགས་པར་ནི་དབུལ་བར་བྱ། །ཞེས་གསུངས་སོ། །ཡང་འདུལ་བའི་སྐབས་སུ་གཙང་སྦྲ་གསུངས་པ་ལས། རིགས་དང་ལས་ཀྱིས་སྐབས་ཀྱི་མི་གཙང་བའི་བརྟུལ་ཞུགས་དང་མཆོད་པ་ཡང་གསུངས་ཏེ། ཚེས་གྲངས་དག་དང་རྒྱུ་སྐར་དང་། །སྨྱུང་བར་གནས་པར་བྱ་མི་དགོས། །ཁྲོས་པ་བཙན་པར་བྱས་ནས་ནི། །མོད་ལ་དྲག་ཤུལ་སྤྱོད་པ་བརྩམ། །དམར་པོའི་གོས་ནི་བགོ་བའམ། །སྔོན་པོའམ་ཡང་ན་ཆུས་རླན་པ། །ཁྲག་གིས་སྤགས་པ་དག་ཀྱང་བཤད། །གཞན་ཡང་། དེར་ནི་དུས་གསུམ་དག་ཏུ་ཡང་། །ནག་པོའི་ས་ཡིས་བསྐུ་བའམ། །བོང་བུ་རྔ་མོ་ལ་སོགས་པའི། །རྟུག་པའམ་དུར་ཁྲོད་ཐལ་བས་བསྐུ། །ཞེས་པ་དང་། བསྲེག་བྱའི་རྫས་ཀྱང་། ཡུངས་ཀར་འབྲུ་མར་ཚ་བའམ། །རང་གི་ཁྲག་གམ་ལན་ཚའམ། །སྐེ་ཚེ་ནིམ་པའི་འོ་མ་འམ། །རྐང་རྗེས་སའམ་ཐལ་བའམ། །བོང་བུ་ལ་སོགས་རྟུག་པའམ། །སྐྲ་གཏུབས་པའམ་བྱ་རྟུག་གམ། །བྱ་ལ་སོགས་པའི་སྒྲོ་འམ་ཚིལ། །གཅིན་ནམ་ཡང་ན་ཚེར་མའམ། །གྱོ་མོའི་དུམ་བུའམ་རུས་ཕྱེ་འམ། །དེ་བཞིན་ཤ་ཆེན་ལ་སོགས་པ། །དྲག་ཤུལ་སྤྱད་ཕྱིར་སྦྱིན་བསྲེག་བྱ། །ཞེས་གསུངས་སོ། །འདུལ་བ་ལས། སེམས་ཅན་གྱི་ལུས་འདྲ་བ་ཡང་མི་བཟའ་ཞིང་མི་གཞོམ་མོ། །ཞེས་གསུངས་པ་ ལས། གང་ཟག་ངན་པ་གདུལ་བའི་ཕྱིར་བྱ་བར་གསུངས་པ་ཡང་ཡོད་དེ། །ཐལ་བ་སོལ་བ་ཕུབ་མ་སོགས། །ཡང་ན་ལན་ཚྭ་སྐེ་ཚེ་སོགས། །སྦྱིན་བསྲེག་དག་གི་ལས་རྣམས་ལས། །དགྲ་བོ་དག་གི་གཟུགས་བྱས་ལ། །གཟུགས་དེ་ རང་གི་མིང་སྨོས་ནས། །གཏུབ་ཅིང་གཏུབ་ཅིང་སྦྱིན་བསྲེག་བྱ། །ཡང་ན་དེ་ཡི་སྙིང་ག་རུ། །མནན་ནས་སྦྱིན་སྲེག་ལས་རྣམས་བརྩམས། །སྦྱིན་སྲེག་བཞིན་དུ་བཟླས་བརྗོད་ལའང་། །དགྲ་བོའི་གཟུགས་བརྙན་མནན་ཏེ་བྱ། །ཞེས་པ་དང་། དེ་ལྟར་དེ་ལས་མཁས་པ་ཡིས། །བདེ་བར་གཤེགས་པའི་བཀའ་སྨོད་དང་། །རང་བཞིན་ངན་དང་སྡང་བ་དང་། །དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །ལོག་པར་ལྟ་དང་སྡིག་ཅན་དང་། །ཚུལ་ཁྲིམས་འཆལ་དང་རྒོལ་བ་དང་། །བླ་མ་ལ་འཁུ་དེ་དག་ལ། །ཕན་ཚུན་ཁྲོ་བོ་བསྐྱེད་དེ་བྱ། །ཆོ་ག་ཞིབ་མོ་བཙན་བྱས་ཏེ། །སྡང་དང་གཡོ་སྒྱུ་ཅན་ལ་སྤྱད། །ངེས་པར་མྱོང་འགྱུར་ལས་ མང་པོ། །བདག་གིས་དང་དུ་བླང་དགོས་ནས། །དེ་ཡིས་ཉེས་པ་བྱས་པ་ཀུན། །ཚེ་འདི་ཉིད་ལ་སྨིན་པར་བྱ། །དགྲ་ལ་གནོད་པ་བྱ་བ་ཡང་། །ཉེས་དང་འཚམ་པར་བྱ་དགོས་པས། །ཉེས་པ་ཆུང་ངུ་བྱས་པ་ལ། །འཆི་བར་འགྱུར་བ་མི་བརྩམ་མོ། །ཞེས་གསུངས་པ་ལྟ་བུའོ། །སྒྲུབ་པ་པོ་རྣམས་ཀྱི་ཁྱད་པར་གྱི་བརྟུལ་ཞུགས་གསུངས་པ། གཙང་མའི་གནས་སུ་གཙང་སྦྲ་ཅན། །མཉམ་པར་བཞག་སྟེ་ལེགས་འདུག་ནས། །ཇི་སྲིད་ཡིད་ནི་མི་སྐྱོ་བར། །དེ་སྲིད་བར་དུ་བཟླས་བརྗོད་བྱ། །ཆོ་ག་བཤད་པ་ཐམས་ཅད་དང་། །ལུས་ཀྱི་གཙང་སྦྲ་བྱས་ནས་སུ། །སྔ་དྲོ་མེལ་ཚེ་ཐུན་གཅིག་དང་། །ཕྱི་དྲོའང་མེལ་ཚེ་ཐུན་གཅིག་བཟླས། །ཉི་མའི་གུང་ལ་ཐུན་ཕྱེད་དམ། །ཡང་ན་ཐུན་ནི་སུམ་ཆ་བཟླས། །ཡང་ན་ཐུན་ནི་བཞི་ཆ་ཙམ། །ཡང་ན་མཁས་པས་ཅུང་ཟད་བཟླས། །མཚན་མོ་སྲོད་དང་ཐོ་ རངས་ལ། །མེལ་ཚེ་ཐུན་ནི་ཕྱེད་ཕྱེད་དུ། །གང་ཞིག་མཁས་པས་བཟླས་བྱས་པ། །དེ་ནི་ལྷག་པར་མཆོད་པར་འགྱུར། །དྲག་ཤུལ་སྤྱོད་པའི་ལས་ཀུན་དང་། །མི་སྣང་བ་ལས་སོགས་པ་དང་། །དུར་ཁྲོད་དག་གི་ལས་རྣམས་ལ། །རྟག་ཏུ་མཚན་མོ་བཟླས་པ་བཟང་། །ཉིན་པར་བཟླས་བརྗོད་གང་བཤད་པ། །དེ་དག་སྦྱིན་སྲེག་མཚན་མོ་བྱ། །མཚན་མོའི་བཟླས་བརྗོད་གང་བཤད་པ། །དེ་དག་སྦྱིན་སྲེག་ཉིན་པར་བྱ། །གང་ཞིག་བཟླས་པའི་མཇུག་ཏུ་ནི། །སྦྱིན་སྲེག་བྱེད་པ་དེ་མཆོག་གོ །གསང་སྔགས་ཀུན་ལ་དང་པོར་རམ། །བསྲེག་བྱ་ཡོད་ན་གཉི་གར་བྱ། །མཁས་པས་གང་ཞིག་ཉིན་རེ་བཞིན། །ཟས་ཀྱི་ཕུད་ལས་སྲེག་བྱེད་པ། །དེས་ནི་ཐ་མའམ་བར་དག་ཏུ། །ཁྱད་པར་མེད་པར་བྱ་བ་བཤད། །དེ་ལྟར་བྱས་ན་རིག་སྔགས་རྣམས། །ཕལ་ཆེར་ཡོངས་སུ་དགྱེས་པར་འགྱུར། །ཆོ་ག་འདི་དག་ཉིད་ཀྱིས་ནི། །སྦྱིན་བསྲེག་བྱེད་པའི་བཟླས་བརྗོད་བཤད། །བཟླས་བརྗོད་བྱེད་པས་ཁྲོ་མི་བྱ། །ཡུལ་གྱི་བདག་ཉིད་དགའ་མི་བྱ། །ཞུམ་དང་མི་དགའ་འཇིགས་པ་དང་། །འཇུངས་དང་ང་རྒྱལ་ཡོངས་སུ་སྤང་། །ཟློས་ཚེ་ཅི་ཡང་མི་སྨྲ་ཞིང་། །ཡན་ལག་འགྱུར་བར་མི་བྱའོ། །ཀུན་རྟོག་རླུང་གིས་བསྐྱོད་ནས་ནི། །ཅི་ཡང་རུང་བ་མི་བསམ་མོ། །ཟློས་པ་བཟླས་བརྗོད་བྱེད་པའི་ཚེ། །རིག་སྔགས་ལས་ནི་མ་གཏོགས་པར། །བསྒོམ་པ་མཆོག་ཏུ་གྱུར་པའང་། །རྣམ་རྟོག་གཟུང་ནས་མི་བསམ་མོ། །ཟློས་པས་བཟླས་བརྗོད་ཟིན་པ་དང་། །རིགས་ཀྱི་བདག་པོའི་གསང་སྔགས་སམ། །རིགས་ཀྱི་ལྷ་མོ་གང་ཡིན་པ། །དེ་དག་བཟླས་ཏེ་བསྲུང་བར་བྱ། །བཟླས་བརྗོད་གྲངས་བཞིན་བྱས་པའམ། །ཡང་ན་ལྷག་པར་བཟླས་ཀྱང་རུང་། །གསོལ་བ་གདབ་པའི་ཚུལ་གྱིས་སུ། །དེ་ནི་གུས་པར་དབུལ་བར་བྱ། །མཁས་པས་རིག་སྔགས་ཟློས་པའི་ཚེ། །སྦྲིད་པ་ལུད་པ་ ལ་སོགས་བྱུང་། །ཉེ་རེག་བྱས་ཏེ་ཕྱག་འཚལ་ཏེ། །གཞི་ནས་ཀུན་ལ་བརྩམ་པར་བྱ། །བཟླས་བརྗོད་ཀྱི་ནི་གེགས་རྣམས་དང་། །མཁས་པས་བཟླས་བརྗོད་སྐྱོན་རྣམས་ལ། །སླར་ཡང་གྲངས་ཀྱི་ཐོག་མ་ནས། །ཀུན་ཏུ་བརྩམ་པར་བྱ་བར་བཤད། །སྔགས་ཀྱི་ནོར་བུ་ཐོག་མ་ནས། །ཐ་མར་རྟག་ཏུ་སྒྲུབ་པ་པོས། །གུས་པར་གསང་སྔགས་ལྷ་དག་ལ། །བློ་དང་ལྡན་པས་ཕྱག་བྱའོ། །སྔགས་ཀྱི་ནོར་བུ་རྫོགས་པའི་ཚེ། །རི་མོས་གཟུགས་སམ་སྐུ་གཟུགས་སམ། །མཆོད་རྟེན་དག་གམ་དེའི་གདན་རྣམས། །མིག་གིས་ཀུན་ཏུ་བལྟ་བར་བྱ། །བཟླས་པས་ངལ་ན་ཡང་དང་ཡང་། །བསམ་གཏན་ལམ་གྱི་མན་ངག་དང་། །ཐབས་ནི་རྣམ་པ་ཐ་དད་པས། །བློ་ཅན་སེམས་ནི་སྤྲོ་བ་བསྐྱེད། །བློ་ལ་སྐྱོན་མེད་བྱས་ནས་ནི། །གསང་སྔགས་ཡི་གེ་དག་པ་ལ། །མཉམ་པར་བཞག་སྟེ་རྩེ་གཅིག་ཏུ། །བཟླས་ བརྗོད་དུས་གསུམ་དག་ཏུ་བྱ། །མཁས་པས་དུས་གསུམ་ཁོ་ནར་ཡང་། །ཁྲུས་བྱས་ནས་ནི་བཟླས་བརྗོད་བྱ། །མཆོད་པ་ལ་སོགས་ཆོ་ག་ཀུན། །དུས་གསུམ་དུ་ཡང་བྱ་བར་བཤད། །དུས་གསུམ་དག་ཏུ་སྔགས་པ་ཡི། །གོས་ནི་རྣམ་པ་གསུམ་པོ་དག །བཀྲུའམ་བདུག་པར་བྱ་བའམ། །ཡང་ན་བསང་གཏོར་དག་ཀྱང་བྱ། །ཉལ་དུས་ཁྲུས་བྱེད་མ་གཏོགས་པར། །སྔགས་པས་མཐང་གོས་མི་སྤང་ཞིང་། །དཀར་ལ་ཤིན་ཏུ་འཇམ་པོ་དེ། །ཉིན་གཅིག་བཞིན་ཏུ་བཀྲུ་བར་བྱ། །ལྷ་ལ་དགོས་པའི་སྣོད་རྣམས་ཀྱང་། །ཉིན་རེ་ལན་རེ་བཀྲུ་བར་བྱ། །མེ་ཏོག་རྙིང་པ་དུས་གསུམ་དུ། །རྟག་པར་ཡང་ནི་ཕྱག་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱིས། །གླེགས་བམ་མཇུག་ཏུ་ཀླག་པ་དང་། །མཆོད་རྟེན་དང་ནི་དཀྱིལ་འཁོར་ཡང་། །དུས་གསུམ་དག་ཏུ་དེ་བཞིན་བྱ། །སྔོན་དུ་བསྙེན་པའི་བཟླས་བརྗོད་དག །དང་པོའི་གྲངས་བཞིན་ཚང་བ་ལས། །མི་ནུས་ན་ནི་དུས་ གཅིག་གམ། །དུས་གཉིས་སུ་ནི་ཆོ་ག་བསྒོམ། །ཞེས་གསུངས་སོ། །བཟླས་བརྗོད་ཀྱི་གྲངས་ངེས་པར་གཟུང་བ་བྱས་པ་ལས་གྲངས་སུ་གཞུག་ཏུ་མི་རུང་བ་གསུངས་པ། གང་ཡང་བགེགས་ཀྱིས་བརླམས་པའམ། །ནད་རྣམས་ཀྱིས་ཀྱང་གཟིར་བའམ། །ལྷོད་པ་དང་ནི་བག་མེད་པའམ། །ལུས་དང་སེམས་ནི་སྐྱོ་བའམ། །ཆོ་ག་ཇི་སྐད་བཤད་པ་དང་། །བཤད་པའི་དུས་ལས་འདས་པའམ། །མ་བསྡམས་པ་དང་མི་གཙང་བས། །གང་དག་བཟླས་བརྗོད་བྱེད་པ་ནི། །བཟླས་པའི་གྲངས་ནི་བཤད་པ་ལ། །མཁས་པས་དེ་དག་མི་སྦྱར་གྱི། །ཆོ་ག་བཞིན་དུ་བཟླས་པ་དང་། །མཉམ་བཞག་བཟླས་བརྗོད་དེ་དང་སྦྱར། །ཞེས་གསུངས་སོ། །གཞན་ཡང་དུས་མཚམས་སུ་སྔགས་ཀྱི་ཁང་པའི་ཕྱིར་རོལ་དུ་མཆོད་ཅིང་དགེ་བའི་ཕྱོགས་་བྱ་བ་དང་། སྡོམ་པ་གཟུང་བ་དང་། ཁྲོ་བོའི་སྔགས་ཀྱིས་ལྷ་ལ་སྐུ་ཁྲུས་གསོལ་བ་དང་། སྦྱིན་བསྲེག་དང་སའི་བྱི་དོར་བྱ་བ་ཡང་གསུངས་སོ། །ཆོ་ག་ཉམས་པ་སླར་གསོ་བ་ནི། གནས་གཅིག་ཏུ་ནི་ཕྱེད་བཟླས་ནས། །གང་ཞིག་གཞན་དུ་ཕྱེད་བཟླས་ནས། །བཟླས་པ་ཐམས་ཅད་རྫོགས་འགྱུར་ཀྱང་། །དེ་དག་ཐམས་ཅད་དོན་མེད་འགྱུར། །དེ་ལྟའི་བཟླས་པ་ ཆོ་ག་བཞིན། །ཆིག་འབུམ་ལྷག་པར་བཟླས་བརྗོད་བྱ། །བདག་པོས་སྟོང་དུ་བྱ་བའམ། །ཡང་ན་བསྙེན་པ་སླར་བརྩམ་མོ། །བག་མེད་པས་ནི་ལན་འགའ་ཞིག། །གསང་སྔགས་ལྷ་གཞན་བཟླས་བྱས་ན། །ཡིད་ཀྱིས་གསོལ་བ་གུས་བྱས་ནས། །བཟླས་བརྗོད་སླར་ཡང་བརྩམ་པར་བྱ། །མི་གཙང་ཆོ་ག་མི་ལྡན་པར། །རིག་སྔགས་བག་མེད་བཟླས་གྱུར་ན། །དེ་ལ་རིག་སྔགས་བདག་པོའི་སྔགས། །ལན་བདུན་ཡོངས་སུ་བཟླས་བརྗོད་བྱ། །ཟློས་པར་ཟླ་བ་ཕྱེད་ཕྱེད་ཅིང་། །ཉིན་ཞག་གཅིག་ཏུ་སྨྱུང་བྱས་ནས། །ཟླ་ཕྱེད་མཚམས་སུ་བ་ཡི་ལྔ། །བརྒྱ་རྩ་བརྒྱད་དུ་བཟླས་པ་བཏུང་། །དེས་ནི་གསང་སྔགས་ཟློས་པའོ། །ཟླ་བ་ཕྱེད་དུ་དག་འགྱུར་ཅིང་། །བཟའ་བ་མིན་སོགས་གང་ཟོས་པ། །དེ་དག་ཐམས་ཅད་རྣམ་པར་འབྱང་། །དམར་སེར་བ་ཡི་འོ་མ་དང་། །བ་ཡི་ཞོ་དང་བ་ཡི་མར། །བ་གཅིན་བ་ཡི་གཅི་བ་རྣམས། །སོ་སོར་མངོན་པར་བསྔགས་པ་དང་། །ཀུ་ཤ་ལན་བརྒྱར་བསྔགས་པ་ཡི། །ཀུ་ཤའི་ཆུ་དང་ལྡན་བྱས་ཏེ། །ཤར་བལྟས་ནས་ནི་ཙོག་ཙོག་པོར། །འདུག་ནས་འབྲིང་ལ་སྲང་གསུམ་ཙམ། །བ་ལ་ཤ་ཡི་ལོ་མར་བཏུང་། །ཡང་ན་མཆོད་ཡོན་སྣོད་བཤད་པ། །གང་ཡང་རུང་བ་གཅིག་ཏུ་བཏུང་། །ཟློས་ཚེ་ལྷ་ཉིད་བཀའ་སྩལ་ན། །བསྲུང་བ་བྱས་ཏེ་བརྟགས་ནས་སུ། །བྱ་མིན་མི་བྱ་རིགས་པར་བྱ། །བཟློས་པས་རྨི་ལམ་ངན་མཐོང་ན། །རིགས་ཀྱི་བདག་པོ་བརྒྱ་བཟླས་སོ། །དེ་ཡི་ཉིན་པར་དེ་མི་བཟླས། །བཟླས་བརྗོད་གྲངས་སུ་མི་གཞུག་གོ། གྲངས་ཀྱི་བཟླས་བརྗོད་ཐམས་ཅད་ལ། །ལྷག་པར་གྱུར་པ་ཉེས་པ་མེད། །འདིར་ནི་དེ་ཡིས་མི་འགྲུབ་ལ། །གྲངས་སྐོངས་ལ་ཡང་མི་ཕན་ནོ། །ཞེས་གསུངས་སོ། །གཞན་ཡང་། མཆོད་པ་དང་ཁྲུས་གསོལ་བས་ལྷ་ཚིམ་པར་བྱ་བའི་ཆོ་གས། རིག་སྔགས་བཅད་པའམ། །བགགས་པའམ། །ཕུར་བུས་བཏབ་པའམ། བྲི་བའམ། ལྷག་པའམ། གཟིར་བ་རྣམས་གྲོལ་ཞིང་ཚིམ་པར་འགྱུར་བ་དང་། ལྷག་པར་ཡང་ལྷ་དབང་བསྐུར་བའི་ཆོ་གས་དེ་བཞིན་དུ་འགྱུར་བ་དང་། བཟླས་པ་དང་སྦྱིན་སྲེག་དང་མཆོད་པས་ལྷ་གཟི་བྱིན་བསྐྱེད་པ་ལ་སོགས་པ་ཡང་གསུངས་སོ། །མཆོད་པ་དང་མི་ལྡན་པའི་བཟླས་བརྗོད་ནི། ལྷ་གཟི་བྱིན་མེད་པར་མ་ཟད་ཀྱི། སྒྲུབ་པ་པོ་ཡང་བཀྲ་མི་ཤིས་པར་གསུངས་ཏེ། ལྷ་བཤོས་དབུལ་བ་གསང་སྔགས་ཀྱི། །ཞལ་ཟས་ཡིན་པར་བཤད་པས་ན། །དེ་ནི་རྟག་ཏུ་ཁ་ཟས་བཞིན། །དེ་ཕྱིར་ཟློས་པ་དག་གིས་དབུལ། །རྩ་བ་རྡོག་གུ་འབྲས་བུ་དང་། །ལྷ་བཤོས་ཅུང་ཟད་ཅི་སྙེད་པ། །དུས་གསུམ་དུ་ནི་གསང་སྔགས་ལ། །ཕུལ་ན་དངོས་གྲུབ་ཐོབ་པར་འགྱུར། །གལ་ཏེ་ཟློས་པས་གསང་སྔགས་ལ། །མཆོད་པས་བཤོས་རྣམས་མ་ཕུལ་ན། །དེ་ཚེ་རྩུབ་ཅིང་མདོག་ངན་ལ། བཀྲེས་པ་དག་གིས་གདུང་བར་འགྱུར། །ལྷ་བཤོས་མེད་ན་དེ་ཡི་སེམས། །རྟོག་པ་དག་ཀྱང་མང་པོར་འགྱུར། །ལྷ་རྣམས་འགྲུབ་པར་མི་འགྱུར་ཞིང་། །བགེགས་རྣམས་ཀྱིས་ཀྱང་ཟིལ་གྱིས་ནོན། །དེ་བས་ནན་ཏན་ཆེར་བསྐྱེད་དེ། །གསང་སྔགས་འཁོར་དང་བཅས་པ་ལ། །དུས་ཚིགས་དག་ལ་ཅི་འབྱོར་པའི། །ལྷ་བཤོས་ལེགས་པར་དབུལ་བར་བྱ། །བསྙེན་པའི་དུས་ནས་ཟློས་པ་པོས། །ཁང་པའི་ཕྱི་རོལ་ཁོར་ཡུག་ཏུ། །ལྷ་རྣམས་ཀུན་ལ་འབྱུང་པོ་ཡི། །གཏོར་མ་གུས་པར་དབུལ་བར་བྱ། །གང་དག་འགལ་ཞིང་མི་ཤིས་དང་། །གང་དག་ངན་ཞིང་སྨད་པ་དང་། །གང་དག་མི་གཙང་གྱུར་པའི་རྫས། །ལྷ་བཤོས་ཕྱིར་ནི་དེ་དག་སྤང་། །ཞེས་གསུངས་སོ། །དེ་བས་ན་རྒྱུད་དེར་ནི་སྦྱོར་བ་དང་འཇུག་པའི་སྤྱོད་པ་དང་། དངོས་གྲུབ་སྒྲུབ་པའི་སྤྱོད་པ་དང་། གྲུབ་པའི་སྤྱོད་པ་ལས་སྣ་ཚོགས་བྱ་བ་རྣམས་ཀྱི་ཆོ་ག་ཞིབ་མོ་བསྟན་པ་ལས། འདིར་རིག་སྔགས་ཀྱི་འདུལ་བའི་བརྡ་སྐད་གཙོར་བསྟན་པའི་བརྟུལ་ཞུགས་ལ་སོགས་པའི་མཚན་ཉིད་ཙམ་ཞིག་བསྡུས་སོ། །གཞན་ཡང་བརྟུལ་ཞུགས་ཀྱི་སྐད་ཀྱིས་བསྟན་པ་ནི། འཕགས་པ་རྡོ་རྗེ་གཙུག་ཏོར་གྱི་རྟོག་པ་ཕྱོགས་གཅིག་པ་བསམ་གཏན་ཕྱི་མ་ལས། ལྷའི་རྣལ་འབྱོར་ལ་གནས་པས་ཀྱང་འཇིག་རྟེན་ཀུན་རྫོབ་ཀྱི་རྗེས་སུ་འཇུག་པའི་མཚན་ཉིད་གཙང་སྦྲ་བྱ་ཞིང་། མི་དགེ་བའི་འབྲས་བུར་གྱུར་པ་སེམས་ཅན་ལ་གནོད་པ་སྤང་བ་བྱ་སྟེ། ལྷའི་རྣལ་འབྱོར་གྱི་མཚན་ཉིད་ཀྱི་བརྟུལ་ཞུགས་རིག་སྔགས་ཀྱི་བརྟུལ་ཞུགས་སུ་གྲགས་པ་ལ་འཇུག་པར་གསུངས་ཏེ། དོགས་པ་འཇིག་རྟེན་སྨད་པ་ཡི། །བསམ་གཏན་གཅིག་པུར་རབ་བསྡམས་ནས། །བློ་གྲོས་ཞི་བ་བརྟན་པས་སྤྱད། །ཁུ་བ་གཤང་གཅི་དག་དང་ནི། །འབགས་པ་དང་ནི་རྒྱུ་བ་ལའང་། །དོགས་པ་ཡི་ནི་གཟུགས་ཀྱིས་ཀྱང་། །དབེན་པར་གཙང་སྦྲ་བརྩམ་པར་བྱ། །སྲང་དང་ཁྲོན་པ་ལུ་མ་དང་། །གྲོང་དང་གནག་ལྷས་ཐང་ལ་ཡང་། །ངག་ལུས་ཡིད་ཀྱིས་སྤང་བ་ནི། །སེམས་ཅན་གནོད་པ་ཀུན་མི་སྤྱད། །བཟླས་བརྗོད་དང་ནི་བསམ་གཏན་དང་། །གསང་སྔགས་བསྒྲུབ་པར་བྱ་བ་དང་། །སྦྱིན་སྲེག་དབང་བསྐུར་ཐམས་ཅད་དང་། །ཡུལ་གྱི་བྱ་བ་རྣམས་ལ་ཡང་། །བརྟུལ་ཞུགས་གསུངས་པ་གང་ཡིན་པ། །དེ་ཡི་གནས་དང་ཚད་རྣམས་ཀྱང་། །སྔོན་གྱི་བདག་ཉིད་འབའ་ཞིག་ལ། །མཐུ་ཆེན་རྡོ་རྗེ་འཛིན་པའི་ལྷས། །རབ་ཏུ་གསང་བ་གསུངས་པ་ཡིན། །ཞེས་གསུངས་ཏེ། དེ་ལ་དགོས་པ་ནི། བདག་ལྷའི་གཟུགས་བརྙན་གྱི་རྣམ་པར་སྣང་བ་གང་ཡིན་པ་སྟེ། དེ་ནི་རྣམ་པར་རྟོག་པ་དང་བཅས་པའི་བསམ་གཏན་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར། མི་གསལ་བའི་རང་བཞིན་ཉིད་ཡིན་པས་དོགས་པ་ཞེས་བྱའོ། །དེ་ལྟ་བུའི་བརྟུལ་ཞུགས་མངོན་དུ་བྱས་ནས། འཇིག་རྟེན་སྨད་པའི་བསམ་གཏན་གཅིག་པུ་སྤྱད། ཅེས་པ་སྟེ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་མ་སྐྱེས་པའི་རྣམ་པར་སྨོད་པའི་བསམ་གཏན་སེམས་པར་བྱས་པའོ། །དེའི་ཚེ་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ། སྒྱུ་མ་དང་སྨིག་སྒྱུ་དང་མཚུངས་པར་མོས་པར་བྱས་ན། གལ་ཏེ་གཙང་སྦྲ་ལ་སོགས་པ་ཡང་མི་བྱེད་པ་འགྱུར་སྲིད་དེ། དེ་དགག་པའི་ཕྱིར་ཁུ་བ་གཤང་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོགས་པ་ཡི་ནི་གཟུགས་ཀྱིས་ཀྱང་། །ཞེས་བྱ་བ་ནི། རང་གི་ལུས་ལྷར་སྣང་བར་གནས་པས་ཀྱང་གཙང་སྦྲ་ལ་སོགས་པ་སྡོམ་པ་འདི་དག་ལ་གནས་པར་བྱ་བ་ཡིན་ན། ཐ་མལ་པས་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །ལུས་ངག་ཡིད་ཀྱིས་ཞེས་བྱ་བས་ནི། མི་དགེ་བ་བཅུས་བསྡུས་པའི་ལས་ཀྱི་ལམ་སྤང་བའི་མཚན་ཉིད་དོ། །བརྟུལ་ཞུགས་ཀྱི་མཚན་ཉིད་གསུངས་པ་བསམ་གཏན་དང་ནི་ཞེས་པ་ལ་སོགས་པ་སྟེ། བསམ་གཏན་དང་བཟླས་བརྗོད་ དང་སྒྲུབ་པ་ལ་སོགས་པའི་ཆེད་དུ་ལྷའི་རྣལ་འབྱོར་གྱི་མཚན་ཉིད་གསུངས་པ་ཉིད་བརྟུལ་ཞུགས་ཡིན་པར་དགོངས་སོ། །དེ་ལྟར་ན་བཟླས་བརྗོད་དང་བསམ་གཏན་གཙོར་བྱེད་པའི་སྔགས་པ། ལྷའི་རྣལ་འབྱོར་ལ་གནས་པ། རྩོལ་བ་དང་མོས་པ་རབ་ཀྱི་སྤྱོད་ཡུལ་ལ་གནས་པར་ནུས་པ་རྣམས་ཀྱིས་ཀྱང་གཙང་སྦྲ་ལ་སོགས་པའི་བརྟུལ་ཞུགས་ལ་གནས་ཏེ་སྒྲུབ་པར་གསུངས་ན། གང་ཟག་གང་དག་ཐ་མལ་པའི་སྤྱོད་པ་ལ་ཆེར་གནས་པ། ཕྱི་རོལ་གྱི་ལས་དང་བྱ་བ་ལ་རིང་དུ་བརྟེན་པར་བྱེད་པ་རྣམས་ཀྱིས་རིག་སྔགས་ཀྱི་བརྟུལ་ཞུགས་ཀྱི་སྡོམ་པ་རྣམས་ལ་ཆེད་དུ་བརྟེན་པར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཤེས་དགོངས་པ་ཡིན་ནོ། །གཞན་ཡང་བརྟུལ་ཞུགས་ཀྱི་བརྡ་དང་སྐད་ཀྱིས་གསང་སྔགས་ཀྱི་བསླབ་པ་བསྟན་པ་ནི། རྒྱུད་གཞན་ལས་ཀྱང་གསུངས་ཏེ། འདི་ལྟར་རྒྱུད་ཐམས་ཅད་ཀྱི་སྒྲུབ་པའི་ཆོ་ག་རྒྱས་པར་སྟོན་པ་དཔུང་བཟང་གིས་ཞུས་པ་ལས། གསང་སྔགས་ཟློས་པ་དང་། སྒྲུབ་པ་དང་མི་སྒྲུབ་པས་ཀྱང་ཐུན་མོང་གི་བསླབ་པ་ལ་འཇུག་པར་གསུངས་པ། གསང་སྔགས་བཟླས་བརྗོད་གང་དག་ངས་གསུངས་པ། །དེ་ཡི་རྟུལ་ཞུགས་དང་པོར་ངས་བཤད་དོ། །དེ་ཡིས་བདེ་བར་གཤེགས་ལ་དད་བསྐྱེད་ནས། །དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད། །སེར་སྣ་དྲེགས་དང་རྒྱགས་པ་རྣམ་སྤངས་ཏེ། །དཀོན་མཆོག་གསུམ་ལ་དད་པས་བརྟེན་པར་བྱ། །རྡོ་རྗེ་རིགས་ཤེས་བརྗོད་པ་རྒྱ་ཆེན་དང་། །ང་ལ་ཡང་ནི་དད་ཅིང་དགའ་བར་བྱ། །ཚིག་རྩུབ་ཀྱལ་པ་ཕྲ་མ་སྨྲ་བ་དང་། །གཞན་གྱི་བུད་མེད་བགྲོད་དང་རྫུན་སྨྲ་དང་། །རྐུ་དང་གཞན་གྱི་སྲོག་གཅོད་གནོད་བྱེད་དང་། །ཆང་དང་བྱེད་པ་རྟག་ཏུ་སྤང་བར་བྱ། །རྨོངས་པ་གང་གིས་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱིས་བསོད་ནམས་བསགས་བྱས་ཀྱང་། །ཐམས་ཅད་ལོག་པར་ལྟ་བས་བཅོམ་པ་ན། །དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང་། །ས་བོན་ཚིག་ན་མྱུ་གུ་མི་སྐྱེ་ལྟར། །དེ་བཞིན་མི་ཤེས་ལོག་ལྟས་བཅོམ་པ་ཡི། །སེམས་ལས་དགེ་བའི་ཆོས་རྣམས་མི་སྐྱེའོ། །དེ་ཕྱིར་ལོག་པར་ལྟ་བ་རྣམས་སྤང་ལ། །ཡང་དག་ལྟ་བ་ལ་ནི་བརྟེན་པར་གྱིས། །རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གི། ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། །གནོད་བྱེད་བགེགས་རྣམས་མ་ལུས་གཞོམ་པ་དང་། །བདག་ཉིད་འབྱོར་པར་བྱ་ཕྱིར་ངས་གསུངས་པའི། །དཀྱིལ་འཁོར་ལྷ་དང་ལྷ་མིན་གནས་གྱུར་པ། །དམ་ཚིག་ཇི་བཞིན་བསོད་ནམས་དོན་དུ་བལྟ། །གང་ཡང་རིགས་པ་མཆོག་ཏུ་གསུངས་པ་དང་། །ཁྲོ་བོའི་དཀྱིལ་འཁོར་དུ་ཡང་ འཇུག་པར་བྱ། །དེར་ནི་དམ་ཚིག་སྣ་ཚོགས་པ་བཤད་པ། །སྡིག་པ་བཤལ་ ཕྱིར་རྒྱུན་དུ་ལྟ་བར་བྱ། །ཞེས་གསུངས་སོ། །རྡོ་རྗེ་རིགས་ཀྱི་གསང་སྔགས་བཟླས་སུ་མི་རུང་བ་གསུངས་པ། རིག་དང་དམ་ཚིག་མ་མཐོང་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་། །སངས་རྒྱས་མ་དད་ལྷ་གཞན་ལ་བརྟེན་པས། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་གསུངས་སོ། །སྔགས་པ་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ཡང་རུང་བས་ཀྱང་བསླབ་པའི་གཞི་སོ་སོར་ཐར་པའི་སྡོམ་པ་ལ་བརྟེན་དགོས་ཏེ། དེ་གཏང་དུ་མི་རུང་བར་གསུངས་པ། དཔེར་ན་ལོ་ཐོག་ཐམས་ཅད་ས་དག་ལ། བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག ། སྙིང་རྗེ་ཆུས་བརླན་པས་ནི་རྣམ་པར་སྐྱེ། །རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པའི་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །དེ་ལྟར་སྡིག་པའི་ཆོས་ལས་རྣམ་གྲོལ་ནས། །བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཆོས། །དག་ཅིང་གྲོལ་བ་དང་ནི་ལྡན་འགྱུར་བ། །ཟློས་པ་སྐྱོ་ན་མདོ་སྡེ་ཀླག་པར་བྱ། །གཙང་ཞིང་དབེན་པའི་ས་ཡི་ཕྱོགས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རབ་ཏུ་གདབ། །རིང་སྲེལ་ཅན་གྱི་གཟུགས་སམ་མཆོད་རྟེན་ལ། །བསྟོད་ཅིང་ཕྲེང་བ་དྲི་དང་མར་མེ་ཕུལ། །གདུགས་དང་རྒྱལ་མཚན་བ་དན་རོལ་མོ་དང་། །མཆོག་ཏུ་དད་པས་ཀྱང་ནི་མཆོད་པར་བྱ། །ནམ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར། །དེ་བཞིན་སྒྲུབ་པ་ཡི་ནི་གྲོགས་མེད་ན། །ལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་ རོ། །གྲོགས་མཆོག་ཡོན་ཏན་ཐམས་ཅད་ལྡན་པ་ནི། །རྩོད་པའི་དུས་ན་ཤིན་ཏུ་དཀོན་པར་འགྱུར། །ཡོན་ཏན་ཕྱེད་དང་བཞི་ཆ་བརྒྱུད་ཆ་ཅན། །དེ་ལྟ་བུ་དག་སྔགས་པའི་གྲོགས་པོར་བརྟེན། །ཞེས་གསུངས་སོ། །སྔགས་པ་དངོས་གྲུབ་ཀྱི་མཐུ་ལ་བརྟེན་ནས་ཐར་པའི་ལམ་ཐོབ་པར་འདོད་པའི་རྩོལ་བ་དང་ལྡན་པ་རྣམས་ཀྱིས། སྐུ་གཟུགས་ཀྱི་སྤྱན་སྔར་གོས་དང་ཟས་ལ་སོགས་པའི་བརྟུལ་ཞུགས་བཟུང་བས་བཟླས་པ་ལ་འཇུག་པར་གསུངས་པ། གཙུག་ཕུད་བཞག་སྟེ་སྐྲ་ནི་བྲེགས་ནས་སུ། འབྱུང་ཁུངས་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར། །གོས་དཀར་དག་གམ་ཤིང་ལོའམ་གསོ་མའམ། །ཟར་མའམ་ཤིང་ཤུན་རྣམས་ཀྱི་གོས་བགོའོ། །ཀུ་བའམ་ལྕགས་སམ་འཇིམ་པ་ལས་བྱས་པའི། །དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང་། །མ་ཆག་ཟླུམ་ཞིང་མ་གས་རྨ་མེད་པ། །ཡིད་དུ་ འོང་བའི་ལྷུང་བཟེད་བཅང་བར་བྱ། །ཧ་ཅང་མི་ཉེ་ཧ་ཅང་མི་རིང་ལ། །བཟའ་བཏུང་མོད་ཅིང་རྨངས་རིས་མང་བ་དང་། །མགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང་། །བྲམ་ཟེའམ་ཕྱི་རོལ་སྐྱེ་བོ་མེད་པ་བརྟེན། །ང་རྒྱལ་གྱིས་ནི་ནོན་པའི་བྲམ་ཟེ་རྣམས། །རིགས་ཀྱིས་བརློམ་ཞིང་སྙིང་རྗེར་མི་ལྡན་པ། །དེ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པ་མཐོང་ནས་བགེགས་ཀྱང་བྱེད་པར་འགྱུར། །ཡན་ལག་བརྒྱད་ལམ་གནས་པས་རྟག་ཏུ་ནི། །ཉི་མ་ཕྱེད་མཚམས་ཚུན་ཆད་བསླང་བར་བྱ། །བྲམ་ཟེའི་དུས་ནི་ཕྱི་དྲོ་ཡིན་པས་ན། །དེ་བཞིན་བྲམ་ཟེའི་ཁྱིམ་དུ་འགྲོ་མི་བྱ། །དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར། །ནད་པ་དག་ལ་སྨན་ནི་སྦྱིན་པ་ལྡན། །དེ་བཞིན་འདིར་ནི་བཀྲེས་པའི་སྡུག་བསྔལ་དག །བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས། །ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ། །བཀྲེས་སྐོམ་གདུངས་པས་རང་གི་བུ་ཡི་ ཤ ། ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་བཞིན། །ཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ། །མང་དུ་བླུགས་ན་རྩོལ་མེད་མཐོ་བ་དང་། །དེ་བཞིན་ཉུང་དུས་སྲང་ནི་དམའ་འགྱུར་ལ། །རན་པས་སྐད་ཅིག་མཉམ་པར་འགྲོ་བ་ལྟར། །ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ། །དཔེར་ན་ཁང་རྙིང་མི་ཞིག་བྱ་བའི་ཕྱིར། །མི་ཡིས་ཀ་བ་བརྟན་པོ་བཙུགས་པ་ལྟར། །དེ་བཞིན་ལུས་ཀྱི་འཁྲུལ་འཁོར་གནས་པ་དང་། །ཤིང་རྟའི་རྨིག་བསྐུ་བཞིན་དུ་ཁ་ཟས་ཟ། །འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཞེས། །རྒྱལ་བའི་ཆོས་གཅིག་ཏུ་ནི་བཀའ་སྩལ་བས། །ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ། །སེམས་ནི་བཟའ་བཏུང་ལ་སོགས་ཆགས་མི་བྱ། །དབང་པོ་དྲུག་པོ་ཡུལ་ལ་འཕྲོ་བ་དག །བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ། །ལྷུང་བཟེད་དེ་དག་ལས་ནི་གཅིག་ཐོགས་ནས། །གཉའ་ཤིང་གང་དུ་བལྟ་ཞིང་བསོད་སྙོམས་སྤྱད། །འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འཇེབས་འདྲ་བས། །སྐྱེས་པའི་སེམས་དག་མངོན་དུ་འཕྲོག་པར་བྱེད། །ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་གི་རྣམ་པར་བཀབ་པ་ཆེས་བླ་ཡི། །ཉེས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་བླ། །གང་དུ་དགའ་བར་འགྲོ་ཞིང་འཛིན་མེད་ལ། །སེམས་ཀྱིས་སེམས་ནི་རྣམ་པར་འདུལ་བཞིན་དུ། །རབ་དང་འབྲིང་ལ་སོགས་པ་སྤངས་ནས་ནི། །མི་སྨྲ་བ་ནི་གཞན་གྱི་ཁྱིམ་དུ་འགྲོ། །གང་ན་བ་བཞོན་བེའུ་ཕྲུག་ཆུང་བ་དང་། །གང་ན་སྐྱེས་བུ་ཆང་ནི་འཐུང་བ་དང་། །གང་ན་བུ་མོ་གཞོན་བསྟེན་རྩེ་བ་དང་། །དེ་བཞིན་གཞོན་ནུ་གང་ན་རྩེ་བ་དང་། །གང་ན་ཁྱིམ་བཟའ་དགའ་སྟོན་བྱེད་པ་དང་། །གང་ན་སྐྱེས་པ་མང་པོ་ འདུས་པ་དང་། །དེ་བཞིན་གང་ན་རོལ་མོ་བྱེད་པ་རྣམས། །དེར་ནི་སྐྱེས་བུ་དམ་པའང་མི་འགྲོའོ། །བསོད་སྙོམས་ཇི་སྙེད་ཁྱེར་ཏེ་འོང་ནས་ཀྱང་། །དང་པོ་ཇི་ལྟར་བདེ་བར་བགོ་བར་བྱ། །རྐང་བཀྲུས་གློ་བུར་བ་ལ་བྱིན་ནས་སུ། །ལུས་བསྲུང་ཕྱིར་ནི་ཁ་ཟས་བཟའ་བར་བྱ། །དུས་སུ་ཟོས་ནས་དུས་གསུམ་ཁྲུས་བྱས་ལ། །ཕྲེང་བ་མར་མེ་བདུག་པ་བསྟོད་དང་དྲི། །ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ། །ཀུ་ཤའི་ཁྲེས་ལ་འདུག་ནས་བཟླས་བརྗོད་བྱ། །བདུག་པ་བྱུག་སྤོས་ལ་སོགས་མ་རྙེད་ན། །དྲི་ཞིམ་མེ་ཏོག་སྣ་ཚོགས་དབུལ་བར་བྱ། སྤྲ་བ་ཨ་རྒ་བིལ་བ་བྷཱི་ཧཱ་ཏ། །ཀུ་ཤ་དྲི་ངན་ཡིད་དུ་མི་འོང་སྤང་། །འགྲེང་དང་འདུག་དང་མ་ལོག་ཉལ་བ་དང་། །འགྲོ་འཕྲེས་ཟ་ཀློག་བཟླས་བརྗོད་བྱེད་པ་དང་། །རྗེས་སུ་དྲན་དྲུག་སོ་སོའི་ཡོན་ཏན་དག །རིག་པར་བྱས་ཏེ་རྗེས་སུ་དྲན་པར་བྱ། །བཟླས་བརྗོད་ཀྱི་དུས་ཀྱི་བརྟུལ་ཞུགས་གསུངས་པ། །བོ་དེ་རྩེ་དང་དུང་ཤེལ་རུ་རག་ཤ ། ལུང་ཐང་པད་མའི་སྙིང་པོ་ཞ་ཉེ་ཟངས། །ཁར་བའི་བགྲང་ཕྲེང་བརྒྱ་ནི་རྩ་བརྒྱད་པ། །དེ་དག་ལས་ནི་བགྲང་ཕྲེང་གཅིག་བླང་སྟེ། །དེ་ནི་ལག་པ་གཡས་པས་བཟུང་བའམ། །ལག་པ་གཡོན་པས་བསྒྲིམས་ཏེ་མ་འཁྲུལ་བཟུང་། །ཚར་རེ་ཕྱིན་ནས་ནོར་བུ་རེ་རེ་ནས། །སྔགས་པ་ཡིས་ནི་རིམ་བཞིན་དྲང་བར་བྱ། །འདུག་ནས་དབང་པོ་ཡང་དག་བསྡམ་པ་དང་། །ལུས་ཀྱང་དྲང་ཞིང་བརྟན་པར་བཞག་ནས་སུ། །ཕྱིས་ནི་མ་མཆུ་ཤིན་ཏུ་མཛེས་པ་ཡང་། །བསྒུལ་ཞིང་གསང་སྔགས་མངོན་པར་བཟླས་བརྗོད་བྱ། །སེམས་ནི་གློག་དང་སྤྲེའུ་རླུང་དང་མཚུངས། །རྒྱ་མཚོ་ཆེན་པོ་ཡི་ནི་བརླབས་དང་འདྲ། །སྒྲ་ཅན་འདོད་རྒུར་ཡུལ་ལ་མངོན་དགའ་བ། །གཡོ་ཞིང་འཕྱན་པ་ངེས་པར་གདུལ་བར་བྱ། །གང་ཚེ་ཟློས་པའི་སེམས་ནི་ཞི་བ་ལ། །བརྟེན་པ་ཉིད་ཀྱིས་དྲན་པ་རྨོངས་འགྱུར་ན། །ལངས་ནས་བཅག་ཅིང་ཕྱོགས་སུ་བལྟ་བ་དང་། །ཆུ་ཡིས་གདོང་ཡང་ཡོངས་སུ་བཀྲུ་བར་བྱ། །ཆགས་སྡང་གཏི་མུག་ལ་སོགས་རྣམ་རྟོག་དག །བཟློག་ནས་དགེ་ལ་ཅི་བདེར་བཞག་པར་བྱ། །དང་པོ་ཟློས་ནས་བཟླས་བརྗོད་ཟིན་པར་དུ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ཞིང་པ་དང་། །བུད་མེད་མ་ནིང་ཁྱེའུ་བུ་མོ་དང་། །སྔགས་འཆང་ནམ་ཡང་སྨྲ་བར་མི་བྱའོ། །ཅི་སྟེ་དགོས་པ་ཡོད་ན་སྔགས་གཡོག་དང་། །བཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ་བར་བྱ། །སྨྲས་ནས་ལུད་པ་བཤང་གཅི་བོར་ནས་སུ། །ཆུ་ཡི་ནང་དུ་ཞུགས་ནས་ཁྲུས་ཀྱང་བྱ། །མེ་ཏོག་དྲི་བསྟོད་མར་མེ་ཕུལ་བ་དང་། །ཚུལ་ཁྲིམས་བརྩོན་འགྲུས་དཀའ་ ཐུབ་བྱས་པ་ཡིས། །དགེ་བ་དེ་ཀུན་བླ་ན་མེད་པ་ཡི། །སངས་རྒྱས་བྱང་ཆུབ་བླ་མེད་མཆོག་ཏུ་བསྔོ། །དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན། །ལན་ཚྭའི་རོར་ནི་གཅིག་ཏུ་གྱུར་བ་བཞིན། །དེ་ལྟར་བླ་མེད་བྱང་ཆུབ་བསྔོས་པ་ཡིས། །བསོད་ནམས་རྒྱལ་བའི་རོར་ནི་གཅིག་ཏུ་འགྱུར། །དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར། །ས་ལུ་བསྐྱེད་ཀྱི་སོག་མའི་ཕྱིར་མིན་ཡང་། །ས་ལུ་རྙེད་ནས་སྒྲིམ་པ་མེད་པར་ནི། །སོག་མའི་ཕུང་པོ་ཞར་ལ་འབྱུང་བ་བཞིན། །དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར། །བསོད་ནམས་སྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང་། །སོག་མའི་ཕུང་པོ་དག་དང་མཚུངས་པར་ནི། །མ་བསྒྲིམས་བཞིན་དུ་མི་ཡི་ལོངས་སྤྱོད་འགྲུབ། །ཚེ་རིང་བ་ནི་ལེགས་པར་འཐོབ་པ་དང་། །ཆོས་བཞིན་ སྒྲུབ་པའི་ཡུལ་དང་རྙེད་པའམ། །སྐྱོ་བ་མེད་པར་འགྱུར་ཞིང་འགྲོ་བ་ཡིས། །སྨྲ་བ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། །གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྨད་དག །སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། །དཔེར་ན་རྒྱ་མཚོ་སྐད་ཅིག་ཙམ་ཡང་ནི། །མི་ཡི་རོ་དང་ལྷན་ཅིག་མི་གནས་ལྟར། །དེ་བཞིན་རྣམ་རྟོག་སེམས་ཀྱི་སྡིག་བྱས་པ། །སྔགས་པས་སྐད་ཅིག་ཙམ་ཡང་གནས་མི་བྱ། །དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི། །མར་མེ་བཙུགས་པ་མི་གཡོ་འབར་བ་ལྟར། །རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི། །ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། །སྟངས་དང་མཆོང་བ་དང་ནི་གར་བྱེད་དང་། །གླུ་ལེན་རྔ་བརྡུང་སྐྱེ་བོས་དཔྱས་འགྱུར་དང་། །ལྷག་པའི་ང་རྒྱལ་དྲི་དང་འདོད་ཆེན་དང་། །རྒྱན་པོ་དང་ནི་འདུས་ལ་བལྟ་འདོད་དང་། །དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང་། །བསྟན་བཅོས་ངན་དང་སྙན་ངག་ཀློག་འདོན་དང་། །ཆགས་དང་འཚིག་དང་དྲེགས་དང་རྒྱགས་པ་དང་། །ཞེ་ལ་འཛིན་དང་ལེ་ལོ་གཡོ་སྒྱུ་སྤང་། །ཤ་ཆང་ཀེའུ་དང་གཙོང་དང་སྒོག་རྡོག་དང་། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང་། །གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། །ངས་ནི་སྔགས་པས་ཁ་ཟས་དཀར་གསུམ་དང་། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང་། །ཞོ་དང་ནས་དང་ར་ཡི་མར་དག་དང་། །འབྲུ་མར་ཚིག་མ་དར་བ་འོལ་གོན་དང་། །ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས། །ཤ་ཟ་སྲིན་པོ་རྣམས་དང་གནོན་པོ་དང་། །རོ་ལངས་ཀྱི་ནི་འཇིགས་པ་སྒྲུབ་པ་དང་། །ལྷ་མིན་བུ་མོའི་འཁྲུལ་འཁོར་འཇོམས་པའི་ཚེ། །འབྲུ་མར་ཚིག་མ་ཟ་བ་མཆོག་ཏུ་བསྔགས། །དེ་ལྟར་བཟླས་བརྗོད་བྱེད་པའི་སྒྲུབ་པ་པོས། །ཉིན་གཅིག་བཞིན་དུ་བྱས་ན་བཟླས་པ་ནི། །ཕུལ་ནས་ཆོ་ག་བཞིན་དུ་གཤེགས་པ་གསོལ། །ནུབ་མོ་ཀུ་ཤ་བཏིང་ནས་ཉལ་བར་བྱ། །བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ལྡན་པ་དང་། །བདེ་བར་གཤེགས་པའི་ཆོས་དང་དགེ་འདུན་འདུན་བྱས་ཏེ། །ཤཱ་རིའི་བུ་དང་ང་ལ་ཐལ་སྦྱར་བཏུད་ནས་ཉལ། །དེ་ལྟར་སྔགས་པས་སྡིག་པ་མཐའ་དག་ཟད་པར་བྱ། །ཞེས་གསུངས་སོ། །སྒྲུབ་པ་པོས་ངེས་པར་བཅང་བའི་རྡོ་རྗེའི་རིགས་སྣ་ཚོགས་གསུངས་པའང་། དབྱིབས་ལེགས་འཇམ་ཞིང་མ་ཉམས་རྨ་མེད་པའི། །རྡོ་རྗེ་རྩེ་ལྔ་སྲ་བ་བཅང་བར་བྱ། །དང་པོ་ཟློས་ཚེ་དེ་ནི་ཐོགས་ནས་སུ། །བཟླས་བརྗོད་ཟིན་ནས་མྱུར་བར་ཁོ་ནར་ཡང་། །དད་པའི་སེམས་ཀྱིས་ཕྱག་བྱས་དྲི་སོགས་ཀྱིས། །མཆོད་ནས་རྡོ་རྗེ་རྒྱལ་པོའི་ཞབས་དྲུང་བཞག །ང་ཡི་རིགས་ཀྱི་གསང་སྔགས་སྒྲུབ་པ་པོས། །རྡོ་རྗེ་མེད་ན་འགྲུབ་པར་མི་འགྱུར་རོ། །དེ་བས་ཅིས་ཀྱང་རྙེད་པར་མ་གྱུར་ན། །ཁུ་ཚུར་བཅངས་ནས་རྩེ་གཅིག་སེམས་ཀྱིས་བཟླས། །ཞེས་གསུངས་སོ། །ཆོ་ག་ཉམས་པའི་བཟླས་བརྗོད་ཀྱིས་མི་འགྲུབ་པར་གསུངས་པ། དཔེར་ན་ས་ཆུ་དུས་དང་ལྡན་པ་ཡི། །སྣོད་གནས་འབྲས་བུ་ལ་ནི་མྱུ་གུ་མེད། །དེ་དང་མ་བྲལ་མྱུ་གུ་ལོ་མ་དང་། སྡོང་བུ་དག་དང་མེ་ཏོག་འབྲས་བུ་བསྐྱེད། །ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་མེད། །མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས། །གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡི། །གསང་སྔགས་དངོས་གྲུབ་རྒྱ་ཆེར་མི་སྟེར་རོ། །གསང་སྔགས་རྣམས་དངོས་གྲུབ་སྩོལ་བའི་རྒྱུ་གསུངས་པ། ཡུལ་དང་དུས་དང་ཆོ་ག་ལས་རྣམས་དང་། །སྡིག་པ་བྱང་ཞིང་བསོད་ནམས་བསགས་པ་དང་། །གུས་དང་བཟླས་པ་ཀུན་ལ་གཟིགས་ནས་ནི། །དེ་ནས་གསང་སྔགས་འབྲས་བུ་རྣམ་པར་རྩོམ། །མི་འགྲུབ་པའི་རྒྱུ་གསུངས་པ། ཇི་ཙམ་སྡིག་པ་མང་པོས་རབ་གང་ཞིང་། །ཇི་ཙམ་ལས་དཀར་བསོད་ནམས་མ་བསགས་དང་། །ཇི་སྲིད་ཆོ་ག་མེད་པར་བཟླས་བྱས་པ། །དེ་སྲིད་སྔགས་པས་དངོས་གྲུབ་མི་འཐོབ་པོ། །ཆོ་ག་ཉམས་པ་སླར་གསོ་བའི་ཐབས་གསུངས་པ། ཆོ་ག་ཉམས་སམ་བར་ཆད་སྔགས་གཞ ན་བཟླས། །བཟླས་པ་བཏང་ངམ་གཞན་ལ་བྱིན་གྱུར་ན། །དུས་གསུམ་མཆོད་པ་ལ་ནི་བརྩོན་བྱས་ནས། །སླར་ཡང་འབུམ་བཟླས་སྒྲུབ་ལ་འཇུག་པར་བྱ། །སྟོང་ཕྲག་བཅུའམ་བརྒྱད་དམ་བདུན་ནམ་བཞི། །བཟླས་མཐར་དེ་ལ་མར་གྱི་སྦྱིན་བསྲེག་བྱ། །ཡང་ན་མ་གྲུགས་ནས་སམ་ཏིལ་དག་གམ། །ཡུང་དཀར་མར་དང་བསྲེས་པའི་སྦྱིན་བསྲེག་བྱ། །ཞེས་གསུངས་སོ། །གལ་ཏེ་སྔགས་པ་གཞན་གྱིས་གསང་སྔགས་ཀྱིས་བདག་གི་གསང་སྔགས་བཅིངས་ཤིང་མནན་ནས་དངོས་གྲུབ་ཏུ་མ་གྱུར་ན། དགྲོལ་བའི་ཐབས་གསུངས་པ། གསང་སྔགས་གཞན་གྱིས་བཅད་དམ་བཅིངས་པ་དང་། །གསང་ སྔགས་གཞན་གྱིས་མནན་པར་གྱུར་ཀྱང་རུང་། །དེ་ཡི་གཟུགས་བརྙན་ས་ ལ་བྱས་ནས་སུ། །ང་ཡི་མདུན་དུ་མངོན་དུ་ཕྱོགས་འདུག་སྟེ། །སྔགས་པས་ཀི་ལི་ལ་སོགས་སྙིང་པོ་ཡིས། །མར་དང་འོ་མས་དེ་ཡི་གཟུགས་བརྙན་བཀྲུ། །དེ་ལྟར་ཞག་བདུན་བྱས་པས་གསང་སྔགས་དག །བཅིངས་པ་དང་ནི་མནན་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །གཞན་གྱི་གསང་སྔགས་མནན་པ་ལ་སོགས་པ་སྒྲུབ་པ་པོ་རྣམས་ཀྱི་བྱ་བ་མ་ཡིན་པར་གསུངས་པ། གཞན་ཡང་སྔགས་པས་གང་ཡང་རུང་བའི་སྔགས། །བཟླས་ནས་གཞན་གྱི་གསང་སྔགས་མནན་མི་བྱ། །གསང་སྔགས་གཅད་དང་བཅིང་བར་མི་བྱ་ཞིང་། །ཡི་གེ་ལྷག་ཆད་གསང་སྔགས་མི་སྦྱིན་ནོ། །ལས་རྣམས་སྤྱད་པ་གཞན་དུ་བསྒྱུར་མི་བྱ། །གནས་རྣམས་གཟིར་བ་ནམ་ཡང་མི་བྱའོ། །གདབ་དང་བཅིང་དང་བརྡེག་དང་ རྨོངས་བྱ་དང་། །ཡན་ལག་མི་གཞིག་རིགས་ཀྱང་མི་བརླག་ཅིང་། །སྔགས་པས་ཀླུ་དང་གདོན་ལ་སོགས་པ་རྣམས། །གཞན་དུ་བསྐྲད་པར་ཡང་ནི་མི་བྱའོ། །དགར་དང་བསྐྲད་པ་དག་དང་བསད་པ་དང་། །བྱིས་པ་གདོན་གྱིས་ཟིན་པ་མི་གསོ་ཞིང་། །རྒྱ་མོ་ས་མདའ་སྙི་དང་འཛུལ་བུ་ཡིས། །སེམས་ཅན་གནོད་པ་ནམ་ཡང་མི་བྱའོ། །སྤྱིར་ལྷས་བཤད་པ་དང་སངས་རྒྱས་ཀྱིས་གསུངས་པའི་རྒྱུད་རྣམས་ལས། ཆོ་གའི་ཡན་ལག་ཏུ་དང་ལྡན་ན་དངོས་གྲུབ་ཐོབ་པར་གསུངས་ཞེ་ན། དངོས་གྲུབ་ཕྱིར་ནི་རྣམ་པ་བཅུར་གསུངས་ཏེ། །སྔགས་པ་རང་གི་སྔགས་དང་གཡོག་དང་རྫས། །བརྩོན་འགྲུས་ཕྱོགས་དང་ས་གཞི་དུས་དང་ནི། །ཡན་ལག་རྫོགས་པའི་ལྷ་དང་སེམས་སྟོབས་སོ། །གཞན་དག་ཁ་ཅིག་རིག་འཛིན་གྲོགས་ཞེས་ཟེར། །གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད། །གཞན་ནི་རྫས་དང་ས་གཞི་ལྷ་དང་སྔགས། །ཁ་ཅིག་སེམས་ སྟོབས་ཡིན་ཞེས་རྣམ་པར་སྨྲ། །འགྲུབ་ཕྱིར་དེ་ལྟར་བཅུ་དང་བརྒྱ་དང་ལྔ། །དེ་བཞིན་བཞི་དང་གསུམ་དང་གཅིག་ཉིད་ཅེས། །སྔགས་རིགས་རང་རང་བློ་ཡི་རྣམ་པར་འཆད། །སངས་རྒྱས་རྒྱུད་ལས་ཆོ་ག་གཉིས་ཀྱིས་འགྲུབ། །སྒྲུབ་པ་གང་ཞིག་གཞན་གྱི་ཡོན་ཏན་རྫོགས། །བརྩོན་འགྲུས་མཆོག་དང་ཡང་དག་ལྡན་པ་དང་། །གཞན་གྱི་རྙེད་པ་དག་ལ་ཕྲག་དོག་མེད། །འདོད་ལ་མ་ཆགས་གཞན་གྱི་ཉོན་མོངས་བཟོད། །གུག་སྐྱེད་གླད་སྐོར་ཚིག་ཚང་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས། །སངས་རྒྱས་བྱང་ཆུབ་སེམས་དཔས་བརྟེན་པ་ཡི། །གནས་སུ་བཟླས་ན་ཡིད་འོང་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །བཟླས་བརྗོད་དང་བསམ་གཏན་བྱེད་པའི་ཚེ་སྒྲའི་ཚེར་མ་རྣམས་སྤང་བར་གསུངས་པ། རྫ་རྔའི་སྒྲ་དང་དུང་དང་རྔ་སྒྲ་དང་། །ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་དང་ནི། །གད་རྒྱངས་ཀུ་ཅོ་དག་དང་གླུ་གར་དང་། །གླིང་བུ་པི་ཝང་རྫ་རྔ་ཆེན་པོའི་སྒྲ། །བྱ་བྲན་སྣ་ཚོགས་སྒྲ་དང་ཆུ་སྒྲ་དང་། །བུད་མེད་རྒྱན་གྱི་སིལ་ཁྲོལ་སྒྲ་རྣམས་དང་། །ཤ་སྦྲང་ཆ་སྦྲང་རླུང་གི་གནོད་པ་ཡིས། །མི་ཡི་སེམས་ནི་གཡེངས་ཞིང་གཡོ་བར་བྱེད། །བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་དབྱུང་ཧ་ཅང་ཆུང་བའང་མིན། སྨྲ་བཞིན་མ་ཡིན་གཞན་དུ་གཡེངས་བཞིན་མིན། །གུག་སྐྱེད་གླད་སྐོར་ཚིག་བར་ཉམས་པ་མིན། །ཇི་ལྟར་ཆུ་རླུང་ཉིན་མཚན་རྟག་ཏུ་ནི། །རྒྱུན་མི་འཆད་པར་འབབ་པར་འགྱུར་བ་ལྟར། །དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱིས། །བསོད་ནམས་ལུས་ཅན་ལ་ནི་འཕེལ་བར་འགྱུར། །སྔགས་པས་དངོས་གྲུབ་ཉེ་ནས་སྨྱུང་བ་ལ་གནས་པ་བྱས་ཏེ། དེ་འདས་ནས་སྒྲུབ་པ་ལ་འཇུག་པ་གསུངས་པ་ལ། སྨྱུང་ བའི་བརྟུལ་ཞུགས་ཅིའི་ཕྱིར་བྱ་བར་གསུངས་པ། བུ་གཅིག་ལུས་དག་བྱ་ཕྱིར་སྨྱུང་བྱ་བར། །བདེ་གཤེགས་འདི་ན་ནམ་ཡང་མི་གསུངས་ཀྱང་། །ལུས་འདི་མི་གཙང་ལྤགས་པ་ཤ་ཁྲག་དང་། །གླད་རྒྱས་རྒྱུ་མ་མཚེར་མཆིན་མཁལ་མ་ཞག །མཁྲིས་པ་བད་ཀན་ཁུ་ཆུ་ཕྱི་ས་དང་། །གཅིན་སྣབས་བ་སྤུ་སྐྲ་དང་རུས་པ་དང་། །མིག་དང་རྣ་བ་སྣ་དང་ཁ་དང་ནི། །བཤང་སྒོ་མཚན་དང་བུ་ག་དགུ་པོ་ཡི། །རྨ་ནས་དྲི་མ་སྣ་ཚོགས་མི་གཙང་བ། །འཛག་པའི་རྒྱུ་ནི་རྟག་ཏུ་འབྱུང་བ་ཡིན། །དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང་། །ས་ཆུ་མེ་རླུང་ནམས་མཁའ་རྣམས་དང་ལྡན། །ཇི་བཞིན་ལས་ཀྱི་རྗེས་འབྲང་མི་ཡི་ལུས། །ཐམས་ཅད་ལྡན་པའི་ལུས་ལ་གནས་པ་ཡི། །བཤང་ གཅི་རྣམས་དང་མཆིལ་མ་བད་ཀན་དང་། །འདི་དག་ཟད་པར་བྱ་ཕྱིར་སྨྱུང་བར་གསུངས། །དྲི་མ་ཟད་ནས་ མི་ཡི་ལུས་དག་ནས། །རང་གི་འབྱོར་ཕྱིར་སྒྲུབ་ལ་བདེ་བར་འཇུག །འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་ན་ཡང་། །ལུས་འདི་ཡན་ལག་འདི་དག་ཐམས་ཅད་ལ། །དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི། །ཡེ་ཤེས་མིག་གིས་སོ་སོར་རྣམ་པར་བརྟག །དེ་ལྟར་གང་གིས་ངེས་པར་བརྟགས་པ་ན། །ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡི། །འདོད་ཆགས་རྩ་ནས་ཡོང་ཡེ་ཞི་འགྱུར་ཏེ། །ཉི་མས་མུན་ནག་རྩ་ནས་བསལ་བ་བཞིན། །ཞེས་གསུངས་སོ། །སྤྱིར་གསང་སྔགས་ཀྱི་བརྟུལ་ཞུགས་ཀྱང་དངོས་གྲུབ་དང་ལས་ཀྱི་སྐབས་ཀྱིས་མི་གཙང་བར་བྱ་བ་ཡང་ཡོད་དེ། དཔེར་ན་ཤ་ཆེན་འཚོང་བའི་སྐབས་ཀྱི་བརྟུལ་ཞུགས་གསུངས་པ། ལུས་ལ་ཁྲག་གི་ལག་རྗེས་བྲིས་ནས་སུ། །རྒྱུ་མས་མགོ་དང་མགྲིན་པ་དཀྲི་བར་བྱ། །ལུས་ལ་མི་ལྤགས་སར་བ་བགོས་ནས་ཀྱང་། །ལག་གཡོན་མི་ཤས་བཀང་བའི་གྱོ་མོ་ཐོག །ཁྲག་གིས་བསྐུས་པའི་རལ་གྲི་ལག་གཡས་ཀྱིས། །རབ་ཏུ་བསྒྲིམས་ནས་དེ་ནི་ཐོགས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སྤྱིར་སྔགས་པའི་སྡོམ་པ་ཐར་བ་འདོད་ཀྱང་རུང་། དངོས་གྲུབ་འདོད་ཀྱང་རུང་། ལས་ཕྲ་མོ་འདོད་ཀྱང་རུང་སྟེ། ཐམས་ཅད་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་སྡོམ་པ་གཟུང་བར་གསུངས་ཏེ། སངས་རྒྱས་ཀྱི་གསུངས་ཡན་ལག་བརྒྱད་ལམ་ནི། །ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་ངག །རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས། །སོ་སོ་སོ་སོར་ཡང་དག་བརྟེན་པར་བྱ། །ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང་། །དེ་བཞིན་འདིས་ནི་མཐོ་རིས་ཐར་པ་འཐོབ། །རྒྱལ་སྲས་སྔོན་གྱི་རྒྱལ་བ་འདས་པ་དང་། །འདི་ནས་གཤེགས་ཤིང་དེ་བཞིན་གཤེགས་པར་འགྱུར། །ཞེས་གསུངས་ཏེ། འདི་ལྟར་སྡོམ་པ་དེ་འཛིན་པས། དགེ་བ་ཐམས་ཅད་ཀྱང་བདེན་པའི་ལམ་དེ་ཡོངས་སུ་བཟུང་ངོ་། །ཞེས་དམིགས་ཤིང་བསྐྱེད་དོ། །མི་དགེ་བ་རྣམས་ཀྱང་ལམ་དེའི་གེགས་སུ་གྱུར་བར་བསམ་ཞིང་དགག་སྟེ། དེ་ལ་ དགེ་བ་ནི། ངོམས་མེད་སེམས་ཀྱིས་ལུས་དང་ངག་ཡིད་ཀྱིས། །གུས་པས་བསོད་ནམས་གང་དག་བསགས་པ་ཡང་། །བདེ་གཤེགས་གསུངས་པའི་བདེན་པའི་ལམ་དམིགས་ན། །དགེ་བའི་ལམ་འདི་ཡང་དག་བསྐྱེད་པ་ཡིན། །ཡང་དག་པའི་འཚོ་བ་དང་མི་མཐུན་པ་དགག་པར་གསུངས་པ། ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། །ཆོས་གོས་དང་ནི་བསོད་སྙོམས་ངན་ངོན་དང་། །སྨན་དང་མལ་སྟན་ངན་ངོན་དག་གིས་ཀྱང་། །ཆོག་པའི་སེམས་དང་ལྡན་པས་བསོད་ནམས་འཐོབ། །བདག་ལ་བསྟོད་པ་ནམ་ཡང་མི་བྱ་ཞིང་། །སེམས་ཅན་གཞན་ལ་སྨད་པར་མི་བྱའོ། །སྟག་དང་སྦྲུལ་དང་མེ་འདྲར་འཇིག་རྟེན་ནི། །བསམ་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། །ཞེས་གསུངས་སོ། །ཡང་དག་པའི་དྲན་པ་དང་ཡང་དག་པའི་རྩོལ་བའི་མི་མཐུན་པའི་ཕྱོགས་དགག་པར་གསུངས་པ། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་། །སྨན་དང་གླང་ ཆེན་བརྟག་པའམ་སྐར་མའི་དཔྱད། །མཚོན་ཆ་བརྟག་པའམ་རྟ་དཔྱད་རང་བཟོ་འམ། །བསྟན་བཅོས་ངན་པ་ཀློག་ཅིང་འདོན་པ་དང་། །གླང་ཆེན་རྟ་དང་བ་ལང་བྱ་གག་ཁྱི། །གོང་མོ་སྲེག་པ་འུག་པ་སྐྱེས་པ་དང་། །བུད་མེད་བུ་མོ་བྱིས་པ་ར་ལུག་སོགས། །འཐབ་མོ་འགྱེད་པ་མི་བལྟ་མི་བྱའོ། །ཡང་དག་པའི་ངག་གི་མི་མཐུན་པའི་ཕྱོགས་སྤང་བར་གསུངས་པ། ཡུལ་བའི་གཏམ་དང་མི་དབང་བསྟེན་པ་དང་། །དམག་དང་གྱད་དང་ན་ཆུང་གཏམ་དག་དང་། །སྒྲུང་ལྡེབས་དག་དང་སྔོན་གྱི་ལོ་རྒྱུས་གཏམ། །འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱའོ། །ཡང་དག་པའི་ལས་ཀྱི་མཐའ་དང་མི་མཐུན་པའི་གནས་སུ་འགྲོ་བ་དགག་པར་གསུངས་པ། སྔགས་པ་གསང་སྔགས་བསླབ་པ་ནོས་ནས་ནི། །གྲོང་དང་གྲོང་ཁྱེར་ཁང་པའི་གཙུག་ལག་ཁང་། །མཆོད་རྟེན་བསྟི་གནས་རི་དང་དཀའ་ཐུབ་གནས། །ཀུན་དགའི་ལུ་མ་རྫིང་བུར་འགྲོ་མི་བྱ། །ཞེས་གསུངས་ནས། མི་འགལ་ཞིང་མཐུན་པའི་གནས་སུ་ལོ་གཅིག་ཏུ་སྙེན་པ་བྱས་ནས། དེ་ ནས་སྒྲུབ་པ་ལ་འཇུག་པར་བྱེད་པའི་ཚེ། དགུན་དཔྱིད་ཟླ་བ་བརྒྱད་དུ་གནས་ངེས་པའམ་མ་ངེས་ཀྱང་རུང་སྟེ་ཇི་ལྟར་དམ་བཅས་པ་ཞིག་ཏུ་གནས་ནས། དེ་ནས་དབྱར་ཟླ་གསུམ་དུ་དགེ་སློང་ཚུལ་དུ་ཞུགས་པ་དང་མཐུན་པར་གནས་གཅིག་ཏུ་འདུག་ནས། །བཟླས་བརྗོད་ཀྱིས་དུས་འདས་པར་བྱས་ཏེ་སྒྲུབ་པ་ལ་འཇུག་པར་གསུངས་ཏེ། ཡང་ན་གནས་ནི་ངེས་པར་མ་བྱས་ན། །ཟླ་བ་བརྒྱད་པོ་འདི་ཡི་དུས་དག་དུ། །གནས་ནི་གང་ཡང་རུང་བ་གཅིག་ཏུ་བསྟེན། །མཚོ་དང་ཤིང་དང་རི་བོ་དགོན་པའི་གནས། །མཚེའུ་འམ་ཁང་པ་གནས་སམ་ཆུ་ངོས་སུ། །དགུན་དཔྱིད་ཟླ་བ་ལ་ནི་གནས་བྱས་ནས། སྔགས་པས་དབྱར་ནི་གཅིག་ཏུ་གནས་བྱས་ཏེ། །ཇི་ལྟར་རྒྱལ་བས་དགེ་སློང་དབྱར་ཟླ་གསུམ། །བརྟུལ་ཞུགས་གནས་གཞན་མི་འགྲོར་གསུངས་པ་བཞིན། །དེ་བཞིན་བཅོམ་ ལྡན་འདས་ཀྱིས་སྔགས་པ་ཡང་། །ཟླ་བ་གསུམ་དུ་གཅིག་ཏུ་གནས་པར་ གསུངས། །སྔགས་པ་དབྱར་ནི་སྒྲུབ་ལ་མི་འཇུག་པར། །བཟླས་བརྗོད་ཀྱིས་ནི་དུས་ལས་འདའ་བར་བྱ། །དབྱར་བཟླས་ནས་ནི་གསང་སྔགས་གཟི་བསྐྱེད་པས། །ཞེས་གསུངས་ཏེ། ལས་ཀྱི་མཐའ་མ་ལུས་པ་དང་། ལྟ་བ་དང་རྟོག་པ་དང་ཏིང་ངེ་འཛིན་ནི་གོང་དུ་བསྟན་ཟིན་ཏོ། །སྔགས་པ་བརྟུལ་ཞུགས་འཛིན་པའི་ཚེ། ཁྱིམ་པས་གཙུག་ཕུད་བཞག་ནས་སྐྲ་བྲེག་པར་གསུངས་པ་ལ་བྲེག་ཏུ་མི་རུང་བའི་སྤུ་གསུངས་པ་ནི། བྱིན་པ་དག་དང་མཆན་ཁུང་སྤུ་རྣམས་ནི། །ལག་པས་ཀྱང་ནི་བཏོག་པར་མི་བྱ་ཞིང་། །མེ་ཡིས་མི་བསྲེག་སྤུ་གྲིས་བྲེག་མི་བྱ། །སྤུ་མེད་བྱ་ཕྱིར་སྨན་གྱིས་མི་བྱུག་གོ །སྔགས་པ་ཚུལ་ཁྲིམས་དང་གཙང་སྦྲར་མི་ལྡན་ན་མི་འགྲུབ་པ་དང་ཕུང་བར་འགྱུར་པའི་ཚུལ་གསུངས་པ། མི་ནི་ཚུལ་ཁྲིམས་གཙང་སྦྲར་མི་ལྡན་ཡང། །གསང་སྔགས་ལྷ་ནི་ནམ་ཡང་གནོད་མི་ མཛད༑ ། ལྷ་དེའི་འཁོར་དུ་གྱུར་པ་གང་ཡིན་རྣསས། །མི་ལ་གླགས་སྐབས་མཐོང་ནས་ཕུང་བར་བྱེད། །ཅེས་གསུངས་སོ། །དངོས་གྲུབ་ཀྱི་སྣོད་དུ་མི་རུང་བ་གསུངས་པ། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང་། །ཐུབ་པའི་དགེ་འདུན་དབྱེན་ནི་བྱེད་པ་དང་། །དེ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱིས་སུ། །ནམ་ཞིག་མི་དག་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས། །རྒྱལ་བས་མཚམས་མེད་ལྔ་པོ་ཡིན་པར་བཤད། །གཏི་མུག་གིས་ནི་སྡིག་པ་གཅིག་བྱས་ན། །ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར། །མཆོད་རྟེན་འཇིག་ཅིང་བྱང་ཆུབ་སེམས་དཔའ་གསོད། །ཉོན་མོངས་ཟད་པའི་མ་ནི་སུན་འབྱིན་ཅིང་། །སློབ་པ་གསོད་ཅིང་དགེ་འདུན་མང་པོ་ལ། །གང་ཞིག་འདོད་པས་མང་ཉུང་རྐུ་འཕྲོག་པ། །མཚམས་མེད་ཉེ་ལྔར་དེ་བཞིན་གཤེགས་པས་ གསུངས། །ཚུལ་ཉམས་མི་ནི་གང་ཞིག་འདི་བྱེད་པ། སྐལ་བའི་བར་དུ་མནར་མེད་སྡུག་བསྔལ་མྱོང་། །གསང་སྔགས་དངོས་གྲུབ་བསྒྲིམས་ཀྱང་ཡོངས་མི་འཐོབ། །གང་ཞིག་བདེ་གཤེགས་གསུང་གི་གླེགས་བམ་དག །ཆུད་གཟོན་པ་དང་མེས་ནི་བསྲེག་པ་དང་། །བསམ་པ་ངན་པས་ཆུར་ནི་འདོར་བ་དང་། །ཡང་ན་ཆོས་ཀྱི་སྐུ་ནི་སྤོང་བའམ། །བསླབ་ཚིག་མ་ལུས་པས་ནི་བརྒྱན་པ་ཡི། །དགེ་སློང་དག་གམ་དགེ་སློང་མ་གསོད་དང་། །དགེ་བསྙེན་དང་ནི་དགེ་བསྙེན་མ་གསོད་དང་། །ངན་པའི་སེམས་ཀྱིས་ལྷ་ཁང་བསྲེག་ཀྱང་རུང་། །མི་ཡི་ཡུལ་ན་སྡིག་པ་འདི་བྱས་པ། །དཀའ་བར་སྤྱོད་པར་ལྡན་ཡང་གྲུབ་མི་ཐོབ། །གང་ཞིག་དཀོན་མཆོག་གསུམ་ལ་གནོད་པ་ཡི། །བསམ་པས་ཅུང་ཟད་གནོད་པ་བྱས་ ཀྱང་རུང་། །བདག་ཉིད་མནར་མེད་དམྱལ་བར་ཡུན་རིང་བཙོས། །དེ་ལས་ཐར་ནའང་ལས་ཀྱི་དབང་གིས་ནི། །རིགས་ངན་མི་དང་དུད་འགྲོའི་སྐྱེ་གནས་འཐོབ། །འདི་དག་ངས་ནི་ཁྱོད་ལ་མདོར་བཤད་པའོ། །གང་ཞིག་བྱང་ཆུབ་སེམས་ནི་བླངས་པ་ལས། །རྨོངས་ནས་འཇིག་རྟེན་ལྷ་ཚོགས་ཕྱག་བྱས་ན། །དེ་དག་དེ་ལ་མི་དགར་གྱུར་ནས་སུ། །དེ་ཡིས་གསང་སྔགས་དངོས་གྲུབ་ཉམས་པར་བྱེད། །གང་གི་ཚེ་ན་སེམས་ནི་དྭང་བ་ཡིས། །མི་ཡི་ཡུལ་ན་བྱང་ཆུབ་སེམས་བླངས་པ། །དེ་ནི་ཕྱིན་ཆད་ལྷ་དང་ལྷ་མིན་དང་། །འཇིག་རྟེན་མ་ལུས་རྣམས་ཀྱི་ཕྱག་བྱར་འོས། །མི་ཡི་མངོན་པར་མཐོ་བ་མ་ལུས་པའི། །བསླབ་པ་མཐའ་དག་བླངས་པར་གྱུར་བ་དང་། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་དང་། །དཀོན་མཆོག་གསུམ་གྱི་གདུང་ནི་བསབ་པ་ཡིན། །གང་ཞིག་མི་བཟད་ལས་བྱེད་ཐུབ་པ་གསོད། །རིག་སྔགས་གཅོད་དམ་གནོད་པ་བྱེད་པའམ། །བསམ་པ་ངན་པས་གསང་སྔགས་ཚོགས་མི་མཆོད། །དོན་མེད་བཞིན་དུ་སེན་མོས་རྩྭ་གཅོད་དང་། །རྐང་པས་རྐང་ཉེད་གླང་ལ་སོགས་པ་ཡི། །སྣ་འབིགས་ དགེ་འདུན་ལ་ནི་མི་གུས་དང་། །འབྱུང་པོ་སྦྱིན་པའམ་ལྷ་མི་གཏོར་མ་དང་། །ས་ལ་ལྷུང་བ་སྔགས་པས་བཟའ་མི་བྱ། །འདོད་ཆགས་ཟིལ་གྱིས་ནོན་ནས་བྱོལ་སོང་དང་། །བུད་མེད་བགྲོད་བྱ་མིན་པར་འགྲོ་མི་བྱ། །གླང་ཆེན་མི་གདུལ་སྦྲུལ་ཡང་མི་གཟུང་ཞིང་། །རྟ་རྒྱུག་ལྕགས་བཞུ་གློ་རྡེབ་རྣམས་མི་བྱ། །གང་ཞིག་སེམས་ཅན་ན་དང་སྡུག་བསྔལ་ལ། །བྱམས་པའི་བསམ་པ་བརྟན་པོ་མེད་པ་དང་། །ལས་དེ་རྣམས་དང་ལྡན་པར་གྱུར་པ་དེའི། །དངོས་གྲུབ་ནམ་ཡང་འབྱུང་བར་མི་འགྱུར་རོ། །དཔེར་ན་ནམ་མཁའ་མཐར་ཐུག་མེད་པ་ལ། །འདོམ་གྱིས་གཅལ་བས་མཐའ་རྟོགས་མི་ནུས་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི། །ཕན་གནོད་བྱེད་པའི་དགེ་སྡིག་མཐའ་མི་རྟོགས། །རྒྱ་དང་རྙི་གཏོར་རྩ་བའི་དུག་དག་གིས། །ཁྱི་ལ་སོགས་པའི་སེམས་ཅན་གསོད་པ་དང་། །བྱ་རོག་ལ་སོགས་གཟེབ་ཀྱིས་བཅིངས་བྱས་ན། །འདི་དང་ཕ་རོལ་དུ་ ཡང་གྲུབ་མི་ཐོབ། །བདུད་དགྲའི་མེ་ཏོག་རྙིང་པ་བོར་བ་རྣམས། །རྐང་པས་མི་རྫི་མགོ་ལ་གདགས་མི་བྱ། །བཀྲེས་པས་གདུངས་ཀྱང་དེ་དག་རྣམས་ལ་ནི། །ཕུལ་བའི་ལྷ་བཤོས་ནམ་ཡང་བཟའ་མི་བྱ། །འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང་། །དྲག་པོ་རླུང་ལྷ་སོགས་ལ་ཕྱག་མི་བྱ། །དེ་ཡིས་བཤད་པའི་ཆོས་ལ་མི་བརྟེན་ཅིང་། །དེ་དག་དཀའ་ཐུབ་མི་སྤྱད་རྟགས་མི་མཆོད། །དེ་རྣམས་ཆོས་ལ་ངན་སེམས་མི་བྱ་ཞིང་། །དེ་ཡི་སྤྱོད་པ་རྣམས་ལ་དགའ་མི་བྱ། །དེ་ཡི་སྔགས་ཀྱང་མི་བཟླས་མདོ་མི་ཀླག །སྦྱིན་པ་སྦྱིན་ཚེ་སྙིང་རྗེ་བསྐྱེད་ནས་སྦྱིན། །བདེ་བར་གཤེགས་པ་ཀུན་གྱིས་བསྟེན་པ་ཡི། །གནས་དང་རྒྱལ་སྲས་རྣམས་ལ་ཕྱག་བྱའོ། །རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་རྣམས། །དེ་དག་རྟག་ཏུ་ཕྱག་བྱའི་གནས་ཡིན་ནོ། །ཇི་ལྟར་ཟླ་བ་ཚེས་ལ་མི་རྣམས་ནི། །ཕྱག་འཚལ་ལུས་ཅན་ཉ་ལ་ཕྱག་མི་འཚལ། །དེ་བཞིན་དད་པས་རྒྱལ་བའི་ཐུགས་སྲས་ལ། །ཕྱག་བྱའི་དེ་ལྟར་བདེ་བར་གཤེགས་ལ་མིན། །གསང་སྔགས་ཟློས་པ་ཁ་ཅིག་རྡོ་རྗེ་ཐོགས་སུ་མི་གནང་བར་གསུངས་པ། ཐེག་ཆེན་མི་ཕྱོགས་ཉན་ཐོས་ལ་ཕྱོགས་དང་། །རང་རྒྱལ་རྣམས་ཀྱི་ལམ་ལ་གནས་པ་དང་། །དད་པ་མེད་ཅིང་ཚུལ་འཆོས་འཇུངས་པ་ཡིས། །ང་ཡི་རྡོ་རྗེ་ཡང་ནི་བཅང་མི་བྱ། །རྡོ་རྗེ་རིགས་ཀྱི་གསང་སྔགས་བཟླ་སུ་མི་གནང་བར་གསུངས་པ། གང་ཞིག་ཐེག་པ་ མཆོག་ལ་སྡང་བ་དང་། །བདུད་ཀྱི་བཤད་པ་ཡིན་ཞེས་ཟེར་བ་དང་། །རྨོངས་ནས་ང་ལ་གནོད་ཅེས་སྨྲ་བ་དང་། །བྱང་ཆུབ་སེམས་དཔའ་ལ་ནི་མི་འདུད་པའི། །དགེ་སློང་དགེ་སློང་མ་དང་དགེ་བསྙེན་དང་། །དགེ་བསྙེན་མ་དང་འཇིག་རྟེན་པ་རྣམས་ཀྱིས། །ང་ཡི་རིགས་ཀྱི་གསང་སྔགས་བཟླས་བརྗོད་ན། །མྱུར་དུ་དེ་ཡི་ལུས་ནི་ཞིག་པར་འགྱུར། གང་ཞིག་ངའི་རིགས་རྗེས་སུ་འབྲང་བའི་གདོན། །འབྱུང་པོ་གནོད་སྦྱིན་ཀླུ་དང་ཤ་ཟ་ཡི། །ང་ཡི་སྔགས་ཟློས་རྡོ་རྗེ་འཆང་བ་དག །མཐོང་ན་ཁྲོས་ནས་ཕུང་བར་བྱེད་པར་འགྱུར། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཀྱི་ཡུལ་ཁུད་པ་གསུངས་པ། གང་ཞིག་ཐེག་མཆོག་རྒྱ་ཆེན་ཀློག་པ་དང་། །དེ་ལ་དད་ཅིང་དེ་ཉིད་འཆད་པར་སྤྲོ། །བརྩོན་འགྲུས་ཆེ་ཞིང་བྱང་ཆུབ་སེམས་བརྟན་པ། །དེ་ལ་ང་ཡི་གསང་སྔགས་མཆོག་སྦྱིན་མཛད། །གཙང་སྦྲའི་བྱེ་བྲག་གསུངས་པ། ཁྲུས་བྱས་ནས་ནི་ཙོག་ཙོག་པོར་འདུག་ནས། །སྒྲ་མེད་རྔུབ་མེད་པས་ནི་ཉེ་རེག་བྱ། །ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་ཀྱང་། །མཆུ་ལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ། །སོ་ལ་ཆགས་པ་ལྕེ་ཡིས་རེག་པ་དང་། །སྦྲིད་པ་བྱུང་ན་ཁ་ཡང་བཀྲུ་བར་བྱ། །རབ་བྱུང་སྐྱེས་པ་བུད་མེད་གཞོན་ནུ་དང་། །གཞོན་ནུ་མ་དང་རྒན་པོ་བྲམ་ཟེ་དང་། །དེ་ལ་ནམ་ཡང་སྔགས་པས་རེག་མི་བྱ། །སྔགས་པས་དེ་དག་རྣམས་ལ་མི་བསམ་མོ། །བརྒྱ་ལ་དེ་དག་རྣམས་ཀྱིས་རེག་གྱུར་ཏམ། །སྒྲུབ་པས་དེ་དག་རྣམས་ལ་རེག་གྱུར་ན། །སླར་ཡང་ཁྲུས་དང་འཐོར་འཐུང་བྱས་ནས་སུ། །དེ་ནས་སླར་ཡང་ཟློས་ལ་འཇུག་པར་བྱ། །གཙང་ སྦྲ་ལ་སོགས་པའི་ཡོན་ཏན་བསྟན་པ། གཙང་སྦྲ་ལ་དད་ཟློས་དགའ་སྙིང་རྗེ་ཅན། །རྟག་ཏུ་ལེན་པ་ལས་ནི་ལོག་པ་དང་། །སློང་མོའི་ཟས་ཟ་ལྷ་ཡི་ལས་བརྩོན་པ། །དེའི་ལུས་ལ་གསང་སྔགས་འཇུག་པར་འགྱུར། །འགའ་ཡིས་བུད་མེད་གོས་དང་ནོར་རྣམས་དང་། །གཞོན་པ་རྒྱན་དང་བྱུག་པ་བཟའ་བཏུང་དང་། །མལ་སྟན་རྣམས་ནི་མང་ཉུང་བྱིན་གྱུར་ན། །དེ་ལ་སྒྲུབ་ལ་གནས་པས་མི་བླང་ངོ་། །ས་ཕུང་བཤང་སྒོར་ལྔ་སྟེ་མཚན་ལ་གསུམ། །གཡོན་ལ་གཉིས་ཏེ་ལག་པ་གཉིས་ལ་བདུན། །ཡང་ན་ས་དང་ཆུ་ཡིས་ཇི་སྲིད་དུ། །དྲི་མ་དྲི་བྲལ་དེ་སྲིད་པར་དུ་བྱ། །སོས་ཁ་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་སྲེག་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྤར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་སྲེག །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་ཕྱུང་བ་ཡིས། །མུན་ནག་མ་ལུས་སེལ་བ་བྱེད་པ་ལྟར། །ཚེ་རབས་སྟོང་ནས་གནས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཅི་སྟེ་བཟླས་བརྗོད་དང་ནི་སྦྱིན་སྲེག་གིས། །གསང་སྔགས་སྒྲུབ་ཀྱང་དངོས་གྲུབ་མ་ཐོབ་ན། །འཇིམ་པ་ལས་ནི་མཆོད་རྟེན་འབུམ་གདབ་པའམ། །ཡང་ན་ཆུ་འགྲམ་བྱེ་མ་དག་ལ་གདབ། །དེས་ནི་དེ་ཡི་སྡིག་པ་སྲིད་གཞན་ལ། །བྱས་པ་གང་ཡིན་དེ་ནི་ཟད་འགྱུར་ན། །དེས་ན་གསང་སྔགས་མཐུ་ཡིས་འདི་ཉིད་དུ། །མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་འཐོབ། །སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །ཇི་ལྟར་མི་དབང་ཡན་ལག་བདུན་ལྡན་པ། །སྐྱོ་བ་མེད་པ་སྐྱེ་དགུ་འདུལ་བར་བྱེད། །དེ་བཞིན་སྔགས་པ་ཡན་ལག་འདི་བདུན་དང་། །ལྡན་པར་གྱུར་ན་སྡིག་པ་འདུལ་བར་བྱེད། །ཡང་སྔགས་ཀྱིས་བཀུག་པའི་བུད་མེད་ཀྱང་འདོད་པས་ལོག་པར་གཡེམ་པའི་ཁོངས་སུ་འགྲོ་བར་གསུངས་པ། གང་ཞིག་གནོད་སྦྱིན་མོ་འམ་བྲན་མོ་དང་། །གསང་སྔགས་མཐུས་བཀུག་བརྟེན་པར་བྱེད་པ་དག །གཞན་གྱི་ཆུང་མར་འདུ་ཤེས་བཞག་ནས་སུ། །འདོད་པ་གང་ཞིག་བརྟེན་པར་བྱེད་པ་ནི། །མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང་མ་ལ། །འདོད་པ་སྤྱད་པས་སྡིག་པ་མང་དུ་ཐོབ། །ཅེས་གསུངས་སོ། །གཞན་ཡང་ལས་དང་པོ་པའི་སྔགས་པས། དང་པོར་གདོན་བསྲུང་བ་དང་དམ་ཚིག་ནོད་པའི་ཕྱིར། ཁྲོ་བོའི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དུ་ཞུགས་ཏེ། དེས་འཕགས་པ་རིག་པ་མཆོག་ལས་ གསུངས་པའི་དམ་ཚིག་སྣ་ཚོགས་བལྟ་བར་གསུངས་ཏེ། དེ་ཡང་རྒྱུད་དེར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་དང་དངོས་གྲུབ་སྒྲུབ་པའི་ཆོ་ག་ཞིབ་མོ་མཐའ་དག་རྒྱས་པར་གསུངས་པས། སྒྲུབ་པ་པོ་གང་དག་བགེགས་ཞི་བར་བྱ་བ་ལ་སོགས་པའི་ལས་དང་དངོས་གྲུབ་ལ་སྦྱར་བར་འདོད་པ་རྣམས་ཀྱིས་ལྷ་སོ་སོའི་སྒྲུབ་པའི་དམ་ཚིག་དེ་ཉིད་དུ་བལྟ་བར་བྱའོ། །བསྲུང་བའི་དམ་ཚིག་ཀྱང་ཐུན་མོང་གི་བསླབ་པའི་གཞི་ལྔ་འཛིན་དུ་བཅུག་སྟེ་བྱིན་གྱིས་བརླབས་ནས། དམ་ཚིག་གི་ཆུ་བླུད་དེ་དམ་ཚིག་གི་ཕྱག་རྒྱ་བསྟན་པ་དང་། དམ་བསྒྲག་པ་ལ་སོགས་པ་གསུངས་ལ། གཞན་ཡང་བསྟན་དུ་མི་རུང་བ་དང་སྤྱད་དུ་མི་རུང་བ་ལ་སོགས་པ་གསུངས་པ་འདི་ལྟར། དེ་ནས་དཀྱིལ་འཁོར་འདོད་པ་ཀུན། །བཟུད་པ་ཡང་ནི་བཤད་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །དཀོན་མཆོག་གསུམ་ལ་གཙོ་བོར་འཛིན། །དད་ཅིང་མཉམ་པར་བཞག་པ་ཡི། །མི་ནི་དམ་ཚིག་འཛིན་དུ་འཇུག །དེ་ནས་དེ་ལ་མཁས་པ་ཡིས། །བསླབ་གཞི་ལྔ་ནི་སྦྱིན་པར་བྱ། །མིང་འདི་ཞེས་ནི་བྱ་བ་བདག །ཕྱིན་ཆད་ནམ་འཚོའི་བར་དག་ཏུ། །སྲོག་གཅོད་ལོག་པར་གཡེམ་པ་དང་། །རྐུ་དང་རྫུན་དུ་སྨྲ་བ་དང་། །འབྲུ་དང་སྦྱར་བའི་ཆང་འཐུང་བ། །རྟག་ཏུ་བདག་གིས་སྤང་ཞེས་སྨྲོས། །ཞེས་ཕོག་ནས་རྡོ་རྗེ་འཛིན་པའི་ཕྱག་རྒྱས་བདུད་རྩིའི་ཆུ་བླུད་དེ། དམ་བསྒྲག་པ་གསུངས་པའི་སྐབས་ནས། དམ་ཚིག་སྤངས་པ་གང་ཡིན་དང་། །དཀྱིལ་འཁོར་དུ་ནི་མ་ཞུགས་པ། །དེ་ལ་དམ་ཚིག་གཞན་མེད་པ། །བསྟན་ཆོས་ཀྱི་ནི་གཞུང་ལུགས་ཡིན། །དམྱལ་བ་ཡོད་པ་འདི་ལ་ལྟོས། །ཞེས་གསུངས་ཏེ་ཐེག་པ་གཞན་གྱི་སྡོམ་པ་ལས་ལྷག་པར་དཀའ་ཞིང་ཉེན་ཆེ་བར་གསུངས་སོ། །དམ་ཚིག་གི་ཡོན་ཏན་ཡང་། སློབ་དཔོན་ལ་ནི་གུས་པར་བྱ། །རྡོ་རྗེ་འཛིན་པ་དེ་ཉིད་ཡིན། །ཅེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་འཛིན་པའི་རྒྱལ་མཚན་འདི། །ཇི་ལྟར་རྟག་ཏུ་མཛེས་པ་བཞིན། །དེ་ལྟར་ཁྱོད་ནི་ཡོན་ཏན་གྱིས། །དམ་མཛེས་ངེས་པར་གནས་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་དམ་ཚིག་གི་ཕྱག་རྒྱ་སྟོན་པའི་ཚེ། བྲིས་ཏེ་བསྟན་པ་དང་བཅས་ཏེ་སྟོན་པའི་ཚེ། རྡོ་རྗེ་སྟངས་འགྲོས་སྟོན་པར་གསུངས་པ། ཐམས་ཅད་ཀྱི་ནི་ཕྱག་རྒྱའི་ཚོགས། །སྐྲག་པར་བྱེད་དང་མཆོད་བྱ་བ། །དེ་དག་ཐམས་ཅད་གཡོན་པ་ཡིས། །རྣམ་པ་ཐམས་ཅད་བསྟན་པར་བྱ། །རྡོ་རྗེ་གོམས་པ་འདོར་དང་འཇོག །ཅིག་ཅར་ཡོངས་སུ་བསྒྱུར་བ་དང་། །གཡོན་པས་བརྡབས་པར་བྱ་བ་དང་། །རྒྱགས་པའི་སེང་གེའི་སྒྲ་བསྒྲགས་དང་། །འཛུབ་མོ་བསྟན་ཏེ་ཧཱུཾ་ཞེས་བྱ། །ཤིན་ཏུ་སྒྲ་ཡང་རབ་ཏུ་བསྐྱེད། །རྡོ་རྗེ་རིགས་ཅན་སྐྱེས་པ་ཡིས། །སློབ་དཔོན་གྱིས་ནི་བསྟན་པར་བྱ། །ཞེས་གསུངས་ནས། རང་རང་གི་རྐྱེན་དུ་བཅའ་བའི་ཕྱག་རྒྱ་གང་ཡིན་པ་ཡང་བསྟན་པར་གསུངས་སོ། །སློབ་དཔོན་གྱིས་མ་བསྟན་པར་ཕྱག་ན་རྡོ་རྗེ་ཉིད་ཀྱིས་ཀྱང་དངོས་གྲུབ་མི་འཐོབ་པར་གསུངས་པ། རྡོ་རྗེ་འཛིན་པས་དེ་དག་ལ། །གསལ་བར་བྱ་ཕྱིར་ཚིག་འདི་སྨྲས། །ང་ཡི་དཀྱིལ་འཁོར་དམ་པ་དང་། །བྱ་བའི་རིགས་ནི་མངོན་མཐོ་ལ། །རྡོ་རྗེ་དང་ནི་རྡོ་རྗེ་འཛིན། །རིག་སྔགས་སྒྲུབ་པ་རྟོགས་བྱས་ནས། །ཞེས་གསུངས་སོ། །དེ་བཞིན་དུ་སྒྲུབ་པ་པོས་ཀྱང་སྒྲུབ་པ་ལ་འཇུག་ཀར་ཡང་། བླ་མ་ལ་མཆོད་དེ་ཡོན་ཕུལ་ནས་དངོས་ གྲུབ་ནོས་ནས་བླ་མས་ཇི་སྐད་སྨྲས་པ་དེ་ཡིད་ལ་བཞག་ནས་ཚིག་དེ་ཡང་མཉན་པར་གསུངས་སོ། །དེ་བས་ན་དངོས་གྲུབ་ནི་བླ་མ་ལ་རག་ལས་ཤིང་གསང་བས་འགྲུབ་སྟེ། འདི་ལྟར། ལག་ན་རྡོ་རྗེ་ཁྱོད་ཀྱིས་གི་ཆོ་ག་རྒྱས་པར་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་གསང་བ་མེད་པར་ལས་མི་བྱེད་དོ། །ཞེས་སོ། །ཕྱག་རྒྱ་བལྟ་བ་ཡང་སྣོད་དང་ལྡན་པ་རྣམས་ལ་གཙང་བ་དང་དབེན་པར་བསྟན་ནོ། །དེ་ལ་གསང་བ་མི་བསྟན་པའི་གང་ཟག་སྣོད་སྨེ་བའི་དམིགས་ཀྱང་འདི་སྐད་དུ། སྡིག་པའི་ལས་ནི་བྱེད་པ་དང་། བྲམ་ཟེ་གསོད་དང་མི་རྣམས་གསོད། །ཚུལ་ཁྲིམས་འཆལ་ལ་སྦྱིན་མི་བྱ། །ཞེས་གསུངས་སོ། །སློབ་དཔོན་གྱི་ཚད་དང་སློབ་བུའི་སྣོད་བརྟག་པའང་འདི་སྐད་དུ། སློབ་དཔོན་མ་ཡིན་ཞིང་སློབ་བུ་མ་ཡིན་པ་བསྟེན་ནས། ལོ་གཅིག་མ་ལོན་པ་ལ་སྦྱིན་པར་མི་བྱའོ། །ཡང་ན་སློབ་དཔོན་གྱིས་རབ་ཏུ་སྦྱངས་ནས་གདོད་གཟུད་པར་བྱའོ། །ཞེས་གསུངས་སོ། །གཞན་ཡང་འདི་སྐད་དུ། དམ་ཚིག་མི་ཤེས་པ་དང་། ཤིན་ཏུ་མི་བཟོ་བ་དང་། ལོ་གཅིག་གི་བར་དུ་མ་བསྟེན་པ་དང་། སྟོང་སྙེད་མ་སྦྱིན་པ་ལ་སྦྱིན་པར་མི་བྱའོ། །ཞེས་གསུངས་སོ། །གཞན་ཡང་སློབ་དཔོན་གྱི་ལག་ནས་ཕྱག་རྒྱ་མ་བལྟས་ཤིང་སྔགས་མ་ནོས་དངོས་གྲུབ་རྩལ་དུ་མ་བཅུག་པས་ནི་ལས་དང་གྲུབ་པ་མི་འཐོབ་པ་ལྟ་ཞོག་གི །དེ་དག་གི་གསང་སྔགས་ཀྱི་སྡེ་སྣོད་རང་བྱན་དུ་བལྟར་ཡང་མི་སྣང་༼རྫོགས་ཆེན་ཤིང་པར་དུ་ཡང་འདི་བཞིན་ཡིན་མོད། གནང་མིན་ནམ་སྙམ་སྟེ། བཅོས་མ་ཕོད། ༽སྟེ། འདི་ལྟར་དམ་ཚིག་མ་ནོས་པར་རང་བྱན་དུ་གསང་སྔགས་ཀྱི་སྡེ་སྣོད་བལྟ་བ་དང་། ལྷ་ལ་ཕུལ་བའི་རྫས་ལ་སྤྱོད་པ་དང་། ལྷའི་ཕྱག་རྒྱ་རྫི་བར་བྱེད་པ་ལ་སོགས་པ་བྱ་བ་མ་ཡིན་པའི་སྤྱོད་པ་ལ། རྣམ་པར་འཛེམ་པ་མེད་པ་རྣམས་ནི། རྣམ་པར་སྨིན་པ་ལྕི་བ་འབའ་ཞིག་ཏུ་མ་ཟད་ཀྱི། ཚེ་འདི་ཉིད་ལ་ཡང་བགེགས་དང་ལོག་འདྲེན་རྣམས་ཀྱི་ཟས་སྐལ་དུ་དཔལ་ཕྱག་ན་རྡོ་རྗེས་བྱིན་པ་ཡིན་པས། དེ་བས་ན་འཇིག་རྟེན་འདི་འབའ་ཞིག་མཐོང་བ་རྣམས་ཀྱིས་ཀྱང་འདི་ལྟ་བུ་སྤང་བར་རིགས་སོ། །དེ་ཡང་འདི་ལྟར། དེ་ནས་རིག་པའི་རྒྱལ་པོ་མཆོག་ལག་ན་རྡོ་རྗེ་ལ་ལོག་འདྲེན་གྱིས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ། རིག་པ་མཆོག་འདི་འཆང་ངམ། བཅོམ་ལྡན་འདས་གང་གིས་བདག་ལ་འཁྱལ་ཞིང་སེམས་ཅན་རྣམས་ལ་ཡང་གླགས་རྙེད་པར་འགྱུར་བར་བདག་ལ་མི་གཟིགས་སམ། དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས་ལོག་འདྲེན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཉོན་ཅིག །གང་དག་དམ་ཚིག་མི་ཤེས་པར་ངའི་རིག་པའི་ཆོ་ག་རྒྱས་པ་ཀློག་པ་དེ་དག་ཁྱེར་ཅིག །གང་དག་གཅིག་གི་ལྷག་མ་གཅིག་ཟ་བ་དང་། ལྷ་ལ་ཕུལ་བའི་དྲི་དང་བདུག་པ་དང་མེ་ཏོག་ལ་སྤྱོད་པ་དེ་དག་ཁྱེར་ཅིག །ཅེས་གསུངས་སོ། །གཞན་ཡང་འདི་སྐད་དུ། གདོན་རྣམས་དེ་དག་ཐམས་ཅད་ནི། །རྣལ་འབྱོར་བསྟན་ཆོས་མཐུས་བརྟུལ་ནས། །ལག་ན་རྡོ་རྗེའི་ཐད་དུ་ཁྲིད། །བཅོམ་ལྡན་རྡོ་རྗེ་ལྡན་པ་དེས། །མཐོང་ནས་ཅི་དེ་གསོན་འདོད་ན། །རིག་པའི་མཆོག་ལ་ཕྱག་བྱོས་ལ། །ཕྱག་རྒྱ་མཐོང་ནས་བསྟན་ལ་གནས། །གནས་ནས་མི་རྣམས་ཐོང་ཤིག་ཅེས། །གདོན་རྣམས་ལ་ནི་བརྒད་དེ་སྨྲས། །དེ་སྐད་སྨྲས་ནས་གདོན་དེ་དག །ཀུན་གྱིས་དེ་ཚེ་བསྟན་སྨྲས་པ། །ཁྱོད་ཀྱིས་ལས་འདི་མཆོག་ཡིན་ཏེ། །གཞན་གྱིས་མི་ཐུབ་དྲག་ཅིང་དགེ ། མངའ་བདག་ཁྱོད་ཀྱིས་བཀའ་སྩལ་པ། །དེ་བཞིན་དུ་ནི་བགྱི་བར་འཚལ། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །ཆོས་དང་དགེ་འདུན་དེ་བཞིན་དེ། །ཞི་ལ་མ་དུང་འདུལ་བ་པོ། །ཁྱོད་ལའང་རྟག་ཏུ་སྐྱབས་སུ་མཆི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྟོབས་ཆེན་ཁྱོད་ནི་སྐྱེས་པ་ལགས། །བདག་ཅག་གི་ནི་འཚོ་བ་ཡི། །ཐབས་ཀྱི་ཕྱིར་ཡང་བཀའ་སྩལ་ཅིག །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །བརྒད་ནས་ཚོགས་ལ་སྨྲས་པ་ནི། །ཁྱོད་ཀྱིས་བླང་བར་བྱ་བ་དང་། །མི་བླང་བའང་བསྟན་པར་བྱ། །གང་དག་རྟག་ཏུ་རྫུན་སྤང་བ། །དྲིན་དུ་མི་གཟོ་གཙང་སྦྲ་མེད། །བྱང་ཆུབ་སེམས་ནི་རབ་ཉམས་པ། །སྐྱེ་བོ་དེ་དག་རྟག་ཏུ་ལོངས། །ཉ་དང་ཤ་སྩོགས་ཟ་བ་དང་། །མི་བྱ་བ་དག་བྱེད་པ་གང་། །རྐང་པས་ཕྱག་རྒྱ་རྫི་བྱེད་པ། །སྐྱེ་བོ་དེ་དག་བླང་བར་གྱིས། །ཅི་སྟེ་གསོན་པར་འདོད་ན་ནི། །གང་དག་བདེན་པའི་ཚིག་སྨྲ་དང་། །དྲིན་དུ་གཟོ་ཞིང་ངེས་པར་གནས། །སྲོག་གི་ཕྱིར་ཡང་བྱང་ཆུབ་སེམས། །གཏོང་བར་མི་བྱེད་རབ་བསྡམས་དང་། །རྟག་ཏུ་ང་ལ་དད་པ་དང་། །དེ་བཞིན་རིགས་མཆོག་རིགས་ལ་གནས། །གང་རྣམས་ཀྱི་ནི་ཁྱིམ་དག་ཏུ། །རིག་རྒྱལ་དམ་པ་རྟག་མཆོད་དང་། །ང་ཡི་རིག་པའི་རྒྱལ་པོ་མཆོག །སྒྲུབ་པ་དང་ནི་ལས་བརྗོད་བྱེད། །དེ་དག་ལ་ནི་ཞི་བར་གྱིས། །ཡི་གེ་བཞི་པ་ཞེས་བྱ་བའི། །རྡོ་རྗེ་དོན་ཡོད་ ཆེན་པོ་དེས། །གདོན་གང་ངལ་དང་མི་འཛིན་པ། །དེ་ཡི་སྤྱི་བོ་འགེམས་པར་བྱེད། །རྟག་ཏུ་ང་དང་རིག་མཆོག་ལ། །དེ་བཞིན་དད་པར་ལྷུར་བྱེད་དང་། །དམ་ཚིག་ཤེས་པ་གང་ཡིན་དེ། །ཁྱེད་ཀྱིས་རྟག་ཏུ་མཆོད་པར་གྱིས། །ལག་ན་རྡོ་རྗེའི་ཚིག་འདི་དག །ཐོས་ནས་ཀྱང་ནི་ལོག་འདྲེན་རྣམས། །དགའ་ཞིང་ཅ་ཅོའི་སྒྲ་ཕྱུང་ནས། །སྐད་ཅིག་གིས་ནི་མི་སྣང་གྱུར། །ཅེས་གསུངས་ཏེ། འདི་ལྟར་གདོན་རྣམས་དགའ་ནས་ཅ་ཅོའི་སྒྲ་འབྱིན་པ་ཡང་། འདི་སྙམ་དུ་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་བཀའ་མ་བཅག་པར་དམ་ཚིག་ལ་གནས་བཞིན་ཡང་འགྲོ་བའི་ཟས་སྐལ་མང་དུ་བཟར་ཡོད་དོ་སྙམ་ནས་ཡིད་དགའ་སྟེ་ཅ་ཅོའི་སྒྲ་འབྱིན་ཅིང་རང་རང་གི་གནས་སུ་དོང་ངོ་། །ཞེས་པ་སྟེ། དེ་བས་ན་དཀྱིལ་འཁོར་གྱི་མཁན་པོ་རྣམས་ཀྱིས་ཀྱང་ལྷའི་ཕྱག་རྒྱ་ལེགས་པར་བསྡུས་ཏེ་སྐྱེ་བོར་བརྫིར་མི་གཞུག །མཆོད་པའི་སྨན་དུ་གྱུར་པའི་རྫས་ལའང་ལོངས་མི་སྤྱད་དོ། །གཞན་དུ་ན་རིག་སྔགས་ལེགས་པར་གྲུབ་པར་བྱེད་པ་རྣམས་ལ་ནི་མི་བཟའ་བ་ལ་སོགས་པ་ཡང་གནང་སྟེ་འདི་སྐད་དུ། གང་ངའི་གསང་སྔགས་འཛིན་ཅིང་འདོན་པ་དང་སྒྲུབ་པ་དང་དེས་སྲུང་བ་བྱེད་པ་དེ་ལ་གླགས་མ་ཚོལ་ཅིག །ཏིལ་སྦྲུས་པའམ་ཟས་ངན་པ་ཟའང་རུང་། ཤ་ཟའང་རུང་། གྲོང་གི་ཆོས་ཀུན་སྤྱད་ཀྱང་རུང་སྟེ། རིག་པ་མཆོག་ལ་སོགས་ཏེ་རིག་པ་ཐམས་ཅད་སྒྲུབ་པ་ལ་གླགས་མ་ཚོལ་ཅིག །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཞན་ཡང་དངོས་གྲུབ་ཏུ་འགྱུར་བ་དང་མི་འགྱུར་པའི་རྒྱུ་མདོར་བསྡུས་ཏེ་གསུངས་པ། དཀྱིལ་འཁོར་ལས་ནི་ཉམས་འགྱུར་དང་། །དམ་ཚིག་དག་ཀྱང་སྤངས་པ་དང་། །སངས་རྒྱས་རྡོ་རྗེ་འཛིན་མཆོག་སོགས། །མ་དད་རྣམས་ལ་གྲུབ་མི་འགྱུར། །དེ་ཕྱིར་དཀོན་མཆོག་གསུམ་པོ་དང་། །དེ་བཞིན་རྡོ་རྗེ་འཛིན་པ་དང་། །རིག་སྔགས་རང་གི་བླ་མ་ལ། །གུས་བྱས་མཆོད་ཅིང་སྒྲུབ་པར་བྱ། །ཞེས་གསུངས་སོ། །གཞན་ཡང་དཀྱིལ་འཁོར་དུ་འཇུག་ཅིང་དམ་ཚིག་ནོད་པའི་ཚེ། རྒྱུད་རང་རང་ལས་གསུངས་པའི་དམ་ཚིག་དཔོག་པ་ཙམ་དུ་མ་ཟད་ཀྱི། དེའི་ཚེ་འཇིག་རྟེན་དུ་གྲགས་པའི་མནའ་ཐམས་ཅད་ཀྱང་བསྒག་པར་གསུངས་ཏེ། འདི་སྐད་དུ། འཇིག་རྟེན་འདི་ན་ཅི་ཡོད་པའི། །མནའ་ཚིག་རྣམས་ཀྱི་གནས་བསྒག་གོ །དམ་ཚིག་འདི་ལྟར་བསྲུང་བ་ལ། །ལོག་འདྲེན་རྣམས་ཀྱིས་གླགས་མི་རྙེད། །ལས་དང་དངོས་གྲུབ་དུ་འགྱུར་རོ། །ཞེས་གསུངས་ཏེ། གང་ཟག་ལས་དང་པོ་པ་རྣམས་ལ་འཇིག་རྟེན་དུ་གྲགས་པའི་མནའ་ཚིག་རྣམས་ཀྱི་དང་པོར་མནའ་བསྒག་སྟེ། དེ་ནས་གཞུང་གི་དམ་ཚིག་རྣམས་དཔོག་པར་བྱའོ། །འདི་ལྟར་དམ་ཚིག་ལས་མ་འདས་པའི་སྔགས་པས་ནི་ལས་དང་དངོས་གྲུབ་ཀུན་ཀྱང་འགྲུབ་པར་འགྱུར་ལ། དམ་ཚིག་སྲུང་བ་ཆེན་པོ་ཡིན་པས་ལོག་འདྲེན་རྣམས་ཀྱིས་ཀྱང་གླགས་རྙེད་པར་མི་འགྱུར་རོ། །མདོར་ན་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་རང་གི་ལུས་ངག་ཡིད་གསུམ་ལྷའི་རྣལ་འབྱོར་དུ་བྱ་བ་འདི་ནི་དམ་ཚིག་ཐམས་ཅད་ཀྱི་དངོས་གཞིར་གྱུར་པ་བྱ་བའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་གཉིས་གར་ཐུན་མོང་དུ་གྲགས་པར་གྱུར་བ་ཡིན་ཏེ། མན་ངག་དང་ལུང་དང་རིག་པས་གྲུབ་པའོ། །ཞེས་ལུང་ཉིད་ལས་གསུངས་པའོ། །དེ་ལྟར་ཡང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ཏན་ཏྲ་ལས། འཇམ་དཔལ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང་། བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་བ་དེའི་ཚེ་དཀྱིལ་འཁོར་འདིར་གཞུག་པར་བྱའི། རྫོགས་པ་མ་གྱུར་བ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་བལྟར་ཡང་མི་གཞུག་གོ། དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ཀྱང་བསྟན་པར་མི་བྱའོ། །ཞེས་གསུངས་ཏེ། གསང་བ་བསྟན་པའི་སྣོད་ཀྱི་རྔོ་གཞི་ཡང་བྱང་ཆུབ་ཀྱི་ སེམས་དང་ལྡན་པ་ཉིད་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་གི་ལུས་ངག་ཡིད་གསུམ་ལྷའི་རྣལ་འབྱོར་དུ་སྦྱོར་བ་ཉིད་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཡིན་པའང་། རྒྱུད་དེ་ཉིད་ལས། ཞི་བའི་བློ་གྲོས་གང་གི་ཚེ་བྱང་ཆུབ་སེམས་དཔའི་སྤྱད་པ། གསང་སྔགས་ཀྱི་སྒོ་སྤྱོད་པ་བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ། ཐེ་ཚོམ་མེད་པའི་ཡིད་ཀྱིས་ང་རྒྱལ་བསྐྱེད་ཅིང་། འགྲོ་ཡང་རུང་འགྲེང་ཡང་རུང་འདུག་ཀྱང་རུང་ཉལ་ཡང་རུང་། རྟག་ཏུ་དུས་ཐམས་ཅད་དུ་བསྐྱེད་ཀྱང་མི་གཡོ་བ་དེའི་ཚེ་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་ཡིད་རྣམ་པར་དག་པ་གང་གིས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་མཉམ་པར་སྦྱོར་བའི་ཚེ། ཡན་ལག་བསྐྱོད་པ་ཇི་སྙེད་པའང་ཕྱག་རྒྱ་ཡིན་ལ། ཚིག་ཏུ་བརྗོད་པ་ཇི་སྙེད་པའང་གསང་སྔགས་ཡིན་ཞིང་། ཚུལ་ཁྲིམས་བསྡམས་པའང་དེ་ཉིད་ཡིན་པར་གསུངས་ཏེ་འདི་སྐད་དུ། འཇམ་དཔལ་དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ། དཀྱིལ་འཁོར་མཐོང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། ཡིད་སྙིང་རྗེ་དང་ལྡན་པ། ཐབས་ལ་མཁས་པ། གསང་སྔགས་ཀྱི་ཡི་གེའི་ཚུལ་བསྟན་པ་ལ་མཁས་པས་འདི་སྙམ་དུ། ངག་མ་གཏོགས་པར་ཡིད་མེད། ཡིད་མ་གཏོགས་པར་ངག་མེད། ཡིད་མ་གཏོགས་པར་ལྷའི་གཟུགས་མེད་དེ། ཡིད་ཉིད་ངག་ཡིན། ངག་ཉིད་ཡིད་ཡིན་ལ། ལྷའི་གཟུགས་ཉིད་ཀྱང་ཡིད་ཡིན་ལ། ངག་ཉིད་ཀྱང་ལྷའི་གཟུགས་ཡིན་ནོ། །སྙམ་དུ་བསམ་པར་བྱའོ། །དེ་ལྟར་ཐ་དད་དུ་བྱ་བ་མེད་པར་མོས་ན་སྔགས་པས་ཡིད་རྣམ་པར་དག་པ་ཐོབ་བོ། །ཡིད་རྣམ་པར་དག་པ་དང་ལྡན་པ་དེ་གང་གི་ཚེ་རྣམ་པ་ཐམས་ཅད་དུ་རྟག་པར་བདག་གི་ལུས་དང་ལྷའི་གཟུགས་སུ། བདག་གི་ངག་དང་ལྷའི་ངག་ཏུ། བདག་གི་ཡིད་དང་ལྷའི་ཡིད་དུ་མཚུངས་པར་མཐོང་བ་དེའི་ཚེ་མཉམ་པར་བཞག་པ་ཡིན་ནོ། །གང་ཚེ་ཀུན་ཏུ་ཐམས་ཅད་དུ། །སྔགས་པ་མཉམ་པར་བཞག་གྱུར་པ། །དེ་ཚེ་ལུས་ལ་སོགས་པ་ཡི། །མཉམ་ཉིད་གནས་ལ་ཞུགས་པར་འགྱུར། །མཉམ་ཉིད་གནས་ལ་གནས་པ་ཡི། །ཡན་ལག་བསྐྱོད་པ་ཇི་སྙེད་དང་། །ཚིག་ཏུ་བརྗོད་པ་ཇི་སྙེད་པ། །དེ་སྙེད་སྔགས་དང་ཕྱག་རྒྱ་ཡིན། །སྔགས་པ་ཀུན་ཏུ་དགྲ་མེད་ཅིང་། །རྟག་ཏུ་མི་གཡོ་བདེ་བར་གནས། །དབང་ཕྱུག་ཀུན་གྱི་གོ་འཕང་འཐོབ། །འདོད་པ་འབྱོར་བའི་ས་ལ་གནས། །དེ་བསིལ་ཡོངས་སུ་གདུང་བ་མེད། །བཟོད་དང་ལྡན་ཞིང་ཚུལ་ཁྲིམས་བསྡམས། །ཞེས་གསུངས་སོ། །དེ་བས་ན་སྔགས་དང་ཕྱག་རྒྱ་དང་ལྷ་གསུམ་ལྡན་པ་ཙམ་ལས་གསང་སྔགས་ཀྱི་ལམ་གཞན་མེད་དེ། འདི་ཉིད་ཚད་མ་ཡིན་པར་རྒྱུད་དེ་ཉིད་ལས་གསུངས་ཏེ། མན་ངག་དང་རིགས་པའི་ཆོས། གང་ཡིན་པ་ཞུས་པའི་སྐབས་ནས། མན་ངག་ཚད་མ་དང་ལུང་ཚད་མ་དང་རིགས་པ་ཚད་མ་རྣམས་གསུངས་ཏེ། འདི་སྐད་དུ། གཞོན་ནུ་དེ་ལ་མན་ངག་གང་ཞེ་ན། འདི་ལྟ་སྟེ། སློབ་དཔོན་དང་སློབ་མའོ། །སློབ་དཔོན་ནི་སློབ་དཔོན་གྱི་ཡོན་ཏན་དང་ལྡན་པའོ། །སློབ་མ་ནི་དེའི་སྤྱོད་པའི་རྗེས་སུ་འཇུག་ཅིང་ཚིག་བཞིན་དུ་བྱེད་ལ་མི་བསླུ་བའོ། །ཚད་མ་དེ་ནི་མན་ངག་གོ །ཞེས་གསུངས་སོ། །གཞན་ཡང་རིགས་པ་དང་ལྡན་པའི་ཆོས་གང་ཡིན་པ་བསྟན་པ། ཆོས་ཀྱང་ལུང་གི་ཆོས་དང་མངོན་པར་རྟོགས་པའི་ཆོས་གཉིས་ཡིན་ལ། དེ་དག་ཀྱང་རིགས་པ་དང་ལྡན་པ་ཡིན་པར་གསུངས་ཏེ། འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་གཞན་ཡང་ཚད་མ་གང་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གང་གསུང་བ་དེ་དེ་བཞིན་ཏེ་གཞན་དུ་མི་འགྱུར་བས། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཚད་མ་སྟེ་དེ་ནི་མི་སླུ་བའོ། །ཞེས་གསུངས་པ་འདི་ནི་ལུང་གི་ཆོས་སོ། །མངོན་པར་རྟོགས་པའི་ཆོས་ནི་འདི་སྐད་དུ། དེ་མངོན་པར་རྟོགས་པ་དང་མངོན་སུམ་དུ་བྱ་བ་དང་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ནི་ཆོས་ཉིད་དོ་ཞེས་པ་སྟེ། འདི་ནི་མངོན་སུམ་གྱི་ཚད་མ་བསྟན་པའི་དབང་དུ་མཛད་པར་བཞེད་དེ། དེ་ཡང་ཤེས་རབ་ཀྱི་དབང་པོས་མངོན་སུམ་དུ་བྱས་པའི་ཆོས་ཉིད་དེ་ནི་ཆོས་ཉིད་ཀྱི་རིགས་པ་དང་བྱ་བ་བྱེད་པའི་རིགས་པའང་བསྟན་པ་བཞེད་དོ། །གང་ཡང་འདི་སྐད་དུ། གཞན་ཡང་ཆོས་ཉིད་དེ་འཐོབ་པར་བྱེད་པའི་རྣལ་འབྱོར་ལ་སྦྱོར་བ་གང་ཡིན་པ་དེ་ནི་རིགས་པའོ། །ཞེས་གསུངས་པ་ནི་རིགས་པ་ཚད་མ་སྟེ། ལམ་གྱི་ངོ་བོ་བསྟན་པ་འདིའང་བྱ་བ་བྱེད་པ་དང་ལྟོས་པའི་རིགས་པ་བསྡུས་པ་བཞེད་དོ། །ཆོས་ཉིད་དེ་ཡང་དངོས་སུ་ལྷ་ཉིད་དེ། དེ་ཡང་འདི་སྐད་དུ། འཇམ་དཔལ་གཞན་ཡང་ལྷ་ནི་རྣམ་པ་གཉིས་ཏེ། འབྲས་བུའི་ངོ་བོ་དང་། རྣམ་པར་སྨིན་པའི་ངོ་བོའོ། །དེ་ལ་འབྲས་བུའི་ངོ་བོ་ནི་ཆོས་ཉིད་རྟོགས་པའོ། །ཞེས་པ་དང་། རྣམ་པར་སྨིན་པའི་ངོ་བོ་གང་ཡིན་པ་དེ་ནི་ཐ་སྙད་དུ་ལྟུང་བའོ། །ཐ་སྙད་དུ་ལྟུང་བ་གང་ཡིན་པ་དང་ཐ་སྙད་ཀྱི་ངོ་བོ་གང་ཡིན་པ་དེ་ནི་བཏགས་པའོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་སྟེ། མདོར་ན་ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར་ཐབས་ཀྱི་མཚན་མ་སྣ་ཚོགས་སུ་བརྟགས་པ་ཐམས་ཅད་རྣམ་པར་སྨིན་པའི་ལྷ་ཞེས་བྱ་ལ། ཆོས་ཉིད་ནི་འབྲས་བུའི་ངོ་བོའི་ལྷ་ཞེས་བྱ་སྟེ། ཆོས་ཉིད་དང་ཆོས་ཉིད་ཐོབ་པར་བྱེད་པ་ལ་མི་སླུ་བ་ཐམས་ཅད་ནི་ཚད་མ་ཞེས་གསུངས་སོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལས་ཚད་མ་ནི་རྣམ་པ་གསུམ་དུ་གསུངས་ཏེ། ལུང་དམ་པ་དང་། མན་ངག་དམ་པ་དང་། རིགས་པ་དམ་པའོ། །འདི་དག་ཀྱང་ཆོས་ཉིད་མངོན་པར་རྟོགས་པ་ལ་མི་སླུ་བས་ན་ཚད་མ་ཞེས་བྱ་བར་གྲུབ་བོ། །གསང་སྔགས་ཀྱི་ཚུལ་ལས་རིགས་པ་དམ་པའི་ཡུལ་འདི་ནི། ཐ་མལ་བའི་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་ལས་འདས་པར་བསྟན་ཏེ། དེ་ཡང་ལུང་དང་རིགས་པས་གྲུབ་པར་བཞེད་དེ། དེ་ཉིད་ལས་འདི་སྐད་དུ། གསང་སྔགས་ཀྱི་འབྲས་བུ་ཐ་མལ་བའི་དབང་པོས་མངོན་སུམ་དུ་བྱར་རུང་བ་དང་། བྱར་མི་རུང་བ་གཉིས་བསྟན་པའི་སྐབས་ནས་བཤད་པ། འདི་སྐད་དུ། མངོན་སུམ་དང་རྟོག་པའི་དྲྭ་བ་དང་བྲལ་བ། བསམ་གཏན་རྟོགས་པའི་འབྲས་བུ་ཐོབ་པ་སྟེ་རྗེས་སུ་དཔག་པ་དང་དཔག་པར་བྱ་བའི་ཡུལ་ལས་ཡང་དག་པར་འདས་པ། ཡིད་ཆེས་པའི་ལུང་གིས་གྲུབ་པ་དང་རྣལ་འབྱོར་དང་རིགས་པ་དང་ལྡན་པ། རང་གིས་མྱོང་བ་རྣམས་ནི་འབྲས་བུར་བསྟན་པའོ། །ཞེས་གསུངས་པ་ལྟ་བུ་སྟེ། འབྲས་བུའི་ངོ་བོའི་ལྷ་ཆོས་ཉིད་རྟོགས་པ་འབྲས་བུར་བསྟན་པ་འདིའང་། འཇིག་རྟེན་ཐ་མལ་པའི་མངོན་སུམ་དང་རྗེས་སུ་དཔག་པར་བྱ་བ་ལས་འདས་པར་བསྟན་ཏོ། །འོ་ན་ཚད་མ་གང་དང་ལྡན་ཞེ་ན། ཡིད་ཆེས་པའི་ལུང་གིས་གྲུབ་པ་དང་ལྡན། རྣལ་འབྱོར་གྱི་མངོན་སུམ་དང་ལྡན། རིགས་པ་དང་ལྡན་ཏེ། དེ་རྣམས་དང་ལྡན་པའི་རང་གིས་མྱོང་བའི་འབྲས་བུ་ནི་ཚད་མར་བསྟན་ཏོ། །དེ་ལ་འདི་སྐད་དུ། ཐ་མལ་བའི་མངོན་སུམ་དང་རྗེས་སུ་དཔག་པ་ལས་ཀྱང་འདས་པ། ལུང་དང་རྣལ་འབྱོར་གྱི་མངོན་སུམ་ལས་གཞན་པའི་རིགས་པ་ཞེས་བྱ་བ་ཚད་མར་བཞག་པ་གང་ཞིག་ཡོད་ཅེ་ན། དེ་ལ་འདིར་བརྗོད་པར་བྱ་སྟེ། གསང་སྔགས་ཀྱི་སྐབས་སུ་ལུང་དང་མན་ངག་དང་རིགས་པ་ཞེས་ཚད་མ་གསུམ་དུ་རྣམ་པར་བཞག་པའི་རིགས་པ་ཞེས་བྱ་བ་འདི་ནི། ལུང་དང་མན་ངག་དམ་པ་ལ་བརྟེན་ཏེ་སྐྱེས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བཅད་པའི་དོན། ལྟོས་པ་དང་། བྱ་བ་བྱེད་པ་དང་། ཆོས་ཉིད་རྣམས་དང་མི་འགལ་བ་ལ་བྱ་བར་བཞེད་དོ། །གཞུང་སྤྱིར་གྲགས་པའི་རིགས་པ་ཞེས་བྱ་བ་འདི་ནི་དོན་རྣམ་པ་ལྔ་ལ་འཇུག་སྟེ། ཆོས་རྣམས་ཀྱི་རང་གི་རང་བཞིན་ནམ་ཆོས་ཉིད་ཇི་ལྟར་གནས་པ་ལ་ཡང་རིགས་པ་ཞེས་བྱ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས། རང་གི་ངང་ཚུལ་ཇི་ལྟར་གནས་པ་དང་ཆོས་དང་ལྡན་པའི་དོན་ལ་རིགས་པ་ཞེས་བྱ་བའི་སྒྲ་འཇུག་གོ །གཞན་ཡང་ཤེས་པར་བྱ་བ་དེ་མཚོན་པར་བྱེད་པར་ནུས་པའི་མཚན་མའམ་རྟགས་སུ་གྱུར་པ་དེའང་རིགས་པ་ཞེས་བྱ་སྟེ། ཆོས་དང་ལྡན་པའི་ཕྱིར་དང་། མི་འཇིགས་པ་ཐོབ་པའི་ཕྱིར་དང་། མཐུན་ཞིང་འགལ་བ་མེད་པའི་ཕྱིར་རོ། །དེ་དག་ཤེས་པའི་ཡང་དག་པའི་ཤེས་པ་ལ་ཡང་རིགས་པ་ཞེས་བྱ་སྟེ། ངེས་པའི་ཚིག་གི་སྔ་མ་བཞིན་ནོ། །ཤེས་ཤིང་ཐོབ་པར་བྱེད་པའི་ཆོས་དེ་ཉིད་ཐོབ་པར་བྱེད་པའི་ལམ་ལ་ཡང་རིགས་པ་ཞེས་བྱ་སྟེ། ངེས་པའི་ཚིག་ནི་སྔ་མ་བཞིན་ནོ། །དེ་དག་སྟོན་པར་བྱེད་པའི་ཚིག་གི་སྦྱོར་བ་སྦྱར་ལེགས་པ་ལ་ཡང་རིགས་པ་ཞེས་བྱ་སྟེ། པྲ་ཏི་པ་ད་ཞེས་བྱ་བ་སྦྱར་ལེགས་པས་རིགས་པ་ཞེས་བྱའོ། །རིགས་པ་རང་གི་ངོ་བོ་དབྱེ་བ་ནི། རྣམ་པ་བཞི་སྟེ། ཆོས་ཉིད་དང་། བྱ་བ་བྱེད་པ་དང་། ལྟོས་པ་དང་། འཐད་པ་གྲུབ་པའོ། །དེ་ལ་སྔ་མ་གསུམ་གྱིས་ནི་དོན་གྱི་རིགས་པ་དང་སྒྲུབ་བྱེད་ཀྱི་རིགས་པ་གཉིས་ཀ་ཐུན་མོང་དུ་བསྟན་ཏོ། །འཐད་པ་སྒྲུབ་པས་ན་སྒྲུབ་བྱེད་ཙམ་བསྟན་ཏོ། །དེ་ལ་རིགས་པ་བཞིའི་སྤྱིའི་དོན་ནི། རིགས་པ་ཐམས་ཅད་ཀྱི་དངོས་གཞི་ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ། ཤེས་པར་བྱ་བ་དང་བྱེད་པ་ཀུན་ཀྱང་ཆོས་ཉིད་ལས་མི་འདའ་བ་ཉིད་ཀྱི་ཕྱིར་རོ། །བྱ་བ་བྱེད་པ་དང་ལྟོས་པའང་ཆོས་ཉིད་དེ་ཉིད་ལ་རྣམ་པར་བརྟགས་པ་ཙམ་མོ། །འཐད་པ་སྒྲུབ་པའང་རིགས་པ་གསུམ་པོ་དེ་ཉིད་ལ་རྣམ་པར་བརྟགས་པ་ཙམ་མོ། །རིག་པ་བཞིར་རྣམ་པར་བཞག་པའི་དགོས་པ་ནི། ཤེས་བྱའི་དངོས་པོ་རྣམས་ཤེས་པར་བྱ་བ་ལ་ཐེ་ཚོམ་སེལ་བར་བྱེད་པ་ན། རང་གི་ངོ་བོ་བློ་ལ་གྲུབ་ཀྱང་དེའི་ཆོས་ཉིད་ལ་ཐེ་ཚོམ་ཟ་བ་དང་། རང་གི་ངོ་བོའི་སྒོ་ནས་མཚན་མར་བྱས་ཏེ་སྒྲུབ་པར་བྱེད་པ་ན་ཆོས་ཉིད་ཀྱི་རིགས་པ་ཞེས་བྱའོ། །གང་གི་ཚེ་དངོས་པོ་རྣམས་ཀྱི་བྱེད་པ་ལ་ཐེ་ཚོམ་ཟ་བ་སེལ་བ་དང་། འབྲས་བུའི་སྒོ་ནས་སྒྲུབ་པར་བྱེད་པ་དེའི་ཚེ་བྱ་བ་བྱེད་པའི་རིགས་པ་ཞེས་བྱའོ། གང་གི་ཚེ་དངོས་པོ་རྣམས་ཀྱི་སྐྱེ་བ་དང་ཐ་སྙད་ཀྱི་སྒོ་ནས་རང་གི་ངོ་བོ་མངོན་པར་གྲུབ་པ་ལ་ཐེ་ཚོམ་ཟ་བ་བསལ་བ་དང་། རྒྱུའི་སྒོ་ནས་སྒྲུབ་པར་བྱེད་པ་དེའི་ཚེ་ལྟོས་པའི་རིགས་པ་ཞེས་བྱའོ། །གང་གི་ཚེ་རྒྱུ་དང་འབྲས་བུ་འབྲེལ་བ་གྲུབ་པར་བྱེད་པ་དེའི་ཚེ་བྱ་བ་བྱེད་པ་དང་ལྟོས་པ་གཉི་ག་དང་ལྡན་པའོ། །གང་གི་ཚེ་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟར་གནས་པ་ཙམ་སྟོན་ཅིང་དོན་ཉིད་དུ་བཞག་པའི་ཚེ། དེ་དག་སྒྲུབ་བྱེད་མ་ཡིན་ཏེ་དོན་གྱི་ རིགས་པ་ཙམ་དུ་བཞག་པར་བྱའོ། །དེ་ལྟར་རིགས་པ་གསུམ་པོ་དེའང་རང་གི་ངོ་བོ་ཆོས་ཉིད་ཙམ་སྟེ་དགོས་པའི་བྱེ་བྲག་གིས་གསུམ་དུ་བརྟགས་པ་ཙམ་མོ། །འཐད་པ་སྒྲུབ་པའི་རིགས་པ་ནི། གང་དག་དེ་དག་གིས་ཐེ་ཚོམ་སེལ་བར་མི་ནུས་པ་རྣམས་ལ། དང་པོར་རིགས་པ་ཉིད་ལེགས་པར་སྒྲུབ་དགོས་ཏེ། རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་དང་པོར་རིགས་པ་གྲུབ་པར་བྱས་ནས། དེ་ནས་དོན་ལ་གཞལ་དགོས་པ་རྣམས་ཀྱི་དོན་དུ་མངོན་སུམ་དང་རྗེས་སུ་དཔག་པའི་སྒོ་ནས་རིགས་པ་ཉིད་སྒྲུབ་པར་བྱེད་པ་ལ་འཐད་པ་སྒྲུབ་པ་ཞེས་བྱ་སྟེ། འཐད་པའང་རིགས་པ་ཉིད་ཀྱི་རྣམ་གྲངས་ཡིན་མོད་ཀྱི་ཚིག་མཛེས་པར་བྱ་བའི་ཕྱིར། རིགས་པ་སྒྲུབ་བའི་རིགས་པ་ཞེས་མ་བརྗོད་པར། འཐད་པ་སྒྲུབ་པའི་རིགས་པ་ཞེས་བརྗོད་དེ། འདིའི་སྤྱིའི་མཚན་ཉིད་ནི་ཆོས་ཉིད་དང་བྱ་བ་བྱེད་པ་དང་ལྟོས་པ་གསུམ་ལས་གཞན་དུ་འདས་པ་མེད་དོ། །དེ་བས་ན་གཏན་ཚིག་ཐམས་ཅད་ཀྱི་དངོས་གཞིའང་རང་བཞིན་གྱི་གཏན་ཚིག་འདི་ཉིད་ཡིན་ཏེ། རང་བཞིན་ཞེས་བྱ་བ་དང་། མཚན་ཉིད་ཅེས་བྱ་བ་དང་། ཆོས་ཉིད་ཅེས་བྱ་བའམ་ཆོས་ལུགས་ཞེས་བྱ་བ་རྣམས་གྲངས་སུ་གཏོགས་པའོ། །དེ་བས་ན་ཤེས་པར་བྱ་བའི་ཆོས་ཀྱང་རང་བཞིན་ནམ་ཆོས་ཉིད་ཙམ་མོ། །དེ་སྒྲུབ་པར་བྱེད་པའི་གཏན་ཚིག་ཀུན་ཀྱང་རང་བཞིན་གྱི་གཏན་ཚིགས་ཙམ་མོ། །དེ་བས་ན་འབྲེལ་བའང་རང་བཞིན་གྱིས་འབྲེལ་བ་ཁོ་ན་ཙམ་སྟེ། རྒྱུ་འབྲས་ཀྱི་འབྲེལ་བ་ལྟ་བུའང་དགོས་པའི་སྐབས་ཀྱིས་རང་བཞིན་ཉིད་ལ་རྣམ་པར་བརྟགས་པ་ཙམ་དུ་ཟད་དོ། །འདི་སྙམ་དུ་རྒྱུ་དང་འབྲས་བུ་ངོ་བོ་ཐ་དད་པ་རྣམས་རང་བཞིན་གཅིག་པའི་འབྲེལ་པར་ཇི་ལྟར་རུང་སྙམ་དུ་བསམ་པར་མི་བྱ་སྟེ། འདི་ལྟར་རྒྱུ་དང་འབྲས་བུ་འབྲེལ་བ་རྣམ་པར་བཞག་པའང་འབྲེལ་པ་བྱེད་པ་དང་འབྲེལ་བའི་རྫས་གཞན་མེད་དེ། རྒྱུ་རྣམས་ནི་འབྲས་བུ་བསྐྱེད་པར་བྱེད་པའི་མཚན་ཉིད་དམ་རང་བཞིན། འབྲས་བུ་རྣམས་ཀྱི་རང་བཞིན་ནི་རྒྱུ་ལ་ལྟོས་པ་ཙམ་སྟེ། བྱེད་པ་དང་ལྟོས་པ་ལའང་རང་བཞིན་ཐ་དད་གཉིས་མེད་དོ། །དངོས་སུ་ན་མེད་ན་མི་འབྱུང་བ་ཙམ་མོ། །གང་མེད་ན་མི་འབྱུང་བའི་ཆོས་དེ་ཉིད། དེ་ཉིད་ཀྱིས་ཁྱབ་པ་ཞེས་བྱ་སྟེ། དེ་བས་ན་ཐམས་ཅད་རང་བཞིན་གྱི་གཏན་ཚིག་གོ །དོན་འདི་ནི་སྔོན་གྱི་རིགས་པའི་བསྟན་ཆོས་མཛད་པའི་སློབ་དཔོན་རྣམས་ཀྱང་བཞེད་པ་ཉིད་དེ། འདི་ལྟར་གཏན་ཚིག་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད། དེའི་ཆོས་ཁྱབ་པ་ཡིན་པར་བསྟན་པ་ན། གལ་ཏེ་མེད་ན་མི་འབྱུང་བ་ཞིག་མ་ཡིན་ན་ཁྱབ་པ་མི་རུང་ངོ་། །མ་ཁྱབ་ན་གཏན་ཚིགས་སུ་མི་རུང་ངོ་། །ཐ་དད་ན་ཁྱབ་པ་མི་རུང་སྟེ། དེ་བས་ན་ཇི་སྲིད་དུ་གཏན་ཚིགས་བཞག་པ་ཐམས་ཅད་ཀྱི་དངོས་གཞི་དང་རང་བཞིན་གྱི་གཏན་ཚིགས་སོ། །མདོར་ན་འདི་ལྟར་ཤེས་པར་བྱ་སྟེ། ཆོས་རྣམས་ཀྱི་ངང་ཚུལ་དེ་ལས་མི་འདའ་བ་ཙམ་ནི་རང་བཞིན་དེ་ཉིད་ཁོང་དུ་མ་ཆུད་པ་ཆུད་པར་འདོད་པ་ནི་བསྒྲུབ་བྱ་གཞན་དུ་མི་སྲིད་པ་ལེན་པར་བྱེད་པ་ནི་གཏན་ཚིགས་ཏེ་ཐ་དད་པ་ཙམ་འབྲེལ་བའོ། །དེ་ཡང་ནམ་དུའང་ངང་ཚུལ་དེ་ལས་མི་འདའ་བ་ནི་ཡང་དག་པའི་རང་བཞིན་ནོ། །གནས་སྐབས་ལ་གནས་པ་ཇི་ཙམ་དུ་ངང་ཚུལ་དེ་ལས་མི་འདའ་བར་སྒྲུབ་ཏུ་རུང་བའང་རང་བཞིན་དུ་བཞག་གོ །གཞན་དུ་མི་སྲིད་པའང་མདོར་བསྡུ་ན་རྣམ་པ་བཞི་སྟེ། འདི་ལྟར། གང་ཞིག་མེད་ན་གང་ཞིག་ཡོད་པ་མི་སྲིད་པ་དང་། གང་ཞིག་ཡོད་ན་གང་ཞིག་མེད་པ་མི་སྲིད་པ་དང་། གང་ཞིག་ཡོད་ན་གང་ཞིག་ཡོད་པ་མི་སྲིད་པ་དང་། གང་ཞིག་མེད་ན་གང་ཞིག་མེད་པ་མི་སྲིད་པ་རྣམས་སོ། །དེ་ལ་གང་ཞིག་མེད་ན་གང་ཞིག་ཡོད་པ་མི་སྲིད་པ་ནི། འདི་ལྟར་རྒྱུ་མེད་ན་འབྲས་བུ་ཡོད་པ་མི་སྲིད་པ་དང་། དེ་བཞིན་དུ་ཁྱད་པར་ཅན་མེད་ན་ཁྱད་པར་དང་། རང་གི་ངོ་བོ་མེད་ན་རང་གི་ངོ་བོ་དང་། རང་གི་རང་བཞིན་མེད་ན་དེའི་རང་བཞིན་དག་ཡོད་པ་མི་སྲིད་པ་ལྟ་བུའོ། །དེ་ལ་གང་ཞིག་ཡོད་ན་གང་ཞིག་མེད་པ་མི་སྲིད་པ་ནི། འདི་ལྟར་འབྲས་བུའི་བྱེ་བྲག་ཡོད་ན་རྒྱུའམ་དེའི་ཆོས་དག་མེད་པ་མི་སྲིད་པ་དང་། དེ་བཞིན་དུ་རྒྱུ་ཚོགས་པ་དང་ལྡན་པའི་བྱེ་བྲག་དག་ཡོད་ན་འབྲས་བུའམ་དེའི་ཆོས་དག་དང་། ཁྱད་པར་ཡོད་ན་ཁྱད་པར་ཅན་དང་། རང་གི་ངོ་བོ་ཡོད་ན་རང་གི་ངོ་བོ་མེད་པ་དང་། རང་གི་རང་བཞིན་ཡིན་ན་དེའི་རང་བཞིན་མེད་པ་དག་མི་སྲིད་པ་ལྟ་བུའོ། །དེ་ལ་གང་ཞིག་ཡོད་ན་གང་ཞིག་ཡོད་པ་མི་སྲིད་པ་ནི། འདི་ལྟར་རང་བཞིན་གྱིས་གེགས་སུ་གྱུར་པའི་ཆོས་རྣམས་གེགས་བྱེད་པ་ཡོད་ན། དེས་གེགས་བྱས་པ་ཡོད་པ་མི་སྲིད་པ་དག་སྟེ། འདི་ལྟར་ཚ་བ་དང་གྲང་བའི་རེག་པའམ། དཀར་པོ་དང་ནག་པོའི་ཆོས་ལྟ་བུ་དག་གོ །དེ་ལ་གང་ཞིག་མེད་ན་གང་ཞིག་མེད་པ་མི་སྲིད་པ་ནི། རང་བཞིན་དང་རང་བཞིན་བཟློག་པ་དག་སྟེ། འདི་ལྟར་དངོས་པོ་མེད་ན་སྟོང་པ་ཉིད་མེད་པ་མི་སྲིད་པ་དང་། དེ་བཞིན་དུ་མཚན་མ་མེད་ན་སྤྲོས་པ་ཉེ་བར་ཞི་བ་དང་། སྨོན་པ་མེད་ན་སྡུག་བསྔལ་སེལ་བ་ལྟ་བུའམ། གཞན་ཡང་རྣམ་པར་གྲོལ་བ་མེད་ན་འཁྲུལ་བ་མེད་པ་མི་སྲིད་པ་དང་། འཁྲུལ་པ་མེད་ན་རྣམ་པར་གྲོལ་བ་མེད་པ་མི་སྲིད་པ་ལྟ་བུ་དག་གོ །རང་བཞིན་འདི་ལྟ་བུ་དག་གིས་རང་བཞིན་སྒྲུབ་པར་བྱེད་པ་ན་སྒོ་རྣམ་པ་གཉིས་ཡིན་ཏེ། ཁྱབ་པའི་རང་བཞིན་སྒྲུབ་པར་བྱེད་པ་དང་། ཉི་ཚེ་བའི་རང་བཞིན་སྒྲུབ་པར་བྱེད་པའོ། །དེ་ལ་ཁྱབ་པའི་རང་བཞིན་སྒྲུབ་པར་བྱེད་པའི་ཚེ། ཉི་ཚེ་བའི་རང་བཞིན་མེད་པར་བཀག །མ་ཁྱབ་པའི་རང་བཞིན་ལས་བཟློག་སྟེ་སྒྲུབ་པར་བྱེད། འདི་ལྟར་གང་དང་གང་དངོས་པོར་སྒྲུབ་པ་ཐམས་ཅད་ནི་མངོན་པར་འདུ་བྱེད་པའི་རང་བཞིན་གྱིས་ཁྱབ་པོ། །གང་མངོན་པར་འདུ་བྱས་པ་དེ་ཐམས་ཅད་ནི་མི་རྟག་པའི་རང་བཞིན་གྱི་ཁྱབ་པོ། །གང་མི་རྟག་པ་དེ་ཐམས་ཅད་ནི་བདག་མེད་པའི་རང་བཞིན་གྱིས་ཁྱབ་པོ། །ཞེས་སྒྲུབ་པར་བྱེད་པའོ། །ཉི་ཚེ་བའི་རང་བཞིན་སྒྲུབ་པར་བྱེད་པ་ན། ཁྱབ་པའི་རང་བཞིན་མེད་པར་བཀག །གཞན་པའི་རང་བཞིན་ལས་རྣམ་པར་བཟློག་ནས་སྒྲུབ་པར་བྱེད་དེ། འདི་ལྟར་བྱས་པའི་རང་བཞིན་ནི་འདུ་བྱེད་རྣམས་མངོན་པར་འགྲུབ་པའི་མཚན་ཉིད། མི་རྟག་པའི་རང་བཞིན་ནི་འདུ་བྱེད་རྣམས་སྐད་ཅིག་གཞན་དུ་མི་གནས་ཏེ་འགག་པའི་མཚན་ཉིད་ཡིན་ཏེ། དེ་བས་ན་བྱས་པ་ཉིད་མི་རྟག་པ་ཡིན་ན། དེ་མི་རྟག་པ་ཉིད་ཡིན་པའི་ཕྱིར་འདུ་བྱེད་རྣམས་ནམ་ཡང་མངོན་པར་འགྲུབ་པར་མི་འགྱུར་ཏེ། རྒྱུན་ཆད་པའི་གནས་སྐབས་བཞིན་དུ་འགྱུར་རོ། །གལ་ཏེ་མི་རྟག་པ་ཉིད་བྱས་པ་ཡིན་ན་དེ་བྱས་པ་ཉིད་ཡིན་པའི་ཕྱིར་འདུ་བྱེད་རྣམས་ནམ་ཡང་རྒྱུན་ཆད་པར་མི་འགྱུར་ཏེ་མངོན་པར་འགྲུབ་པའི་དུས་བཞིན་དུ་འགྱུར་རོ། །ཞེས་སྒྲུབ་པར་བྱེད་དོ། །རང་བཞིན་སྒྲུབ་པའི་ཚུལ་འདི་གཉི་གའང་ཤེས་བྱ་རྟོགས་པར་བྱེད་པ་ལ་མཚུངས་མོད་ཀྱི། རིམ་པ་གཅིག་གིས་ཉི་ཚེ་རིགས་པ་སྒྲུབ་པའི་ཚུལ་ཟབ་སྟེ། གང་གི་ཕྱིར་ཁྱབ་པའི་རིགས་པས་ནི། ཆོས་བདག་མེད་པ་སྒྲུབ་པ་དང་། དངོས་པོའི་ངོ་བོ་སྒྲུབ་པ་ལ་ཐུན་མོང་གི་རྒྱབ་རྟེན་དུ་འགྱུར་རོ། །ཉི་ཚེ་བའི་རང་བཞིན་སྒྲུབ་པས་ནི། ཁྱབ་པའི་རང་བཞིན་ཞིག་པས་ཆོས་བདག་མེད་པ་ལ་ཉེ་བར་སྦྱོར་བར་བྱེད་པའི་ཕྱིར་རོ། །མདོར་བསྡུ་ན་དབང་པོ་དྲུག་དང་དེའི་སྤྱོད་ཡུལ་དུ་བཅས་པའི་དངོས་པོར་གྲུབ་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཡིན་པར་ལུང་དང་རིགས་པ་གཉི་གས་གྲུབ་པ་ཡིན་ནོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལས་སྐུ་གསུང་ཐུགས་སུ་སྦྱོར་བའི་དམ་ཚིག་གིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གྲུབ་པར་བྱེད་པ་འདིའང་། བརྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པའི་ཕྱིར་ཆོས་ཉིད་ཀྱིས་ཆོས་ཉིད་སྟོན་པ་ཡིན་ནོ། །གཞུང་འདི་ཉིད་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ཏན་ཏྲ་ལས་གསང་སྔགས་ཀྱི་དངོས་གྲུབ་འགྲུབ་པའི་ཚུལ་ལ། འདི་སྐད་དུ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པའི་ཕྱིར་གསང་སྔགས་ཀྱི་ཆོས་ཉིད་དེས་ཆོས་ཉིད་སྟོན་པར་བྱེད་པར་གསུངས་ཏེ། འཇམ་དཔལ་གང་གི་ཚེ་གང་གི་གཟུགས་ཡོངས་སུ་སྤངས་ཏེ་ལྷའི་ང་རྒྱལ་ལ་ཐེ་ཚོམ་མེད་པ་ཐོབ་པ་དེའི་ཚེ། གསང་སྔགས་ཀྱི་ཆོས་ཉིད་དེས་ཆོས་ཉིད་སྟོན་ཏེ། དེའི་ཚེ་དེས་ཚིག་གིས་དེའི་རྣམ་པ་སྟེན་པ་ན་བྱ་བ་ནུས་པར་འགྱུར་རོ། །འཇམ་དཔལ་སྟེན་པའི་ཆོས་ཉིད་བྱ་བ་ནུས་པར་འགྱུར་བ་ལ་ལྟོས། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་རྒྱ་ལ་བརྟེན་ནས་རྒྱའི་འབུར་འབྱུང་བར་འགྱུར་ཏེ། རྫས་མེད་ན་ཡང་རྒྱའི་འབུར་མི་འབྱུང་ལ་ཡོད་ཀྱང་ལས་དང་བྱ་བ་དང་བྲལ་ན་རྒྱའི་འབུར་མི་འབྱུང་སྟེ། འཇམ་དཔལ་གཉི་ག་ཡང་ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར་རོ་ཞེས་གསུངས་བ་ལྟ་བུ་དང་། གཞན་ཡང་འདི་སྐད་དུ། དཔེར་ན་གཙུབ་སྟན་བརྟེན་ནས་སུ། །གཙུབ་ཤིང་གཙུབ་པ་བྱས་གྱུར་ལས། །མི་ཡིས་རྩོལ་བ་བྱས་རྒྱུ་ལས། །སྟོབས་དང་ལྡན་པའི་མེ་འབྱུང་ངོ་། །དེ་བཞིན་སྔགས་དང་ཕྱག་རྒྱ་ལྷ། གསུམ་ནི་འདུས་པར་གྱུར་པ་ལས། །ཆེན་པོ་དག་ནི་འབྱུང་འགྱུར་ཏེ། །བྱུང་ནས་ཡིད་ལ་གང་བསམས་པའི། །ལས་རྣམས་བྱེད་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་བས་ན་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རང་བཞིན་གྱི་གཏན་ཚིག་འདི་ནི་རྒྱལ་བའི་བཀའ་ཐམས་ཅད་དུའང་གྲགས་པ་ཡིན་ལ། ཕྱག་རྒྱར་བཞག་པའང་ཡིན་ནོ། །ནང་པ་སངས་རྒྱས་པའི་རིགས་པ་ཐམས་ཅད་ཀྱི་ལུགས་སུའང་འདི་ཉིད་བཞག་པ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་འདི་ཉིད་ལ་བརྟེན་ན། ཕྱི་རོལ་མུ་སྟེགས་པའི་རྟག་ཆད་དུ་ལྟ་བ་དང་། བྱེད་པ་པོ་རྒྱུར་ལྟ་བ་དང་། རྒྱུ་མེད་པར་ལྟ་བ་ལ་སོགས་པ་འཇོམས་པར་བྱེད་ཅིང་། ཆོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་སྒྲུབ་པར་བྱེད་པ་ནས་བཟུང་སྟེ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་བར་དུ་སྒྲུབ་པར་ནུས་པར་འགྱུར་རོ། །དེ་བཞིན་དུ་གསང་སྔགས་ཀྱི་ཚུལ་ལས། བསླབ་པའི་གཞི་ལ་བརྟེན་ནས་ལྷའི་རྣལ་འབྱོར་དུ་སྦྱར་ཏེ། གསང་སྔགས་དང་ཕྱག་རྒྱ་དང་ལྷ་གསུམ་འདུས་པའི་ དམ་ཚིག་ལ་གནས་ནས། ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར་བ་འདིའང་། ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རང་བཞིན་གྱི་གཏན་ཚིགས་གྲུབ་པ་ཡིན་ནོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལ་རིགས་པ་འདི་ཉིད་ཀྱི་རང་བཞིན་ལེགས་པར་ཁོང་དུ་མ་ཆུད་པ་རྣམས་ཀྱིས་འདི་སྙམ་དུ། གསང་སྔགས་ཀྱི་ཚུལ་འདི་ལ་ལུང་ཙམ་གྱིས་གྲུབ་པ་ཡིན་ཡང་རིགས་པས་མ་གྲུབ་པས་ཐེ་ཚོམ་གྱི་གནས་སོ་སྙམ་དུ་བསམ་པར་མི་བྱའོ། །ཧ་ཅང་སྤྲོས་པས་ཆོག་གོ། ། ། ད་ནི་རྣལ་འབྱོར་རྒྱུད་ཀྱི་དམ་ཚིག་རྣམས་བསྟན་པར་བྱ་སྟེ། འདིར་ཡང་། སྤྱི་དང་། ཁྱད་པར་དང་། ལྷག་པའི་དམ་ཚིག་ཏུ་བསྟན་པ་ནི། བྱ་བའི་རྒྱུད་ཀྱི་སྐབས་སུ་བཤད་པ་དང་སྤྱིའི་ཚུལ་ལ་ནི་བྱེ་བྲག་མེད་དོ། །དེ་ལ་རེ་ཤིག །བསླབ་པའི་གཞི་དང་། རྩ་བའི་དམ་ཚིག་དང་། ལྟུང་བའི་རྩ་བ་དང་། ཡན་ལག་ཏུ་བསྟན་པ་རྣམས་ལས། འདིར་ཡང་བསླབ་པའི་གཞི་ནི། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་དང་། ཁྱད་པར་དུའང་སྲོག་གཅོད་པ་ལ་སོགས་པ་རྩ་བ་བཞི་ཡན་ལག་དང་བཅས་པར་སྤང་བར་གསུངས་ཏེ། འདི་ལྟར་འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་དང་། རྡོ་རྗེ་རྩེ་མོ་ལ་སོགས་པ་ལས་རྒྱས་ པར་གསུངས་ཏེ། རེ་ཤིག་མདོར་བསྡུ་ན། ངན་སོང་སྦྱོང་བ་ལས། རྩ་བའི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་དམ་ཚིག་བསྒྲག་པ་གསུངས་པ་ལས། བསླབ་པའི་གཞི་གསུངས་པ་ནི། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །རྫུན་དང་འདོད་པ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པར་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །ཞེས་གསུངས་སོ། །རྡོ་རྗེ་རྩེ་མོ་ལས་ཀྱང་། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །རྫུན་པའི་ཚིག་ཉིད་སྨྲ་མི་བྱ། །ཉེས་པ་ཀུན་གྱི་རྩ་བ་ཡིན། །མྱོས་བྱེད་བཏུང་བ་རྣམས་པར་སྤང་། །བྱ་བ་མ་ཡིན་སྤང་བ་ཉིད། །རྣལ་འབྱོར་པ་ལ་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་ཡང་ནི་རྣམ་པ་བཞི། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །རྟག་ཏུ་སྤང་ཞིང་བསྲུང་བར་བྱ། །ཞེས་གསུངས་སོ། །དེ་ཡང་ཀུན་ནས་བསྡུས་ན་ནི་རྩ་བ་བཞི་ཉིད་ཡིན་པར་དགོངས་ཏེ། འདི་ལྟར་དཔལ་ངན་སོང་སྦྱོང་བའི་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་བཀའི་དབང་བསྐུར་བའི་སྐབས་སུ། དམ་ཚིག་ཀུན་ནས་བསྡུས་པ་གསུངས་པ་ལས། སྲོག་ཆགས་རྣམས་ནི་བསད་མི་བྱ། །མ་བྱིན་པར་ཡང་མི་བླང་ཞིང་། །རྫུན་དུ་སྨྲ་བ་བྱ་བ་མིན། །ཕ་རོལ་བུད་མེད་སྤྱད་མི་བྱ། །ཞེས་གསུངས་ཏེ། ཆང་ལ་སོགས་པ་གཞན་མ་གསུངས་སོ། །རྩ་བའི་དམ་ཚིག་ནི་ཕལ་ཆེར་བདུན་དུ་གྲགས་ཏེ། འདི་ལྟར་དཔལ་ངན་སོང་སྦྱོང་བ་ལས། རྩ་བའི་དཀྱིལ་འཁོར་ཆེན་པོར་དམ་བསྒྲགས་པའི་སྐབས་སུ་གསུངས་པ། དཀོན་མཆོག་གསུམ་ནི་ཡོངས་མི་སྤང་། །དུས་ཀུན་དུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །ཞེས་གསུངས་ནས། དེ་ཉིད་ཀྱི་བཀའ་བསྒོ་བའི་སྐབས་ནས་ཡང་གསུངས་པ། སངས་རྒྱས་ཀུན་དང་བླ་མར་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །ཅུང་ཟད་ཙམ་ཡང་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་གཅུགས་མི་བྱ། །ཞེས་གསུངས་སོ། །གསང་བ་མི་བསྟན་པ་ཡང་སྐབས་འདིར་མ་གསུངས་ཀྱང་། རིགས་བཞི་འཁོར་ལོ་སྒྱུར་བའི་དཀྱིལ་འཁོར་གྱི་སྐབས་ནས་དམ་བསྒྲག་པའི་སྐབས་སུ་གསུངས་པ། གང་ཁྱོད་ཀྱིས་སུའང་རུང་བ་ལ་སྨྲས་ན་ཕྱག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་རབ་ཏུ་འབར་བས་ཁྱོད་ཀྱི་མགོ་འགས་པར་འགྱུར་རོ། །ཞེས་གསུངས་ཏེ། དེ་ལྟར་ན་རྩ་བའི་དམ་ཚིག་ནི་བདུན་དུ་གསུངས་སོ། །གང་དག་འདི་སྐད་དུ་འདི་དག་ཚོམས་གཅིག་ཏུ་དྲིལ་ནས་མ་གསུངས་པས་རྩ་བར་འགྱུར་བར་ངེས་པ་མེད་དོ། །ཞེས་བསམ་པར་མི་བྱ་སྟེ། འདི་ལྟར་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་རྒྱས་པར་གསུངས་པ། རྩ་བའི་དཀྱིལ་འཁོར་ལ་སོགས་པ་གཞན་དུ་སྦྱར་དུ་མི་རུང་བ་མེད་པ་བཞིན་ནོ། །འདི་དག་ཚོམས་གཅིག་ཏུ་མ་གསུངས་པའི་དགོངས་པ་ནི་འདི་ཡིན་པར་དགོངས་སྟེ། རྣལ་འབྱོར་གྱི་རྒྱུད་འདི་དག་ཏུ་ཚོགས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པ་གཙོར་མ་བསྟན་པས། དེའི་ཕྱིར་རྡོ་རྗེ་མཆེད་ཀྱི་དམ་ཚིག་དང་གསང་བའི་སྤྱོད་པ་མི་བསྟན་ཅིང་མི་སྨྲ་བའི་དམ་ཚིག་ལ་ཡང་། ཡང་དང་ཡང་ནན་ཏན་བསྐྱེད་མི་དགོས་ཏེ་གཙོར་ནན་ཏན་བསྐྱེད་པ་ནི་རྣམ་པ་ལྔ་ཡིན་པར་དགོངས་ཏེ། དེའི་ཕྱིར་རྩ་བའི་དཀྱིལ་འཁོར་དུའང་ཚོམས་གཅིག་ཏུ་ལྔ་པོ་གཙོར་བསྟན་ལ། ཚེ་དཔག་མེད་དུ་དམ་ཚིག་བསྡུས་པའི་སྐབས་སུའང་། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་རྣམས་མི་སྤང་། །བླ་མ་སྨད་པ་མི་བྱ་སྟེ། །དེ་ཡི་གྲིབ་མ་འགོམ་མི་བྱ། །སློབ་དཔོན་མ་ཡིན་མི་གཟུང་ལ། །རྡོ་རྗེ་སློབ་དཔོན་མཚན་མི་བརྗོད། །སྔགས་དང་ཕྱག་རྒྱ་མི་སྨད་དེ། །ལྷ་རྣམས་ལ་ལྟ་སྨོས་ཅི་དགོས། །ཅི་སྟེ་གླེན་པས་སྨད་ན་ནི། །ནད་ཀྱིས་ངེས་པར་འཆི་བར་འགྱུར། །ཞེས་གསུངས་སོ། །དཔལ་རྡོ་རྗེ་རྩེ་མོ་ལས་ཀྱང་། སངས་རྒྱས་ཆོས་དང་དགེ་འདུན་དང་། །གཙོ་བོ་དེ་དག་ལྷུར་བླང་བྱ། །འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ། །ལྷ་རྣམས་སྔགས་དང་ཕྱག་རྒྱའང་མིན། །ཞེས་གསུངས་སོ། །རྩ་བའི་དམ་ཚིག་འདི་དག་ཏུ་ནི། བྱ་བའི་རྒྱུད་ལས་གསུངས་པའི་རྩ་བའི་དམ་ཚིག་རྣམས་ཀྱང་འདུས་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ལ་མོས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་བཞག་པ་ནི་བྱང་ཆུབ་ཀྱི་སེམས་སུ་འདུས་སོ། །དམ་པའི་ཆོས་བཟུང་བའང་ཆོས་དཀོན་མཆོག་ཏུ་འདུས་སོ། །སྟོན་པ་གཞན་གྱི་གཞུང་ལ་མི་བརྟེན་པ་ལ་སོགས་པའང་འདོད་མོད་ཀྱི། སྐབས་འདིའི་རྩ་བར་མ་བཞག་གོ །གཞན་ཡང་བྱ་བའི་རྒྱུད་ལས་ནི་རྩ་བའི་ལྟུང་བ་བཞི་གཙོར་གཞག་ལ། རྣལ་འབྱོར་གྱི་རྒྱུད་དུ་ནི་རྩ་བའི་ལྟུང་བ་བཅུ་བཞི་ཞེས་བསྟན་ཏེ། དེས་ནི་སྔ་མའི་རྩ་བའི་ལྟུང་བ་བཞིའང་འདུས་ལ་དེ་བས་ལྷག་པའང་རྩ་བའི་ལྟུང་བར་བསྟན་ཏོ། །དེ་ཡང་འདི་ལྟར་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས། ལྷ་ཁྱད་པར་གྱི་སྡོམ་པའི་དབང་དུ་བྱས་ནས་རྩ་བའི་ལྟུང་བ་བཅུ་བཞི་གསུངས་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་ལ། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱ་ཚུལ་ཁྲིམས་གསུམ། །དེ་དག་བརྟན་པོར་གཟུང་བར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བྱ། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་གྲོས་ཆེན་པོ་ཁྱོད་ཀྱིས་གཟུང་། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་བརྗོད། །སློབ་དཔོན་ཡང་ནི་བཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། ཟང་ཟིང་བྱམས་དང་མི་འཇིགས་ཆོས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པད་མའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་རབ་ཏུ་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །སེམས་ཅན་ཀུན་དོན་བྱ་བ་དང་། །མཆོད་པའི་ལས་རྣམས་ཅི་ནུས་བྱ། །ཕས་ཕམ་ཞེས་བྱ་དེ་དག་ནི། །བཅུ་བཞི་དག་ཏུ་འདོད་པ་གཞན། །དོར་བ་མི་བྱ་སྨད་མི་བྱ། །རྩ་བའི་ལྟུང་བ་ཞེས་བྱར་བཤད། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླས་པར་བྱ། །གལ་ཏེ་རྣལ་འབྱོར་ཉམས་གྱུར་ན། །རྩ་བའི་ལྟུང་བར་གྱུར་པ་ཡིན། །ཞེས་གསུངས་ཏེ། དེ་ལྟར་ན་གོང་གི་རྩ་བའི་ལྟུང་བ་བཞིའང་འདུས་ཏེ། དམ་པའི་ཆོས་མི་སྤང་བ་ནི་པད་མའི་རིགས། བྱང་ཆུབ་ཀྱི་སེམས་མི་གཏང་བ་ནི་རྡོ་རྗེའི་རིགས། སེར་སྣ་མི་བྱ་བ་ནི་རིན་པོ་ཆེའི་རིགས། །སེམས་ཅན་ལ་གནོད་པ་མི་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས། སྡོམ་པ་ཐམས་ཅད་ཀྱི་ལས་ནི་ལས་ཀྱི་རིགས་སོ། །འདིར་ཡན་ལག་བཅུ་བཞིར་བགྲང་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྤྱིར་བཏང་སྟེ། དེ་བཞིན་གཤེགས་པའི་རིགས་ལ་ཚུལ་ཁྲིམས་རྣམ་པ་གསུམ་གཟུང་བ་དང་། དཀོན་མཆོག་གསུམ་གཟུང་བ་སྟེ་ཡན་ལག་བཞི་རྡོ་རྗེའི་རིགས་ལ་བྱང་ཆུབ་ཀྱི་སེམས་གཟུང་བ་དང་རྡོ་རྗེ་སློབ་དཔོན་གཟུང་བ་སྟེ་ཡན་ལག་གཉིས། རིན་པོ་ཆེའི་རིགས་ལ་སྦྱིན་པ་རྣམས་པ་བཞི་གཟུང་བ་སྟེ་ཡན་ལག་བཞི། པད་མའི་རིགས་ལ་ཕྱིའི་ཐེག་པ་གསུམ་གཟུང་བ་དང་། གསང་བའི་ཐེག་པ་གསུམ་གཟུང་བ་སྟེ་ཡན་ལག་གཉིས། ལས་ཀྱི་རིགས་ལ་འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་བྱ་བ་སྟེ་ཡན་ལག་གཉིས་ཏེ། དེ་ལྟར་བཅུ་བཞི་ནི་ཕས་ཕམ་པ་ཞེས་བྱ་སྟེ་རྩ་བའི་ལྟུང་བ་བཅུ་བཞི་ཞེས་གྲགས་སོ། །དེ་ལྟར་བསླབ་པའི་གཞི་དང་རྩ་བ་དང་རྩ་བའི་ལྟུང་བ་བཤད་པ་དེ་དག་གིས་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པ་ཇི་ལྟར་འགྱུར་བ་ནི། གོང་དུ་བྱ་བའི་རྒྱུད་ཀྱི་སྐབས་སུ་ཇི་ལྟར་བསྟན་པ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །དེ་བས་ན་རྩ་བའི་སྐབས་འདིར་ཡང་། ཚུལ་ཁྲིམས་གསུམ་གཟུང་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གཞིའོ། །དེ་བཞིན་དུ་དཀོན་མཆོག་གསུམ་གཟུང་བ་ནི་དེའི་རྒྱུ་མཚན་ནོ། །བྱང་ཆུབ་ཀྱིས་སེམས་གཟུང་བ་ནི་རང་གི་ངོ་བོའོ། །རྡོ་རྗེ་སློབ་དཔོན་ནི་དེ་སྦྱིན་པར་བྱེད་པའོ། །སྦྱིན་པ་རྣམ་པ་བཞི་ནི། དེའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའོ། །དམ་པའི་ཆོས་ ཡོངས་སུ་བཟུང་བ་ནི་དེའི་ཐབས་ལ་མཁས་པ་འཛིན་པར་བྱེད་པའོ། །འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་བྱ་བ་ནི། དེའི་འཕྲིན་ལས་ ཡོངས་སུ་སྒྲུབ་པ་སྟེ། དེ་ལྟར་ན་རྩ་བའི་ལྟུང་བ་བཅུ་བཞི་པོ་འདི་དག་གིས་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་ཡན་ལག་ཏུ་གྱུར་པའོ། །གཞན་ཡང་དཔལ་མཆོག་དང་པོ་ལས། ལྷ་ཐུན་མོང་གི་སྡོམ་པའི་དབང་དུ་གསུངས་པ། རྩ་བའི་ལྟུང་བར་གྱུར་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་ཡན་ལག་ཏུ་གྱུར་པ། །དམ་ཚིག་བདུན་གསུངས་སྟེ་འདི་ལྟར། །དམ་ཚིག་སྡོམ་པ་ཐུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །གང་ནི་བསྐྱེད་པ་ཙམ་གྱིས་སུ། །སངས་རྒྱས་ཉིད་དུ་དོགས་པ་མེད། །དམ་པའི་ཆོས་ནི་མི་སྨད་ཅིང་། །ནམ་ཡང་གཏང་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ཀྱང་མ་གདུངས་ཤིང་། ཅི་བདེར་བར་ནི་བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་སྨོད་པས་ན། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོ་རྣམས་ཀྱིས་འཚེ་བ་དང་། །གདོན་དང་ལོག་འདྲེན་གདུག་པོ་ཡིས། །བསད་ནས་སེམས་དམྱལ་ལྟུང་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བར་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །རྟག་ཏུ་བདག་གིས་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་སྦྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་དག་གིས། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ཡང་འདི་ལྟར་བདེ་བར་གཤེགས་པའི་བཀའ་བཞིན་བསྲུང་བ་དང་། རྟག་ཏུ་དམ་ཚིག་བསྲུང་བར་གསུངས་པ་ནི་སྤྱིར་བསྟན་པ་སྟེ། བྱེ་བྲག་ཏུ་གསུངས་པ་ནི། བྱང་ཆུབ་ཀྱི་སེམས་མི་གཏང་བ་དང་། དེའི་ཕྱག་རྒྱ་མི་སྤང་བ་དང་། དེའི་ཐབས་ལ་མཁས་པ་འཛིན་པ་དམ་པའི་ཆོས་མི་སྤང་བ་དང་། དེ་གཞན་གྱི་རྒྱུད་ལ་ཆུད་མི་གསན་པའི་མཚན་ཉིད་མི་ཤེས་པ་དང་། རྨོངས་པས་ཚུལ་ཆེན་མི་བསྟན་པ་དང་། དེ་བདག་གི་རྒྱུད་ལ་ཆུད་མི་གསན་པའི་མཚན་ཉིད། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན། རང་གི་ལྷའི་བདག་ཉིད་དུ་གནས་པར་བྱ་བ་སྤངས་ཏེ། དཀའ་ཐུབ་ཀྱིས་གདུང་བར་མི་བྱ་བ་དང་། དེ་སྦྱིན་པར་བྱེད་པ་རྡོ་རྗེ་སློབ་དཔོན་ལ་བརྙས་པར་མི་བྱ་བ་སྟེ། དེ་ལྟར་བྱ་བ་མ་ཡིན་པ་རྣམ་པ་དྲུག་སྤང་བ་དང་། རྟག་ཏུ་བྱ་བ་གསུམ་བསྟན་པ་སྟེ་དེ་ལྟར་རྣམ་པ་བདུན་དུ་གྲགས་སོ། །གཞན་ཡང་མདོར་བསྡུས་ན་བྱང་ཆུབ་སེམས་ཀྱི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འབའ་ཞིག་བསྒོམས་པས་ཀྱང་དམ་ཚིག་ཐམས་ཅད་འདུས་པར་གསུངས་ཏེ་རྒྱུད་དེ་ཉིད་ལས་འདི་ལྟར། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྲིད་པ་རྣམ་པར་དག་པའི་ཐབས་ཀྱི་མཆོག་རྟོག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་དམ་ཚིག་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །དཔལ་ཏ་ཏྭ་སང་གྲ་ཧ་ལས་ནི། བསྲུང་བའི་དམ་ཚིག་མང་དུ་མ་གསུངས་ཏེ། དེར་ཡང་བྱང་ཆུབ་ཀྱི་སེམས་སྒྲུབ་པ་གཙོ་བོར་བསྟན་ནས་ལྷ་ཁྱད་པར་གྱི་དམ་ཚིག་གི་དབང་དུ་བྱས་ཏེ་དམ་ཚིག་རྣམ་པ་ལྔ་ཞིག་གསུངས་སོ། །གང་གི་ཕྱིར་རྒྱུད་དེར་ནི་ལྷ་རྣམ་པ་ལྔ་གསུངས་པའི་ཕྱིར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་དང་། དེ་དག་གི་རིགས་དང་། རྡོ་རྗེ་དང་། པད་མ་དང་། རིན་པོ་ཆེ་ལས་བྱུང་བའི་རིགས་ཏེ། དེ་ལྟར་ལྷ་རྣམ་པ་ལྔར་གྲགས་ཏེ། རྒྱུད་དེར་ནི་འདུལ་བའི་དབང་གིས་ལས་ཀྱི་རིགས་གུད་དུ་མ་བསྟན་ཏེ། བྱེད་པ་པོ་དང་ལས་ཐ་མི་དད་པར་དགོངས་པའི་ཕྱིར་རོ། །ཞེས་གྲགས་སོ། །དེའི་དབང་གི་དཀྱིལ་འཁོར་ཆེན་པོ་དང་། དམ་ཚིག་ དང་། ཆོས་དང་། ལས་ཀྱི་དཀྱིལ་འཁོར་ཆེན་པོ་བཞིར་གྲགས་པ་དང་། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཡང་སྐུ་དང་གསུང་དང་ཐུགས་དང་སྤྱོད་པ་རྣམས་མཚན་མར་གྱུར་པ་གོ་རིམས་བཞིན་དུ། ཕྱག་རྒྱ་ཆེན་པོ་དང་དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་དང་བཞིར་ཡང་བཤད་དོ། །གཞན་ཡང་ལྷ་རྣམས་ཀྱི་སྐུའི་ཚུལ་ཡང་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་གཟུགས་སུ་བཞུགས་པར་གྲགས་ཏེ། དེ་བས་ན་ལྷ་རྣམ་པ་ལྔའི་བྱེ་བྲག་གིས་དམ་ཚིག་རྣམ་པ་ལྔར་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་ནི་འདི་སྐད་དུ། གང་དག་འདོད་ཆགས་སྙོམས་འཇུག་པ། །དེ་ནི་འདོད་ཆགས་ཉིད་ཀྱིས་སྦྱང་། །འདི་ནི་སངས་རྒྱས་ཕྱག་རྒྱ་ཆེ། །ཡེ་ཤེས་དམ་ཚིག་ཡིན་པར་བཤད། །ཅེས་གསུངས་ཏེ། འདི་ཡི་དོན་ཡང་སློབ་དཔོན་སངས་རྒྱས་གསང་བའི་ཞལ་སྔ་ནས། རྒྱུད་ཀྱི་དོན་ལ་འཇུག་པའི་སྒྲུབ་ཐབས་མཛད་པ་ལས། འདོད་ཆགས་ལ་སྙོམས་པར་འཇུག་པ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་གོམས་པར་འཇུག་པ་ཉིད་ལ་བྱའོ། །འདོད་ཆགས་ཀྱིས་སྦྱང་ཞེས་བྱ་བ་འདིས་ཀྱང་། བྱང་ཆུབ་ཀྱི་སེམས་གོམས་པར་བྱེད་ཅིང་རྗེས་སུ་ཆགས་པས་བདག་ཉིད་དེ་བཞིན་གཤེགས་པའི་སྐུར་སྒྲུབ་པ་དང་། སེམས་ཅན་སྨིན་པར་བྱ་བ་དང་གྲོལ་བར་བྱ་བ་ལ་ཆགས་པ་དང་ནན་ཏན་བྱའོ། །ཞེས་བསྟན་པའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ཀྱང་འདི་ལྟར། འདོད་ལ་སྐྱོ་བར་མི་བྱ་བ། །དམ་ཚིག་ཤིན་ཏུ་ཚུལ་ཆེན་ཏེ། །དེ་བཞིན་གཤེགས་པའི་རིགས་དག་ལ། །རྒྱལ་བ་རྣམས་ཀྱང་འདའ་མི་མཛད། །ཅེས་གསུངས་ཏེ། འདོད་པ་ཞེས་བྱ་བའི་སྒྲ་ཡང་འདིར་བྱང་ཆུབ་ཀྱི་སེམས་ཉིད་བརྟན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་ཉིད་ལ་བྱ་སྟེ། འདོད་ཅིང་མངོན་པར་དད་པར་བྱ་བ་ཡིན་པས་འདོད་པ་ཞེས་བཤད་དོ། །དེ་ བས་ན་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བདག་གི་རྣམ་པར་གྲོལ་བ་ལ་རྗེས་སུ་ཞེན་པ། རང་གི་ལྷའི་ཏིང་ངེ་འཛིན་ལ་སྐྱོ་བར་མི་བྱ་སྟེ། ཉིན་མཚན་དུ་ཅི་ནུས་པར་ངལ་གསོ་ཞིང་དེར་བསམ་པ་ལ་བརྟན་པར་བྱའོ། །ཞེས་བཤད་དོ། །རྡོ་རྗེ་རིགས་ཀྱི་དམ་ཚིག་འདི་ལྟར། སེམས་ཅན་དོན་ཕྱིར་མི་ཁྲོ་བའང་། །ཁྲོ་བོ་ཆེན་པོ་རབ་སྟོན་པ། །འདི་ནི་རྡོ་རྗེ་རིགས་ཆེན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་གསུངས་ཏེ། ཁྲོ་བོ་ཆེན་པོའང་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡིན་པར་བསྟན་ཏོ། །པད་མའི་རིགས་ཀྱི་དམ་ཚིག་ནི། རང་བཞིན་དག་པར་ཤེས་ནས་ནི། །དགོས་པ་དེ་དང་དེ་དག་བྱེད། །འདི་ནི་པད་མའི་རིགས་ཆེན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་སོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་ནི། ཉུང་བའམ་ཡང་ན་མང་ཡང་རུང་། །ཇི་ལྟར་འདོད་པ་བཞིན་དུ་ནི། །སྦྱིན་པ་ཉིན་གཅིག་བཞིན་དུ་ཡང་། །བྱ་བ་འདི་ནི་དམ་ཚིག་གོ །ཞེས་གསུངས་ཏེ། འདི་དག་རིགས་སོ་སོའི་དམ་ཚིག་ཏུ་གསུངས་ཀྱང་རིགས་གཞན་གང་ཡང་རུང་བ་ཟློས་པས་ཀྱང་རྣམ་པ་ལྔ་ཆར་བསྲུང་དགོས་ཏེ། དེ་བས་ན་རྣལ་འབྱོར་བ་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་ཀྱང་། སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམ་པར་སྦྱང་བའི་ཐབས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་ཉིད་འདོད་པའི་ཡོན་ཏན་རྣམས་ལ་ཤིན་ཏུ་བརྟན་པར་རྗེས་སུ་ཆགས་པར་བྱའི། ཉན་ཐོས་ལྟར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གཞོལ་བས། རྣམ་པ་ཐམས་ཅད་དུ་གཟུགས་ལ་སོགས་པའི་ཕུང་པོ་ལ་སྐྱོ་བ་སྐྱེད་པར་མི་བྱའོ། །དེ་བཞིན་དུ་གདུག་པའི་སྐྱེ་བོ་དག་དང་གཞན་ལ་གནོད་པ་སྦྱོར་ཞིང་ངན་པར་སྤྱོད་པ་རྣམས་ལ་རབ་ཏུ་བསྡིག་པར་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་ཡིད་དུ་བྱའོ། །ལས་ཐམས་ཅད་ལ་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དག་པར་བལྟས་ནས་མ་ཆགས་པར་བྱའོ། །ཐབས་ཀྱིས་ནི་ཀུན་རྫོབ་ཀྱི་བདེན་པ་ལ་མོས་པས་འགྲོ་བ་མ་ལུས་པའི་དོན་བྱ་བ་དང་། དེ་སྒྲུབ་པ་ལ་ཆགས་པར་བྱའོ། །བདག་ལ་སྦྱིན་པར་བྱ་བའི་དངོས་པོ་མང་དུ་མི་བདོག་གོ །ཞེས་ཉིན་རེ་ཞིང་སྦྱིན་པའི་བར་ཆད་མི་བྱའོ། །ཅི་ནུས་པར་ཆུང་ངམ་ངན་ཀྱང་བླའི། སྦྱིན་པ་སྦྱིན་པར་བྱ་སྟེ། ཡོང་ཡེ་དེས་འདི་ལས་འདའ་བར་མི་བྱའོ། །དེ་བས་ན་གང་ཡང་རུང་བའི་རིགས་ལ་རང་གི་ལྷ་མཉེས་པར་བྱེད་པས་ཀྱང་། རིགས་ཀྱི་རྗེས་སུ་མཐུན་པར་བསྟན་པའི་དམ་ཚིག་གི་བྱེ་བྲག་འདི་དག་ཐམས་ཅད་ཀྱང་ཅི་ནུས་པར་རྗེས་སུ་འཇུག་པར་བྱའོ་ཞེས་གསུངས་ཏེ། ཇི་སྐད་སྨོས་པ་འདི་རྣམས་ནི། རྣལ་འབྱོར་རྒྱུད་ཀྱི་རྩ་བའི་དམ་ཚིག་ཅེས་བྱ་བ་དང་། རྩ་བའི་ལྟུང་བ་ཞེས་བྱ་བར་གྲགས་པ་སྟེ། གང་ཟག་གི་དབང་གིས་ནི་སྤྱིའི་དམ་ཚིག་ཏུ་འགྱུར་རོ། །ཡན་ལག་གི་དམ་ཚིག་རྣམས་ཀྱང་བྱ་བའི་རྒྱུད་དུ་ཇི་སྐད་དུ་གྲགས་པ་རྣམས་ལས་ཅི་རིགས་སུ་བླང་བར་བྱའོ། །ཁྱད་པར་གྱི་དམ་ཚིག་རྣམས་ལས། གང་ཟག་ཁྱད་པར་གྱི་དམ་ཚིག་ནི་བྱ་བའི་རྒྱུད་དུ་བསྟན་པ་ལས་ཤེས་པར་བྱའོ། །ལྷ་ཁྱད་པར་གྱི་དམ་ཚིག་ནི། གོང་དུ་བསྟན་པའི་རྡོ་རྗེ་རྩེ་མོ་ལས་གསུངས་པ། རིགས་ལྔ་ལས་རྩ་བའི་ལྟུང་བ་བཅུ་བཞིར་གྲགས་པ་དང་། ཏ་ཏྭ་སཾ་གྲ་ཧ་ལས་རིགས་བཞི་ལྷ་ལྔའི་བྱེ་བྲག་གིས་དམ་ཚིག་རྣམ་པ་ལྔར་གྲགས་པ་ཉིད་ཡིན་ཏེ། འདི་རྣམས་ཟློས་པ་པོ་ཀུན་གྱིས་བསྲུང་བར་བྱ་བ་ཡིན་ཡང་ལྷ་གང་སྒྲུབ་པ་དེའི་དམ་ཚིག་དེ་ཉིད་གཙོ་བོར་བྱ་དགོས་ཏེ། ཁྱད་པར་ནི་དེ་ཡོད་པར་གསུངས་སོ། །གཞུང་ཁྱད་པར་གྱི་དམ་ཚིག་ནི། ཇི་སྐད་དུ་བྱ་བའི་རྒྱུད་དུ་གྲགས་པའི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་བྱེ་བྲག་འདི་ལྟར། དུས་གསུམ་དུ་ཁྲུས་བྱ་བ་དང་། གོས་གཙང་མ་གསུམ་བརྗེ་བ་དང་། རྟག་ཏུ་བགེགས་བསྲུང་བ་དང་། བསྙུང་བ་ལ་གནས་པ་དང་། ཁ་ཟས་མི་རུང་བ་དང་འབགས་པ་ལ་སོགས་པ་མཚན་མའི་རྣམ་པར་རྟོག་པ་མང་དུ་བཤད་པ་རྣམས་ལ་རྣལ་འབྱོར་དང་མཐུན་པ་དང་ཁ་ན་མ་ཐོ་བར་གྱུར་པ་སྤང་བ་རྣམས་ནི་དེ་བཞིན་དུ་བྱ་བ་ཡིན་ལ། རྣལ་འབྱོར་གྱི་བགེགས་སུ་འགྱུར་ཞིང་བགེགས་ལ་སོགས་པ་ཉོན་མོངས་པའི་རྒྱུར་འགྱུར་བ། བཅས་པའི་ཁ་ན་མ་ཐོ་བ་ཁ་ཅིག་ནི་ལྷག་པར་བསྟེན་མི་དགོས་སྟེ། མཐའ་གཉིས་ལས་གྲོལ་བར་སྤྱད་པ་དང་། གཞན་ཡང་ཁྲུས་ལ་སོགས་པ་དེ་དག་ཉིད་ལ་ཡང་ཟབ་པ་དང་རྒྱ་ཆེ་བའི་སྤྱོད་པས་འཕགས་པར་བྱ་བར་གསུངས་སོ། །དེ་ལ་ཇི་ལྟར་འཕགས་པ་བསྟན་ཅེ་ན། འདི་ལྟར་བྱ་བའི་རྒྱུད་དུ་དུས་གསུམ་དུ་ཁྲུས་བྱ་བའི་ཆོ་ག་གསུངས་པ་ལས། རྣལ་འབྱོར་གྱི་རྒྱུད་དུ་དེ་ལས་ཟབ་པ་དང་རྒྱ་ཆེ་བའི་ཁྲུས་ཀྱི་ཆོ་ག་གསུངས་པ། རྡོ་རྗེ་རྩེ་མོ་ལས། ཉིན་རེ་བཞིན་ནི་ཅི་ནུས་པར། །ཁྲུས་བཞི་རབ་ཏུ་སྦྱར་བར་བྱ། །རྣལ་འབྱོར་ཇི་ལྟ་འཁྲུ་བ་དག །གོ་རིམ་བཞིན་དུ་བཤད་པར་བྱ། །སྡོམ་པ་གསུམ་ལ་གནས་པ་ནི། །དང་པོའི་ཁྲུས་སུ་བཤད་པ་ཡིན། །གཉིས་པ་ཡི་ནི་ཁྲུས་བཤད་པ། །བཤགས་དང་གསོལ་བ་ལ་སོགས་པའོ། །ཕྱག་རྒྱ་དགྲོལ་བ་གསུམ་པའོ། །བཞི་པ་ཆུ་སྟེ་ཕྱི་མའོ། །ཁྲུས་ཀྱི་ཆོ་ག་འདི་རྣམས་ཀྱིས། །མཁས་པ་རྣམས་ནི་དེ་བཞིན་བཀྲུ། །ཞེས་གསུངས་སོ། །དེ་བཞིན་དུ་དུས་གསུམ་དུ་གོས་གཙང་མ་གསུམ་བརྗེ་བར་གསུངས་པ་ལའང་། རྣལ་འབྱོར་གྱི་ཚུལ་ལས་གོས་བརྗེ་བར་གསུངས་པ་ནི། དེ་ཉིད་ལས། སྒྲུབ་པ་པོ་ཡི་ཆོ་ག་ལ། །གོས་གསུམ་དག་ཀྱང་བརྗེ་བར་བྱ། །དང་པོའི་གོས་སུ་བཤད་པ་ནི། །སྡོམ་པ་རྣམ་ལ་གནས་པ་དང་། །སྒྲུབ་པའི་ཆོ་ག་དག་པའོ། །གཉིས་པ་ཁྲེལ་ཡོད་ངོ་ཚ་ཤེས། །གསུམ་པ་ཐུབ་པའི་གོས་རྣམས་ཏེ། །གོས་གསུམ་དུ་ནི་ཡོངས་སུ་བསྒྲགས། །ཞེས་གསུངས་སོ། །རྟག་ཏུ་བགེགས་བསྲུང་ཞེས་གསུངས་པའང་འདིར་ཕྱག་རྒྱའི་རྣལ་འབྱོར་ཉིད་རྟག་ཏུ་བསྲུང་བ་ཆེན་པོ་སྟེ། དེ་ལ་བགེགས་མེད་པར་རྟོགས་པས་བསྲུང་བ་ཡིན་པར་གསུངས་ཏེ། དེ་ཉིད་ལས། ཉི་མ་རེ་རེ་རབ་བསྡམས་ཤིང་། །བསྲུང་བའི་ཆོ་ག་བྱས་པ་ལ། །བགེགས་ནི་མེད་ཀྱི་མ་འཇིགས་ཤིག །སེམས་ནི་རབ་ཏུ་གདུལ་དཀའ་འདི། །བགེགས་ནི་ཅུང་ཟད་མེད་སྙམ་པས། །སེམས་ནི་དག་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །གཞན་ཡང་ཁ་ན་མ་ཐོ་བ་ཆུང་ལ་རྣལ་འབྱོར་ལ་གནོད་པ་རྣམས་ཆེད་དུ་བསྟེན་པ་མ་ཡིན་པར་གསུངས་ཏེ་འདི་སྐད་དུ། དཀའ་ཐུབ་ཀྱིས་ནི་ལུས་གདུངས་པས། །རྣལ་འབྱོར་རྟོགས་པར་མི་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་གཞུང་ཁྱད་པར་གྱི་དམ་ཚིག་གོ །རིགས་པ་འདིས་ནང་གི་གཞུང་ཅི་རིགས་སུ་སྦྱར་བ་རྣམས་ཀྱང་ཤེས་པར་བྱའོ། །ལྷག་པའི་དམ་ཚིག་རྣམས་ཀྱང་ཇི་སྐད་དུ་བསྟན་པ་ལས་ཅི་རིགས་སུ་སྦྱར་རོ། །གཞན་ཡང་བསྲུང་བའི་དམ་ཚིག་དང་། །སྤྱད་པར་བྱ་བའི་དམ་ཚིག་དང་། །སྒྲུབ་པའི་དམ་ཚིག་སྟེ། རྣམ་པ་གསུམ་དུ་ཡང་འདུས་པར་ཤེས་པར་བྱའོ། །དེ་ལ་བསྲུང་བའི་དམ་ཚིག་ནི་ཕལ་ཆེར་བྱ་བ་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་ཇི་སྐད་དུ་བསྟན་པ་དེ་དག་ཉིད་དོ། །ལྷ་དང་སྔགས་དང་ཕྱག་རྒྱ་མི་སྤང་བའང་སྨད་པར་མི་བྱ་བའི་ཕྱོགས་ནས་ནི་བསྲུང་བའི་དམ་ཚིག་གོ །སྤྱད་པར་བྱ་བའི་དམ་ཚིག་ནི་གོང་དུ་བསྟན་པ་བཞིན་དུ་དོན་ཆེན་པོའི་ཕྱིར་སྤྱད་པར་བྱ་བ་རྣམས་ཏེ། འདི་ལྟར་ཐེག་པ་ཆེན་པོའི་སྡོམ་པ་འཇིག་པར་བྱེད་པ་ནི་སྡང་སེམས་ཡིན་པ་འཛིན་པ་ནི་བཟོད་པ་ཡིན་མོད་ཀྱི། ཁ་ཅིག་ཏུ་བཟོད་པར་གྱུར་ན་ཉམས་པར་འགྱུར་བ་ཡང་ཡོད་དེ། དེ་ཡང་ངན་སོང་སྦྱོང་བ་ལས། དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །བླ་མ་སྨོད་བྱེད་མ་རུང་བ། །དམ་ཚིག་ལས་ནི་འདའ་བ་དང་། །དེ་ལ་སོགས་པ་བྱེད་ལྡན་པ། །དེ་བཞིན་བཟོད་པར་མི་བྱའོ། །ཞེས་གསུངས་སོ། །དེ་བཞིན་དུ་རྩ་བ་བཞིའི་བསྲུང་བ་ཡང་སྐབས་ཁ་ཅིག་ཏུ་སྤྱད་པར་གསུངས་ཏེ། དེ་ཉིད་ལས། གླེན་པས་དཀོན་མཆོག་གསུམ་སོགས་དང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མ་ལ་སྨོད་བརྩོན་བྱེད་རྣམས། །མཁས་པས་བསྒྲིམས་ཏེ་བསྒྲུབ་པར་བྱ། །ཆོས་མིན་ལྡན་སྡིག་སྤྱོད་པ་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་དང་། །དམ་ཚིག་སྡང་རྣམས་སྙིང་བརྩེ་བའི། །སྔགས་མཁན་གྱིས་ནི་སྔགས་ཀྱིས་སྒྲུབ། །འཇུང་པ་རྣམས་ཀྱི་ནོར་བླང་ལ། །སེམས་ཅན་འཕོངས་ལ་སྦྱིན་པར་བྱ། །བླ་མ་ལ་ནི་མཆོད་པ་དང་། །དེ་ལྟར་དམ་ཚིག་སྒྲུབ་པ་དང་། །དཀྱིལ་འཁོར་ཕྱིར་དང་དམ་ཚིག་ཅན། །ཕན་ཕྱིར་རྒྱལ་བའི་སྲས་རྣམས་ལ། །མཆོད་ཕྱིར་མི་ཡི་དབང་པོའམ། །ཕྱུག་པོ་རྣམས་ཀྱི་ནོར་དབྲོག་གོ །སེམས་ཅན་རྣམས་ལ་ཕན་སྤྱོད་པས། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སྲོག་ཆགས་སྲོག་ནི་བསྲུང་བའི་ཕྱིར། །རྫུན་དུ་ཡང་ནི་སྨྲ་བར་བྱ། །སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ཀྱང་བསྲུང་བ་དང་། །སྔགས་རིགས་པས་ནི་སྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །རྡོ་རྗེ་སེམས་དཔའི་གནས་འདུག་ན། །ཐམས་ཅད་སྤྱད་ཅིང་ཀུན་ཟོས་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེ་ལྡན་པས་སྨོས་ཅི་དགོས། །ཞེས་གསུངས་ཏེ། དེ་འདི་ལྟ་བུའི་དོན་ཆེན་པོ་ལ་དངོས་གཞིའི་ཁ་ན་མ་ཐོ་བར་གྲགས་པ་རྣམས་ཀྱང་སྤྱད་པར་བྱ་བར་གསུངས་པ་རྣམས་སོ། །སྒྲུབ་པའི་དམ་ཚིག་ནི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་རྟག་ཏུ་ཉམས་སུ་བླངས་ཏེ་སྒྲུབ་པར་བྱ་བ་སྟེ། དེ་ཡང་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་སྟོང་ཕྲག་བརྒྱ་པ་ལས། སྐུ་དང་གསུང་དང་ཐུགས་གསང་བ། །མཁས་པ་ཡིས་ནི་བསྲུང་བར་བྱ། །བསྲུང་ན་བསོད་ནམས་ཆེན་པོ་ནི། །ཐམས་ཅད་ཀུན་དུ་སྐྱེ་བར་འགྱུར། །གང་དག་དུ་མ་རྒྱ་ཆེན་པོ། །ཁ་དོག་དང་ནི་དབྱིབས་དང་གདན། །ཕྱག་རྒྱ་བསྐྱོད་སོགས་གཟུགས་འདི་ནི། །སྐུ་ཡི་གསང་བར་རིག་པར་བྱ། །རྡོ་རྗེ་ཚིག་གི་སྦྱོར་བ་ཡིས། །སྨྲ་བ་ཆོས་ཀྱི་ཕྱག་རྒྱ་སྟེ། །འདི་ནི་གསལ་བར་གསུང་གསང་བར། །རྡོ་རྗེའི་ཚིག་ནི་སྒྲ་མེད་པའོ། །རང་གི་སེམས་ནི་རབ་རྟོགས་པས། །ཟླ་བ་ལ་ནི་རྡོ་རྗེ་སྒོམ། །རྣམ་གསུམ་གཅིག་ཏུ་བསྒོམ་པ་ནི། །ཐུགས་ཀྱི་གསང་བ་འདི་ཞེས་བྱ། །དེ་དག་དེ་ཉིད་མཆོག་ཆེན་པོ། །རྟག་ཏུ་ཡང་དང་ཡང་བསྒོམས་ན། །གསུམ་གྱི་སྦྱོར་བས་འགྲུབ་འགྱུར་ཏེ། །གཞན་དུ་མ་ཡིན་ཀུན་མཁྱེན་གསུངས། །གསང་བ་གསུམ་གྱི་ཆོ་ག་ཡིས། །ཕྱག་རྒྱ་ཐམས་ཅད་ཤིན་ཏུ་བསྡུས། །དེ་བས་རྣམ་པ་ཐམས་ཅད་དུ། །གསང་བ་རྣམས་གསུམ་རྣམ་པར་སྦ། །རྡོ་རྗེ་ཆེན་པོ་མཆོག་འཛིན་པ། །མགོན་པོ་ཆེན་པོས་བྱིན་བརླབས་པ། །བློ་ངན་གང་ཞིག་འདའ་བ་ནི། །རྡོ་རྗེ་འཛིན་པས་མོད་ལ་སྤོང་། །སྤངས་པའི་སེམས་ཅན་ཆེན་པོ་དེ། །ངན་སོང་གསུམ་དུ་ཡང་དང་ཡང་། །ཇི་སྲིད་འཁོར་བའི་སྤྱོད་ཡུལ་དུ། །ཤིན་ཏུ་མི་བཟད་ཆོ་ངེས་འདེབས། །ཞེས་གསུངས་ཏེ། འདི་ལྟར་ཐར་པ་དང་དངོས་གྲུབ་ཆེན་པོ་རྣམས་སྒྲུབ་པའི་ཐབས་ཀྱི་ཕྱག་རྒྱ་རྟག་ཏུ་བསྒོམ་ཞིང་བསྒྲུབ་པར་བྱ་བ་རྣམས་སོ། །འདི་དག་ནི་མདོར་བསྡུས་ཏེ་བསྟན་པའོ། །གཞན་ཡང་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད་ཆོ་ག་ཞིབ་མོ་བསྟན་པ་རྣམས་ཅུང་ཟད་བསྟན་པར་བྱ་སྟེ། དེ་ཡང་ངན་སོང་སྦྱོང་བ་ལས་རྩ་བའི་དཀྱིལ་འཁོར་གྱི་སྐབས་ནས་གསུངས་པ། སྡིག་ལ་སོགས་པ་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་སྙིང་པོ་དང་། །དེ་ཡི་གྲིབ་མ་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ཏེ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལ་སོགས་བྱ་བ་མིན། །མུ་སྟེགས་ཅན་རྣམས་སྨད་མི་བྱ། །མདོར་ན་ཡིད་གཉིས་སོམ་ཉི་ཐེ་ཚོམ་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་གསུངས་སོ། །གཞན་ཡང་དེ་ཉིད་ལས། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕྱག་རྒྱ་ཡི་གེ་མཚན་མ་རྣམས། །གོམ་པས་བགོམ་པར་མི་བྱའོ། །ཞེས་གསུངས་སོ། །རྡོ་རྗེ་རྩེ་མོ་ལས་ནི། ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་ཡང་ནི་རྣམ་པ་བཞི། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །རྟག་ཏུ་སྤང་ཞིང་བསྲུང་བར་བྱ། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་ཕྱིར་ཕྱོགས་མིན། །འཁོར་བ་གཏང་བར་མི་བྱ་ཞིང་། །རྟག་ཏུ་མྱ་ངན་འདས་དགའ་མིན། །ལྷ་དག་དང་ནི་གསང་བ་པ། །དེ་རྣམས་སྨད་པར་མི་བྱའོ། །བཞོན་པ་མཚོན་ཆ་ཕྱག་རྒྱ་དང་། །མཚན་མ་བགོམ་པར་མི་བྱའོ། །དམ་ཚིག་ཅེས་བྱར་བཤད་པ་འདི། །བློ་ལྡན་ཁྱོད་ཀྱིས་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཅེས་གསུངས་སོ། །ཡང་དེ་ཉིད་ལས། ཇི་ལྟར་དུས་གསུམ་གཤེགས་དེ་བཞིན། །བྱང་ཆུབ་དུ་ནི་སེམས་བསྐྱེད་ནས། །དཀོན་མཆོག་གསུམ་ལ་དད་བྱས་ཏེ། །ཐེ་ཚོམ་མེད་པར་བྱེད་པའི་མཆོག །ཁྱིམ་པ་དང་ནི་རབ་ཏུ་བྱུང་། །ཕྱོགས་ནི་གཉིས་པོ་འདི་བསྒྲུབ་བྱ། །ཇི་ལྟར་འོས་ཤིང་མཚམ་པ་རུ། །གོ་རིམ་བཞིན་དུ་རབ་བཤད་བྱ། །བྱང་ཆུབ་སེམས་འཛིན་གྱུར་ནས་ནི། །ལྷ་གཞན་ལ་ནི་མི་མོས་པར། །དཀོན་མཆོག་གསུམ་ལ་དད་པ་དང་། །དེ་ལ་གཞོལ་ཞིང་འབད་པ་ཡིས། །གསོད་དང་རྐུ་དང་འཁྲིག་པ་དང་། །རྫུན་དང་ཆང་ནི་རྣམ་པར་སྤང་། །ཁྱིམ་པའི་ཚུལ་དུ་གནས་ནས་ཀྱང་། །རིག་སྔགས་རྒྱལ་པོ་རྟག་ཏུ་སྒྲུབ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །ཟླ་བའམ་ཡང་ན་ལོ་རེའམ། །དེ་བཞིན་ཡང་ན་ལོ་གཅིག་ཏུ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྔོན་དུ་རིག་པའི་བརྟུལ་ཞུགས་བྱ། །ཉིན་རེ་བཞིན་ནི་ཅི་ནུས་པར། །ཐུན་གསུམ་དུ་ནི་ཆོ་ག་སྒྲུབ། །རྟོག་པ་འདི་ནི་ཐུན་བཞི་རུ། །ཇི་ལྟར་འོས་ཤིང་ མཚམས་པར་ནི། །སྡིག་པ་ཐམས་ཅད་བཤགས་པར་བྱ། །བསོད་ནམས་ ཀུན་ལ་རྗེས་ཡི་རང་། །སངས་རྒྱས་ཀུན་ལ་གསོལ་བ་གདབ། །དེ་ཡི་བསོད་ནམས་བྱང་ཆུབ་བསྔོ། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་གྱི། །སངས་རྒྱས་བླ་མེད་ཐམས་ཅད་ལ། །གསོལ་བ་གདབ་ཅིང་རབ་བཏུད་ནས། །ཞབས་ལ་མཉམ་བཞག་ཕྱག་བྱའོ། །སྦྱིན་པ་རྣམ་བཞི་སྦྱོར་བ་ཡིས། །ཅི་ནུས་པས་ནི་མཁས་པས་དབུལ། །གཙང་ཞིང་གོས་ཀྱང་གཙང་བ་དང་། །གཙང་མའི་གྲོགས་དང་ལྷན་གཅིག་ཏུ། །རྡོ་རྗེ་སྡོམ་པ་བསྡམ་པ་ནི། །བསླབ་པའི་ཚིག་ནི་ཡང་དག་བླངས། །དཀོན་མཆོག་བཞི་ཡི་སྦྱོར་བ་དང་། །ཕྱག་རྒྱ་དེ་ལ་གཞོལ་བར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སློབ་དཔོན་ཡང་ནི་ཕྱི་མའོ། །ཉིན་རེ་བཞིན་ནི་ཅི་ནུས་པར། །ཁྲུས་བཞི་རབ་ཏུ་སྤྱད་པར་བྱ། །རྣལ་འབྱོར་ཇི་ལྟར་འཁྲུ་བ་དག །གོ་རིམས་བཞིན་དུ་བཤད་པར་བྱ། །སྡོམ་པ་གསུམ་ལ་གནས་པ་ནི། །དང་པོའི་ཁྲུས་སུ་བཤད་པ་ཡིན། །གཉིས་པ་ཡི་ནི་ཁྲུས་བཤད་པ། །བཤགས་དང་གསོལ་བ་གདབ་པ་ལ། །ཕྱག་རྒྱ་དགྲོལ་བ་ གསུམ་པའོ། །བཞི་བ་ཆུ་སྟེ་ཕྱི་མའོ། །ཁྲུས་ཀྱི་ཆོ་ག་འདི་རྣམ་ཀྱིས། །མཁས་པ་རྣམས་ནི་དེ་བཞིན་བཀྲུ། །སྒྲུབ་པ་པོ་ཡི་ཆོ་ག་ལ། །གོས་གསུམ་དག་ཀྱང་བརྗེ་བར་བྱ། །དང་པོའི་གོས་སུ་བཤད་པ་ནི། །སྡོམ་པ་རྣམས་ལ་གནས་པ་དང་། །སྒྲུབ་པའི་ཆོ་ག་དག་པའོ། །གཉིས་པ་ཁྲེལ་ཡོད་ངོ་ཚ་ཤེས། །གསུམ་པ་ཐུབ་པའི་གོས་རྣམས་ཏེ། །གོས་གསུམ་དུ་ནི་ཡོངས་སུ་བསྒྲགས། །ཐམས་ཅད་བཟའ་དང་འདོད་པ་ནི། །ཁ་ན་མ་ཐོ་གང་མེད་པའོ། །ཤ་ཆང་སྒོག་པ་ལ་སོགས་པ། །མི་བཟའ་བ་རྣམས་སྤང་བར་བྱ། །དྲི་མི་ཞིམ་དང་མི་གཙང་བའི། །བཟའ་དང་བཏུང་བ་རྣམས་ཀྱང་སྤང་། །གཞན་ལ་གནོད་དང་ལྡན་པ་དག །སེམས་ཀྱིས་ཀྱང་ནི་མི་བྱའོ། །གཡེམས་པ་བདུན་གྱི་སྦྱོར་བ་རྣམས། །མི་སྡུག་སྒོམ་པས་ སྤང་བར་བྱ། །བསོད་ནམས་བྱེད་ལ་རྟག་ཏུ་བརྩོན། །ཐེག་པ་ཆེན་པོའི་དོན་སེམས་པ། །བྱང་ཆུབ་སེམས་དཔའི་ཚུལ་རྒྱ་ཆེ། །ཤེས་རབ་ཕ་རོལ་ཕྱིན་ལ་མཁས། །ཀློག་ཅིང་རྣམ་པར་སེམས་པ་དང་། །ཡང་དང་ཡང་དུ་གསོལ་བ་འདེབས། །དགྲ་དང་ཟིན་དང་ཐ་མལ་པ། །སེམས་སྙོམས་མི་འཇིགས་རབ་ཏུ་སྦྱིན། །ཞེ་སྡང་འཇོམས་པ་བསྒོམ་པ་ནི། །བྱམས་དང་དགའ་ལ་དེས་པ་ཅན། །ཆོས་དང་གང་ཟག་བདག་མེད་པ། །འདུས་བྱས་རྣམས་ཀྱང་འཁྲུལ་བ་ཙམ། །མངོན་སུམ་བློ་ཅན་བསྟན་པ་ནི། །འདུས་བྱས་རྣམས་ཀྱིས་མི་རྨོངས་སོ། །སྲོག་ལ་རྨན་པར་གྱུར་ན་ཡང་། །བྱང་ཆུབ་སེམས་ནི་མི་གཏང་ཞིང་། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ནམ་ཡང་གཏང་བར་མི་བྱའོ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་འདྲ། །སྦྱོར་བ་ལྷོད་པར་མ་གྱུར་པས། །གོ་ཆ་རབ་ཏུ་ བརྟན་པར་བགོས། །ཕ་རོལ་ཕྱིན་དྲུག་སྤྱད་པ་ཡང་། །རིམ་པ་བཞིན་དུ་སློབ་པར་བྱེད། །སེམས་ཅན་ཀུན་གྱི་དོན་དང་ལྡན། །བྱང་ཆུབ་སེམས་དཔའི་ཚུལ་ལ་ནི། །ཁ་ན་མ་ཐོ་རྡུལ་ཙམ་ལའང་། །སྲོག་ལ་ཡང་ནི་མི་བལྟ་བར། །རབ་ཏུ་བྱུང་དང་ཁྱིམ་པ་ཡི། །འདུ་འཛི་ཀུན་ཡང་རྣམ་པར་སྤང་། །བུ་དང་ཆུང་མ་དག་ལ་ཡང་། །སྲེད་པའི་བཅིངས་པ་དག་ལས་གྲོལ། །རྐམ་དང་ཆགས་དང་གདུག་པ་མེད། །རྨོངས་པ་དང་ནི་ལེ་ལོ་མེད། །བག་ཡོད་སྤྱོད་ཅིང་བརྩོན་འགྲུས་ཆེ། །རྣལ་འབྱོར་སྒྲུབ་པ་བསྒྲུབ་པར་བྱ། །ལྟ་བ་ཀུན་ལས་རྣམ་པར་གྲོལ། །ཡང་དག་ཉིད་ཀྱི་ལམ་སྟོན་པ། །དགོངས་པའི་ཚིག་ལ་རབ་ཏུ་མཁས། །དོན་ཤེས་དོན་ནི་ རྟོགས་པར་འགྱུར། །ཚུལ་དང་ཚུལ་མིན་ཆོ་ག་ཤེས། །དེ་ཉིད་རྣལ་འབྱོར་རབ་ཏུ་མཁས། །སེམས་ཅན་ཀུན་ལ་རབ་ཏུ་བྱམས། བྱང་ཆུབ་སྤྱོད་པའི་དོན་སེམས་པ། །འདི་འདྲའི་ཚུལ་འདི་བཟང་པོ་ལ། །དེ་ལྟ་བུ་ཡི་སྒྲུབ་པ་ཡིས། །གྲོལ་བ་དང་ནི་དངོས་གྲུབ་འཐོབ། །དངོས་གྲུབ་ཐམས་ཅད་དོགས་པ་མེད། །ཕྱོགས་དང་གོས་དང་ཟས་རྣམས་ལ། །འབགས་པ་ཐམས་ཅད་རྣམ་པར་སྤང་། །ལྷ་རྣམས་སྨད་པར་མི་བྱ་ཞིང་། །རྣམ་པ་ཡང་ནི་སྤང་བར་བྱ། །ཉི་མ་རེ་རེ་རབ་བསྡམས་ཤིང་། །བསྲུང་བའི་ཆོ་ག་བྱས་པ་ལ། །བགེགས་ནི་མེད་ཀྱིས་མ་འཇིགས་ཤིག །སེམས་ནི་རབ་ཏུ་གདུལ་དཀའ་འདི། །བགེགས་ནི་ཅུང་ཟད་མེད་མཉམ་པས། །སེམས་ནི་དག་པ་ཉིད་དུ་འགྱུར། །རང་གི་སེམས་ནི་བདུད་ཅེས་གསུངས། །རང་གི་སེམས་ནི་བགེགས་ཡིན་ནོ། །རྣམ་པར་རྟོག་པ་ཐམས་ཅད་སྤང་། །རྣམ་པར་རྟོག་ལས་བགེགས་ཀུན་འབྱུང་། །འདུལ་བའི་སེམས་ནི་རབ་བཟུང་ནས། །འདོད་པ་ལྔ་ནི་སྤང་བར་བྱ། །སྔོན་གྱི་རྗེས་དྲན་ནས་བརྩམས་ཏེ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །འཇིག་རྟེན་ན་ནི་གང་ཟག་བཞི། །བསྐལ་པ་བརྒྱར་ནི་བརྩོན་བྱས་ཤིང་། །ཆོ་ག་བཞིན་དུ་ཀུན་སྤྱད་ཀྱང་། །དེ་དག་འགྲུབ་པར་ཡོངས་མི་འགྱུར། །བྱང་ཆུབ་སེམས་ནི་མ་བསྐྱེད་དང་། །ཐེ་ཚོམ་ཡོད་པ་ཉིད་དང་ནི། །གང་ཞིག་བཀའ་སྩལ་མི་བྱེད་དང་། །མ་དད་པས་ནི་མི་འགྲུབ་བོ། །ཕ་དང་མར་ནི་ཤེས་པ་དང་། །ཚངས་དང་དགེ་སློང་ལ་འབད་པ། །གཙང་ཞིང་ཞི་ལ་དུལ་བ་དང་། །བསྡམས་ཤིང་ཐར་པ་ལ་སེམས་པ། རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་སོགས་ཕྱིར་མིན། །གཞན་དུ་སེམས་ཅན་ཐམས་ཅད་ཕྱིར། །རྫོགས་པའི་བྱང་ཆུབ་ངེས་པར་བྱ། །དེ་བཞིན་ཁ་ཟས་ཚོད་ཤེས་ཤིང་། །མཚན་མོ་མི་ཉལ་བ་ལ་དགའ། །འདོད་ཆགས་ཞེ་སྡང་ལ་སོགས་བྱུང་། །རྣམ་པར་རྟོག་པ་མི་སེམས་ཤིང་། །སེམས་ནི་རབ་ཏུ་དད་གྱུར་ནས། །མི་གཡོ་བར་ནི་ངེས་པར་བྱས། །ལེགས་བཤད་ཤིན་ཏུ་རྣམ་ཕྱེ་བའི། །ཆོས་ཀྱི་དོན་ལ་མངོན་པར་དགའ། །སེམས་ཅན་གནོད་ལ་སོགས་པའི་རྒྱུ། །དྲག་ཤུལ་སྤྱོད་པའི་ལས་མི་བྱེད། སེམས་ཅན་གདུག་པ་ལ་སོགས་པའི། །ཉེས་པ་དག་ཀྱང་རབ་ཏུ་བཟོད། །རིག་སྔགས་མཚོན་དང་དེ་བཞིན་མཚན། །ལྷ་ཡི་བཅིངས་པ་རྣམས་དང་ནི། །དམན་མ་དང་ནི་ལྷ་ཡི་གྲིབ། །ལྷ་ཡི་མཚན་མ་ལ་སོགས་ཀུན། །བཟའ་བ་དག་ནི་སྣ་ཚོགས་པ། །མཚན་མའི་མཚན་ཉིད་བྱས་པ་རྣམས། །མི་འགོང་ཞིང་ནི་མི་བཟའ་སྟེ། །ནམ་ཡང་བརྫི་བར་མི་བྱའོ། །དཀོན་མཆོག་གསུམ་གྱི་དཀོར་དག་ནི། །ནམ་ཡང་སྤྱད་པར་མི་བྱའོ། །ཐ་ན་རྡུལ་གྱི་ལྷག་མ་ཡང་། །བདུག་སྤོས་དག་ཀྱང་མི་མནམ་མོ། །རི་བོའམ་ནི་ནགས་ཀྱི་ནང་། །གཙང་ཞིང་ཡིད་འོང་དབེན་པའམ། །ཆུ་བོའི་འགྲམ་མམ་སྐྱེད་མོས་ཚལ། །ནེའུ་སེང་ཤིན་ཏུ་ཡིད་འོང་ངམ། །ལྷ་ཁང་གཙང་མ་ཉམས་དགའ་འམ། །ཁང་པ་གཙང་མ་དབེན་པའམ། །གང་དུ་ཚོགས་པ་མེད་པ་རུ། །སངས་རྒྱས་ལ་དམིགས་སེམས་ཀྱིས་སུ། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །དེ་འདྲའི་གནས་སུ་འདུག་ནས་ནི། །ཐར་པ་མཆོག་ཏུ་བསྟན་པ་ཉིད། །རིག་པའི་བརྟུལ་ཞུགས་ཡང་དག་བརྩམ། །ཞེས་གསུངས་ཏེ། རིག་པའི་བརྟུལ་ཞུགས་ཀྱང་དེ་ཉིད་ལས། རྒྱུད་གཞན་གྱི་ནི་ཆོ་ག་དང་། །མདོ་སྡེ་དང་བཅས་ཇི་བཞིན་དུ། །དེ་ནས་རིག་པའི་བརྟུལ་ཞུགས་བླང་། སྡོམ་པའང་དོར་བར་མི་བྱ་ཞིང་། །ཁ་ན་མ་ཐོ་རྡུལ་ཙམ་ལའང་། །འགྱོད་པ་རུ་ནི་བྱ་བ་ཡིན། །ཡང་དེ་ཉིད་ལས། སྐབས་ཀྱི་བརྟུལ་ཞུགས་གསུངས་པ། ཉིན་ཞག་དྲུག་གམ་བདུན་བརྒྱད་དུ། །མར་དང་འོ་མ་འབྲས་ཆེན་ཉིད། །སློབ་དཔོན་ཟས་ནི་དཀར་གསུམ་བཟའ། །ཡང་ན་ཐུན་མོང་གྱུར་པའི་ཟས། །ཅི་སྟེ་བཟོད་ལྡན་ཉིན་མཚན་དུ། །མི་བཟའ་བར་ནི་བསྒྲུབ་པར་བྱ། །གང་ཕྱིར་ཆོས་ཀྱི་རང་བཞིན་ཟས། །སྟོབས་ལྡན་འགྱུར་བར་ཐེ་ཚོམ་མེད། །ཡང་གསུངས་པ། གང་གི་ཚེ་ནི་བརྩམས་ནས་སུ། །ཇི་སྲིད་རྫོགས་པར་མ་གྱུར་བར། །གལ་ཏེ་ནུས་ན་མི་བཟའ་བར། །བརྩོན་འགྲུས་ཆེན་པོ་བརྩམ་པར་བྱ། །དྲི་དང་བཅས་ཤིས་ལེགས་བྱས་པ། །ཡང་ན་དཀར་གསུམ་བཟའ་བར་བྱ། །གང་ཕྱིར་རྒྱལ་པོ་རྡོ་རྗེ་འཛིན། །བྱིན་གྱིས་བརླབ་པར་མཛད་པར་འགྱུར། །ཡང་དེ་ཉིད་ལས། སྡོམ་པ་སྦྱིན་པ་ནི་མ་དད་པ་ལ་མི་གནང་ཡང་། འཇུག་པ་ཙམ་ནི་གནང་བར་གསུངས་ཏེ། སྔོན་ལ་སྡོམ་པ་འདི་དག་ནི། །ཇི་ལྟར་འདོད་བཞིན་མོས་པ་རུ། །མཁས་པ་ཡིས་ནི་སྦྱིན་བྱ་སྟེ། །རང་དབང་མེད་པར་སྦྱིན་མི་བྱ། །གལ་ཏེ་དེ་ནི་ དད་ལྡན་གྱུར། །དེ་ལ་སྡོམ་པ་སྦྱིན་པར་བྱ། །ཡང་དེ་ཉིད་ལས། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོམ་པ་འཛིན་པར་མི་བྱེད་ཅིང་། །དད་དང་དྭང་བ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱ། །འདི་ལྟར་སངས་རྒྱས་ཐུགས་རྗེ་ཅན། །དེ་དག་གི་ནི་རྒྱུ་རུ་འགྱུར། །མཐོང་བ་ཙམ་གྱིས་མོད་ལ་ནི། །སྡོམ་པ་རྟག་པ་འགྲུབ་པར་འགྱུར། །དེ་ལ་སྡོམ་པ་སྦྱིན་པར་བྱ། །བདག་ཉིད་ངན་པའི་སེམས་ཅན་གང་། །ཁྲོ་ཞིང་ཤིན་ཏུ་གཤེ་བ་དང་། །བཞད་གད་བྱེད་ཅིང་འཕྱ་ཡང་རུང་། །དེ་ཉིད་རྒྱུ་རུ་འགྱུར་བ་ཡིན། །དད་པ་མེད་པ་དང་། དགེ་བའི་རྩ་བ་མ་བསགས་པ་དང་། རྒྱུད་ཡོངས་སུ་མ་སྨིན་པ་དང་། མོས་པ་མེད་དུ་ཟིན་ཀྱང་། འོན་ཀྱང་མཐོང་བ་ཙམ་གྱིས་སོ། །སྤྱིར་ཐུན་མོང་གི་རྩ་བའི་སྡོམ་པ་ནི་དེ་ཉིད་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །གཙོ་བོ་དེ་དག་ལྷུར་བླང་བྱ། །འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ། །ལྷ་རྣམས་སྔགས་དང་ཕྱག་རྒྱའང་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་ནས། དེ་དག་གི་ཡོན་ཏན་ཡང་། གཞན་ཚེ་བཅུ་དྲུག་གིས་ཐོབ་ལ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །གསང་བའི་ཐེག་པར་མ་ཞུགས་པས། །རྒྱལ་བའི་གནས་ཀྱི་ས་ཐོབ་ཅིང་། །སྐལ་པ་གྲངས་མེད་གཉིས་སྤྱོད་པའང་། །བཅུ་དྲུག་གིས་ནི་འདིར་འགྱུར་ཏེ། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ།། །། ད་ནི་རྣལ་འབྱོར་ཆེན་པོའི་དམ་ཚིག་རྣམས་བསྟན་པར་བྱ་སྟེ། དེ་ཡང་རྒྱུད་ལ་ལ་ལས་ནི་སྲོག་མི་བཅད་པ་དང་། སེམས་ཅན་ལ་གནོད་པ་མི་བྱ་བ་ལ་སོགས་པ་བསླབ་པའི་གཞི་དང་། ལྟུང་བའི་རྩ་བ་ལྟ་བུ་བསྲུང་བར་བྱ་བའི་ཕྱོགས་ནས་བསྟན་ཏོ། །ལ་ལ་ལས་ནི། ༼ཟླ་གསང་། ༽སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་སོགས་པ་སྒྲུབ་པའི་དམ་ཚིག་གི་ཕྱོགས་ནས་བསྟན་ཏོ། །ལ་ལ་ལས་ནི། ༼གསང་འདུས། ༽སྲོག་བཅད་པར་བྱའོ་མ་བྱིན་པར་བླང་བར་བྱའོ་ཞེས་བྱ་བ་ལ་སོགས་ཐབས་དང་ཤེས་རབ་ཀྱི་ཚུལ་ཟབ་མོའི་སྤྱོད་པ་རླབས་པོ་ཆེ་སྤྱད་པར་བྱ་བའི་དམ་ཚིག་གི་ཕྱོགས་ནས་༼དེ་ཡན་ཆད་དུ་གསར་མའི་རྒྱུད་ནས་འབྱུང་བ་རྣམས། ༽བསྟན་ཏོ། །༼ད་ནི་རྙིང་རྒྱུད་ལས་འབྱུང་བ་རྣམས་བརྗོད་དེ། ༽ལ་ལ་ལས་ནི། ༼སྙིང་པོ། ༽རྩ་བ་དང་ཡན་ལག་ཏུ་ཕྱེ་ནས་སྒྲུབ་ཅིང་བསྲུང་བའི་དམ་ཚིག་དང་། མི་སྤང་བ་དང་། དང་དུ་བླང་བ་དང་། སྤྱད་པར་བྱ་བ་དང་། ཤེས་པར་བྱ་བ་དང་། གྲུབ་པར་བྱ་བ་རྣམས་ཀྱི་ཕྱོགས་ནས་བསྟན་ཏོ། །ལ་ལ་ལས་ནི། ༼ཀུན་བཏུས། ༽སྤྱི་དང་ཁྱད་པར་དང་ལྷག་པའི་དམ་ཚིག་གི་སྒོ་ནས་རྒྱ་ཆེ་བར་བསྟན་ཏེ། དེ་ལྟར་ཚུལ་སོ་སོའི་སྒོ་ནས་བསྟན་ཀྱང་། སྤྱིར་རྣལ་འབྱོར་བ་རྣམས་ཀྱིས་བསྲུང་ཞིང་ཉམས་སུ་བླང་བར་བྱ་བ་ན། གཅིག་ལ་གཅིག་འདུ་དགོས་པར་སྣང་སྟེ། གང་གི་ཕྱིར་བསྲུང་བའི་དམ་ཚིག་ལ་གནས་པ་རྣམས་ཀྱིས་ཀྱང་སྒྲུབ་པའི་དམ་ཚིག་ཀྱང་བསྲུང་དགོས་ལ། སྤྱོད་པའང་བཀག་པ་མ་ཡིན་ནོ། །སྤྱོད་པ་བརླབས་པོ་ཆེ་བསྟན་པ་རྣམས་ཀྱང་བསྲུང་བའི་དམ་ཚིག་དང་ལྡན་པ་བྱ་དགོས་ཏེ། གང་གི་ཕྱིར་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོའི་སྟོབས་མ་རྙེད་བཞིན་དུ། འདོད་ཆགས་ལ་སོགས་པའི་དབང་གི་ཐ་མལ་པའི་སྤྱོད་པར་གནས་བཞིན་དུ། སྲོག་བཅད་པ་ལ་སོགས་པ་ཡང་ཉེས་པར་མི་འགྱུར་བ་ཞིག་ན། དེ་ལྟ་ན་ནི་འགྲོ་བ་མ་རབ་རྣམས་ལ་ཐར་པའི་ལམ་རང་ཆས་སུ་ཡོད་པས་སྔོན་ཉིད་དུ་གྲོལ་ཟིན་ཏེ། རྒྱལ་བ་རྣམས་ཀྱིས་ཐར་པའི་ལམ་བསྟེན་མི་དགོས་པར་འགྱུར་བ་ཞིག་ན། དེ་ལྟ་ཡང་མ་ཡིན་ལ། གལ་ཏེ་གསང་སྔགས་ཀྱི་ཚུལ་ཟབ་མོའི་སྒོར་ཞུགས་ཏེ། དཀོན་མཆོག་གི་བཀའ་ཆེ་བ་ལ་བརྟེན་ནས་མོས་པ་ཙམ་གྱིས་སྤྱོད་པ་བརླབ་པོ་ཆེ་སྤྱད་ན། ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོའི་སྟོབས་དང་མི་ལྡན་ཡང་ལས་ཀྱི་སྒྲིབ་པས་གོས་པར་མི་འགྱུར་བ་ཞིག་ན་ནི། རྒྱུད་རྣམས་ལས་སྔོན་གསང་སྔགས་ལོག་པར་སྤྱད་པ་ལས་ལྟུང་བ་ཆེན་པོ་བྱུང་སྟེ། མཐར་ཡང་རུ་ཏྲ་ཆེན་པོར་གྱུར་པ་དང་། གཞན་ཡང་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སྤྱད་ཉེས་པའི་མཚན་ཉིད་ལྟུང་བའི་སྒོ་དགུ་གསུངས་པ་ལྟ་བུའང་མི་འབྱུང་བ་ཞིག་ན། དེ་ལྟ་ཡང་མ་ཡིན་པས་དེ་བས་ན་རྣལ་འབྱོར་པ་སྤྱི་རྣམས་ཀྱིས་ཐབས་ཀྱིས་ཟིན་པར་བྱ་སྟེ་ཐམས་ཅད་འཚམ་པར་བསྲུང་དགོས་སོ། །དེའི་ཕྱིར་དཔལ་གསང་བ་འདུས་པའི་རྒྱུད་ལས། དམ་བསྒྲགས་པའི་སྐབས་ནས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །མ་བྱིན་པ་ཡང་བླང་བར་བྱ། །ཞེས་བྱ་བ་ལ་སོགས་པ་སྤྱོད་པ་བརླབས་པོ་ཆེའི་དམ་ཚིག་བསྒྲགས་པ་གསུངས་མོད་ཀྱི། རྒྱུད་དེ་ཉིད་ཀྱི་དབང་བསྐུར་བའི་ཆོ་ག་སློབ་དཔོན་ནས་གླིང་པ་ལ་སོགས་པའི་ཞལ་སྔ་ནས་མཛད་པ་དག་ལས། དང་པོ་ཐུན་མོང་གི་སྡོམ་པ་ལ་བརྟེན་ནས་རིག་པའི་དབང་བསྐུར་བ་གསུངས་ལ། རྩ་བའི་ལྟུང་བ་བཅུ་བཞི་དང་སྤོམ་པོའི་ལྟུང་བ་བརྒྱད་ལྟ་བུ་ལ་བརྟེན་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གི་མཚན་ཉིད་སྦྱིན་པ་གསུངས་ཏེ། རྒྱུད་དེ་ཉིད་ལས་གསུངས་པའི་སྤྱོད་པ་བརླབས་པོ་ཆེའི་དམ་བསྒྲག་པ་ནི་མ་གསུངས་སོ། །འདི་ཉིད་ཀྱི་བཤད་པའི་རྒྱུད་དགོངས་པ་ལུང་སྟོན་པ་ལས་ཀྱང་། དམ་ཚིག་འདི་དག་དགོངས་པའི་ཚིག་ཏུ་གསུངས་ཏེ། དེ་བས་ན་སྒྲུབ་ཐབས་དང་རྒྱུད་དེ་དག་ཏུ་མི་བསྟན་པའི་དགོངས་པ་འདི་ཡང་ཐུན་མོང་དུ་རྣལ་འབྱོར་པ་རྣམས་ལ་ཕན་ཐོགས་པར་འགྱུར་ཞིང་། གང་ཟག་ཐ་མལ་པའི་རྒྱུད་ཆུད་ཟ་བ་དགོངས་པ་ཡིན་པར་མངོན་ནོ། །སྤྱིར་གསང་བའི་དམིགས་བསྟན་པ་ལས་ཀྱང་ལྟ་བ་ཟབ་མོ་དང་སྤྱོད་པ་བརླབས་པོ་ཆེ་གསང་བར་གསུངས་ཏེ། དེ་བས་ན་ཀུན་གྱི་ཐུན་མོང་མ་ཡིན་ནོ། །འོ་ན་དེ་ལྟ་ན་རྒྱུད་ཉིད་དུ་དམ་བསྒྲགས་པ་འདི་ལྟ་བུ་བསྟན་པར་ཡང་མི་རིགས་སོ་ཞེ་ན། དེ་ནི་འདི་ལྟར་དགོངས་ཏེ་ཐབས་དང་ཤེས་རབ་ཟབ་མོའི་ཚུལ་འདི་ལྟ་བུ་བསྟན་པ། ཐམས་ཅད་དུ་གསང་བར་བྱ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་འདུལ་བའི་དབང་གི་བྱེ་བྲག་གིས། གང་ཟག་ཁ་ཅིག་ཇི་ལྟར་བསྟན་པ་དེ་བཞིན་དུ་ཉམས་སུ་ལེན་པར་ནུས་པའི་གང་ཟག་དམ་པ་འབྱུང་བའང་ཚད་གཟུང་བར་མི་ནུས་ལ། གང་ཟག་ཁ་ཅིག་བདག་ཉིད་ཀྱིས་སྤྱོད་པའི་མཐུ་དང་མི་ལྡན་ཡང་། ཐབས་དང་ཤེས་རབ་ཀྱི་ལྟ་སྤྱོད་ཀྱི་ཚུལ་ཟབ་མོ་ཐོས་པས་དངོས་པོར་བལྟ་བའི་ཞེན་པ་རིམས་ཀྱིས་ལྡོག་ཅིང་ཉོན་མོངས་པའི་བརླབས་རིམ་གྱིས་འབྲི་བར་འགྱུར་བ་དང་། ཆོས་ཟབ་མོ་ལ་མོས་པའི་སྟོབས་ཐོབ་པ་ལ་སོགས་པའི་ཡོན་ཏན་དུ་མ་ཡོད་པས་ཐམས་ཅད་དུ་སྦ་བར་གསུངས་པ་ཡང་མ་ཡིན་ནོ། །དེ་ལ་ཇི་ལྟར་ན་རང་གི་སྤྱོད་པའི་མཐུ་མེད་ན་དེ་ལྟ་བུའི་དོན་མཐོང་ཞིང་ཐོས་པས་དངོས་པོར་ལྟ་བའི་ཞེན་པ་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། འདིར་དཔེ་བརྟག་པར་བྱ་སྟེ། ཇི་ལྟར་སྐྱེས་བུ་ལ་ལ་ཞིག་མེས་ཡང་དང་ཡང་དུ་ཚིག་སྟེ་འཇིགས་པ་དང་ལྡན་པས། མེའི་ལས་དང་མཚན་ཉིད་དག་ཀྱང་ཁོང་དུ་ལེགས་པར་ཆུད། མེ་བསྟེན་པའི་ཐབས་ལ་ཡང་མཁས་པར་བྱས་པས། མེའི་མཚན་ཉིད་ལ་མངོན་པར་ཞེན་པ་ཞིག །ཅི་ཞིག་གི་རྐྱེན་གྱིས་འབྲོག་དགོན་པ་མི་རྒོད་རྒྱུན་དུ་གནས་པ་ཞིག་ཏུ་ཕྱིན་པ། དེ་ན་རི་དྭགས་མེའི་གཙང་སྒྲ་ཅན་ཞེས་བྱ་བ་མེ་ཡིས་ཁྲུས་བྱེད་ཅིང་གནོད་པ་མེད་པར་དྲི་མ་དག་པར་བྱེད་དེ། མེ་ཡིས་ཆུའི་བྱ་བ་བྱེད་པར་ཡང་མཐོང་། མེའི་བྱི་བ་ཞེས་བྱ་བ་མེ་ལ་གནས་ཤིང་མེ་དོང་དུ་རབ་ཏུ་འབར་བར་ཞུགས་ཏེ་ཟས་སུ་མེ་ཟ་ཞིང་མེ་ལ་ལོངས་སྤྱོད་པ་ཡང་མཐོང་ནས། སྐྱེས་བུ་དེ་འདི་སྙམ་དུ་རྣམ་པར་རྟོག་སྟེ། ཀྱེ་མ་བདག་ནི་མེས་འཇིགས་པའི་རྐྱེན་གྱིས། མེའི་ལས་དང་མཚན་ཉིད་ལ་མཁས་ཤིང་མངོན་པར་ཞེན་པ་ཡིན་ནོ། །དེང་འབྲོག་དགོན་པ་འདིར་ཕྱིན་ཏེ་སྲོག་ཆགས་འདི་དག་མཐོང་བས་བདག་གིས་མེའི་མཚན་ཉིད་གདོད་ལེགས་པར་ཁོང་དུ་ཆུད་དེ། མེ་ཞེས་བྱ་བ་འདི་ནི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་བསྐྱེད་པ་ཡིན་པ་དང། མཚན་ཉིད་ཚ་བ་དང་ལས་བསྲེག་པ་ཡིན་པར་མ་ངེས་ཏེ། རང་གི་མཚན་ཉིད་མི་འདོར་བ་མེད་མོད་ཀྱི། བདག་ཅག་ལྟ་བུ་ལས་མཐུན་པ་ཁ་ཅིག་ལ་ཚ་ཞིང་སྲེག་པའི་བྱ་བ་བྱེད་པར་སྣང་ངོ་སྙམ་དུ་སེམས་ཏེ། མེའི་མཚན་ཉིད་ལ་མངོན་པར་ཞེན་པ་ལོག་མོད་ཀྱི། འོན་ཀྱང་བདག་ཉིད་མེའི་ནང་དུ་འཇུག་པར་ཡང་མི་བྱེད་དོ། །དེ་བཞིན་དུ་གང་ཟག་ལ་ལ་དག་ཀྱང་ལས་དང་ལས་ཀྱི་སྡུག་བསྔལ་གྱིས་ཡིད་བྱུང་ཞིང་འཇིགས་པར་གྱུར་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེས་སྡུག་བསྔལ་དང་། དེའི་རྒྱུ་ལས་དང་ཉོན་མོངས་པའི་མཚན་ཉིད་ལ་ཡང་མཁས་པར་བྱས། དེའི་གཉེན་པོ་བསླབ་པ་རྣམས་ལ་ཡང་མཁས་པར་བྱས་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་ཞིག །རྒྱུ་དང་རྐྱེན་གང་ཞིག་གིས་ཐབས་དང་ཤེས་རབ་ཀྱི་ཚུལ་ཟབ་མོ་ཤིན་ཏུ་བརླབས་ཆེ་བ། བླང་དོར་དང་བྲལ་བ་མཉམ་པ་ཉིད་ཀྱི་ལྟ་སྤྱོད་ཀྱི་རླབས་རྣམས་དགེ་བའི་བཤེས་གཉེན་དམ་པ་དག་ལས་ཐོས་ཤིང་རྟོགས་པར་གྱུར་ན། དེ་འདི་སྙམ་དུ་སེམས་པར་འགྱུར་ཏེ། ཀྱེ་མ་བདག་ནི་འཁོར་བའི་སྡུག་བསྔལ་གྱིས་ཉེན་པས། དེའི་རྒྱུ་དང་འབྲས་བུ་དང་། དེ་ལས་ཐར་པའི་གཉེན་པོ་རྣམས་ལ་བསླབས་ཤིང་། མི་མཐུན་པ་དང་གཉེན་པོ་རྣམས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་ཡིན་ན། འདིར་ཐབས་དང་ཤེས་རབ་ཀྱི་ཚུལ་ཟབ་མོ་མཐོང་ཞིང་རྟོགས་པས་བདག་གིས་ཆོས་རྣམས་ཀྱི་མཚན་ཉིད་གདོད་ཁོང་དུ་ཆུད་དེ། འདི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བ་འདི་ནི་ངོ་བོ་ཉིད་མེད་པ། བདག་མེད་པ། གང་ཟག་མེད་པ་སྟེ་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོའི་སྟོབས་རྙེད་པ་རྣམས་ཀྱིས་ཇི་ལྟར་སྤྱད་ཀྱང་སྒྲིབ་པར་མི་འགྱུར་ཞིང་ཚོགས་ཆེན་པོར་འགྱུར་བ་ཞིག་ན། བདག་ཅག་ལྟ་བུ་བདག་ཏུ་ལྟ་བ་དང་མ་བྲལ་བ། ཉོན་མོངས་པའི་སྒྱུ་འཕྲུལ་གྱི་དབང་དུ་གྱུར་པ། ལས་ཀྱིས་བཀོལ་བ། རྣམ་པར་རྟོག་པའི་སྨིག་རྒྱུ་དང། རྨི་ལམ་གྱི་ཆུ་བོས་གཡེངས་པ་རྣམས་ཀྱིས་མཉམ་པའི་སྤྱོད་པ་སྤྱད་པར་མི་ནུས་པ་ཙམ་དུ་ཟད་དོ། །སྙམ་དུ་སེམས་ཏེ་མངོན་པར་ཞེན་པ་ལྡོག་གོ །གཞན་ཡང་འདི་སྐད་དུ། སྤྱོད་པ་བརླབས་པོ་ཆེའི་དམ་ཚིག་འདི་དག་དགོངས་པའི་དབང་དུ་གསུངས་པ་ཞིག་མ་ཡིན་ནམ། གལ་ཏེ་སྤྱད་པར་བྱ་བ་མ་ཡིན་ན་ཞེན་པ་ལོག་པ་ཙམ་གྱིས་ཀྱང་ཅི་ཞིག་ཕན་པར་འགྱུར་ཞེ་ན། འདིར་དཔེ་བརྟག་པར་བྱ་སྟེ། །བདུད་རྩིའི་རིགས་ཚངས་པའི་ཟིལ་ངར་ཞེས་བྱ་བ་ཡོད་དེ། དེ་ནི་གང་དག་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པ་རྣམས་ཀྱིས་འཇུ་བར་འགྱུར་གྱི་ཕལ་པ་རྣམས་ཀྱིས་ནི་མ་ཡིན་ནོ། །གང་དེ་ཞུ་བར་གྱུར་ན་ནི་ཚེ་དང་སྟོབས་དང་སྤོབས་པ་ཚད་མེད་པ་ཐོབ་པར་འགྱུར་ལ། དེ་འཇུ་བའི་སྟོབས་དང་མི་ལྡན་པ་རྣམས་ཀྱིས་ཀྱང་དེ་ཉིད་རིན་པོ་ཆེའི་སྣོད་དུ་བཅངས་ཤིང་བསྟེན་ན། དེ་གང་དུ་བསྟེན་པའི་ཁྱིམ་དེར་མི་མ་ཡིན་པ་དང་སྦྲུལ་གདུག་པ་འཇུག་པར་མི་འགྱུར། གཞན་ཡང་ལྟ་བའི་དུག་དང་སྦྱར་བའི་དུག་དང་ལྷན་ཅིག་ཏུ་སྐྱེས་པའི་དུག་ལ་སོགས་པའི་མཐུ་ཞི་བར་འགྱུར་ཏེ། དེའི་ཡོན་ཏན་གྱི་མཐུ་ནི་དེ་འདྲའོ། །གལ་ཏེ་གང་ཟག་གང་ཞིག་བློ་རྩིང་བ་འདོད་པ་ལ་བརྐམ་པ་རྣམས་ལ། འདི་བདུད་རྩི་ཡིན་ཏེ་འཇུ་བར་དཀའ་འོ་ཞེས་བསྟན། གང་ཟག་དེ་བློ་རྩིང་བ་དང་བརྐམ་པའི་རང་བཞིན་ཅན་གྱིས་དེའི་ཚིག་ལེགས་པར་མི་ཉན་ཏེ་ཟ་བར་འགྱུར་རོ། །ཟོས་ན་ནི་དེ་ཉིད་ཀྱིས་བརླག་པར་འགྱུར་ཏེ་དེ་ལྟ་བུ་དག་ལ་འདི་སྐད་དུ། འདི་ལ་བདུད་རྩི་ཡིན་ནོ་ཞེས་ཟེར་བ་ནི་དགོངས་པའི་ཚིག་སྟེ། འདི་ནི་དུག་ཆེན་པོ་ཡིན་ནོ། །བདུད་རྩི་ཞེས་བྱ་བ་ནི་འདི་དག་ཡིན་ནོ་ཞེས་གང་ཟག་དེ་ཉིད་དང་འཕྲོད་པར་འགྱུར་བའི་བདུད་རྩི་ཕལ་པ་དག་བསྟན་ན། དེ་ཉིད་དགོངས་པས་བསྟན་པ་ཡིན་ཏེ། ཚངས་པའི་ཟིལ་ངར་ལ་བདུད་རྩི་མཆོག་ཡིན་ནོ་ཞེས་བསྟན་པ་ནི་དགོངས་པའི་ཚིག་མ་ཡིན་ནོ། །དེ་བཞིན་དུ་བསམ་པ་མཉམ་པ་དང་། སྤྱོད་པ་མཉམ་པ་དང་། དོན་བསྡུས་ནས་ལྟ་སྤྱོད་དབྱེར་མེད་པར་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བསྟན་པ་འདི་ནི་ངེས་པའི་དོན་ཡིན་ཏེ་དགོངས་པའི་ཚིག་མ་ཡིན་ཡང་། གདུལ་བྱ་ཁ་ཅིག་ལ་དགོངས་པའི་ཚིག་ཏུ་ཡང་བསྟན་དགོས་པ་ཉིད་དོ། །གཞན་ཡང་བདུད་རྩི་ཆེན་པོ་དེ་སྤྱད་པའི་མཐུ་མེད་ཀྱང་བསྟེན་པ་ཙམ་གྱིས་ཀྱང་གནོད་པ་མང་པོ་ཞི་བར་བྱེད་པར་ནུས་པ་བཞིན་དུ། ཆོས་མཉམ་པ་ཉིད་ཀྱི་ཚུལ་ཟབ་མོ་འདི་དག་སྤྱད་པའི་མཐུ་དང་མི་ལྡན་ཡང་དོན་རྟོགས་ཤིང་བློ་ལ་གོམས་པར་བྱས་པས་བདག་ཏུ་ལྟ་བའི་གཉེན་པོར་འགྱུར་ཏེ་ཉོན་མོངས་པའི་སྒྱུ་འཕྲུལ་རྣམས་རང་བཞིན་གྱིས་ཞི་བར་འགྱུར་རོ། །དེ་བས་ན་སྤྱོད་པ་རླབས་པོ་ཆེ་འདི་དག་ནི། གང་ཟག་དམ་པ་རྣམས་ཀྱི་སྤྱོད་པའི་དམ་ཚིག་ཏུ་གསུངས་པ་ཡིན་ཡང་རྣལ་འབྱོར་པ་སྤྱིའི་ལྟ་བའི་དམ་ཚིག་ཏུ་བསྟེན་པ་ཡིན་ནོ། །གང་ཡང་འདི་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་དུ་ཚུལ་གཅིག་ཅིང་རྣལ་འབྱོར་པ་སྤྱིས་བསྲུང་བར་བྱ་བར་ཚུལ་མཐུན་པ་ཞིག་ན། དེ་ལྟ་ན་ནི་ཚུལ་སོ་སོ་ནས་བསྟན་པ་འདི་ཡང་དགོས་པ་མེད་པར་འགྱུར་རོ་ཞེ་ན། འདི་ནི་གདུལ་བྱའི་དབང་ལ་དགོངས་པ་སྟེ། སངས་རྒྱས་ཀྱི་བསྟན་པའི་ཐེག་པ་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་ཏུ་ལྡན་པས་ལྟ་བ་དང་སྤྱོད་པ་གཉིས་ག་མཐའ་གཉིས་ལས་གྲོལ་བར་གསུངས་པར་འདྲ་མོད་ཀྱི། འོན་ཀྱང་ཐེག་པ་མཐོ་དམན་གྱི་རིམ་པའི་དབང་གིས་ལྟ་བ་དང་སྤྱོད་པ་ཞིབ་མོར་བསྟན་པ་དང་། ཡངས་ཤིང་རྒྱ་ཆེ་བར་བསྟན་པ་ཡང་ཡོད་ལ། གཞུང་གཅིག་ལ་ཡང་ཚུལ་དེ་ལྟར་བསྟན་པ་ཚང་ཞིང་དེ་དག་དུའང་ཐབས་གཙོ་བོར་བསྟན་པ་དང་། ཤེས་རབ་གཙོ་བོར་བསྟན་པའི་བྱེ་བྲག་དག་ཡོད་པར་ཤེས་པར་བྱའོ། །འདི་ལྟར་ཉན་ཐོས་ཀྱི་ཐེག་པ་ནི་ཐབས་དང་ཤེས་རབ་དང་བྲལ་བའོ་ཞེས་མདོ་ཁ་ཅིག་ལས་གསུངས། ཁ་ཅིག་ལས་ཐབས་དང་བྲལ་བའོ་ཞེས་གསུངས་ཀྱང་། དེ་ནི་ཆུང་བར་དགག་པ་སྟེ། གཞི་མེད་པ་ནི་མ་ཡིན་ནོ། །གལ་ཏེ་མེད་པར་གྱུར་ན་ཐར་པར་ཡང་ཇི་ལྟར་འགྱུར་ཏེ། འདི་ལྟར་མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཉན་ཐོས་རྣམས་ཐབས་དང་བྲལ་བའི་བསླབས་པ་ལ་གནས་པ་ཡིན་པར་གསུངས་ཀྱང་དེ་ཉིད་ལས་ཉན་ཐོས་ཀྱི་ཏིང་ངེ་འཛིན་བསྟན་པ་ལས། གསང་བ་པའི་བདག་པོ་གཞན་ཡང་ཉན་ཐོས་དམིགས་པ་དང་བཅས་པའི་ས་ལ་གནས་པ་རྣམས་སྐྱེ་བ་དང་འཇིག་པར་རྟོགས་ནས། མཐའ་གཉིས་བཤིག་པས་རྒྱུ་མི་དམིགས་པའི་ཕྱིར་ཤིན་ཏུ་དངོས་པོ་མེད་པའི་ཡེ་ཤེས་མི་སྤྱོད་དེ། འདི་ནི་ཉན་ཐོས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ། །གསང་བ་པའི་བདག་པོ་རང་སངས་རྒྱས་རྒྱུ་དང་འབྲས་བུ་རྣམ་པར་བཤིག་ནས་བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པ་རྣམས་ནི། ཆོས་ཐམས་ཅད་བརྗོད་དུ་མེད་དོ་སྙམ་པའི་འདུ་ཤེས་འཇུག་སྟེ་ངག་ཤིན་ཏུ་འགོག་པའི་ཏིང་ངེ་འཛིན་ལ་ཡང་དག་པར་རེག་པར་བྱེད་པ་འདི་ནི་རང་སངས་རྒྱས་གྱིས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ། །ཞེས་གསུངས་ཏེ། དེ་ལ་འདིར་རྒྱུ་མི་དམིགས་པ་ཞེས་བྱ་བ་ནི། མུ་སྟེགས་བྱེད་རྣམས་བདག་རྟག་པར་རྒྱུར་སྨྲ་སྟེ། དེ་བདག་མེད་པར་རྟོགས་ཤིང་ཕུང་པོ་སྐྱེ་བ་དང་འཇིག་པར་རྟོགས་པས་སྐྱེ་བའི་ཕྱིར་འཇིག་པ་མ་ཡིན་ཏེ། འཇིག་པའི་ཕྱིར་རྟག་པ་མ་ཡིན་ནོ། །དེ་བས་ན་ཤེས་རབ་ཀྱི་ལྟ་བའི་མཐའ་གཉིས་ལས་གྲོལ་ལོ། །ཐབས་ཀྱི་སྤྱོད་པའང་མཐའ་གཉིས་ལས་གྲོལ་བར་གསུངས་ཏེ། བྲམ་ཟེའི་དྲང་སྲོང་ངམ་མུ་སྟེགས་ཅན་རྣམས་ལྟར་ལུས་ཤིན་ཏུ་དུབ་པའི་མཐའ་དང་། སེམས་ཅན་ཐ་མལ་པ་རྣམས་ལྟར་བསོད་སྙོམས་ཀྱི་བདེ་བ་ལ་ཆགས་ནས་སྡིག་ཏོ་མི་དགེ་བའི་ཆོས་འཕེལ་བ་སྟེ། དེ་ལྟ་བུའི་མཐའ་རྣམ་པ་གཉིས་སྤངས་པར་གསུངས་སོ། །དེ་ལྟར་ཐེག་པ་ཆུང་ངུའི་ཚུལ་ཙམ་དུ་མཚུངས་པར་བསྡུས་མོད་ཀྱི། དེ་ལ་ཡང་འཕགས་པ་གནས་མ་བུའི་སྡེ་དང་། གོས་དམར་ཅན་གྱི་སྡེ་ལྟ་བུ་གདུལ་བྱ་བྲམ་ཟེའི་དྲང་སྲོང་གདུལ་བར་བྱ་བ་ལས་བཅས་པའི་ལྟ་བ་དང་སྤྱོད་པ་ཕྲ་ཞིང་ཞིབ་པར་སྟོན་པ་དང་། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལྟ་བུ། གདུལ་བྱ་རྒྱལ་པོ་ཤག་གི་རིགས་རབ་ཏུ་བྱུང་བ་ལས་བཅས་པ་ལྟ་བུ་ལྟ་བ་དང་སྤྱོད་པ་ཡངས་ཤིང་རླབས་ཆེ་བ་ཡང་གྲགས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སུའང་འཕགས་པ་རིན་པོ་ཆེ་རྣམ་བཞིའི་མདོ་ལྟ་བུ་ཐབས་དང་ཤེས་རབ་ཀྱི་སྤྱོད་པ་སྤྱིར་བསྟན་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྡོང་པོ་བཀོད་པའི་མདོ་ལྟ་བུ་ཟབ་ཅིང་རྒྱ་ཆེ་བར་བསྟན་པ་ཡང་གྲགས་སོ། །དེ་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་བུ་ནི་ཟབ་མོའི་ཕྱོགས་གཙོར་བསྟན་པ། འཕགས་པ་སྡོང་པོ་བཀོད་པ་ལྟ་བུ་ནི་རྒྱ་ཆེ་བ་གཙོར་བསྟན་པ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལྟ་བུ་ནི་གཉིས་ག་དང་ལྡན་པའོ་ཞེས་ཀྱང་གྲགས་སོ། །བྱ་བའི་རྒྱུད་དུའང་འཕགས་པ་དཔུང་བཟང་གིས་ཞུས་པ་ལྟ་བུ་ནི་སྤྱིའི་ཚུལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལྟ་བུ་ནི་བྱ་བ་བྱེ་བྲག་གི་རྒྱུད་དེ་ཟབ་མོའི་ཚུལ་སྟོན་པའོ་ཞེས་གྲགས་སོ། །དེ་ཉིད་ཀྱི་དབང་ལས་སྔོན་གྱི་སློབ་དཔོན་ཁ་ཅིག་གིས་སྤྱོད་པའི་རྒྱུད་དང་གཉིས་གའི་རྒྱུད་དུའང་བཤད་དོ། །རྣལ་འབྱོར་གྱི་རྒྱུད་དུའང་རྡོ་རྗེ་རྩེ་མོ་ལྟ་བུ་ནི་སྤྱིའི་ཚུལ་བསྟན་པ། ཏ་ཏྭ་སང་གྲ་ཧ་ལྟ་བུ་ནི་ཟབ་མོའི་ཚུལ་བསྟན་པའོ་ཞེས་གྲགས་སོ། །དེ་ཉིད་ཀྱིས་དབང་གིས་ཏ་ཏྭ་སང་གྲ་ཧ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་ནོ་ཞེས་ཀྱང་ཟེར་རོ། །དེ་བཞིན་དུ་རྣལ་འབྱོར་ཆེན་པོའི་ཚུལ་དུའང་དཔལ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་དང་། དཔལ་སངས་རྒྱས་མཉམ་སྦྱོར་ལྟ་བུ་ནི་ཐབས་དང་ཤེས་རབ་སྤྱིའི་ཚུལ་བསྟན་པ། དཔལ་གསང་བ་འདུས་པ་ལྟ་བུ་ནི་ཐབས་དང་ཤེས་རབ་ཟབ་མོའི་ཚུལ་བསྟན་པའོ་ཞེས་གྲགས་སོ། །དེ་ཉིད་ཀྱི་དབང་གིས་སྒྱུ་འཕྲུལ་དྲྭ་བ་དང་སངས་རྒྱས་མཉམ་སྦྱོར་ནི་རྣལ་འབྱོར་ཆེན་པོའི་རྒྱུད་མ་ཡིན་ནོ་ཞེས་ཀྱང་ཟེར་རོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་ཐེག་པ་འདི་དག་ཐམས་ཅད་ཀྱང་སྤྱིའི་ཚུལ་མཐུན་པ་ལས་ཁྱད་པར་བྱེ་བྲག་སྣ་ཚོགས་ཀྱི་དབང་དུ་ཤེས་པར་བྱའོ། །དེ་བས་ན་ཁྱད་པར་འདི་དག་ཐམས་ཅད་ཀྱང་གཞུང་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཏུ་བསྟན་པ་ཡིན་པས་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཤེས་པར་བྱ་ཞིང་བསླབ་པར་བྱའོ། །དེ་ལ་འདི་སྐད་དུ་རྣལ་འབྱོར་ཆེན་པོའི་རྒྱུད་ཁ་ཅིག་ལས་བསླབ་པའི་གཞི་དང་རྩ་བའི་ལྟུང་བ་ལྟ་བུ་བྱ་བ་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་བསྲུང་བར་བྱ་བའི་དམ་ཚིག་གི་ཕྱོགས་ནས་བསྟན་པའང་། འདི་ལྟར་དཔལ་སངས་རྒྱས་མཉམ་སྦྱོར་ལས། སྲོག་ཆགས་བསད་པར་མི་བྱ་ཞིང་། །དཀོན་མཆོག་གསུམ་ནི་ཡོངས་མི་སྤང་། །བྱང་ཆུབ་སེམས་ཀྱང་མི་གཏང་སྟེ། །སློབ་དཔོན་སྐལ་པ་ཡོངས་མི་བཏང་། །ཞེས་གསུངས་ཏེ། དེ་ཡང་འདི་ལྟར་སྲོག་མི་གཅོད་པ་ནི་བསླབ་པའི་གཞི། ལྷག་མ་གསུམ་ནི་རྩ་བའི་དམ་ཚིག་གི་གཙོར་བོ་མདོར་བསྡུས་པ་སྟེ། འདི་ལྟར་ངན་སོང་སྦྱོང་བའི་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དམ་ཚིག་མདོར་བསྡུས་པ་གསུངས་པ་ལས་ཀྱང་ཚོམ་གཅིག་ཏུ། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་རྣམས་མི་སྤང་། །ཞེས་གསུངས་པ་སྟེ། དེ་བས་ན་རྩ་བ་འདི་གསུམ་ནི་རྩ་བ་རྣམས་ཀྱིའང་གཙོ་བོར་གྱུར་བ་ཡིན་ནོ། །སྲོག་མི་བཅད་པ་བསླབ་པའི་གཞིར་གསུངས་པའང་། གཙོ་བོར་གྱུར་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་དུའང་བསླབ་པའི་གཞི་གྲངས་ངེས་པ་ཁོ་ནར་ཆད་པ་མེད་དེ། ཁ་ཅིག་ཏུ་ཚངས་པར་སྤྱོད་པའི་གཞིར་གསུངས་ཏེ་ཁ་ཅིག་ཏུ་ཡོངས་སུ་རྫོགས་པའང་གཞིར་གསུངས་སོ། །རྒྱུད་འདི་ནི་སྣ་འགའ་བསྲུང་བར་གསུངས་སོ། །སྤྱིར་ཡང་སེམས་ཅན་ཇི་ལྟར་འདུལ་བ་དང་ཇི་ཙམ་ནུས་པའི་སྡོམ་པ་ལ་བརྟེན་ནས་ཐར་བ་དང་བདེ་འགྲོ་སྒྲུབ་པར་གསུངས་ལ། སྡོམ་པ་སྣ་འགའ་འང་བསྲུང་མི་ནུས་ཤིང་དད་པ་མེད་པའང་དཀྱིལ་འཁོར་དུ་གཞུག་པ་ཙམ་བྱས་ལ་སྡོམ་པ་ནི་མི་དཔོག་གོ་ཞེས་གསུངས་ཏེ་འདི་ལྟར་རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོམ་པ་འཛིན་པ་མི་བྱེད་ཅིང་། །དད་དང་དྭང་བ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱ། །འདི་ལྟར་སངས་རྒྱས་ཐུགས་རྗེ་ཅན། །དེ་དག་གི་ནི་རྒྱུ་རུ་འགྱུར། །མཐོང་བ་ཙམ་གྱི་མོད་ལ་ནི། །སྡོམ་པ་རྟག་ཏུ་འགྲུབ་པར་འགྱུར། །བདག་ཉིད་ངན་པའི་སེམས་ཅན་གང་། །ཁྲོ་ཞིང་ཤིན་ཏུ་གཤེ་བ་དང་། །བཞད་གད་བྱེད་ཅིང་འཕྱ་ཡང་རུང་། །དེ་ཉིད་རྒྱུ་རུ་འགྱུར་བ་ཡིན། །དད་པ་མེད་པ་དང་། དགེ་བའི་རྩ་བ་མ་བསགས་པ་དང་། རྒྱུད་ཡོངས་སུ་མ་སྨིན་པ་དང་། མོས་པ་མེད་དུ་ཟིན་ཀྱང་། འོན་ཀྱང་མཐོང་བ་ཙམ་ཉིད་ཀྱིས་སོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་སྲོག་གཅོད་པ་སྤོང་བ་ཙམ་ལ་བརྟེན་ཏེ་སྡོམ་པ་གཞན་ཅི་ནུས་སྦྱིན་པར་བྱའོ། །གཞན་ཡང་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་ལྷ་ཁྱད་པར་གྱི་དམ་ཚིག་གི་དབང་དུ་གསུངས་པ། བསླབ་པའི་གཞི་གསུངས་པ་ནི། ལས་ལས་སྐྱེས་པ་བསྟན་པ་ཡི། །སྐྱེས་པ་བུད་མེད་གཟུགས་མང་ལ། །བརྙས་པ་ཉིད་དུ་མི་བྱ་འདི། །རྡོ་རྗེ་ལུས་ཅན་དམ་ཚིག་ཡིན། །སྲེད་པས་བསྐྱེད་རྩུབ་ཕྲ་མ་ཡི། །ཚིག་དག་སྨྲ་བར་མི་བྱེད་ཅིང་། །མཉན་ན་བདེ་བར་བྱེད་པ་འདི། །རྡོ་རྗེ་ངག་ཅན་དམ་ཚིག་ཡིན། །ངན་རྟོག་བཟང་རྟོག་དྲ་བ་ཡི། །སེམས་ཀྱིས་སེམས་ཅན་རྣམས་ལ་ནི། །སྣ་ཚོགས་གདུང་བས་སུན་མི་དབྱུང་། །རྡོ་རྗེ་སེམས་ལྡན་དམ་ཚིག་ཡིན། །ཞེས་གསུངས་ཏེ། འདི་ལྟར་སྐུ་རྡོ་རྗེའི་དམ་ཚིག་ནི་འདི་ལྟར་ལས་སྣ་ཚོགས་ཀྱི་དབང་གིས་ལུས་དང་ལོངས་སྤྱོད་ཡུལ་བཟང་ངན་སྣ་ཚོགས་པར་སྐྱེས་པའི་སྐྱེས་པའམ་བུད་མེད་ཀྱི་གཟུགས་སྣ་ཚོགས་པ་ལ་བདག་གིས་བརྙས་ཤིང་ཁེངས་པར་མི་བྱའོ། །ངག་རྡོ་རྗེའི་དམ་ཚིག་ནི་སྲེད་པས་བསྐྱེད་པའི་ཚིག་རྩུབ་དང་མཉན་ན་མི་བདེ་བ་སྨྲ་བར་མི་བྱའོ། །སེམས་རྡོ་རྗེའི་དམ་ཚིག་ནི། རྟོག་པ་ངན་པས་བསྐྱོད་པ་ལྟ་ཞོག་གི །རྟོག་པ་བཟང་པོས་བསྐྱོད་པའི་བློས་ཀྱང་སེམས་ཅན་རྣམས་ལ་གདུང་བས་སུན་དབྱུང་བར་མི་བྱ་སྟེ། དེ་ཡང་འདི་ལྟར་སེམས་ཅན་དེ་ཉིད་སྐྱབས་ཤིང་ཕན་གདགས་པའི་ཕྱིར་སུན་དབྱུང་བ་ལྟར་སྟོན་པ་ནི་ཉེས་པར་མི་འགྱུར་གྱི། དགེ་བ་གཞན་ཞིག་བསྒྲུབ་པའི་ཕྱིར་མི་དང་དུད་འགྲོ་རྣམས་སུན་འབྱིན་པར་བྱེད་པ་ནི་བསམ་པ་བཟང་ཡང་མ་གནང་ངོ་། །ཁ་ཅིག་ལས་ནི་རྩ་བའི་ལྟུང་བ་བཅུ་བཞི་གསུངས་ཏེ་འདི་ཡང་བསླབ་པའི་གཞི་གཟུང་ཞིང་ཐུན་མོང་གི་སྡོམ་པ་ལ་གནས་པ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་གི་དབང་ནོད་པའི་དུས་སུ་སྡོམ་པ་འདི་དག་གཟུང་བར་གསུངས་ཏེ། དེ་ཡང་བྱ་བ་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་བསྲུང་བའི་དམ་ཚིག་ཕྱོགས་ནས་གསུངས་པའོ། །འདི་ཡང་རྒྱུད་དང་སྒྲུབ་ཐབས་དག་ལས་ངོ་བོ་ཅུང་ཟད་མི་འདྲ་བར་འབྱུང་སྟེ། རེ་ཤིག་སློབ་དཔོན་ནས་གླིང་བའི་ཞལ་སྔ་ནས་དཔལ་གསང་བ་འདུས་པའི་དབང་བསྐུར་བའི་ཆོ་ག་མཛད་པ་ལས་གསུངས་པ། དེ་ནས་བླ་མ་དེས་སློབ་དཔོན་གྱི་སྡོམ་པ་སྨྲ་བར་བྱ་སྟེ། ཕས་ཕམ་པ་ནི་བསྒྲགས་པ་ཡི། །ཇི་ལྟའི་དོན་ལྡན་བཅུ་བཞི་འདི། །རྩ་བའི་ལྟུང་བ་འདི་གསུངས་ཏེ། །སྤང་ཞིང་དོར་བ་མི་བྱའོ། །སློབ་དཔོན་ལ་ནི་བརྙས་པ་དང་། །བདེ་བར་གཤེགས་པའི་བཀའ་བཅོག་དང་། །སྡང་བས་སྤུན་གྱི་ཡོན་ཏན་རྣམས། །མི་བརྗོད་བྱམས་ཆེན་སྤོང་བ་དང་། །བྱང་ཆུབ་སེམས་ནི་འདོར་བ་དང་། །ཐེག་པ་གསུམ་ལ་སྨོད་པ་དང་། །སྐལ་བ་མེད་ལ་གསང་བ་སྒྲོགས། །རྒྱལ་བའི་བདག་ཉིད་ཕུང་པོ་སྨོད། །དག་པའི་ཆོས་ལ་ཐེ་ཚོམ་ཟ། །སྡང་ལ་བྱམས་དང་ཆགས་བྲལ་དང་། །ཆོས་རྣམས་ལ་ནི་མཐའ་གཉིས་ལྟ། །དད་སེམས་ཅན་ལ་ངན་དུ་བརྗོད། །དམ་རྫས་རྙེད་པ་མི་བཟའ་དང་། །ཤེས་རབ་བདག་ཉིད་བུད་མེད་སྨོད། །རྩ་བའི་ལྟུང་བར་གྱུར་པ་ལ། །དེ་ནི་སྔགས་པའི་དམ་ཚིག་ཉམས། །ཉིན་ལན་གསུམ་མམ་མཚན་ལན་གསུམ། །ཡང་ན་རྟག་ཏུ་བརྗོད་པར་བྱ། །གང་ཞིག་ཉམས་པར་གྱུར་པ་ཡིས། །རྣལ་འབྱོར་སྦོམ་པོའི་ལྟུང་འགྱུར་བ། །དམ་ཚིག་སྦྱོར་བ་མི་ལྡན་དང་། །རིག་མ་མི་དགའ་བསྟེན་པ་དང་། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །གསང་བའི་ཆོས་ནི་སྟོན་པ་དང་། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་རིམ་བཞིན་མི་སྟོན་དང་། །ཉན་ཐོས་རློམ་སེམས་བྱེད་པ་ཡི། །ནང་དུ་ཞག་བདུན་གནས་པ་དང་། །སྦྱོར་བ་ངེས་པར་མ་བྱས་དང་། །སྣོད་མིན་གསང་བ་སྟོན་པ་རྣམས། །སྦོམ་པོའི་ལྟུང་བར་གྱུར་བ་སྟེ། །དེས་ནི་སྔགས་པའི་སྡོམ་པ་ཉམས། །ཉམས་ན་དངོས་གྲུབ་མེད་པ་སྟེ། །བདུད་དང་སྡུག་བསྔལ་ཀུན་དུ་སྡུད། །ཅེས་གསུངས་སོ། །དེ་ཉིད་ལ་འཕགས་པའི་སྡོམ་པ་ཞེས་ཀྱང་གསུངས་སོ། །ཀྲྀཥྞ་ཡ་མ་རིའི་རྒྱུད་ལས། སློབ་དཔོན་ལ་ནི་བརྙས་མི་བྱ། །བདེ་གཤེགས་བཀའ་ལས་འདའ་བ་མིན། །སྤུན་རྣམས་ལ་ནི་ཁྲོ་བ་དང་། །སྐྱོན་རྣམས་བརྗོད་པར་མི་བྱའོ། །བྱང་ཆུབ་སེམས་ནི་བཏང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བའི་ཆོས་རྣམས་སྨྲ་མི་བྱ། །རང་གི་ཕུང་པོ་བརྙས་མི་བྱ། །དངོས་མེད་ཆོས་ལ་སྨོད་པ་མིན། །སྡང་ལ་བྱམས་པ་རྟག་ཏུ་སྤང་། །ཆོས་ལ་ཚད་མས་གཞལ་མི་བྱ། །དད་ལྡན་སེམས་ཅན་ལྡོག་པ་མིན། །རྟག་ཏུ་དམ་རྫས་བསྟེན་པར་བྱ། །བུད་མེད་ཤེས་རབ་རང་བཞིན་ལ། །ཉེས་སྐྱོན་བརྗོད་པར་མི་བྱའོ། །ཞེས་གསུངས་སོ། །དཔལ་དུས་ཀྱི་འཁོར་ལོ་ལས་ནི། དཔལ་ལྡན་རི་བོང་འཛིན་པ་ཡི། །བླ་མའི་ཐུགས་ནི་འཁྲུག་པ་དང་། །དེ་ཡི་བཀའ་འདའ་དེ་ལས་གཞན། །ཞེས་གསུངས་ཏེ། གཉིས་པ་བདེ་བར་གཤེགས་པའི་བཀའ་ལས་འདའ་བར་མ་བཤད་དེ། བླ་མའི་ཐུགས་དཀྲུགས་པ་ནི་དང་པོ། བླ་མའི་བཀའ་ལས་འདས་པ་ནི་གཉིས་པར་བཤད་དོ། །གཞན་ཡང་། དྲུག་པ་གྲུབ་པ་དག་ལ་སྨོད། །ཅེས་པས་གང་ཟག་ཁྱད་པར་ཅན་ལ་མི་སྨད་པར་གསུངས་ཏེ། དམ་པའི་ཆོས་ལ་སྨད་པར་མ་གསུངས་སོ། །དེ་བཞིན་དུ་ངོ་བོ་ཅུང་ཟད་མི་འདྲ་བ་བཤད་པ་དག་སྣང་སྟེ། འོན་ཀྱང་སྤྱིར་བསྲུང་བའི་དམ་ཚིག་ཏུ་གསུངས་ཀྱི་ཁྱད་པར་གྱི་དམ་ཚིག་དང་ལྷག་པའི་དམ་ཚིག་ལྟ་བུར་གསུངས་པ་ནི་མ་ཡིན་པས། གང་ལ་ཡང་ཉེས་སྐྱོན་མ་མཐོང་ངོ། །དེ་ལ་རྩ་བའི་ལྟུང་བ་འདི་དག་ཀྱང་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་དམ་ཚིག་རྣམས་དང་ཐུན་མོང་དུ་ཡང་འགྱུར་ཞིང་། ཐེག་པ་ཆེན་པོ་སྤྱི་དང་ཡང་ཕལ་ཆེར་ཐུན་མོང་དུ་འགྱུར་དུ་རུང་བ་ཡིན་མོད་ཀྱི། འདིར་ནི་སྟོན་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྦྱིན་པ། རྡོ་རྗེ་སློབ་དཔོན་ཆེན་པོར་དབང་བསྐུར་བ། ཐུན་མོང་མ་ཡིན་པའི་སྡོམ་པར་བཤད་པས། དེ་བས་ན་སྡོམ་པ་འདི་དག་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པའི་སྡོམ་པར་བལྟའོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དེ་ཉིད་མཚན་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟར་རྒྱལ་བའི་བཀའ་རྣམས་ལས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་བྱེ་བྲག་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་དང་། ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་དང་། རྡོ་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། བྱང་ཆུབ་རྣམ་པ་གསུམ་གྱི་སྤྱིའི་སྒྲར་འཇུག་གོ །བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ནི་ཐེག་པ་ཆེན་པོ་ སྤྱིའི་སྒྲར་འཇུག་གོ །ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་ནི་ངེས་པའི་དོན་གྱི་མདོ་དང་གསང་སྔགས་ཀྱི་རྒྱུད་དུ་གསུངས་ཏེ། དེ་ཡང་ཕལ་ཆེར་རྣལ་འབྱོར་གྱི་རྒྱུད་དུ་གྲགས་སོ། །འདི་ལྟར་དེ་ཉིད་བསྡུས་པའི་རྒྱུད་ལས། ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལ་འཇུག་པ་ལས། རང་གི་སེམས་རྟོགས་པའི་གནས་སྐབས་ཀྱི་ཁྱད་པར་བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ། དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ། འབྲས་བུའི་ངོ་བོ་བླ་ན་མེད་པ་ཀུན་ཏུ་བཟང་པོའི་སེམས་ཞེས་བྱ་བ་རྡོ་རྗེ་ལྟར་མི་ཤིག་པ། དེའི་རྒྱུའི་གནས་སྐབས་རིགས་ཀྱི་སེམས་ཀྱི་བདག་ཉིད་དང་བཅས་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སེམས་ཀྱི་རྒྱལ་པོ་ལྟ་བུ་རང་གི་སེམས་ཀྱི་བདག་ཉིད་བསྟན་ཏོ། །ཞེས་གསུངས་ཏེ། འདིར་རྡོ་རྗེ་ལྟར་མི་ཤིགས་པ་ནི། ཐོག་མ་མེད་པའི་དུས་ཅན་གྱི་བྱང་ཆུབ་ཀྱི་རིགས་ཀྱི་སེམས་དང་། རིགས་དང་བཤེས་གཉེན་གྱི་སྟོབས་ལ་བརྟེན་ནས། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་བཟུང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་གི་བར་དུ་དེའི་རྒྱུའི་གནས་སྐབས་ཀྱི་སེམས་དང་། འབྲས་བུའི་ངོ་བོ་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་སེམས་རྣམས་རང་བཞིན་བྱེ་བྲག་མེད་པས་རྡོ་རྗེ་ལྟར་མི་ཕྱེད་པ་ཀུན་ཏུ་བཟང་པོའི་སེམས་ཞེས་གསུངས་ཏེ། ཆོས་ཐམས་ཅད་དབྱེར་མེད་དོ། །ཞེས་ནི་མ་གསུངས་སོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི། དཔལ་གསང་བ་འདུས་པ་ལས། ཁྱོད་ཀྱི་སེམས་ལུས་ལྟ་བུ་དང་། ངག་སེམས་ལྟ་བུ་དང་། སེམས་ཚིག་བརྗོད་པ་ལྟ་བུར་བསྐྱེད་ཅིག་ཅེས་གསུངས་པ་དང་། སྒྱུ་འཕྲུལ་དྲྭ་བ་ལས། སེམས་ནི་ལུས་ཀྱི་རྣམ་པ་ཡིན་ལ། ལུས་ཀྱང་སེམས་ཀྱི་རྣམ་པ་ཡིན་ཞིང་། སེམས་ཀྱང་ཚིག་གིས་རབ་ཏུ་བརྗོད་པ་ཡིན་ནོ། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ལྟར་ལུས་ངག་ཡིད་གསུམ་ཡང་རང་གི་ངོ་བོ་དབྱེར་མེད་ཅིང་། དེ་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་ཡང་དབྱེར་མེད་དེ། དེ་ལྟ་བུའི་མཚན་ཉིད་དུ་རྟོགས་པར་བྱས་པ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱའོ། །དེ་བས་ན་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་འདི་ཡང་། སྟོན་པ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་བྱིན་གྱིས་བརློབ་ཅིང་དབང་བསྐུར་བའི་ཚེ། རྩ་བའི་ལྟུང་བ་འདི་དག་སྡོམ་པར་དབོག་པར་གསུངས་ཏེ། དེ་བས་ན་འདི་དག་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཤེས་པར་བྱས་ལ། ངེས་པའི་དོན་གྱི་སྐབས་སུ་ཐུན་མོང་མ་ཡིན་པའི་སྡོམ་པར་བསྟན་ཅིང་ཤེས་པར་བྱའོ། །དེ་ལ་ཐུན་མོང་དུ་འགྱུར་དུ་རུང་བ་ནི། སློབ་དཔོན་བརྙས་པར་མི་བྱ་བ་དང་། བདེ་བར་གཤེགས་པའི་བཀའ་མི་བཅག་པ་དང་། སྤུན་ལ་ངན་སེམས་ཀྱིས་ཡོན་ཏན་མི་བརྗོད་ཅིང་སྐྱོན་བརྗོད་པ་དང་། སེམས་ཅན་ལ་བྱམས་པ་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སླར་གཏོང་བ་དང་། དམ་པའི་ཆོས་ལ་སྨོད་པ་དང་། སྐལ་བ་མེད་པ་ལ་གསང་བ་མི་བསྟན་པ་དང་། རྒྱལ་བའི་བདག་ཉིད་ཀྱི་ཕུང་པོ་མི་སྨད་པ་དང་། དག་པའི་ཆོས་ལ་ཐེ་ཚོམ་མི་བྱ་བ་དང་། བསྟན་པ་ལ་སྡང་བ་རྣམས་ལ་བྱམས་པར་བྱེད་ཅིང་དོན་ཆེན་པོའི་ཆགས་པ་གཏོང་བའམ། ཁ་ཅིག་ ལས་སྒྱུ་མའི་བྱམས་པར་བཤད་པའང་རུང་སྟེ་དེ་ལྟ་བུ་དང་མི་ལྡན་པ་དང་། ཆོས་ལ་མཐའ་གཉིས་སུ་མི་བལྟ་བ་དང་། དད་པ་ཅན་སུན་མི་དབྱུང་བ་རྣམས་ཐེག་པ་ཆེན་པོ་ཐམས་ཅད་ཀྱིའང་ཐུན་མོང་དུ་བསྟན་པ་ཡིན་ན། བྱ་བ་དང་རྣལ་འབྱོར་གྱི་རྒྱུད་དུ་ཐུན་མོང་དུ་འགྱུར་བ་ལྟ་ཅི་སྨོས། རྒྱལ་བའི་བདག་ཉིད་ཕུང་པོ་སྨོད། །ཅེས་བྱ་བ་འདི་ཡང་ངེས་པའི་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་ཏེ། སྡོང་པོ་བཀོད་པའི་མདོ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་ཏེ། ཕུང་པོ་ལྔ་གྲངས་མེད་པའི་དེ་བཞིན་གཤེགས་པ་རྣམས་སུ་ཤེས་ཤིང་བསྒོམས་པ་དེ་ཐུབ་པ་ཆེན་པོར་འགྱུར་རོ། །ཞེས་གསུངས་ན། གསང་སྔགས་ཀྱི་རྒྱུད་དུ་ལྟ་སྨོས་ཀྱང་ཅི་དགོས། དམ་རྫས་རྙེད་པ་མི་འདོར་བའང་གསང་སྔགས་ཀྱི་རྒྱུད་ཐུན་མོང་ཡིན་ཏེ། འདི་ལྟར། དམ་ཚིག་གི་རྫས་ཀྱང་རྣམ་པ་བཞི་སྟེ། དངོས་གྲུབ་ཀྱི་རྫས་དང་། དབང་བསྐུར་བའི་རྫས་དང་། མཆོད་པའི་རྫས་དང་། བཟའ་བའི་རྫས་སོ། །འདི་དག་ལ་ཤིན་ཏུ་སྨེ་བའི་རྫས་ཀྱང་བསྟེན་པར་བྱ་བའི་རྒྱུད་དུའང་གསུངས་ཏེ། འདི་ལྟར་སྨེ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སྨེ་བའི་རྫས་ཚང་བ་ནི་མིའི་རོ་ཡིན་ཏེ། དེ་ལྟ་བུ་ཡང་བྱ་བའི་རྒྱུད་ལས། རོ་ལངས་ཀྱི་སྒྲུབ་པ་ལས་དངོས་གྲུབ་ཀྱི་རྫས་དང་མཆོད་པའི་རྫས་སུ་གསུངས་སོ། །ངན་སོང་སྦྱོང་བ་ལས་ཀྱང་། དངོས་གྲུབ་ཀྱི་རྫས་ཆང་ངམ་ཁྲག་གམ་ཞག་གམ་གླད་པ་ལས་སྒྲུབ་པ་ཡང་གསུངས་ལ། འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལས་འདི་སྐད་དུ། སྣོད་རྣམས་ཁྲག་གིས་བཀང་བ་དང་། མགོ་ཐོད་མགོ་ཡི་དུམ་བུ་དང། །ཁྲག་གམ་ཆང་བཀང་བུམ་པ་བརྒྱད། །ཅེས་བྱ་བ་ལྟ་བུ་གསུངས་ལ་ཁྲོ་བོ་རྡོ་རྗེ་མེ། ཉི་མའི་དཀྱིལ་འཁོར་ལས་འདི་སྐད་དུ། དེ་ནས་བདུད་རྩིས་བཀང་བ་ཡི། །བུམ་པ་བཅུ་དྲུག་བཞག་པར་བྱ། །བཟའ་དང་བཅའ་དང་བདུད་རྩི་ཆེས། །མགོ་ཐོད་བཀང་བར་གྱུར་པ་ནི། །དཀྱིལ་འཁོར་དུ་ནི་མང་དུ་བཞག །ཅེས་གསུངས་པ་ལྟ་བུ་སྟེ། འདི་ལྟ་བུ་ལྷ་ཁྲོ་བོའི་སྐབས་སུ་སྨེ་བའི་དམ་ཚིག་གི་རྫས་བསྟེན་ཅིང་མི་སྤང་བར་ཡང་གསུངས་ལ། བདག་ཉིད་བཟའ་བའི་དམ་རྫས་ཀྱང་། །ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ཏན་ཏྲ་ལས། སྒྲུབ་པ་ཁ་ཅིག་ལ་ཤ་ཟ་ཞིང་སྒྲུབ་པ་ཡང་གསུངས་སོ། །དེ་བས་ན་འདི་ཡང་ཐུན་མོང་དུ་འགྱུར་རོ། །བུད་མེད་མི་སྨད་པ་ཡང་གསང་སྔགས་ཀྱི་རྒྱུད་ལས་ལྷ་རྣམས་ནི་གསང་སྔགས་དང་གསང་སྔགས་ཀྱི་གཟུགས་སུ་བཞུགས་པར་བཤད་ལ། ལྷ་དང་ལྷའི་རྣམ་པའང་མི་སྨད་པར་གསུངས་སོ། །དེ་ལ་རྣམ་པ་ཞེས་བྱ་བ་ནི་འདྲ་བའི་དོན་ཏེ་འདི་ལྟར་གཟུགས་སུ་བྱས་པ་དང་། གཞན་ཡང་རིགས་འདྲ་བ་དག་གོ །དེ་ལ་གཟུགས་སུ་བྱས་པ་ནི་དམིགས་པས་བྱིན་གྱིས་བརླབས་པ་ཡིན་པ། ཟས་དང་གོས་དང་གནས་དག་ལ་མཛེས་པར་བྱ་བའི་ཕྱིར་ཕྱག་རྒྱའི་དབྱིབས་བྱས་པ་དག་གོ །རིགས་འདྲ་བ་ནི། སྲོག་ཆགས་སམ་གཞན་ཡང་རུང་སྟེ་ལྷའམ་ལྷའི་ཕྱག་རྒྱ་དང་རིགས་འདྲ་བ་དག་གོ །དེ་བས་ན་བུད་མེད་མི་སྨད་པའང་དམིགས་པས་བྱིན་གྱིས་བརླབས་པའི་ཕྱག་རྒྱ་དང་། དེའི་གཟུགས་སུ་བྱས་པ་དང་། བུད་མེད་དངོས་རྣམས་ཀྱང་རིག་སྔགས་ཀྱི་ལྷ་རྣམས་ཀྱི་རིགས་འདྲ་བ་ཡིན་ཏེ། དེའི་ཕྱིར་རིགས་ཀྱི་སྒོ་ནས་སྨད་དུ་མི་རུང་ངོ་། །ཆགས་པའི་གཞི་སྤང་བ་ནི་མ་གཏོགས་སོ། །དེ་བས་ན་འདི་ཡང་ཐུན་མོང་དུ་འགྱུར་བ་ཡིན་ཏེ། འོན་ཀྱང་ཐུན་མོང་མ་ཡིན་པའི་སྡོམ་པར་བསྟན་པའི་སྐབས་འདིར་ནི་ཐམས་ཅད་ཀྱང་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པའི་ཡན་ལག་ཏུ་སྦྱར་ཏེ། འདི་ལྟར་རྡོ་རྗེ་སློབ་དཔོན་བརྙས་པར་མི་བྱ་བ་ཡང་། ཇི་ལྟར་དཔལ་གསང་བ་འདུས་པ་དང་སྒྱུ་འཕྲུལ་དྲྭ་བ་ལྟ་བུ་ལས། སྐུ་གསུང་ཐུགས་རྡོ་རྗེ་གསང་བས་བསྡུས་པས་མངོན་པར་དབང་བསྐུར་བའི་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བཞིན་དུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་དེ་ནི་བྱང་ཆུབ་ཀྱི་སེམས་དང་མི་གཉིས་ཤིང་རྣམ་པ་གཉིས་སུ་དབྱེར་མེད་དོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་བསོད་ནམས་ཀྱི་ཕུང་པོ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་འཕགས་སོ། །ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ། །སྐྱེ་བའི་གནས་སུ་གྱུར་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་བར་དུའོ། །ཞེས་གསུངས་པ་ལྟ་བུ་སྟེ། རྡོ་རྗེ་བྱང་ཆུབ་ཀྱི་སེམས་སྦྱིན་པར་བྱེད་ཅིང་བྱིན་གྱིས་རློབ་པར་བྱེད་པ་དེ་ནི། རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཉིད་དུ་བལྟ་བ་ཡིན་ལ། དེ་ལ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ཀྱི་དུས་གསུམ་དུ་བྱོན་ནས་མཆོད་པ་བྱེད་པར་གསུངས་ན་བརྙས་པར་བྱ་བའི་གནས་ལྟ་ག་ལ་ཡིན་ཏེ། དེ་ལ་བརྙས་པར་གྱུར་ན་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཉིད་གཏན་སྤངས་པར་འགྱུར་རོ། །དེ་བས་ན་འདི་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པའི་མཚན་ཉིད་དུ་ཐུན་མོང་མ་ཡིན་པར་བཤད་པ་སྟེ་འོག་མ་ཀུན་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཉིས་པ་བཀའ་ལས་མི་འདའ་བ་ནི་བདེ་བར་གཤེགས་པའི་བཀའ་ཡང་རུང་། བླ་མའི་བཀར་བཤད་ཀྱང་རུང་སྟེ། སྟོན་པ་རྡོ་རྗེ་འཆང་ཆེན་པོ་དམ་ཚིག་གི་བདག་པོ་དེའི་བཀའ་ནི་འདས་པར་གྱུར་ན་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཉིད་བཤིག་པར་གྱུར་པ་སྟེ། གང་གི་ཕྱིར་དེ་ཉིད་དུ་བྱིན་གྱིས་བརླབས་པ་ཡིན་པ་དེའི་ཕྱིར་རོ། །གསུམ་པ་རྡོ་རྗེ་སྤུན་ལ་ངན་སེམས་མི་བྱ་བ་ནི། གང་གི་ཕྱིར་རྣམ་པ་གསུམ་གྱིས་མི་ཕྱེད་པས་རྡོ་རྗེ་སྤུན་ཏེ། ཡུལ་ཆོས་ཉིད་དུ་མཐུན་པ་དང་། སྡོམ་པ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་སུ་གཅིག་པ་དང་། སྨོན་ལམ་མཐུན་པས་ལྷ་ དང་སློབ་དཔོན་དང་ལྟ་སྤྱོད་གཅིག་པར་བསྡུས་པ་སྟེ། འདི་ལ་གང་ཞིག་རིས་སུ་ཕྱེ་ནས་ངན་སེམས་བྱེད་པ་ནི། རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཉིད་བཤིག་པ་ཡིན་ནོ། །བཞི་པ་བྱམས་པ་ཆེན་པོ་སྤོང་བ་ནི། འདི་ལྟར་སེམས་ཅན་ལ་དམིགས་པའི་བྱམས་པ་དང་། དེ་བཞིན་དུ་ཆོས་ལ་དམིགས་པ་དང་། མི་དམིགས་པ་དག་ཀྱང་ཐུན་མོང་གི་བྱམས་པ་ཡིན་མོད་ཀྱི། འདིར་ཐུན་མོང་མ་ཡིན་པ་ནི་བདག་དང་གཞན་བྱང་ཆུབ་མཚུངས་པའི་ཕྱིར་རང་བཞིན་གཅིག་པའི་སྒོ་ནས་ཉམ་བག་ཏུ་རོལ་ཞེས་གསུངས་པ་ལྟ་བུ་སྟེ། ཇི་ལྟར་བདག་ཏུ་ལྟ་བ་རྣམས་རང་ལ་ཕན་པའི་བསམ་པ་རྩལ་མི་དགོས་པ་བཞིན། རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པ་རྣམས་སེམས་ཅན་ལ་ཕན་འདོགས་པ་རྩལ་མི་དགོས་སོ། །གལ་ཏེ་གཞན་ལ་བརྩེ་བ་མེད་ན་རྡོ་རྗེ་བྱང་ཆུབ་ཀྱི་སེམས་སྤངས་པར་འགྱུར་རོ། །ལྔ་པ་བྱང་ཆུབ་ཀྱི་སེམས་སྤོང་བ་ནི་འདི་ལྟར་བདག་ཉིད་ཐར་བ་སྒྲུབ་པའི་སེམས་དང་། སེམས་ཅན་ཐར་བར་བྱ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྟོབས་མི་གཏང་བའང་ཐུན་མོང་དུ་གྱུར་པ་ཡིན་ཏེ། འོན་ཀྱང་དེ་ནི་རིགས་ཀྱི་སེམས་དང་། རྒྱུའི་གནས་སྐབས་ཀྱི་སེམས་དང་། འབྲས་བུའི་ངོ་བོ་གསུམ་རང་བཞིན་ཐ་དད་པར་འདོད་དེ། ཇི་ལྟར་ས་བོན་དང་། མྱུ་གུ་དང་། འབྲས་བུ་ལྟ་བུའོ། །ཀུན་ཏུ་བཟང་པོའི་བྱང་ཆུབ་ཀྱི་སེམས་ནི། རིགས་དང་། རྒྱུའི་གནས་སྐབས་དང་། འབྲས་བུ་གསུམ་རང་བཞིན་ཐ་མི་དད་པར་འདོད་དེ། ཇི་ལྟར་ས་ཁོང་ན་ཡོད་པའི་གསེར་ཁམས་ཀྱི་རང་བཞིན་དུ་གྲགས་པ་དང་། མེས་རེག་ན་ཅུང་ཟད་སེར་བར་སྣང་བར་གྱུར་པ་དང་། དྲི་མ་ཐམས་ཅད་དང་ཡོངས་སུ་བྲལ་བའི་གསེར་རྣམས་རང་བཞིན་བྱེ་བྲག་མེད་པ་ལྟ་བུའོ། །དེའི་ཚེ་དྲི་མ་དང་བྲལ་མ་བྲལ་ནི་བྱེ་བྲག་ཏུ་འདོད་དོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་ནི། ཆོལ་ཟངས་ལས་གཞོང་བར་བྱས་ཏེ་དེ་ལས་སྐུ་གཟུགས་སུ་བྱས་ན། འདི་ལ་ནི་དྲི་མ་དག་པ་དང་མ་དག་པའི་བྱེ་བྲག་ཀྱང་མེད་དེ། འོན་ཀྱང་དབྱིབས་དང་ཡོན་ཏན་དམིགས་པ་ནི་ཁྱད་པར་དུ་སྣང་ངོ་། །ཞེས་པ་ལྟ་བུའོ། །དེ་བས་ན་འདིར་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པས་བྱང་ཆུབ་ཀྱི་སེམས་ཐམས་ཅད་གཏང་བར་མི་བྱའོ། །ཐེག་པ་གསུམ་ལ་མི་སྨད་པ་ནི། མཉམ་པ་ཉིད་ཀྱི་ཆོས་ལ་གནས་པས་སེམས་ཅན་དམྱལ་བའི་ཆོས་ཀྱང་མི་བཀོལ་བར་གསུངས་ན། ཉན་ཐོས་ཀྱི་ཆོས་ལ་སུན་དབྱུང་ཞིང་སྤང་བ་ལྟ་ཅི་སྨོས་ཏེ། སངས་རྒྱས་ཀྱིས་སྣོད་ཀྱི་རིམ་པ་དང་སྦྱར་ནས་སེམས་ཅན་གྱི་དོན་དུ་འགྱུར་བར་གསུངས་པར་འདྲ་བས་ཐམས་ཅད་མཉམ་པར་བལྟའོ། །ཞེས་གསུངས་པ་ལྟ་བུའོ། །སྐལ་པ་མེད་པ་ལ་གསང་བ་མི་བསྟན་པ་ནི། ཡང་འདི་ལྟ་བུར་རྟོགས་པའི་བློ་མ་སྐྱེས་ཀྱི་བར་དུ་ཐེག་པ་འོག་མ་ནས་འགྲོ་བའི་དོན་བྱས་ན་གདུལ་བྱ་ཆུད་མི་ཟ་བས་རབ་ཏུ་གསང་བའི་ཕྱིར་གསང་བའི་ཐེག་པ་ཞེས་བཀའ་སྩལ་ཏོ། །ཞེས་གསུངས་པ་ལྟ་བུའོ། །རྒྱལ་བའི་བདག་ཉིད་ཕུང་པོ་མི་སྨད་པ་ནི། ཕུང་པོ་ཡེ་ནས་སངས་རྒྱས་པ་ཡིན་པ་ལ་ཡིན་པ་ཉིད་དུ་རྟོགས་ཤིང་བསྒོམ་ནས་རང་ལས་མི་གཞན་པའི་ལོངས་སྤྱོད་ཀྱིས་རྟག་ཏུ་མཉེས་པར་བྱ་བ་ཡིན་ན། ལུས་སུན་དབྱུང་ཞིང་སྨད་པར་བྱ་བ་ལྟ་ཅི་སྨོས། དག་པའི་ཆོས་ལ་ཐེ་ཚོམ་མི་བྱ་བ་ནི། གང་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་ལ་ཐེ་ཚོམ་ཟ་བའང་བདེ་འགྲོ་དང་ཐར་པའི་བར་དུ་གཅོད་པ་ཡིན་ནོ། །ངོ་བོ་ཉིད་ཀྱིས་དག་པའི་ཆོས་ལ་ཐེ་ཚོམ་དུ་གྱུར་ན། རྡོ་རྗེ་བྱང་ཆུབ་ཀྱི་སེམས་སྤོང་བ་ལྟ་ཅི་སྨོས། སྡང་ལ་བྱམས་དང་ཆགས་བྲལ་དང་། །ཞེས་བྱ་བ་ལ། སྡང་ལ་བྱམས་པ་ནི་དམ་ཚིག་ལ་སྡང་བའི་ཕྱི་རོལ་པ་ལ་སོགས་ཆོས་དགྲར་གྱུར་པ་སྟེ། དེ་ལ་བྱམས་པར་བྱེད་པ་ནི་བདག་ཉིད་བདུད་དུ་གྱུར་པ་ཡིན་ལ། ཆགས་པ་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ལ་གཞོལ་བས། ཕུང་པོ་ལ་སྐྱོ་བར་བྱེད་ཅིང་རྟག་ཏུ་སེམས་ཅན་གྱི་དོན་བྱ་བ་ལ་སྤྲོ་བར་མ་གྱུར་པ་སྟེ། འདི་ལྟ་བུ་དག་གིས་དོན་ཆེན་པོ་དང་མི་མཐུན་པ་ནི་ཐེག་པ་ཆེན་པོ་སྤྱིར་ཡང་མ་གནང་བ་ཡིན་ན། ཁྱད་པར་དུ་རྣལ་འབྱོར་ཆེན་པོའི་གཞུང་ལས་ཤིན་ཏུ་སྨད་པ་སྟེ་སངས་རྒྱས་ཀྱི་མཛད་པ་ལས་ཉམས་པར་བྱེད་པའོ། །ཆོས་རྣམས་ལ་མཐའ་གཉིས་སུ་མི་ལྟ་བ་ནི། སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་ཀྱི་ཐུན་མོང་ཡིན་མོད་ཀྱི། ཁྱད་པར་དུ་མཉམ་པ་ཆེན་པོའི་དམ་ཚིག་དང་འགལ་བས་རྡོ་རྗེ་བྱང་ཆུབ་ཀྱི་སེམས་གཏོང་བར་བྱེད་པའོ། །དད་སེམས་ཅན་ལ་ངན་དུ་བརྗོད་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་བརྟན་པ་ནི་དད་པ་ཅན་ཏེ། དེ་དག་ལ་ངན་སེམས་སྐྱེས་པ་ནི། བྱང་ཆུབ་ཀྱི་སེམས་ཉིད་ལ་སྡང་བར་གྱུར་པའི་ཕྱིར་དང་། ཕྲག་དོག་གིས་རིས་སུ་ཕྱེ་བས་ཕྱིར། རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང་འགལ་བར་འགྱུར་རོ། །དམ་རྫས་རྙེད་པ་མི་ལེན་པ་ནི། གོང་དུ་བསྟན་པ་བཞིན་དངོས་གྲུབ་ཀྱི་རྫས་དང་མཆོད་པའི་རྫས་དང་ལྷའི་བརྟུལ་ཞུགས་དང་དབང་བསྐུར་བའི་རྫས་ལྟ་བུ་ནི་གསང་སྔགས་སྤྱིའི་ཡང་ཐུན་མོང་དུ་གྱུར་པ་ཡིན་ན། འདིར་ཐུན་མོང་མ་ཡིན་པ་ནི་ཆོས་མཉམ་པ་ཉིད་ཀྱི་བརྟུལ་ཞུགས་སུ་སྤྱད་པའི་དམ་རྫས་རྣམས་རྟོག་པ་དང་བྲལ་བའི་སེམས་ཀྱིས་བསྟེན་པ་སྟེ། འདིས་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པར་འགྱུར་རོ། །ཤེས་རབ་རང་བཞིན་བུད་མེད་མི་སྨད་པ་ནི། འདི་ལ་གོང་དུ་བསྟན་པ་བཞིན་དུ་ཕྱག་རྒྱ་དང་། རིག་སྔགས་ཀྱི་ལྷ་དང་། དེའི་རྣམ་པར་གྱུར་པ་གཟུགས་སུ་བྱས་པ་དང། རིགས་འདྲ་བ་དག་མི་སྨད་པ་ནི་གསང་སྔགས་སྤྱིའི་ཐུན་མོང་ཡིན་མོད་ཀྱི། འདིར་ཐུན་མོང་མ་ཡིན་པར་བསྟན་པ་ནི། སྟོན་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དུ་བྱིན་གྱིས་བརླབས་པ་ལ། དེའི་སྤྱོད་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཕྱག་རྒྱ་ཆེན་པོར་བསྟན་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་ཤེས་རབ་མར་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་འདི་ནི་ཐུན་མོང་མ་ཡིན་པའི་སྤྱོད་པ་སྟེ། དེ་བས་ན་རིགས་ཀྱི་སྒོ་ནས་ཤེས་རབ་མར་འདོད་པས་སྨད་པར་མི་བྱ་སྟེ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའོ། །དེ་ལྟར་ཐུན་མོང་མ་ཡིན་པ་དང་ཐུན་མོང་དུ་བསྟན་པ་འདི་དག་རྣལ་འབྱོར་པ་སྤྱི་ཡིས་ཀུན་ཀྱང་བསྲུང་བར་བྱ་བའི་དམ་ཚིག་ཏུ་ཤེས་པར་བྱའོ། །སྦོམ་པོའི་ལྟུང་བ་གྲགས་པ་འདི་དག་ཀྱང་ལྗོན་ཤིང་གི་སྡོང་པོ་དང་འདྲ་སྟེ་ལྟུང་བ་ཆེ་བར་བཤད་དོ། །དེ་ལ། དམ་ཚིག་སྦྱོར་བ་མི་ལྡན་པ་ནི། སྤྱིར་ནན་ཏན་མེད་པའོ། །རིག་མ་མི་དགའ་བསྟེན་པ་ནི། བདག་དང་གཞན་དང་གཉིས་ག་དང་ཆོས་ཀྱི་དོན་དུ་མི་འགྱུར་བའི་ཕྱིར་རོ། །ཚོགས་ཀྱི་འཁོར་ལོར་བརྩོད་པ་ནི། རྡོ་རྗེ་སྤུན་ལས་འགལ་ལོ། །གསང་བའི་ཆོས་ནི་སྟོན་པ་དང་། །ཞེས་པ་དང་། སྣོད་མེད་གསང་བ་སྟོན་པ་རྣམས། །ཞེས་སྨོས་པ། གོང་དུ་སྐལ་པ་མེད་པ་ལ་གསང་བ་སྒྲོགས་པར་བསྟན་པ་དང་། འདོམ་པའི་དགོངས་པ་ནི། རྩ་བ་ནི་སྣོད་རྒྱུ་མེད་པ་དང་། བསམ་པས་ཤེས་བཞིན་དུ་བཟེམ་པ་མེད་པས་ལྕི་བར་འགྱུར་ལ། སྦོམ་པོ་ནི་དེ་ལྟར་མ་ཡིན་པར་བསྟན་པར་བྱའོ། །དེ་ཡང་གསང་བ་གཅིག་ནི་སྤྱོད་པར་སྦྱར་རོ། །ཉན་ཐོས་རློམ་སེམས་བྱེད་པའི་ནང་དུ་གནས་པའང་དོན་དུ་མི་འགྱུར་བ་བཞི་དང་ལྡན་པས་སོ། །དམ་ཆོས་མི་སྟོན་པ་ནི་བག་མེད་པས་སོ། །སྒྲུབ་པའི་དམ་ཚིག་ནི། དཔལ་ཟླ་གསང་ཐིག་ལེ་ལས། བྱང་ཆུབ་ཀྱི་སྙིང་པོར་བགྲོད་པའི་ཡན་ལག་དྲུག་གསུངས་ཏེ། འདི་ལྟར། འདས་པའི་དུས་ན་མ་བྱུང་བ། །མཐའ་ཡས་ཆོས་ནི་ཡངས་པར་བསྟན། །འདོད་ཆགས་རྣམས་ཀྱིས་དཀྲིས་པ་ཡི། །སྡུག་བསྔལ་གཟིར་བ་མཐའ་ནས་དགྲོལ། །འདོད་པ་མཆོག་གི་ལོངས་སྤྱོད་རྣམས། །མོས་པས་རྗེས་སུ་ཞུགས་ཤིང་སྤྱད། །ཀུན་ཏུ་ཆགས་པར་མི་འགྱུར་ཞིང་། །བདེ་བས་ལོངས་པའི་ཡིད་དང་ལྡན། །བྱང་ཆུབ་སྙིང་པོར་བགྲོད་པ་ནི། །དམ་བཅས་རྣམས་དང་སེམས་ཀྱིས་སོ། །ཞེས་གསུངས་ཏེ། འདི་ལྟར། སྔོན་ཆད་འཇིག་རྟེན་ལས་འདས་པའི་ཆོས་ལུགས་ལས་མ་བྱུང་བའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལུགས་རྟོགས་པ་དང་། སེམས་ཅན་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སྡུག་བསྔལ་གྱིས་གཟིར་བ་རྣམས་ལ་ཐབས་སྣ་ཚོགས་ཀྱིས་དགྲོལ་བ་དང་། འདི་གཉིས་ནི་ལྟ་བ་མཐའ་གཉིས་ལས་གྲོལ་བའོ། །འདོད་པ་མཆོག་གི་ལོངས་སྤྱོད་རྣམས་ལ་མོས་པའི་རྗེས་སུ་སྤྱད་པ་ནི། འདི་ལྟར་གཟུགས་དང་། སྒྲ་ལ་སོགས་པའི་འདོད་པ་རྣམས་བྱང་ཆུབ་སེམས་ཀྱི་ལོངས་སྤྱོད་དུ་སྤྱད་པ་སྟེ། འདིས་ནི་སེམས་ཅན་ཆུད་མི་གསན་པར་གསུངས་སོ། །ཀུན་ཏུ་ཆགས་པར་མི་འགྱུར་ཞིང་བདེ་བ་ལ་ལོངས་སྤྱོད་པ་ནི། སྤྱོད་པ་མཐའ་གཉིས་ལས་གྲོལ་བའོ། །དམ་བཅས་རྣམས་ནི། སྡོམ་པ་ཇི་ལྟར་ནོས་པ་མི་གཏང་བའོ། །སེམས་ཀྱིས་སོ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སེམས་སྟོབས་ཏེ། འདི་ལྟར་ཡན་ལག་དྲུག་དང་ལྡན་པས་བྱང་ཆུབ་ཀྱི་སྙིང་པོ་སྒྲུབ་པའོ། །ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཐབས་ཀྱི་དངོས་པོ་ནི། ཕྱག་རྒྱ་སྒྲུབ་པ་སྟེ། དེ་ཉིད་ལས་གསུངས་པ། སྡོམ་པ་དངོས་གྲུབ་ཀུན་བྱིན་པ། །བརྟུལ་ཞུགས་དཀའ་ཐུབ་སྔགས་མཁན་གྱིས། །དམ་ཚིག་མཆོག་ཏུ་བསྲུང་བ་རྣམས། །བཅོམ་ལྡན་གསང་བ་ཉིད་ཀྱིས་གསུངས། །དེ་ནི་དེའི་རྒྱ་ཆེ་བ་ཡི། །ཡིད་ཀྱིས་ཁ་དོག་དབྱིབས་ཆེན་གྱི། །ཕྱག་རྒྱ་བཅིངས་ལ་སོགས་པས་བཏབ། །སྦས་པའི་སྐུ་ནི་རབ་བསྒྲུབ་བྱ། །རྡོ་རྗེ་གསུང་དུ་རབ་སྦྱོར་བས། །ཆོས་ཀྱི་ངོ་བོའི་ཕྱག་རྒྱ་བརྗོད། །ངག་སྦས་གསལ་བར་བརྗོད་པ་ནི། །ང་རོ་སྤངས་པ་རྡོ་རྗེ་གསུངས། །རང་སེམས་རབ་ཏུ་འབིགས་པ་ཡིས། །ཟླ་བ་རྡོ་རྗེ་རྣམ་པར་བསྒོམ། །རང་གི་ངོ་བོ་གསུམ་གཅིག་བསྒོམ། །འདི་ནི་ཡིད་སྦས་ཆེན་པོ་ཡིན། །འདི་ནི་དེ་ཉིད་རྒྱ་ཆེན་མཆོག །རྒྱུན་དུ་བསྒོམ་པ་རྣམས་བྱ་སྟེ། །གསུམ་སྦྱོར་བས་ནི་གྲུབ་པར་འགྱུར། །གཞན་མིན་རྡོ་རྗེ་འཛིན་པས་གསུངས། །ཞེས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྒྲུབ་པ་འདི་ནི་གོང་དུ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ལས་གསུངས་པ་དང་མཐུན་པར་སྣང་ངོ་། །ཐབས་དང་ཤེས་རབ་ཀྱི་ཚུལ་ཟབ་མོའི་སྤྱོད་པ་བརླབས་པོ་ཆེ་སྤྱད་པར་བྱ་བའི་དམ་ཚིག་ནི། དཔལ་གསང་བ་འདུས་པ་ལས། དབང་བསྐུར་ནས་སློབ་མ་ལ་དམ་བསྒྲགས་པའི་སྐབས་སུ་གསུངས་པ། སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །དམ་ཚིག་གསང་བ་བསྒྲགས་པར་བྱ། །ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་བླང་། །བུད་མེད་དག་ཀྱང་བསྟེན་པར་བྱ། །རྡོ་རྗེ་ལམ་ནི་དེ་དག་གིས། །སེམས་ཅན་ཐམས་ཅད་བསྐུལ་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་རབ་ཏུ་བརྟན་པའོ། །ཞེས་གསུངས་པ་ལྟ་བུ་སྟེ་འདི་དག་ཀྱང་སེམས་ཅན་གྱི་དོན་དུ་ཐབས་ལ་མཁས་པས་ཟིན་པར་སྤྱད་པ་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་དུའང་གྲགས་པ་ཡིན་ལ། གཞན་ཡང་དོན་ཆེན་པོའི་ཕྱིར་སྤྱད་པར་གསུངས་པ་རྣམས་ཀྱང་། གོང་དུ་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་སྐབས་སུ་བསྟན་པ་དག་གོ ། རྣལ་འབྱོར་ཆེན་པོའི་ཐུན་མོང་མ་ཡིན་པར་བསྟན་པ་ནི། ཆོས་མཉམ་པ་ཉིད་ལ་ལྟ་སྤྱོད་བླང་དོར་མེད་པར་གསུངས་པ་སྟེ་འདི་ལྟར། དཔལ་ཐབས་ཀྱི་ཞགས་པ་ལས་ཀྱང་སློབ་མ་ལ་དམ་ཚིག་དབོག་པའི་སྐབས་སུ། དགེ་དང་མི་དགེའི་ཆོས་རྣམས་ལ། །ལྷག་པར་བསྟེན་པར་མི་བྱ་སྟེ། །མཉམ་ཉིད་རིག་པའི་རླུང་ཞུགས་ན། །ཅི་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་གསུངས་པ་ལྟ་བུ་དང་། སྒྱུ་འཕྲུལ་དྲྭ་བ་ལས། སེམས་ཅན་མི་ཤེས་པས་རྨོངས་ནས། །ཐབས་དང་ཡེ་ཤེས་རྣམ་སྤངས་ཤིང་། །ཕྱི་རོལ་དངོས་ལ་མངོན་ཞེན་པས། །རྣམ་རྟོགས་དྲྭ་བས་བླུན་བྱས་གང་། །དེ་དག་གིས་ནི་དགེ་སྡིག་གི །ཕུང་པོ་གཉིས་སུ་རྣམ་པར་བརྟགས། །ཆོས་འདི་རང་བཞིན་གྱིས་དག་སྟེ། །ངོ་བོ་ཉིད་མེད་གནས་མེད་ཀྱང་། །སེམས་ཅན་ཤེས་པ་སྤེལ་བའི་ཕྱིར། །ལས་ཀྱི་ཚུལ་ནི་སྣ་ཚོགས་ཡིན། །ཅེས་གསུངས་པ་ལྟ་བུ་སྟེ། འདི་ལྟ་བུ་ལ་སོགས་པའི་ཐབས་དང་ཤེས་རབ་ཀྱི་ཚུལ་ཟབ་མོའི་སྤྱོད་པ་བརླབས་པོ་ཆེ་འདི་དག་དོན་གྱི་དབང་དེ་ལྟ་བུ་ཡིན་མོད་ཀྱི། རྣལ་འབྱོར་པ་སྤྱིས་སྤྱད་ཅིང་དང་དུ་བླང་དུ་མི་རུང་ངོ་། །ཞེས་གོང་དུ་ལེགས་པར་བསྙད་ཟིན་ཏོ། །ད་ནི་རྒྱུད་ཁ་ཅིག་ལས་གསུངས་པའི། རྩ་བ་དང་ཡན་ལག་གི་དམ་ཚིག་ཏུ་གཏོགས་པ། སྲུང་ཞིང་སྒྲུབ་པ་དང་། མི་སྤང་བ་དང་། དང་དུ་བླང་བ་ལ་སོགས་པར་ཕྱེ་ནས་བསྟན་པ་རྣམས་བསྟན་པར་བྱ་སྟེ། དེ་ཡང་རྣལ་འབྱོར་ཆེན་པོའི་རྩ་བའི་དམ་ཚིག་ལྔའམ་གསུམ་དུ་གྲགས་ཏེ། དེ་ཡང་དཔལ་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །སྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །ཅེས་གསུངས་ཏེ། དེ་ལ་རྩ་བའི་དམ་ཚིག་ནི་མཐུན་ནོ། །ཇི་ལྟ་ཞེ་ན། དཀོན་མཆོག་གསུམ་མི་སྤང་བ་དང་། བྱང་ཆུབ་ཀྱིས་སེམས་མི་གཏང་བ་ནི་ལྷ་མི་སྤང་བར་འདུས་ཏེ། གང་གི་ཕྱིར་དཀོན་མཆོག་གསུམ་གྱི་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཉིད་ཐབས་ལ་མཁས་པས་ཕྱག་རྒྱར་བྱིན་གྱིས་བརླབས་པ་ནི་རང་གི་ཡི་དམ་གྱི་ལྷ་ཡིན་ཏེ། ཇི་ལྟར་ཆུ་ལས་གྲང་བའི་རྐྱེན་གྱིས་ཆབ་བྲོམ་དུ་གྱུར་པ་དང་། སེམས་ཉིད་བག་ཆགས་ཀྱི་དབང་གིས་ལུས་དང་གནས་སུ་སྨིན་ཅིང་སྣང་བར་གྱུར་པ་ལྟ་བུའོ། །དེ་བས་ན་ཡི་དམ་གྱི་ལྷ་རྟག་ཏུ་བསྒོམ་པ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་གཟུངས་ཞིང་དཀོན་མཆོག་གསུམ་བཀུར་བ་བྱས་པ་ཡིན་ནོ། །གཞན་ནི་དངོས་སུ་ཟད་དེ། དེ་བས་ན་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་མཆེད་ལ་བརྟེན་ནས་དམ་ཚིག་ཉམས་ཤིང་ལྟུང་བའི་རྒྱུར་གྱུར་པའི་བྱེ་བྲག་ནི། སྙིང་ནས་རྡོ་རྗེ་སློབ་དཔོན་སྨད་པ་ལ་སོགས་པ་གོང་དུ་བསྟན་པ་དེ་དག་ཉིད་གཟུང་བར་བྱའོ། །སློབ་དཔོན་བཀུར་བའི་རིམ་པའང་དཀོན་མཆོག་བཞི་པར་བཀུར་བ་དང་། སངས་རྒྱས་དང་མཉམ་པར་བཀུར་བ་དང་། སངས་རྒྱས་པས་ལྷག་པར་བཀུར་བ་རྣམས་ལས་ཤེས་པར་བྱའོ། །རྡོ་རྗེ་མཆེད་ལ་བྱམས་པར་བྱ་བ་ཡང་། ཇི་ལྟར་རང་གི་མིག་ལ་འཛེམ་པ་བཞིན་འཛེམ་མོ། །ཞེས་འབྱུང་ངོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པའང་། དངོས་གྲུབ་ཆེན་པོ་ལ་སྦྱོར་མི་ནུས་པ་རྣམས་ཀྱིས་ཀྱང་། དུས་ཀྱི་རྒྱུན་ནམ་རྒྱུན་གྱི་རྒྱུན་དུ་དམ་རྫས་ཀྱི་མཆོད་པ་དང་བཅས་ནས་བསྒོམ་ཞིང་བཟླས་པར་གསུངས་ཏེ། དེ་ཡང་བརྩོན་པ་རབ་ནི། རྟག་ཏུ་ཡི་དམ་མི་གཅོག་པའོ། །འབྲིང་ནི། ཉ་ཤི་གསོ་སྦྱོང་གི་དུས་སུ་ཡི་དམ་གསོ་སྦྱོང་དང་བཅས་ནས་བྱེད་པའོ། །ཐ་མ་ནི། མཆོད་པ་ལོ་ཚིག་མི་འདའ་སྟེ་དེ་ལས་འདས་ན་ཉམས་པར་འགྱུར་རོ། །གསང་བའི་མན་ངག་ཕྱི་རོལ་ཏུ་མི་བསྟན་པ་ནི། སྤྱི་གསང་བཞི་དང་། བར་གསང་བཞི། གསང་བ་འོས་པ་དང་། གཉེར་གཏད་པ་སྟེ། དམིགས་བཅུ་པོ་འདི་དག་ནི་གཞན་ལ་མི་བསྟན་པ་གསུངས་སོ། །དེ་ལ་ཡང་། སྤྱི་གསང་བཞི་ནི། ཚོགས་ཀྱི་དཀྱིལ་འཁོར་གསང་བ་སྒྲུབ་པའི་དུས་སུ། རྡོ་རྗེ་སློབ་དཔོན་དང་། རྡོ་རྗེ་མཆེད་དང་། འདུ་བའི་གནས་དང་། འདུ་བའི་དུས་དག་དེར་མ་ཆུད་པ་ཐམས་ཅད་ལ་གསང་བར་གསུངས་ཏེ། འདིར་ཡང་ཚོགས་བསྒྲགས་པར་གྱུར་པ་དང་། གསང་སྔགས་ཐུན་མོང་དུ་གྱུར་པ་ན་ལྷག་པར་ཉེས་པ་མི་འགྱུར་རོ། །གཞན་ཡང་ཡི་དམ་གྱི་ལྷ་དང་། སྔགས་དང་ཕྱག་རྒྱ་དང་། ལྟ་བ་ཟབ་མོ་དང་། སྤྱད་པ་བརླབས་པོ་ཆེ་རྣམས་ནི་བར་གསང་བཞི་ཞེས་གྲགས་ཏེ། དེ་ཡང་ལྟ་སྤྱོད་གཉིས་ནི་སྣོད་དུ་མ་གྱུར་པ་ལ་གསང་། ལྷ་དང་སྔགས་དང་ཕྱག་རྒྱ་ནི་ཀུན་ལ་མི་བསྟན་ཏེ་དངོས་གྲུབ་ཉམས་པར་འགྱུར་རོ། །གསང་བར་འོས་པ་ནི་རང་གི་བློས་བརྟག་ཅིང་གསང་བར་བྱ་བ་རྣམས་སོ། །གཉེར་གཏད་པ་ནི་བླ་མ་དང་གྲོགས་ཀྱི་བསྒོ་བའོ། །དེ་ལྟར་རྩ་བ་ལྔ་བསྟན་པ་འདི་ཡང་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་བསྡུ་ན། སློབ་དཔོན་དང་མཆེད་ཀྱི་དམ་ཚིག་ནི་སྐུའི་དམ་ཚིག་གོ །ལྷ་དང་སྔགས་དང་ཕྱག་རྒྱ་ནི་བཟླས་བརྗོད་ཀྱི་ཡན་ལག་ཏུ་རྩི་སྟེ་གསུང་གི་དམ་ཚིག་གོ །གསང་བ་མི་སྤེལ་བ་ནི་ཐུགས་ཀྱི་བརྣག་པར་བསྟན་ཏེ་ཐུགས་ཀྱི་དམ་ཚིག་གོ །དེ་ཡང་སྒྲུབ་པ་དང་བསྲུང་བའི་དམ་ཚིག་གཉིས་སུ་བསྡུ་ན། གསུང་གི་དམ་ཚིག་ནི་སྒྲུབ་པའི་དམ་ཚིག་གོ །གཞན་ནི་བསྲུང་བའི་ དམ་ཚིག་གོ །ཡན་ལག་གི་དམ་ཚིག་རྣམས་ནི་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་ལས་བཟློག་ནས་ཐབས་དང་ཤེས་རབ་ཀྱི་སྤྱོད་པ་བརླབས་པོ་ཆེའི་སྒོ་ནས་བསྟན་ཏེ། འོན་ཀྱང་ཕན་ཚུན་འདུ་བ་ནི་གོང་དུ་བསྟན་ཟིན་ཏོ། །དེ་ཡང་སྐབས་འདིར་ནི་མི་སྤང་བ་དང་དང་དུ་བླང་བ་ཙམ་གསུངས་ན། རྒྱུད་གཞན་ནས་གསུངས་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་སྔ་ནས་དམ་ཚིག་ཉི་ཤུ་རྩ་བརྒྱད་ཀྱི་དབྱེ་བ་མཛད་པ་དག་དང་མཐུན་པར་ཚོམས་གཅིག་ཏུ་དྲིལ་ཏེ་བསྟན་པར་བྱའོ། །དེ་ཡང་གང་ཞེ་ན། མི་སྤང་བའི་དམ་ཚིག་ལྔ་དང་། དང་དུ་བླང་བའི་དམ་ཚིག་ལྔ་དང་། སྤྱད་པར་བྱ་བའི་དམ་ཚིག་ལྔ་དང་། ཤེས་པར་བྱ་ བའི་དམ་ཚིག་ལྔ་དང་། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་སྟེ་ཡན་ལག་ཉི་ཤུ་རྩ་ལྔའོ། །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་དབང་གིས་རྣལ་འབྱོར་ཆེན་པོའི་གཞུང་གི་དམ་ཚིག་ཉི་ཤུ་རྩ་བརྒྱད་ཅེས་གྲགས་སོ། །དེ་ཡང་མི་སྤང་བ་ལ་སོགས་པའི་དམ་ཚིག་འདི་དག་ལྔ་ལྔར་བསྟན་པའང་ལྷ་ཁྱད་པར་གྱི་དམ་ཚིག་གི་དབང་དུ་གསུངས་པ་སྟེ། དེ་བས་ན་རིགས་ལྔའི་ལྷའི་དབང་གིས་སོ་སོར་ཕྱེ་བ་ཡིན་ཡང་རྣལ་འབྱོར་པ་རྣམས་ཀྱི་སྤྱིའི་དམ་ཚིག་ཏུ་འགྱུར་རོ། །དེ་ལ་མི་སྤང་བའི་དམ་ཚིག་ལྔ་ནི། ཉོན་མོངས་པ་ལྔ་མི་སྤང་བ་སྟེ། དེ་ཡང་ཉོན་མོངས་པ་རྣམས་ནི་ཁམས་གསུམ་འཁོར་བའི་རྒྱུ་ཡིན་ན། འདི་དག་གང་གི་ཕྱིར་མི་སྤང་ཞེ་ན། རྣམ་པ་གསུམ་གྱི་ཕྱིར་ཡིན་ཏེ། རང་བཞིན་ཡོངས་སུ་ཤེས་ན་སྤང་བར་ བྱ་བའི་རྫས་མེད་པའི་ཕྱིར་མི་སྤང་བ་དང་། ཐབས་ལ་མཁས་པས་ཟིན་པའི་ཉོན་མོངས་པ་མི་སྤང་བ་དང་། ཉོན་མོངས་པ་ཆེན་པོ་མི་སྤང་བའོ། །དེ་ལ་རང་བཞིན་ཡོངས་སུ་ཤེས་པས་མི་སྤང་བ་ནི། དཔེར་ན་སྨིགས་རྒྱུའི་ཆུ་བོ་དང་ཁ་དོག་སྤང་དུ་མེད་པ་ལྟ་བུ་སྟེ། འདི་ལྟར་ཉོན་མོངས་པ་རྣམས་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་མཚན་ཉིད་དེ། དེ་ནི་གཟུང་བ་དང་འཛིན་པར་བརྟགས་པའི་དབང་ལས་བྱུང་བའོ། །དེ་བས་ན་ཀུན་ཏུ་བརྟགས་པ་ནི་སྨིག་རྒྱུའི་ཆུ་དང་འདྲ་སྟེ། བརྟགས་པ་ཡིན་པའི་ཕྱིར་རྫས་སུ་མེད་དོ། །མེད་བཞིན་དེ་ལྟར་ཀུན་ཏུ་རྟོག་པ་ཉིད་ཀྱང་འཁྲུལ་བ་ཡིན་པའི་ཕྱིར་སྨིག་རྒྱུའི་ཁ་དོག་དང་འདྲ་སྟེ་ཇི་ལྟར་སྣང་བ་དེ་བཞིན་དུ་རྫས་སུ་མེད་དོ། །ཇི་ལྟར་སྨིག་རྒྱུའི་ཁ་དོག་ནི་རྟེན་གྱི་འབྱུང་བ་ཆེན་པོ་མེད་པའི་ཕྱིར་དེ་དང་ཚོགས་པ་གཅིག་པའི་ཁ་དོག་གི་གཟུགས་མེད་དེ། དེའི་ཕྱིར་ཁ་དོག་གི་བདག་ཉིད་ཐོབ་པ་མེད་དོ། །དེ་བཞིན་དུ་ཉོན་མོངས་པ་རྣམས་ནི་ཤིན་ཏུ་འཁྲུལ་བ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་སྐྱེ་བར་སྣང་ཡང་། དེའི་དུས་ཉིད་ན་དེ་ལྟ་བུའི་བདག་ཉིད་ཐོབ་པར་མི་རུང་སྟེ། དེ་བས་ན་གང་བདག་ཉིད་ཐོབ་པ་མེད་པ་དེ་ལ་སྤང་བའང་གཞག་པ་མི་འགྲུབ་བོ། །གང་དུ་ཉོན་མོངས་པ་རྣམས་སྤང་བར་གསུངས་པ་དེ་ནི་གང་ཟག་རློམ་སེམས་པ་རྣམས་ཀྱི་བློའི་དབང་དུ་བརྗོད་པ་སྟེ། འདི་ལྟར་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་པས་རྣམ་པར་གྲོལ་བ་མ་ཡིན་ནམ། ལྷ་མོས་སྨྲས་པ། གང་འདོད་ཆགས་ཞེ་སྡང་གཏི་མུག་སྤང་བས་རྣམ་པར་གྲོལ་བའོ་ཟེར་བ་ནི། ང་རྒྱལ་བ་རྣམས་ཀྱི་སྟེ། གང་ང་མེད་པ་རྣམས་ཀྱི་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་ཉིད་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །གང་ཡང་ཉན་ཐོས་ཀྱི་ཐེག་པར་ཉོན་མོངས་པ་རྣམས་དོན་དམ་པར་ཡོད་ཅིང་དེ་སྤང་བར་བྱར་ཡང་རུང་བ་གསུངས་པ་རྣམས་ཀྱང་དགྲ་བཅོམ་པར་གྱུར་པ་ན་བདག་ཉིད་ཉོན་མོངས་པ་སྤངས་པའོ་སྙམ་དུ་རློམ་སེམས་མེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དག་ཏུ་གསུངས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཞུགས་པ། ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ། ཆོས་ཐམས་ཅད་ལ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་ཁོང་དུ་ཆུད་ཅིང་སྒྱུ་མ་དེས་ཀྱང་རློམ་སེམས་སུ་མི་བྱེད་པ་རྣམས། ཉོན་མོངས་པ་རྣམས་སྤང་བའི་རློམ་སེམས་བསྐྱེད་པར་མི་འགྱུར་ལ། ཁྱད་པར་དུ་ཡང་ཐེག་པ་ཆེན་པོ་ལ་ཞུགས་པའི་རྣལ་འབྱོར་པ་ཆོས་ཐམས་ཅད་ལ་མཉམ་པ་རྣམ་པ་བཞི་དང་། དག་པ་རྣམ་པ་གསུམ་གྱི་ཚུལ་དུ་རྟོགས་པ་རྣམས་ཉོན་མོངས་པ་རྣམས་སྤང་བའི་རློམ་སེམས་བྱེད་པ་ནི་གནས་མ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཐབས་ལ་མཁས་པས་ཟིན་པའི་ཉོན་མོངས་པ་རྣམས་མི་སྤང་ཞེ་ན། ཇི་ལྟར་པད་མའི་ཚལ་བསྐྱེད་པའི་ཕྱིར་འདམ་རྫབ་ཆེན་པོ་སྤྱོམ་པ་དང་། གུར་གུམ་བསྐྱེད་པའི་ཕྱིར་མི་གཙང་བའི་ལྗན་ལྗིན་གྱི་ཕུང་པོ་སྡུད་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་མ་ཐར་བ་རྣམས་ཐར་བར་བྱ་བ་དང་། མ་གྲོལ་བ་དང་དབུགས་མ་ཕྱིན་པ་དང་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་བཟླ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ་གཞན་ལ་ལྟོས་པ་མེད་དེ། སེམས་ཅན་ཐམས་ཅད་བདག་གིར་བྱས་ནས་འཇིག་ཚོགས་ལ་ལྟ་བ་རི་རབ་ལྟ་བུ་སྐྱེད་པ་རྣམས་བྱང་ཆུབ་ཆེན་པོའི་རྒྱུ་ཉིད་དུ་འགྱུར་ཏེ། ཇི་ལྟར་འདམ་རྫབ་དང་ལྗན་ལྗིན་གྱི་སྐྱོན་རྣམས་པད་མ་དང་གུར་གུམ་ལ་ཅུང་ཟད་ཀྱང་མི་སྣང་གི །ཡོན་ཏན་ཐམས་ཅད་སྣང་བ་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་དང་འབྲས་བུའི་ཆོས་རྣམས་ལ། ཉོན་མོངས་པ་ཆེད་དུ་བསྐྱེད་པ་དེ་དག་གི་སྐྱོན་འགའ་ཡང་མི་སྣང་གི་ཡོན་ཏན་ཐམས་ཅད་སྣང་བ་བཞིན་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དག་ཏུ། དེ་བཞིན་གཤེགས་པ་རྣམས་ནི་ཉོན་མོངས་པ་རྣམས་ལས་སྐྱེས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་གདུང་ནི་ཉོན་མོངས་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཇི་ལྟར་ན་ཉོན་མོངས་པ་ཆེན་པོ་རྣམས་མི་སྤང་ཞེ་ན། ཇི་སྐད་དུ། རྒྱུ་ཉིད་འབྲས་བུར་རྫོགས་པའི་ཕྱིར། རྫོགས་པ་ཆེན་པོ་གཅིག་ཤེས་ཏེ་ཆུད་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། དཔེར་ན་ཐུན་མོང་གི་སྣང་བ་གཞིར་གྱུར་པའི་རྫས་ཀྱི་དངོས་པོ་འབྱུང་བ་ཆེན་པོའི་རྣམ་པ་ཅན་གཅིག་ལ། ཡི་དྭགས་རྣམས་ཀྱིས་དུག་དང་མཚོན་ལ་སོགས་གདུག་ཅིང་རྩུབ་པ་དང་། ཡིད་དུ་མི་འོང་བའི་དངོས་པོར་སྣང་བའི་རྫས་དེ་ཉིད་ལ་མི་རྣམས་ཀྱིས་བཟར་རུང་བ་མཐོང་བ་དང་། ལྷ་རྣམས་ཀྱི་བདུད་རྩི་དམ་པ་ལྟ་བུར་མཐོང་བ་ན། གང་དུག་ཏུ་འདོད་པ་དེ་ཉིད་བདུད་རྩིར་འདོད་པ་ཟད་དེ། འདི་ལ་རྒྱུ་དང་འབྲས་བུ་དང་མི་མཐུན་པ་དང་གཉེན་པོ་གཉིས་སུ་བཞག་ཏུ་མེད་དོ། །དེ་བས་ན་ཆོས་ཐམས་ཅད་དབྱེར་མེད་པར་འབྲས་བུའི་ཆོས་སུ་སངས་རྒྱས་པར་ལྟ་བས་འབྲས་བུ་རྡོ་རྗེའི་ཐེག་པ་ཞེས་ཀྱང་བྱ་སྟེ། ཇི་སྐད་དུ། མ་རིག་པ་ནི་ཡེ་ཤེས་གསལ། །འདོད་ཆགས་ཆོས་ཀྱི་དོན་ལ་སྦྱོར། །ཞེ་སྡང་ཐུགས་རྗེ་ཆེན་པོའི་ངང་། །ང་རྒྱལ་ཞི་བ་ཆོས་ལ་ཐིམ། །ཕྲག་དོག་སྤང་བའི་དོན་སྦྱོར་བ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་བྱ་བ་དང་། འདོད་ཆགས་ཞེ་སྡང་གཏི་མུག་དང་། ང་རྒྱལ་ཕྲག་དོག་ཆེན་པོ་ནི། །གང་ཕྱིར་བྱང་ཆུབ་སེམས་དེ་ནི། །རྡོ་རྗེ་དེ་བཞིན་གཤེགས་པར་གསལ། །ཞེས་བྱ་བ་ལྟ་བུར་རིག་པར་བྱའོ། །མདོར་ན་ཉོན་མོངས་པ་མི་སྤོང་བའི་དམ་ཚིག་འདི་དག་ཀྱང་། ཉོན་མོངས་པ་རྣམས་ངོ་བོ་ཉིད་མེད་པར་རྟོགས་པ་དང་། ཤེས་རབ་སྙིང་རྗེས་བརླན་ན་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བ་རྟོགས་པ་དང་། རྒྱུ་འབྲས་དབྱེར་མེད་པར་ཐམས་ཅད་འབྲས་བུའི་ཆོས་སུ་སངས་རྒྱས་པར་རྟོགས་པས་སྤང་དུ་མེད་པར་ཤེས་པར་བྱ་བ་ཡིན་གྱི། དེ་ལྟར་མ་རྟོགས་ཤིང་གདེང་དང་མི་ལྡན་བཞིན་དུ་བདག་ཏུ་ལྟ་བའི་སྒྱུ་འཕྲུལ་གྱིས་བཅངས་བཞིན་དུའང་ཉོན་མོངས་པ་རྣམས་སྤང་མི་དགོས་སོ་སྙམ་དུ་སངས་རྒྱས་ཀྱི་བཀའ་ཆེ་བ་ལ་བརྟེན་ནས་བག་མེད་པར་གནས་ན། རང་བཞིན་གྱིས་རྩོལ་བ་མེད་པར་ཉོན་མོངས་པའི་སྒྱུ་འཕྲུལ་གྱི་དབང་དུ་འགྱུར་ཏེ། རྣམ་པར་རྟོག་པའི་རྨི་ལམ་གྱི་རླུང་གིས་བདས་ནས། སྐྱེ་མཆེད་ཀྱི་གྲོང་སྟོང་དུ་བློ་རྟག་ཏུ་འཁྱམས་པར་གྱུར་ཏ་རེ། དང་དུ་བླང་བའི་དམ་ཚིག་ལྔ་ནི་རིགས་ལྔ་ཡེ་ཤེས་ལྔའི་དམ་ཚིག་གི་རྫས་སུ་གྱུར་པ་བདུད་རྩི་རྣམ་པ་ལྔ་སྟེ། འདི་དག་དང་དུ་བླང་བའང་འཕགས་པ་མཆོད་པའི་ཕྱིར་དང་། སློབ་མ་ལ་དབང་བསྐུར་བའི་ཕྱིར་དང་། དངོས་གྲུབ་སྒྲུབ་པའི་ཕྱིར་དང་། ལྷའི་བརྟུལ་ཞུགས་བླངས་ཏེ། དམ་ཚིག་གི་རྫས་སུ་མྱང་བར་བྱ་བའི་ཕྱིར་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་བཟློག་པའི་ཕྱིར་ཆོས་མཉམ་པའི་བརྟུལ་ཞུགས་ཀྱིས་གཙང་སྨེའི་རྣམ་རྟོག་བཟློག་པར་གསུངས་པ་ཡིན་ཏེ། འོན་ཀྱང་དངོས་གྲུབ་ཀྱི་རྒྱུར་ནི་དྲང་སྲོང་རྣམས་གཙང་མའི་ཟས་དང་། རྫས་དང་སྤྱོད་པ་ལས་ཀྱང་གྲུབ་པར་གྱུར་ལ། མཁའ་འགྲོ་མ་རྣམས་མི་གཙང་བའི་ཟས་དང་རྫས་དང་མི་ཚངས་པར་སྤྱོད་པ་ལས་ཀྱང་གྲུབ་པར་འགྱུར་ཏེ། ཇི་ལྟར་ཡང་སྒྲུབ་ཏུ་རུང་མོད་ཀྱི་ཆོས་མཉམ་པ་ཉིད་དུ་ལ་བཟླ་བའི་ཕྱིར་དང་དུ་བླང་བའི་དམ་ཚིག་གཙོར་གསུངས་པས། དེ་བས་ན་རྣལ་འབྱོར་བས་ཀྱང་དང་དུ་བླང་བའི་དམ་ཚིག་ལ་བརྟེན་ལ། མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་ལ་ཞེན་པར་མི་བྱའོ། །འོན་ཀྱང་གང་ཟག་ཕལ་པ་རྣམས་གཙང་སྨེ་མེད་དོ་ཞེས་བྱ་བའི་དམ་ཚིག་ཙམ་ལ་བརྟེན་ནས་བག་ཡོད་པ་བཏང་སྟེ། མཆོད་རྟེན་དང་སྐུ་གཟུགས་དང་གླེགས་བམ་ལ་སོགས་པ་ལ་བཀུར་བསྟི་དང་གཙང་སྦྲའི་ཡན་ལག་བཏང་ནས་བག་མེད་པར་རེག་ཅིང་འཇོག་པ་དང་། འགོམ་པ་ལ་སོགས་པས་སྨད་པ་ལ་སྦྱར་བར་བྱས་ན། མི་དགེ་བའི་འབྲས་བུར་གྱུར་པ་བདག་ཉིད་ལྟུང་བའི་ལས་སོགས་པར་གྱུར་ཏ་རེ། དེ་ལ་སྤྱད་པར་བྱ་བའི་དམ་ཚིག་ལྔ་ནི། སྦྱོར་བ་དང་། སྒྲོལ་བ་དང་། མ་བྱིན་པ་ལེན་པ་དང་། རྫུན་ཏུ་སྨྲ་བ་དང་། ངག་བརླང་པོ་སྟེ། འདི་ལྔའང་རིགས་ལྔའི་སངས་རྒྱས་ཀྱི་དམ་ཚིག་གི་མཛད་སྤྱོད་སེམས་ཅན་གྱི་དོན་བྱེད་པ་ལས་མི་འདའ་བའོ། །དེ་ལ་སྦྱོར་བ་ལ། གང་ལ་སྦྱར་བ་དང་། གང་གིས་སྦྱར་བ་དང་། དགོས་ཆེད་ཅིའི་ཕྱིར་སྦྱར་བ་དང་། ཚུལ་ཇི་ལྟར་སྦྱར་བ་དང་། སྦྱར་བའི་ཡོན་ཏན་གྱི་འབྲས་བུ་རྣམས་ཀྱིས་བསྟན་ ཏེ། དེ་ལ་གང་ལ་སྦྱར་བའང་། གཟུགས་མཚན་དང་ལྡན་པ། བྱང་ཆུབ་ཀྱི་སེམས་ཡོད་ཅིང་བདག་གིས་འདུལ་བར་གྱུར་པ། བདག་པོ་ཅན་དང་དམ་པ་ཆོས་ཀྱིས་བསྲུངས་བ་མ་ཡིན་ལ། ཁྱད་པར་དུ་རྡོ་རྗེ་སྤུན་དང་བླ་མ་ལྟ་བུའི་ཡིད་ཀྱིས་མ་གཟུང་བ། གསང་ཐུབ་ཅིང་བཅོས་ཀར་མི་འགྱུར་བ། འདི་ལྟ་བུ་དག་བཙལ་བར་གསུངས་སོ། །གང་གིས་སྦྱར་བའང་རྣལ་འབྱོར་པ་ཐེག་པ་ཆེན་པོའི་ལྟ་བ་གདེང་དུ་གྱུར་པ། སྤྱོད་པ་ལ་འཁུ་འཁྲིག་མེད་པ། ཏིང་ངེ་འཛིན་གྱིས་བྱིན་གྱིས་རློབ་པར་ནུས་པ་རྣམས་ཀྱིས་སྦྱར་བར་གསུངས་སོ། །ཅིའི་ཕྱིར་སྦྱར་བའང་། དེ་ཉིད་ཆགས་པས་གཟིར་བའི་སྡུག་བསྔལ་ཞི་བར་བྱ་བ་དང་། དེ་ཉིད་ལམ་དེ་ཉིད་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བར་བྱ་བ་དང་། དེ་ལྟ་བུས་འདུལ་བའི་འགྲོ་བ་ རྣམས་དྲང་བར་བྱ་བ་དང་། བུད་མེད་ཀྱི་ཡུལ་གྱི་སྒོ་ནས་འཕགས་པ་མཆོད་པར་བྱ་བ་དང་། དེ་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པ་དང་། དེ་ལྟ་བུའི་དམ་ཚིག་ནོས་པ་བསྲུང་བ་དང་། སློབ་མ་ལ་གསང་བའི་དབང་བསྐུར་བ་དང་། སློབ་མ་ལ་བདེ་བ་ཆེན་པོའི་མན་ངག་སྦྱིན་པ་དང་། ཤེས་རབ་ཆེན་པོའི་སྤྱོད་པས་ཆོས་མཉམ་པ་ཉིད་དུ་ལ་བཟླ་བའི་ཕྱིར་རིག་པའི་བརྟུལ་ཞུགས་སྤྱད་པར་བྱ་བ་རྣམས་ཀྱི་ཕྱིར་བུད་མེད་བསྟེན་པར་གསུངས་ཏེ། དེ་ལ་དམ་ཚིག་སྒྲུབ་པ་ལའང་། རྒྱན་གཅིག་པའི་དམ་ཚིག་དང་། སྨོན་ལམ་གཅིག་པའི་དམ་ཚིག་དང་། རིགས་ལྔ་ཚུལ་གཅིག་པའི་དམ་ཚིག་དང་། ཕྱལ་བའི་དམ་ཚིག་རྣམས་གང་ནོས་པ་གཅིག་སྤྱད་པར་གསུངས་ཏེ། བབ་ཆོལ་དུ་སྤྱད་པར་མ་གསུངས་སོ། །དེ་བས་ན་སྦྱོར་བའི་དམ་ཚིག་འདི་ལྟ་བུའང་། ཚངས་པར་སྤྱོད་པའི་སྡོམ་པ་མ་མནོས་པ་རྣམས་ཀྱིས་དགོངས་པ་བརྟགས་ཏེ། ཇི་ལྟར་རིགས་པ་ཙམ་ཞིག་སྒྲུབ་པར་རིགས་ཀྱི། གསང་བའི་ཐེག་པར་ཞུགས་པ་ཙམ་གྱིས་ཐམས་ཅད་ཀྱིས་སྒྲུབ་པར་ནི་མི་རིགས་ཏེ། གང་གི་ཕྱིར་འཕགས་པ་མཆོད་པའི་སྐབས་སུའང་། བསམ་སྦྱོར་དང་། དངོས་གཞི་དང་། མཇུག་རྣམས་ཀྱི་ལ་སོགས་པའི་བསམ་པ་དང་བྲལ་བ། མཆོད་པའི་ལྷ་མོ་བཞི་དང་བརྒྱད་དང་བཅུ་དྲུག་གི་མཆོད་པའང་ རྫོགས་པ། དགེ་བའི་ཆོས་བསྡུ་བ་ལས་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་དང་། སྐུ་གསུམ་ཡང་རྫོགས་པ། སེམས་ཅན་གྱི་དོན་བྱ་བ་ལས། ཕྲིན་ལས་རྣམ་པ་བཞི་ཡང་ལྷུན་གྱིས་གྲུབ་པར་རྫོགས་ཏེ། དེ་ལྟར་གཉིས་སུ་མེད་པའི་བདེ་བའི་སྦྱོར་བ་སྐད་ཅིག་མ་གཅིག་ལ་ཆོས་དེ་དག་ཐམས་ཅད་རྫོགས་པར་བསྒྲུབ་པོ། །ཞེས་གསུངས་ན། དེ་ལྟ་བུ་དག་ཤིན་ཏུ་ཡང་སྒྲུབ་པར་ཡང་དཀའོ། །གཞན་ཡང་སློབ་མ་ལ་བདེ་བ་ཆེན་པོའི་མན་ངག་སྦྱིན་པའི་སྐབས་སུའང་། ལན་འགའ་ཞིག་ལམ་གྱི་རྒྱུར་བསྟེན་གྱི་ཡང་དང་ཡང་དུ་བསྟེན་པ་ནི་མ་ཡིན་ཏེ་སྤང་བར་བྱའོ་ཞེས་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བའི་ཆོ་ག་ལ་སོགས་པ་ལས་གསུངས་ཏེ། དེ་བས་ན་གང་ཟག་ཐ་མལ་བས་ཡང་དང་ཡང་བསྟེན་པའང་མ་གནང་ངོ་། །ཡང་ནི་བུད་མེད་ལ་བརྟེན་པ་ལམ་དུ་གསུངས་པ་ འདི་དག་ཚངས་པར་སྤྱོད་པའི་སྡོམ་པ་གཟུང་བ་རྣམས་ཀྱི་ལམ་ཡིན་པར་མ་མཐོང་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་བཀའ་ཐམས་ཅད་ཀྱང་མདོ་གདུལ་བྱ་རྣམ་པ་གསུམ་གྱི་དབང་དུ་འདུས་པར་གསུངས་ཏེ། འདི་ལྟར་འདོད་པ་སྤངས་པ་དང་། མ་སྤངས་པ་དང་། ཤིན་ཏུ་ཡང་སྤྱད་པས་འདུལ་བའོ། །དེ་ལ་སྤངས་པའི་འདུལ་བའི་དབང་ནི་རབ་ཏུ་བྱུང་བ་བསྟན་པ་སྟེ། ཇི་ལྟར་འཛམ་བུ་གླིང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྟ་བུའོ། །མ་སྤངས་པ་རྣམས་ལ་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུའི་ཆ་ལུགས་སུ་སྣང་བའོ། །ཤིན་ཏུ་སྤྱད་པའི་འདུལ་བ་རྣམས་ནི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ལ། བཅོམ་ལྡན་རྡོ་རྗེ་འཆང་ ཆེན་པོ་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་ན་རྟག་ཏུ་བཞུགས་པར་སྣང་བ་ལྟ་བུའོ། །སྒྱུ་འཕྲུལ་ལས། སྐུ་གསུམ་གྱི་དཀྱིལ་འཁོར་བཀོད་པ་བསྟན་པའི་སྐབས་སུ། སྤྲུལ་པའི་སྐུ་ཐུབ་པ་དྲུག་གི་ཤེས་རབ་ཀྱི་ཆ་ཡུམ་གཟུགས་ཀྱི་སྐུར་མ་བསྟན་ཏེ། ཆོས་ཀྱི་དབྱིངས་སོ། །ཞེས་འབྱུང་ངོ་། །དེ་བས་ན་མཆོད་པའང་ལྷ་མོ་དབུལ་བ་མ་ཡིན་ནོ། །མདོ་སྡེ་དག་ལས་ཀྱང་དེ་བཞིན་གཤེགས་པ་ལ་ལ་ལ་བྱང་ཆུབ་སེམས་དཔའ་དག་མཉེས་པར་བྱ་བའི་ཕྱིར་རང་གི་ལུས་བུད་མེད་དུ་སྤྲུལ་ནས། དེ་བཞིན་གཤེགས་པའི་མདུན་ན་རྟག་ཏུ་གནས་སོ། །ཞེས་གསུངས་ཏེ། དེ་བས་ན་རབ་ཏུ་བྱུང་བ་ལ་བུད་མེད་བཀའ་རྣམས་ལས་ཀྱང་མ་གནང་ངོ་། །གཞན་ཡང་རབ་ཏུ་བྱུང་བ་ནི། འདོད་པ་དང་སྡིག་པ་མི་དགེ་བའི་ཆོས་སྤངས་ཏེ་ཚངས་པར་སྤྱོད་པ་ལ་ཞུགས་པ་། ཚངས་པར་སྤྱོད་པའི་སྡོམ་པ་ཡང་དག་པར་བླངས་པ། ཚངས་པར་སྤྱོད་པའི་རྟགས་བཟུང་བ། ཚངས་པར་སྤྱོད་པའི་ཆོ་ག་སྒྲུབ་པ་ལ་གནས་པ་ཡིན་ལ། བུད་མེད་ནི་མི་ཚངས་སྤྱོད་པའི་རྔོ་གཞིར་གྱུར་པ། འདོད་པའི་ལོངས་སྤྱོད་ཀྱི་གཞིར་གྱུར་པ། སྡིག་ཏོ་མི་དགེ་བའི་རྒྱུ་ཅན། གཙང་སྦྲ་ཐམས་ཅད་དང་མི་མཐུན་པ་སྟེ། དེ་བས་ན་རབ་ཏུ་བྱུང་བའི་དཀའ་ཐུབ་འཛིན་པ་རྣམས་ཀྱིས་བུད་མེད་ལ་བརྟེན་པར་འོས་པ་མ་ཡིན་ནོ། །ཇི་སྐད་དུ་ཤེས་རབ་མ་གཙོར་བསྟན་པའི་རྒྱུད་རྣམས་ལས། བུད་མེད་ལ་བརྟེན་ནས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་བསྐྱེད་པ་གཙོར་གསུངས་ཀྱང་། ཡང་རྒྱུད་དེ་དག་ཉིད་དུ་ལོངས་སྤྱོད་འཁོར་ལོའི་རྩ་གནན་པ་དང་། མེ་རླུང་སྐྱེད་པའི་ཐབས་ཀྱི་ཆོ་ག་གཞན་ཡང་གསུངས་པས་ལམ་གཅིག་ཁོ་ནར་ཆད་པའི་ངེས་པ་ཡང་མེད་དེ། སངས་རྒྱས་ཐམས་ཅད་ཀྱི་ལམ་གཅིག་པོ་ནི་ཤེས་རབ་དང་སྙིང་རྗེ་ཡིན་ཏེ། གཞན་དུ་ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་ཐམས་ཅད་ལ་འདི་ལ་མི་བརྟེན་དུ་མི་རུང་ངོ་། །ཞེས་རིས་སུ་ཆད་པ་མེད་དོ། །སྔོན་གྱི་སློབ་དཔོན་དག་གི་དབང་བསྐུར་བའི་ཆོ་ག་མཛད་པ་ལ་ལ་ལས་ནི། ཉོན་མོངས་པ་འདོད་པའི་དབང་དུ་མ་གྱུར་པ། དད་པ་དང་ཤེས་རབ་དང་ཏིང་ངེ་འཛིན་གྱིས་བློ་བྱིན་གྱིས་བརླབས་ན། ཤེས་རབ་ཡེ་ཤེས་ཀྱི་དབང་མནོས་ཀྱང་གཉིད་ཀྱིས་ནོན་པའི་རྨི་ལམ་ན་བུད་མེད་དང་ཕྲད་པ་དང་འདྲ་སྟེ་རྩ་བ་མི་འཆོར་རོ། །ཞེས་བཤད་པ་ཡང་སྣང་། ཁ་ཅིག་ལས་རབ་ཏུ་བྱུང་བའི་ཡུལ་མ་ཡིན་ནོ། །ཞེས་བཤད་པ་ཡང་སྣང་ན། ཡང་འདི་ལྟ་བུ་ནི་དད་པ་དང་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཆེ་བ་རྣམས་ལ་ལྟུང་བས་གོས་པར་མི་འགྱུར་བ་སྨོས་མི་དགོས་ཏེ། འོན་ཀྱང་རྩོད་པའི་དུས་ཀྱི་གང་ཟག་ཉོན་མོངས་པས་ཁེངས་པར་གྱུར་པ། ཤེས་རབ་དང་སྙིང་རྗེའི་རླན་གྱིས་བངས་པར་མ་གྱུར་པ། སྤྱོད་པ་གཞན་དབང་དུ་འཇུག་པ་རྣམས་ཀྱིས་སྐྱོན་གྱིས་གོས་པར་མི་འགྱུར་བ་ནི་ཤིན་ཏུ་སྒྲུབ་པར་དཀའ་འོ། །དེ་བས་ནི་འདི་ལྟ་བུ་ཡང་ཚངས་པར་སྤྱོད་པའི་སྡོམ་པ་མནོས་པ་རྣམས་ཀྱིས་སྒྲུབ་པར་མི་རིགས་སོ། །ཇི་ལྟར་སྦྱར་བ་དང་དེའི་ཡོན་ཏན་རྣམས་ནི་སྐབས་སྐབས་ཀྱི་ཤུགས་ཀྱིས་སྟོན་ཏེ་མང་དུ་མི་སྤྲོའོ། །བསྒྲལ་བའང་གང་བསྒྲལ་བ་དང་། གང་གིས་བསྒྲལ་བ་དང་། དགོས་བྱེད་ཅིའི་ཕྱིར་བསྒྲལ་བ་དང་། དེའི་ཚུལ་དང་། རྟགས་དང་། འབྲས་བུ་རྣམས་ཀྱིས་བསྟན་ཏེ། དེ་ལ་གང་བསྒྲལ་བ་ནི་ཐུགས་རྗེའི་ཞིང་བཅུ་ལྟ་བུའོ། །གང་གིས་བསྒྲལ་བ་ནི་རྣལ་འབྱོར་པ་རབ་ཡེ་ཤེས་ལྷའི་ཞལ་མཐོང་ཞིང་དངོས་གྲུབ་བརྙེས་པ། སེམས་ཅན་གནས་སྟོབས་པའི་རྟགས་དང་ལྡན་པའོ་ཞེས་འབྱུང་། ཐ་མའང་ལྟ་བ་གདེང་དུ་གྱུར་ཅིང་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལས་སུ་རུང་བས་སེམས་མཉམ་པར་བཞག་པ་ལ་དབང་ཐོབ་པ་རྣམས་ཀྱིས་བྱའོ། །ཞེས་འབྱུང་ངོ་། །དེ་ཡང་ངོ་ཐོན་དུ་བསྒྲལ་བའི་དབང་དུ་གསུངས་ཏེ། དྲག་པོའི་ཕྲིན་ལས་ཀྱིས་དགྲ་བགེགས་གདུལ་བ་ནི། བྱ་བའི་རྒྱུད་དུའང་སྔགས་པ་ཐ་མལ་པ་ལ་གནང་ངོ་། །ཅིའི་ཕྱིར་བསྒྲལ་བ་ནི། སེམས་ཅན་དེ་ཉིད་ངན་སོང་དུ་མི་གཏོང་བའི་ཕྱིར་དང་། དེས་འདུལ་བ་གདུལ་བའི་ཕྱིར་དང་། སེམས་ཅན་མང་པོ་བདེ་བར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་བསྟན་པ་གནས་པར་བྱ་བའི་ཕྱིར་དང་། བླ་མ་དང་གྲོགས་པོའི་དམ་ཚིག་སྲུང་བར་བྱ་བའི་ཕྱིར། གང་ཟག་ངན་པ་ཚར་བཅད་ཅིང་དྲག་པོའི་ལས་བསྒྲུབ་པར་བྱའོ། །གཞན་སྐྱེ་བ་བདུན་ལྟ་བུ་དངོས་གྲུབ་ཀྱི་རྫས་སུ་གསུངས་པ་རྣམས་ནི། དངོས་གྲུབ་ཀྱི་རྫས་ཡིན་ཡང་བསྒྲལ་བའི་ཞིང་མ་ཡིན་པ་བསྒྲལ་དུ་མི་གནང་། དམ་རྫས་སུ་ནི་སྤྱད་དོ། །ཞེས་འབྱུང་ངོ་། །འབྲས་བུ་ཆེན་པོ་ལྔར་གཏོགས་པ་གཞན་ཡང་གྲུབ་པའི་རྫས་སུ་སྤྱད་པའང་གང་ཟག་ཕལ་པའི་ཡུལ་མ་ཡིན་ཏེ། འདི་ལྟར་གང་ཟག་ཕལ་པ་རྣམས་ལ་དོན་དམ་པའི་རྟགས་བཞི་དང་། ཀུན་རྫོབ་ཀྱི་རྟགས་བཞི་དང་ཡང་མི་ལྡན་ལ་མཉེས་པ་ལྔ་དང་། སྟོབས་པ་ལྔ་དང་། སྐོངས་པ་ལྔ་དང་། གྲུབ་པ་ལྔ་དང་ཡང་མི་ལྡན་པའི་འདོད་ཆགས་ཀྱིས་སྲོག་གཅོད་པ་ཟད་དེ། ཤིན་ཏུ་རྣམ་པར་སྨིན་པ་ལྕི་བའི་གཙོ་བོར་གྱུར་པ་ལུས་ཅན་རྣམས་ཀྱི་སྲོག་གཅོད་པ་འདི་ནི་གང་ཟག་ཕལ་པ་རྣམས་ཀྱིས་རྩལ་སྦྱང་བའི་གནས་མ་ཡིན་ནོ། །དེ་ལྟར་སྦྱོར་སྒྲོལ་གྱི་དོན་ཅུང་ཟད་བསྟན་པ་འདི་དག་ནི་མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ཙམ་གྱི་དབང་དུ་བཤད་པ་སྟེ། སྦྱོར་སྒྲོལ་སྤྱིའི་དོན་ནི། སྦྱོར་བ་ནི་ཤེས་རབ་ཀྱི་སྤྱོད་པ། སྒྲོལ་བ་ནི་སྙིང་རྗེའི་སྤྱོད་པ་སྟེ་ཤེས་རབ་དང་སྙིང་རྗེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད། རྡོ་རྗེའི་རིགས་ཀྱི་ཁྱད་པར་གྱི་དམ་ཚིག་གོ །དེ་ཡང་ལྟ་བས་ཐག་བཅད་པ་དང་། ཉམས་སུ་ཏིང་ངེ་ འཛིན་གྱིས་བླང་བ་དང་། ལ་སྤྱོད་པས་དོར་བའི་དབང་གིས་སྦྱོར་སྒྲོལ་རྣམ་པ་ལྔ་གསུངས་ཏེ། འདི་ལྟར་རང་བཞིན་གྱི་སྦྱོར་སྒྲོལ་དང་། དབང་པོའི་ཡུལ་དུས་ཀྱི་སྦྱོར་སྒྲོལ་དང་། ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། ཐབས་ལ་མཁས་པའི་སྦྱོར་སྒྲོལ་དང་། མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལོ། །དེ་ལ་རང་བཞིན་གྱི་སྦྱོར་སྒྲོལ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཕྱིར་སེམས་ཅན་ཐམས་ཅད་ནི་རང་བཞིན་གྱིས་མྱ་་ངན་ལས་འདས་པའི་དབྱིངས་ལ་གནས་ཏེ། དེ་ལྟར་རིག་པ་ནི་སྦྱོར་བ་ཆེན་པོའོ། །འབྱོར་ན་ཐམས་ཅད་རང་བཞིན་གྱིས་གྲོལ་བས་སྒྲོལ་བ་ཆེན་པོ་ཞེས་ཀྱང་བྱའོ། །དབང་པོ་ཡུལ་དུས་ཀྱི་སྦྱོར་སྒྲོལ་ནི། དབང་པོ་དྲུག་ནི་ཐབས་ཀྱི་རང་བཞིན་ཏེ་རིགས་དྲུག །ཡུལ་དྲུག་ནི་ཤེས་རབ་ཀྱི་རང་བཞིན་ཏེ་ཡུལ་དྲུག །རྣམ་པར་ཤེས་པ་དྲུག་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཏེ་ཆོས་ཀྱི་སྐུའི་རང་བཞིན་པས། དེ་ལྟར་རིག་པ་ནི་སྦྱོར་བའོ། །འབྱོར་ན་ཐམས་ཅད་གྲོལ་བར་ཡང་རང་རིག་སྟེ། དེ་བས་ན་འདི་གཉིས་ནི་བདེན་པ་གཉིས་ཀྱི་ཚུལ་གྱིས་ལྟ་བར་ཤེས་པར་བྱའོ། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་ནི། འདི་དག་ཉིད་གོམས་པར་བྱེད་པའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཇི་སྐད་བསྟན་པའི་དོན་བསྒོམ་པ་དང་། ཏིང་ངེ་འཛིན་གྱི་སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པ་རྣམས་སོ། །ཐབས་ལ་མཁས་པའི་སྦྱོར་སྒྲོལ་ནི། སེམས་ཅན་འཁོར་བའི་རྒྱ་མཚོ་ན་གནས་པ་རྣམས་ཐེག་པ་གསུམ་གྱི་ཐབས་ཀྱིས་བསྒྲལ་ནས་བྱང་ཆུབ་རྣམ་གསུམ་ལ་སྦྱོར་བའོ། །མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ནི། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདག་དང་གཞན་གྱི་དོན་བསྒྲུབ་པ་དང་། ཐབས་ཀྱིས་གདུལ་བའི་སྐལ་བ་དང་མི་ལྡན་པ་རྣམས་ཐུགས་རྗེའི་མངོན་སྤྱོད་ཀྱིས་སྒྲུབ་པ་གསུངས་པ་རྣམས་སོ། །དེ་བས་ན་སྦྱོར་སྒྲོལ་གྱི་དོན་གྱིས་ནི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སྤྱིར་བསྡུས་པར་ཤེས་པར་བྱའོ། །དེ་ལ་མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། ངག་བརླང་པོ་རྣམས་ཀྱང་སྙིང་རྗེའི་སྤྱོད་པ་སྟེ། གོང་དུ་བསྟན་པ་བཞིན་དུ་མཐུན་འཇུག་འཚམ་པའི་སྤྱོད་པས་འགྲོ་བ་འདུལ་བར་སྤྱོད་དོ། །ཤེས་པར་བྱ་བའི་དམ་ཚིག་ལྔ་ནི། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཉེ་བར་ལེན་པའི་ཕུང་པོ་ལྔར་འདུས་ལ། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱང་རིགས་ལྔ་ཡེ་ཤེས་ལྔར་འདུས་ཏེ། དེ་གཉིས་ཀྱང་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པར་རྟོགས་པ་ནི་ཤེས་པར་བྱ་བའི་དམ་ཚིག་གོ །བསྒྲུབ་པར་བྱ་བའི་དམ་ཚིག་ནི། དེ་ཉིད་གོམས་ཤིང་ཀློང་དུ་གྱུར་པར་བྱ་བ་ཉིད་དོ། །ཚུལ་དེ་དག་ཉིད་ལ་རྣལ་འབྱོར་གྱི་སྤྱིའི་སྤྱོད་པའི་དམ་ཚིག་ཉི་ཤུ་རྩ་བརྒྱད་དོ་ཞེས་གྲགས་སོ། །ཚུལ་དེ་དག་བསྲུང་བར་བྱ་བ་ལ་རྩ་བའི་ལྟུང་བ་ཆེན་པོ་བཞིར་གྲགས་པ་ནི། སྙིང་ནས་རྡོ་རྗེ་སློབ་དཔོན་གྱི་སྐུ་སྨད་པ་དང་། བྱང་ཆུབ་ཀྱི་སེམས་གཏན་སྤངས་པ། མཉམ་པ་ཉིད་ཀྱི་ཆོས་སུན་ཕྱུང་བ། རྡོ་རྗེ་མཆེད་ལ་འཁུས་པ་སྟེ། འདི་དག་ནི་མི་བཟད་པ་ཆེན་པོའི་ལས་ཞེས་གྲགས་སོ། །གཞུང་ལ་ལ་ལས་སྤྱི་དང་ཁྱད་པར་དང་ལྷག་པའི་དམ་ཚིག་ཏུ་གྲགས་པ་ནི། རྡོ་རྗེ་བཀོད་པ་ལས་རིག་འཛིན་མིའི་ཐོད་པ་ཅན་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དམ་ཚིག་གི་བཤགས་པ་གསོལ་བ་ལས། འདི་སྐད་དུ། ཐུགས་རྗེའི་གདུང་འཚོབ་རྡོ་རྗེ་ཐོད་པ་ཅན། །བདག་ཅག་དྲེགས་པའི་བདག་པོ་འདིར་ཚོགས་ཀུན། །འགྲོ་བའི་དོན་ཕྱིར་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་ཐོབ་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོའི་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲའོ་འཚལ། །ཞེས་གསུངས་པ་ལྟ་བུ་སྟེ། དེ་ཡང་གཞུང་དང་ལྷ་དང་གང་ཟག་རྣམས་ཀྱི་དབང་ལས་སྤྱི་དང་ཁྱད་པར་དང་ལྷག་པའི་དམ་ཚིག་རྣམས་སུ་བསྟན་པ་ནི་གོང་དུ་བསྟན་ཟིན་ཏོ། །རྣལ་འབྱོར་ཆེན་པོའི་གཞུང་དུ་ཅུང་ཟད་བྱེ་བྲག་ཏུ་གསུངས་པ་རྣམས་འདིར་བསྟན་པར་བྱ་སྟེ། དེ་ལ་སྤྱིའི་དམ་ཚིག་ནི་བརྟུལ་ཞུགས་ཀྱི་དམ་ཚིག་དང་། སྤྱད་པའི་དམ་ཚིག་དང་། རྒྱུན་གྱི་དམ་ཚིག་རྣམས་སུ་གྲགས་སོ། །དེ་ལ་བརྟུལ་ཞུགས་ཀྱི་དམ་ཚིག་ནི། དཔེའི་སྒོ་ནས་བསྟན་ཏེ་འདི་སྐད་དུ། བརྟུལ་ཞུགས་སྤྱོད་པའི་དམ་ཚིག་ནི། །དམ་ཚིག་ཀུན་གྱི་ཐོག་མར་འགྲོ། །༼ཝ་ལྟ་བུ། ༽ཝ་དང་ཅང་ཤེས་གྱི་ལིང་༼རྟ་ལྟ་བུ། ༽དང་། །བླང་དོར་མི་འབྲལ་མཁོན་ཆེན་༼ཉི་མ། ༽་བདག །༼གླང་པོ་ཆེ་ལྟ་བུ། ༽ཤིན་ཏུ་གླང་ཆེན་མྱོས་འདྲའི་སེམས། །དཔའ་བརྟུལ་སྟག་ནི་རྔམ་ཞིང་གཏུམ། །༼གནས་སྐབས་སུ་སྟག་ལྟ་བུ། ༽༼ཁྱུང་ལྟ་བུ། ༽མཁའ་ལྡིང་ཁྱུང་ཆེན་ལྟག་མི་ལྟ། །༼དོམ་ལྟ་བུའི་བརྟུལ་ཞུགས། ༽གཏུམ་ཐུང་དོམ་ཆེན་གདོང་གཅིག་པ། །༼གསེར་ལྟ་བུ་བརྟན་པ། ༽ཡིད་ཐུབ་མི་ལྡོག་རྒྱ་མཚོའི་གཏེར། །༼ལུག་ལྟ་བུ། ༽གཏི་མུག་ལྐུག་པའི་བློ་ཚུལ་ལྡན། །༼རི་བོ་ལྟར་བརྟན་པ། ༽རི་བོ་མི་འགྱུར་བརྟན་པ་ཆེ། །༼ནམ་མཁའ་ལྟར་ཀུན་ཤོང་། ༽མཁའ་ལྟར་ཡངས་དོག་ཀུན་དང་བྲལ། །༼སྐབས་སུ་དྲག་ཤུལ་སྤྱད། ༽གནམ་ལྕགས་ལྕེ་ཡི་དྲག་ཤུལ་ཅན། །ཕྱག་ན་རྡོ་རྗེ་༼ལྟར་བརྟན་པ། ༽བརྟུལ་ཞུགས་བདག །༼རིག་པ་དང་ལྡན་པ། ༽ཟོན་བག་ཁུ་འཁྲིག་ཁྭ་རོག་སེམས། །དེས་པའི་ང་རྒྱལ་གླང་༼གླང་པོ་ཆེ་ལྟ་བུ། ༽ཚུལ་ལྡན། །ཟླ་བྲལ་༼གཅིག་པུར་གནས། ༽སེང་གེ་རི་དྭགས་རྒྱལ། །རེག་འཇམ་བྱ་ལྟར་༼ལས་ཐོག་པ་མེད་པར་སྤྱད། ༽ཆགས་འགྲོགས་བློ། །གཡོ་ལྡན་ལྕག་ཆེན་སྒྱུ་མའི་སྐུ། །༼གཙང་སྨེ་མེད་པ་ཀུན་སྤྱད། ༽གཙང་སྨེ་མེད་པ་ཀུན་སྤྱོད་པ། །༼གནས་སྐབས་སུ་གསོད་སྤྱོད་ལ་དགའ་བ། ༽ཐོགས་མེད་གཅོད་སྤྱོད་ལྕེ་སྤྱང་ཁ། །༼སྐབས་སུ་སྟག་ལྟ་བུ། ༽ཆེ་བའི་ང་རྒྱལ་སྟག་མཆོག་བློ། །༼གནས་སྐབས་སུ་འཛེམ་བག་བྱ། ༽ཀུན་འཛེམ་བློ་ལྡན་ནམ་མཁའ་ལྡིང་། །ས་ཕུག་བག་ལེན་རྒྱལ་འཁོར་སྐྱོང་། །རྣལ་འབྱོར་བརྟུལ་ཞུགས་ཆེན་པོ་ནི། །བཅུ་གཉིས་དང་ནི་གསུམ་བློར་ལྡན། །གོམས་ནས་ཉམས་སུ་ལེན་བྱེད་པ། །རྣལ་འབྱོར་གསང་བའི་བཀའ་བ་ཡིན། །ཞེས་གསུངས་པའོ། །སྤྱད་པར་བྱ་བའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ནི་གོང་དུ་བསྟན་པར་ཟད་དོ། །རྒྱུན་གྱི་དམ་ཚིག་ནི། གཉིད་དང་། ཆང་དང་བྱེད་པ་དང་། མི་ཚིག་སྨྲ་བ་དང་། ལེ་ལོ་རྣམས་སྤངས་ཏེ། དངོས་གྲུབ་ཀྱི་གེགས་རྣམས་བསལ་ཏེ། བདུད་ལྔ་བཟློག་པ་དང་། དགྲ་བཞི་སྤང་བའོ། །དེ་ལ་བདུད་ལྔ་ནི། རྣམ་རྟོག་འཁྲིག་པའི་བདུད། བཏང་སྙོམས་ལེ་ལོའི་བདུད། ལོངས་སྤྱོད་འདུ་འཛི་གཡེང་བའི་བདུད། ཚིག་རྩུབ་མཚོན་ཆ་རྣོན་པོའི་བདུད། ཁྲོ་གཏུམ་ངང་ཐུང་འཁྲུག་པའི་བདུད་རྣམས་ཏེ། འདི་རྣམས་ནི་ཡང་དག་དོན་ལ་སྒྲིབ་པའི་བདུད་ལྔའོ། །ཞེས་འབྱུང་། དགྲ་བཞི་ནི། གསང་བ་འཕེལ་བས་དཔྱས་ཀར་འགྱུར་བའི་དགྲ་དང་། བཀའ་གཞུང་ལོག་པར་སྤྱད་པས་བར་ཆད་འབྱུང་བའི་དགྲ་དང་། རྩ་བ་ཡལ་བར་ཤོར་བའི་བཀའ་ཆད་ཆེན་པོ་འབབ་པའི་དགྲ་དང་། འབད་པའི་རྩལ་ཤུགས་ཆུང་བས་འབྲས་བུ་འཕྲོག་པའི་དགྲ་སྟེ་རྣམ་པ་བཞིའོ། །ལྷག་པའི་དམ་ཚིག་ནི། བརྡའི་སྒོ་ནས་བསྟན་ཏེ་འདི་སྐད་དུ། དེ་ལྟར་སྤྱིའི་སྡོམ་པ་ལ། །གནས་ནས་དུས་ཀྱི་སྐབས་འདི་རུ། །བསྲུང་བྱ་ཐུབ་པར་བྱ་བ་ནི། །མི་ཤིགས་༼རྡོ་རྗེ་རྒྱལ་པོས་ས་ཐུབ་པར་བྱ། ༽པ་ནི་སེང་གེ་སྟེ། །གཅན་གཟན་རྒྱལ་༼སློབ་དཔོན་གཉན་པར་བཀུར། ༽པོ་ཡིན་པས་སོ། །༼སློབ་དཔོན་གྱིས་གཟུངས་མ་ལ་མི་འཇུག༽ཟ་མ་ཏོག་ནི་འདོད་པའི་གཏེར། །དུག་སྤྱོ་བ་ནི་དེར་མི་རིགས། །༼རང་གི་བྱང་ཆུབ་ཀྱི་སེམས་མི་སྤོང་། ༽རིན་ཆེན་མྱུ་གུ་ལྕུག་ཕྲན་དག །དེ་ནི་བྲེག་པའི་རིགས་མ་ཡིན། །༼རྫས་ལ་བབ་ཆོལ་དུ་མི་བཟའ། ༽གངས་ཀྱི་ཞུན་ཆུ་ཁོལ་མ་དག །མཁས་པས་བཏུང་བར་བྱ་བ་མིན། །༼གྲོགས་ཀྱི་གཟུངས་མ་མི་བརྟེན། ༽པད་མའི་ཟེ་འབྲུ་ཁ་མ་ཕྱེ། །ཟླ་ཟེར་མ་ཡིན་ཁ་མི་དབྱེ། །མ་བརྟགས་བུག་རྡོལ་ཅན་གྱི་སྣོད། །༼གཟུངས་མ་མཚན་ངན་མི་བརྟེན། ༽ཁ་མི་དབྱེ་ཞིང་བཅུད་མི་བླུག །༼རྫས་མཚན་ངན་མི་སྤྱད། ༽དོན་དང་མི་ལྡན་བཅོས་མའི་རྟགས། །བསྲེལ་ཞིང་སྤྱད་པར་བྱ་བ་མིན། །༼གྲོགས་ཀྱི་ཡོན་ཏན་མི་བསྲུབ། ༽ཤེལ་དཀར་རིན་ཆེན་སྒོ་ང་དང་། །འདམ་ཁུང་རྫབ་ཏུ་བསྲུབ་མི་བྱ། །༼གསང་སྔགས་རྒྱུད་ངན་ལ་མི་དབོག ༽སེང་གེ་དཀར་མོའི་འོ་མ་དག །དུག་ཅན་སྣོད་དུ་བླུག་པ་མིན། །༼རང་གི་སེམས་མི་གསད། ༽ཡིད་བཞིན་ནོར་བུ་རིན་པོ་ཆེ། །བསྲེག་པར་བྱ་བ་ཡང་མ་ཡིན། །༼ཐབས་ཤེས་རབ་ཡ་མ་བྲལ། ༽ཁྱུང་ཆེན་གཤོག་པ་མཁར་བརྐྱང་བ། །དེ་དག་བཅག་པར་བྱ་བ་མིན། །༼བཀའ་ལ་གཟུ་ལུམ་རས་ཆོད། ༽གནམ་ལྕགས་མེ་མི་ངུར་མོ་དག །བརྡབ་པར་བྱ་བ་མ་ཡིན་ནོ། །༼གཞན་གྱིས་སྤྱད་པའི་རྫས་ཀྱི་ལྷག་མ་མི་སྒྲུབ། ༽སྟག་གཟིག་འདྲོམ་པས་ལས་བྱས་པའི། །ལས་ཀྱི་ལྷག་མ་བསྡུ་མི་བྱ། །༼ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་མི་བཤིག༽རྡོ་རྗེ་བྲག་ཆེན་གཏམས་པའི་གཞི། །དེ་དག་གཞིག་པར་བྱ་བ་མིན། །༼གོ་ཚགས་བརྟན་པ་དམ་བཅའ་རལ་དུ་མི་འཇུག༽རྡོ་རྗེ་རྭ་བའི་གོ་ཚགས་ནི། བསྡམས་བྱ་བྲལ་བར་བྱ་བ་མིན། །༼ཏིང་ངེ་འཛིན་ལས་མ་ཡེངས་པར་བྱ། ༽དུག་ཤིང་སྲེག་པའི་སྒྲོན་མ་དག །གཡེང་བའི་རླུང་གིས་བསྐྱོད་མི་བྱ། །༼གསང་སྔགས་རྒྱུན་མི་གཅད། ༽རྡོ་རྗེ་ཚིག་གི་ཆུ་རྒྱུན་དག །འོལ་ཀར་གཅད་པར་བྱ་བ་མིན། །༼རྟག་ཏུ་ཕྱག་རྒྱ་བཅའ། ༽རྒྱལ་བའི་བཀའ་རྟགས་ཕྱག་རྒྱ་དག །ནམ་ཡང་དབྱེ་བར་མི་བྱའོ། །༼སྟན་མི་སྤྲུག༽རྡོ་རྗེ་ཕ་ལམ་གཏམས་པའི་མཁར། །རྨང་ནས་བཟློག་པར་མི་བྱའོ། །༼རྒྱལ་མཚན་བླ་མ་དང་དཀྱིལ་འཁོར་དང་མི་འབྲལ། ༽གཙུག་གི་ནོར་བུ་འབར་བ་དག །རྒྱལ་མཚན་རྩེ་ལས་དབོག་མི་བྱ། །རྣལ་འབྱོར་ལས་ཀྱི་ཁྱད་པར་དག །སྐལ་ཅན་རྣམས་ཀྱི་དམ་ཚིག་སྟེ། །སྐལ་བར་ལྡན་པའི་ནོར་མཆོག་ཡིན། །ཞེས་གང་གསུངས་པ་རྣམས་སོ། །ཐེག་ཆེན་མདོ་སྡེ་ཐམས་ཅད་དང་། །དེ་བཞིན་ཀྲི་ཡའི་ཁྱད་པར་གྱིས། །གསལ་བར་མ་གྱུར་གང་ཡང་མེད། །ཡེ་ཤེས་ཀུན་གྱིས་ཁྱད་པར་གྲུབ། །ཅེས་གསུངས་པ་འདིར། ཆོས་ཀྱི་དབྱིངས་ཀྱང་ཡེ་ཤེས་སུ་བཞེད་དོ། །ཚོགས་ཀྱི་དམ་ཚིག་ནི། དམ་ཆོས་དངོས་དང་སྤྱོད་པ་དང་། །རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱིས། །ཚོགས་སུ་མ་གྱུར་གཅིག་ཀྱང་མེད། །འདི་ནི་ཚོགས་ཀྱི་དམ་པའོ། །ཞེས་གསུངས་ཏེ། འདིར་སྔགས་ཀྱི་སྤྱོད་པ་ཐམས་ཅད་རྣམ་པར་དག་པའི་ཚོགས་སུ་ལྟའོ། །སངས་རྒྱས་ཀྱི་སའི་དམ་ཚིག་ནི། ཉན་ཐོས་རང་རྒྱལ་ཐམས་ཅད་དང་། །དེ་བཞིན་དབུ་མའི་ཁྱད་པར་དང་། ཀྲི་ཡའི་ཡོན་ཏན་ཁྱད་པར་གྱིས། །རྡོ་རྗེ་འཛིན་གྱི་གནས་སུ་དམིགས། །ཞེས་གསུངས་ཏེ། འདིར་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་སངས་རྒྱས་ཀྱི་སར་ལྟ་སྟེ། གྲུབ་པའི་སངས་རྒྱས་ཀྱི་ས་ནི་མ་ཡིན་ནོ། །འོག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཕྲིན་ལས་ཀྱི་དམ་ཚིག་ནི། ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་མངོན་སྤྱོད་ཕྲིན་ལས་ཏེ། །གཙང་མར་སྤྱོད་པའི་འཕྲིན་ལས་ཀྱིས། །སེམས་ཅན་དོན་ལ་རབ་ཏུ་བརྩོན། །ཞེས་པའོ། །དམ་ཚིག་གི་སྒྲིབ་པ་ནི། ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ། །དམ་ཚིག་སྒྲིབ་པ་གང་ཡིན་པ། །བདག་གིས་དེ་དག་རབ་གསལ་ནས། །སྐད་ཅིག་གཅིག་གིས་བྱང་ཆུབ་འགྲུབ། །ཅེས་བྱ་བ་གསུངས་པའོ། །དམ་ཚིག་གི་རིག་འཛིན་གྱི་ས་ནི། དེ་བཞིན་དམ་ཚིག་སྤྱོད་པ་དང་། །ལྟ་བ་ཡེ་ཤེས་ཚོགས་ཀྱིས་ནི། །སངས་རྒྱས་ཕྲིན་ལས་ཀུན་ཏུ་རྫོགས། །དེ་ནི་རིག་འཛིན་ས་ཡིན་ནོ། །ཞེས་གསུངས་ཏེ། དམ་ཚིག་གི་ཡོན་ཏན་ཆེན་པོ་རྫོགས་པ་ཉིད་རིག་འཛིན་གྱི་ས་ཡིན་པར་བཞེད་དོ། །དམ་ཚིག་གི་ཆད་པ་ནི། དམ་ཚིག་ཉམས་དང་ལྟ་བ་ཉམས། །དེ་བཞིན་སྤྱོད་པ་ཉམས་པ་དག །སངས་རྒྱས་འབྲས་བུ་མི་ཐོབ་སྟེ། །འདི་ནི་དམ་ཚིག་ཆད་པ་ཡིན། །ཞེས་གསུངས་པའོ། །རྣལ་འབྱོར་གྱི་དམ་ཚིག་རྩལ་གྱི་ཁྱད་པར་རྣམས་ལ། བསྲུང་བའི་དམ་ཚིག་ནི། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །རྡོ་རྗེ་སློབ་དཔོན་ལྷ་ལྟར་དམིགས། །རྡོ་རྗེ་སྤུན་དང་མིང་སྲིང་དང་། །དབང་མ་ཐོབ་པ་འཆད་པ་དང་། །ལྟ་བ་དམན་པའི་གང་ཟག་སྨོད། །རྡོ་རྗེ་དྲིལ་བུ་བཅང་བར་བྱ། །ཞེས་གསུངས་ཏེ། རྩ་བ་འདི་དག་ཀྱང་དངོས་གཞི་འདྲ་མོད་ཀྱི། ཅུང་ཟད་དུ་ན། རྡོ་རྗེའི་རིགས་ཀྱི་དམ་ཚིག་གཙོ་བོར་སྟོན་ཅིང་། དབང་གི་བྱེ་བྲག་རྒྱས་པར་སྒྲུབ་པ་དང་། མཉམ་པའི་ལྟ་བ་གཙོར་སྒྲུབ་པའོ། །སྤྱོད་པའི་དམ་ཚིག་ནི། ཏིང་ངེ་འཛིན་གྱིས་གཙོར་བླང་སྟེ། ཇི་ལྟར་དམ་ཚིག་སྤྱོད་པ་རྣམས། །གཞུང་དང་མཐུན་པར་ཤིན་ཏུ་སྤྱད། །སྦྱོར་དང་སྒྲོལ་དང་ཨ་མྲྀ་ཏ། །འདི་རྣམས་སྤྱད་པར་མ་གསུངས་སོ། །ཞེས་གསུངས་ཏེ། འདིར་མཉམ་པ་ཉིད་ཀྱི་མཛད་སྤྱོད་ཀྱི་བརྟུལ་ཞུགས་སུ་སྤྱོད་པ་རྣམས་ནི་མ་གནང་སྟེ། གཞན་ནི་གོང་དུ་བསྟན་ཟིན་ཏོ། །ལྟ་བའི་དམ་ཚིག་ནི། ཏིང་ངེ་འཛིན་གྱིས་གཙོར་སྒྲུབ་སྟེ། ཡེ་ཤེས་སེམས་དཔའ་གྲོགས་སུ་དམིགས། །ཡིད་ཀྱིས་མངོན་སུམ་སྤྱན་དྲངས་ལ། །བདག་གི་ཁོང་དུ་ཞུགས་པར་བསམ། །ཞེས་གསུངས་ཏེ། འདི་ཡང་བདག་ལ་བསྟིམ་ཞིང་། རབ་ཏུ་གསང་བའི་མཆོད་པ་དབུལ་བ་ལྟ་བུའི་དབང་དུ་གསུངས་ནས། གྲོགས་པོར་དམིགས་ཞེས་གསུངས་ཏེ། ཁྱད་པར་མི་འདོད་པ་ནི་མ་ཡིན་ནོ། །ཡེ་ཤེས་ཀྱི་དམ་ཚིག་ནི། ཉན་ཐོས་རང་རྒྱལ་དབུ་མ་དང་། །དེ་བཞིན་ཀྲི་ཡའི་གཞུང་ལུགས་རྣམས། །གཞན་ཡང་སྤྱོད་པ་ཐམས་ཅད་ཀུན། །གསལ་བར་མ་གྱུར་གཅིག་ཀྱང་མེད། །ཅེས་གསུངས་པའོ། །ཚོགས་ཀྱི་དམ་ཚིག་ནི། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས། །ཡང་ནས་ཡང་དུ་རབ་ཏུ་བརྟག །དེ་ལྟར་ཀུན་དུ་བརྟག་བྱས་ནས། །ཚོགས་སུ་མ་གྱུར་གཅིག་ཀྱང་མེད། །ཅེས་གསུངས་པའོ། །སངས་རྒྱས་ཀྱི་སའི་དམ་ཚིག་ནི། །ཡི་གེ་ཨ་ཡི་རང་བཞིན་དུ། །མ་གྱུར་པ་ནི་གཅིག་ཀྱང་མེད། །བདག་དང་སངས་རྒྱས་སེམས་ཅན་རྣམས། །དབྱེ་བར་བྱ་བ་རྡུལ་ཙམ་མེད། །ཅེས་གསུངས་ཏེ། རང་བཞིན་རྣམ་པར་དག་པ་དང་། ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་བྱིན་གྱི་བརླབ་ཀྱིས། གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ལ་ཁྱབ་སྟེ། ཆོས་ཐམས་ཅད་རང་བཞིན་གྱི་དཀྱིལ་འཁོར་རོ། །ཞེས་གྲགས་སོ། །ཕྲིན་ལས་ཀྱི་དམ་ཚིག་ནི། ཏིང་ངེ་འཛིན་གྱིས་དབང་བསྐུར་ནས། །འོད་ཟེར་འཕྲོ་འདུ་མང་པོ་དང་། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །སེམས་ཅན་མང་པོའི་དོན་བྱའོ། །ཞེས་གསུངས་པའོ། །དམ་ཚིག་གི་སྒྲིབ་པ་ནི། ཏིང་ངེ་འཛིན་གྱིས་གཙོར་བྱས་ནས། །ཉན་ཐོས་རང་རྒྱལ་ཐམས་ཅད་དང་། །དབུ་མ་ཀྲི་ཡ་ལ་སོགས་པའི། །སྒྲིབ་པ་མ་བྱང་གཅིག་ཀྱང་མེད། །ཅེས་གསུངས་ཏེ། ཏིང་ངེ་འཛིན་ཉམས་པ་ཉིད་དམ་ཚིག་གི་སྒྲིབ་པའོ། །དམ་ཚིག་གི་རིག་འཛིན་གྱི་ས་ནི། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས། །ཇི་ལྟར་དམ་ཚིག་སྤྱོད་པ་དང་། །ལྟ་བའི་ཡེ་ཤེས་གསལ་གྱུར་ན། །དེས་ནི་རིག་པ་འཛིན་པའི་ས། །ཞེས་གསུངས་ཏེ། དམ་ཚིག་གི་ཡོན་ཏན་ཆེན་པོ་རྣམས་རྫོགས་པ་ཉིད་རིག་འཛིན་གྱི་སར་བཞེད་དོ། །དམ་ཚིག་གི་ཆད་པ་ནི། དབུ་མ་རྣམས་ཀྱི་ལྟ་བ་དང་། །དེ་བཞིན་ཀྲི་ཡའི་དམ་ཚིག་གི །ལྟ་སྤྱོད་མ་རྟོགས་གཅིག་ཀྱང་མེད། །འདི་ལ་ཆད་པའི་གནས་མེད་དོ། །ཞེས་གསུངས་ཏེ། འདི་ལྟར་ཏིང་ངེ་འཛིན་དང་ཤེས་རབ་ཀྱིས་རྟོགས་ན་ནི། ཆད་པའི་གནས་མེད་པར་གསུངས་ཏེ། དེ་ལྟར་མ་གྱུར་ཏེ། དམ་ཚིག་ཆེན་པོ་རྣམས་ལས་ཉམས་པར་གྱུར་ན། བཀའ་ཆད་ཀྱི་གནས་སུ་གྱུར་ཏེ། འབྲས་བུ་མི་ཐོབ་ཅིང་སྡུག་བསྔལ་ཆེན་པོའི་གནས་སུ་ལྟུང་བར་འགྱུར་རོ། །ད་ནི་རྣལ་འབྱོར་ཆེན་པོའི་རྩལ་འཕང་གི་དམ་ཚིག་རྣམས་བསྟན་པར་བྱ་སྟེ། དེ་ཡང་འདིར་རྩ་བའི་དམ་ཚིག་ལ་སོགས་པ་བྱ་བའི་རྒྱུད་དང་མཐུན་པ་རྣམས་ནི། ཁྱད་པར་སྟོན་པའི་སྐབས་ཡིན་པས་མི་སྨོས་སོ། །རྩལ་འཕང་གི་ཁྱད་པར་བསྟན་པའི་དབང་དུ་བྱས་ནས། ཀུན་ཏུ་བཟང་པོ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པར་བྱེད་པ་ལ། ཆོས་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱི་བློ་རྩལ་གྱི་ཁྱད་པར་ལས། རྣལ་འབྱོར་རྣམ་པ་གསུམ་དུ་ཕྱེ་སྟེ། རྣལ་འབྱོར་ཆེན་པོ་དང་། རྗེས་སུ་མཐུན་པའི་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་རོ། །དེ་ཉིད་ལ་བསྐྱེད་པ་དང་། རྫོགས་པ་དང་། རྫོགས་པ་ཆེན་པོའི་རྣལ་འབྱོར་ཞེས་ཀྱང་གྲགས་ཏེ། དེ་དག་ཐམས་ཅད་ཀྱང་རྣལ་འབྱོར་ཆེན་པོ་ཉིད་ཀྱི་བྱེ་བྲག་ཙམ་དུ་ཤེས་པར་བྱའོ། །དེ་ལ་རེ་ཤིག་རྣལ་འབྱོར་ཆེན་པོའི་བསྲུང་བའི་དམ་ཚིག་གསུངས་པ་ནི། འདོད་པའི་ཆགས་དང་འཇོམས་པ་དང་། །གཏི་མུག་ང་རྒྱལ་ཕྲག་དོག་རྣམས། །རྣལ་འབྱོར་ཆེན་པོའི་དམ་ཚིག་སྟེ། །དོན་དང་ལྡན་པའི་སྐྱེས་བུས་སྤྱད། །ཅེས་གསུངས་ཏེ། འདིར་ཡང་བྱ་བའི་རྒྱུད་དུ་བསྟན་པའི་བསྲུང་བའི་དམ་ཚིག་རྩ་བར་གསུངས་པ་རྣམས། མི་བསྲུང་བ་མ་ཡིན་ན་ཡང་། འདིར་མཉམ་པའི་དམ་ཚིག་བསྟན་པའི་དབང་གིས། དུག་ལྔ་བསྲུང་བའི་དམ་ཚིག་ཏུ་བསྟན་ཏེ། ཆོས་ལ་དགེ་སྡིག་གི་བླང་དོར་དང་བྲལ་བར་གསུངས་པ་ནི། དུག་ལྔ་བསྲུང་བའི་དམ་ཚིག་གོ །སྤྱོད་པའི་དམ་ཚིག་ནི། སྦྱོར་དང་སྒྲོལ་བར་བྱེད་པ་དང་། །མ་བྱིན་ལེན་དང་ངག་སྤྲུལ་བྱེད། །རྣལ་འབྱོར་སྤྱོད་པའི་དམ་ཚིག་མཆོག །སྤྱད་པར་བྱ་བའི་ལས་ཡིན་ནོ། །ཞེས་གསུངས་ཏེ། དོན་འདི་ཡང་གོང་དུ་བཤད་ཟིན་ཏོ། །ལྟ་བའི་དམ་ཚིག་ནི། རྒྱལ་བ་སེམས་ཅན་ཐམས་ཅད་དང་། དངོས་པོར་བཏགས་པ་ཐམས་ཅད་ཀུན། །དོན་གྱི་ངང་དུ་གཅིག་པ་སྟེ། །དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག །ཅེས་གསུངས་ཏེ། སེམས་ཅན་དང་སངས་རྒྱས་དབྱེར་མེད་པ་ལྟ་བའོ། །ཚུལ་འདི་ལྟ་བུ་ནི་ངེས་པ་དོན་གྱི་མདོ་སྡེ་ལ་ཡང་ཡོད་དེ། འཕགས་པ་སྡོང་པོ་བཀོད་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམས་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་འགྱུར། །ཞེས་གསུངས་སོ། །བྱ་བའི་རྒྱུད་ལས་ཀྱང་གསུངས་ཏེ། བསམ་གཏན་ཕྱི་མ་དང་། མངོན་པར་བྱང་ཆུབ་པའི་རྒྱུད་ལས། ལྷས་ཇི་ལྟར་བསྒོ་བའི་ཚུལ་བསྟན་པ། སངས་རྒྱས་བཅོམ་ལྡན་འདས་བརྟགས་པ་ལས་གསུངས་པ་ལྟ་བུའོ། །རྣལ་འབྱོར་གྱི་རྒྱུད་ལས་ཀྱང་གསུངས་ཏེ། སང་གྲ་ཧ་ལས། ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བསྟན་པའི་སྐབས་ནས་གསུངས་པ་ལྟ་བུའོ། །དེ་དག་ཏུ་ནི་ལྟ་བ་དེ་ལྟ་བུ་ཡང་ཡོད་མོད་ཀྱི། ཀུན་རྫོབ་མཚན་མའི་དབང་ལ། བླང་དོར་དང་བཟང་ངན་གྱི་བྱེ་བྲག་ཏུ་བལྟ་བའང་ཤས་ཆེར་ཡོད་པས། དེའི་དབང་གིས་མཚན་མ་ཐམས་ཅད་འདིར་མཉམ་པ་ཉིད་དུ་བལྟ་བ་གཙོར་བསྟན་ཏེ། བྱེ་བྲག་ནི་དེ་ཙམ་མོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །ཡེ་ཤེས་ཀྱི་དམ་ཚིག་ནི། མཚན་མའི་ཆོས་རྣམས་ཐམས་ཅད་ནི། །མཉམ་པ་ཆེན་པོའི་ངང་ལ་གསལ། །ཐེག་པ་འོག་མའི་ཁྱད་པར་རྣམས། །ཀུན་ཀྱང་རང་རིག་བློ་ལ་གསལ། །ཞེས་གསུངས་ཏེ། མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ལ། འོག་མའི་དོན་ཀུན་རྫོགས་པར་རྟོགས་པའོ། །ཚོགས་ཀྱི་དམ་ཚིག་ནི། ཡོན་ཏན་ཅི་འབྱུང་མི་བརྗོད་ཅིང་། །འོག་མ་རྣམས་ལ་མི་སྨོད་ཅིང་། །ཐམས་ཅད་མཉམ་པའི་དམ་ཚིག་ནི། །འདི་ལྟར་ཤེས་ན་ཚོགས་མཆོག་རྫོགས། །ཞེས་གསུངས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་དབྱེ་བ་མེད་ཅིང་། སྡིག་པ་དང་སྒྲིབ་པ་བསལ་དུ་མེད་པར་རྟོགས་པ་ཉིད་ཚོགས་ཆེན་པོའོ། །སངས་རྒྱས་ཀྱི་སའི་དམ་ཚིག་ནི། གཟུགས་རྣམས་རྣམ་པར་སྣང་བ་མཛད། །ཚིག་རྣམས་བརྗོད་པ་སྣང་མཐའ་ཡས། །རྣམ་རྟོག་ཀུན་ཏུ་སེམས་རྡོ་རྗེ། །རིག་དང་ཚོར་པ་རིན་ཆེན་ཡིན། །ཡིད་གཡོ་བྱེད་པ་དོན་ཀུན་རྫོགས། །ཞེས་གསུངས་ཏེ། འདིར་ཕུང་པོ་ལྔ་ཉིད་གདོད་མ་ནས་རིགས་ལྔའི་སངས་རྒྱས་ཡིན་པས། སངས་རྒྱས་ཀྱི་ས་གུད་དུ་བགྲོད་དུ་མེད་པར་བལྟའོ། །འདི་ལྟ་བུའང་གོང་དུ་བསྟན་པ་བཞིན་དུ་ངེས་པ་དོན་གྱི་མདོ་སྡེ་ལས་ཀྱང་འབྱུང་སྟེ། སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། འོན་ཀྱང་བྱེ་བྲག་ནི་མདོ་སྡེ་སྤྱིའི་ཚུལ་ལས། སེམས་ཅན་རྣམས་སངས་རྒྱས་ཀྱི་རྒྱུ་ཅན་ལས་གཉེན་པོ་ལམ་བསྒོམས་ཏེ། འབྲས་བུ་སངས་རྒྱས་ཀྱི་ས་རང་བཞིན་མི་འདྲ་བ་གཞན་ཐོབ་པར་འདོད་དེ། འདི་ལྟར་གོང་དུ་བསྟན་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་འཛིན་པའི་སྐབས་སུ་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་དང་ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་། རྡོ་རྗེ་བྱང་ཆུབ་ཀྱི་སེམས་སུ་བསྟན་པའི་དབང་དུ་བྱས་ནས། ཁྱད་པར་རྣམ་པར་བཞག་པའོ། །ཕྲིན་ལས་ཀྱི་དམ་ཚིག་ནི། ཏན་གན་རང་བཞིན་སྤྱོད་པའི་གནས། །ཞིང་བཅུ་དག་དང་ལྡན་པ་ན། །བདེ་བ་ཆེན་པོའི་ལོངས་སྤྱོད་དེ། །ཐོགས་མེད་ཕྲིན་ལས་རྣམ་བཞི་རྫོགས། །ཞེས་གསུངས་ཏེ། འདི་ཡང་གོང་དུ་བཤད་ཟིན་ཏོ། །དམ་ཚིག་གི་སྒྲིབ་པ་ནི། ཕྱིའི་ཡུལ་དང་ནང་གི་སེམས། །ཐམས་ཅད་མཉམ་པ་ཉིད་དུ་གནས། །དེ་ལ་སྒྲིབ་དང་མི་སྒྲིབ་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །ཞེས་གསུངས་ཏེ། ཇི་འདི་ལྟར་ཡུལ་སེམས་མཉམ་པ་ཉིད་དུ་རྟོགས་ན་སྒྲིབ་པ་སྤང་དུ་མེད་དེ། གང་གི་ཕྱིར་ཤེས་བྱའི་ཡུལ་ཉིད་གདོད་མ་ནས་མ་གྲུབ་ན། ཤེས་བྱ་ལ་ཡེ་ཤེས་ཀྱི་གེགས་སུ་གྱུར་པའི་སྒྲིབ་པ་ཉིད་མི་འགྲུབ་བོ། །སེམས་ཉིད་གདོད་མ་ནས་མ་གྲུབ་ན། དེའི་དྲི་མར་གྱུར་པ་ཉོན་མོངས་པའི་སྒྲིབ་པ་མི་འགྲུབ་སྟེ། འོན་ཀྱང་དེ་ལྟར་མ་རྟོགས་ན། དེ་ཉིད་སྒྲིབ་པ་ཡིན་ནོ། །རིག་འཛིན་སའི་དམ་ཚིག་ནི། ཐམས་ཅད་མཉམ་ཉིད་དབྱིངས་གྱུར་པས། །ཕུང་པོ་ལྔ་དོན་ཡེ་ཤེས་ལྔ། །སྐུ་གསུང་ཐུགས་ཀྱི་དབང་ཕྱུག་ནི། །ཕྱག་ རྒྱ་ཆེན་པོའི་རིག་འཛིན་ཡིན། །ཞེས་གསུངས་ཏེ། ཕུང་པོ་ལྔ་ཉིད་ཡེ་ནས་སངས་རྒྱས་པ་ཡིན་པའི་དོན་རྟོགས་ཤིང་གོམས་ཏེ་གདེང་དུ་གྱུར་ནས་མངའ་བརྙེས་པ་ན། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་སྟེ། གནས་གཞན་དུ་བསྒྲོད་དུ་མེད་དོ། །དམ་ཚིག་གི་ཆད་པའི་གནས་ནི། ཡུལ་དང་ཡེ་ཤེས་རང་བཞིན་ལས། །རང་གི་རང་བཞིན་མེད་པས་ན། །མཚན་མའི་རྣམ་པ་ཅིར་སྣང་ཡང་། །དེ་ལ་ཆད་པའི་གནས་མེད་དོ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ནི་སེམས་སྣང་བར་འདུས་ལ། སེམས་ནི་ཡེ་ཤེས་སུ་དག །སེམས་སྣང་བ་ནི་ཡེ་ཤེས་ཀྱི་ཡུལ་དུ་དག་སྟེ། དེ་ལྟར་རྟོགས་ན་ཆད་པའི་གནས་མེད་དོ། །འོན་ཀྱང་དེ་ལྟར་མ་རྟོགས་ཏེ། གཟུང་འཛིན་གྱི་མཚན་མ་ཇི་ལྟ་བ་བཞིན་དུ་སྐྱེས་པར་གྱུར་ན། དེ་ཉིད་འཁོར་བའི་ཆུ་འཇིངས་ཆེན་པོའི་གཡང་ས་ན་ལྷུང་ཟིན་ནས་གནས་པ་ཡིན་ནོ། །ད་ནི་བློ་རྩལ་དེ་ལས་ཅུང་ཟད་འཕགས་པར་གྱུར་ཏེ། རྣལ་འབྱོར་རབ་ཀྱི་འབྲིང་དུ་གྱུར་པ་རྗེས་སུ་མཐུན་པའི་རྣལ་འབྱོར་གྱི་དབང་དུ་བྱས་ནས། གསུངས་པ། དེ་ལ་བསྲུང་བའི་དམ་ཚིག་ནི། དམ་ཚིག་དམ་པ་གང་ཞེ་ན། །རྟོགས་པ་དམ་པ་དམ་ཚིག་སྟེ། །རྟོགས་པར་བྱེད་པ་གང་ཡིན་པ། །དེ་ནི་དམ་ཚིག་ཆེན་པོའོ། །ཞེས་གསུངས་ཏེ། འདིར་སྔ་མ་བས་ཅུང་ཟད་རྩོལ་བ་དང་མཚན་མ་ཞི་སྟེ། གཉིས་སུ་མེད་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་བསྲུང་བའི་དམ་ཚིག་ཏུ་འདོད་དོ། །སྤྱོད་པའི་དམ་ཚིག་ནི། ཐམས་ཅད་མཉམ་པའི་ངང་ལ་གནས། །ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ལས། །དངོས་སུ་སྤྱད་པ་ཐམས་ཅད་བྱ། །དེ་ནི་དམ་ཚིག་ཆེན་པོ་ཡིན། །ཞེས་གསུངས་ཏེ། མཉམ་པའི་ཏིང་ངེ་འཛིན་ལས་མ་གཡོས་པར། ཐམས་ཅད་ལྷུན་གྱིས་གྲུབ་པར་སྤྱད་དོ། །ལྟ་བའི་དམ་ཚིག་ནི། སྣོད་དུ་གྱུར་པ་ཡུམ་གྱི་དབྱིངས། །བཅུད་རྣམས་རྒྱལ་བ་ཡབ་ཀྱི་མཁའ། །འབྱུང་འཇུག་རིག་པས་ལོངས་སྤྱོད་དེ། །འདི་ནི་རྡོ་རྗེའི་ཐ་ཚིག་ཡིན། །ཞེས་གསུངས་ཏེ། སྣོད་བཅུད་འདུ་བྱེད་དང་བཅས་པ་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་བལྟའོ། །ཡེ་ཤེས་ཀྱི་དམ་ཚིག་ནི། སྲིད་པའི་སེམས་ཅན་ཐམས་ཅད་དང་། །ཐར་པ་ཆོས་ཀྱི་རྣམ་གྲངས་ཀུན། །སོ་སོར་ཐམས་ཅད་སྣང་བ་སྟེ། །ཀུན་ཀྱང་མཉམ་པའི་ངང་དུ་གསལ། །ཞེས་གསུངས་ཏེ། ཆོས་མཉམ་པ་ཉིད་དུ་རྟོགས་པའི་རིག་པ་སྐད་ཅིག་མ་ལ། སྒྱུ་མ་ཙམ་དུ་སྣང་བའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་མ་འདྲེས་པར་ཁོང་དུ་ཆུད་ལ། དེ་དག་གི་མཚན་ཉིད་ལ་འཛིན་པའི་ཞེན་པའང་རྡུལ་ཙམ་ཡང་མེད་དེ། མཉམ་པའི་ངང་ལས་མ་གཡོས་པར་གསལ་བ་ནི་འདི་ཡི་ཡེ་ཤེས་སོ། །ཚོགས་ཀྱི་དམ་ཚིག་ནི། སྤྱོད་པའི་ལས་དང་རྟོག་པ་དང་། །མཚན་མར་གྱུར་པ་ཐམས་ཅད་ཀུན། །སེམས་ཀྱི་ཕྱི་ནང་སྤྱོད་ཡུལ་ཏེ། །བརྟགས་ན་ལོངས་སྤྱོད་ཚོགས་སུ་འགྱུར། །ཞེས་གསུངས་ཏེ། ཇི་སྲིད་དུ་ཕྱི་དང་ནང་དུ་སྣང་བ་ཐམས་ཅད་ནི། སེམས་ཉིད་སྣང་བའི་སྤྱོད་ཡུལ་ཡིན་ཏེ། སེམས་ཉིད་ཡེ་ཤེས་སུ་དག་ན། སྤྱོད་ཡུལ་ཚོགས་སུ་མི་འགྱུར་བའི་གནས་མེད་དོ། །སངས་རྒྱས་སའི་དམ་ཚིག་ནི། མ་སྐྱེས་སྟོང་པ་སྐུ་ཡི་རྒྱ། །རང་བཞིན་སྨོན་མེད་གསུང་གི་དོན། །མཚན་མེད་ཡིད་ལས་འདས་པ་ཐུགས། །རྣམ་གསུམ་བདེ་ཆེན་སངས་རྒྱས་སོ། །ཞེས་གསུངས་ཏེ། ལུས་ངག་ཡིད་གསུམ་ཉིད་རྣམ་པར་ཐར་པ་གསུམ་གྱི་རང་བཞིན་པས། བདེ་བ་ཆེན་པོའི་སངས་རྒྱས་ཀྱི་སའོ། །ཕྲིན་ལས་ཀྱི་དམ་ཚིག་ནི། མཉམ་པའི་ལྟ་བས་དབང་བསྒྱུར་ནས། །འཁོར་བ་ཐམས་ཅད་དབྱིངས་ལ་སྣང་། །ལས་ཀུན་རྫོགས་པའི་མཆོག་ཡིན་ཏེ། །གཞན་དུ་ཕྲིན་ལས་ལུས་པ་མེད། །ཅེས་གསུངས་ཏེ། མཉམ་པ་ཉིད་ཀྱི་དབང་བསྒྱུར་བ་ཉིད་ཕྲིན་ལས་སོ། །དམ་ཚིག་གི་སྒྲིབ་པ་ནི། སྡུག་བསྔལ་བྱང་ཆུབ་ཆེན་པོ་སྟེ། །འཁོར་བ་ཡེ་ནས་མྱ་ངན་འདས། །སྒྲིབ་པ་རྣམ་དག་ཆོས་ཀྱི་དབྱིངས། །ཉོན་མོངས་ཀུན་བྱང་བྱང་ཆུབ་དོན། །ཅེས་གསུངས་ཏེ། དེ་ལྟར་རྟོགས་ན་སྒྲིབ་པ་དང་གཉེན་པོ་གཉིས་སུ་མེད་དོ། །དེ་ལྟར་མ་རྟོགས་ཏེ་གཉིས་སུ་མཐོང་ན་དེ་ཉིད་སྒྲིབ་པ་ཆེན་པོ་ཡིན་ནོ། །རིག་འཛིན་ས་ཡི་དམ་ཚིག་ནི། །སྣང་བ་མེད་པའི་དོན་མཐོང་ན། །ས་དང་ས་ཡི་རིམ་པ་ནི། །འདི་དང་འདི་ཞེས་གཟུང་དུ་མེད། །འདི་ནི་སྣང་མེད་ཐོབ་པའི་གནས། །ཞེས་གསུངས་ཏེ། མངོན་དུ་བྱ་བའི་ཆོས་གང་ཡང་མ་མཐོང་སྟེ། ཅིར་ཡང་མི་འཛིན་པའི་ཉམས་རྙེད་པ་ནི། རིག་འཛིན་གྱི་གནས་ཡིན་ནོ། །དམ་ཚིག་གི་ཆད་པའི་གནས་ནི། སྐུ་དང་གསུང་ཐུགས་མི་གཡོ་བའི། །ཇི་བཞིན་ཉིད་ཀྱི་ངང་ལ་གནས། །ཇི་ལྟར་བསྒྱུར་ཡང་ཆོས་ཉིད་པས། །ཆད་པའི་གནས་ཞེས་བརྗོད་དང་བྲལ། །ཞེས་གསུངས་ཏེ། འདི་ལྟར་རྟོགས་ན་ནི་ཆད་པའི་གནས་ཞེས་བྱ་བའི་མིང་ཙམ་ཡང་མེད་དོ། །འོན་ཀྱང་དེ་ལྟར་མ་རྟོགས་ཏེ། དངོས་པོར་ལྟ་བ་དང་མ་བྲལ་ན། དེ་ཉིད་ཆད་པའི་གནས་ཡིན་ཏེ། འཁོར་བའི་གཡང་ས་ཉིད་ན་གནས་པའོ། །ད་ནི་རྣལ་འབྱོར་རབ་ཀྱི་ཡང་རབ་ཀྱི་དབང་དུ་གསུངས་པ། ཤིན་ཏུ་རྣལ་འབྱོར་རྣམས་ཀྱི་དམ་ཚིག་གི་རྩལ་གྱི་ཁྱད་པར་གསུངས་པ། དེ་ལ་བསྲུང་བའི་དམ་ཚིག་ནི། མེད་དང་ཕྱལ་བ་གཅིག་པུ་དང་། །ལྷུན་གྱིས་རྫོགས་པའི་དམ་ཚིག་ཆེ། །འདི་ཞེས་རིས་སུ་ཆད་མེད་པ། །འདི་ནི་བསྲུང་བའི་དམ་ཚིག་གོ །བསྲུང་བར་བྱ་བ་དང་བྲལ་བས་མེད་པའོ། །འཛིན་པ་དང་བྲལ་བས་ཕྱལ་བའོ། །དབྱེར་མེད་པས་གཅིག་པུའོ། །བརྩལ་བ་དང་བྲལ་བས་ལྷུན་གྱིས་རྫོགས་པ་སྟེ། དེ་བས་ན་ཇི་ལྟར་ཡང་བསྲུང་དུ་མེད་པ་ནི་བསྲུང་བའི་དམ་ཚིག་གོ །སྤྱོད་པའི་དམ་ཚིག་ནི། སྤྱད་དང་སྤྱོད་པ་བྱར་མེད་པས། །སྲིད་དང་མུ་སྟེགས་འཇིག་རྟེན་པའི། །སྤྱོད་པ་སྣང་བ་ཐམས་ཅད་ཀུན། །ལྷུན་གྱིས་གྲུབ་པའི་མཛད་སྤྱོད་དོ། །ཞེས་གསུངས་ཏེ། སེམས་ཅན་དམྱལ་བ་དང་། མུ་སྟེགས་ལ་སོགས་ཏེ། སྤྱོད་པ་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་བའོ། །ལྟ་བའི་དམ་ཚིག་ནི། མ་སྤངས་ལྷུན་གྲུབ་དབྱེར་མེད་པས། །དབྱིངས་ལས་གཞན་ན་ལྟ་ཡུལ་མེད། །འདི་ནི་ལྟ་བའི་དམ་ཚིག་གོ །ཞེས་གསུངས་ཏེ། སྤང་བླང་ཐམས་ཅད་དང་བྲལ་བས། ལྟ་བ་འཛིན་པ་ཐམས་ཅད་རང་བཞིན་གྱིས་ཞི་བ་ནི་ལྟ་བའི་དམ་ཚིག་གོ །ཡེ་ཤེས་ཀྱི་དམ་ཚིག་ནི། ས་ཆུ་མེ་རླུང་སྣོད་བཅུད་བཅས། །ཀུན་ཀྱང་རང་བཞིན་ཆོས་ཉིད་དོན། །ཆོས་ཉིད་དོན་ལས་གཞན་མེད་པས། །རང་བྱུང་ཡེ་ཤེས་གསལ་བའོ། །ཞེས་གསུངས་ཏེ། སྒྲིབ་པ་གདོད་མ་ནས་དག་པས། རང་བྱུང་གི་ཡེ་ཤེས་སུ་འོད་གསལ་བ་སྟེ། འདི་ལྟ་བུ་ནི་ངེས་པ་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་ཏེ། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། གསོག་དང་། གསོབ་དང་། སྙིང་པོ་མེད་པ་ཡིན་ཡང་། བསོད་ནམས་གསོབ་མ་ཡིན་པ་དང་། ཡེ་ཤེས་གསོག་མ་ཡིན་པ་དང་། རང་བྱུང་གི་ཡེ་ཤེས་སུ་དབང་བསྐུར་བ་ནི་སྙིང་པོ་མེད་པ་མ་ཡིན་པར་གསུངས་པ་དང་། སྡོང་པོ་བཀོད་པ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་ཏེ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་པ་དང་། དེ་བཞིན་དུ་མདོ་ཁ་ཅིག་ལས། སོ་སོའི་སྐྱེ་བོའི་ཤེས་པའང་རང་བཞིན་གྱིས་རྣམ་པར་བྱང་བ་ཅན་ཡིན་ནོ། །ཞེའམ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཞེའམ། ཟག་པ་མེད་པའི་སེམས་ཅན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་མོད་ཀྱི། དེ་དག་ཏུ་ནི་མཚན་མའི་ཆོས་ཀྱང་ཤས་ཆེར་འདོད་ལ། འདིར་སངས་མ་རྒྱས་པའི་ཆོས་རྡུལ་ཙམ་ཡང་མི་འདོད་དོ། །དམ་ཚིག་གི་ཚོགས་ནི། ཡིད་བཞིན་ནོར་བུ་རིན་པོ་ཆེ། །མ་བརྩལ་རང་ལ་ཡོད་པ་ཡིན། །འདོད་པ་འབྱུང་བའི་ལོངས་སྤྱོད་དེ། །བདེ་ཆེན་ལོངས་སྤྱོད་ཚོགས་ཡིན་ནོ། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་པས། ཚོགས་རང་བཞིན་གྱིས་རྫོགས་སོ། །སངས་རྒྱས་ཀྱི་སའི་དམ་ཚིག་ནི། ངན་སོང་མཐོ་རིས་ཐམས་ཅད་དང་། །འཕགས་ལམ་འཁོར་བའི་ཆོས་རྣམས་ཀུན། །རང་བཞིན་སོ་སོར་མི་དམིགས་ཏེ། །སངས་རྒྱས་ཀྱི་ནི་རང་བཞིན་ཡིན། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཆེ་བ་ཉིད་དོ། །ཕྲིན་ལས་ཀྱི་དམ་ཚིག་ནི། སྣོད་དང་གཟུགས་རིག་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་རང་བཞིན་ཏེ། །སྐུ་གསུང་ཐུགས་ཚིག་རྒྱ་ཆེར་སྟོན། །དོན་རིག་ཐུགས་ཀྱི་རང་བཞིན་ནོ། །ཞེས་གསུངས་ཏེ། ཐམས་ཅད་གྲོལ་བ་ཆེན་པོ་བས། དོན་བྱ་བའི་རྩོལ་བ་མི་མངའ་ཡང་། ལྷུན་གྱིས་གྲུབ་པའི་རོལ་པ་རྒྱུན་མི་འཆད་དོ། །དམ་ཚིག་གི་སྒྲིབ་པ་ནི། མ་སྐྱེས་པ་དང་མ་བྱུང་བ། །མི་གནས་པ་ལ་ཆགས་པ་མེད། །དོན་གྱི་ཁྱད་པར་རྟོགས་ཆུད་ན། །ཀུན་ཏུ་བཟང་པོ་མཆོག་གི་སའོ། །ཞེས་གསུངས་ཏེ། འདི་ལྟར་རྟོགས་ན་ནི་ཀུན་ཏུ་བཟང་པོའི་རང་བཞིན་ལ་སྒྲིབ་པ་མེད་དེ། འོན་ཀྱང་སྐྱོན་དང་ཡོན་ཏན་གྱི་མཚན་མ་ལ་འཛིན་ཅིང་ཆགས་པ་ནི་དེ་ཉིད་ཀྱི་སྒྲིབ་པའོ། །རིག་འཛིན་སའི་དམ་ཚིག་ནི། མཚན་དང་དཔེ་བྱད་ཀུན་རྫོགས་ཏེ། །ཐམས་ཅད་སྐུ་གསུང་ཐུགས་ཀྱི་དོན། །བདག་ཉིད་ཆེན་པོར་ཐམས་ཅད་རྫོགས། །ལྷུན་རྫོགས་བདེ་བ་ཆེན་པོ་ཡིན། །ཞེས་གསུངས་ཏེ། འདི་ལྟ་བུའི་དོན་རྟོགས་ན། ཐམས་ཅད་ལ་མངའ་བརྙེས་པ། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་སའོ། །དམ་ཚིག་གི་ཆད་པའི་གནས་ནི། ཁྱབ་པའི་ངོ་བོ་ཀུན་གདལ་བས། །སྒྲིབ་པ་ཀུན་བྱང་ཚོགས་ཀུན་རྫོགས། །རྣམ་གྲོལ་བཅིངས་པ་ཀུན་དང་བྲལ། གྲུབ་པ་བདེ་བའི་གནས་ཆེན་ཡིན། །ཞེས་གསུངས་ཏེ། འདི་ལྟར་རྟོགས་ན་ནི་ཆད་པའི་གནས་མེད་ཀྱི། དེ་ལྟར་མ་རྟོགས་ཏེ། བགྲོད་ཅིང་སྤྱོད་པ་ལ་ལྟོས་པས། རྟོགས་པའི་ནད་ཀྱིས་ཟིན་ན། དེ་ཉིད་ཆད་པའི་གནས་སོ། །དེ་ལྟར་རྩལ་འཕང་གི་ཁྱད་པར་རྣམ་པ་བཅུའི་སྒོ་ནས་གཞུང་ཁྱད་པར་གྱི་དམ་ཚིག་རྒྱས་པར་བསྟན་ཏོ།། །། གཞན་ཡང་གསང་སྔགས་ཀྱི་བསླབ་པ་རྣམས་ལས། གཞི་དམ་ཚིག་གིས་གཟུང་བ་དང་། ལྟ་བས་ཐག་བཅད་པ་དང་། སྤྱོད་པས་ལ་དོར་བ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་དང་། རིམ་པ་དབང་གིས་བགྲོད་པ་དང་། དོན་མན་ངག་གིས་སྒྲུབ་པ་དང་། འདི་རྣམས་ནི་གསང་སྔགས་ཀྱི་ལུང་དྲུག་ཅེས་གྲགས། བསླབ་པ་གཞན་ནི་ཐུན་མོང་དུ་གྲགས་སོ། །དེ་ཡང་བྱ་བའི་རྒྱུད་དུ་ནི། དམ་ཚིག་དང་སྤྱོད་པ་གཙོར་རྒྱས་པར་བསྟན་ཏོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། ཏིང་ངེ་འཛིན་དང་དབང་གི་བསླབ་པ་རྒྱས་པར་བསྟན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། དེ་དག་ལྷག་པར་བསྟན་ཅིང་། ལྟ་བ་དང་མན་ངག་གི་བསླབ་པ་གཙོར་བསྟན་ཏོ། །མདོར་བསྡུ་ན། བྱ་བའི་རྒྱུད་དུ་ནི། སྤྱོད་པ་གཙོར་བསྟན་ཏོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། ཏིང་ངེ་འཛིན་གཙོར་བསྟན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། ལྟ་བ་གཙོར་བསྟན་ཏོ། །སྤྱོད་པ་འབའ་ཞིག་ལ་ཡང་། བྱ་བའི་རྒྱུད་དུ་ནི། ཟས་དང་གོས་དང་གནས་དང་ཁྲུས་ལ་སོགས་པ་ལུས་དག་པར་བྱ་བའི་གཙང་སྦྲའི་སྤྱོད་པ་གཙོར་བསྟན་ཏོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། ཕྱག་རྒྱའི་རྣལ་འབྱོར་དང་ལྡན་པས། ནང་ཤིན་ཏུ་སྦྱངས་པ་ལ། ཕྱི་རོལ་གྱི་གཙང་སྦྲ་བྱས་ཀྱང་རུང་མ་བྱས་ཀྱང་རུང་ཞེས་བསྟན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། མཉམ་པ་ཆེན་པོའི་གཙང་སྨེ་མེད་པའི་སྤྱོད་པ་གཙོར་བསྟན་ཏོ། །དེ་དག་ཀྱང་གཙོར་བསྟན་པ་ཙམ་སྟེ། བྱ་བའི་རྒྱུད་ལ་ཡང་། ལྷ་དང་ལས་ཀྱི་སྐབས་ཀྱིས་སྨེ་བའི་བརྟུལ་ཞུགས་གསུངས་ལ། རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། གཙང་བའི་སྤྱོད་པ་གསུངས་ཏེ། སྐབས་སྐབས་སུ་གོང་དུ་བསྟན་པར་ཟད་དོ། །ལྟ་བ་འབའ་ཞིག་ལའང་སྣང་བའི་ཆོས་ལ། བྱ་བའི་རྒྱུད་དུ་ཡང་། བདེན་པ་གཉིས་ཀྱི་སྒོ་ནས་ཆོས་འདི་དག་པ་དང་། རྣམ་པར་སྤྲུལ་པ་དང་བྱིན་གྱིས་བརླབས་པའི་ཚུལ་གྱིས་སངས་རྒྱས་སུ་ལྟའོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། དེ་དག་གི་སྟེང་དུ་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱི་བྱིན་བརླབས་དང་། རང་བཞིན་གྱིས་རང་བཞིན་ཁྱད་པར་ཅན་མ་ཡིན་པའི་དཀྱིལ་འཁོར་དུ་ལྟ་བ་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། དེ་རྣམས་ཀྱི་སྟེང་དུ་ཐམས་ཅད་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ལྟའོ། །ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱི་མན་ངག་ལས་ཀྱང་གྲགས་ལ། རྒྱུད་ཀྱི་ཚུལ་བརྟགས་ནའང་ཚུལ་དེ་ལྟར་སྣང་ངོ་། །ཏིང་ངེ་འཛིན་གྱི་དམིགས་པའི་སྐབས་སུ་ཡང་། བདག་གི་དེ་ཁོ་ན་ཉིད་ལ་ལྷའི་དེ་ཁོ་ན་ཉིད་ཀྱིས་བསྒོམ་ཞིང་བྱིན་གྱིས་བརླབ་པར་ཡང་འདོད་ཅིང་། བཟླས་བརྗོད་ཀྱི་སྐབས་སུ་མདུན་དུ་ལྷ་དམིགས་པ་ན། དམིགས་པ་གསུམ་ལ་གནས་པའི་ཡན་ལག་དང་བཅས་པའི་དབང་གིས་ཁྱད་པར་དུ་ཡང་ལྟ་ཞིང་། ཡེ་ཤེས་སེམས་དཔའ་བདག་ལ་བསྟིམ་པར་གཙོར་མི་སྟོན་ཏེ། དེ་བས་ན་ཚུལ་འདིས་ལྷ་དང་རྗེ་ཁོལ་དུ་ལྟའོ། །ཞེས་གྲགས་སོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། བདག་ལྷར་བྱིན་གྱིས་བརླབ་པ་དང་། མདུན་དུ་ལྷ་དམིགས་པ་ཡང་འདོད་མོད་ཀྱི། ལྷ་མཉེས་པར་བྱ་བ་ལ་ཡེ་ཤེས་ཀྱི་ལྷ་བདག་ལ་བསྟིམས་ཤིང་དབྱེར་མེད་པར་བྱས་པའི་རེག་པའི་བདེ་བས་མཉེས་པར་བྱ་བ་དང་། སྒྲུབ་པ་ཕལ་ཆེར་སྟོན་པས། ཚུལ་འདིས་ལྷ་དང་གྲོགས་པོའི་ཚུལ་དུ་ལྟའོ། །ཞེས་གྲགས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། ཇི་སྐད་དུ་བསྟན་པ་དེ་དག་ཀྱང་འདོད་མོད་ཀྱི། ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར། བདག་ཉིད་ཐམས་ཅད་ཀྱི་བདག་པོར་སྦྱོར་བས། བདག་ཉིད་རྒྱལ་པོའི་ཚུལ་དུ་ལྟའོ། །ཞེས་གྲགས་སོ། །འདི་དག་ནི་གསང་སྔགས་ཀྱི་ཚུལ་གྱི་གཞུང་ཁྱད་པར་གྱི་དམ་ཚིག་མདོ་ཙམ་སྨོས་པ་སྟེ། ཧ་ཅང་སྤྲོས་པ་བཞག་གོ །སྡོམ་པ་སྤྱིའི་བྱེ་བྲག་མདོར་བསྡུ་ན། སོ་སོར་ཐར་པའི་སྡོམ་པ་ནི། ལས་དགེ་སྡིག་གཙོར་བསྟན་ཏོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། སྙིང་རྗེ་ཆེན་པོ་གཙོར་བསྟན་པའོ། །གསང་སྔགས་ཀྱི་སྡོམ་པ་ནི། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་གཙོར་བསྟན་ཏོ། །ཡང་སོ་སོར་ཐར་པའི་སྡོམ་པ་ནི། སེམས་ཅན་ལ་གནོད་པར་སྦྱོར་བ་ལས་ལོག་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། དེའི་སྟེང་དུ་སེམས་ཅན་ལ་ཕན་འདོགས་པར་ཞུགས་པའོ། །གསང་སྔགས་ཀྱི་སྡོམ་པ་ནི། དེ་དག་གི་སྟེང་དུ་སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླང་བའོ། །ཡང་སོ་སོར་ཐར་པའི་སྡོམ་པ་ནི། སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པའོ། །གསང་སྔགས་ཀྱི་སྡོམ་པ་ནི། དེ་བཞིན་གཤེགས་པ་ཉིད་ཀྱི་རྗེས་སུ་སློབ་པའོ། །ཞེས་གྲགས་སོ། །གཞན་ཡང་གསང་སྔགས་ཀྱི་སྡོམ་པ་སོ་སོར་ཐར་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ལས་ཁྱད་པར་རྣམ་པ་བདུན་གྱིས་འཕགས་པར་གསུངས་པ་ནི། སྤྱིར་ཡང་གསང་སྔགས་ཀྱི་སྡོམ་པ་ཐབས་ཆེ་ལ་སྒོ་ཡངས་པར་གསུངས་པས། སེམས་ཅན་གྱི་རྣམ་པར་རྟོག་པ་ཇི་སྙེད་པ་མི་འདུལ་བ་མེད་དོ། །ཞེས་གསུངས་པ་ལས། དམིགས་ཀྱིས་ལྷག་པ་བདུན་གསུངས་པ་ནི། ཐམས་ཅད་སངས་རྒྱས་པར་རྟོགས་པ་ཀུན་ཏུ་བཟང་པོའི་ཕྱག་རྒྱས་ཐེབས་པ་དང་། འཇིག་རྟེན་གྱི་ལྷ་ཆེན་པོ་དམ་ཚིག་ཅན་འཁོར་དང་བཅས་པ་རྣམས་ཀྱིས་བཀུར་གནས་སུ་མཐོང་བས། བྱིན་བརླབས་འཕགས་པ་དང་། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་རྒྱུད་དག་པ་ལ་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་བས་རྒྱུ་རྐྱེན་དེའི་མཐུས་དངོས་གྲུབ་མྱུར་བ་དང་། བདེ་གཤེགས་རྣམས་དང་སྤྱོད་ཡུལ་མཐུན་པ་དང་། འཁོར་བ་དང་ངན་སོང་གིས་མི་འཇིགས་ཤིང་དབུགས་ཕྱིན་པ་དང་། སྡོམ་པ་ཇི་སྙེད་པ་ཐམས་ཅད་འདུས་ཤིང་རྣམ་པར་དག་པ་དང་། ཉམས་ཀྱང་གཞན་ལ་ལྟོས་པ་མེད་པར་རང་གི་རྩལ་གྱིས་བསྐོངས་པར་གྱུར་པའོ། །ཞེས་འབྱུང་བའོ། །ད་ནི་དམ་ཚིག་ཇི་ལྟར་བླང་བ་བཤད་དེ། དེ་ཡང་གང་ཟག་མོས་པ་དང་རྩོལ་བ་ཆེ་བ་རྣམས་ཀྱིས་ནི། སོ་སོ་རིམ་གྱིས་འཇུག་པར་བྱ་སྟེ། དེ་ཡང་དང་པོར་སོ་སོར་ཐར་པའི་སྡོམ་པ་ཁྱིམ་པའམ་རབ་ཏུ་བྱུང་བའི་སྡོམ་པ་ཇི་ལྟར་ནུས་པ་ཞིག་མནོས་ནས། དེ་ནས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་ཏེ། དེ་ནས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། དེ་ཡང་དང་པོར་བགེགས་ཞི་བར་བྱ་བའི་ཕྱིར། རིགས་ཀྱི་ཁྲོ་བོའི་དཀྱིལ་འཁོར་ཞིག་ཏུ་ཞུགས་ཏེ། དེ་ནས་སྡོམ་པ་བླང་བའི་ཕྱིར། འཕགས་པ་རིག་པ་མཆོག་ལས་གསུངས་པའི་སྤྱིའི་དམ་ཚིག་གི་དཀྱིལ་འཁོར་ལྟ་བུ་ཞིག་ཏུ་ཞུགས་ཏེ། སྡོམ་པ་བླང་བར་བྱའོ། །དེ་ལ་ཡང་གསང་སྔགས་ཐུན་མོང་དུ་འཇུག་པའི་ཆོ་ག་ཡན་ལག་ལྔ་གསུངས་ཏེ། ལྔ་གང་ཞེ་ན། དང་པོར་ཐེག་པ་ཆེན་པོ་མ་ནོར་བ་སྟོན་པའི་དགེ་བའི་བཤེས་གཉེན་དམ་པ་བཙལ་ཏེ་བླ་མ་ཡོངས་སུ་བཟུང་བ་ནི་དང་པོའོ། །དེ་ནས་དེས་བསྟན་པའི་གསང་བའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ཐོབ་པར་བྱ་བ་ནི་གཉིས་པའོ། །དེའི་ཚེ་ཐེག་པ་ཆེན་པོའི་དམ་ཚིག་གི་སྡོམ་པ་ཚུལ་བཞིན་དུ་ནོད་པ་ནི་གསུམ་པའོ། །དེ་ནས་སྤྱོད་ཡུལ་དང་སྒྲུབ་པའི་ཆོ་ག་ཐམས་ཅད་ལ་མཁས་པར་བསླབ་ཅིང་མན་ངག་ཅན་དུ་བྱ་བ་ནི་བཞི་པའོ། །དེ་ཕན་ཆད་སྤྲོ་བ་མི་ལྷོད་ཅིང་བརྩོན་པ་མི་འདོར་བ་ནི་ལྔ་པའོ། །དེ་ནས་དངོས་གྲུབ་སྒྲུབ་པར་ནུས་ན་ནི། རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་དུ་དབང་མནོས་ཏེ། སྒྲུབ་པ་ལ་འཇུག་པར་བྱའོ། །དེ་ལ་ཡང་དང་པོའི་སྡོམ་པ་ནོད་པའི་དུས་སུ། རྩ་བ་དང་ལྟུང་བ་རགས་རིམ་ཙམ་མནོས་ཏེ། ཕྱིས་བླ་མ་དང་གླེགས་བམ་ལ་བརྟེན་ནས་རྒྱུན་དུ་བལྟ་བར་གསུངས་སོ། །གལ་ཏེ་རྣལ་འབྱོར་གྱི་རྒྱུད་དུ་ཡང་འཇུག་པར་འདོད་ནས། སྔ་མ་ལམ་དང་གཞི་ཙམ་དུ་བྱ་བ་འདོད་ན། བྱ་བའི་རྒྱུད་ཀྱི་སྒྲུབ་པ་པོས་དབང་ནོད་མི་དགོས་སོ། །དེ་བཞིན་དུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་བར་དུ་ཤེས་པར་བྱའོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་གཞུང་དུ་ལྷག་པར་འཇུག་པར་འདོད་པ་རྣམས་ཀྱིས་རྩོལ་བ་རབ་དང་ལྡན་ན་ནི། ཇི་སྐད་བཤད་པ་བཞིན་དུ་ཐམས་ཅད་རིམ་ཀྱིས་འཇུག་པར་བྱའོ། །རྩོལ་བ་འབྲིང་དུ་གྱུར་པ་རྣམས་ཀྱིས་ནི། རྣལ་འབྱོར་གྱི་རྒྱུད་ཀྱི་རྡོ་རྗེ་དབྱིངས་ལྟ་བུ་ཞིག་ཏུ་ཞུགས་ཏེ། དེ་ལ་བརྟེན་ནས་ཇི་སྐད་དུ་གསུངས་པའི་བསླབ་པའི་གཞི་དང་། ཐུན་མོང་གི་རྩ་བའི་སྡོམ་པ་རྣམས་མནོས་ཏེ། དེ་ནས་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཏེ། གཞུང་ཁྱད་པར་གྱི་དམ་ཚིག་རྣམས་ནོད་པར་བྱའོ། །རྩོལ་བ་ཆུང་བ་རྣམས་ཀྱིས་ནི། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་ཉིད་ལ་བརྟེན་ནས། བསླབ་པའི་གཞི་ལ་སོགས་པ་ཐུན་མོང་གི་སྡོམ་པ་རྣམས་རིམས་ཀྱིས་བླང་ཞིང་། དབང་རིམས་ཀྱིས་ཐོབ་པར་བྱའོ། །དེ་ལྟར་སྡོམ་པ་འོག་མ་ལ་བརྟེན་ཅིང་། གོང་མ་ཐོབ་པར་བྱ་བ་འདི་ཡང་། ལུང་དང་མན་ངག་ལས་གསུངས་ཏེ། གོང་དུ་གཞུང་སྤྱིའི་སྡོམ་པ་བཞིན་དུ། བྱ་བའི་རྒྱུད་ལས་ཀྱང་དཔུང་བཟང་གིས་ཞུས་པ་ལས། དང་པོར་བསླབ་པའི་གཞི་དང་། ཐེག་པ་ཆེན་པོ་ཐུན་མོང་གི་རྩ་བའི་ལྟུང་བ་སྤོང་བ་གནས་པས། དཀྱིལ་འཁོར་དུ་འཇུག་ཅིང་དམ་ཚིག་རྒྱུན་དུ་བལྟའོ། །ཞེས་གསུངས་ལ། མ་མནོས་ཀྱང་དེ་བཞིན་དུ་བསྲུང་བར་གསུངས་ཏེ། འདི་སྐད་དུ། རྒྱལ་བ་ངས་བསྟན་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་གསུངས་ཤིང་། རྣལ་འབྱོར་གྱི་རྒྱུད་ཀྱི་ཚུལ་ལས་ཀྱང་། གོང་དུ་བསྟན་པ་བཞིན་གསུངས་ལ། རྣལ་འབྱོར་ཆེན་པོའི་ཚུལ་ལས་ཀྱང་། བསྟན་པ་གཉན་པོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱི་མནོས་ཤིང་གཉེར་དུ་སྨྲའོ་འཚལ། །ཞེས་གསུངས་སོ། །དབང་བསྐུར་བའི་ཆོ་ག་ཕལ་མོ་ཆེ་ལས་ཀྱང་། སྤྱིའི་སྡོམ་པ་ལ་བརྟེན་ནས་སྤྱིའི་དབང་བསྐུར་བ་གསུངས་ལ། ཁྱད་པར་གྱི་སྡོམ་པ་ལ་བརྟེན་ནས་ཁྱད་པར་གྱི་དབང་བསྐུར་བ་གསུངས་ཏེ། དེ་བས་ན་དང་པོ་སྡོམ་པ་བླང་བའི་རིམ་པའི་ཚུལ་འདི་ལྟ་བུ་ཡང་ལམ་པོ་ཆེའི་སྲོལ་བཏོད་པ་ཡིན་ནོ། །ད་ནི་དམ་ཚིག་ཅན་རྣམས་ཀྱི་སྡོམ་པ་བསྲུང་བ་ལ་བསྔོ་བགྲང་ཇི་ལྟར་བྱ་ཞིང་། རྟགས་དང་ཚད་ཤེས་པར་བྱ་བ་བསྟན་ཏེ། དེ་ལ་བསྔོ་བགྲང་བྱ་བ་ནི། ཚུལ་རྣམ་པ་བཞི་གསུངས་ཏེ། བཞི་གང་ཞེ་ན། མདོ་དོན་བསྡུས་ཏེ་དྲན་པ་ལ་བགྲང་ཞིང་བསྔོ་བ་དང་། རྩ་བ་དང་ཡན་ ལག་རགས་པ་རྣམས་རྩོལ་བ་རབ་འབྲིང་གི་དབང་གིས་དུས་སུ་ཁ་ཏོན་དུ་བརྗོད་ཅིང་བསྔོ་བགྲང་བྱ་བ་དང་། ཡི་དམ་ནར་མར་སྤྱོད་པའི་དུས་སུ་བླ་མ་དང་འཕགས་པ་མངོན་སུམ་དུ་དམིགས་ཏེ། དེའི་སྤྱན་སྔར་དྲན་པས་གཟུངས་དང་ལྡན་པས་སྡོམ་པ་རྣམས་བསྣན་ཅིང་ཁས་བླང་བ་དང་། སྡོམ་པའི་ཡན་ལག་ཐམས་ཅད་ཤེས་པར་བྱ་བ་དང་། ཤེས་པ་གོམས་པར་བྱ་བ་དང་། གོམས་པ་རྒྱུད་ལ་སྨིན་པར་བྱ་བའི་ཕྱིར། དམ་ཚིག་གི་སྡོམ་པ་རྒྱས་པར་གསུངས་པའི་གླེགས་བམ་རྣམས་རྒྱུན་དུ་བལྟ་བར་བྱ་བའོ། །དེ་ལ་དྲན་པ་ལ་བསྔོ་བ་ནི། རྡོ་རྗེ་བཀོད་པ་ལས། མདོར་ན་བདག་གི་སྒོ་གསུམ་པོ། །དག་པ་གསུམ་གྱི་མཐའ་བཟུང་ནས། །ལྷ་དང་གྲོགས་དང་སློབ་དཔོན་དང་། །བདག་ཉིད་བདག་ལ་མ་ཁྲེལ་བའི། །ཚུལ་གསུམ་མི་གཏོང་དང་བཅས་གསུམ། །ཡོངས་སུ་མ་ཉམས་མདོ་བཞི་པོ། །མཐར་ཕྱིན་རྒྱ་རྟགས་རྣམ་བཞིར་བཅས། །མདོ་དོན་དྲན་པ་ལ་བགྲང་བསྔོ། །ཞེས་གསུངས་ཏེ། དེ་ལ་མདོར་བསྔོ་ན་ལུས་ངག་ཡིད་གསུམ་གྱི་ཚུལ་ལས་བྱ་བ་མ་ཡིན་པ་ལས་ལྡོག་པའི་སྒོ་ནས་དག་པ་ནི་ཇི་ལྟར་བྱས་ཤིང་བྱ། བྱ་བ་ལ་འཇུག་པ་ནི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་མཆོད་པ་རྣམས་ཀྱི་སྒོ་ནས། ཡོན་ཏན་མངོན་པར་སྒྲུབ་ཅིང་། དགེ་བའི་ཆོས་བསྡུ་བ་དང་། སེམས་ཅན་གྱི་དོན་བྱ་བ་རྣམས་ནི་ཇི་ལྟར་བྱས་ཤིང་བྱ། སྒོ་གསུམ་ནས་མ་དག་པར་གྱུར་ཅིང་། ཞིག་རལ་དང་ཆག་འདྲེས་སུ་གྱུར་པ་ནི། གང་དང་གང་ཤོར་བར་གྱུར་ཅེས་བགྲང་ཞིང་བསྔོ་བར་བྱའོ། །དེ་ཡང་ཡུལ་བཞི་ལ་དམིགས་ཤིང་བསྔོ་བར་བྱ་སྟེ། བསྒོམ་སྒྲུབ་ལྷས་ཁྲེལ་ལམ་མ་ཁྲེལ་བསྔོ། དེ་བཞིན་དུ་དད་པ་སློབ་དཔོན་གྱིས་ཁྲེལ་ལམ་མ་ཁྲེལ་དང་། བརྩེ་གདུང་གྲོགས་པོས་ཁྲེལ་ལམ་མ་ཁྲེལ་དང་། གཡོ་སྒྱུ་དང་དྲི་མ་རང་རེས་ཁྲེལ་མ་ཁྲེལ་བགྲང་ཞིང་བསྔོའོ། །ཅི་ནུས་སུ་བརྗོད་པས་བགྲང་བ་ནི། ཇི་ལྟར་རྡོ་རྗེ་རྩེ་མོ་དང་། ཀྲྀཥྞ་ཡ་རི་ལ་སོགས་པ་ལས་གསུངས་པ་བཞིན་དུ། ཉིན་ལན་གསུམ་མམ་མཚན་ལན་གསུམ། །ཡང་ན་རྒྱུན་དུ་བརྗོད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །སྡོམ་པ་བསྣན་ཞིང་ཁས་བླང་བས་བགྲང་བ་ནི་གོང་དུ་བརྗོད་པ་བཞིན་དུ། དུས་གསུམ་དུའང་ཕྱག་འཚལ་ཞིང་། །དུས་གསུམ་དུའང་དཀྱིལ་འཁོར་བྱ། །ཞེས་གསུངས་པ་ལྟ་བུའོ། །གླེགས་བམ་ཞིབ་མོ་རྒྱུན་དུ་བལྟ་བས་བསྔོ་བགྲང་བྱ་བ་ནི། ཇི་སྐད་དུ། དེར་ནི་དམ་ཚིག་སྣ་ཚོགས་ངས་གསུངས་པ། །སྡིག་པ་བསལ་ཕྱིར་རྒྱུན་དུ་བལྟ་བར་བྱ། །ཞེས་གསུངས་པ་ལྟ་བུ་སྟེ། དེ་བས་ན་ཐབས་འདི་དག་གི་སྒོ་ནས་བསྔོ་བགྲང་བྱའོ། །ཉམས་པ་ཆེ་ཆུང་གི་ཚད་དང་གང་གིས་ཉམས་པའི་ཚད་ཤེས་པར་བྱ་བ་ནི། གོང་དུ་བསྟན་པ་ཡང་ཡིན་ཏེ། དེ་ལ་རྡོ་རྗེ་སློབ་དཔོན་ལས་ཉམས་པར་གྱུར་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལྕི་བ་ནི། སྙིང་ནས་རྡོ་རྗེ་སློབ་དཔོན་གྱི་སྐུ་སྨད་པ། དེའི་འོག་ཏུ་འཁུ་བའོ། །དེའི་འོག་ཏུ་བརྙས་པ་བྱས་པའོ། །དེའི་འོག་ཏུ་འཁོན་བཅུགས་སུ་གྱུར་པའོ། །དེའི་འོག་ཏུ་བཀའ་ལས་འདས་པའོ། །དེའི་འོག་ཏུ་ངན་སེམས་དང་དཔྱ་སེམས་སུ་གྱུར་པ་སྟེ། དེ་ཡང་དངོས་གཞི་ཕྲ་མོ་ལས་གྱུར་པ་ནི། ཉེས་པ་ཆེན་པོར་འགྱུར་རོ། །དངོས་གཞི་ཆེན་པོ་ལས་གྱུར་པ་ན་ཉེས་པ་ཆུང་ངུར་འགྱུར་རོ། །དེའི་འོག་ཏུ་གུས་པ་དང་བཀུར་བསྟི་མེད་པ་སྟེ། འདི་རྣམས་ཀྱིས་ནི་རྩ་བ་ཞིག་རལ་དང་ཆག་འདྲེས་སུ་འགྱུར་རོ། །གཞན་ཡང་དབང་མ་བསྐུར་བར་དཀྱིལ་འཁོར་བྱེད་པ་དང་། མི་ཤེས་པར་དཀྱིལ་འཁོར་འབྲི་བ་དང་། གནང་བ་མེད་པར་གསང་སྔགས་ལེན་པ་ལ་སོགས་པ། བླ་མ་ལ་གུས་པ་མེད་པ་ལས་བྱུང་བ་རྣམས་ཀྱང་། ཡན་ལག་ཞིག་རལ་དང་ཆགས་འདྲེས་སུ་གྱུར་པའོ། །གཞན་ཡང་རྡོ་རྗེ་མཆེད་ལ་བརྟེན་ནས་ཉམས་པར་གྱུར་པ་ནི། རྡོ་རྗེ་སྤུན་ལ་འཁུས་པ་ལྕི་སྟེ། དེ་བཞིན་དུ་རིམ་པས་བརྙས་པ་བྱས་པ་དང་། ངན་སེམས་སྐྱེས་པ་དང་། འཁོན་བཅུགས་སུ་གྱུར་པ་དང་། གཞི་ཕྲ་མོ་དང་ཕྲག་དོགས་ལ་སོགས་པའི་དབང་གིས་ངན་པར་སྨྲས་པ་དང་། བརྩེ་བ་མེད་པ་རྣམས་ཀྱིས། རྩ་བ་ཞིག་རལ་དང་ཆགས་འདྲེས་སུ་འགྱུར་རོ། །གྲོགས་མ་ཡིན་པ་དང་འགྲོགས་པ་རྣམས་ཀྱིས་ནི། ཡན་ལག་གི་ཉེས་པ་རྣམས་སུ་འགྱུར་རོ། །ལྷ་དང་དཀོན་མཆོག་ལས་ནི་སྔགས་དང་ཕྱག་རྒྱ་རྣམས། བརྩོན་པ་རབ་འབྲིང་གི་དབང་གིས། ཇི་ལྟར་དམ་བཅས་པའི་ཞག་དང་ཟླ་བ་དང་། ལོ་རྣམས་ཀྱི་དུས་ཚིག་ལས་འདས་པར་གྱུར་ན། རྩ་བ་ཉམས་པར་འགྱུར་རོ། །མཆོད་པ་དམ་བཅས་པའི་དུས་ལས་འདས་པ་དང་། སྐུ་གཟུགས་དང་གླེགས་བམ་ལ་སོགས་པ་ཕྱག་རྒྱའི་རྫས་རྣམས་དང་། ཕྱག་རྒྱ་ཡོངས་སུ་བསྲུང་བའི་རྫས་རྣམས་དང་། དེ་ལ་མཆོད་པའི་རྫས་རྣམས་ལ་བཀུར་བསྟི་དང་འཛེམ་བག་ཆུང་ཏེ་འགོམ་པ་དང་། ལོངས་སྤྱོད་པའི་བྱེ་བྲག་ཏུ་གྱུར་པ་བཅོམ་སྟེ། ལོངས་སྤྱོད་བསྒྱུར་ཏེ་ལོངས་སྤྱོད་པ་དང་། བྱིན་ཏེ་ལོངས་སྤྱོད་པ་དང་། དགོས་པའི་བྱ་བ་ལ་སྦྱར་ཏེ་ལོངས་སྤྱོད་པ་དང་། ཁྱད་པར་དུའང་རྡོ་རྗེའི་བརྡ་དང་མཚན་མས་བཏབ་པའི་རྡོ་རྗེ་ཉིད་དང་། རྡོ་རྗེ་དྲིལ་བུ་དང་། རྡོ་རྗེ་ཕུར་བུ་ལ་སོགས་པ་འཇོམས་ཤིང་སྤྱོད་པ་ལ་སོགས་པ་དང་། ལྷག་པར་རང་གི་ཡི་དམ་དུ་བསྔོས་པའི་སྐུ་གཟུགས་དང་གླེགས་བམ་དང་། ཕྱག་རྒྱ་རྣམས་ ཆོས་ཀྱི་སྦྱིན་པར་ཡང་གཏང་དུ་མི་གནང་སྟེ། འདི་ལྟ་བུས་ནི་ལྷ་ལ་བརྟེན་པའི་ཡན་ལག་ཞིག་རལ་དང་ཆག་འདྲེས་སུ་འགྱུར་རོ། །རང་གི་སེམས་དཔང་དུ་བཙུགས་པ་ལས་ཀྱང་། མདོར་བསྡུ་ན་རྩ་བའི་ལྟུང་བ་བཞི་དང་། ཁེངས་ཤིང་དྲེགས་པ་རྣམས་ཏེ། འདི་ལྟར་གོང་དུ་ཐོག་མ་ཉིད་དུ་སྨོས་པའི་དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པ་བྱེད་པ་རྣམས་ཀྱིས་ནི། རྩ་བ་ཞིག་རལ་དུ་འགྱུར་རོ། །དེའི་ཆར་གཏོགས་པ་ཇི་སྐད་དུ་བཤད་པ་རྣམས་ཀྱིས་ཡན་ལག་གི་ཉེས་པར་འགྱུར་རོ། །གསང་བ་མི་བསྟན་པའང་། རང་གི་སེམས་ཉིད་དཔང་པོ་ཡིན་ཏེ། དེ་ཡང་ངོ་ཚ་དང་ཁྲེལ་འཛེམ་ཅུང་ཟད་ཀྱང་མེད་དེ། བསྟན་པའི་གནས་མ་ཡིན་པ་ཤེས་བཞིན་དུའང་། བག་མེད་པ་གསང་བ་སྟོན་པར་བྱེད་ན་ནི། རྩ་བ་ཉམས་པར་འགྱུར་རོ། །སྣོད་མ་རྟོགས་པ་ལ་སོགས་པ་སྟོན་ན་ནི། ཡན་ལག་གི་ཉེས་པར་འགྱུར་རོ། །དེ་ལ་བྱང་ཆུབ་ཀྱི་སེམས་གཏན་ནས་སྤངས་ཏེ། རྩ་བ་ཕལ་མོ་ཆེ་ལས་ཉེས་པར་ཤོར་ན་ནི། ཀུན་ཏུ་ཉམས་པ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་མ་ཤོར་ཡང་ཇི་སྐད་དུ་བཤད་པའི་རྩ་བ་རྣམས་ལས་གཅིག་གམ་དུ་མ་འདས་པར་གྱུར་ན། རྩ་བ་ཉམས་པ་ཞེས་བྱའོ། །རྩ་བ་མ་ཤོར་བ་ལས་ཉེས་པ་རིམ་གྱིས་འབྱུང་བ་ནི། ཡན་ལག་ཉམས་པ་ཞེས་བྱའོ། །བདག་ལ་བསྲུང་བའི་བསམ་པ་མི་གཡོ་བར་ཡོད་བཞིན་དུ། སློབ་དཔོན་ངན་པ་དང་འགྲོགས་པ་དང་། གྲོགས་པོ་ངན་པ་དང་འགྲོགས་པའི་དབང་གིས། རང་བཞིན་གྱིས་བག་ཡོད་པ་ཤོར་ཞིང་། ཉེས་པ་ཆེན་པོ་རྣམས་ལ་ཡང་། ཉེས་པ་ཆེན་པོར་མ་མཐོང་སྟེ། རང་བཞིན་གྱི་སྤྱོད་པ་ངན་པ་ལ་བསླབ་པར་གྱུར་ཏེ། ཉམས་པ་གྱུར་པ་རྣམས་ནི་ཟླས་ཉམས་ཞེས་བྱའོ། །གཞན་ཡང་བདག་ལ་བསྲུང་བའི་བསམ་པ་མི་གཡོ་བར་ཡོད་བཞིན་དུ་དགེ་བའི་ལས་སམ་ལུང་དུ་མ་བསྟན་པའི་ལས་ཤིག་བརྩམས་པའི་ཞར་ལ་བག་ཡོད་པས་མ་ཟིན་ཏེ། ཉེས་པ་ཤོར་བ་རྣམས་ནི། ཞར་གྱིས་ཉམས་པ་ཞེས་བྱའོ། །དེ་དག་བགྲང་བའི་ཚེ་ནང་གི་རྟགས་འདི་དག་འབྱུང་སྟེ། བསྒོམ་བསྒྲུབ་དང་མཆོད་པ་ལ་སྤྲོ་ཞིང་། དཀོན་མཆོག་གི་རྫས་རྣམས་ལ་ཉེས་པ་ཕྲ་མོ་ལ་ཡང་འཕྲིག་པ་སྐྱེ་ན་ལྷས་མ་ཁྲེལ་བའི་རྟགས་སོ། །བླ་མ་ལས་གནང་བ་མ་ཐོབ་པར་དབང་ལ་རག་ལུས་པ་ཕྲ་མོ་ཙམ་ལ་ཡང་འཕྲིག་པ་སྐྱེ་ན་སློབ་དཔོན་གྱིས་མ་ཁྲེལ་བའི་རྟགས་སོ། །རྡོ་རྗེ་མཆེད་རྣམས་ལ་ཉེས་པ་ཆུང་ངུ་བྱུང་ཡང་མི་བཟོད་ཅིང་ཕྲད་པ་དང་ཕན་གདགས་པའི་བློ་སྐྱེ་ན། བརྩེ་གདུང་གྲོགས་པོས་མ་ཁྲེལ་བའི་རྟགས་སོ། །སེམས་ལ་ཉོན་མོངས་པའི་དྲི་མ་དག་སྐྱེས་ཀྱང་། གཉེན་པོས་སླེབས་ཤིང་རིམ་གྱིས་ཞི་བར་འགྱུར་བར་ཡང་ཚོར་ན ། གཡོ་སྒྱུ་རང་སེམས་ཀྱིས་མ་ཁྲེལ་བའི་རྟགས་སོ། །གཞན་ཡང་ཡོན་ཏན་གྱི་རྟགས་འདི་རྣམས་འབྱུང་བར་འགྱུར་ཏེ། བསྒོམ་བསྒྲུབ་ལ་བརྩོན་པས་མཐུ་དང་བྱིན་རླབས་ཆེ་བ་དང་། མཆོད་པ་ལ་བརྩོན་ཞིང་རྣལ་འབྱོར་སྔོ་སྐམས་མ་བྱས་པས་ལོངས་སྤྱོད་འཕེལ་བར་འགྱུར་རོ། །བླ་མ་ལ་གུས་ཤིང་བཀའ་བཞིན་བྱས་པས་བར་ཆད་ཆུང་བར་འགྱུར་རོ། །དམ་ཚིག་ཅན་གྱི་གྲོགས་ལ་བརྩེ་གདུང་ཆེ་བས། མི་དང་མི་མ་ཡིན་དམ་ཚིག་ཅན་ཐམས་ཅད་ཉེ་བར་འགྱུར་རོ། །སེམས་ལ་ཉོན་མོངས་པའི་དྲི་མ་མེད་པས། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་བཙུན་པར་བཀུར་བར་འགྱུར་བ་དང་། གསང་སྔགས་འཆོལ་པར་མ་སྤྱད་པས་འབྱོར་པ་བརྟན་པར་འགྱུར་རོ། །གཞན་ཡང་ཉེས་པའི་རྟགས་རྣམས་ཀྱང་། དེ་ལས་བཟློག་པའི་བྱེ་བྲག་སྟེ། བསྒོམ་སྒྲུབ་ལ་གཡེལ་བས་བྱིན་བརླབས་ཆུང་ཞིང་། མཆོད་པ་རྣལ་འབྱོར་སྔོ་སྐམས་བྱས་པས་ལོངས་སྤྱོད་ཆུང་བར་འགྱུར་རོ། །བླ་མའི་ཐུགས་མ་ཟིན་ཅིང་བཀའ་ བཞིན་མ་བྱས་པས་བགེགས་ལྡང་ངོ་། །སེམས་མ་དག་པས་དགྲ་ལྡང་ཞིང་། གསང་སྔགས་བབ་ཆོལ་དུ་སྤྱད་པས་འབྱོར་པ་བརླག་པར་འགྱུར་རོ། །གལ་ཏེ་དམ་ཚིག་མེད་ཅིང་ལོག་ནས་ཉེས་པ་སྣ་ཚོགས་པ་ལ་ཞུགས་ཀྱང་། འཕྲལ་དུ་ཉེས་པ་མི་འབྱུང་ཞིང་ལེགས་པ་ཅུང་ཟད་ཀྱང་འབྱུང་བ་འདྲ་ན་ནི། དེ་ཉིད་ཆད་པ་ཆེན་པོས་ལྟུང་བ་ཆེན་པོ་གཅིག་འབྱུང་བའི་རྟགས་ཡིན་ཏེ། དཔེར་ན་རྒྱལ་པོའི་ཆད་པ་ཆེན་པོ་གསད་པ་ལ་སྦྱོར་བ་གཅིག་ཡོད་པར་གྱུར་ན། དེ་ལ་ཆད་པ་ཕྲ་མོ་བརྡེག་པ་དང་སྤྱུགས་པ་ལ་སོགས་པ་མི་བྱེད་དེ། སླར་ཁ་ཟས་ལ་སོགས་པ་སྟེར་བ་ཡང་འབྱུང་བ་ལྟ་བུའོ། །ཁ་ཅིག་དམ་ཚིག་དང་ལྡན་ཞིང་གཞུང་བཞིན་དུ་བྱས་ཀྱང་། འཆི་ཀར་མི་རིགས་པའི་སྡུག་བསྔལ་བྱུང་ན། སྔ་མའི་ལས་ཀྱི་རྣམ་པར་སྨིན་པའི་ཁྱད་པར་ཅུང་ཟད་ཉམས་སུ་ལོན་པ་ཡིན་ཏེ། མྱུར་དུ་བདེ་བར་འགྱུར་བ་ཡང་ཡོད་དོ། །ཞེས་འབྱུང་ངོ་། །དེ་དག་ནི་རྟགས་ཅུང་ཟད་བརྗོད་པའོ། །མདོར་ན་དམ་ཚིག་ཉམས་པ་ཐམས་ཅད་ཀྱང་རྣམ་པ་གཉིས་ཡིན་ཏེ། ཚོར་བ་དང་མ་ཚོར་བའོ། །དེ་ལ་ཤེས་བཞིན་དང་ལྡན་ན་ཚོར་ཏེ་ཉམས་པ་ཐམས་ཅད་ལ་རྟགས་གཟུང་མི་དགོས་ཏེ། ཇི་ལྟར་ཚོར་བ་བཞིན་དུ་བསྐང་གསོལ་བྱའོ། །མ་ཚོར་བ་ཉམས་པ་རྣམས་ནི་བཤགས་པས་སྐོངས་སོ། །ད་ནི་ཉམས་པ་རྣམས་བསྐང་བའི་ཆོ་ག་བཤད་དེ་དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་འདུས་ཏེ་བཤགས་པ་དང་། གསོ་བ་དང་། སྦྱང་བ་དང་། སྡོམ་པ་སླར་བླང་བའོ། །དེ་ལ་བྱ་བའི་རྒྱུད་ལས་གསུངས་པ་ནི། འཕགས་པ་ལེགས་པར་གྲུབ་བྱེད་ལས། བཤག ས་པ་གསུངས་པ། ཉིན་པར་བག་མེད་བྱས་པ་དག །དེ་དག་བཤགས་པ་མཚན་མོར་བྱ། །ནུབ་མོ་བྱས་པ་ནང་པར་བཤགས། །ཞེས་གསུངས་སོ། །ཆོ་ག་ཉམས་ཆགས་བསྐང་ཞིང་གསོ་བའི་ཆོ་ག་ནི། དཔུང་བཟང་གིས་ཞུས་པ་ལས། བཟླས་བརྗོད་ཀྱི་བགེགས་དང་སྐྱོན་རྣམས་ལ་སླར་གྲངས་ཀྱི་ཐོག་མ་ནས་བསྐྱར་ཏེ་བཟླས་པ་དང་། ཆོ་ག་ཉམས་པ་རྣམས། བཟླས་པ་གཞན་དང་། ཉུང་ཀར་གྱི་སྦྱིན་སྲེག་ལ་སོགས་པས་བསྐང་ཞིང་གསོ་བ་དང་། ཁ་ཟས་མ་དག་པ་རྣམས་ལ། བའི་རྣམ་པ་ལྔའི་ཚོགས་དག་པར་བྱ་བ་ལྟ་བུ། གོང་དུ་ཆོ་ག་ཞིབ་མོའི་སྐབས་སུ་བསྟན་པ་བཞིན་དུ་གསོ་བ་རྣམས་སོ། །སྤྱིར་དམ་ཚིག་ཉམས་པ་རྣམས་བསྐང་བའི་ཆོ་ག་ནི། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད་ལས། འདི་སྐད་དུ། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པ་གང་གྱུར་པ། །དེས་ནི་རང་གི་སྙིང་པོའི་སྔགས། །ཆིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མེས་རྨོངས་བྱེད་པའི་གཟུངས། །སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང་། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་འཇུག །ཅེས་གསུངས་ཏེ། དེ་ལ་བཟླས་བརྗོད་དང་སྦྱིན་བསྲེག་ནི། སྦྱང་བའི་ཐབས་ཡིན་ལ། དཀྱིལ་འཁོར་དུ་འཇུག་པ་ནི་སྡིག་པ་སྦྱང་བ་དང་། སྡོམ་པ་སླར་བླང་བ་གཉི་ག་དང་ལྡན་པ་ཡིན་ཏེ། འོན་ཀྱང་འདིར་གང་ཡང་རུང་བས་སྐོངས་པར་གསུངས་ཀྱི། གདོན་མི་ཟ་བར་གཅིག་དགོས་པར་ནི་མ་གསུངས་སོ། །དེ་ལ་རང་གི་ལྷའི་སྙིང་པོའི་སྔགས་ནི། ལྷ་རྣམས་ཀྱི་རྣམ་པར་གྲོལ་བའི་སྒོའི་དབྱིབས་ཙམ་སྟོན་པ་སྟེ། མདོར་བསྡུས་ཏེ་གསུངས་པས། སྙིང་དང་འདྲ་བའི་ཕྱིར་སྙིང་པོའི་སྔགས་ཞེས་གསུངས་སོ། །མེ་ཡིས་རྨོངས་པར་བྱེད་པའི་གཟུངས་ནི། སྡིག་པ་སྲེག་པར་བྱེད་པའི་གཟུངས་ཀྱི་བྱེ་བྲག་གོ །ཞི་བའི་སྦྱིན་བསྲེག་བྱེད་ན་ཏིལ་ལམ་ཉུངས་ཀར་ལ་སོགས་པའི་རྫས་ལ། ཞི་བའི་གསང་སྔགས་དང་། སྡིག་པ་བསྲེག་པའི་བསྐུལ་ཚིག་སྤེལ་ཏེ། སྦྱིན་བསྲེག་ བྱའོ། །དེ་དག་ནི་སྡིག་པའི་དངོས་པོ་ལྕི་ཡང་གི་དབང་གིས། ཐབས་སོ་སོར་སྨོས་པར་ཟད་དེ། འོན་ཀྱང་གཞིའི་བྱེ་བྲག་གིས་སོ་སོར་གཙོ་བོར་འགྱུར་ཏེ། འདི་ལྟར། རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་མཆེད་ལ་བརྟེན་ནས་ཉམས་པར་གྱུར་པ་རྣམས་ནི། བཤགས་པ་ཉིད་གཙོ་བོར་གྱུར་པ་ཡིན་ཏེ། ལན་གཅིག་དང་གཉིས་དང་གསུམ་གྱི་བར་དུ་བཤགས་པས་སོར་ཆུད་པར་འགྱུར་གྱི། བཟླས་བརྗོད་ལ་སོགས་པ་ནི་མ་ཡིན་ནོ། །སྔགས་དང་ཕྱག་རྒྱ་དམ་བཅས་པ་ལས་ཉམས་པར་གྱུར་པ་རྣམས་ནི། བཟླས་བརྗོད་ཉིད་གཙོ་བོར་གྱུར་པ་ཡིན་ནོ། །ཆོ་ག་མ་དག་པ་རྣམས་ལ་ནི་ཞི་བའི་སྦྱིན་བསྲེག་གཙོ་བོར་གྱུར་པ་ཡིན་ནོ། །བསླབ་པའི་གཞི་ལ་སྲོག་གཅོད་པ་དང་། མི་ཚངས་པར་སྤྱོད་པ་ལ་སོགས་པའི་ཉེས་པ་ རྣམས་ལ་ནི། བཟླས་པ་དང་སྦྱིན་བསྲེག་གཉིས་གཙོ་བོར་གྱུར་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་བཏང་ཞིང་སྡོམ་པ་ཞིག་པར་གྱུར་པ་རྣམས་ལ་ནི་དཀྱིལ་འཁོར་དུ་འཇུག་ཅིང་སྡོམ་པ་སླར་བླང་བ་གཙོར་གྱུར་པ་ཡིན་ནོ། །འདི་ནི་བྱ་བའི་རྒྱུད་ལས་གསུངས་པའི་སྡོམ་པ་ཉམས་པ་བསྐང་བའི་ཆོ་ག་སྟེ། རྣལ་འབྱོར་གྱི་རྒྱུད་དུའང་ཚུལ་འདི་ཉིད་ཀྱིས་སྦྱར་བར་བྱའོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དབང་བསྐུར་བའི་ཆོ་ག་ཁ་ཅིག་ལས་ཀྱང་། དམ་ཚིག་ཉམས་པར་གྱུར་ན། སླར་དཀྱིལ་འཁོར་དུ་འཇུག་ཅིང་སྡོམ་པ་སླར་བླང་བར་གསུངས་ཏེ། འདི་སྐད་དུ། གལ་ཏེ་དམ་ཚིག་ཉམས་གྱུར་ན། །དེ་ཡིས་དཀྱིལ་འཁོར་བསྐོར་ནས་ནི། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །བླ་མ་དད་ལྡན་དམ་ཚིག་སྲུང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡང་ཡོད་ན། ཡང་འདི་ལྟ་བུ་ནི་བྱང་ ཆུབ་སེམས་དཔའི་སྡོམ་པ་ཞིག་པ་སླར་བླང་བ་དང་སྒོ་མཐུན་པར་གསུངས་པ་ཡིན་པར་དགོངས་ཏེ། གསང་སྔགས་ཀྱི་རྒྱུད་ཉིད་ལས་ནི། ཕལ་ཆེར་ཡང་ན་དཀྱིལ་འཁོར་དུ་འཇུག་གོ །ཞེས་ཐབས་ཀྱི་སྒོ་ཕྱོགས་གཅིག་ཏུ་གསུངས་པའི་ཕྱིར་རོ། །ད་ནི་རྣལ་འབྱོར་ཆེན་པོའི་ཚུལ་ལས་གསུངས་པའི་བསྐང་བའི་ཆོ་ག་བཤད་པར་བྱ་སྟེ། དེ་ཡང་མདོར་བསྡུས་ཏེ་གསུངས་པ། རྟོགས་ནས་བསྲུང་སྒྲུབ་དམ་བཅས་པ། །སོ་སོར་འགལ་ཞིང་ཆགས་ཉམས་ན། །སོ་སོ་ཉིད་དུ་བསབ་པར་བྱ། །སྐུ་ཡི་ཆགས་ཉམས་གནས་སུ་གཞུག །གསུང་གི་འགལ་འཁྲུལ་སོ་རུ་བསབ། །ཐུགས་ཀྱི་འགལ་འཁྲུལ་གསོར་མེད་དོ། །ཞེས་གསུངས་ཏེ། སྐུའི་དམ་ཚིག་ནི་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་ལ་འགལ་འཁྲུལ་དང་ཉམས་ཆགས་ཤོར་ན། གནས་སུ་གཞུག་པ་ནི་བཤགས་པ་ཉིད་ཡིན་ཏེ། དད་པ་དང་རྩོལ་བ་རབ་ནི། ནམ་ཉམས་པར་ཚོར་བའི་ཚེ་སོར་གཞུག་གོ །འབྲིང་གིས་ནི་ཉ་ཤིའི་གསོ་སྦྱོང་གི་དུས་སུ་ཟླ་བ་ཡན་ཆད་ཀྱིས་སོར་གཞུག་གོ །ཐམས་ཅད་ཀྱང་ལོ་ཚིགས་ལ་སོར་གཞུག་སྟེ། ལོ་འདས་ན་ནི་ཤིན་ཏུ་ལྕི་བར་འགྱུར་བས་མྱུར་དུ་བསྐང་བར་བྱའོ། །ཐ་མ་དུས་འདས་པའི་ཚད་ནི། བདག་གཞན་སྐྱེ་ཤིས་བར་ཆད་པར་གྱུར་ན་ལྟུང་བ་ཆེན་པོར་འགྱུར་ཏེ། དམྱལ་བའི་རྡོ་རྗེར་འགྱུར་རོ། །མཐོང་བའི་ཆོས་ལ་སོར་ཆུད་ན་ནི། ཉམས་པའི་སྐྱོན་མེད་དོ། །མཐོང་བའི་ཆོས་ལ་སོར་མ་ཆུད་ན་ནི། ཕྱིས་སྦྱང་བའི་ལས་ཇི་སྐད་གསུངས་པ་བྱས་ཀྱང་། སྡིག་པ་འབྲི་བ་ལ་ཕན་གྱི། གཤིས་མེད་པ་ནི་མི་འགྱུར་རོ། །ཞེས་གསུངས་སོ། །གསུང་གི་དམ་ཚིག་ནི། སྔགས་དང་ཕྱག་རྒྱ་དམ་བཅས་པ་རྣམས་ལས། ཆག་ཉམས་སུ་གྱུར་ན། ཇི་ཙམ་ཆག་པ་དེ་ཉིད་བཤགས་པ་དང་བཅས་ནས་སོར་གཞུག་པར་བྱའོ། །ཐུགས་ཀྱི་དམ་ཚིག་ནི། གསང་བ་བརྣག་པར་བྱ་བའི་དམིགས་རྣམས་སྣོད་མ་ཡིན་པ་ལ་སྤེལ་བ་ནི་གསོར་མེད་དོ། །ཞེས་གསུངས་སོ། །འོ་ན་གསང་སྔགས་ཀྱི་དམ་ཚིག་རྣམས་ཀྱང་རང་གི་རྩལ་གྱིས་སྐོངས་སོ། །ཞེས་གསུངས་ན། འདི་ལ་ཐབས་མེད་དམ་ཞེ་ན། འདི་ནི་སྐང་དུ་མེད་པའི་དོན་གྱིས་ཟིན་ན་སྐོངས་པར་གསུངས་ཏེ། དེ་གང་ཞེ་ན། སྙིང་རྗེའི་རྩལ་དང་། ཤེས་རབ་ཀྱི་རྩལ་ལོ། །དེ་ལ་སྙིང་རྗེའི་རྩལ་ནི། སེམས་ཅན་ཐམས་ཅད་ནི་བྱང་ཆུབ་ཀྱི་སྙིང་པོ་ཅན་ཡིན་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ཀྱིས་ཀྱང་ཐམས་ཅད་སྐྱབས་པར་བྱ་བ་ཡིན་ཏེ། འདི་ལྟར་དགེ་བའི་རྩ་བ་མ་བསགས་པ་དང་རྒྱུད་མ་སྨིན་པས་ཀྱང་། ཐར་པ་དང་བདེ་འགྲོའི་རྒྱུར་ འགྱུར་བར་གསུངས་པས། བདག་གིས་ཀྱང་དམ་ཚིག་ཉམས་པ་མེད་དེ། སེམས་ཅན་ཐམས་ཅད་སྐྱབས་པར་བྱའོ། །ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྟོབས་ཆེན་པོ་ཡུན་རིང་དུ་བསྒོམས་ན་སྐོངས་སོ། །ཤེས་རབ་ཀྱི་སྟོབས་ནི། ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པ་སྟེ། སྒྱུ་མ་ཙམ་དུ་སྣང་བ་རྣམས་ཀྱང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དག་ཅིང་མཉམ་པར་ཡིན་ན། མ་དག་པའི་སེམས་ཅན་གང་ཞིག་ཡོད་ཅེས་དེ་ལྟར་རྟོགས་ཤིང་ཡུན་རིང་དུ་བསྒོམས་ན་སྐོངས་སོ། །ཞེས་འབྱུང་ངོ་། །འདིས་ནི་ཐུགས་ཀྱི་དམ་ཚིག་སྐོངས་པར་གསུངས་ཏེ། འདི་ལྟར་སྨྲ་གསུང་སྔགས་ཀྱི་ཚིག་ཏུ་རྟོགས་པས། དེ་ལྟར་བསྒོམས་ན་ཡང་སྐོངས་པར་གསུངས་སོ། །འདི་ནི་མདོར་བསྡུས་པ་ཙམ་སྟེ། སྤྱིར་ཤེས་པར་བྱ་བ་ནི། འདིར་ཡང་བཤགས་པ་དང་། གསོ་བ་དང་། བླང་བ་དང་སྦྱང་བའི་ཆོ་ག་རྣམས་གསུངས་ཏེ། དེ་ཡང་རྡོ་རྗེ་བཀོད་པ་ལས། བཅོམ་ལྡན་འདས་ལ་རིག་འཛིན་མིའི་ཐོད་པ་ཅན་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་གཟུང་འཚལ་ན། གཉེན་པོ་ནི་གང་ལགས། ཐབས་ནི་ཇི་ལྟར་བཤགས། ཡུལ་ནི་གང་ལ་བཤགས། རྒྱུ་ནི་གང་མཆིས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པ་ཐུགས་རྗེས་སྐྱབས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིག་འཛིན་ཆེན་པོ་མིའི་ཐོད་པ་ཅན་རྣམས་ཉོན་ཅིག །ལྟུང་བ་འགྱུར་བའི་ལས་རྣམས་ལ། འགྱོད་པ་སྐྱེས་ནས་ཞུས་པ་ལེགས་སོ། །ལྟུང་བའི་གཉེན་པོ་གང་ཞེ་ན། ཉེས་པ་རྣམས་བཤགས་པར་འདོད་ན། གང་འགྱོད་པ་དྲག་པོ་སྐྱེས་ནས་བ་སྤུ་གཟིངས། མཆི་མ་འབྱིན་པ་ཡིན་ནོ། །ཐབས་ནི་རྣམ་པ་བཞི་ཡོད་དེ། གང་ཞེ་ན་ཤེས་རབ་ཆེན་པོའི་རྒྱུད་ཀྱིས། བག་ཆགས་ཐམས་ཅད་རང་བཞིན་མེད་པར་བཤགས་པ་དང་། ཏིང་ངེ་འཛིན་ཆེན་པོའི་མེས་བག་ཆགས་ཐམས་ཅད་བསྲེགས་ཏེ་མེད་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས། བག་ཆགས་ཀྱི་མུན་ནག་ཐམས་ཅད་བསལ་ཏེ། དག་པར་བྱ་བ་དང་། སྤྱོད་པ་རླབ་པོ་ཆེའི་ཆུས་བཀྲུ་བའོ། །དེ་ལ་བཤགས་པར་བྱ་བའི་ཡུལ་ནི་འདི་ལྟ་སྟེ། སངས་རྒྱས་དང་། རིག་འཛིན་དང་། ལྷ་དང་བླ་མ་དང་། གླེགས་བམ་དང་། གྲོགས་པོ་དང་། རྟེན་དུ་གྱུར་པ་རྣམས་སོ། །བཤགས་པར་བྱ་བའི་རྒྱུད་ནི་འདི་ལྟ་སྟེ། སྒྲིབ་པ་ཆེ་ཆུང་བཤགས་པའོ། །ཞེས་གསུངས་སོ། །དེ་ལ་སྤྱོད་པ་རླབས་པོ་ཆེས་བཀྲུ་བའང་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་སྡིག་པ་སྦྱོང་བ་དང་། སེམས་ཅན་གྱི་དོན་བྱ་བའི་བསམ་པ་དང་། འདི་ལྟར་བདག་གིར་བྱས་ཏེ་སློང་བ་རྣམས་དང་། སློང་བ་ལ་དགའ་བས་སློང་བ་རྣམས་དང་། སློང་བས་ཚོལ་བས་སློང་བ་རྣམས་ལ་སྙིང་རྗེ་ཁུད་པའི་ཞིང་དུ་བྱ་བ་དང་། སྨན་དང་འབྲུ་དང་བཅུད་ལ་སོགས་པ་དང་ལྡན་པའི་གཏོར་མ་འབྱུང་པོ་རྣམས་ལ་སྦྱིན་པ་དང་། འདི་ལྟར་བསོད་ནམས་སྐྱེ་བའི་གྲ་བཞི་པོ། ནད་གསོ་ཤེས་སློབ་སྤྱོད་སྒོམ་གྲྭ་བཙུགས་ཏེ་བསྟི་གནས་མཆོད་བྱ་ཞིང་། ཞེས་གསུངས་ཏེ། ནད་གསོ་བའི་གྲ་དང་། ཤེས་པ་སློབ་པའི་གྲ་དང་། ལུས་ངག་གི་ཆོས་སྤྱོད་བརྩོན་པའི་གྲ་དང་། བསྒོམ་པའི་གྲ་རྣམས་བཙུགས་ཏེ། བསྟི་གནས་བྱ་བ་དང་། ཟབ་ཅིང་རྒྱ་ཆེ་བའི་གསུང་རབ་བསྙེན་བཀུར་དང་། མཆོད་པ་དང་བཅས་པའི་གདོན་པ་དང་། ཆོས་ཀྱི་སྦྱིན་པ་གཞན་ཡང་བྱ་ཞིང་། རང་གི་ཤེས་རབ་ཀྱི་རྒྱུད་སྦྱང་བ་དང་། ལམ་གྱི་སྦྱིན་པ་ལ་སོགས་པ་སྐྱབས་རྣམས་སྦྱིན་པ་དང་། ས་ལ་སོགས་པའི་འབྱུང་བ་རྣམས་ལ་སྐུ་གདུང་གདབ་པ་དང་། ལས་རྣམ་པ་བཞིའི་སྦྱིན་བསྲེག་བྱ་བ་དང་། ཕྱག་འཚལ་མཆོད་དང་བཤགས་པ་ལ་སོགས་པ་ཡན་ལག་བདུན་པའི་སྨོན་ལམ་གདབ་པ་ལ་སོགས་ཏེ། དགེ་བའི་ལས་ཐམས་ཅད་འབད་པས་བརྩམས་པར་བྱ་སྟེ། དེ་དག་རྣམས་ལ་ཡང་གཞན་གྱི་དོན་དུ་མི་འགྱུར་བ་དང་། བདག་གི་དོན་དུ་མི་འགྱུར་བ་དང་། གཉི་གའི་དོན་དུ་མི་འགྱུར་བ་དང་། ཆོས་ཀྱི་དོན་དུ་མི་འགྱུར་བ་རྣམས་སྤངས་ཏེ། བརྩོན་པ་ཆེན་པོས་བྱ་བ་ནི། སྤྱོད་པ་རླབས་པོ་ཆེས་བསྐང་བ་ཞེས་བྱའོ། །དེ་ལ་བསྐང་བར་བྱ་བའི་དམིགས་ནི། སྔོན་དུ་བརྗོད་པའི། ཀུན་ཏུ་ཉམས་པ་ཆེན་པོ་དང་། རྩ་བ་ཉམས་པ་དང་། ཡན་ལག་ཉམས་པ་དང་། ཟླས་ཉམས་པ་དང་། ཞར་གྱིས་ཉམས་པ་དང་ལྔའོ། །བསྐང་བའི་ཐབས་ཀྱང་ཉམས་སུ་བླང་ན་ལྔར་འགྱུར་ཏེ་གོང་དུ་བརྗོད་པའི་སྤྱོད་པའི་ལས་ཀྱིས་བསྐང་བ་དང་། རྫས་ཀྱིས་བསྐང་བ་དང་། དོན་གྱིས་བསྐང་བ་དང་། ཏིང་ངེ་འཛིན་གྱིས་བསྐང་བ། མན་ངག་གསང་བ་ཐབས་ཀྱིས་བསྐང་བའོ། །དེ་ལ་སྤྱོད་པའི་ལས་ཀྱི་བསྐང་བ་ནི། གོང་དུ་བསྟན་པའི་ལས་དེ་རྣམས་ཀྱིས་ཀུན་ཏུ་ཉམས་པ་ཆེན་པོ་ལ་འབུམ་ཕྲག་ལྔ་དང་། ཁྲི་ཕྲག་གསུམ་བྱའོ། །རྩ་བ་ཉམས་པ་ལ་ཁྲི་ལྔ་དང་། སྟོང་ཕྲག་གསུམ་བྱའོ། །ཡན་ལག་ཉམས་པ་ལ་སྟོང་ཕྲག་ལྔ་དང་བརྒྱ་ཕྲག་གསུམ་བྱའོ། །ཟླས་ཉམས་པ་ལ་བརྒྱ་ཕྲག་ལྔ་དང་བཅུ་ཕྲག་གསུམ་བྱའོ། །ཞར་གྱི་ཉམས་པ་ལ་བཅུ་ཕྲག་ལྔ་དང་རྩ་བ་གསུམ་གྱིས་སྐོངས་སོ། །ཞེས་གསུངས་ཏེ། འདི་དག་ནི་སྡིག་པ་སྦྱང་བའི་ཆོ་ག་ཡིན་ཏེ། དམ་བཅས་པ་དང་བཅས་པ་མ་ཡིན་པའི་སྡིག་པ་ཐམས་ཅད་ལ་སྦྱར་བར་བྱ་སྟེ། མཚམས་མེད་པའི་ལས་བྱས་པ་ཡང་སྐོངས་པར་འགྱུར་རོ། །ཞེས་གསུངས་སོ། །གྲངས་དེ་དག་ཀྱང་མཆོད་རྟེན་གདབ་པ་དང་། སྲོག་གདོན་པ་དང་། མདོ་ཕྲ་མོ་གདོན་པ་དང་། ཕྱག་ འཚལ་བ་ལ་སོགས་པ་གྲངས་སུ་བགྲང་དུ་རུང་ཞིང་། ལས་ལ་སྦྱར་དུ་རུང་བ་རྣམས་ལ་དགོངས་པ་ཡིན་ཏེ། དེ་ལྟ་བུ་སྦྱར་དུ་མི་རུང་བ་རྣམས་ལ་ནི་མ་ཡིན་ནོ། །རྫས་ཀྱི་བསྐང་བ་ནི། ལྷ་ཁྱད་པར་གྱི་དམ་ཚིག་རྣམས་ལས། གང་ཞིག་རལ་དུ་གྱུར་པ་དེ་གསོ་བར་བྱ་བའི་ཕྱིར། སོ་སོའི་རིགས་དང་མཐུན་པའི་བླ་མ་སྤྱན་དྲངས་ཏེ། སོ་སོའི་རིགས་དང་མཐུན་པའི་རིན་པོ་ཆེའི་རྫས་ལ་སོགས་པ། ལྷ་དང་བླ་མ་ལ་ཕུལ་ཏེ། དཀྱིལ་འཁོར་དུ་ཞུགས་ལ། གང་ཉམས་པ་དེ་རྫས་དེས་བསླུ་བའི་ཚུལ་གྱིས། བླ་མ་ལས་སྡོམ་པ་སླར་བླང་བར་གསུངས་སོ། །དེའི་ཚེ་ཉེས་པ་བཤགས་པ་དང་། རིགས་ཀྱི་དམ་ཚིག་དང་མཐུན་པའི་དགེ་བ་སྤེལ་བར་གསུངས་སོ། །དོན་གྱི་བསྐང་བ་ནི། ཆོས་རྣམས་ཀྱི་དོན་རྟོགས་པས་ བསྐང་བ་སྟེ། དེ་ཡང་ཆོས་ཐམས་ཅད་གཉིས་སུ་མེད་པའི་དོན་ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པར་བྱས་ཏེ། དེ་བཞིན་དུ་བསྒོམ་པ་དང་། གཞན་ཡང་ཆོས་ཟབ་མོ་མཉན་ཞིང་བསམ་པ་དང་། དེ་བཞིན་དུ་དོན་ཟབ་མོ་གླེགས་བམ་ལས་བརྟག་པ་དང་། ཟབ་མོ་སྟོན་པའི་ཡོན་བདག་བྱ་བ་དང་། གླེགས་བམ་ཟབ་མོ་རྣམས་བྲིས་ནས་ཆོས་ཀྱི་སྦྱིན་པ་བཏང་ན་ཡང་ཉེས་པ་ཆེ་ཆུང་རིམ་པ་བཞིན་དུ་སྐོང་་བར་འགྱུར་བར་བཤད་དོ། །ཏིང་ངེ་འཛིན་གྱིས་བསྐང་བ་ནི། དམ་ཚིག་གི་ཁྲུས་ལུང་ཞེས་བྱ་སྟེ། དེ་ཡི་ཆོ་ག་ནི་འདི་ལྟར། དམ་ཚིག་ཉམས་པ་བསྐང་བར་འདོད་པའི་རྣལ་འབྱོར་པ་དེས། སྔོན་དུ་བྱ་བའི་ཆོ་ག་ཇི་ལྟར་རིགས་པ་བྱ་སྟེ། སྟན་བདེ་བ་ལ་འདུག །དྲན་པ་མངོན་དུ་བཞག་ ནས། ཡིད་གཅིག་ཏུ་བསྡུས་ཏེ། དང་པོར་བདག་གི་སྤྱི་གཙུག་ཏུ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱི་རང་བཞིན། འོད་རྩ་དམར་༼རྫོགས་ཆེན་པར་མ་ལ། རྩ་དམར་ཞེས་ཡིག་འབྲུ་གཉིས་ཀྱི་འོག་ཏུ་ཁྲམ་རིས་གཉིས་བཀོད་འདུག །༽མེ་ལོང་ཙམ་ཞིག་ཤིན་ཏུ་གསལ་ཞིང་འབར་བར་བསྒོམ་མོ། །དེའི་འོད་ཟེར་གྱིས་བདག་གི་ལུས་སེམས་ཀྱི་རྒྱུད་ཀྱི་མཚན་མ་ངན་པའི་བག་ཆགས་ཐམས་ཅད་བསྲེགས་ཏེ། སེམས་ཅན་རྣམ་པར་གྲོལ་བའི་རང་བཞིན་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་དང་འོད་ཀྱི་རང་བཞིན་ཏེ་གཅིག་ཏུ་འདྲེས་པར་གྱུར་པ་ལས། སྐུ་གསུང་ཐུགས་དག་པའི་བདག་ཉིད་ཀྱི་འོད་ཀྱི་ཐིག་ལེ་གསུམ་དུ་གྱུར་པ་ནི། འདི་ལྟར་དཀར་པོ་དང་། དམར་པོ་དང་། མཐིང་ཀ་གསུམ་དུ་གྱུར་པ་ལས། དེ་གསལ་བ་དང་འོད་དཀར་པོ་ཐམས་ཅད་དུ་འཕྲོས་པས། ཐམས་ཅད་དུ་ཁྱབ་པའི་སྐུའི་ རང་བཞིན་དུ་རྟོགས་པར་བྱའོ། །དམར་པོ་འཕྲོས་པས་ཐུགས་རྗེ་ཆགས་པའི་བདག་ཉིད་གསུང་གི་རང་བཞིན་དུ་རྟོགས་པར་བྱའོ། །མཐིང་ཀ་འཕྲོས་པ་ལས་ཐུགས་ཡེ་ཤེས་སྤྲོས་པ་མེད་པའི་བདག་ཉིད་དུ་རྟོགས་ཏེ། དེ་གསུམ་དབྱེར་མེད་པར་འདུས་པ་ལས། བདག་གི་ལུས་ངག་ཡིད་གསུམ་གྱི་བག་ཆགས་བསྲེགས། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོང་བར་བསམ་མོ། །དེ་ནི་བག་ཆགས་བསྲེག་པའི་ཏིང་ངེ་འཛིན་ནོ། །དེ་ནས་ཡང་འོད་དཀར་པོ་རླུང་གི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་དུ་གྱུར་པ་ལས། འོད་དམར་པོ་འབུད་པའི་རླུང་བྱུང་བས། མཚན་མའི་བག་ཆགས་ཐམས་ཅད་གཏོར་བར་བསྒོམ་མོ། །འདི་ནི་བག་ཆགས་གཏོར་བའི་ཏིང་ངེ་འཛིན་ནོ། །དེ་ནས་ཡང་འོད་དཀར་པོ་ཆུའི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་ལས། འོད་མཐིང་ཀ་ཡེ་ཤེས་ཀྱི་ཆུ་བྱུང་བས་བག་ཆགས་མི་གཙང་བའི་ལྗན་ལྗིན་ཐམས་ཅད་བཀྲུས་པར་བསམ་མོ། །འདི་ནི་བཀྲུ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་གསལ་བར་གྱུར་པ་དང་། གསང་སྔགས་འདིས་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཀྲོ་ངྷེ་ཤྭ་རི་སརྦ་དྲ་བྷཾ་ཤོངྷ་ཡ། ༼ཀྱེ་ཁྲོ་མོ་དབང་ཕྱུག་མ་སླས་ཐམས་ཅད་སྦྱོངས་ཤིག ༽ཨོཾ་ཨཱ་ཧཱུཾ། རཾ་ཡཾ་ཁཾ། ཞེས་བརྗོད་ཅིང་དེ་བཞིན་དུ་བསྒོམས་པས། ཉམས་པ་རྣམས་བསྐོངས་པར་འགྱུར་རོ། །ཞེས་འབྱུང་ངོ་། །མན་ངག་གསང་བའི་ཐབས་ཀྱིས་བསྐང་བ་ནི། རྫས་ཁྱད་པར་ཅན་དང་ལྡན་པའི་བསྒྲུབ་པ་ཆེན་པོ་ལ་བླ་མ་དམ་པ་སྤྱན་དྲངས་ཏེ། སྒྲུབ་པ་བརྩམ་ཞིང་རང་གི་གཟུངས་མ་ཡང་བླ་མ་ལ་ཕུལ་ཏེ། བསྐངས་པས་སྐོངས་བར་འགྱུར་རོ། །ཞེས་གསུངས་ཏེ། དེ་ཡང་ཉམས་པ་ཆེ་ཆུང་དང་སྦྱར་ཏེ། སྒྲུབ་པ་ཆེན་པོ་དགུའམ། བདུན་ནམ། ལྔའམ། གསུམ་མམ། གཅིག་གིས་བསྐང་ངོ་། །ཞེས་འབྱུང་ངོ་། །དེ་ལྟར་བསྟན་པ་འདི་དག་ཀྱང་ཐབས་གང་ཡང་རུང་བ་རེ་རེས་ཀྱང་བསྐོངས་པར་འགྱུར་གསུངས་པ་ཡིན་ལ། མང་དུ་ལྡན་པར་གྱུར་ན་ཡང་བསྔགས་པར་གྱུར་པ་ཡིན་ནོ། །འདི་ལྟར་བསྐང་བའི་ཡུལ་དང་དུས་ནི། ཡུལ་ནི་ས་གཙང་བ་རྣམས་སུ་བསྐང་བར་གསུངས་སོ། །དུས་ནི་སྔོན་དུ་བརྗོད་པ་བཞིན་དུ་བརྩོན་པ་རབ་འབྲིང་གིས་སྦྱར་ཏེ། ཇི་ལྟར་མྱུར་དུ་བསྐངས་པ་དེ་དག་མཆོག་ཏུ་བཤད་དོ། །ཚུལ་གཞན་ལས། སྐུ་གསུང་ཐུགས་སུ་སྦྱོར་བ་ལ། །དམ་བཅས་དག་པ་ཡོད་སྲིད་ཀྱི། །མཆོག་ལ་དག་པ་མེད་པའོ། །ཞེས་གསུངས་ཏེ། འདིའི་དགོས་པ་ནི། བུམ་པ་སྐུའི་དབང་དང་། གསང་བ་གསུང་གི་དབང་དང་། ཤེས་རབ་ཡེ་ཤེས་ཐུགས་ཀྱི་དབང་གསུམ་ཐོབ་པ་ལས། ཉམས་པར་གྱུར་ན་ནི་བསྐང་བའི་ཐབས་ཡོད་ཀྱི། དབང་བཞི་པ་ལས་ཉམས་ན་ནི་དག་པའི་ཐབས་མེད་དོ། །ཞེས་གསུངས་ཏེ། གང་གི་ཕྱིར་སྡོམ་པ་རྣམས་ནི། མས་ཡར་རིམ་གྱིས་བརྟེན་ཅིང་། གོང་མའི་མཐུས་འཛིན་ཅིང་དག་པར་བྱེད་པར་གསུངས་ཏེ། འདི་ལྟར་སོ་སོར་ཐར་པའི་སྡོམ་པ་ལ་བརྟེན་ནས། བྱང་ཆུབ་ སེམས་དཔའི་སྡོམ་པ་བླངས་པ་ན། སོ་སོར་ཐར་པའི་སྡོམ་པ་ཞིག་པ་རྣམས། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བརྟེན་ནས་སླར་བླང་དུ་རུང་ངོ་། །དེ་བཞིན་དུ་གསང་སྔགས་ཀྱི་སྡོམ་པའི་བར་དུ་ཡང་རིམ་གྱིས་འོག་མ་ལ་བརྟེན་ཅིང་། གོང་མ་བླངས་པ་ཡིན་ལ། གོང་མའི་མཐུ་ལ་བརྟེན་ཅིང་འོག་མ་སོར་གཞུག་སྟེ། གོང་མ་ཉིད་ཉམས་ན་དེ་ལ་ཐབས་འོག་མས་མ་སྐོངས་སོ། །དེ་བས་ན་དབང་བཞི་པ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པ་ཡིན་ལ། གལ་ཏེ་དེ་ཉིད་ཉམས་པར་གྱུར་ན། དེ་གསོ་བའི་ཐབས་སུ་གྱུར་པ། གཞན་གྱིས་མི་ནུས་ཏེ། རྡོ་རྗེ་རིན་པོ་ཆེ་ཆག་པ་རྩི་གཞན་གྱིས་མི་འབྱོར་བ་བཞིན་ནོ། །དམ་ཚིག་ཉམས་པ་ བསྐངས་པ་རྣམས་སྐོངས་པ་དང་མ་སྐོངས་པའི་རྟགས་ཀྱང་། དེ་བཞིན་གཤེགས་པའམ་རིག་འཛིན་རྣམས་ལས་བྱུང་བའི་སྐུ་གདུང་བསྟེན་པས་རྟོགས་པར་འགྱུར་བས། དེ་བསྟེན་པར་གསུངས་ཏེ། འདི་ལྟར། རྡོ་རྗེ་བཀོད་པ་ལས། རྡོ་རྗེ་སྙིང་པོའི་ཐ་ཚིག་ལས། བསྐངས་པས་སྐོངས་པར་གྱུར་པ་ཡི། །རྟགས་ཆེན་དག་ཀྱང་འདི་ལྟ་སྟེ། །རྒྱལ་བ་སངས་རྒྱས་རིགས་ཆེན་གྱི། །གདུང་ཆེན་དག་ལས་བྱུང་བ་ཡི། །ཤ་རི་རམ་ཞེས་བྱ་བ་དེ། །ཐམས་ཅད་ལྟས་སུ་སྟོན་པར་བྱེད། །ཤེལ་གྱི་ཟ་མ་ཏོག་ནང་དུ། །དག་པར་བཅུག་སྟེ་བཙས་པ་ལས། །ཉམས་པའི་ཆད་པ་འབྱུང་བའི་ཚེ། །ཁ་དོག་གནག་ཅིང་འབྲོས་པར་འགྱུར། བསྐངས་པས་སྐོངས་སམ་སོར་ཆུད་ཅིང་། །གལ་ཏེ་དམ་ཚིག་མ་ཉམས་ན། །ཁ་དོག་དཀར་ཞིང་འཚེར་བར་འགྱུར། །ལེགས་པའི་ཡོན་ཏན་འབྱུང་བའི་ཚེ། །གྲངས་མང་རྒྱ་ཆེར་འཕེལ་བར་འགྱུར། །གལ་ཏེ་གནག་གམ་མི་གསལ་ན། །མྱུར་དུ་སྒྲིམ་ནས་སྐོང་ཟློག་བྱ། །འོན་ཏང་ཉམས་པས་མི་བོག་ཅིང་། །དེ་དག་སོ་རུ་གསོ་བ་ན། །རྟགས་ཆེན་འདི་ནི་བསྟེན་བྱ་སྟེ། །འདི་དག་ཤིན་ཏུ་བརྟགས་ནས་ནི། །དཀར་ལ་འཚེར་བ་གྱུར་པ་ན། །རྩ་བ་ཡན་ལག་ཉམས་པ་རྣམས། །སྐོངས་ཏེ་སོར་ཆུད་རྟགས་ཡིན་ནོ། །དེས་ན་རྣལ་འབྱོར་ལས་ཀྱི་གཙོར། །སྦྱོང་དང་སྐོང་བའི་ལས་རྣམས་བྱ། །ཞེས་གསུངས་ཏེ། འདི་ལྟར་ཤེལ་གྱི་ཟ་མ་ཏོག་ཀྱང་ཉེ་བར་མཚོན་པ་ཙམ་སྟེ། གསེར་དང་དངུལ་གྱི་ཟ་མ་ཏོག་དང་། བ་སོ་ལ་ སོགས་པའི་ཟ་མ་ཏོག་མཛེས་པར་བྱས་ཏེ། དེར་སྐུ་གདུང་བཅུག་ནས། དར་ལ་སོགས་པའི་གོས་གཙང་མས་དྲིལ་ཏེ། མཆོད་པའི་རྟེན་དང་ལྷན་བྲལ་༼འདི་ནས་མང་པོ་ཞིག་ཆད་སོང་ངེས་བས་མ་དཔེ་ཁུངས་དག་ལོན་ན་འཛུད་དགོས། ༽ ནས་གསེར་ཉིད་སྣང་། །དེ་བས་དད་ལྡན་དམ་ཆོས་སྤྱོད་རྣམས་ཀྱིས། །བསླབ་དང་ཉོན་མོངས་སོ་སོར་མ་བཞག་པར། །བསླབ་པ་ཐམས་ཅད་ཉོན་མོངས་སྟེང་དུ་ཞོག །སྦྱོར་བའི་ལས་ཀྱང་གཞན་མིན་དེ་ཉིད་དོ། །གལ་ཏེ་དེ་ལྟར་མ་ཡིན་ན། །ཉོན་མོངས་རྒྱུ་ཚོགས་མི་ཞི་ཞིང་། །སྙིང་རྗེ་བསྐྱེད་པར་མི་བྱེད་པའི། །ཤེས་རབ་དེ་ཡང་བལྟ་གནས་ཉིད། །ཉོན་མོངས་སྐྱོན་རྣམས་མི་ལྡོག་ཅིང་། །སླར་ཡང་ཉོན་མོངས་གྲོགས་གྱུར་པའི། །ཚུལ་ཁྲིམས་དེ་ཡང་ཚུལ་འཆོས་ཙམ། །ཉོན་མོངས་འབྲལ་བར་མི་ནུས་ཤིང་། །འདོད་ལས་ཅུང་ཟད་མི་འབྱིན་པའི། །བསམ་གཏན་ཡུལ་ལ་ཆགས་དང་འདྲ། །སྙོམས་འཇུག་སྦལ་ན་གནས་དང་མཚུངས། །ཉོན་མོངས་ཞི་བར་ནུས་པ་ན། །བསླབ་པ་གཅིག་ལ་ཀུན་ཀྱང་ཚང་། །དེ་བས་རྒྱུ་མེད་སྤྱོད་རྣམས་ཀྱིས། །བསླབ་པས་ཉོན་མོངས་གདུལ་བའི་རིགས། །བསླབ་པ་གོམས་པར་གྱུར་པ་ཡི། །རྟགས་ཀྱང་དེ་ཉིད་གཟུང་བའི་རིགས། །གཞན་དུ་སྣ་ཚོགས་རྒྱུས་བྱུང་བའི། །རྟགས་རྣམས་འཛིན་པར་ཇི་ལྟར་ངེས། །ཇི་ལྟར་དུག་སྣོད་དག་བྱའི་ཕྱིར། །འབད་པས་སྨན་གྱི་ཚོགས་བཙལ་ནས། །རྙེད་ནས་དུག་གི་རྟེན་གྱུར་ཡང་། །སྨན་པ་ཞུམ་པ་མེད་པ་དེ། །སྨན་དཔྱད་བསླབ་པ་མ་བྱས་པའི། །སྐྱེ་དགུ་རྣམས་ཀྱིས་ཅིས་མི་ཁྲེལ། །དེ་བཞིན་ཉོན་མོངས་དག་བྱའི་ཕྱིར། །དཀའ་བས་ཆོས་ཀྱི་སྨན་བཙལ་ནས། །ཡོན་ཏན་རྙེད་པར་གྱུར་པ་ན། །སླར་ཡང་ཉོན་མོངས་རྟེན་གྱུར་ནས། །མ་ཞུམ་བག་མེད་གནས་པ་རྣམས། །སྐྱེ་དགུ་ཆོས་ལ་མ་ཞུགས་པས། །ལེགས་པར་བརྟགས་ཤིང་ཅིས་མི་ཁྲེལ། །དེ་བས་འབད་པ་ཐམས་ཅད་ཀྱི། །བསླབ་པ་ཇི་ལྟར་བླང་བ་བཞིན། །ཉོན་མོངས་གདུལ་ལ་འབད་པར་མཛོད། །གསང་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་དམ་ཚིག་གི་སྡོམ་པ་རྣམས། སྤྱི་དང་ཁྱད་པར་དང་ལྷག་པའི་ དམ་ཚིག་ཏུ་ཕྱེ་སྟེ། མདོ་རྒྱས་སུ་བསྟན་ནས། གང་ཟག་ཐམས་ཅད་ཀྱི་བསླབ་པའི་གཞིར་རུང་ཞིང་། གང་ཟག་གཅིག་གིས་ཀྱང་བརྟེན་དུ་རུང་བའི་ཐབས་སུ་བསྡུས་ཏེ་རྣམ་པར་བཀོད་པའོ། །རྫོགས་སོ།། །།བོད་ཀྱི་པཎྜི་ཏ་ཆེན་པོ་ངྷརྨ་བྷ་དྲས་མཛད་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་གྱུར་ཅིག །བོད་ཀྱི་སྐྱེས་བུ་ངྷརྨ་བྷ་དྲ་ནི། །ཕྱི་ནང་རིག་གནས་ཀུན་ལ་མ་རྨོངས་པས། །ལྟ་ངན་ཚང་ཚིང་རིགས་པའི་མེས་བཅོམ་ནས། །ཆོས་ཉིད་མཉམ་པ་ཆེན་པོར་ཐུགས་གཞོལ་ཡང་། །མ་རིག་འགྲོ་བ་རྗེས་སུ་གཟུངས་པའི་ཕྱིར། །དམ་ཚིག་མདོ་རྒྱས་མཛད་པ་བཀའ་དྲིན་ཆེ། །མངྒ་ལཾ། ཨོཾ་ཨཱཿཧཱུཾ། བླ་མ་དམ་པ་རོང་ཟོམ་ཆོས་ཀྱི་བཟང་པོ་ཡི། །ཞལ་ནས་གདམས་པ་དམ་ཚིག་ཆེན་པོ་འདི་ལ་སོགས། །རྒྱལ་བའི་བཀའ་དང་དབྱེར་མེད་དེ་ཕྱིར་ཤཱཀྱ་ཡི། །དགེ་བསྙེན་རྡོ་རྗེ་དབང་ཕྱུག་བདག་གིས་ནན་ཏན་བྱས། །དགེ་བས་བདག་སོགས་བླ་མའི་རྗེས་འབྲང་སྔགས་པ་རྣམས། །དྲི་མེད་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ལམ་མཆོག་གིས། །མྱུར་དུ་བཅོམ་ལྡན་རྡོ་རྗེ་འཆང་གི་ས་ཐོབ་ནས། །འགྲོ་བ་ཐམས་ཅད་སྡུག་བསྔལ་མཚོ་ལས་སྒྲོལ་བར་ཤོག །བླ་མ་ཆེན་པོ་ལོ་ཙྪ་བ་ལ། གོ་རུབ་ལོ་ཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་གསོལ་བ་བཏབ་པའི་ཕྱིར་མཛད་པའོ། །གཞན་ཕན་མཐའ་ཡས་མཆོག་གི་སྤྲུལ་པའི་སྐུ། །གཞན་ཕན་ཆོས་ཀྱི་སྣང་བ་ཞེས་བྱ་བས། །གཞན་ཕན་སླད་དུ་སྤར་འདི་བསྒྲུབས་པའི་དགེ། །གཞན་ཕན་ ཕྲིན་ལས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པའང་མི་ཕམ་པས་སོ། །

རང་སློབ་དམ་ཚིག་པ་རྣམས་ལ་གསུངས་པའི་རྭ་བ་བརྒྱད་པའི་བཅའ་ཡིག

༄༅། །རོང་ཟོམ་ཆོས་བཟང་གིས་རང་སློབ་དམ་ཚིག་པ་རྣམས་ལ་གསུངས་པའི་རྭ་བ་བརྒྱད་པའི་བཅའ་ཡིག་བཞུགས།

༄༅། །འབྲུག་གི་ལོ། ཡུལ་རུ་ལག་གཙང་སྨད་ཀྱི་བཙད་པོ་ཕ་བ་དེས་སེའི་ཡང་དབོན་རྒྱལ་བུ་སྲོང་བཙན་འབར་སྐུ་ཁབ་བཞེས་པ་ཙམ་གྱི་དུས་ན། སྔགས་བཙུན་སྡེ་གཉིས་ཀྱི་བན་དེ་ཀུན་ཀྱང་། སོ་སོའི་སྡོམ་པ་དང་དམ་ཚིག་བསྲུང་བ་ལ་གཡེལ་ཞིང་། དམ་པའི་ཆོས་ལེགས་པར་འཛིན་པའི་རྩོལ་བ་དང་མི་ལྡན་པར་མཐོང་ནས། ཡུལ་གནང་ལུང་རོང་དུ། རོང་ཟོམ་ཆོས་ཀྱི་བཟང་པོས་རང་གི་དམ་ཚིག་པ་རྣམས་བསྡུས་ཏེ། དཀོན་མཆོག་གསུམ་གྱི་རྟེན། གནས་བུ་འགའ་ཡང་བཙུགས་ནས། དང་པོར་ཁྱིམ་པའི་སྔགས་པ་རྣམས་ལ་བཅའ་བ་བགྱིས་པའི་མདོ། དེ་ལ་སྔགས་པ་ཁྱིམ་པ་རྣམས་ཀྱིས་ཐུན་མོང་གི་བསླབ་པའི་གཞི་ལྔ་ལ་གནས་ནས། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་གསང་སྔགས་ཀྱི་ཚུལ་གཉིས་ཀའི་སྒོར་གྱུར་པའི་རྩ་བའི་ལྟུང་བ་ཆེན་པོ་བཞི་སྤང་ཞིང་། གསང་སྔགས་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་རྩ་བའི་ལྟུང་བ་བཞི་སྤང་སྟེ། དམ་ཚིག་ལ་ནན་ཏན་དུ་གནས་པར་བྱ་བའི་ཕྱིར། ཀུན་གྱིས་ཀྱང་མི་གནས་སུ་མི་གནང་བ། དེ་ལ་ཐེག་པ་ཆེན་པོར་གསུངས་པའི་བསླབ་པའི་གཞི་ལྔ་ལ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པ་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། རྫུན་དུ་སྨྲ་བ་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བ་དང་ལྔའོ། །དེ་ལ་ཚངས་པར་སྤྱོད་པ་དང་། ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་ནུས་པ་ཡོད་ན་ལེགས། དེ་དག་མི་ནུས་པ་རྣམས་ཀྱིས་ཀྱང་། སྣ་འགའ་བསྲུང་བའི་དགེ་བསྙེན་ལ་གནས་པར་བཅའ་བ་བྱས་སོ། །དེ་ཡང་རྩ་བ་བཞི་ལས། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པའི་དངོས་གཞི་ནི་སྤོང་བར་བཅའ་བ་བྱས་སོ། །ཡན་ལག་ནི་འཛེམ་པར་བཅས་སོ། །དེ་ལ་ཡང་དང་པོ་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་ནོས་ན་ནི་ལེགས། མ་ནོས་ན་བླ་མ་ལས་བླངས་པར་བཅའ་བ་བྱས་སོ། །འདོད་པས་ལོག་པར་གཡེམ་པའི་སྐབས་སུ། ཐེག་པ་ཆེན་པོ་ལས། བུད་མེད་བཞི་བཀག་པ་ལས། དམ་པའི་ཆོས་ཀྱིས་བསྲུངས་པ་དང་། ཆོས་གོས་ཀྱི་མཚན་མས་བསྲུང་བ་དང་། འདི་གཉིས་ནི་སྤང་བར་བཅས་སོ། །སྡོམ་པ་བླངས་པ་ནི་ཉམས་དང་སྦྱར་རོ། །དེ་ལ་བུད་མེད་དེ་གཉིས་ནད་ཀྱིས་གཟིར་བ་ལས་སྐྱོབ་པའི་ཕྱིར་དང་། གང་སོ་སོར་ཐར་པའི་སྡོམ་པ་བསྲུང་མ་ནུས་ཏེ་གསང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་བཟླས་པ་དང་བསྒོམ་པ་ལ་བརྩོན་པར་བྱའོ། །སྙམ་པ་རྣམས་སྐྱོབ་པའི་ཕྱིར་ཡིན་གྱི། རང་གི་འདོད་པས་བློ་མ་ཕྲོགས་ན་དེ་ལ་བཀག་པ་མ་བྱས་སོ། །ཤེས་བཞིན་གྱི་རྫུན་དུ་སྨྲ་བ་ནི་གཏིང་བཅའ་བ་མ་བྱས་སོ། །མ་ནོས་ཀྱང་དམ་པའི་ཆོས་ལ་སྒྲོ་སྐུར་དང་། ལྷ་དང་འདྲེ་སྨྲ་བ་མཐོང་ཟེར་བ་ནི་སྤྱིར་བཀག་གོ ། གཞན་ཡང་སེམས་ཅན་ལ་གནོད་པའི་རྫུན་ནི་ཅི་ནུས་ཀྱིས་བསྲུང་ངོ་། །ལོག་པར་ལྟ་བ་སྤང་བའི་ཕྱིར་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་ནོ། །དེ་ལ་ཐེག་པ་ཆེན་པོ་སྤྱིའི་རྩ་བའི་ལྟུང་བ་བཞི་ནི། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པ་བྱེད་པའོ། །དེ་ལས་བཟློག་ནས། དམ་པའི་ཆོས་བཟུང་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། སེར་སྣ་དང་། གནོད་སེམས་ཀྱི་ས་བོན་དབྲི་བའི་ཕྱིར་བཅའ་བ་བགྱིས་ཏེ། དེ་ལ་དམ་པའི་ཆོས་བཟུང་བ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། དེ་ལས་གཅིག་ཉམས་ཀྱང་དམ་པའི་ཆོས་ཉམས་པ་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟར་བནྡེ་དང་གླེགས་བམ་ཡོད་ཀྱང་རྟོགས་པ་རང་གི་རྒྱུད་ལ་མི་རྟེན་ཅིང་རྩོལ་བ་མི་བྱེད་ན་ཆོས་ནུབ་པའི་ཆར་གཏོགས་པ་ཡིན་ནོ། །དེ་ལྟ་བུའི་རྩོལ་བ་ཡོད་ཀྱང་སྡོམ་པ་དང་དམ་ཚིག་ལ་གནས་པར་མི་བྱེད་ན་ཡང་ཆོས་ནུབ་པའི་ཆར་གཏོགས་པ་ཡིན་ནོ། །ཆོས་ཀྱི་མངའ་ཐང་ཆུང་ཞིང་མེད་ན་ཡང་ཆོས་ནུབ་པའི་ཆར་གཏོགས་པ་ཡིན་ནོ། །དམ་པའི་ཆོས་དང་ཆོས་པའི་གང་ཟག་ལ་ཕྱི་རོལ་གྱི་སྐྱེ་བོ་རྣམས་བཙུན་པར་མི་བྱེད་ལ་ཚད་མི་འཛུགས་ན་ཡང་ཆོས་ནུབ་པའི་ཆར་གཏོགས་པ་ཡིན་ནོ། །འདི་རྣམས་བཟློག་ཅིང་ཆོས་གཟུང་བའི་ཕྱིར། དང་པོར་གང་ཟག་ཆོས་པ་རྣམས་འདུ་འཛིས་ནོན་ཀྱང་རུང་། དགོན་པ་ལ་གནས་ཀྱང་རུང་། དགེ་བའི་བཤེས་གཉེན་ལ་ལུང་ནོད་པ་དང་། གླེགས་བམ་ཟབ་མོ་བརྟག་པ་དང་། གཞན་རྣམས་ལ་འཆད་པའི་སྤྲོ་བ་མེད་པས་ཀྱང་། རང་གི་རྒྱུད་ལ་རྟོགས་པ་བསྐྱེད་པའི་ནན་ཏན་བྱ་བར་བཅས་སོ། །དེ་ནས་དམ་ཚིག་གི་སྡོམ་པ་ལ་གནས་པར་བྱ་བའི་ཕྱིར། འོག་ནས་འབྱུང་བའི་དམ་ཚིག་གི་སྡོམ་པ་རྭ་བ་བརྒྱད་བསྡམ་པ་ལ་སོགས་པ་ལ་ནན་ཏན་བྱ་བར་བཅས་སོ། །དེ་ནས་དམ་པའི་ཆོས་ཀྱི་མངའ་ཐང་ཉམས་པ་འདི་ལས་ཅུང་ཟད་ཙམ་བོགས་དབྱུང་ཞིང་སོ་གཟུང་བའི་ཕྱིར་ན། དམ་ཆོས་ཉན་བཤད་བྱེད་པའི་ཚེ་སྤྱིར་སློབ་དཔོན་ལ་ཡོན་འབུལ་བ་དང་། སློབ་དཔོན་གྱི་དགོས་པ་ཕྲན་ཚེགས་སྐོང་བ་རྣམས་ལ་ལྷག་པར་བཅའ་བ་བྱས་ཏེ། ཐུན་སྐྱེམས་དང་ཕྱིན་སྐྱེམས་དང་མི་ལྡང་ན་གྲ་མི་གཟུགས་པ་དང་། ༼པོ་ཏ་ལའི་བྲིས་མ་ཞིག་ཏུ་ཐུན་སྐྱེམས་དང་ཕྱིན་སྐྱེམས་དང་མི་ལྡང་ན་བྲ་གཟུགས་པ་དང་། ཞེས་འབྱུང་། སྲི་ཞུ་བ་བཞག་ཞེས་པ་དང་། ཡང་ན། བསླབ་པའི་གྲ་མི་ཚུགས་ཞེས་པ་ཡིན་ནམ་དཔྱད།༽བསྙེན་སྒྲུབ་བྱེད་པའི་ཚེ་ཡོན་དབུལ་བ་དང་། དགོས་པ་ཆེ་ཕྲ་རྣམས་ནི་རང་རང་གི་དད་པ་དང་གཉེར་གྱིས་བྱའོ། །ཆོས་ཀྱི་མངའ་ཐང་སྨོན་ལམ་དང་དངོས་གྲུབ་ཀྱི་རྟེན་དགེ་བཤེས་རྣམས་ལ། དུས་ཀྱི་བསྙེན་པ་ནར་མར་བྱེད་པ་རྣམས་ཀྱིས་ཐ་ན་རང་རྒྱུ་ཙམ་དབུལ་བར་བྱའོ། །དུས་དུས་ཙམ་བྱེད་ན་ཁལ་ཕྱེད་ཙམ་དང་། གློ་བུར་གྱིས་བྱེད་ན་དེ་འགྱུར་དབུལ་བར་བྱའོ། །ཆོས་ཀྱི་མངའ་ཐང་འདི་ལྟར་མ་བྱས་ནས་བཤིག་ན། སློབ་མ་དེའང་དད་པས་ཆོས་མི་ཐེག་པ་ཡིན་པས་ངན་ཚད་དུ་བཞག་པར་བཅའ་བ་བྱས་སོ། །སློབ་དཔོན་གྱིས་སློབ་མ་ཤོར་གྱིས་དོགས་ནས་མངའ་ཐང་ཉམས་པར་བྱེད་བཞིན་དུ་བཅུག་ན་ནི། སློབ་དཔོན་རང་རྡོ་རྗེ་གྲལ་ནས་ཕྱུང་སྟེ་ངན་པ་ཚོགས་པའི་སློབ་དཔོན་དུ་བཞག་པར་བཅའ་བ་བྱས་སོ། །ཡན་ལག་བཞི་པ་དམ་པའི་ཆོས་གཉན་པར་བསྲུང་བའི་སྐབས་སུ་འདུ་འཛིས་ནོན་ཀྱང་རུང་། ནོར་ཟས་མེད་དེ་བདག་ལ་ནི་༼ ནོར་ཟས་མེད་པ་དེ་དག་ལ་ནི། ཞེས་བྲིས་མ་ཞིག་ཏུ་འབྱུང་།༽བསྲུང་རྒྱུ་མེད་དོ། །ཞེས་བསམ་ཡང་རུང་སྟེ། ཐམས་ཅད་ཀྱིས་ཀྱང་དམ་པའི་ཆོས་བཙུན་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་ལྷ་གང་ཡང་རུང་བ་གཅིག་ལ་བརྟེན་ནས་བསྟན་པ་བསྲུང་བའི་ཐབས་ཀྱིས་མན་ངག་རེ་རེ་ཡང་ཡི་དམ་དུ་བཅས་ཏེ། སྨོན་ལམ་དུ་ཡང་བདག་གི་རྩོལ་བ་འདིའི་མཐུས་༼བདག་གི་བཅོལ་བའི་ལས་འདིའི་མཐུས། ཞེས་པོ་ཏ་ལའི་བྲིས་མ་ལས་འབྱུང་།༽འཇིག་རྟེན་དུ་ཐེག་པ་ཆེན་པོ་དར་ཞིང་ཡུན་རིང་དུ་གནས་པར་སྨོན་ཏེ། སེམས་ཅན་ཐམས་ཅད་རྣམ་པར་ཐར་བའི་སྒོ་ལ་གནས་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །དེ་ལྟར་དམ་པའི་ཆོས་གཟུང་བར་བྱ་བའི་ཕྱིར་བཅའ་བའི་ཡན་ལག་བཞི་བཅས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་མི་གཏོང་བའི་ཕྱིར་ན། ཇི་ལྟར་ནོད་པའི་སྡོམ་པ་རྣམས་ནན་ཏན་དུ་བསྲུང་ཞིང་། དམ་ཚིག་གི་ཡི་གེ་རྣམས་ཀྱང་རྒྱུན་དུ་བལྟ་བ་དང་། ལྟ་བ་དང་སྒོམ་པ་རྣམས་ཀྱང་བསྟེན་ཅིང་རང་གི་སེམས་ལ་གནས་པ་རྣམས་ནི་བསྒྲུབ་པར་བཅའ་བ་བྱས་སོ། །དེ་ནས་ཐེག་པ་ཆེན་པོ་ལས་ཤིན་ཏུ་སྨད་པ། བྱང་ཆུབ་ཀྱི་སེམས་དང་བྲལ་བར་བྱེད་པ་སེམས་ཅན་སྐྱོབ་པ་ལས་ཕྱིར་ཟློག་པ་ལྟུང་བའི་རྩ་བ་ཆེན་པོར་གྱུར་པ། སེར་སྣ་དང་གནོད་སེམས་ཀྱི་རྒྱུན་ལས་རིམ་གྱིས་བཟློག་ཅིང་དེའི་ས་བོན་དབྲི་བར་བྱ་བའི་ཕྱིར་ན་བཅའ་བ་ནི། དེ་ལ་སེར་སྣ་ལ་ནི། རང་གི་བླ་མ་དང་། རང་གི་མཆོད་གནས་དང་། གཉེན་བཤེས་དང་ཡུལ་མི་ལ་སོགས་ཏེ་བདག་གིར་བྱས་པ་ལ་སྦྱིན་པ་ནི་སེར་སྣ་སྤོང་བ་ལ་ཕན་པ་ཡིན་ཡང་། སེར་སྣའི་སྙིང་པོ་ཆེན་པོ་ཉིད་དུ་འགྱུར་བ་མ་ཡིན་པས། གང་གི་ཕྱིར་བདག་གིར་བཟུང་བ་དང་མ་བྲལ་བ་དང་། ཡོངས་སུ་སྐྱོབ་པའི་སེམས་དང་བྲལ་བའི་ཕྱིར་ཏེ། དེ་བས་ན་སེར་སྣ་ཉིད་ཀྱི་གཉེན་པོ་བརྟེན་པའི་ཕྱིར། བདག་ཤིན་ཏུ་ཆགས་པར་གྱུར་པའི་ཟས་ནོར་ལ་རྒྱུན་དུ་མི་བརྟེན་པར་བྱའོ། །གཞན་ཡང་རང་རེའི་འཚོ་བའི་ཡོ་བྱད་ལས། ཐ་ན་བརྒྱའི་ཆ་ཙམ་རེ་ཡང་བདག་གིར་མ་བཟུང་བའི་གང་ཟག །འདི་ལྟར་ཆོས་དང་འཇིག་རྟེན་གྱི་འབྲེལ་བས་བདག་གིར་མ་བཟུང་བ་དང་། ཆེད་དུ་གཉེར་བས་བདག་གིར་མ་བཟུང་བའི་གང་ཟག་ཕྱོགས་བཞི་དགེ་འདུན་སྔགས་བཙུན་སྡེ་གཉིས་ཀྱི་མགྲོན་ལྟོག་ལྟ་བུ་དང་། ནད་པ་གཡོག་གི་ས་ལ་ཕྱིན་པ་ལྟ་བུ་དང་། ༼ནད་པ་གཡོག་གིས་མ་ཕྱིན་པ་ལྟ་བུ་དང་། ཞེས་བྲིས་མ་ཞིག་ཏུ་འབྱུང་།༽ ཐ་མལ་པའི་གང་ཟག་བཀྲེས་པ་ལྟ་བུ་ལ་སྐྱོབ་པའི་ཕྱིར། སྔོན་དུ་བདག་གིས་བསྔོས་ཏེ་རང་གི་རྐང་གིས་བསྐྱལ་བའམ། གཞན་བསྐུལ་བ་ཞིག་གི་སྒོ་ནས་ལོ་རེའི་དམ་དུ་བཅས་ཏེ་བྱ་བ་ཡིན་ནོ། །བདག་གི་དྲུང་དུ་འདོད་༼རྫོགས་ཆེན་པར་མ་ལས་འདོང་ཞེས་འབྱུང་།༽དུ་བྱུང་བ་ལ་ནི་དབང་མེད་ཡིན་པས་ཡོ་བྱད་གཞན་ལས་སྦྱིན་པར་བྱའོ། །གཞན་ཡང་རྙེད་པ་དང་ལྡན། དད་པ་ཡོད་པ་༼གཞན་ཡང་རྙེད་པ་དང་ལྡན་པ་མོད་པ་རྣམས་ཀྱིས། ཞེས་པོ་ཏ་ལའི་བྲིས་མར་འབྱུང་།༽རྣམས་ཀྱིས་ནི་གཞན་གྱིས་རྫས་བཞུ་བ་ལ་ཕན་པ་དང་། སེར་སྣའི་ས་བོན་དབྲི་ཞིང་སྐྱོབ་པའི་ས་བོན་འཕེལ་བར་བྱ་བའི་ཕྱིར་ན། སྲང་རེ་རྙེད་པ་རྣམས་ཀྱིས་ཀྱང་བྲེ་རེ་རེ། ཕྱུག་ཙམ་ལ་ནི་ཞོ་རེ། འདི་ལྟ་བུའི་ཆ་དང་སྦྱར་ཏེ་བདག་གིར་མ་བཟུང་བའི་གྲོགས་སུ་བྱའོ། །འདི་ནི་བདག་གིར་གཟུང་བ་དང་བྲལ་བས། དམིགས་པ་དག་པ་དང་། དམིགས་པ་རྒྱ་ཆེ་བ་དང་། ཞིང་དག་པ་དང་། རྒྱ་ཆེ་བ་དང་། ༼ཞིང་རྒྱ་ཆེ་བ་དང་། ཞེས་བྲིས་མར་འབྱུང་།༽དུས་དང་བསམ་པ་རྒྱུན་རིང་བ་དང་སྐྱོབ་པའི་བསམ་པ་དང་ལྡན་པས། དེ་བས་ན་འདི་ལྟ་བུས་ནི་ཅི་གྲུབ་ཀྱང་སེར་སྣའི་གཉེན་པོར་འགྱུར་ཞིང་སྐྱོབ་པའི་ས་བོན་འཕེལ་ལོ། །དེའི་ཕྱིར་བཅའ་བ་འདི་བྱས་སོ། །དེ་ནས་སེམས་ཅན་ལ་གནོད་པའི་སྦྱོར་བ་སྤང་ཞིང་སྙིང་བརྩེ་བ་བསྐྱེད་པའི་ཕྱིར་བཅའ་བ་བྱས་པ། འགྲོ་བ་རྣམས་ནི་ཐོག་མ་མེད་པའི་དུས་ནས་གནོད་སེམས་ཀྱི་བག་ཆགས་རྒྱས་པས། དེ་བས་ན་བརྩལ་མི་དགོས་པར། གཞན་གཞིག་པར་དགའ་བའི་བློ་འབྱུང་སྟེ། དེའི་དབང་གིས་ཆེད་དུ་མ་བསམ་བཞིན་དུ་ཡང་གཞན་གཞིག་པའི་ལས་ལ་སྦྱོར་ཞིང་། རྩེད་མོའི་ཕྱིར་ཡང་སེམས་ཅན་ལ་གནོད་པ་བྱེད་དེ། འདི་ལྟར་བསམ་པ་གཡེངས་བཞིན་དུ་ལྗོན་ཤིང་དང་རྩྭ་གཅོད་པར་བྱེད། རྡོ་ལ་སོགས་ཏེ་གོང་བུ་རྣམས་འཇོམས་པར་བྱེད། སེམས་ཅན་འདྲ་བའི་གཟུགས་འཇོམས་པར་བྱེད། ས་བོན་རྣམས་ས་བོན་དུ་མི་རུང་བར་བྱེད། སྲོ་མ་དང་ཤིག་ལ་སོགས་པའང་དགའ་བའི་ཕྱིར་འཇོམས་པར་བྱེད། སྲོག་ཆགས་རྣམས་སྲོག་དང་ཡང་འབྲལ་བར་བྱེད་ན། གཞན་སྙིང་བརྩེ་བའི་སེམས་དག་ལྟ་ག་ལ་འབྱུང་། འདི་ལྟ་བུའི་བག་ཆགས་ཀྱིས་ནི་དམྱལ་བ་ལ་སོགས་ཏེ་གནས་ངན་ཐམས་ཅད་དུ་ཡང་འཁྲིད་པར་བྱེད་དོ། །དེ་བས་ན་གནོད་པ་བྱེད་པའི་བག་ཆགས་སྤང་ཞིང་དགག་པ་དང་། སྙིང་བརྩེ་བའི་ས་བོན་འཕེལ་བར་བྱ་བའི་ཕྱིར། གང་ཟག་ཁྱིམ་པ་རྣམས་ཀྱིས་ཀྱང་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པའི་སེམས་ཅན་ལ་ཕན་གདགས་པར་འགྱུར་བའི་སེམས་པས་ཀུན་ནས་བསླང་བའི་བྱ་བ་བྱེད་པ་མ་གཏོགས་པར། བག་མེད་པས་གནོད་སེམས་ཀྱི་བག་ཆགས་ཀྱིས་ཀུན་ནས་བསླང་བའི་ལུས་དང་ངག་གི་སྤྱོད་པ། ཡན་ལག་འཇོམས་པ་དང་། ས་བོན་བརླག་པ་སྤང་བའི་བཅའ་བ་བྱས་སོ། །དེ་ལ་ཡན་ལག་འཇོམས་པ་ཞེས་བྱ་བ་ནི། སྣོད་ཀྱི་འཇིག་རྟེན་གྱི་གཟུགས་སེམས་ཅན་མ་ཡིན་པ་རྣམས་ཀྱང་སེམས་ཅན་འདྲའང་རུང་མི་འདྲའང་རུང་སྟེ། སེམས་ཅན་གྱི་ལུས་འདྲ་ན་ཨ་ཅང་ཡང་ཆེས། མི་འདྲ་ཡང་རྡོ་དང་བོང་བ་དང་། ས་ཕུག་དང་། ཤིང་དང་། རྩྭ་ལ་སོགས་པ་འཇོམས་པར་བྱེད་པ་མི་བྱའོ། །དེ་ལ་རིགས་མི་བརླག་པ་ཞེས་བྱ་བ་ནི། ས་བོན་དུ་རུང་བའི་རྫས་འབྲས་བུ་དང་། སྡོང་བུ་དང་། ལྡུམ་བུ་རྣམས་མཚོན་གྱིས་འཇོམས་པ་དང་། མེར་སྲེག་པ་དང་། སྨན་གྱིས་བྱུག་པ་དང་། སྲུལ་བར་བྱེད་པའོ། །འདི་ལྟ་བུས་ནི་གནོད་སེམས་ཀྱི་ས་བོན་རྒྱས་པར་བྱེད་ཅིང་སྙིང་བརྩེ་བ་དང་བྲལ་བར་བྱེད་པས་དེ་བས་ན་འདི་དག་སྤང་བའི་བཅའ་བ་བྱས་སོ། །དེ་ལ་སེར་སྣ་སྤང་བའི་སྐབས་སུ། ལང་ཚོ་དར་ལ་བབ་པ་ལ་རྒྱན་རྟེན་པ་དང་། ཆོས་དམག་གི་སྐབས་སུ་བཅས་བསྟར་བ་དང་། འདུ་འཛིས་ནོན་པ་ཞིང་དང་། རྒས་པའི་ལེག་རུ་ཉོན་མོངས་པས་འཇིགས་ནས་རྫས་གསོགས་པ་ནི་མ་བཅས་སོ། །གནོད་སེམས་ཀྱི་སྐབས་སུ་དཀོན་མཆོག་སྐུ་དགྲ་འདུལ་བའི་ཕྱིར། ལིངྒ་མཚོན་གྱིས་གཏུབ་པ་དང་བསྲེག་པ་དང་མནན་པ་ལ་སོགས་པ་ནི་གནོད་སེམས་ཀྱི་བག་ཆགས་ཙམ་ལས་བྱུང་བ་ཡང་མ་ཡིན་པས་དམ་ཆོས་བསྲུང་བའི་ཕྱིར་ཆེད་དུ་བསྲུང་དགོས་པ་ཉིད་དམ་ཚིག་ཡིན་པས་འདི་ལ་བག་ཚ་བར་མི་བྱའོ༼བག་ཆགས་ཚང་བར་མི་བྱའོ། །ཞེས་རྫོགས་ཆེན་པར་མ་ལས་འབྱུང་བ་ཡིག་ནོར་དུ་ཟད།༽། །སོ་སོ་ཐར་པའི་སྡོམ་པ་ལས་འབྱུང་བའི་རྩ་བའི་ལྟུང་བ་བཞི་དང་། ཐེག་པ་ཆེན་པོའི་བསླབ་པའི་གཞི་ལྔ་ལ་སོགས་པའི་བཅའ་བ་རྣམས་དང་། དེ་ལས་གཞན་ཡང་མཚན་ཉིད་དང་གསང་སྔགས་ཐེག་པ་ཆེན་པོ་སྤྱི་ཐུན་མོང་རྩ་བའི་ལྟུང་བ་བཞི་བསྲུང་བ་ལས་བརྩམས་པའི་བཅའ་བ་རྫོགས་སོ། ། །། གསང་སྔགས་རྡོ་རྗེ་ཐེག་པ་ལས་ཁྱད་པར་དུ་གསུངས་པའི་རྩ་བའི་ལྟུང་བ་བཞི་ནི། འདི་ལྟ་སྟེ། སྙིང་ནས་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་དམོད་པ་དང་། རྡོ་རྗེ་བྱང་ཆུབ་ཀྱི་སེམས་གཏན་དུ་གཏོང་བ་དང་། མཉམ་པ་ཉིད་ཀྱི་ཆོས་སུན་འབྱིན་པ་དང་། རྡོ་རྗེ་མཆེད་ལ་འཁུ་བ་རྣམས་ཏེ། འདི་དག་ནི་མཚམས་མེད་པའི་ལས་ཀྱིས་ཀྱང་ཉེ་བར་མི་འགྲོ་བའི་ལྟུང་བ་མི་བཟོད་པ་ཡིན་ནོ། །དེ་ལས་བཟློག་ནས་རྡོ་རྗེ་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། ཆོས་མཉམ་པ་ཉིད་གཙོར་བླངས་ཏེ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་རྟོགས་པའི་ཏིང་ངེ་འཛིན་གཙོ་བོར་བསྒོམ་ཞིང་ཆོས་མཉམ་པ་ཉིད་ཀྱི་དོན་དང་ཚིག་ལ་ཐེ་ཚོམ་མི་བཟའ་བ་ཡིན་པས་སྤྱིའི་དོན་དུ་འདུ་བའི་ཕྱིར་ལྷག་པར་བཅའ་བ་མ་བྱས་སོ། །རྡོ་རྗེ་སློབ་དཔོན་དང་། རྡོ་རྗེ་མཆེད་ལྕམ་གྱི་རྡོ་རྗེ་རྭ་བ་བསྲུང་བའི་ཕྱིར་ན་བྱ་བ་ མ་ཡིན་པ་ལས་ལྡོག་པའི་བཅའ་བ་རྣམ་པ་བརྒྱད་བྱས་སོ། །དམ་ཚིག་གི་ ཕྲེང་ཐག་ལ་འཇུག་པའི་ཕྱིར་བཅའ་བ་རྣམ་པ་གསུམ་བྱས་སོ། །དེ་ལ་རྡོ་རྗེ་ རྭ་བ་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་དང་། མཆེད་རྣམས་ལྟ་བ་དང་དམ་ཚིག་མཐུན་པས་ནང་མཐུན་ཞིང་འགྲོགས་བདེ་བ་མཛའ་ཞིང་འཁོན་བཅུགས་མེད་པར་སྤྱོད་པ་སྟེ། དེའི་རྭ་བ་ནི་འདི་བརྒྱད་ཡིན་ནོ། །དེ་ཡང་གང་ཞེ་ན། གང་ཟག་སྨེ་བ་ལྔ་དང་དམ་ཚིག་མི་བསྲེ་བ་དང་གཅིག ། མ་དག་པ་རྣམ་པ་བཞི་དང་ལྡན་པའི་ཚོགས་མཆོད་མི་བྱ་བ་དང་གཉིས། དམ་ཚིག་པའི་ནང་དུ་ཤེས་རབ་དང་ཐོས་པ་སྙེམ་པས་རྨ་བྱ་སྦྲུལ་འཛིན་ལྟ་བུས་ཆོས་ཀྱི་རྩོད་པ་མི་བྱ་བ་དང་གསུམ། རང་གི་རྟོག་གེ་བ་དན་དུ་འཕྱར་ནས་བླ་མ་དང་གྲོགས་པོ་མཁས་པའི་གདམས་ངག་ཁྱི་འཁྲིད་དུ་མི་བྱ་བ་དང་བཞི། སློབ་མ་དང་གྲོགས་པོ་ཁྱི་འདུལ་གྱིས་མི་འདུལ་བ་དང་ལྔ། སློབ་དཔོན་གྱིས་སློབ་མ་རྒྱང་ཆད་དང་སྡེ་རིས་སུ་མི་གཅད་པ་དང་། སློབ་མས་ཀྱང་སློབ་དཔོན་སྔ་མ་སྤང་ཞིང་༼བྲིས་མར་མི་སྤང་ཞིང་། ཞེས་འབྱུང་མོད་འདི་ལྟར་ཡང་རུང་སྙམ།༽བརྙས་པ་མི་བྱ་བ་དང་དྲུག །རང་དད་ཅིང་སྤྱོད་པའི་ཆོས་ལ་ལྷག་པར་གཞོག་བསྟོད་དང་བཙན་བསྟོད་མི་བྱ་ཞིང་། རང་མ་དད་མི་སྤྱོད་པའི་ཆོས་ལ་གཞོག་སྨད་དང་བཙན་སྨད་མི་བྱ་བ་དང་བདུན། ༼གཞོག་མི་སྨད་པ་དང་བཙན་མི་སྨད་པ་དང་བདུན། ཞེས་རྫོགས་ཆེན་པར་མ་ལས་འབྱུང་།༽ཆོས་ཞུ་བ་རྣམས་ཀྱིས་ཀྱང་ལྷག་པར་མཐོང་འདོད་དང་མཚམས་གཟུང་མི་བྱ་ཞིང་། ཆོས་སྟེར་བ་རྣམས་ཀྱིས་ཀྱང་སྟེར་ཕན་ཆོད་ཆོ་ག་ལྷག་ཆད་མེད་པར་སྦྱིན་ཞིང་རང་གི་ཆོས་ཀྱི་མངའ་ཐང་ཡང་དབྲི་འཆབ་མེད་པར་ལུང་གསལ་བ་དང་བརྒྱད་དོ། །འདི་བརྒྱད་དང་ལྡན་ན་རྡོ་རྗེ་རྭ་བ་རང་བཞིན་གྱིས་བཙན་པར་འགྱུར་རོ། །དེ་ལ་གང་ཟག་སྨེ་བ་རྣམ་པ་ལྔ་ནི། དམ་ཚིག་ཉམས་པ་དང་གཅིག །འགྲོ་བ་མིའི་གཤེད་མ་བྱས་པ་དང་གཉིས། ངན་པས་འཚོ་བ་དང་གསུམ། སྨེ་ནད་ངན་པས་འཚོ་བ་དང་བཞི། དེ་དག་གི་སློབ་དཔོན་བྱེད་པ་དང་ལྔའོ། །དེ་ལ་ངན་པས་འཚོ་བ་ཞེས་བྱ་བ་ནི། ཤན་པ་དང་། རྔོན་པ་དང་། ཆོམ་རྐུན་དང་། སྨད་འཚོང་མ་ལྟ་བུའོ། །གང་ཟག་ལྔ་པོ་འདི་དག་དང་དམ་ཚིག་བསྲེས་ན་ཉེས་པ་ཆེན་པོ་དགུ་ཡོད་དེ། རྡོ་རྗེ་རྭ་བ་འདྲལ་བར་བྱེད་དོ། །དེ་ལ་ཉེས་པ་དགུ་ནི། གཅིག་ཏུ་གསང་སྔགས་ཀྱི་བཀའ་དང་འགལ་བ་ཡིན་ཏེ། དེ་ཡང་དམ་ཚིག་ཉམས་པ་དང་མི་འགྲོགས་པ་ནི་སྔགས་ཕྱི་ནང་ཀུན་ནས་མང་དུ་འབྱུང་ངོ་། །གཤེད་མ་མ་རབ་སྡིག་ཅན་དང་མི་འགྲོགས་ཤིང་མི་སྨྲ་བ་དང་གང་ཟག་མི་གཙང་བ་དང་ལྷན་ཅིག་མི་ཉལ་བ་ནི་སུ་སི་ཏི་ཀ་ར་ལས་༼རྒྱ་གར་སྐད་དུ། སུ་སིདྡྷི་ཀ་ར་མ་ཧཱ་ཏནྟྲ་སཱ་དྷ་ནོོ་པཱ་ཡི་ཀ་པ་ཊ་ལ། བོད་སྐད་དུ། ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་རིམ་པར་ཕྱེ་བ།ཞེས་འབྱུང་བ་དེ་ཡིན་དགོས་པ་འདྲ།༽འབྱུང་ངོ་། །ངན་པས་འཚོ་བ་དམ་ཚིག་པར་མི་གཟུང་བ་ནི་གསང་བ་སྤྱི་རྒྱུད་ལས་འབྱུང་ངོ་། །དེ་ལྟར་ན་བཀའ་དང་འགལ་བའི་ཉེས་པ་དང་གཅིག །འདི་རྣམས་ཆོས་སུ་བཅུག་ན་འཁོར་ཐམས་ཅད་སྡིག་པའི་ལས་ལ་མི་བཟློག་སྟེ་རང་ཡང་སྡིག་པའི་དཔོན་པོར་འགྱུར་བ་དང་གཉིས། སྔོན་བོད་ཡུལ་དུ་དམ་པའི་ཆོས་བསྒྱུར་བའི་ཚེ་སྔགས་པ་རྣམས་ཀྱིས་གང་ཟག་སྨེ་བ་རྣམས་ཆོས་སུ་མི་ཞུགས་པའི་བཅའ་བ་བྱས་པས། སྔོན་གྱི་ཆོས་ལུགས་བཟང་པོ་དང་འགལ་ཞིང་བཤིག་པའི་ཉེས་པ་དང་གསུམ། གསང་སྔགས་ཀྱི་སྲུང་མ་རྡོ་རྗེ་མཁའ་འགྲོ་མ་གཙང་མ་རྣམས་འཁངས་ཏེ་སྔགས་པ་རྣམས་ལ་རྐྱེན་དང་བར་ཆད་འབྱུང་བ་དང་བཞི། རིག་སྔགས་དང་གསང་སྔགས་རྣམས་སྨེ་བའི་ལས་ཀྱིས་གོས་པའི་སྐྱོན་གྱིས་དངོས་གྲུབ་མི་འགྲུབ་པ་དང་ལྔ། སྨེ་བའི་ལས་ཀྱིས་གསང་སྔགས་མཐུ་ཉམས་ཏེ་མཐུ་དང་བྱིན་རླབས་ཆུང་བས་བསྟན་པ་དམན་པར་འགྱུར་བ་དང་དྲུག །དམ་པའི་ཆོས་མི་བཙུན་པར་འགྱུར་བའི་ཉེས་པ་དང་བདུན། དེ་ལྟར་སྤྱོད་པའི་གང་ཟག་དེ་ལ་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་བསྔགས་པ་མི་བརྗོད་ཅིང་འདི་ལ་མཐུ་དང་རྩལ་མི་འབྱུང་ངོ་སྙམ་དུ་བསམ་སྟེ་གཟེམ་བག་ཆུང་བའི་ཉེས་པ་དང་བརྒྱད་ཀྱི་སྟེང་དུ་རྡོ་རྗེ་རྭ་བ་འབྲལ་བའི་གཞིར་འགྱུར་ཏེ། འདི་ལྟར་སློབ་དཔོན་དམ་ཚིག་གཙང་ལ་སློབ་མ་མི་གཙང་ན་སློབ་དཔོན་ཞེ་ལ་འཛེམ། དེ་བཞིན་དུ་སློབ་མ་དམ་ཚིག་གཙང་ལ་སློབ་དཔོན་མི་གཙང་ན་སློབ་མའི་ཞེ་ལ་འཛེམ་སྟེ། ལྟ་སྤྱོད་བསྟུན་དུ་མ་བཏུབ་པས་རང་བཞིན་གྱིས་སྙིང་རིང་ཞིང་དབྱེན་དུ་འགྱུར་ཏེ། མཆེད་ལྕམ་དྲལ་ནང་དུ་ཡང་དེ་བཞིན་ཏུ་འགྱུར་རོ། །གཞན་ཡང་གཅིག་ལ་གཅིག་དཔྱ་ཞིང་མ་བསྔགས་པ་བརྗོད་པར་འགྱུར་ལ། དེའི་ལན་དུ་ཕྱིར་ཡང་ཁྲོ་ཞིང་ཚིག་ངན་སྨྲ་སྟེ། དེའི་དབང་གིས་རྡོ་རྗེ་མཆེད་རྣམས་རང་བཞིན་གྱིས་སྙིང་རིང་ཞིང་བྱེ་བར་འགྱུར་ཏེ། དེའི་ཕྱིར་གང་ཟག་སྨེ་བ་རྣམ་པ་ལྔ་དང་དམ་ཚིག་མི་བསྲེ་བའི་བཅའ་བ་བྱས་སོ། །གལ་ཏེ་ལ་ལ་དག་ཕོངས་པས་ཟས་ནོར་ལ་སོགས་པའི་སྐྱབས་སུ་འཚོལ་ཞིང་། གང་ཟག་སྨེ་བ་སྤོང་མི་ནུས་པ་བྱུང་ན་ནི་ཀུན་གྱིས་གནང་བར་བྱ་སྟེ་སྒྲོ་སྐུར་མེད་པར་ཕྱི་རོལ་པ་ཙམ་དུ་བཞག་སྟེ་དཀྱིལ་འཁོར་དུ་འཇུག་པར་མི་གནང་ངོ་། །ཕྱི་རོལ་གྱི་གྲོགས་ཙམ་ནི་བྱའོ། །གཉིས་པ་མ་དག་པ་རྣམ་པ་བཞི་དང་ལྡན་པའི་ཚོགས་མཆོད་མི་བྱ་བ་ནི། འདི་ལྟར་ཡོ་བྱད་མ་དག་པ་དང་། ཆོ་ག་མ་དག་པ་དང་། ལོངས་སྤྱོད་མ་དག་པ་དང་། བསྔོ་བ་མ་དག་པའོ། །དེ་ལ་ཡོ་བྱད་མ་དག་པ་ནི། སྲོག་བཅད་པ་དང་མ་བྱིན་པར་བླངས་པའི་རྫས་ལས་བྱེད་པའོ། །ཆོ་ག་མ་དག་པ་ནི། ཚོད་ཡོད་དང་། ལེ་ལོ་དང་། རུང་དྲེད་དུ་བྱེད་པའོ། །ལོངས་སྤྱོད་མ་དག་པ་ནི། ཁ་ཚར་དང་གསོག་འཇོག་ཏུ་སྤྱོད་པའོ། །བསྔོ་བ་མ་དག་པ་ནི། བླ་ན་མེད་པའི་གནས་བྱང་ཆུབ་ཏུ་བསྔོ་བ་དང་བྲལ་བའོ། །འདི་ལྟར་བྱས་ན་བཀའ་དང་འགལ་བའི་ཉེས་པ་དང་། རང་བཞིན་གྱིས་སྡིག་པ་དང་འབྲེལ་བའི་ཉེས་པ་དང་། སྒྲིབ་པ་ལྷག་པས་འཕོག་པའི་ཉེས་པ་དང་། ཚོགས་ཀྱི་ཉུལ་ལེ་རྣམས་མ་དགའ་སྟེ་ལས་དང་དངོས་གྲུབ་མི་འགྲུབ་ཅིང་བར་ཆད་དུ་འགྱུར་བའི་ཉེས་པ་དང་། མ་བསྔགས་པའི་གཏམ་གྱི་ཉེས་པ་འཕོག་པར་འགྱུར་བའི་སྟེང་དུ་ཡང་། རྡོ་རྗེ་རྭ་བ་འདྲལ་བའི་གཞིར་འགྱུར་ཏེ། མཆེད་ལྕམ་དྲལ་ནང་དུ་ཡང་ཁ་ཚར་དང་གསོག་འཇོག་གི་དབང་གིས་གཅིག་ལ་གཅིག་མ་རངས་པ་སྐྱེ་བར་བྱེད། ཚོགས་པ་གཞན་ཡང་སྤྱོད་པ་མ་མཐུན་པའི་དབང་གིས་གཅིག་ལ་གཅིག་འཕྱ་སྨོད་དང་ཚིག་ངན་སྨྲ་སྟེ། དེའི་དབང་གིས་སྔགས་པ་རྣམས་རང་བཞིན་གྱིས་སྙིང་རིང་ཞིང་བྱེ་བའི་རྐྱེན་དུ་འགྱུར་ཏེ། དེའི་ཕྱིར་མ་དག་པ་རྣམ་པ་བཞི་དང་ལྡན་པའི་ཚོགས་མི་བྱ་བར་བཅས་སོ། །དམ་ཚིག་པའི་ནང་དུ་རྨ་བྱ་སྦྲུལ་འཛིན་པའི་ཐབས་ཀྱིས་ཆོས་ཀྱི་རྩོད་པ་མི་བྱ་བ་ནི། དཔེར་ན་རྨ་བྱ་སྦྲུལ་འཛིན་པ་ནི་དང་པོ་སྦྲུལ་གྱི་མཇུག་མ་ནས་མནན་ཏེ། སྦྲུལ་སོ་འདེབས་སུ་བྱུང་བ་ན་གཤོག་པའི་རྩེ་མོས་སྦྲུལ་གྱི་ཁར་བཙངས་ཏེ། དེའི་སྐྱབས་ནས་སྦྲུལ་གྱི་གནད་སར་རིམ་གྱིས་མཆོང་བར་བྱེད་དོ། །དེ་བཞིན་དུ་ལ་ལ་དག་ཐོས་པ་དང་ཤེས་རབ་ཀྱིས་ང་རྒྱལ་གྱི་རྒྱུ་དང་ལྡན་པ་དམ་ཚིག་གི་ངོར་མི་ལྟ་བ་རྣམས། གྲོགས་པོ་ལ་ཉམས་སད་ཅིང་གྲོགས་པོས་སྨྲས་པའི་ཚིག་ལ་ནི་ཁ་བྱུགས་ཙམ་གྱིས་ལན་ལྡོག་ཅིང་། དེའི་སྐྱབས་ནས་གྲོགས་པོས་གང་མི་ཤེས་པ་དེ་ལ་གནད་དུ་འཛུགས་པར་བྱེད་དོ། །འདི་ལྟར་བྱས་པའི་ཉེས་པ་ནི། བཀའ་ལས་ཀྱང་། ཐེག་པ་ཆེན་པོའི་གྲོགས་པོ་ལ། །ཤེས་རབ་རྩལ་གྱིས་བརྩད་མི་བྱ། །ཞེས་གསང་སྔགས་འདུལ་བ་ལས་གསུངས་པས། བཀའ་དང་འགལ་བའི་ཉེས་པ་དང་། བདག་དང་གཞན་གཉིས་ཀ་ལ་ཉོན་མོངས་པ་འཕེལ་བའི་ཉེས་པ་དང་། ཆོས་ཀྱི་རྩོད་པ་ལ་དགའ་བའི་གང་ཟག་དེ་ལ་མི་རྣམས་ཀྱང་སྡང་ཞིང་མ་བསྔགས་པར་འགྱུར་གྱི་སྟེང་དུ། རྡོ་རྗེ་རྭ་བ་འདྲལ་བའི་གཞིར་འགྱུར་ཏེ། འདི་ལྟར་རྩོད་པ་རྒྱལ་འཕམ་དུ་གྱུར་ན་ཡང་ངན་སེམས་སྐྱེ་ཞིང་སྙིང་རིང་བར་འགྱུར་རོ། །མཉམ་དུ་རྩོད་ན་ཡང་ཕྱོགས་འཛིན་ཅིང་བྱེ་བར་འགྱུར་ཏེ། དེ་བས་ན་ཤེས་རབ་འཕེལ་བ་དང་། ཡོན་ཏན་གཞན་ལ་སྣང་བར་བྱ་བའི་ངོར་མི་ལྟ་བར་དམ་ཚིག་པ་ནང་དུ་ཆོས་ཀྱི་རྩོད་པ་མི་བྱ་བར་བཅའ་བ་བྱས་སོ། །གལ་ཏེ་གྲུབ་པའི་མཐའ་བསྡུར་བའི་ཕྱིར་ཕན་ཚུན་ལྷག་པར་སྨྲ་བའི་བགྲོ་བ་ནི་གནང་ངོ་། །རང་གི་རྟོག་གེ་བ་དན་དུ་འཕྱར་ཞིང་བླ་མ་དང་གྲོགས་པོ་དམ་པའི་གདམས་ངག་ལ་ཁྱི་ཁྲིད་དུ་འཁྲིད་ཅེས་བྱ་བ་ནི། ལ་ལ་དག་ཆོས་སྨྲ་བའི་ཚེ། བདག་གི་བླ་མ་ཆེ་གེ་མོ་དང་གྲོགས་པོ་ཆེ་གེ་མོ་འདིས་འདི་སྐད་ཅེས་ཟེར་ཏེ། དེ་ལ་ཉེས་པ་འདི་ཙམ་ཞིག་ཡོད་པས་དེ་ལྟར་མི་རུང་ངོ་ཞེས་ཟེར་ཞིང་ཕྱི་ནས་ཁྱི་ཁྲིད་དུ་འཁྲིད་ཅིང་། བདག་གི་འདི་ནི་སྐྱོན་དང་བྲལ་བའོ། །ཞེས་བ་དན་དུ་འཕྱར་བ་སྟེ། འདི་ཡི་ཉེས་པ་ནི་རྩ་བའི་དམ་ཚིག་ཆེན་པོ་ཉམས་ཏེ། ཉེས་པ་སྨོས་མི་དགོས་ཀྱི་སྟེང་དུ་ཡང་གལ་ཏེ་བདེན་སྲིད་ཀྱང་། དེ་ལ་དངོས་གྲུབ་མེད་ པར་འགྱུར་རོ། །ཆོས་དེ་ཉིད་ཁུངས་མེད་ཅིང་མི་བཙུན་པར་འགྱུར། གང་ཟག་དེ་ལ་ཀུན་གྱིས་དཔྱའ་བའི་གནས་སུ་འགྱུར་གྱི་སྟེང་དུ་རྡོ་རྗེ་རྭ་བ་འདྲལ་བའི་གཞི་ཆེན་པོ་སྟེ། འདི་ལྟ་བུའི་སྤྱོད་པ་དང་ལྡན་པ་ལ། རྡོ་རྗེ་སློབ་དཔོན་དང་། གྲོགས་པོ་ཡོན་ཏན་ཅན་རྣམས་དང་མཐུན་པའི་གནས་མེད་དོ། །འདི་ལྟ་བུ་ནི་མི་བྱ་བར་བཅའ་བ་ཙམ་དུ་མ་ཟད་ཀྱི་གང་ཟག་འདི་ལྟ་བུ་དེ་ཀུན་གྱིས་སྤང་བར་བཅའ་བ་བྱས་སོ། །སློབ་མ་དང་གྲོགས་པོ་ལ་ཁྱི་འདུལ་བྱེད་པ་བྱ་བ་ནི། དཔེར་ན་མི་རྣམས་ཁྱི་གཏུམ་པོ་དང་ལྷན་ཅིག་ཏུ་འགྲོགས་པའི་ཚེ། དང་པོ་མ་འདྲིས་ཙམ་ན་ནི་འཛེམ་པར་བྱེད་ཅིང་ཡིད་སྲུན་པར་བྱེད། ཟན་ཡང་དང་ཡང་དུ་སྟེར་ཞིང་། ངག་འཇམ་པ་སྨྲ་ཞིང་བརྙས་པ་དག་མི་བྱེད་དོ། །འདྲིས་པར་གྱུར་ན་ནི་བརྙས་པར་བྱེད་ཅིང་ཆེ་ངག་འབྱིན་ཏེ་ཡིད་སྲུན་པར་མི་བྱེད་དོ། །རྡོ་དབྱུག་གིས་བསྣུན་པར་བྱེད་དོ། །དེ་བཞིན་གང་ཟག་ལ་ལ་དག་སློབ་མའམ་གྲོགས་པོ་ལྟ་བུ་ལ། དང་པོ་འཕྲད་ནས་འགྲོགས་པའི་ཚེ། དང་པོ་མ་འདྲིས་ཙམ་ན་ནི་གསོང་ཞིང་དེས་ལ་ངག་འཇམ་ཞིང་ཡིད་སྲུན་པར་བྱེད་ལ། འདྲིས་པར་གྱུར་ནས་ནི་གྱོང་ཞིང་མི་བདེ་སྟེ། ཡིད་མི་སྲུན་ཅིང་རང་གི་ཡིད་དང་མི་མཐུན་པ་ཅུང་ཟད་ཙམ་གྱི་ཕྱིར་ཡང་ཁྲོའམ་སྤྱོ་བར་བྱེད་ཅིང་ཡིད་འབྱུང་བར་བྱེད་དེ། འདིའི་ཉེས་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་གཟུང་བར་དམ་བཅས་ཀྱི་འོག་ཏུ། སེམས་ཅན་ཕལ་པ་རྣམས་ཀྱང་བསླུ་ཞིང་སུན་དབྱུང་བའང་མ་གནང་ན། ལྷག་པར་ཡོངས་སུ་གཟུང་བའི་སློབ་མ་དང་། དམ་པས་འབྲེལ་བའི་གྲོགས་སྒྱུས་འདུལ་ཞིང་སུན་དབྱུང་བ་ལྟ་ཅི་ཞིག་སྨོས་ཏེ། ལྟུང་བ་ཆེན་པོར་འགྱུར་གྱི་སྟེང་དུ་རྡོ་རྗེ་རྭ་བ་འདྲལ་བའི་གཞིར་འགྱུར་ཏེ། འདི་ལྟར་ཁྱི་འདུལ་མཁན་དེ་ལ་སློབ་མ་དང་གྲོགས་པོ་དེ་རྣམས་ཕྱིར་ཞིང་མ་དད་པར་འགྱུར། ཡིད་འབྱུང་བར་འགྱུར། ཕྱིར་ཕྱོགས་པ་ལ་དགའ་བར་འགྱུར། ཕག་ཏུ་ངན་ཏུ་སྨྲ་བར་འགྱུར། ཡུལ་དུ་ལྷན་ཅིག་འགྲོགས་པ་མི་དགའ་བར་འགྱུར་ཏེ། དེའི་དབང་གིས་རྡོ་རྗེ་རྭ་བ་འདྲལ་བར་འགྱུར་བས། དེའི་ཕྱིར་ཁྱི་འདུལ་མི་བྱ་བར་བཅའ་བྱས་སོ། །སློབ་མ་རྒྱང་ཆད་དུ་མི་གཅད་པ་དང་། སློབ་དཔོན་སྔ་མ་ མི་སྤང་བ་ནི། འདི་ལྟར་སློབ་དཔོན་གྱིས་སློབ་མ་སྡེ་རིས་སུ་བྱས་ནས། སློབ་མས་གཞན་ལ་ལུང་ནོད་པ་དང་། རྣམ་པར་ཐར་བའི་སྒོ་སྣ་ཚོགས་ལ་དད་པ་རྣམས་སྒོ་བཀག་ནས་གཞན་ལ་མ་བྱེད་ཅིག་ཅེས་རིས་སུ་བཅད་ན། སློབ་དཔོན་རང་ལ་ངན་སེམས་ཀྱི་ལྟུང་བ་འབྱུང་བ་དང་། སློབ་མ་ཡང་བཀའ་ཉན་པ་ཡང་ཡིད་མི་དགའ་སྟེ། ཡིད་ཀྱིས་མ་དད་པ་འབྱུང་། བཀའ་མ་ཉན་ཏེ་སློབ་དཔོན་མི་དགྱེས་བཞིན་དུ་གཞན་དུ་ཕྱིན་ན་ཡང་དམ་ཚིག་གི་གཅུགས་ཆེན་པོར་འགྱུར་རོ། །སློབ་མས་ཀྱང་སློབ་དཔོན་སྔ་མ་ཡོན་ཏན་ཆུང་ཡང་རུང་རང་བཞིན་ངན་ཀྱང་རུང་སྟེ་སྤང་བར་མི་བྱའོ། །སློབ་དཔོན་དེ་ཤིན་ཏུ་རང་བཞིན་ངན་ན་ཡང་། རྒྱུན་དུ་ལྷན་ཅིག་གནས་པ་ལ་བག་བྱ་སྟེ། ཕྱི་རོལ་ནས་ཐུགས་གཟུང་ངོ་། །དེ་བས་ན་སློབ་དཔོན་གྱིས་ཀྱང་སློབ་མ་རྒྱང་ཆད་དུ་བྱས་པ་དང་། སློབ་མས་སློབ་དཔོན་སྔ་མ་མ་བཀུར་བ་ལས། རྡོ་རྗེའི་དམ་ཚིག་རྭ་བ་འདྲལ་བའི་གཞིར་འགྱུར་བས་འདི་མི་བྱ་བར་བཅའ་བ་བྱས་སོ། །རང་དད་ཅིང་སྤྱོད་པའི་ཆོས་ལ་གཞོག་བསྟོད་དང་བཙན་བསྟོད་སྨྲ་ཞིང་རང་མ་དད་པའི་ཆོས་ལ་གཞོག་སྨད་དང་བཙན་སྨད་སྨྲ་བའི་ཉེས་པ་ནི། དམ་པའི་ཆོས་དང་གང་ཟག་ལ་སྒྲོ་སྐུར་བྱས་པའི་ལྟུང་བ་ལ་སོགས་པ་འབྱུང་གི་སྟེང་དུ་རྡོ་རྗེ་རྭ་བ་འདྲལ་བའི་གཞིར་འགྱུར་ཏེ། འདི་ལྟར་གང་ཟག་རྣམས་དམ་པའི་ཆོས་ཀྱི་སྒོ་སོ་སོར་འཇུག་པའང་། རིགས་དང་བཤེས་གཉེན་དང་རྐྱེན་གྱི་དབང་གིས། གང་དད་པ་ནས་འཇུག་ཅིང་སྤྱོད་ལ། མ་དད་པ་ནས་མི་འཇུག་སྟེ། དེ་བས་ན་རྣམ་པར་ཐར་བའི་སྒོ་སྣ་ཚོགས་དང་། ལས་ཀྱི་སྤྲོས་པ་སྣ་ཚོགས་གསུངས་པར་ཟད་དེ། ཕྱོགས་གཅིག་ཏུ་ངེས་པར་ཆད་པ་མེད་པས་བསྟོད་སྨད་ཀྱི་གནས་མ་ཡིན་པའི་སྟེང་དུ་ཡང་། ཆོས་ལ་བསྟོད་སྨད་བྱས་པས་ཆོས་པ་རྣམས་མི་དགའ་བར་འགྱུར་ཏེ། དེའི་རྐྱེན་གྱིས་ཆོས་པ་རྣམས་ནང་མཐུན་དུ་མི་སྟེར་ཏེ། དེའི་ཕྱིར་འདི་མི་སྨྲ་བར་བཅའ་བ་བྱས་སོ། །ཆོས་ཞུ་བ་རྣམས་ཀྱིས་སློབ་དཔོན་ནི་གྲོགས་པོ་ལ་མཐོང་འདོད་དང་། མཚམས་བཟུང་བྱས་ན། ཕ་རོལ་ཡིད་འབྱུང་བར་བྱེད་དེ། མི་དགའ་བཞིན་དུ་བྱིན་ན་ཡང་སྟེར་བ་པོ་མི་དགའ་བར་འགྱུར། མ་བྱིན་ན་ཡང་ཞུ་བ་པོ་མི་དགའ་བར་འགྱུར་ཏེ། དེའི་དབང་གིས་སྔགས་པ་ནང་སྙིང་རིང་བར་འགྱུར་ཞིང་བྱེ་བའི་རྐྱེན་དུ་འགྱུར་རོ། །ཆོས་སྟེར་བ་རྣམས་ཀྱིས་ཀྱང་སྟེར་ཕན་ཆད་ཆོ་ག་ལྷག་ཆད་དང་དབྲི་འཆབ་མེད་པར་མ་བྱིན་ན། རང་ལ་སྒྲིབ་པས་འཕོག་པའི་སྟེང་དུ་དམ་ཚིག་གི་སེལ་དུ་འགྱུར་ཏེ། དེའི་ཕྱིར་ཆོས་ཞུ་བ་རྣམས་ཀྱིས་ཀྱང་བརྟགས་ཤིང་དཔྱད་ལ་ཚོད་བླང་ཞིང་ཞུའོ། །སྟེར་བ་རྣམས་ཀྱིས་ཀྱང་རང་གི་སྙིང་ཚིག་སྨྲས་ལ། སྟེར་ཕན་ཆད་སྦ་འཆབ་མེད་པར་བྱའོ། །དེ་ལྟར་མ་བྱས་ན། ཕན་ཚུན་དུ་ཆོས་ཀྱི་འབྲེལ་བས་སླར་དམ་ཚིག་གི་སེལ་དུ་འགྱུར་བ་དང་། རིགས་རྗེས་དང་དཔེ་ཡོན་ཕྲ་མོ་ལ་བལྟས་ནས་གསང་སྔགས་ཀུན་ཏུ་སྤེལ་བས་ཀྱང་ཆོས་ཉམས་པར་འགྱུར་བས། འདི་ལྟ་བུ་ཡང་འཛེམ་སྟེ། མདོར་ན་རྡོ་རྗེ་སྤུན་གྱི་སེམས་དང་འགལ་གྱིས་དོགས་པ་ཐམས་ཅད་བསྲུང་བའི་བཅའ་བ་བྱས་ཏེ། དེ་ལྟར་རྡོ་རྗེ་རྭ་བ་བསྲུང་བའི་བཅའ་བ་རྣམ་པ་བརྒྱད་བྱས་སོ། །རྭ་བ་བརྒྱད་པོ་འདི་དག་ཐུབ་ན། རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་བྱེ་བར་འགྱུར་བའི་ཆོས་ལས་འབྱུང་བའི་རྐྱེན་རྣམས་ནི་བཟློག་པར་འགྱུར་རོ། །གཞན་ཕྱི་རོལ་གྱི་རྐྱེན་བྱུང་ན་རྡོ་རྗེ་མཆེད་ལྕམ་གཞན་གྱིས་ཇི་ལྟར་རིག་པའི་ཞལ་ཆེ་བྱས་ཏེ། དེ་བཞིན་དུ་ཉོན་ཅིག །དེ་ལྟར་རྡོ་རྗེ་མཆེད་ཀྱིས་གྲོས་ཡང་དང་ཡང་དུ་བྱས་ཀྱང་མི་ཉན་པའི་ང་རྒྱལ་ཅན་རང་བཞིན་ངན་པ་དག་བྱུང་སྟེ། མཆེད་རྣམས་ཁ་འདུས་ཏེ་ཡོད་ན་རྡོ་རྗེའི་གྲལ་ནས་ཕྱུངས་ཤིག །གཉིས་ཀས་ལན་ན་གཉིས་ཀ་ཕྱུངས་ཤིག །དམ་ཚིག་པ་ནང་དུ་བཟློག་པ་བྱེད་པ་བྱུང་ན། སྔར་གྱི་སློབ་དཔོན་མིན་ན་ནི་གཏིང་བྱ་བར་མི་གནང་ངོ་། །སློབ་དཔོན་ཡིན་ན་ནི། སློབ་དཔོན་དེ་དང་མཆེད་གཞན་གྱིས་དེ་དང་མཐུན་པར་བྱའོ། །གྲོས་བཏབ་ཀྱང་མ་ཉན་ན་རྩ་བ་གཏིང་ནས་ཞིག་པས་གཏམ་སྨྲ་བར་མི་བྱའོ། །དེ་ནས་དཀོན་མཆོག་ལ་ཕོད་འཛུག་པ་བྱུང་ན་ནི་དེའི་ཆོ་ག་བྱེད་དུ་མི་གནང་ངོ། །བནྡེ་ང་རྒྱལ་ཅན་བྱུང་ནས་བཟླུམ་དུ་མི་བཏུབ་ན། གྲོགས་མཆེད་གཞན་གྱིས་མི་བཟླུམ་པའི་དབང་མེད་པར་ནན་འོག་ཏུ་གཞུག་གོ །འདི་དག་ནི་རྡོ་རྗེ་མཆེད་བྱེ་བའི་རྒྱུ། བྱ་བ་མ་ཡིན་པ་ལས་བཟློག་པའི་བཅའ་བ་བྱས་སོ། །ད་ནི་མཆེད་ཀྱིས་འབྲེལ་བའི་གཟུང་ཐག་ཕན་གདགས་པའི་བཅའ་བ་གསུམ་བྱས་པ་ལ། རྡོ་རྗེ་མཆེད་མནའ་མཐོ་གཅིག་གི་ནང་དུ་དགྲ་རབ་འབྲིང་རྣམ་པ་གསུམ་བྱུང་ན། དེའི་ར་མདའ་རྣམ་པ་གསུམ་ཇི་ལྟར་རིགས་པ་དང་། བདག་པོ་ཇི་ལྟར་དགའ་བ་དང་། དེ་ལྟར་གཉིས་སུ་བསྡུར་ཏེ་ཅི་རིགས་སུ་ར་མདའ་བྱ་བར་བཅའ་བ་བྱས་སོ། །དེའི་གཟུས་༼བྲིས་མར་གཟུགས།༽སུ་ལོ་རེ་ཞིང་ངོ་བྲེ་ཙམ་བསྡུས་ལ་གནས་བརྟན་པ་ཞིག་ཏུ་སྨྲ་བཏའ་༼བྲིས་མར་སྨྲ་བཏག་ཞར་ལ། ཞེས་འབྱུང་།༽ཞར་ལ་བསལ་ཞིང་དེ་ལས་ཅི་རིགས་སུ་དགྲ་བྱུང་བའི་གྲོགས་བྱའོ། །དགྲ་བྱུང་བའི་ར་མདའ་བྱ་བའི་སྐབས་སུ། གལ་ཏེ་བནྡེ་རང་གིས་གོ་མཚོན་བཟུང་སྟེ་གཡུལ་དུ་ཞུགས་པ་ལ་དགྲ་བྱུང་བ་དང་། དེའི་ཕ་དང་བུ་དང་སྤུན་ཟླ་ལ་སོགས་པས་གཞན་ལ་ཉེས་པ་བྱས་ནས་དེའི་ལན་དུ་དེ་དག་ལ་ཚུར་ཉེས་པ་བྱས་པ་ལྟ་བུ་ལ་ནི་ཆོས་དམག་དྲངས་པའི་ཤགས་མེད་དེ། རང་བཞིན་གྱིས་ཕན་ཅི་ནུས་ཀྱིས་བྱས་ཏེ་བྱ་བར་བཅའ་བ་བྱས་སོ། །དགྲ་ཡང་དཀོན་མཆོག་ལ་ཚད་གཟུགས་པའི་དགྲ་མ་གཏོགས་པར། རང་ཅག་སྤྱོད་ལམ་མ་ཐུབ་པས་སྡང་བའི་ཕྱོགས་སུ་གྱུར་ནས་འབྲུབ་པ་ལྟ་བུ་ལ་ནི་གྲོགས་པོས་བཟློག་པས་མི་ལང་། རིགས་ཀྱང་མི་རིགས། དཔྱས་སུ་ཡང་འགྱུར་རོ། །སླར་དམ་པའི་ཆོས་དམའ་བར་འགྱུར་བས། འདི་ལྟ་བུ་ལ་ནི་གཞན་མི་བཟློག་གོ །གཉིས་པ་རྡོ་རྗེའི་མཆེད་ཀྱི་ནང་དུ་ལོང་བ་དང་ཞ་གྲུམ་བྱུང་ནས་སོ་ནམ་མི་ནུས་ན། མཆེད་རྣམས་ཀྱིས་སློངས་སྦྲམ་པ་རེ་སྦྱིན་པར་བཅས་སོ། །དེ་ནས་ཀྱང་ཚེ་རིང་ཞིང་ཕོངས་པར་གྱུར་ན་ཕྱིས་ཡང་ཕན་ཅི་རིགས་སུ་གདགས་སོ། །གསུམ་པ་ནི། མཆེད་ཀྱི་ནང་དུ་མཛེ་ནད་འབྱུང་བ་ཡང་སྲིད་ན། དགུན་ནི་ཤ་ལྷུ་རེ་དང་། དབྱར་མར་བྲེ་རེ་ཇི་སྲིད་འཚོའི་བར་དུ་བསྐྱལ་བར་བྱའོ། །དེའང་རང་རེས་དྲུང་དུ་ཐུག་པར་མི་ནུས་པས་འགྲུལ་ལ་བསྐུར་ཞིང་གཏོང་ངོ་། །བཅའ་བ་འདི་རྣམས་ལས་འགལ་ན་ཕྱིར་དབྱུང་བར་བྱའོ། །བླ་མ་ཆོས་ཀྱི་བཟང་པོས་མཛད་པ་རྗོགས་སོ།། །།

གཞན་ཕན་མཐའ་ཡས་མཆོག་གི་སྤྲུལ་པའི་སྐུ། །ག༵ཞན་༵ཕན་ཆོ༵ས་ཀྱི་༵སྣང་༵བ་ཞེས་བྱ་བས། །གཞན་ཕན་སླད་དུ་སྤར་འདི་བསྒྲུབས་པའི་དགེས། །གཞན་ཕན་ཕྲིན་ལས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པའང་མི་ཕམ་པས་སོ། །

དཔེ་རྙིང་བྲིས་མ་ཞིག་གི་མཇུག་ཏུ། དམ་པའི་གསུངས་འདི་རྒྱལ་བའི་བཀའ་དང་མཚུངས། །འདི་ལ་གཅེས་སྤྲས་བསྟན་པའི་རྨང་རྡོ་ཚུག ། སྔ་འགྱུར་བསྟན་པའི་རང་ལུགས་རྨ་མེད་ཕྱིར། །བསྟན་པའི་བདག་པོ་ཀུན་གྱིས་བཀུར་བར་རིགས། །ཞེས་འབྱུང་།

རོང་ཟོམ་ཆོས་བཟང་གིས་མཛད་པའི་རྣལ་འབྱོར་ཆེན་པོའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ལས་གནང་བཀག་གི་ཡི་གེ་གསལ་བར་བཀོད་པ།

༄༅། །རོང་ཟོམ་ཆོས་བཟང་གིས་མཛད་པའི་རྣལ་འབྱོར་ཆེན་པོའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ལས་གནང་བཀག་གི་ཡི་གེ་གསལ་བར་བཀོད་པ་བཞུགས།

རྣལ་འབྱོར་ཆེན་པོའི་སྤྱིའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ལས། རྣལ་འབྱོར་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཆེ་ཆུང་གིས། བསྲུང་མཚམས་གནང་བཀག་ཏུ་ཕྱེ་བ་ལས། ཤེས་རབ་དང་ཏིང་ངེ་འཛིན་དུ་མི་ལྡན་པའི་གང་ཟག་ཐ་མལ་པས། མི་བསྲུང་དུ་མི་རུང་བ་དང་། བསྲུང་བའི་ཡུལ་མ་ཡིན་པ་རྣམས་ཕྱེ་ནས་བརྗེད་བྱང་དུ་བྱས་ཏེ། རྩོལ་བ་འབྲིང་གིས་ཀྱང་ཉ་སྟོང་གི་བདུད་རྩིའི་མཆོད་པའི་དུས་སུ། ཞིག་པ་དང་མ་ཞིག་པ་རྣམས་བགྲང་ཞིང་གསོ་བར་བྱ་སྟེ། དེ་ལ་རྩ་བའི་དམ་ཚིག་ལ། བླ་མ་བཀུར་བའི་སྐབས་སུ། ཐམས་ཅད་ཀྱང་བཀུར་བ་ཡིན་ན། ལྷག་པར་ཡང་དབང་དང་དམ་ཚིག ། མན་ངག་ནོས་པར་བཀུར་བར་བྱ་སྟེ། ༼རྩ་བ་འདི་ཞིག་པའི་ཚད་ནི་བླ་མ་དང་འཁོན་པའི་ལས་བྱས་ཏེ་ཤེས་བཞིན་དུ་དང་པོ་ཡང་དེ་མ་འཛེམས། ཐ་མར་ཡང་སོར་མ་བཅུག་པར་སྐྱེ་ཤིས་བར་བཅད་ན་རྩ་བ་གཏིང་ནས་ཞིག་གོ། །༽དེ་ཡང་སངས་རྒྱས་པས་ལྷག་པའམ། མཉམ་པའམ། དཀོན་མཆོག་བཞི་བར་བལྟ་བ་རྣམས་གང་རུང་ཅིག་མནོས་ཏེ་བསྲུང་བར་བྱའོ། །རྡོ་རྗེ་མཆེད་ལ་བྱམས་པར་བྱ་བ་ཡང་། ཐེག་པ་ཆེན་པོ་ལ་ཞུགས་པ་ཀུན་ཀྱང་ཡིན་ན། ལྷག་པར་ཡང་སྡོམ་པ་ལྷན་ཅིག་ནོས་པ་སྟེ། ༼རྩ་བ་འདིའི་སྐབས་སུ་སྔ་མ་བཞིན་དུ་མཁོན་བཙུགས་ཀྱི་ལས་བྱས་ནས། བདག་གིས་ཉེས་ན་བཤགས་པ་མི་བྱེད་པ་དང་། ཕ་རོལ་གྱིས་ཉེས་ན་བཤགས་ཀྱང་མི་ཚངས་པར་གྱུར་ཏེ་སྐྱེ་ཤིས་བར་བཅད་དུ་གྱུར་ན་རྩ་བ་གཏིང་ནས་ཞིག་གོ །༽ དེ་དག་ལ་ཕན་གདགས་པའི་བསམ་པ་བཏང་ཞིང་། ཁྲོ་བ་ཡང་སྤང་བར་བྱ། འཁུ་ཞིང་གནོད་པ་བྱེད་པ་ལྟ་ཅི། མིང་ཡང་མི་གྲགས་པར་བྱའོ། །འདི་དག་ལས་འགལ་འཁྲུལ་ཤོར་ན། མཐོང་བའི་ཆོས་ལ་སོར་གཞུག་གོ །ཡི་དམ་གྱི་ལྷ་བསྒོམ་པ་དང་། ༼རྩ་བ་འདིའི་སྐབས་སུ་བྱང་ཆུབ་ཀྱི་སེམས་བཏང་ན་རྩ་བ་གཏིང་ནས་ཞིག་གོ །མཆོད་པ་ནི་ཡན་ལག་ཡིན་ནོ། །ལྷ་བསྒོམ་ནས་མཆོད་པ་བྱས་ཏེ་སྔགས་བཟློས་པས་དུས་མཚུངས་ཀྱང་མཆོད་པ་མེད་པར་ཡང་བསྒོམ་ཞིང་བཟླས་སུ་རུང་ངོ་། །རྟག་ཏུ་བརྟེན་པ་བཞི་ནི། ལྷ་དང་བླ་མ་རྟག་ཏུ་མཆོད། །སྔགས་དང་ཕྱག་རྒྱ་རྟག་ཏུ་བརྟེན། །ཞེས་བཤད། རྟག་པའི་སྒྲ་ནི་རྒྱུན་ལ་བྱ། ༽སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་དང་། བདུད་རྩི་ལྔ་དང་དུ་བླང་བ་ནི། དུས་དང་ཚུལ་གཅིག་སྟེ། བརྩོན་པ་རབ་འབྲིང་གི་དབང་གིས་ཞག་ཟླ་དང་ལོ་དུས་ལ་བསྒོམ་པ་དང་། བཟླས་བརྗོད་དང་། ༼ ཚོགས་སྤྱིར་བསྡུ། ༽བདུད་རྩིའི་མཆོད་པ་དག་བགྱི། དེ་ཡང་ཏིང་ངེ་འཛིན་དང་བཟླས་པ་ནི། དམ་བཅས་པ་ལས་ལྷག་པར་ཡང་འགྲུབ་ཚད་དུ་བགྱི། མཆོད་པ་ནི། ལོ་ཟླ་ལས་འདར་མི་རུང་ངོ་། །གསང་བའི་མན་ངག་ནི། ༼སྤྱིར་གཞན་གྱིས་འཕྱར་ཀར་གྱུར་པ་ཐམས་ཅད་དངོས་གྲུབ་དང་ཚེ་དང་ལོངས་སྤྱོད་ཀྱི་བར་ཆད་དུ་འགྱུར་རོ། །༽སློབ་དཔོན་དང་། མཆེད་དང་། གནས་དང་། དུས་ལྟ་བུ་ནི། གསང་སྔགས་འཆོལ་བའི་དུས་སུ་བསྲུང་བར་བྱ་བ་མ་ཡིན་ནོ། །ཡི་དམ་གྱི་ལྷ་དང་། ཡི་དམ་གྱི་སྔགས་དང་། ཡི་དམ་གྱི་ཕྱག་རྒྱ་དང་། འདི་གསུམ་ནི། ༼རང་གི་ཡི་དམ་འདི་གསུམ་དབང་བསྐུར་བའི་སློབ་མ་ལ་སྨྲས་ཀྱང་དངོས་གྲུབ་ལ་གནོད་དོ། །༽མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་སོ། །འདྲེས་པ་ལ་བསྟན་ན་དངོས་གྲུབ་ཉམས་སོ། །སྤྱོད་པ་རླབས་པོ་ཆེ་ནི། མ་འདྲེས་པ་ལ་མི་བསྟན་ནོ། །ལྟ་བ་ཟབ་མོ་ནི། ཐེག་པ་དམན་ཞིང་བློ་དམན་པ་རྣམས་ལ་མི་བསྟན་ནོ། །གལ་ཏེ་འདི་ལས་ཉམས་ན་བསྐང་བའི་ཐབས་གཞན་མེད་དེ། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་ཡིན་པས། ཀུན་ཀྱང་སྣོད་ཡིན་པར་བསམ་པ་དང་། ཤེས་རབ་ཀྱི་ཆོས་མཉམ་པ་ཉིད་དུ་རྟོག་པས་བསྐང་ངོ་། །ཞེས་གསུངས། སྤྱད་པར་བྱ་བའི་དམ་ཚིག་ལྔ་ལ། སྒྲོལ་བའི་སྐབས་སུ། བསྒྲལ་བའི་ཞིང་བཅུ་གསུངས་པ་ལས། ངན་སོང་གསུམ་བསྒྲལ་བར་གསུངས་པའི་སྐབས་སུ། དུད་འགྲོ་ལས། ཞིང་ཁུད་པར་གྱུར་པ་རྣམས་ཀྱང་། སྙིང་རྗེ་དང་ཤེས་རབ་དང་ཏིང་ངེ་འཛིན་གྱིས་དེ་དག་ལ་ཕན་ཤིན་ཏུ་ཐོགས་པར་དཀའ་བས། ༼ཨུ་མ་ཚང་ན་ཉལ་བ། རྨུགས་སངས་ཤིང་པར་ལས་དབུ་མ་ཚང་ན་ཉལ་བ། ཞེས་འབྱུང་། མཁའ་ལ་རླུང་ལྟར་འཕྱོ་བ། བཅུ་དྲུག་ཚང་ན་འཁྱིལ་བ་ལྟ་བུ། ༽ འདི་དངོས་སུ་བསྒྲལ་བར་མི་བརྩམ་མོ། །ཡི་དྭགས་ལས། གདོན་ཆེན་པོ་གཙུག་ལག་ཁང་དུ་ཞུགས་ནས། དགེ་འདུན་རྣམས་ལ་བར་ཆད་བྱེད་པ་དང་། དབེན་ཚ་ཁ་ཁའི་རྣལ་འབྱོར་པ་རྣམས་ལ་གནོད་པ་དང་། སྲོག་ཆགས་མང་པོ་ལ་འཚེ་བ་དག་ལ། དྲག་པོའི་ཕྲིན་ལས་ཀྱིས་མནན་གཟིར་དག་བྱ་རུང་ངོ་། །དམྱལ་བ་ལ། ཞིང་ཁུད་པ་མེད་དོ། །མིའི་སྐྱེ་དགུའི་ཞིང་ཁུད་པ་རྣམས་ལས། འདུས་པར་འོངས་པ་བསྒྲལ་བར་གསུངས་པ་ནི། སྔོན་དུས་དང་པོའི་ཚེ། སྤྱི་གསང་བཞི་ལ་སྤྱོད་པའི་དུས་ན། ༼སློབ་དཔོན་དང་། མཆེད་དང་། དུས་དང་། གནས་དག་གསང་བའི་ཚེ། ༽གསང་སྔགས་ཞེས་བྱ་བར་གང་ཟག་འགའ་ཞིག་སྤྱོད་པ་ཡང་། སྐྱེ་བོ་སུ་ལ་ཡང་མ་གྲགས་པའི་དུས་ན། བསྒྲལ་བའི་ཞིང་ཡིན་ཏེ། ཕྱིས་གསང་སྔགས་ཐུན་མོང་དུ་གྲགས་པའི་ཚེ། བསྒྲལ་བའི་ཞིང་མ་ཡིན་ནོ། །གཞན་དཀོན་མཆོག་གི་བསྟན་པ་འཇིག་པ། རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ། རྣལ་འབྱོར་པ་ཡོང་ལ་གནོད་པ། སློབ་དཔོན་དང་མཆེད་ལ་འཁུ་བ། དམ་ཚིག་རྩ་བ་ཆེན་པོ་ཉམས་ཤིང་ལོག་པ། གསང་བའི་ཐེག་པ་སྒྲུབ་པ་པོ་དང་བཅས་པ་ལ་འཕྱ་ཞིང་སྐུར་བ་རྣམས་ནི། མངོན་སྤྱོད་ཀྱི་ལས་ལ་སོགས་པས་ཆེད་དུ་བླངས་ཏེ་སྒྲལ་བ་ཡིན་ནོ། །དངོས་གྲུབ་ཀྱི་རྫས་སུ་བསྒྲལ་བར་གསུངས་པའི་འབྲས་བུ་ཆེན་པོ་ལྔ་ལ་སོགས་པ་ནི། གང་ཟག་ཕལ་བའི་ཡུལ་མ་ཡིན་པས། སྒྲོལ་བ་འདི་ནི་མི་བརྩམ་མོ། །སྦྱོར་བའི་སྐབས་སུ། རྒྱན་གཅིག་པ་དང་། ༼གཙོ་གཟུངས་གཅིག་ལས་གཞན་བཙལ་དུ་མི་གནང་བར་ནོས་པ། ༽ སྨོན་ལམ་གཅིག་པ། ༼བསྙེན་པ་རྫོགས་ནས་སྒྲུབ་པའི་ཚེ་བཙལ་ཏེ་སྒྲུབ་པ་ཆེན་པོའི་དུས་སུ་དངོས་གྲུབ་ལེན་པའི་ཚེ་ཚོགས་མཆོག་གསང་བ་ལ་གཟུངས་གཅིག་སྦྱོར་བར་དམ་ཚིག་ནོས་པ་གུད་དུ་ཕྱེ་བ་མེད་པར་དཀྱིལ་འཁོར་གཅིག་གི་ནང་དུ་གཙོ་བོ་གཟུངས་ཕན་ཚུན་འཁྲིལ་དུ་གནང་བའི་དམ་ཚིག་ནོས་པ། ༽འདི་གཉིས་ནི་དེ་ལྟར་དམ་བཅའ་ནུས་པའི་གང་ཟག་ཡོད་ན། གང་ཟག་ཕལ་པས་ནུས་ཀྱང་མི་རུང་བ་མེད་དོ། །བརྩོན་འགྲུས་ཀྱིས་མི་ནུས་ན། ནོད་པར་བྱ་བ་མ་ཡིན་ནོ། །རིགས་ལྔ་ཚུལ་གཅིག་པ་ནི། སྤྱོད་པ་དང་དམ་ཚིག་མཐུན་པ་ཡོད་ན་ནོད་དུ་རུང་ངོ་། །ཕྱལ་བ་ནི། ཀུན་གྱིས་ནོད་ཅིང་བསྲུང་བར་བྱ་བ་ཡིན་ནོ། །མ་བྱིན་པ་ལེན་པའི་སྐབས་སུ། དཀོན་མཆོག་ལ་བསྔོས་པ་ལ་སོགས་ཏེ། ཤིན་ཏུ་ལྕི་བའི་རྫས་རྣམས་ནི་བླང་བར་བྱ་བ་མ་ཡིན་ནོ། །བསྒྲལ་བའི་ཞིང་དུ་གྱུར་པའི་རྫས་དང་། ཤིན་ཏུ་སེར་སྣས་བཅིངས་པའི་རྫས་རྣམས་སྙིང་རྗེས་དབང་གིས་བླངས་ནས་མཆོད་སྦྱིན་ཆེན་པོར་བྱ་བར་གསུངས་སོ། །བརྫུན་དུ་སྨྲ་བའི་སྐབས་སུ། དམ་ཚིག་ལ་གནོད་པའི་བརྫུན་དང་། སེམས་ཅན་ལ་གནོད་པའི་བརྫུན་དང་། གང་ཟག་གཞན་སྤྱོད་པའི་ཆོས་ཀྱི་གཞུང་ལ་དམོད་པའི་བརྫུན་དང་། རང་ལ་ལུང་ངེས་པ་མེད་པར་ཕ་རོལ་གྱི་བདེན་པའི་ཚིག་ལ་ལན་ལྡོན་པའི་རྫུན་རྣམས་སྨྲ་བར་མི་བྱའོ། །གཞན་བླ་མ་དང་གྲོགས་ལ་ཕན་པར་འགྱུར་བའི་རྫུན་དང་། སེམས་ཅན་གྱི་སྲོག་དང་རྫས་ལ་སྐྱོབས་པར་འགྱུར་བའི་རྫུན་རྣམས་ནི་ཆེད་དུ་བླངས་ཏེ་སྨྲ་བར་བྱའོ། །ངག་རྩུབ་མོ་སྨྲ་བའི་སྐབས་སུ། དམ་ཚིག་ལ་གནོད་པའི་ངག་རྩུབ་མོ་དང་། ༼སློབ་དཔོན་དང་མཆེད་ལ་གནོད་པའི་ཁྲོ་ཚིག་དང་། སྤྱིར་བསྟན་པ་ལ་གནོད་པའི་ཁྲོ་ཚིག་ལྟ་བུ། ༽སེམས་ཅན་ཕལ་བ་རྣམས་ལ་ཀུན་ནས་མནར་སེམས་ཀྱི་རྒྱུར་འགྱུར་བའི་ཚིག་རྩུབ་མོ་ནི་སྨྲ་བར་མི་བྱའོ། །གཞན་གོང་དུ་བསྟན་པའི་བསྒྲལ་བར་བྱ་བའི་དམིགས་རྣམས་གདུལ་བར་བྱ་བའི་ཕྱིར་ངག་རྩུབ་མོ་སྨྲ་བ་དང་། དྲག་པོའི་གསང་སྔགས་བཟླས་པ་དང་། སྣོད་དུ་གྱུར་བའི་གང་ཟག་ལ་ཆོས་ཟབ་མོ་བཤད་པའི་ཚིག་རྩུབ་མོ་རྣམས་ནི་དམིགས་ཀྱིས་སྨྲ་བར་བྱའོ། །༼གདུག་པ་ཅན་སྒྲོལ་བའི་ཆོས་དང་འཇིག་རྟེན་ལུགས་དང་མི་མཐུན་པའི་ལྟ་བ་ཟབ་མོ་བཤད་པ་ལྟ་བུ། ༽དམ་ཚིག་འདི་དག་ནི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྲུང་བར་བྱ་བ་ཡིན་ཏེ། འདའ་བར་མི་གནང་ངོ་། །དེ་ལ་ཡང་སྤྱད་པར་བྱ་བའི་དམ་ཚིག་ལྔ་ལས། ཇི་ལྟར་བསྟན་པ་བཞིན་དུ་མ་ནུས་ན་ནི། དངོས་གྲུབ་ལས་ཉམས་པར་འགྱུར་ཏེ། སྒྲིབ་པ་ལ་སོགས་པར་ནི་མི་འགྱུར་བས། ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་ལ་སོགས་པས་ཀྱང་བསྐང་བར་བྱའོ། །ཉོན་མོངས་པ་ལྔ་མི་སྤང་བའི་དམ་ཚིག་དང་། ཤེས་པར་བྱ་བའི་དམ་ཚིག་ལྔ་ནི། སྤྱིར་ཤེས་རབ་དང་ཏིང་ངེ་འཛིན་གྱིས་རྟོགས་ཤིང་གོམས་པར་བྱ་བ་ལས་མ་གཏོགས་པ་ལུས་ངག་གིས་ལྷག་པར་སྤྱད་ཅིང་བསྲུང་དུ་མེད་དོ། །གྲུབ་པར་བྱ་བའི་དམ་ཚིག་ལྔ་ནི། དམ་ཚིག་འདི་རྣམས་ཚུལ་བཞིན་དུ་བསྒྲུབ་པའི་འབྲས་བུ་ཡིན་ཏེ། དེ་བཞིན་དུ་བརྩོན་པར་བསྲུང་བ་ལས་མ་གཏོགས་པ་ལྷག་པར་གུད་དུ་བསྲུང་བ་མེད་དོ། །འདི་དག་ནི་རྣལ་འབྱོར་ཆེན་པོའི་དམ་ཚིག་མདོར་བསྡུས་པ་ཡིན་ནོ། །སྤྱིར་དུས་དང་རྒྱུན་དུ་བསྲུང་བའི་བརྟུལ་ཞུགས་ཀྱི་དམ་ཚིག་རྣམས་དང་། ༼ལྷའི་བརྟུལ་ཞུགས་དང་། མཉམ་པའི་བརྟུལ་ཞུགས་དང་། ༽ དུས་སྐབས་སུ་བསྲུང་བར་བྱ་བའི་༼དམ་ཚིག་ཅན་ནམ་དུ་མི་སྤྱོད་པ་ལ་སོགས་པ། ༽ ལྷག་པའི་དམ་ཚིག་རྣམས་ནི། དམ་བཅས་པའི་བསྙེན་སྒྲུབ་ཆེན་པོ་དང་། དུས་དུས་སུ་བྱ་བའི་བསྙེན་བསྒྲུབ་རྣམས་བྱ་བའི་ཕྱིར། བསྲུང་བར་བྱ་བ་ཡིན་པས། ལྷག་པར་བླ་མ་ལས་གུད་དུ་ནོད་མི་དགོས་ཏེ། དང་པོར་དབང་ནོད་པའི་དུས་སུ། སྤྱིའི་དམ་ཚིག་འདི་དག་མནོས་ནས། ཕྱིར་བསྣན་ཅིང་ལེགས་པར་གཏན་ལ་ཕབ་སྟེ། དུས་ཀྱི་གསོ་སྦྱོང་གིས་ཕྱིན་པར་བྱས་ན། བསླབ་པ་ཕྲ་མོ་དག་དུས་༼ནམ་དགོས་པའི་དུས། ༽སྐབས་སུ་བསླབས་པས་ཆོག་གོ །དམ་ཚིག་འདི་དག་ཉམས་ན་བསྐང་བའི་ཐབས་ཀྱང་ལུགས་གཉིས་སྣང་སྟེ། གཞུང་གཅིག་ནི། དམ་ཚིག་ཉམས་ན་སླར་དཀྱིལ་འཁོར་དུ་ཞུགས་ཏེ། དབང་དང་དམ་ཚིག་ནོད་དོ། །ཞེས་འབྱུང་ངོ་། །གཞུང་གཉིས་པ་ནི། ཉམས་པ་དང་༼སློབ་དཔོན་དང་མཆེད་ལྕམ་ནང་ཕན་ཚུན། ༽ཉམས་པའི་ཡུལ་རྣམས་ཚེའི་བར་ཆད་ཀྱིས་མ་བསྐལ་ན། སོར་བཅུག་པས་བསྐང་། ཞེས་འབྱུང་ངོ་། །གསོ་སྦྱོང་གི་དུས་ནི། བརྩོན་པ་རབ་ནི། རྟག་ཏུ་སེམས་པ་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་དང་། ཐོ་རངས་༼དུས་ཀྱི་ཡི་དམ་ཐོག་མར་དམ་ཚིག་བསྒྲང་ཞིང་གསོ། ༽ཐུན་དང་པོ་ལ་ཉམས་པ་དང་མ་ཉམས་པ་བགྲང་ཞིང་གསོ་བར་འབྱུང་། འབྲིང་༼དེའི་ཚེ་གྲོགས་ཀྱི་དཔང་པོ་ཡོད་ཀྱང་རུང་། མེད་ཀྱང་རུང་། ༽པོས་ཟླ་ཚིགས་ཀྱི་མ་ཆོད་པ་ལ་བགྲང་ཞིང་གསོ། །ཐ་༼དམ་ཚིག་ཉམས་པ་སློབ་དཔོན་དང་མཆེད་ཀྱི་ནང་དུ་དཔང་དུ་གསོལ་ཏེ། ༽མས་ལོ་དུས་ཀྱི་མ་ཆོད་པ་ལ་བགྲང་ཞིང་གསོ། ཉམས་ཤིང་ཞིག་པའི་སྐྱོན་ནི། སྤྱིར་གྲགས་པས་མ་སྨྲོས་ཏེ། མདོར་ན་དགེ་བའི་དབང་པོ་ཐམས་ཅད་ཀྱི་སྲོག་གི་དབང་པོ་དམ་ཚིག་ཡིན་ཏེ། འདི་མེད་ན་དབང་ལ་སོགས་པ་དགེ་བ་གཞན་གྱི་ནུས་པ་ཡོད་མི་སྲིད་པར་དམ་ཚིག་གི་བདག་པོ་ཉིད་ཀྱིས་གསུངས་སོ། །ངྷརྨ་བྷ་དྲས་མཛད་པའི་དམ་ཚིག་གི་གནང་བཀག་གོ། ། །

སྨྲ་སྒོ་མཚོན་ཆའི་འགྲེལ་པ།

༄༅། །སྨྲ་སྒོ་མཚོན་ཆའི་འགྲེལ་པ་བླ་མ་ཆོས་ཀྱི་བཟང་པོས་མཛད་པ་བཞུགས་སོ། །

༄༅། །འདིར་བསྟན་བཅོས་རྩོམ་པར་བཞེད་པས། བར་གཅོད་སྤང་བར་བྱ་བ་དང་། ཡ་རབས་ཀྱི་ཚུལ་དང་མཐུན་པར་བྱ་བའི་ཕྱིར།དང་པོར་ཕྱག་འཚལ་ནས། དགོས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར།གང་ཞིག་བཤད་པར་བྱ་བར་དམ་བཅས་ནས། བསྟན་བཅོས་ཀྱི་གཞུང་ཉིད་ལེགས་པར་བསྟན་པ་དང་། བསྟན་བཅོས་བརྩམས་པ་ཡང་དོན་ཆེན་པོར་འགྱུར་བར་བྱ་བའི་ཕྱིར། དགེ་བའི་རྩ་བ་བསྔོ་བ་དང་བཅས་པ་བསྟན་པར་མཛད་དོ། །དེ་ལ་འདིའི་གཞུང་ཉིད་ཀྱང་ཡི་གེའི་ཚོགས་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་རྣམས་སྟོན་ཏོ། །དེ་དག་གི་ཡན་ལག་ཇི་སྐད་དུ་བསྟན་པ་རྣམས་ཀྱང་མདོར་བསྡུ་ན། དེ་དག་གི་རྒྱུ་དང་། རང་གི་ངོ་བོ་དང་། ལུང་དང་། ངེས་པའི་ཚིག་དང་། དབྱེ་བ་རྣམས་ཀྱིས་སྟོན་ཏོ། །དེ་ལ་རེ་ཞིག་འདིར་ཕྱག་འཚལ་བ་བསྟན་པའི་ཕྱིར། སྨྲ་མཆོག་གཙོ་ལ་ཕྱག་འཚལ་ནས། །ཞེས་སྨྲོས་ཏེ། དགེ་སྦྱོང་དང་། བྲམ་ཟེ་དང་། ལྷ་དང་། བདུད་ལ་སོགས་པའི་རིགས་པ་དང་ལྡན་པར་སྨྲ་བ་རྣམས་ཀྱི་གཙོ་བོ་ནི་སངས་རྒྱས་ཏེ། དེ་ལ་ཕྱག་འཚལ་ནས་བཤད་པར་བྱ་ཞེས་སྟོན་ཏོ། །གང་གི་ཕྱིར་ཞེ་ན། སྨྲ་བའི་ཡན་ལག་རྫོགས་དོན་དུ། །ཞེས་བྱ་བ་ལ་སོགས་པ་དམ་བཅའ་བའི་ཚིག་འདི་དག་བསྟན་པར་མཛད་པ་ལས། འདིར་དགོས་པ་ནི། སྨྲ་བའི་རྒྱུ་རྐྱེན་མཐའ་དག་མ་ལུས་པར་རྫོགས་པར་བྱ་བའི་དོན་དུ་ཞེས་སོ། །གང་ཞིག་ཞེ་ན། ངག་གི་འདུ་བྱེད་གང་དེ་ཡི། །ཚོགས་པ་ཞེས་བྱ་བ་སྨྲོས་ཏེ།ངག་གི་བྱ་བ་ནི་འདུ་བྱེད་ཡིན་ཏེ། དེའི་ཚོགས་པ་ནི་རྒྱུ་རྐྱེན་ནོ། །དེ་བདག་གིས་བཤད་པར་བྱ་ཞེས་བྱ་བ་ཡིན་ནོ། །ད་ནི་གཞུང་ཉིད་བསྟན་པ་ལས། དང་པོ་ཡི་གེ་བསྟན་ཏེ། དེ་ཡང་སྤྱི་དང་ཁྱད་པར་གྱི་གནས་ལས་བྱེད་པ་དང་ཕྲད་པས་སྒྲ་ཇི་ལྟར་འབྱུང་བ་བསྟན་པའི་ཕྱིར། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །སྤྱི་དང་རེ་རེའི་ཆ་དག་ལས། །ཕྲད་དང་ཅུང་ཟད་ཕྲད་པ་དང་། །དོག་པ་དང་ནི་ཡངས་པ་ནས། །དྲང་པོ་སྒྲེང་དང་བཀུག་པ་ནས། །བསྟོད་པ་དང་ནི་སྨད་པ་དང་། །སྒྲིམས་དང་གློད་པའི་ང་རོ་འབྱུང་། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་སྤྱི་དང་ཞེས་བྱ་བ་ནི། གནས་འདི་རྣམས་ཀྱི་སྤྱིའི་ཆ་ལས་འབྱུང་བ་ཞེས་བྱ་བ་སྟེ། དཔེར་ན་པི་ཝང་གི་སྒྲ་ཁོག་པ་དང་། པགས་པ་དང་། རྒྱུད་དང་། ལག་རྟེན་ལ་སོགས་པ་ཐམས་ཅད་ལས་སྒྲ་འབྱུང་སྟེ། དེ་བཞིན་དུ་གནས་འདི་རྣམས་སྤྱིའི་ཚོགས་པ་ནས་ཡི་གེ་རྣམས་ཀྱི་སྒྲ་འབྱུང་ངོ་། །རེ་རེའི་ཆ་དག་ཞེས་བྱ་བ་ནི། དཔེར་ན་པི་ཝང་གི་སྒྲ་དེ། ཕོ་སྒྲ་ཕོ་རྒྱུད་ལས་འབྱུང་ལ། མོ་སྒྲ་མོ་རྒྱུད་ལས་འབྱུང་བ་བཞིན། གནས་འདི་དག་སོ་སོ་ལས་ཡི་གེ་སོ་སོའི་སྒྲ་ཤས་ཆེར་འབྱུང་སྟེ། འདི་དག་ཞིབ་ཏུ་ནི་འོག་ནས་འཆད་པའི་སྐབས་སུ་རིག་པར་བྱའོ། །ཕྲད་དང་ཅུང་ཟད་ཕྲད་པ་དང་། །དོག་པ་དང་ནི་ཡངས་པ་ནས། །ཞེས་བྱ་བ་འདི་བཞི་ནི་བྱེད་པའི་རྐྱེན་ཡིན་ཏེ། དཔེར་ན་པི་ཝང་གི་སྒྲ་ལས་མཐེབ་མོ་དང་གཞུ་རྒྱུད་ཀྱིས་བསྐྱོད་པའི་ཚེ། སྒྲ་བྱེ་བྲག་དུ་འགྱུར་བ་ལྟར་གནས་འདི་རྣམས་སུ་ཕྲད་པ་ལ་སོགས་པའི་རྐྱེན་གྱིས་སྒྲ་བྱེ་བྲག་ཏུ་འགྱུར་ཏེ། འདི་ཡང་ཞིབ་ཏུ་འོག་ནས་རིག་པར་བྱའོ། །དེ་དག་ལས་སྒྲ་ཇི་ལྟ་བུ་ཞིག་འབྱུང་ཞེ་ན། དྲང་པོ་སྒྲེང་དང་། ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། འདིས་ནི་གནས་དང་བྱེད་པ་ཕྲད་པ་ལས།དབྱངས་ཀྱི་རྩ་བ་བདུན་འབྱུང་བར་སྟོན་ཏོ། །དྲང་པོ་ལ་སོགས་པའི་ངག་འདི་བདུན་ནི་ངག་གི་འདུ་བྱེད་ཀྱི་རྩ་བ་ཡིན་ཏེ། དེ་ལ་དྲང་པོ་ནི་ཨའོ། །སྒྲེང་བ་ནི་ཨེའོ། །ཀུག་པ་ནི་ཨིའོ། །བསྟོད་པ་ནི་ཨོའོ། །སྨད་པ་ནི་ཨུའོ། །སྒྲིམས་པ་ནི་རིའོ། །གློད་པ་ནི་ལིའོ། །དེ་ལ་ང་རོ་བདུན་ནི་ངག་ཐམས་ཅད་ཀྱི་མཚན་ཉིད་ཡིན་ཏེ། རང་བཞིན་གྱི་ཡི་གེ་ཡིན་ནོ། །ཀ་ལ་སོགས་པའི་བརྗོད་པའི་ཡིག་འབྲུ་ཐམས་ཅད་ཀྱང་འདི་ལས་འབྱུང་ངོ་། །དེ་ལ་ཡང་ཨ་ཨི་ཨུ་གསུམ་ནི་རྩ་བའོ། །ལྷག་མ་ནི་ཕན་ཚུན་སྦྱར་བའོ། །ཇི་ལྟར་ཞེ་ན། ཨ་དང་ཨི་སྦྱར་བ་ནི་ཨེ་ཡིན་ནོ། །ཨ་དང་ཨུ་སྦྱར་བ་ནི་ཨོ་ཡིན་ནོ། །ཨ་ཉིད་སྒྲིམས་ཤིང་ཚེག་དྲག་དང་སྦྱར་བ་ནི་རྀ་ཡིན་ནོ། །ཨ་ཉིད་གློད་དེ་འདྲེན་པའི་དོན་ནི་ལྀ་ཡིན་ཏེ། དེའི་ཕྱིར་ཕན་ཚུན་སྦྱར་བའོ། །ཀ་ལ་སོགས་པའི་བརྗོད་པའི་ཡིག་འབྲུ་རྣམས་ལ་ཡང་། རྩ་བ་དང་ཕན་ཚུན་སྦྱར་བ་ཡོད་དོ། །ཡ་ནི་ཨི་དང་ཨ་སྦྱར་བའོ། །ཝ་ནི་ཨུ་དང་ཨ་སྦྱར་བའོ། །ར་དང་ལ་ནི་གོང་དུ་བསྟན་པ་ཉིད་དོ། །ཤ་ཥ་ས་གསུམ་ནི་ར་དང་མཐུན་ཏེ་ཚེག་དྲག་དང་སྦྱར་བའོ། །ང་ཉ་ན་ཎ་མ་འདི་ལྔ་ནི་སྣ་དང་ལྡན་པ་ཡིན་ཏེ། ཨཾ་ཞེས་བྱ་བར་འདུས་སོ། །དེས་ན་རེ་ཞིག་རྩ་བའི་ཡི་གེ་ཉི་ཤུ་རྩ་ལྔ་ཡིན་ནོ། །དེ་དག་ལ་ཡང་ག་ལ་སོགས་པ་གསུམ་པ་རྣམས་ནི། ཀ་ལ་སོགས་པ་དང་པོ་རྣམས་དང་ཨ་ལྡན་པ་ཡིན་ནོ། །གྷ་ལ་སོགས་པ་བཞི་པ་རྣམས་ནི་ག་ལ་སོགས་པ་གསུམ་པ་རྣམས་ལ་ཧ་དང་ལྡན་པ་ཡིན་ཏེ། དེས་ན་རྩ་བའི་ཡི་གེ་བཅུ་གཅིག་གོ །ཁ་ལ་སོགས་པ་གཉིས་པ་རྣམས་ཀྱང་ཀ་ལ་སོགས་པའི་སྒྲའི་ཆ་དང་། ཁོང་ནས་འབྱུང་བའི་སྒྲ་ཆ་ཡོད་པ་སྟེ། དེ་ལྟར་ན་རྩ་བའི་ཡི་གེ་ནི། ཨ་ཀ་ཙ་ཏ་ཊ་པ་ཧ་འདི་རྣམས་ཡིན་ནོ། །དེ་དག་གི་རྩ་བ་ཨ་ཡང་ཡིན་ནོ། །དེའི་ཕྱིར། ཨ་ནི་ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ། །ད་ནི་རྩ་བ་བདུན་ལས་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་འགྱུར་བ་བསྟན་པའི་ཕྱིར། དྲང་པོ་ཀུག་དང་སྨད་པ་དང་། །སྒྲིམས་པ་དང་ནི་གློད་པ་དང་། །གར་དང་ཙང་གིས་ཕྱེ་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། འདི་ལྟར། ཨ་ཨི་ཨུ་རི་ལི་འདི་རྣམས་ལ་གར་ཞེས་བྱ་བའི་རིང་བའོ། །ཙང་ཞེས་བྱ་བ་ཐུང་ངུ་གཉིས་གཉིས་སུ་ཕྱེ་བས་དབྱངས་ཀྱི་ཡི་གེ་བཅུར་འགྱུར་ཏེ། འདི་ལྟར། ཨ་ཨ་ཨཱི་ཨཱི་ཨུ་ཨུ་རི་རཱི་ལི་ལཱིའོ། །གཞན་ཡང་། སྒྲེང་དང་སྒྲེང་སྟེ་ཀུག་པ་དང་། །བསྟོད་དང་བསྟོད་དེ་སྨད་པ་དང་། །སྣ་ལྡན་རྣམ་པར་བཅད་པ་ཡིས། །ང་རོ་བཅུ་དྲུག་དག་དུ་འདོད། །ཞེས་བྱ་བས་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་འགྱུར་ཏེ། འདི་ལྟར་སྒྲེང་བ་ནི་ཨེའོ། །བསྒྲེང་སྟེ་ཀུག་པ་ནི་ཨཻའི་འོ། །བསྟོད་པ་ནི་ཨེ་ཡིན་ནོ། །བསྟོད་དེ་སྨད་པ་ནི་ཨཽའི་ཡིན་ནོ། །སྣ་དང་ལྡན་པ་ནི་ཨཾ་ཡིན་ནོ། །རྣམ་པར་གཅོད་པ་ནི་ཨཿ་ཞེས་བྱ་བ་སྟེ།འདི་ལྟར་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་འགྱུར་རོ། །ད་ནི་དབྱངས་ཀྱི་རྩ་བ་དེ་དག་རེ་རེ་ལ་ཡང་གསལ་བྱེད་བཅོ་བརྒྱད་དམ་བཅུ་གཉིས་སུ་འགྱུར་བ་སྟོན་ཏེ། དེ་ལས་དང་པོར་གསལ་བྱེད་བཅོ་བརྒྱད་དུ་འགྱུར་བ་བསྟན་པའི་ཕྱིར། ང་རོ་དག་གི་གསལ་བྱེད་ནི། །དྲང་པོ་ཀུག་དང་སྨད་པ་དང་། །འདྲེན་པའི་རིང་ཐུང་གསུམ་ཡོད་དེ། །དེ་ལ་ཆེ་འབྲིང་རྣམ་པ་གསུམ། །དེ་དགུ་སྣ་ལྡན་བཅོ་བརྒྱད་དོ། །ཞེས་བྱ་བ་སྨྲོས་ཏེ། དབྱངས་ཀྱི་ཡི་གེ་དེ་རྣམས་ཀྱི་གསལ་བྱེད་ནི། དྲང་པོ་ཨ་དང་། ཀུག་པ་ཨི་དང་། སྨད་པ་ཨུ་དང་གསུམ་ལ་སྒྲའི་འདྲེན་པ་གསུམ་གསུམ་ཡོད་དེ། འདི་ལྟར་ཧྲ་སྭ་ཞེས་བྱ་བ་ཐུང་ངུ་སྟེ་ཐ་མལ་པ་དང་། འདི་དགའ་ཞེས་བྱ་བ་རིང་པོ་སྟེ་གཉིས་ཀྱི་ཡུན་དུ་བརྗོད་པ་དང་། ས་ནུད་ཏྭ་ཞེས་བྱ་བ་ནི་ཤིན་ཏུ་རིང་བ་སྟེ། གསུམ་གྱི་ཡུན་དུ་བརྗོད་པའོ། །དེ་རེ་རེ་ལ་ཡང་ཆེ་འབྲིང་གསུམ་གསུམ་སྟེ། ཨུད་ཏད་ཏ་ཞེས་བྱ་བ་ཆེན་པོ་སྟེ། ཡི་གེ་གཉིས་ཀྱི་སྒྲ་ཅན་དང་། ཨ་ནུ་འདའ་ཏ་ཞེས་བྱ་བ་ཆུང་ངུ་ཏེ། ཕྱེད་པ་དང་། སི་ཏ་ར་ཞེས་བྱ་བ་བར་མ་སྟེ་ཡི་གེ་ཕྱི་མོ་གཅིག་པ་ཡིན་ཏེ། དེ་ལྟར་དགུར་འགྱུར་རོ། །དེ་ལ་ཡང་ཨཾ་ཞེས་བྱ་བའི་སྒྲ་སྣ་དང་ལྡན་པ་ཞེས་བྱ་བ་དང་། སྣ་དང་མི་ལྡན་པ་ཕྱེ་བས་འདི་ལྟར་བཅོ་བརྒྱད་བཅོ་བརྒྱད་དུ་འགྱུར་རོ། །ད་ནི་གསལ་བྱེད་བཅུ་གཉིས་སུ་འགྱུར་བའི་རིགས་བསྟན་པའི་ཕྱིར། གསལ་བར་བྱ་བ་འདི་ལྟ་ཏེ། སྒྲེང་དང་བསྟོད་ལ་ཐུང་བ་དང་། སྒྲིམས་དང་གློད་ལ་རིང་བའོ། །བཅུ་གཉིས་ཡིན་ཏེ། ཞེས་བྱ་བ་སྨྲོས་སོ། །དབྱངས་ཀྱི་ཡི་གེ་རྣམས་ལ་གསལ་བྱེད་སྤང་ཞིང་གསལ་བར་བྱ་བ་ནི་སྒྲེང་བ་དང་བསྟོད་པ་ཞེས་བྱ་བ་ཨེ་དང་ཨོ་གཉིས་ལ་རང་བཞིན་གྱིས་ཐུང་ངུ་མེད་དེ། དེ་ལྟར་ཐུང་ངུ་ལ་ཕྱེ་བ་གསུམ་གསལ་བས་དྲུག་ཏུ་འགྱུར་ཏེ། དེ་ལ་ཡང་སྣ་དང་ལྡན་པས་ཕྱེ་བས་བཅུ་གཉིས་བཅུ་གཉིས་སུ་འགྱུར་རོ། །དེ་བཞིན་དུ་སྒྲིམས་པ་དང་གློད་པ་ཞེས་བྱ་བ་རི་དང་ལི་གཉིས་ལ་རང་བཞིན་གྱིས་རིང་པོ་མེད་དེ།དེ་ལྟར་རིང་པོ་ལ་ཕྱེ་བའི་ཚོགས་གསལ་བས་འདི་ལ་ཡང་བཅུ་གཉིས་བཅུ་གཉིས་སུ་འགྱུར་རོ། །དེ་ལྟར་ཨ་ཨི་ཨུ་གསུམ་ལ་བཅོ་བརྒྱད་བཅོ་བརྒྱད། ཨེ་ཨོ་རི་ལི་བཞི་ལ་བཅུ་གཉིས་བཅུ་གཉིས་སྟེ། དེ་ལྟར་བརྒྱ་རྩ་གཉིས་སུ་འགྱུར་བས། བརྒྱ་རྩ་གཉིས་ཞེས་སོ། །ད་ནི་ཡི་གེ་སྤྱིའི་རྣམ་པའི་ཆ་ཇི་སྙེད་ཡོད་པ་བསྟན་པའི་ཕྱིར། སྤྱིར་ན་བརྒྱ་དང་བཅུ་རྩ་གཅིག །རང་གནས་དང་ནི་བཅུ་གཉིས་སྟེ། །ཡི་གེ་གཅིག་གི་རྣམ་པའི་ཆ། །ངག་གི་འདུ་བྱེད་ཚོགས་པའོ། །ཞེས་བྱ་བ་སྨྲོས་ཏེ། ཀ་ལྟ་བུ་གཅིག་ལ་ཡང་། ཨ་ཨི་ཨུ་ཨེ་ཨོ་རི་ལི་བདུན་དང་ལྡན་པས། ཨ་ལ་གསལ་བྱེད་རིང་ཐུང་གསུམ། དེ་རེ་རེ་ལ་ཡང་ཆེ་འབྲིང་ཆུང་གསུམ་གསུམ་སྟེ་དགུ་དགུ། དེ་ལ་སྣ་དང་ལྡན་པ་ཞེས་བྱ་བ་དང་མི་ལྡན་པ་ཞེས་བྱ་བས་ཕྱེ་བས་བཅོ་བརྒྱད། དེ་བཞིན་དུ་ཨི་ཨུ་ལ་ཡང་ལྡན་ཏེ། དེ་ལྟར་ལྔ་བཅུ་རྩ་བཞི། ཨེ་ཨོ་ལ་ཐུང་ངུ་མེད་པས་བཅུ་གཉིས་བཅུ་གཉིས།རི་ལི་ལ་རིང་པོ་མེད་པས་བཅུ་གཉིས་བཅུ་གཉིས་ཏེ། དེ་ལྟར་ན་བཞི་བཅུ་རྩ་བརྒྱད་ཀྱིས་བསྣན་པས་བརྒྱ་རྩ་གཉིས། ཐུན་མོང་གི་འབྱུང་ཁུངས་བརྒྱད། རྐྱེན་གྱི་རྣམ་པ་གང་ཡང་རུང་བ་གཅིག་སྟེ་དགུས་བསྣན་ན་བརྒྱ་དང་བཅུ་རྩ་གཅིག་ཡོད་དོ། །རང་གནས་དང་ནི་ཞེས་བྱ་བ་ནི་ཁྱད་པར་གྱི་གནས་རྫས་སུ་མ་བགྲངས་པ་སྟེ། ཐུན་མོང་གི་ཁོངས་སུ་གཏོགས་པས་རེ་ཞིག་ཤས་ཆེ་བ་ཙམ་ཡིན་ཏེ། རྫས་སུ་མ་བགྲངས་སོ། །ཡི་གེ་གཅིག་གི་རྣམ་པ་ཞེས་བྱ་བ་ནི་ཀ་ལ་སོགས་པའི་རྣམ་པ་སྟེ།དབྱངས་ཀྱི་ཡི་གེ་ལ་ནི་མ་ཡིན་ནོ། །རྣམ་པ་དེ་སྙེད་ལས་དུས་གཅིག་ཏུ་འབྱུང་ཞེ་ན། དུས་གཅིག་དུ་ནི་བཅུ་གཅིག་གམ། །སྣ་ལྡན་དང་ནི་བཅུ་གཉིས་ཏེ། །རང་གི་གནས་དང་བཅུ་གསུམ་མོ། །ཞེས་སྨྲོས་ཏེ།ཐུན་མོང་གི་འབྱུང་ཁུངས་བརྒྱད། རྐྱེན་གྱི་རྣམ་པ་གང་ཡང་རུང་བ་གཅིག །གསལ་བྱེད་རིང་ཐུང་གསུམ་ལས་གང་ཡང་རུང་བ་གཅིག །ཆེ་འབྲིང་གསུམ་ལས་གང་རུང་གཅིག་སྟེ། ཡི་གེ་བཅུ་གཅིག་འབྱུང་ངོ་། །སྣ་ལྡན་བསྣན་པའི་ཚེ་ནི་བཅུ་གཉིས་བཅུ་གཉིས་འབྱུང་ངོ་། །རང་གི་གནས་ནི་སྔ་མ་བཞིན་ནོ། །ད་ནི་ངག་གི་འདུ་བྱེད་རྣམ་པ་བདུན་གྱི་དཔེ། ལུས་ཀྱི་འདུ་བྱེད་རྣམ་པ་བདུན་གྱི་སྒོ་ནས་བསྟན་པའི་ཕྱིར། མཚོན་འདེབས་གར་དང་ལས་བྱེད་དང་། །སྟབས་འགྲོས་བལྟ་སྟངས་བྱེ་བྲག་དག །རྐང་ལག་མིག་གི་འགྱུར་བག་གིས། །ལུས་ཀྱི་འདུ་བྱེད་བདུན་པོ་ནི། །ཐད་ཀར་བལྟ་དང་གྱེན་དུ་བལྟ། །དེ་བཞིན་བཟློག་ཏེ་བལྟ་བ་དང་། །བསྟོད་དེ་བལྟ་དང་སྨད་དེ་བལྟ། །སྒྲིམས་དང་གློད་དེ་བལྟ་བ་ལྟར། །གར་ལ་སོགས་པ་དེ་བཞིན་ཏེ། །ལས་ཀྱི་འདུ་བྱེད་བདུན་པོ་ལྟར། །ངག་གི་འདུ་བྱེད་དེ་བཞིན་ནོ། །ཞེས་བྱ་བ་སྨྲོས་ཏེ། འདི་ལྟར་ངག་གི་འདུ་བྱེད་བདུན་པོ་དེ་དག་ལུས་ཀྱི་འདུ་བྱེད་དང་མཐུན་པར་འབྱུང་སྟེ། དེ་ལ་ལུས་ཀྱི་འདུ་བྱེད་ནི་ལུས་ཀྱི་འདུ་བྱེད་རྣམས་རྩོམ་པ་ན། དྲང་པོར་བྱེད་པ་དང་། དེ་བཞིན་དུ་སྒྲེང་བ་དང་། ཀུག་པ་དང་། བསྟོད་པ་དང་། སྨད་པ་དང་། སྒྲིམས་པ་དང་། གློད་པ་སྟེ། དེ་ལྟར་བདུན་པོ་འདི་ལས་ལྷག་པའི་ལུས་ཀྱི་འདུ་བྱེད་མེད་དོ། །དེ་ལ་རེ་ཞིག་བལྟ་སྟངས་ལ་སྦྱར་བ་བཞིན་དུ། གཞན་ལ་ཡང་ཤེས་པར་བྱ་སྟེ།འདི་ལྟར་བལྟ་བར་བྱ་བའི་ཡུལ་གཅིག་ལ་བལྟ་བར་བྱ་བའི་ཚེ། ཐད་ཀར་བལྟ་བ་ནི་མིག་མི་འགྱུར་བར་དྲང་པོར་བལྟ་བའོ། །སྒྲེང་སྟེ་བལྟ་བ་ནི་བལྟ་བའི་གནས་ནས་གྱེན་དུ་བལྟ་བའོ། །བཀུག་སྟེ་བལྟ་བ་ནི་ཕྱོགས་གཞན་ནས་བསྐོར་ཞིང་ཟློག་སྟེ་བལྟ་བའོ། །བསྟོད་དེ་བལྟ་བ་ནི་མིག་འཕང་བསྟོད་དེ་བལྟ་བའོ། །སྨད་དེ་བལྟ་བ་ནི་མིག་འཕང་སྨད་དེ་བལྟ་བའོ། །སྒྲིམས་པ་དང་གློད་པ་ནི་མིག་གི་བྱེ་བྲག་ཉིད་སྒྲིམས་པ་དང་གློད་པ་སྟེ། དེ་བཞིན་དུ་རྐང་པའི་སྟབས་འགྲོས་དག་ཀྱང་ཐད་ཀར་འདོར་བ་དང་། སླར་ལྡོག་པའི་ཚུལ་གྱི་འདོར་བ་དང་། སྒྲེང་བ་དང་། འཕང་བསྟོད་པ་དང་། སྨད་པ་དང་། ཁོང་སྒྲིམས་པ་དང་། གློད་པའི་བྱེ་བྲག་གིས་བདུན་ནོ། །མཚོན་འདེབས་པ་དང་། གར་ལ་སོགས་པའང་དེ་དང་འདྲ་སྟེ། བྱེད་པ་དང་བྱ་བ་གཉིས་དང་པོ་ཇི་ལྟར་གནས་པ་དེ་བཞིན་དུ་བྱེད་པ་ནི་དྲང་པོའོ། །གྱེན་དུ་བྱེད་པ་ལྟ་བུ་ནི་སྒྲེང་བའོ། །གཞན་ནས་བྱེད་པ་ནི་བཀུག་པའོ། །འཕང་བསྟོད་པ་དང་། སྨད་པ་དང་། སྒྲིམས་པ་དང་། གློད་པ་ཇི་ལྟ་བ་དེ་བཞིན་དུ། ངག་གི་སྒྲ་དག་ཀྱང་དྲང་པོར་དྲངས་པ་ནི་ཨ་དང་ལྡན་པའི་ཚོགས་སུ་འགྱུར་རོ། །སྒྲེང་སྟེ་དྲངས་པ་ནི་ཨེ་དང་ལྡན་པའི་ཚོགས་སུ་འགྱུར་རོ། །བཀུག་སྟེ་དྲངས་པ་ནི་ཨི་དང་ལྡན་པའི་ཚོགས་སུ་འགྱུར་རོ། །དེ་བཞིན་དུ་བསྟོད་པ་ནི་ཨོ་དང་ལྡན་པའོ། །སྨད་པ་ནི་ཨུ་དང་ལྡན་པའོ། །སྒྲིམས་པ་ནི་རི་དང་ལྡན་པའོ། །གློད་པ་ནི་ལི་དང་ལྡན་པ་སྟེ། ངག་གི་འདུ་བྱེད་བདུན་པོ་དེ་ལྟ་བུ་འབྱུང་བར་འགྱུར་རོ། །ད་ནི་ངག་གི་འདུ་བྱེད་བདུན་པོ་སྟོན་པར་བྱེད་པའི་བརྡར་འགྱུར་བའི་ཡི་གེའི་དབྱིབས་དང་། དེ་བཞག་པའི་གནས་བསྟན་པའི་ཕྱིར། དེ་སྟོན་དབྱིབས་ཀྱི་གནས་ལུགས་ཀྱང་། །མདའ་དང་བསེ་རུ་གླང་ཆེན་སྣ། །གདུགས་དང་རྐང་རྟེན་ལྟ་བུ་དང་། །མེ་རི་ཆུ་ཡི་དཀྱིལ་འཁོར་ལྟར། །ཐད་ཀ་ཟུར་དང་ཟུར་ལོགས་དང་། །སྟེང་འོག་རང་གི་ལུས་རྣམས་ལ། །གནས་པའི་བརྡའ་འདིར་ཤེས་པར་བྱ། །ཞེས་སྨྲོས་སོ། །དེ་ལ་དྲང་པོའི་ཡི་གེ་ནི་མདའ་ལྟ་བུའོ། །བསྒྲེང་བའི་ཡི་གེ་ནི་རི་དྭགས་བསེ་རུ་ལྟ་བུའོ། །བཀུག་པའི་ཡི་གེ་ནི་གླང་པོ་ཆེའི་སྣ་ལྟ་བུའོ། །བསྟོད་པའི་ཡི་གེ་ནི་གདུགས་ལྟ་བུའོ། །སྨད་པའི་ཡི་གེ་ནི་སྐྱེས་བུའི་རྐང་རྟེན་ལྟ་བུའོ། །སྒྲིམས་པའི་ཡི་གེ་ནི་མེ་རི་ལྟ་བུའོ། །གློད་པའི་ཡི་གེ་ནི་ཆུའི་དཀྱིལ་འཁོར་ལྟ་བུ་སྟེ། དེའི་དབྱིབས་བདུན་པོ་དེ་ཡང་རང་རེ་སྒྲ་དང་རྗེས་སུ་མཐུན་པའི་བརྡར་བྱས་ཏེ། སྒྲ་དྲང་པོའི་བརྡའ་དྲང་པོའོ། །དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ། །མཚན་མ་དེ་དག་གི་གནས་ལུགས་ཀྱང་དེ་འདྲ་སྟེ་མདའ་འདྲ་བ་ནི་ཐད་ཀར་མཚོན་ནོ། །བསེ་རུས་ནི་ཟུར་ལའོ། །གླང་པོ་ཆེའི་སྣས་ནི་ཟུར་ནས་ལོགས་སུའོ། །གདུགས་ནི་སྟེང་དུའོ། །རྐང་རྟེན་ནི་འོག་ཏུའོ། །མེ་རི་དང་ཆུའི་དཀྱིལ་འཁོར་གཉིས་ནི་ཡི་གེ་རང་གི་ལུས་ལ་མཚོན་པ་སྟེ། འདིས་ཀྱང་ངག་དང་བརྡ་མཐུན་པར་སྟོན་ཏོ། །དྲང་པོ་ལ་ནི་ཐད་ཀར་མཚོན་ཏོ། །སྒྲེང་པ་ནི་ཟུར་ལ་མཚོན་ཏོ། །གཞན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ད་ནི་བརྡ་དེས་བསྟན་པའི་ངག་རྣམས་འབྱུང་བ་ན་རྒྱུ་བདུན་ཚོགས་པ་ལས་སྐྱེ་བར་བསྟན་ཏེ། དེ་ལ་བསྐུལ་བའི་རྒྱུ་རྣམ་པར་རྟོག་པ་ཡིན་པར་བསྟན་པའི་ཕྱིར། དེས་བསྟན་བརྡ་ཅན་འབྱུང་བ་ན། །ལྕགས་རྣམས་ལ་ནི་ ཁབ་ལེན་བཞིན། །རྣམ་རྟོག་དབང་གིས་གནས་རྣམས་གཡོ། །ཞེས་བྱ་བ་སྨྲོས་ཏེ། ཁབ་ལེན་གྱི་དབང་གིས་ལྕགས་གཡོ་བ་བཞིན་དུ། རྣམ་པར་རྟོག་པའི་དབང་གིས་བཱ་ཡ་ཏ་ཞེས་བྱ་བའི་རླུང་ལུས་ལ་གནས་པ་བསྐུལ་ནས། དེས་སྒྲ་འབྱུང་བའི་གནས་རྣམས་གཡོ་བར་བྱེད་དོ། །ཞེས་བྱ་བར་འགྱུར་རོ། །རྣམ་པར་རྟོག་པས་ཇི་ལྟར་རླུང་སྐྱོད་ཞེ་ན། ཇི་ལྟར་གནས་གཞི་མེད་བཞིན་དུ། །མཁའ་ལ་འདབ་བསྐྱོད་རླུང་འབྱུང་ལྟར། །རྣམ་པར་རྟོག་པས་སྐྱོད་པ་ན། །བཱ་ཡ་ཏ་ཞེས་བྱ་བའི་རླུང་། །ལུས་ལ་རབ་ཏུ་གཡོ་བར་འགྱུར། །ཞེས་བྱ་བ་སྨྲོས་ཏེ། དཔེར་ན་བྱ་ནམ་མཁའ་ལ་འཕུར་བའི་ཚེ་འདབ་མས་སྐྱོད་པ་ཉིད་ཀྱིས་རླུང་འབྱུང་བ་ལྟར། མིང་དང་མིང་ཅན་འབྲེལ་བའི་རྣམ་པར་རྟོག་པ་གཞན་ལ་གོ་བར་བྱེད་པའི་བློས་སྐྱོད་པའི་ཚེ་ལུས་ཐམས་ཅད་ལ་ཁྱབ་པར་གནས་པའི་རླུང་། གཡོ་བར་བྱེད་པ་ཅན་བཱ་ཡ་ཏ་ཞེས་བྱ་བ་ལྡང་ཞིང་གཡོ་བར་འགྱུར་རོ། །རླུང་དེ་གཡོས་པས་ཅིར་འགྱུར་ཞེ་ན། བྱེད་པ་རྣམས་ཀུན་ཏུ་གཡོ་བར་བྱེད་པར་འགྱུར་ཏེ། བྱེད་པ་རྣམས་སྐྱོད་པས་ནི་གནས་དང་འཕྲད་པར་བྱེད་དོ། །དེ་བསྟན་པའི་ཕྱིར། གཡོ་རླུང་རབ་ཏུ་གཡོས་པ་ཡིས། །བྱེད་པ་ཀུན་ཏུ་བསྐྱོད་པ་ན། །དོག་དང་ཡངས་པའི་གནས་རྣམས་སུ། །ཕྲད་དང་ཅུང་ཟད་ཕྲད་པར་བྱེད། །ཞེས་བྱ་བ་སྨྲོས་སོ། །དེ་ལ་དོག་པ་ནི་འགུལ་བ་དང་། སྣ་དང་ཀླད་པའི་སྦུབས་པའོ། །ལྷག་མ་ནི་ཡངས་པའོ། །རྐན་དང་ལྕེ་སྦྱར་བ་དང་། སོ་དང་ལྕེ་སྦྱར་བ་དང་།མཆུ་གཉིས་སྦྱར་བ་ནི་འདིར་ཕྲད་པའོ། །ལྷག་པ་ནི་ཅུང་ཟད་ཕྲད་པ་སྟེ། འདི་ཡང་འོག་ནས་འཆད་དོ། །དེའི་ཚེ་ལྷན་ཅིག་འབྱུང་བའི་རྒྱུ་བསྟན་པའི་ཕྱིར། དེའི་ཚེ་ནིཿ་ཤྭཱ་སྭ་ཞེས་པའི། །རླུང་དང་ལྷན་ཅིག་འབྱུང་བས་ཏེ། །ཞེས་བྱ་བ་སྨྲོས་ཏེ། འདི་ལྟར་གནས་དང་བྱེད་པ་ཕྲད་པའི་ཚེ། ནིཿ་ཤྭཱ་སྭ་ཞེས་བྱ་བའི་རླུང་ནི་དབུགས་ཡིན་ཏེ། འདི་དང་སྒྲའི་ཚོགས་སུ་འདྲེས་ནས་འབྱུང་སྟེ། འདི་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །ཀུན་ཏུ་འགྲོ་བའི་རྒྱུ་བསྟན་པའི་ཕྱིར། །ཇི་ལྟར་གཟུགས་ལས་འབྱུང་བ་བཞིན། །ང་རོ་ལ་ནི་རྟེན་བཞིན་དུ། །ཞེས་བྱ་བ་སྨྲོས་ཏེ། དཔེར་ན་གཟུགས་ཐམས་ཅད་འབྱུང་བ་བཞིས་བསྐྱེད་པ་བཞིན་དུ། ཡི་གེའི་ཚོགས་ཐམས་ཅད་ལ། དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་། །གསལ་བྱེད་བཅོ་བརྒྱད་ཀྱིས་ཁྱབ་སྟེ། དེ་བས་ན་ང་རོ་ཞེས་བྱ་བ་དབྱངས་དང་གསལ་བྱེད་ལ་བརྟེན་ནས་ཡི་གེ་དང་མིང་དང་ཚིག་གི་ཚོགས་ཐམས་ཅད་འབྱུང་སྟེ། འདི་ནི་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་བསྟན་པའི་ཕྱིར། རྣམ་རྟོག་རང་གི་སྣང་ཆ་ལས། །གཟུགས་བརྙན་བཞིན་དུ་ཆ་མཉམ་སྐྱེ། །ཞེས་བྱ་བ་སྨྲོས་ཏེ། དེའི་ཚེ་རྣམ་པར་རྟོག་པ་རང་གི་ཡུལ་སྣང་བའི་ཆ་མིང་དང་མིང་ཅན་འབྲེལ་བར་སྣང་བར་འགྱུར་ཏེ། འདི་ལྟར་ཀ་བའི་དངོས་པོ་ལ་ཀ་བ་ཞེས་མིང་དུ་བཏགས་པ་འབྲེལ་བར་བརྡའི་དུས་ན་ཞེན་པས་ཕྱིས་དོན་ལ་སྐྱེས་བུ་འཇུག་པ་ན། རང་གི་སྣང་བ་དང་མཐུན་པའི་ཡི་གེ་འབྱུང་བར་འགྱུར་ཏེ། དཔེར་ན་བཞིན་གྱི་དཀྱིལ་འཁོར་ཇི་ལྟ་བར་གཟུགས་བརྙན་འབྱུང་བ་བཞིན་ནོ། །འདི་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ད་ནི་ངག་གི་འདུ་བྱེད་ཀྱི་རྒྱུ་དེ་རྣམས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། མཇུག་བསྟན་པར་འདོད་ནས། གནས་རྣམས་དང་ནི་བྱེད་པ་དང་། །རྣམ་པར་རྟོག་པ་རླུང་གཉིས་དང་། །ང་རོ་གསལ་བྱེད་སྣང་ཆ་ཡིས། །ངག་གི་འདུ་བྱེད་ཀུན་ཏུ་བསྐྱེད། །ཞེས་བྱ་བ་སྨྲོས་ཏེ། སྒྲ་འབྱུང་བའི་གནས་མགུལ་བ་ལ་སོགས་པ་རྣམས་ནི་གཞིའི་རྒྱུ་ཡིན་ནོ། །ཕྲད་པ་ལ་སོགས་པ་བྱེད་པ་རྣམས་ནི་འབྱིན་པར་བྱེད་པའི་རྒྱུའོ། །རྣམ་པར་རྟོག་པ་ནི་བསྐུལ་བའི་རྒྱུའོ། །བཱ་ཡ་ཏ་དང་། ནིཿ་ཤྭཱ་སྭ་ཞེས་བྱ་བ་རླུང་གཉིས་ལས་བཱ་ཡ་ཏ་ཞེས་བྱ་བ་ནི་བྱེད་པ་རྣམས་བསྐྱོད་པར་བྱེད་པའི་རྒྱུའོ། །ནིཿ་ཤྭཱ་སྭ་ནི་ལྷན་ཅིག་འབྱུང་བའི་རྒྱུའོ། །ང་རོ་བཅུ་དྲུག་དང་གསལ་བྱེད་བཅོ་བརྒྱད་ནི་ཀུན་ཏུ་འགྲོ་བའི་རྒྱུའོ། །རང་སྣང་བའི་གཟུང་བའི་ཆ་ནི་སྐལ་བ་མཉམ་པའི་རྒྱུའོ། །རྒྱུ་དེ་རྣམས་ཀྱིས་སྒྲའི་ཚོགས་སྐྱེད་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྒྱུ་རྣམས་ཀྱིས་སྐྱེད་པར་བསྟན་པ་ལ། རྒྱུ་རྣམས་ཀྱིས་རྒྱུའི་ཆོས་ཀྱི་མིང་བསྟན་པས་དེའི་ཕྱིར། དེ་དག་སོ་སོའི་ངོ་བོ་བསྟན་པར་འདོད་ནས། རྒྱུ་བདུན་དག་ལས་འབྱུང་བ་ནི། །གནས་རྣམས་གཞི་ཡི་རྒྱུ་ཡིན་ཏེ། །ཞེས་བྱ་བ་ནས་སྐལ་བ་མཉམ་པའི་རྒྱུ་ཞེས་བྱ་བའི་བར་སྨྲོས་སོ། །དེ་ལ་གནས་རྣམས་གཞིའི་རྒྱུ་ཞེས་བྱ་བ་ནི། གནས་རྣམས་ནི་དྲིལ་བུའི་སྦུབས་དང་འདྲ་སྟེ། སྒྲ་རྣམས་ཀྱི་ཁྱད་པར་གྱི་གནས་གཞི་ཡིན་པས་གནས་གཞིའི་རྒྱུ་ཞེས་བྱའོ། །བྱེད་པ་འབྱིན་པར་བྱེད་པའི་རྒྱུ། །ཞེས་བྱ་བ་ནི་དྲིལ་བུའི་ལྕེ་དང་འདྲ་སྟེ། བསྐུལ་ཞིང་འབྱིན་པར་བྱེད་པས་སྟེ། འབྱིན་པར་བྱེད་པའི་རྒྱུ་ཞེས་བྱའོ། །དེ་བཞིན་རྣམ་རྟོག་བསྐུལ་བའི་རྒྱུ། །ཞེས་བྱ་བ་ནི་བསྐུལ་བར་འདྲ་བས་དེ་བཞིན་ཞེས་བྱ་བ་སྨྲོས་ཏེ། ཅུང་ཟད་དུ་ན་སྐྱེས་བུ་དང་འདྲ་སྟེ། བྱེད་པ་པོ་ཡིན་པས་བསྐུལ་བའི་རྒྱུ་ཞེས་བྱ་བའོ། །ཇི་ལྟར་ཤིང་ལ་རླུང་བཞིན་དུ། །བྱེད་པ་བསྐྱོད་རྒྱུ་བཱ་ཡ་ཏའོ། །ཞེས་བྱ་བ་ནི་དཔེར་ན་རླུང་གིས་ཤིང་གཡོ་བར་བྱེད་པ་བཞིན་དུ། བཱ་ཡ་ཏའི་རླུང་གིས་བྱེད་པ་སྐྱོད་པར་བྱེད་པས། བཱ་ཡ་ཏའི་རླུང་ལ་སྐྱོད་པར་བྱེད་པའི་རྒྱུ་ཞེས་བྱའོ། །སྐྱེས་བུ་དང་ནི་གཞོན་པ་བཞིན། །ལྷན་ཅིག་འབྱུང་རྒྱུ་ནིཿ་ཤྭཱ་སྭ། །ཞེས་བྱ་བ་ནི་དཔེར་ན་སྐྱེས་བུ་རྟ་ལ་ཞོན་ནས། སྐྱེས་བུ་དེ་རྟ་ལ་རྟེན་ཅིང་རྟ་དང་ལྷན་ཅིག་འབྱུང་བ་བཞིན་དུ། སྒྲ་རྣམས་དབུགས་ལ་རྟེན་ནས་དབུགས་དང་ལྷན་ཅིག་འབྱུང་བས། ནིཿ་ཤྭཱ་སྭའི་རླུང་ལ་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་བྱའོ། །ང་རོ་རྣམས་དང་གསལ་བྱེད་ནི། །ཀུན་ཏུ་ཁྱབ་པར་འགྲོ་བའི་རྒྱུ། །ཞེས་བྱ་བ་ནི་དཔེར་ན་འབྲས་བུའི་གཟུགས་གང་ན་བ་དེར་འབྱུང་བ་ཆེན་པོ་བཞིས་ཁྱབ་པ་བཞིན། ཇི་སྲིད་དུ་བརྗོད་པ་ཐམས་ཅད་ལ་ང་རོ་བཅུ་དྲུག་དང་། གསལ་བྱེད་བཅོ་བརྒྱད་ཀྱིས་ཁྱབ་སྟེ། དེའི་ཕྱིར་ང་རོ་དང་གསལ་བྱེད་ལ་ཀུན་ཏུ་འགྲོ་བའི་རྒྱུ་ཞེས་བྱའོ། །སྣང་ཆ་འདྲ་བར་འབྱུང་བ་ནི། །སྐལ་བ་མཉམ་པའི་རྒྱུ་ཞེས་བྱ། །ཞེས་བྱ་བ་ནི་དཔེར་ན་བྱད་དང་འདྲ་བར་གཟུགས་བརྙན་འབྱུང་བ་བཞིན། རྣམ་པར་རྟོག་པའི་སྣང་བའི་ཆ་དང་འདྲ་བར་ཡི་གེ་རྣམས་ཀྱི་སྒྲ་འབྱུང་བས། རྣམ་པར་རྟོག་པ་སྣང་བའི་ཆ་ལ་སྐལ་བ་མཉམ་པའི་རྒྱུ་ཞེས་བྱའོ། །ད་ནི་རྒྱུ་དེ་དག་ལས་གྱུར་པའི་ཡི་གེ་རྣམས་ཀྱི་གདངས་ཀྱི་བྱེ་བྲག་སྟོན་ཏེ། དེ་ཡང་འབྲས་བུ་མི་འདྲ་བ་རྣམས་ནི་རྒྱུ་མི་འདྲ་བ་སྔོན་དུ་སོང་བ་ཡིན་ཏེ། དེས་ན་རྒྱུས་ཕྱེ་བ་ཡིན་པར་བསྟན་པའི་ཕྱིར། དེ་ལས་གདངས་ཀྱི་བྱེ་བྲག་ནི། །རྒྱུ་རྣམས་དག་གིས་ཕྱེ་བ་སྟེ། །སྔོན་དུ་སོང་བར་རིག་པར་བྱ། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་རྒྱུ་བདུན་དང་། རང་བཞིན་རྩ་བ་བདུན་གྱིས་ཕྱེ་བར་བསྟན་པའི་ཕྱིར། དེ་ལ་རྒྱུ་དང་རང་བཞིན་ནི། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་རྒྱུ་རྣམས་ནི་བཤད་ཟིན་ནས། རྩ་བ་གང་ལས་གང་གྱུར་པ་དང་། གནས་གང་ལས་གང་འབྱུང་བ་བསྟན་པའི་ཕྱིར། ང་རོ་དྲང་པོ་ལས་གྱུར་པ། །ཀ་སོགས་སྡེ་ནས་རིམ་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨྲོས་སོ། །དེ་ལ་ང་རོ་དྲང་པོ་རྩ་བ་ཨ་ལས་གྱུར་པ་འདི་རྣམས་ཞེས་བྱའོ། །ཀ་སོགས་སྡེ་ནས་རིམ་བཞིན་དུ། །སྡེ་ལྔ་དག་དང་། ཞེས་བྱ་བ་ནི་ཀའི་སྡེ་ནས་གཟུང་བ་སྡེ་པ་ལྔ་ཞེས་བྱ་བ་སྟེ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་དྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། འདི་རྣམས་ནི་སྡེ་པ་ལྔ་སྟེ། རང་རང་གི་སྡེའི་ཚོགས་ཡིན་པས་སྡེ་པ་ཞེས་བྱའོ། ཨ་འདས་སྠ་ཞེས་བྱ་བ་ནི་ཡ་ཝ་ར་ལ་བཞི་ཡིན་ཏེ། སྡེ་པའི་མཐའ་ན་གནས་པས་མཐར་གནས་ཞེས་བྱའོ། །ཨུསྨ་ཎ་ཞེས་བྱ་བ་ནི་ཤ་ཥ་ས་ཧ་བཞི་ཡིན་ཏེ། དབུགས་ལ་རྟེན་པས་དྲོ་བ་ཞེས་བྱའོ། །མཐར་ཟད་ཞེས་བྱ་བ་ནི་ཀྵ་ཡིན་ཏེ། ཀྵ་ཡཾ་ཏ་ཞེས་བྱ་བའི་ཕྱིར་རོ། །ཡི་གེ་འདི་རྣམས་ཀྱི་མིང་བསྟན་པའི་ཕྱིར། གནས་ཀྱི་ཡི་གེ་སུམ་ཅུ་བཞི། །མིང་དང་ཕོ་ཞེས་གྲགས་པ་སྟེ། །ཞེས་སྨྲོས་ཏེ། སྒྲའི་ཡི་གེ་དང་གནས་ཀྱི་ཡི་གེ་ཞེས་བྱ་བ་ལས་ནི་ཡི་གེ་འདི་རྣམས་གནས་ཀྱི་ཡི་གེ་ཞེས་བྱ་སྟེ། གནས་སོ་སོ་ལ་བརྟེན་པའི་ཕྱིར་རོ། །དབྱངས་ཀྱི་ཡི་གེ་དང་མིང་གི་ཡི་གེ་ཞེས་བྱ་བ་ལས་ནི་མིང་གི་ཡི་གེ་ཞེས་བྱ་སྟེ། ཡིག་འབྲུ་སོ་སོ་གསལ་བར་སྟོན་པའི་ཕྱིར། མོའི་ཡི་གེ་དང་ཕོའི་ཡི་གེ་ཞེས་བྱ་བ་ལས་ནི་ཕོའི་ཡི་གེ་ཞེས་བྱ་སྟེ། །གསལ་ཞིང་དྲག་པའི་ཕྱིར་རོ། །དེ་བཞིན་དུ་ནང་གི་ཡི་གེ་དང་ཕྱི་རོལ་གྱི་ཡི་གེ་ཞེས་བྱ་བ་ལས་ནི་ཕྱི་རོལ་གྱི་ཡི་གེ་ཞེས་བྱ་སྟེ། མཉན་ན་ཉེ་བར་སྣང་བའི་ཕྱིར་རོ། །ད་ནི་གནས་ཀྱི་དབྱེ་བ་བསྟན་པར་འདོད་དེ། དེ་ལས་དང་པོར་མགྲིན་པ་ལས་འབྱུང་བ་བསྟན་པའི་ཕྱིར། དེ་ལ་དང་པོའི་སྡེ་པ་དང་། །ཨུས་མ་ན་ཡི་བཞི་པ་ནི། །བཅད་པར་བཅས་པ་མགྲིན་པ་ལས། །ཞེས་བྱ་བ་སྨྲོས་ཏེ། ཀའི་སྡེ་དང་ཧ་དང་ཚེག་དྲག་རྣམས་མགྲིན་པ་ལས་འབྱུང་བ་ཡིན་ནོ། །རྐན་ལས་འབྱུང་བ་བསྟན་པའི་ཕྱིར།གཉིས་པ་དག་དང་ཨ་འདས་སྠའི། །དང་པོ་ཨུས་མའི་གསུམ་པ་རྣམས། །རྐན་ལས་རབ་ཏུ་འབྱུང་བ་ཡིན། ཞེས་སྨྲོས་ཏེ། ཙའི་སྡེ་དང་ཡ་དང་ཤ་རྣམས་རྐན་ལས་འབྱུང་བ་ཡིན་ནོ། །སྤྱི་བོ་ལས་འབྱུང་བ་བསྟན་པའི་ཕྱིར། གསུམ་པ་དག་དང་ཨ་འདས་སྠའི། །གསུམ་པ་ཨུས་མའི་གཉིས་པ་རྣམས། །སྤྱི་བོ་ལས་ནི་རབ་ཏུ་འབྱུང་། །ཞེས་སྨྲོས་ཏེ། ཊའི་སྡེ་དང་ར་ཥ་རྣམས་སྤྱི་བོ་ལས་འབྱུང་བ་ཡིན་ནོ། །སོ་ལས་འབྱུང་བ་སྟོན་ཏེ། བཞི་པ་དང་ནི་ཨ་འདས་སྠའི། །གསུམ་པ་ཨུས་མའི་གསུམ་པ་རྣམས། །སོའི་ཆ་ལས་ཀུན་ཏུ་འབྱུང་། །ཞེས་སྨྲོས་ཏེ། ཏའི་སྡེ་དང་ལ་དང་ས་རྣམས་སོ་ལས་འབྱུང་བ་ཡིན་ནོ། །མཆུ་ལས་འབྱུང་བ་བསྟན་པའི་ཕྱིར། ལྔ་པ་དང་ནི་ཨ་འདས་སྠའི། །བཞི་པ་མཆུ་ལས་འབྱུང་བ་ཡིན། །ཞེས་སྨྲོས་ཏེ། པའི་སྡེ་དང་ཝ་ནི་མཆུ་ལས་འབྱུང་བ་ཡིན། ཀྵ་འབྱུང་བའི་གནས་མགུལ་དང་སྤྱི་བོ་ལས་ཞེས་བྱ་བ་འདི་ཡིན་ནོ། །ད་ནི་སྡེ་པ་ལྔ་ལས་ནང་གསེས་ཀྱི་བྱེ་བྲག་ལྔ་ལྔ་བསྟན་པའི་ཕྱིར།སྡེ་ལྔ་དག་ལས་ལྔ་ལྔ་ཡང་། །དང་པོ་རང་གནས་དྲག་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། སྡེ་པ་རེ་རེ་ལ་ལྔ་ལྔ་ཡོད་པ་ལས། དང་པོ་རྣམས་ནི་རང་རང་གི་གནས་ན་དྲག་པར་བརྗོད་པ་སྟེ། ཙ་ཀ་ཏ་ཊ་པ་རྣམས་སོ། །གཉིས་པ་འབྲིང་དང་སྤྱི་བོའི་ཆ། །ཞེས་བྱ་བ་ནི། ཁ་ཚ་ཐ་ཋ་ཕ་རྣམས་ནི་ཀ་འབྲིང་དུ་དྲངས་པ་དང་། སྤྱི་བོའི་སྒྲ་ཆ་ཕྲད་པ་ལས་ཁ་འབྱུང་། ལྷག་མ་རྣམས་ལའང་དེ་བཞིན་དུ་སྦྱར་རོ། །གསུམ་པ་རྣམས་ནི་ཞན་པ་སྟེ། །ཞེས་བྱ་བ་ནི་ག་ཛ་ཌ་ད་བ་རྣམས་ནི་ཞན་པར་དྲངས་པ་སྟེ། ཀ་དང་ཨ་སྦྱར་ན་གར་འགྱུར། གཞན་ཡང་དེ་བཞིན་དུ་སྦྱར་རོ། །མ་ཧ་པྲ་ན་ཞེས་བྱ་ནི། །བཞི་པ་རང་གནས་ཁོང་ནས་སོ། །ཞེས་བྱ་བ་ནི། གྷ་ཛྷ་དྷ་ཌྷ་བྷ། འདི་རྣམས་ནི་སྟོབས་ཆེ་བ་ཞེས་བྱ་བ་སྟེ།རང་རང་གི་སྒྲའི་གནས་དང་། ཁོང་པའི་སྒྲའི་ཆ་ལྡན་པ་སྟེ། ག་དང་ཧའི་སྒྲ་ལྡན་པ་ནི་སྟོབས་ཆེ་བ་ཞེས་བདེ་སྤྱོད་ཀྱི་མདོ་ལས་འབྱུང་ངོ་། །གཞན་དུའང་དེ་བཞིན་དུ་སྦྱར་བར་བྱའོ། །ཨ་ནུ་སྭ་ར་ཞེས་པ་ནི། །ལྔ་པ་རང་གནས་སྣ་ལས་འབྱུང་། །ཞེས་བྱ་བ་ནི། ང་ཉ་ཎ་ན་མ་འདི་རྣམས་ནི་ཀླད་ཀོར་གྱི་ཡི་གེ་ཡིན་ཏེ། རང་རང་གི་གནས་དང་སྣའི་སྒྲ་ཕྲད་པ་ལས་འབྱུང་སྟེ། མགུལ་བ་དང་སྣ་ལས་ང་འབྱུང་། གཞན་ཡང་དེ་བཞིན་དུ་སྦྱར་རོ། །ད་ནི་བྱེད་པ་རྣམས་ཀྱི་གནས་བསྟན་པའི་ཕྱིར། མགུལ་བ་སྣ་དང་ཀླད་པའི་སྦུབས། །དོག་པ་ཡིན་ཏེ་ཡངས་པ་གཞན། །རྐན་དང་སོ་དང་ལྕེ་དང་མཆུ། །ཕྲད་པ་ཡིན་ཏེ་གཞན་ཞེས་བྱ། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་དོག་པ་ཡིན་ཏེ་ཞེས་བྱ་བ་ནི་མགུལ་བ་ལ་སོགས་པའི་གནས་འདི་རྣམས་ལས་འབྱུང་བའི་ཡི་གེ་ནི་གནས་དོག་པའི་རྐྱེན་གྱིས་བསྐྱེད་པར་བྱ་བ་ཡིན་པས་བྱེད་པ་འདི་ལ་དོག་པ་ཞེས་བྱའོ། །ཡངས་པ་གཞན་ཞེས་བྱ་བ་ནི་ལྷག་མ་རྣམས་གནས་ཡངས་པའི་རྐྱེན་གྱིས་བསྐྱེད་པ་ཡིན་པས་བྱེད་པ་འདི་ལ་ཡངས་པ་ཞེས་བྱའོ། །ཕྲད་པ་ཞེས་བྱ་བ་ནི་རྐན་ལ་སོགས་པའི་གནས་འདི་རྣམས་ལས་འབྱུང་བའི་ཡི་གེ་ནི། གནས་གཉིས་ཕན་ཚུན་ཕྲད་པ་ལས་འབྱུང་བས་དེ་ལ་ཡང་དེ་སྐད་ཅེས་བྱའོ། །གཞན་ཞེས་བྱ་བ་ནི་ལྷག་མ་རྣམས་ཕྲད་དུ་ཉེ་བ་ལས་འབྱུང་བས་ཅུང་ཟད་ཕྲད་པ་ཞེས་བྱའོ། །ད་ནི་ཡི་གེའི་ལྡང་ཚད་བཤད་པར་འདོད་ནས། གནས་ཆའི་ཡི་གེ་ཇི་སྙེད་ཀྱང་། །ང་རོ་གཅིག་གིས་བཅིངས་པ་ལས། །དེ་ལའང་ཡི་གེ་གཅིག་ཅེས་བརྗོད། །ཤིན་ཏུ་ཕྲ་བའི་རྣམ་པའི་ཆ། །དེ་ལ་ཡི་གེ་གཅིག་ཅེས་བྱ། །ཞེས་སྨྲོས་ཏེ། དེ་ལ་ཡི་གེ་ཞེས་བྱ་བའི་སྐབས་ཀྱིས་རྣམ་པ་གཉིས་སུ་འགྱུར་ཏེ། དབྱངས་གཅིག་གིས་བཅིངས་པའི་ཡི་གེ་དང་།མིང་གི་མཐའི་ཡི་གེའོ། །དེ་ལ་དབྱངས་གཅིག་གིས་བཅིངས་པའི་ཡི་གེ་ནི་ང་རོ་གཅིག་གིས་བཅིངས་པས་ཏེ། ཨོཾ་དང་ཧཱུྃ་དང་ཕཊ་ལ་སོགས་པ་ལྟ་བུའོ། །ཡིག་འབྲུ་རེ་རེ་ཞེས་བྱ་སྟེ། འོན་ཀྱང་ཨོཾ་གཅིག་པུ་ལ་ཡང་ཨ་དང་ཨུ་དང་ཨཾ་དང་གསུམ་ཚོགས་པ་ལས་གྲུབ་པ་ཡིན་མོད་ཀྱི། ཨོ་ཞེས་བྱ་བ་དབྱངས་ཀྱི་ཡི་གེ་གཅིག་གིས་བཅིངས་ཤིང་བསྡུས་པ་སྟེ། ཨོཾ་ལ་ཡིག་འབྲུ་གཅིག་ཅེས་བྱའོ། །ཤིན་ཏུ་ཕྲ་བའི་རྣམ་པ་ཞེས་བྱ་བ་འདི་ནི་མིང་གི་མཐའ་ཡིན་ཏེ། དཔེར་ན་གཟུགས་རྣམས་བཤིག་ན་རྡུལ་ཕྲ་རབ་ཀྱི་མཐར་ཐུག་ཏེ་དེ་ལས་ལྷག་པར་ཕྲ་བའི་གཟུགས་གཞན་མེད་དོ། །དེ་བཞིན་དུ་མིང་རྣམས་བཤིག་ན་གང་དུ་མཐར་ཐུག་པར་འགྱུར་པ། དེ་ལས་བྱེ་བྲག་ཏུ་དབྱེ་བའི་བོགས་དབྱུང་དུ་མེད་པ་ནི་ཡི་གེ་གཅིག་ཅེས་བྱ་སྟེ། གསལ་བྱེད་བཅོ་བརྒྱད་ཀྱི་ཆ་ལྟ་བུའོ། །ད་ནི་ཡི་གེ་རྣམས་ཀྱི་འདྲེན་པའི་ཆ་ཤས་ཀྱིས་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། སྒྲ་འདི་དག་ལ་འདྲེན་པའི་ཆ། །ཨལ་པ་པྲ་ན་གཉིས་གཅིག་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དེ་ལ། ཨལ་པ་པྲ་ན་གཉིས་གཅིག་ཡིན། །ཞེས་བྱ་བ་ནི། ཡི་གེ་གཉིས་ལ་ཡི་གེ་གཅིག་གི་སྒྲ་ལས་མེད་པ་ནི། སྟོབས་ཆུང་བས་སྟོབས་མེད་ཅེས་བྱ་སྟེ། ཕཊ་ཞེས་བྱ་བ་ལྟ་བུའོ། །ཊའི་སྒྲ་ཕྱེད་ཕའི་ཁོང་དུ་སོང་བས་ཡི་གེ་གཅིག་གི་སྒྲར་སོང་བ་ལྟ་བུའོ། །མ་ཧཱ་པྲ་ན་གཅིག་གཉིས་ཡིན། །ཞེས་བྱ་བ་ནི་ཡི་གེ་གཅིག་ལ་གཉིས་ཀྱི་སྒྲ་ཡོད་པ་སྟེ། སྡེ་པའི་ཡི་གེ་ལས་བཞི་པ་བཞི་པ་རྣམས་འདྲེན་པའི་སྟོབས་ཆེ་བས་སྟོབས་ཆེན་ཞེས་བྱའོ། །ཨ་ནུ་སྭ་ར་རྔུབ་པའི་སྒྲ། །ཞེས་པ་ནི་ཀླད་ཀོར་ཡི་གེ་རྣམས་ནི་སྣའི་དབུགས་རྔུབ་པ་སྟེ། དབྱངས་ཀྱི་ཡི་གེ་དང་རྗེས་སུ་མཐུན་པའི་ང་རོ་ཞེས་བྱའོ། །འབི་ས་ཉྫ་ནི་གཅད་པའོ། །ཞེས་བྱ་བ་ནི་ཚེག་དྲག་སྟེ། དྲག་ཏུ་བྱེད་ཅིང་གཅད་པས་ཏེ། རྣམ་པར་གཅོད་པ་ཞེས་བྱའོ། །ཧྲ་སྭ་ཐ་མལ་སྒྲ་ཡིན་ཏེ། །ཞེས་བྱ་བར་ཡི་གེ་གང་རུང་ཐ་མལ་དུ་བརྗོད་པ་ཡིན་པས་ཐུང་ངུ་ཞེས་བྱ་བའོ། །འདིར་རྒ་དག་ནི་གཉིས་ཀྱི་ཡུན། །ཞེས་བྱ་བ་ཡི་གེ་གཉིས་ཀྱི་ཡུན་དུ་བརྗོད་པ་ཡིན་པས་རིང་པོ་ཞེས་བྱའོ། །སོ་ནུ་ཏ་ནི་དེ་བཞིན་གསུམ། །ཞེས་བྱ་བ་གསུམ་གྱི་ཡུན་དུ་བརྗོད་པ་ཡིན་པས་ཤིན་ཏུ་རིང་བ་ཞེས་བྱའོ། །ཨུད་ཏད་ཏ་ནི་མཚུངས་གཉིས་གཅིག །ཞེས་བྱ་བ་ཡི་གེ་མཚུངས་པ་གཉིས་བཏགས་པ་ལ་སྒྲ་ཆེན་པོ་གཅིག་ཏུ་བོད་པ་སྟེ། ཀྐ་ཚཚ་ཞེས་བྱ་བ་ལྟ་བུ་ཆེན་པོ་ཞེས་བྱའོ། །ཨ་ནུད་ཏད་ཏ་ཕྱེད་ཆ་ཡིན། །ཞེས་བྱ་བ་ཡི་གེ་ཕྱེད་ཀྱི་སྒྲ་བོད་པ་སྟེ། ཕྱེད་པ་ཉིད་ལ་ཆུང་ངུ་ཞེས་བྱའོ། །སྭ་རི་ཏ་ནི་རང་སྒྲའོ། །ཞེས་བྱ་བ་ནི། བསྐྱེད་སྐྱུང་མ་བྱས་པ་སྟེ་བར་མ་ཞེས་བྱའོ། །སྣ་ལྡན་ཨ་ནུ་སྭ་རའི་ཆ། །ཞེས་བྱ་བ་སྣ་དང་ལྡན་པ་ཞེས་པ་ནི་ཀླད་ཀོར་དང་ལྡན་པའོ། །ཨ་ལྡན་ཨ་མེད་ཅེས་བྱ་བ། །ཆེ་བ་དག་དང་ཆུང་བའི་མིང་། །ཞེས་བྱ་བ་ནི་ཨ་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ཨ་ཤས་ཆེ་བ་དང་ཤས་ཆུང་བའི་བྱེ་བྲག་སྟེ། ཨ་དང་མི་ལྡན་པ་དག་ནི་མེད་དོ། །དེ་ལྟར་དྲང་པོའི་ཆ་བསྟན་ནས། སྒྲེང་བ་ལ་སོགས་པའི་རྩ་བ་གཞན་པའི་ཆ་བསྟན་པའི་ཕྱིར། དྲང་པོ་དག་ལ་ཇི་ལྟ་བ། །ང་རོ་གཞན་ལ་དེ་བཞིན་ཏེ། །ཞེས་བྱ་བ་སྨྲོས་ཏེ། དྲང་པོ་སྟེ་ཨའི་སྒྲ་ལས་གྱུར་པའི་གནས་དང་། ཆ་ཇི་ལྟ་བ་བཞིན་དུ། སྒྲེང་བ་དང་། བཀུག་པ་དང་།བསྟོད་པ་དང་། སྨད་པ་དང་། སྒྲིམས་པ་དང་། གློད་པ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལ་དང་པོ༼དྲང་པོའི།ཞེས་སྡེ་དགེ་པར་མ་ལས་བྱུང་།༽་སྒྲ་དང་མཐུན་པ་དག་ནི་གོང་དུ་བསྟན་པར་ཟད་དོ། །དེ་ལས་ཅུང་ཟད་མི་འདྲ་བ་རྣམས་བཤད་པའི་ཕྱིར། དེ་ལ་ཅུང་ཟད་གནས་ཆ་ནི། །རྐན་དང་མགུལ་བའི་ཆ་དག་ལས། །སྒྲེང་དང་བཀུག་པའི་ང་རོ་འབྱུང་། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། གནས་ཅུང་ཟད་མི་འདྲ་བ་ནི་འདི་ཡིན་ཏེ། སྒྲེང་བ་དང་བཀུག་པ་ནི་མགུལ་བ་དང་རྐན་ལས་འབྱུང་སྟེ། ཨ་བཀུག་པ་ནི་ཨི་ཡིན་ནོ། །ཨ་དང་ཨི་སྦྱར་བ་ནི་སྒྲེང་བ་སྟེ་ཨེའོ། །དེ་བཞིན་མཆུ་ལ་བསྟོད་སྨད་དོ། །ཨོ་དང་ཨུ་མཆུ་ལས་འབྱུང་སྟེ། དེ་ཡང་ཨ་སྨད་པ་ཨུའོ། །ཨ་ཨུ་དང་ཨུ་སྦྱར་བ་ནི་ཨོ་ཡིན་ནོ། །སྒྲིམས་པ་སྤྱི་བོའི་ཆ་ལས་ཏེ། །ཞེས་བྱ་བ་ནི། རྀ་ནི་སྤྱི་བོ་ལས་འབྱུང་བ་སྟེ། ལྕེའི་རྩེ་མོ་ཉེ་བ་དང་རྐན་དུ་སྦྱར་ན་སྤྱི་བོ་ལས་སྒྲ་འབྱུང་བ་ཡིན་ཏེ། དཔེར་ན་གླིང་བུའི་སྒྲ་སྤྱི་བོར་བུས་པ་དག །ཞབས་ནས་གྲག་པར་སྣང་བ་ལྟ་བུའོ། །གློད་པ་དག་ནི་སོ་ཡིན་ནོ། །ཞེས་བྱ་བ་ནི་ལྀ་ནི་སོ་དང་ལྕེ་སྦྱར་བ་ལས་འབྱུང་བ་ཡིན་ནོ། །དབྱངས་འདི་དག་གིས་བཅིངས་ཤིང་བསྡུས་པའི་ཆའི་བྱེ་བྲག་ནི་དྲང་པོའི་སྐབས་སུ་བརྗོད་པ་བཞིན་དུ་ཤེས་པར་བྱའོ། །ཞེས་ཤེས་པར་བྱ་བའི་ཕྱིར། འདི་དག་གིས་ནི་བཅིངས་པ་ན། །ཆ་ནི་སྔོན་དུ་བརྗོད་པ་བཞིན། །ཞེས་བྱ་བ་སྨྲོས་སོ། །ད་ནི་སྒྲེང་བ་དང་བཀུག་པ་ལ་སོགས་པའི་སྒྲ་དེ་རྣམས་མིང་དུ་སྨྲོས་ཀྱང་ངོ་བོ་ཉིད་གང་ལ་བྱ་བ་མ་བསྟན་པས། དེའི་ཕྱིར། མི་དེ་མུ་དོ་རྀ་ལྀ་ཡི། །སྒྲ་ཡི་ཆ་དང་ཅི་རིགས་སྦྱར། །ཞེས་བྱ་བ་སྨྲོས་སོ། །མི་ཞེས་བྱ་བ་ནི་ཨི་ཡིན་ནོ། དེ་བཞིན་དུ་དེ་ནི་ཨེའོ། །མུ་ནི་ཨུའོ། །དོ་ནི་ཨོའོ། །རྀ་ལྀ་ནི་དངོས་ཏེ་སྔོན་གྱི་མཁན་པོ་རྣམས་ཀྱིས་བརྡར་བྱས་པའོ། །སྒྲ་ཡི་ཆ་ནི་ཅི་རིགས་སྦྱར། །ཞེས་བྱ་བ་ནི། ཨི་ནི་བཀུག་པ་དང་སྦྱར་རོ། །དེ་བཞིན་ཨེ་ནི་སྒྲེང་བའོ། །ཨུ་ནི་སྨད་པའོ། །ཨོ་ནི་བསྟོད་པའོ། །རི་ནི་སྒྲིམས་པའོ། །ལི་ནི་གློད་པའོ། །དྲང་པོ་གང་ཡིན་ཞེ་ན། ཨའི་ཆ་ནི་བདུན་དུ་བཤད། །ཞེས་སྨྲོས་ཏེ། དྲང་པོ་ནི་ཨའི་ཆ་ཡིན་ཏེ། གོང་དུ་བཤད་ཟིན་ཏོ་ཞེས་པའོ། །འོ་ན་ཨི་ལ་སོགས་པ་ལ་ཡང་ཨའི་ཆ་ཞེས་མི་བྱའམ་ཞེ་ན། ལྷག་མ་རྣམ་པའི་ཆ་ཞེས་བྱ། །ཞེས་བྱ་བ་སྨྲོས་ཏེ། འདིར་ལྷག་མ་རྣམས་ལ་རྣམ་པའི་ཆ་ཞེས་བྱ་བ་ནི་ཨའི་རྣམ་པའམ་བྱེ་བྲག་ཡིན་ཏེ། དེའི་ཕྱིར་ཨ་དང་ཨའི་རྣམ་པ་ཞེས་བྱའོ། །དེ་ལ་ཆ་ཞེས་བྱ་བ་ཡང་རང་གི་ཆ་དང་སྤྱིའི་ཆ་ཞེས་བྱ་བ་གཉིས་སུ་འགྱུར་ཏེ། རང་རེ་ལ་ཡོད་པའི་ཆ་ནི་རང་གི་ཆ་ཞེས་བྱའོ། །སྤྱི་ལ་ཡོད་པའི་ཆ་ནི་སྤྱིའི་ཆ་སྟེ། དེ་ཉིད་བསྟན་པའི་ཕྱིར། དེ་དག་རེ་རེའི་ཆ་ཡིན་ཏེ། །གང་ཡང་ཕན་ཚུན་བརྟེན་པ་ནི། །ཀུན་ཏུ་ཁྱབ་ཕྱིར་སྤྱི་ཡི་ཆ། །ཞེས་བྱ་བ་སྨྲོས་སོ། །དེ་ལ་ཕན་ཚུན་བརྟེན་ཅེས་བྱ་བ་ནི་ཡི་གེ་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་པ་སྟེ། ཨོཾ་ལྟ་བུ་ཨོ་ལ་བརྟེན་ཅིང་ཁྱབ་པ་ལྟ་བུའོ། །དེ་ལྟར་བརྟེན་པ་དེ་དག་ཀྱང་ཡི་གེའི་བྱེ་བྲག་གམ་རབ་ཏུ་དབྱེ་བ་ཡིན་པའི་ཕྱིར། དེ་ཡང་ཡི་གེའི་བྱེ་བྲག་སྟེ། །ཞེས་བྱ་བ་སྨྲོས་སོ། །ད་ནི་ཡི་གེའི་ངེས་ཚིག་བསྟན་པར་འདོད་ན། རྣམ་གྲངས་དུ་མ་མེད་པ་དང་། །མིང་ཚིག་གསལ་བར་བྱེད་པ་དང་། །དོན་རྣམས་བརྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པར་བྱ། །རང་བཞིན་ལས་དང་དགོས་ཆེད་ཀྱི། །ངེས་ཚིག་ཡིན་ཏེ་གོ་རིམས་བཞིན། །ཞེས་བྱ་བ་སྨྲོས་ཏེ། རྣམ་གྲངས་དུ་མ་མེད་པ་ཞེས་བྱ་བ་ནི། རང་གི་ངོ་བོའི་སྒོ་ནས་ངེས་ཚིག་བརྗོད་པ་ཡིན་ཏེ། ངེས་ཚིག་རྣམས་ཀྱི་རང་བཞིན་རྣམ་གྲངས་གཞན་དུ་མི་འགྱུར་ཞིང་དུ་མ་མེད་པའི་ཕྱིར་མི་འགྱུར་བ་ཞེས་བྱའོ། །གསལ་བར་བྱེད་པ་ཞེས་བྱ་བ་ནི་ལས་ཀྱི་སྒོ་ནས་ངེས་ཚིག་བརྗོད་པ་སྟེ། མི་འགྱུར་བ་ཉིད་ཀྱིས་མིང་དང་ཚིག་གསལ་བར་བྱེད་པས་གསལ་བྱེད་ཅེས་བྱའོ། །བརྗོད་པར་བྱེད་པ་ནི་དགོས་ཆེད་ཀྱི་སྒོ་ནས་ངེས་པའི་ཚིག་བརྗོད་པ་སྟེ། གསལ་བར་བྱས་པས་ཆོས་རྣམས་ཀྱི་དོན་བརྗོད་པར་བྱེད། དྲན་པར་བྱེད། ཤེས་པར་བྱེད་པས་བརྗོད་པར་བྱེད་པ་ཞེས་བྱའོ། །ད་ནི་ཡི་གེའི་ཚོགས་བསྟན་པའི་ཕྱིར། ཚོགས་དང་ལུས་དང་འདུས་པ་ནི། །རྣམ་གྲངས་དག་སྟེ་དེ་བཞིན་སྦྱར། །ཞེས་བྱ་བ་སྨྲོས་ཏེ། ཀཱ་ཡ་ཞེས་བྱ་བའི་སྒྲ་ནི་ཚོགས་དང་ལུས་དང་འདུས་པ་ལ་འཇུག་སྟེ། འདི་དག་ནི་རྣམ་གྲངས་སུ་གཏོགས་པའོ། །དེ་བཞིན་དུ་སྦྱར་ཞེས་བྱ་བ་ནི་ཚོགས་བྱ་བའི་དོན་འདི་མིང་དང་ཚིག་ལ་ཡང་སྦྱར་རོ། །ཞེས་བྱ་བའི་དོན་བསྟན་པའོ། །དེ་ལྟར་ན་ཡི་གེའི་ཚོགས་དེ་དག་ཀྱང་། རྒྱུ་དང་། རང་བཞིན་དང་། ལྡང་ཚད་དང་། ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་རྣམས་ཀྱིས་བཤད་པ་ལས། དབྱེ་བ་དེ་དག་ཀྱང་རྩ་བ་གང་ལས་གྱུར་པའི་རབ་ཏུ་དབྱེ་བ་དང་། རྒྱུས་རབ་ཏུ་དབྱེ་བ་དང་། གནས་ཀྱིས་རབ་ཏུ་དབྱེ་བ་དང་། མིང་གིས་རབ་ཏུ་དབྱེ་བ་དང་། །འདྲེན་པས་རབ་ཏུ་དབྱེ་བ་རྣམས་སུ་ཤེས་པར་བྱ་སྟེ། ཇི་སྐད་གོང་དུ་བཤད་པ་རྣམས་འདི་དག་ཏུ་འདུས་པར་ཤེས་པར་བྱའོ། །ད་ནི་མིང་གི་ཚོགས་སྟོན་ཏེ། དེ་ཡང་གྲུབ་པའི་མིང་དང་། རྗེས་སུ་འཇུག་པའི་མིང་གཉིས་སུ་བསྟན་པར་འདོད་ནས། ཇི་ལྟར་རྡུལ་ལས་གོང་བུ་བཞིན། །ཡི་གེ་འདུས་པར་གྱུར་པ་ན། །མིང་ནི་རབ་ཏུ་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དེ་ལ་འདིས་ནི་མིང་གི་ཚོགས་ཀྱི་རྒྱུ་བསྟན་ཏེ། དེ་བཞིན་དུ། རང་གི་ངོ་བོ་དང་། ལྡང་ཚད་དང་། ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་རྣམས་ཀྱིས་འདི་ཡང་བསྟན་པར་ཤེས་པར་བྱའོ། །དེ་ལ་རྒྱུ་ནི་རྡུལ་ཕྲ་རབ་འདུས་པ་ལས་གོང་བུ་འགྲུབ་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་བཞིན་ཡི་གེ་འདུས་པ་ལས་མིང་འགྲུབ་སྟེ། ཡི་གེ་ཉིད་ཀྱང་མིང་མ་ཡིན། ཡི་གེ་ལས་གུད་ན་ཡང་མིང་མེད་དེ། ཡི་གེ་འདུས་པའི་གནས་སྐབས་ལ་མིང་ཞེས་བྱའོ། །མིང་འདུས་པ་ལས་ཚིག་ཀྱང་དེ་བཞིན་ནོ། །ད་ནི་རང་གི་ངོ་བོ་ལ་སོགས་བསྟན་པར་འདོད་ནས། གང་ཞིག་རྣམ་ཆ་འདུས་པ་ལས། །དོན་གྱི་ངོ་བོ་རབ་བརྗོད་ན། །རྣམ་ཆ་མང་གཅིག་ཉུང་གྱུར་ཀྱང་། །དེ་ནི་མིང་ཞེས་རབ་ཏུ་བརྗོད། །ཞེས་སྨྲོས་ཏེ།དེ་ལྟར་ཡི་གེ་འདུས་པ་མིང་ཡིན་ན། ཡི་གེ་ཇི་ཙམ་འདུས་པས་མིང་འགྲུབ་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་ཙམ་སྟོན་ན། ཡི་གེའི་རྣམ་པ་ནི་གྲངས་ཀྱི་ཚད་ངེས་པ་མེད་དེ། དཔེར་ན། འབའ་རི་ཀ་ས་ལྟ་བུ་ཡི་གེ་བཞིའི་རྣམ་པ་ལྟ་བུ་བྱེ་བྲག་དང་བཅས་པ་ལ་མིང་ཞེས་བྱའོ། །ཁ་ལྟ་བུའི་མིང་གཅིག་ལའང་མིང་ཞེས་བྱ་སྟེ། མདོར་ན་ཆོས་ཀྱི་ངོ་བོ་ཉིད་ཙམ་སྟོན་ནུས་ལ། ཁྱད་པར་མི་སྟོན་པའི་ཡི་གེ་འདུས་པའི་གནས་སྐབས་ལ་མིང་ཞེས་བྱའོ། །དེས་ནི་རང་གི་ངོ་བོ་དང་། ལྡང་ཚད་ནི་དངོས་སུ་བསྟན་ལ། ངེས་པའི་ཚིག་ཀྱང་ཤུགས་ཀྱིས་བསྟན་པ་ཡིན་ཏེ། ངོ་བོ་ཉིད་བརྗོད་ན་དེར་ཁྲིད་ཅིང་མཚོན་པར་བྱེད་པ་ཡིན་པས་མིང་ཞེས་བྱའོ། །ད་ནི་དབྱེ་བ་བསྟན་པར་འདོད་ནས། དེ་ཡང་མིང་གི་ཐོག་མ་དང་། །རྗེས་སུ་སྒྲུབ་པ་རྣམ་པ་གཉིས། །ཞེས་སྨྲོས་ཏེ། དེའི་དབྱེ་བ་ནི་ཐོག་མར་གྲུབ་པའི་མིང་དང་། གྲུབ་པ་ལ་བརྟེན་པའི་རྗེས་སུ་སྒྲུབ་པའི་མིང་གཉིས་སོ། །དེ་ལ་ཐོག་མར་གྲུབ་པའི་མིང་དེ་འདོད་རྒྱལ་ལམ། དོན་ལྡན་པ་ཞིག་ཡིན་སྙམ་པ་ལ། ཐོག་མ་འདོད་རྒྱལ་མིང་ཡིན་ཏེ། །ཞེས་བྱ་བ་སྨྲོས་སོ། །ཆོས་རྣམས་ལ་དེ་མེད་བཞིན་དུ་བླ་དྭགས་སུ་བཏགས་པ་ཡིན་པས་འདོད་རྒྱལ་བ་ཡིན་ཏེ། ངེས་པའི་ཚིག་མེད་དོ། །རྗེས་སུ་སྒྲུབ་པ་ཇི་ལྟ་བུ་ཞིག་སྙམ་ན། རྗེས་སྒྲུབ་དག་ནི་དོན་ལྡན་ལ། །རྣམ་པ་གཉིས་གར་འདོད་པ་ཡིན། །ཞེས་སྨྲོས་ཏེ།རྗེས་སུ་སྒྲུབ་པ་ནི་གྲུབ་པ་ལ་བརྟེན་པ་ཡིན་པས་དོན་དང་ལྡན་པ་ཡིན་ཏེ། ཁ་གཅིག་ནི་དོན་ལ་ལོག་པར་སྦྱོར་བ་ཡོད་པས། དོན་དང་ལྡན་པ་དང་། འདོད་རྒྱལ་གཉིས་སུ་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། དེ་ནི་ངེས་ཚིག་ཡོད་མེད་དོ། །ཞེས་སྨྲོས་ཏེ། དོན་དང་ལྡན་པ་ནི་ངེས་ཚིག་ཡོད་པ་ཡིན་ལ། འདོད་རྒྱལ་ནི་ངེས་པའི་ཚིག་མེད་དོ། །ད་ནི་གྲུབ་པའི་མིང་དང་རྗེས་སུ་བསྒྲུབ་པའི་མིང་དེ་དག་ཉིད་གསལ་བར་བྱེད་དེ། དེའི་ཕྱིར། གང་ཞིག་གཞན་ལ་མ་བརྟེན་པར། །བླ་དྭགས་གང་བྱས་ཐོག་མའོ། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དེ་ལ་གྲུབ་པའི་མིང་ཞེས་བྱ་བ་ནི། མིང་གང་དག་དངོས་པོ་གཞན་གྱི་མིང་ལ་མ་བརྟེན་པར་དེ་ཉིད་ལ་བཏགས་པ་སྟེ། འདི་ལྟར་ཀ་བ་ཞེས་བྱ་བའི་མིང་ནི་གཞན་ལ་མ་བརྟེན་པར་འདི་ལ་ཅིའི་ཕྱིར་ཀ་བ་ཞེས་བྱ་བ་མེད་དོ། །རྟེན་ཞེས་བྱས་ན་ནི་གཞན་བརྟེན་པར་བྱེད་པ་ལ་ལྟོས་པས་མིང་གི་ཐོག་མར་མི་འགྱུར་རོ། །རྗེས་སུ་བསྒྲུབ་པ་ནི། དེ་ལ་རྟེན་པ་རྗེས་བསྒྲུབ་པ། །འདོད་རྒྱལ་དོན་ལྡན་གཉིས་སུ་འདོད། །ཅེས་བྱ་བ་ཡིན་ཏེ། གྲུབ་པ་ལ་རྟེན་པ་ནི་རྗེས་སུ་བསྒྲུབ་པ་ཡིན་ཏེ། སྐྱེས་བུ་བརྟན་པོ་ལ་ཀ་བ་ཞེས་བྱ་བ་ལྟ་བུ། སྔར་ཀ་བ་གྲུབ་པར་བྱས་ནས། ཕྱིས་དེ་ལ་བརྟེན་པའོ། །དེ་ལ་རྗེས་སུ་བསྒྲུབ་པའི་འདོད་རྒྱལ་ནི། ཁྱི་ནག་པོ་ལ་དུང་ཞེས་བྱ་བ་ལྟ་བུའོ། །དོན་དང་ལྡན་པའི་ཁྱི་དཀར་པོ་ལ་དུང་ཞེས་བྱ་བ་ལྟ་བུའོ། །འོ་ན་གྲུབ་པའི་མིང་ཡང་འདོད་རྒྱལ་ཡིན་ལ། རྗེས་སུ་བསྒྲུབ་པ་ལོག་པར་བསྒྱུར་བའང་འདོད་རྒྱལ་ཡིན་ན། ཅིའི་ཕྱིར་མིང་གི་ཐོག་མ་ལ་གྲུབ་པ་ཞེས་བྱ་ཞེ་ན། འདོད་རྒྱལ་དག་ཏུ་མཚུངས་མོད་ཀྱི། །མ་བརྟེན་ཕྱིར་ན་གྲུབ་པ་སྟེ། །མིང་གཞན་གང་ལའང་མ་བརྟེན་པ། །གཞན་གྱིས་འགལ་བ་མེད་ཕྱིར་རོ། །ཞེས་སྨྲོས་ཏེ། མིང་གི་ཐོག་མ་ནི་མིང་གཞན་ལ་མ་བརྟེན་པས་གྲུབ་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཞན་ལ་མ་བརྟེན་པའི་མིང་ནི་གཞན་གང་གིས་ཀྱང་གནོད་པ་མེད་དེ། དགག་པའམ། བསྒྲུབ་པར་ནུས་པ་མ་ཡིན་ནོ། །འདི་ལྟར། ཀ་བ་ཞེས་བྱ་བ་ནི་རྒྱུ་འདིས་ཀ་བ་ཞེས་བྱའོ་བྱ་བ་ཡིན་ནོ་ཞེས་འཐད་པ་བསྒྲུབ་པ་ཡང་མི་ནུས་ལ། རྒྱུ་འདིས་ཀ་བ་ཞེས་བྱ་བར་མི་རིགས་སོ། །ཞེས་འགལ་བ་བསྒྲུབ་པར་ཡང་གང་གིས་ཀྱང་མི་ནུས་སོ། །མིང་རྣམ་པ་གཉིས་ཀྱིས་དཔེ་བསྟན་པའི་ཕྱིར། འཐད་པ་བསྒྲུབས་པའི་རིགས་པ་དག །ཆོས་ཉིད་ལ་ནི་བརྟེན་པ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དཔེར་ན་འཐད་པ་བསྒྲུབ་པའི་རིགས་པ་ཚུལ་གསུམ་པའི་རྟགས་ཀྱི་ སྦྱོར་བ་ལྟ་བུ་ནི། ཆོས་ཉིད་ཀྱི་རིགས་པའི་མཐུ་ལ་བརྟེན་པ་ཡིན་ཏེ། འདི་ལྟར་ཕྱོགས་འདི་ན་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་རོ། །དུ་བ་ཡང་མེའི་འབྲས་བུ་ཁོ་ན་ཡིན་ཏེ། གཞན་གྱི་མ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུ་འབྲས་བུའི་སྒོ་ནས་རྒྱུ་དཔོག་པར་བྱེད་པ། དུ་བ་མེའི་འབྲས་བུ་ཡིན་པ་ཅིའི་ཕྱིར། ཞེས་འདྲི་ན། ཆོས་ཉིད་ཀྱི་རིགས་པ་ལ་ཐུག་སྟེ། དེའི་རང་བཞིན་དེ་ཡིན་ནོ། །ཞེས་ཆོས་ཉིད་ལ་བརྟེན་པ་བཞིན་དུ། དོན་ལྡན་མིང་ཡང་དེ་བཞིན་དུ། །འདོད་རྒྱལ་ཐོག་མ་ཉིད་ལ་བརྟེན། །ཁྱི་འདི་ལ་དུང་ཞེས་བྱ་སྟེ། ཁ་དོག་དཀར་པོའི་ཕྱིར་རོ། །ཞེས་ངེས་པའི་ཚིག་བརྗོད་ན། དེ་ལ་དཀར་བ་ལ་ཅིའི་ཕྱིར་དུང་ཞེས་བྱ་ཞེས་དྲིས་པ་ལ། དེའི་མིང་དེ་ཡིན་ནོ། །ཞེས་བྱ་བ་མ་གཏོགས་པ་གཞན་མེད་དོ། །དེའི་ཕྱིར་གྲུབ་པའི་མིང་ལ་རྗེས་སུ་བསྒྲུབ་པའི་མིང་བརྟེན་པ་ཡིན་ནོ། །རྗེས་སུ་བསྒྲུབ་པའི་འདོད་རྒྱལ་ལ། ངེས་པའི་ཚིག་མེད་དམ་ཞེ་ན། རྗེས་སུ་བསྒྲུབ་པའི་འདོད་རྒྱལ་ནི། །ལོག་པར་བསྒྲུབ་ཕྱིར་ངེས་ཚིག་བཞག །ཞེས་སྨྲོས་ཏེ། ངེས་ཚིག་ཡོད་མོད་ཀྱི་བཤད་ན་ལོག་པར་བསྒྲུབ་པར་འགྱུར་ཏེ། དེའི་ཕྱིར་ངེས་ཚིག་མི་བཤད་པར་བཞག་གོ །གྲུབ་པའི་མིང་གི་འདོད་རྒྱལ་ནི། ངེས་པའི་ཚིག་བཤད་པའི་གཞི་མེད་དེ། དེའི་ཕྱིར། འདོད་རྒྱལ་ཐོག་མའི་མིང་གང་ཡིན། །ངེས་ཚིག་གཞི་མེད་ཆོས་ཉིད་བཞིན། །ཞེས་སྨྲོས་ཏེ། དཔེར་ན་ཆོས་ཉིད་ཀྱི་རིགས་པ་ལ་བསྒྲུབ་པའི་གཞི་གཞན་མེད་པ་བཞིན་ནོ། །ད་ནི་གྲུབ་པ་ལ་བརྟེན་པའི་དོན་དང་ལྡན་པ་བརྗོད་པའི་ངེས་ཚིག་བསྟན་པའི་ཕྱིར། དེ་བརྟེན་དོན་ལྡན་ངེས་ཚིག་ནི། །དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར། །དེ་ལ་ཕན་ཕྱིར་དེ་བྱེད་ཕྱིར། །དེ་འདྲའི་ཕྱིར་དང་དེ་བྱའི་ཕྱིར། །དེ་དེའི་ཕྱིར་དང་དེ་ཉིད་ཕྱིར། །དེ་ཡི་མིང་དང་དེ་སྐད་ཅེས། །རྟགས་ཀྱི་སྒོའམ་མེད་ཀྱང་རུང་། །སྐབས་ཀྱི་མཐུ་ཡིས་ངེས་ཚིག་བརྗོད། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་ཡིན་པར་སྦྱར་བ་ནི།དེ་ཡིན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཞེས་བྱ་བའོ། །དེ་བཞིན་དུ་ཡོད་པ་ནི། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཕན་པར་བྱེད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱ་བའོ་ཞེས་བྱའོ། །བྱེད་པ་ནི། འདིས་བྱེད་པས་དེ་སྐད་ཅེས་བྱའོ་ཞེས་བྱའོ། །བྱ་བ་ནི། འདི་བྱེད་པས་དེ་སྐད་ཅེས་བྱ་བའོ་ཞེས་བྱའོ། །འདྲ་ནི། འདི་དང་འདྲ་བའི་ཕྱིར་དེ་སྐད་ཅེས་བྱའོ་ཞེས་བྱ་བའོ། །དེ་དེ་ཞེས་བྱ་བ་ནི། དེ་ནི་དེའོ་ཞེས་བྱ་བ་སྟེ། མེ་ནི་མེའོ་ཞེས་བྱ་བ་ལྟ་བུའོ། །དེ་ཉིད་ཅེས་བྱ་བ་ནི། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ་ཞེས་བྱ་བའོ། །མིང་དེ་དག་གི་རྟགས་ཀྱི་སྒོ་ནས་བརྡར་སྟོན་ནུས་པའི་ཡི་གེ་ཡོད་པ་སྟེ། འདི་ལྟར་ཞིང་དང་ལྡན་པ་ནི་ཞིང་པ་ཞེས་བྱ་བ་ལྟ་བུའོ། །ཞེས་བྱ་བ་ནི་རྟགས་ཀྱིས་ལྡན་ཞིང་ཡོད་པར་སྟོན་པ་དང་། རྗོད་ཅེས་བྱ་བ་ནི་བརྗོད་པར་བྱེད་པ་སྟོན་ལ། བརྗོད་ཅེས་བྱ་བ་ནི་བྱ་བ་སྟོན་པ་ལྟ་བུའོ། །རྟགས་དེ་ལྟ་བུ་དག་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། སྐབས་ཀྱི་ཤུགས་ཀྱིས་ངེས་ཚིག་བཤད་པར་བྱའོ། །དེ་དག་ཀྱང་གཉིས་སུ་འདུས་སྟེ། དངོས་ཀྱི་མིང་དང་། བཏགས་པའི་མིང་ངོ་། །དེ་བསྟན་པའི་ཕྱིར། ཡིན་དང་ངོ་བོ་བསྒྲུབ་པ་དང་། །དངོས་པོའི་རྐྱེན་ནི་དངོས་ཀྱི་མིང་། །ལྷག་མ་བཏགས་པ་ཞེས་བྱའོ། །ཞེས་སྨྲོས་ཏེ། ལྔ་ལྷག་མ་ཞེས་སྦྱར་རོ། །དེ་ལ་ཡིན་པར་བསྒྲུབ་པ་དང་། ངོ་བོ་བསྒྲུབ་པ་དང་། དངོས་པོའི་རྐྱེན་གསུམ་ནི། དངོས་ཀྱི་མིང་ཡིན་ནོ། །ལྷག་མ་ཡོད་པར་སྦྱར་བ་དང་། བྱེད་པར་སྦྱར་བ་དང་། ལས་སུ་སྦྱར་བ་དང་། དེ་ལ་ཕན་པར་སྦྱར་བ་དང་། འདྲ་བར་སྦྱར་བ་དང་ལྔ་ནི་བཏགས་པའི་མིང་ཞེས་བྱའོ། །རང་གི་ངོ་བོའི་མིང་གསུམ་གྱི་ཁྱད་པར་ཅི་ཞེ་ན། རང་གི་ངོ་བོ་ངེས་ཚིག་དང་། །བཏགས་པའི་མིང་གཞན་སྤོང་བྱེད་དང་། །རང་གི་ཁྱད་པར་གཞན་སེལ་བས། །ཡིན་དང་ངོ་བོ་བསྒྲུབ་པ་དང་། །དངོས་པོའི་རྐྱེན་རྣམས་གོ་རིམས་བཞིན། །ཞེས་སྨྲོས་ཏེ། ཡིན་པར་བསྒྲུབ་པས་ནི། རང་གི་ངོ་བོ་ཙམ་བསྒྲུབ་ཅིང་། གཞན་ལ་ཟུར་མི་ཟའོ། །ངོ་བོ་བསྒྲུབ་པའི་སྒྲས་ནི། བཏགས་པའི་མིང་ལྔ་པོ་སྤོང་ཞིང་སེལ་བར་བྱེད་དེ། མེ་ནི་མེའོ་ཞེས་བརྗོད་ན། འདི་མེ་དངོས་ཡིན་གྱི་མེ་ཡོད་པ་ལ་སོགས་པ་ལྔ་ནི་མ་ཡིན་ནོ་ཞེས་པའོ། །དངོས་པོའི་རྐྱེན་ནི།རང་གི་ཁྱད་པར་ཡང་སེལ་བར་བྱེད་དེ། ཚ་བ་ཉིད་ཅེས་བརྗོད་ན་ཚ་བ་ཁོ་ན་མེ་ཡིན་གྱི། གསལ་བ་ལ་སོགས་པའི་ཡོན་ཏན་གཞན་ནི་མ་ཡིན་ནོ་ཞེས་བྱ་བའོ། །བཏགས་པའི་མིང་འཆད་པར་འདོད་ནས། རྟེན་ལ་བཏགས་པ་འཆད་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། ཡོད་པ་དང་སྦྱར་བ་ནི་རྟེན་ལ་བརྟེན་པའི་མིང་བཏགས་པ་སྟེ། སྐྱེས་བུ་འདི་ལ་རྩལ་ཡོད་པས་རྩལ་ཞེས་བྱའོ་ཞེའམ། རྩལ་ཅན་ནོ་ཞེས་པ་ལྟ་བུའོ། །དེ་ལ་ཕན་པར་སྦྱར་བ་ནི། །རྒྱུད་པའི་རྒྱུ་ལ་འབྲས་བུ་ཞེས་པ་སྟེ། རྒྱུད་པའི་རྒྱུ་ཙམ་ལ་འབྲས་བུའི་མིང་བཏགས་པ། ཆུ་ལུད་ལ་ཁ་ཟས་ཡིན་ཞེས་བཏགས་པ་ལྟ་བུའོ། །བྱེད་པར་བསྒྲུབ་པ་ནི། དངོས་ཀྱི་རྒྱུ་ལ་དེ་བཞིན་ཞེས་བྱ་བ་སྟེ། འབྲས་བུའི་མིང་བཏགས་པ་སྟེ། བྱ་བ་ལས་བྱེད་པ་ཐམས་ཅད་ཀྱང་འབྲས་བུའི་མིང་བཏགས་པའོ། །ལས་སུ་བསྒྲུབ་པ་ནི།འབྲས་བུའམ་བྱ་བར་གྱུར་པ་ལ། །དེ་ལ་རྒྱུའི་མིང་བཏགས་པའམ། །ཞེས་བྱ་བ་སྨྲོས་ཏེ། འབྲས་བུའམ་ལས་སུ་གྱུར་པ་ལ། རྒྱུ་གཞན་གྱི་སྒོ་ནས་བཏགས་པའོ། །འདྲ་བར་སྦྱར་བ་ནི། དཔེ་གཞན་གྱིས་ནི་མིང་དག་དང་། །ཞེས་བྱ་སྟེ། དཔེའི་ཚིག་ཉེ་བར་གཟུང་སྟེ། ལྷ་དང་འདྲ་བས་ལྷ་ཞེས་བྱ་བ་ལྟ་བུའོ། །དེ་དག་ཉིད་དེ་ལྟར་སྟོན་པ་ནི། དོན་འདི་དག་གི་སྒོ་ནས་ནི། །ཡོད་དང་དེ་ལ་ཕན་པ་དང་། །བྱེད་དང་ལས་སུ་བསྒྲུབ་པ་དང་། །འདྲ་བར་སྦྱར་དང་རིམ་བཞིན་ནོ། །ཞེས་བྱ་བ་འདི་ཡིན་ནོ། །ཚོགས་ཞེས་བྱ་བ་ནི་གོང་དུ་ཡི་གེའི་སྐབས་སུ་བཤད་ཟིན་ཏོ། །ད་ནི་ཚིག་གི་ཚོགས་བཤད་པར་འདོད་ནས། ཚིག་སྡུད་པའི་སྦྱོར་བ་དང་། ཚིག་གི་ཕྲད་དང་བཅས་པ་བསྟན་པར་འདོད་ནས། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང་། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འདིར་ཡང་རྒྱུ་དང་། རང་གི་ངོ་བོ་དང་། ལྡང་ཚད་དང་། ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་འདི་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་རྒྱུ་ནི་མིང་ངོ་། །རང་གི་ངོ་བོ་ནི་དེ་འདུས་པས་དོན་གྱི་ཁྱད་པར་སྟོན་པ། ལྡང་ཚད་ནི་ཁྱད་པར་བརྗོད་པ་ཉིད་ཀྱི་ཡི་གེ་འདུས་པ་ལས་མ་འདས་པ། ངེས་པའི་ཚིག་ནི་གསལ་ཞིང་འབྲུར་ཆགས་པ། རབ་ཏུ་དབྱེ་བ་ནི་ཚིག་སྡུད་པའི་སྦྱོར་བ་དང་། ཚིག་གི་ཕྲད་དོ། །དེ་དག་ཉིད་བསྟན་པའི་ཕྱིར། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང་། །དེ་དག་ཁྱད་པར་བརྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་སྟེ། །ཕྲད་རྣམས་དག་དང་བཅས་པ་ཡིན། །ཞེས་བྱ་བར་མདོར་སྨྲོས་ཏེ། དེ་ལ་ཚིག་ཅེས་བྱ་བ་ནི་མིང་འདུས་པ་ལ་བྱ་སྟེ། འདི་ལྟར་དོན་གྱི་ཁྱད་པར་སྟོན་ན་མིང་གཉིས་སམ་མང་པོ་སྟོན་ཀྱང་རུང་སྟེ། ཚིག་ཅེས་བྱའོ། །འདི་ལྟར་ཀ་བ་རིང་པོ་ཞེས་བརྗོད་ན་ཀ་བའི་ཁྱད་པར་བརྗོད་པར་བྱེད་དོ། །དེ་བཞིན་དུ་ཀ་བ་རིང་པོ་འདི་དཀར་པོའོ། །ཞེས་བྱ་བ་ལ་སོགས་པ་ཡང་ཚིག་ཅེས་བྱའོ། །ཚིག་རྣམས་འབྲེལ་བར་བྱེད་པ་ནི་ཚིག་གི་ཕྲད་དོ། །ད་ནི་སྡུད་པའི་སྦྱོར་བ་བཤད་པར་འདོད་ནས། དེ་ལ་ཚིག་གི་སྦྱོར་བ་བཅུ། འབྲུ་མང་པོ་དང་ཚིག་སྡུད་དང་། །ཁྱད་པར་དག་དང་ཡན་ལག་དང་། །གཞི་དང་གཞི་གཅིག་བསྡུ་བ་དང་། །གཞི་མཐུན་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་ཕྱོགས་ཙམ་མོ། །ཞེས་བྱ་བ་སྨྲོས་སོ། །འདི་ལྟར་འབྲུ་མང་པོ་བསྡུ་བ་དང་། ཚིག་སྡུད་པ་ཙམ་གྱིས་བསྡུ་བ་དང་། ཁྱད་པར་དུ་བསྡུ་བ་དང་། ཡན་ལག་བསྡུ་བ་དང་། གཞི་བསྡུ་བ་དང་། གཞི་གཅིག་ཏུ་བསྡུ་བ་དང་། གཞི་མཐུན་པའི་བསྡུ་བ་དང་། དེའི་སྐྱེས་བུའི་བསྡུ་བ་དང་། ཟླས་དབྱེ་བའི་བསྡུ་བ་དང་། ཕྱོགས་ཙམ་སྟོན་པའི་བསྡུ་བའོ། །ཞེས་བྱ་བར་སྦྱར་རོ། །ད་ནི་འབྲུ་མང་པོ་པ་སྟོན་ཏེ། དེ་ཡང་དབྱེ་བ་དྲུག་ཏུ་བསྟན་པའི་ཕྱིར། །ཚིག་གཉིས་མང་པོ་རབ་དབྱེ་བའི། །རང་མིང་ལྡན་དང་མི་ལྡན་དང་། །ཕྱོགས་དང་རྣམ་གྲངས་ཕན་ཚུན་དང་། །ཚིག་མང་པོ་སྟེ་རྣམ་པ་དྲུག །ཞེས་སྨྲོས་ཏེ། དབྱེ་བ་དྲུག་པོ་འདི་ཡང་ཚིག་གཉིས་ཀྱི་འབྲུ་མང་པོ་པ་དང་། ཚིག་མང་པོའི་འབྲུ་མང་པོ་པ་གཉིས་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་ཚིག་གཉིས་ཀྱི་འབྲུ་མང་པོ་པ་ནི་བ་ཁྲ་མོ་ཅན་ལྟ་བུའོ། །ཚིག་མང་པོའི་འབྲུ་མང་པོ་པ་ནི་བ་དམར་ཁྲ་ཅན་བྱ་བ་ལྟ་བུའོ། །དེ་ལས་རང་གི་མིང་དང་ལྡན་པ་ལ་སོགས་པ་ལྔ་ནི་ཚིག་གཉིས་ཀྱི་འབྲུ་མང་པོ་པའི་དབྱེ་བ་སྟེ། དེ་ཡང་རང་གི་མིང་དང་ལྡན་པ་ནི་སྐྱེས་བུ་སྟོབས་ཅན་བྱ་བ་ལྟ་བུའོ། །རང་གི་མིང་དང་མི་ལྡན་པ་ནི་བ་ཁྲ་མོ་ཅན་བྱ་བ་ལྟ་བུའོ། །ཕྱོགས་ནི་ཤར་ལྷོ་ཞེས་པ་ལྟ་བུའི་མཚམས་སྟོན་པའོ། །རྣམ་གྲངས་ནི་གྲངས་དང་ལྡན་པ་སྟེ། བཅུ་པ། བརྒྱ་པ་ལ་སོགས་པ་ལྟ་བུའོ། །ཕན་ཚུན་ནི་ཕན་ཚུན་བརྟེན་པས་གྲུབ་པ་སྟེ། གཅོད་དཀའ་བ་དང་།དབྱུག་དཀའ་བ་ལ་སོགས་པའོ། །ཚིག་མང་པོ་ནི་ཚིག་མང་པོ་པ་དང་ལྡན་པ་སྟེ། གསུམ་པ་ལ་སོགས་པ་ཇི་སྙེད་པའོ། །དེ་དག་ལ་ཡང་གཞི་མཐུན་པའི་འབྲུ་མང་པོ་པ་དང་། གཞི་ཐ་དད་པའི་དབྱེ་བས་མུ་བཞིར་འགྱུར་ཏེ། དེའི་ཕྱིར། མཐུན་དང་ཐ་དད་དབྱེ་བ་ཡིས། །ཕྱོགས་ཀུན་དང་ནི་ཕྱོགས་གཅིག་ལ། །རབ་ཏུ་དབྱེ་བ་བཞིར་འདོད་དོ། །ཞེས་སྨྲོས་ཏེ། ཕྱོགས་ཀུན་མཐུན་པ་དང་། ཀུན་མི་མཐུན་པ་དང་། ཕྱོགས་གཅིག་མཐུན་པ་དང་། ཕྱོགས་གཅིག་མི་མཐུན་པ་གཉིས་ཏེ་བཞིའོ། །དེ་ལ་ཀུན་མཐུན་པ་ནི་ལྷ་སྦྱིན་རྣ་བ་འཕྱང་བ་ཅན་ལྟ་བུའོ། །ཀུན་མི་མཐུན་པ་ནི་མདའ་དང་གཞུ་ཅན་ལྟ་བུའོ། །ཕྱོགས་གཅིག་མཐུན་པ་ནི་རྐང་ལག་ཅན་ལྟ་བུའོ། །དེ་བཞིན་དུ་ཕྱོགས་གཅིག་མི་མཐུན་པ་ནི་བ་ཁྲ་མོ་ཅན་ལྟ་བུའོ། །ད་ནི་ངོ་བོ་དེ་དག་ལ་ཡང་བྱེད་པའི་ཚིག་དྲུག་གིས་བསྒྱུར་དུ་རུང་བར་བསྟན་པའི་ཕྱིར། བྱེད་པ་དྲུག་གིས་བསྒྱུར་བ་ནི། །ཀུན་ལ་རབ་ཏུ་ལྡན་པ་སྟེ། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་བྱེད་པའི་ཚིག་གཉིས་དང་ལྡན་པའི་འབྲུ་མང་པོ་པ་ནི། གང་ལ་ཆོས་ལ་སྤྱོད་པ་ཡོད་པ་དེ་ནི་ཆོས་ལ་སྤྱོད་པ་ཅན་ཞེས་བྱའོ། །དེ་བཞིན་དུ་གཞན་ལའང་སྦྱར་བར་བྱ་སྟེ། གསུམ་པ་ནི་ཆོས་ཀྱིས་འཕེལ་བ་ཅན་དང་། བཞི་པ་ནི་ཆོས་ཀྱི་ཕྱིར་བསྒྲུབ་པ་ཅན་དང་། ལྔ་པ་ནི་ཆོས་ལས་འབྱུང་བ་ཅན་དང་། དྲུག་པ་ནི་ཆོས་ཀྱི་གཏམ་ཅན་དང་། བདུན་པ་ནི་ཆོས་ལ་གནས་པ་ཅན་ཏེ། འདི་ལྟ་བུ་ལ་སོགས་པ་ཅན་དང་། དང་པོའི་ཚིག་དང་བདུན་བདུན་དུ་ཕྱེ་ན་རྣམ་གྲངས་བརྒྱ་དྲུག་ཅུ་རྩ་བརྒྱད་དུ་འགྱུར་བ་ལས། དུས་གཅིག་ཏུ་ནི་ཆོས་གསུམ་དང་ལྡན་ཏེ། རྩ་བ་ཚིག་གཉིས་སམ་མང་པོ་གང་ཡང་རུང་བ་གཅིག །རབ་ཏུ་དབྱེ་བ་གཅིག །བྱེད་པའི་ཚིག་གཅིག་སྟེ། གསུམ་དང་ལྡན་པ་བསྟན་པའི་ཕྱིར། བརྒྱ་དང་དྲུག་ཅུ་རྩ་བཞི་ལས། །དུས་གཅིག་ཏུ་ནི་གསུམ་ལྡན་གཟུང་། །ཞེས་བྱ་བ་སྨྲོས་སོ། །ད་ནི་ཚིག་བསྡུ་བ་འཆད་དེ། དེའི་ཕྱིར། ཚིག་བསྡུ་བ་ནི་རྣམ་པ་ལྔ། །གཉིས་དང་རྣམ་གྲངས་བྱེ་བྲག་དང་། །གཞན་དང་བྱེད་པའི་ཚིག་ཡིན་ནོ། །ཞེས་སྨྲོས་ཏེ། ཚིག་གཉིས་ཀྱིས་མདོར་བསྡུས་པ་དང་།རྣམ་གྲངས་ཀྱི་མདོར་བསྡུས་པ་དང་། བྱེ་བྲག་གི་མདོར་བསྡུས་པ་དང་།གཞན་གྱི་ཚིག་གི་མདོར་བསྡུས་པ་དང་། བྱེད་པའི་ཚིག་གི་མདོར་བསྡུས་པའོ། །འདི་དག་ནི་སྔོན་གྱི་མཁན་པོ་གཞན་གྱིས་བཤད་པ། མིང་རྣམ་པ་གཞན་གྱི་སྒོ་ནས་བཏགས་པ་སྟེ། གཉིས་ཀྱི་མདོར་བསྡུ་བ་ནི་བཟླས་དབྱེ་བ། རྣམ་གྲངས་ཀྱི་མདོར་བསྡུ་བ་ནི་བ་གཉིས་པ། བྱེ་བྲག་གི་མདོར་བསྡུ་བ་ནི་ལས་འཛིན་པ། གཞན་གྱི་ཚིག་གི་མདོར་བསྡུས་པ་ནི་འབྲུ་མང་པོ་པ། བྱེད་པའི་ཚིག་གི་མདོར་བསྡུས་པ་ནི་དེའི་སྐྱེས་བུའོ་ཞེས་གཞན་ལ་བཤད་དེ། འདི་དག་ལ་ཁྱབ་པའི་བྱེ་བྲག་ཡོད་དོ་ཞེས་ཀྱང་གཞན་ལས་བཤད་དོ། །བྱེད་པའི་ཚིག་གི་མདོར་བསྡུས་པ་འབའ་ཞིག་ལའང་དབྱེ་ན་དྲུག་སྟེ། དེའི་ཕྱིར། ལས་ལ་སོགས་པའི་དབྱེ་བ་ཡིས། །གཉིས་པ་ལ་སོགས་བདུན་པའི་མཐའ། །བྱེད་པ་དྲུག་ཏུ་འདོད་པ་སྟེ། །ཚིག་བསྡུད་ཙམ་དུ་ཤེས་པར་བྱ། །ཞེས་བྱ་བ་སྨྲོས་ཏེ། གཉིས་པ་ལས་ཀྱི་བསྡུ་བ་ནི། གྲོང་ལ་འགྲོ་བ་ནི་གྲོང་འགྲོ་ལྟ་བུའོ། །གསུམ་པའི་བསྡུ་བ་ནི་མདའ་ཡིས་བསྣུན་པ་ནི་མདའ་བསྣུན་ལྟ་བུའོ། །བཞི་པའི་བསྡུ་བ་ནི་རྒྱན་གྱི་ཆེད་ཀྱི་གསེར་ནི། རྒྱན་གསེར་ལྟ་བུའོ། ལྔ་པའི་བསྡུ་བ་ནི་ཡུལ་ལས་བྱུང་བ་ནི་ཡུལ་བྱུང་ལྟ་བུའོ། །དྲུག་པའི་བསྡུ་བ་ནི་ལྷ་སྦྱིན་གྱི་རྟ་ནི་ལྷ་སྦྱིན་རྟ་ལྟ་བུའོ། །བདུན་པའི་བསྡུ་བ་ནི་ཡུལ་ན་གནས་པ་ནི་ཡུལ་གནས་ལྟ་བུ་སྟེ། དེ་དག་ལ་བྱེད་པའི་ཚིག་གི་བསྡུ་བ་ཞེས་བྱའོ། །ཙམ་གྱི་དགག་པ་ནི་དོན་ཐམས་ཅད་དུ་ཐ་དད་པ་འགེགས་པར་བྱེད་དེ། ཚིག་བསྡུ་བ་ལྔ་པོ་འདི་ཚིག་སྡུད་པ་གཞན་དང་དོན་མཐུན་པ་ལ་ཉེས་པ་མེད་དོ། །ད་ནི་ཁྱད་པར་དུ་བསྡུ་བ་འཆད་དེ། དེའི་ཕྱིར། སྔ་མ་ཕྱི་མའི་སྦྱོར་བ་ཡིས། །ཁྱད་པར་བསྡུ་བ་རྣམ་པ་གཉིས། །ཞེས་སྨྲོས་ཏེ། ཚིག་སྔ་མས་ཁྱད་པར་དུ་སྦྱོར་བ་ནི། སྔོན་པོ་ཉིད་ཨུཏྤལ་ནི་སྔོན་པོ་ཨུཏྤལ་ཞེས་བྱ་བ་དང་།ཚིག་ཕྱི་མས་ཁྱད་པར་དུ་སྦྱར་བ་ནི། ཨུཏྤལ་ཉིད་སྔོན་པོ་ནི་ཨུཏྤལ་སྔོན་པོ་ལྟ་བུའོ། །ད་ནི་ཡན་ལག་བསྡུ་བ་འཆད་དེ། དེའི་ཕྱིར། འབྲེལ་བ་དག་དང་གོ་རིམས་དང་། །དོན་དང་གྲགས་པའི་ཡན་ལག་ནི། །བསྡུ་བ་བཞི་པའོ། ཞེས་སྨྲོས་ཏེ། འབྲེལ་བའི་ཡན་ལག་བསྡུ་བ་ནི། །ལུས་ལ་སོགས་པའི་དབང་པོ་ཞེས་བྱ་བ་ལྟ་བུའོ། །གོ་རིམས་ཀྱི་ཡན་ལག་བསྡུ་བ་ནི། གཟུགས་ལ་སོགས་པའི་ཕུང་པོ་ཞེས་བྱ་བ་ལྟ་བུའོ། །དོན་གྱི་ཡན་ལག་བསྡུ་བ་ནི། འཁོར་ལོ་ལ་སོགས་པ་རིན་པོ་ཆེ་ལྟ་བུའོ། །གྲགས་པའི་ཡན་ལག་བསྡུ་བ་ལའང་འཇིག་རྟེན་ལ་གྲགས་པ་དང་། བསྟན་བཅོས་ལ་གྲགས་པ་གཉིས་ལས། དེའི་ཕྱིར། གྲགས་པའང་། འཇིག་རྟེན་བསྟན་བཅོས་དག་ལ་གཉིས། །ཞེས་སྨྲོས་ཏེ། འཇིག་རྟེན་ལ་གྲགས་པ་ནི་ཀ་བ་དང་བུམ་པ་ལ་སོགས་པའི་ཐ་སྙད་ཅེས་བྱ་བ་ལྟ་བུའོ། །བསྟན་བཅོས་ལས་གྲགས་པ་ནི། ལས་ལ་སོགས་པའི་བྱེད་པའི་ཚིག་ཅེས་བྱ་བ་ལྟ་བུའོ། །ད་ནི་གཞི་བསྡུ་བ་འཆད་དེ། དེའི་ཕྱིར། རིགས་གསལ་བྱས་དང་མ་བྱས་པའི། །གཞི་བསྡུ་བ་ནི་གཉིས་ཡིན་ནོ། །ཞེས་སྨྲོས་ཏེ། རིགས་གསལ་བའི་བསྡུ་བ་ནི་ཆོས་མཐའ་དག་ཅེས་པ་ལྟ་བུའོ། །རིགས་མ་གསལ་བའི་བསྡུ་བ་ནི། མཐའ་དག་དང་ཀུན་ལ་སོགས་པ་ལྟ་བུའོ། །ད་ནི་གཞི་གཅིག་ཏུ་བསྡུ་བ་འཆད་དེ། དེའི་ཕྱིར། ཕྱོགས་གཅིག་ཏུ་ནི་བྱེད་པ་དང་། །སོ་སོའི་ཕྱོགས་གཅིག་བྱེད་པ་ཡིས། །གཞི་གཅིག་བསྡུ་བས་གཉིས་སུའོ། །ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་ནི། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པ་ལྟ་བུའོ། །སོ་སོ་ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་ནི། འདུས་བྱས་དང་འདུས་མ་བྱས་ཐམས་ཅད་བདག་མེད་དོ། །ཞེས་པ་ལྟ་བུའོ། །ད་ནི་གཞི་མཐུན་པའི་བསྡུ་བ་འཆད་དེ། དེའི་ཕྱིར། ཁྱད་པར་ཁྱད་པར་ཅན་གཉིས་ལས། །ཁྱད་པར་རྣམ་གཉིས་གཞི་གཅིག་ཏུ། །མཐུན་པར་གོ་བར་བྱ་བ་ལ། །སྦྱོར་བའི་གཞི་མཐུན་རྣམ་པ་གཉིས། །ཞེས་སྨྲོས་ཏེ། དེ་ཡང་ཁྱད་པར་དང་ཁྱད་པར་ཅན་གཉིས་གཞི་གཅིག་ཏུ་སྦྱོར་བ་ནི། སྔོ་བ་དང་ཨུད་པ་ལ་གཉིས་ཀ་ལ་ཨུད་པ་ལའོ་ཞེས་པ་ལྟ་བུའོ། །ཁྱད་པར་གཉིས་གཞི་གཅིག་ཏུ་བསྡུ་བ་ནི། སྔོ་བ་དང་རྩུབ་པ་གཉིས་ཀྱང་ཨུད་པ་ལ་ཞེས་གཞི་གཅིག་ཏུ་བསྡུ་བའོ། །མཐུན་པར་གོ་བ་ནི་ཆོས་ཐ་དད་པ་དག་གཞི་གཅིག་པར་གོ་བར་བྱ་བའི་སྐབས་སུ་སྒྲ་སྦྱོར་བ་ནི། གཞི་མཐུན་པའི་བསྡུ་བའོ། །ད་ནི་དེའི་སྐྱེས་བུ་འཆད་དེ། དེ་ལ་ཡང་གསུམ་སྟེ། བྱེད་པའི་ཚིག་གིས་དེའི་སྐྱེས་བུ་དང་། ལས་འཛིན་པ་དེའི་སྐྱེས་བུ་དང་། བ་གཉིས་པ་དེའི་སྐྱེས་བུའོ། །དེ་ཉིད་བསྟན་པའི་ཕྱིར། ངོ་བོའམ་ནི་ཆོས་ཀྱང་རུང་། །ཐ་དད་གོ་བར་བྱེད་པ་ཡི། །དེའི་སྐྱེས་བུ་གསུམ་ཡིན་ཏེ། །བྱེད་པའི་ཚིག་དང་ལས་འཛིན་དང་། །བ་གཉིས་པ་ཞེས་བྱ་བ་ལྟ་བུའོ། །ཞེས་སྨྲོས་ཏེ། དེའི་སྐྱེས་བུ་ཞེས་བྱ་བ་ནི་ཐ་དད་པར་གོ་བར་བྱེད་པ་སྟེ། དེ་ལ་ངོ་བོ་ཐ་དད་པར་སྦྱོར་བ་ཡང་རུང་ངོ་། །ངོ་བོ་གཅིག་གི་ཆོས་ཐ་དད་པར་སྦྱོར་བ་ཡང་རུང་སྟེ། ངོ་བོ་ཐ་དད་པར་སྦྱོར་བའི་སྐབས་སུ་དེའི་སྐྱེས་བུ་ཞེས་བྱའོ། །དེ་ལ་བྱེད་པའི་ཚིག་གི་དེའི་སྐྱེས་བུ་ཡང་དབྱེ་བ་བརྒྱད་དེ། དེ་བསྟན་པའི་ཕྱིར། དེ་ལ་བྱེད་པ་བརྒྱད་ཡིན་ཏེ། །དང་པོ་ལ་སོགས་བདུན་པའི་མཐའ། །རྣམ་དབྱེ་བསྒྱུར་བ་བདུན་པོ་དང་། །ཕྲད་དང་སྦྱོར་བ་བྲལ་བའི་ཕྱིར། །གཞན་དང་སྦྱོར་མེད་བོད་པ་ཡང་། །དགག་པ་དང་ནི་བརྒྱད་དུ་འདོད། །ཅེས་བྱ་བ་སྨྲོས་ཏེ། དེ་ལ་དང་པོའི་སྐྱེས་བུའི་བསྡུ་བ་ནི་བར་གྱི་ཚིག་མི་མངོན་པ་སྟེ། དེ་ཡང་དང་པོའི་སྒྲ་མི་མངོན་པར་བྱས་པའོ། །ལས་ལ་སོགས་པ་ནི་བྱེད་པ་དྲུག་གི་བསྡུ་བ་དང་འདྲ་བའོ། །བོད་པ་མ་གཏོགས་པ་ནི་གང་གི་ཕྱིར་བོད་པའི་སྒྲ་ལ་སྒྲ་གཞན་སྦྱར་དུ་མི་རུང་སྟེ། ཁ་དོག་ནག་པོ་བཞིན་ནོ། །དེའི་ཕྱིར་བོད་པའི་སྒྲ་ལ་ཚིག་བསྡུ་བ་མེད་དོ། །དགག་པ་དང་བརྒྱད་དུ་འགྱུར་རོ། །དགག་པ་དེ་ཉིད་འཆད་པར་འདོད་ནས། མཚན་ཉིད་དབང་གིས་དབྱེ་བ་ཡིས། །མ་ཡིན་དགག་པ་བཅུ་བཞི་དང་། །མཚན་ཉིད་དབྱེ་བ་མེད་མོད་ཀྱི། །ཡུལ་དང་དུས་ཀྱི་ཕྱེ་བ་ཡིས། །མེད་པ་དགག་པ་བཅུ་གཅིག་དག །གང་ལྡན་དགག་པར་འདོད་པའོ། །ཞེས་སྨྲོས་ཏེ། དེ་ཡང་བསྡུ་ན་གཉིས་ཏེ། མ་ཡིན་པར་དགག་པ་དང་། མེད་པར་དགག་པའོ། །དེ་ལ་མ་ཡིན་པར་དགག་པ་ནི། མཚན་ཉིད་མི་མཐུན་བཅུ་བཞིའོ། །མེད་པར་དགག་པ་མཚན་ཉིད་མི་མཐུན་པ་མེད་ཀྱི། ཡུལ་དང་དུས་ཀྱི་ཕྱེ་ན་བཅུ་གཅིག་གོ །དགག་པ་དེ་དང་ལྡན་པའི་ཚིག་ལ་དགག་པའི་སྒྲ་སྡུད་པ་ན། མེད་པ་དང་མ་ཡིན་ཞེས་བྱ་བ་ལྟ་བུ་ཕྱི་ནས་མ་ལྟ་བུ་སྦྱར་བ་ནི་དགག་པའི་བསྡུ་བ་ཞེས་བྱ་བ་ལྟ་བུའོ། །དེ་ལ་མ་ཡིན་པར་དགག་པའི་མཚན་ཉིད་མི་མཐུན་པ་བཅུ་བཞི་གང་ཞེ་ན། གཞན་དང་མི་མཐུན་གཉེན་པོ་དང་། །ཆུང་དང་ཕྲ་དང་ཉུང་བ་དང་། །ཡུན་ཐུང་ལྷག་མ་མེད་པ་དང་། །མཐའ་དག་མིན་དང་བྲལ་བ་དང་། །དམན་དང་ཞན་དང་ཞུམ་པ་དང་། །འདྲ་བ་དག་ལས་དགག་པ་ནི། །མ་ཡིན་དགག་པས་འདོད་པའོ། །ཞེས་བྱ་བ་ཡིན་ནོ། །དེ་ལ་གཞན་པ་ནི། རྒྱལ་པོ་ལ་བྲམ་ཟེ་མ་ཡིན་པ་ལྟ་བུའོ། །མི་མཐུན་པ་ནི། རིག་པའི་མི་མཐུན་པ་ལ་མ་རིག་པ་ཞེས་པ་ལྟ་བུ་ཡིན་ནོ། །གཉེན་པོ་ནི། ཆགས་པའི་གཉེན་པོ་ལ་མ་ཆགས་པ་ཞེས་བྱ་བ་ལྟ་བུའོ། །ཆུང་བ་ནི། གཟུགས་ཆུང་བ་ལ་གཟུགས་མེད་ཅེས་པ་ལྟ་བུའོ། །ཕྲ་བ་ནི། འདུ་ཤེས་ཕྲ་བ་ལ་འདུ་ཤེས་མེད་ཅེས་པ་ལྟ་བུའོ། །ཉུང་བ་ནི། རྫས་ཉུང་བ་ལ་རྫས་མེད་ཅེས་པ་ལྟ་བུའོ། །ཡུན་ཐུང་བ་ནི། ཚེ་ཐུང་བ་ལ་ཚེ་མེད་པ་ཞེས་ལྟ་བུའོ། །ལྷག་མ་མེད་པ་ནི། དེ་ཕན་ཆད་གྲངས་གཞན་མེད་པ་ལ་གྲངས་མེད་པ་ཞེས་པ་ལྟ་བུའོ། །མཐའ་དག་མིན་པ་ནི། རྒྱུ་མཐའ་དག་ནི་འབྲས་བུ་མཐའ་དག་ལ་ངེས་པ་མ་ཡིན་ནོ་ཞེས་པ་ལྟ་བུའོ། །བྲལ་བ་ནི། དྲི་མ་དང་བྲལ་བ་ལ་མྱ་ངན་ལས་འདས་པ་ལྟ་བུའོ། །དམན་པ་ནི། བུ་ངན་པ་ལ་བུ་མེད་ཞེས་པ་ལྟ་བུའོ། །ཞན་པ་ནི། འགྲོས་ཞན་པ་ལ་འགྲོས་མེད་ཅེས་པ་ལྟ་བུའོ། །ཞུམ་པ་ནི། སྟོབས་ཞུམ་པ་ལ་སྟོབས་མེད་ཅེས་པ་ལྟ་བུའོ། །འདྲ་བ་ལས་དགག་པ་ནི། རྣམ་པར་རིག་བྱེད་དང་འདྲ་བ་མ་ཡིན་པའི་གཟུགས་ལ་རིག་བྱེད་མ་ཡིན་པའི་གཟུགས་ཞེས་པ་ལྟ་བུའོ། །འདི་དག་གི་གཞན་དགག་པའི་སྒོ་ནས་རང་གི་ངོ་བོ་སྟོན་པ་མ་ཡིན་པར་དགག་པ་ཞེས་པའི་སྒོ་ནས་རང་གི་ངོ་བོ་སྟོན་པས་མ་ཡིན་པར་དགག་པ་ཞེས་བྱའོ། །ད་ནི་མེད་པར་དགག་པ་འཆད་དེ། དེའི་ཕྱིར། རྒྱུན་འདྲ་བ་དང་རང་བཞིན་དང་། །སྐབས་དང་རྟེན་གྱི་དབྱེ་བ་ཡིས། །སྔ་དང་ཞིག་ནས་མེད་པ་ལ། །དབྱེ་བ་རྣམ་པ་བརྒྱད་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དེ་ལ་སྔ་ན་མེད་པ་བཞི་ལ། རྒྱུན་འདྲ་བ་སྔ་ན་མེད་པ་སེམས་ཅན་སྐྱེས་པ་ལྟ་བུ་དང་། རང་བཞིན་སྔ་ན་མེད་པ་ས་བོན་ལ་མྱུ་གུ་མེད་པ་ལྟ་བུ་དང་། གནས་སྐབས་སྔ་ན་མེད་པ་གསེར་ལ་རྣ་རྒྱན་མེད་པ་ལྟ་བུ་དང་། རྟེན་ལ་སྔ་ན་མེད་པ་ས་ཕྱོགས་ན་བུམ་པ་མེད་པ་ལྟ་བུ་སྔ་ན་མེད་པ་རྣམ་པ་བཞིའོ། །དེ་བཞིན་དུ་ཞིག་ནས་མེད་པ་ཡང་བཞི་ཡིན་སྟེ། རྒྱུན་འདྲ་བ་ཞིག་ནས་མེད་པ་སེམས་ཅན་ཤི་ནས་མེད་པ་ལྟ་བུ་དང་། རང་བཞིན་ཞིག་ནས་མེད་པ་མྱུ་གུ་ལ་ས་བོན་གྱི་རང་བཞིན་ཞིག་ནས་མེད་པ་ལྟ་བུ་དང་། གནས་སྐབས་ཞིག་ནས་མེད་པ་རྣ་རྒྱན་ལ་གསེར་ཕྱེ་མེད་པ་ལྟ་བུ་དང་། རྟེན་ལ་ཞིག་ནས་མེད་པ་བུམ་པ་ཡུལ་གཞན་དུ་འཕོས་ནས་མེད་པ་ལྟ་བུ་སྟེ། ཞིག་ནས་མེད་པ་རྣམ་པ་བཞིའོ། །དེ་ལྟར་སྔ་ན་མེད་པ་དང་། ཞིག་ནས་མེད་པའི་དབྱེ་བ་རྣམ་པ་བརྒྱད་དོ། །ཕན་ཚུན་གཅིག་ལ་གཅིག་མེད་དང་། །ཤིན་ཏུ་མེད་པའི་དབྱེ་བ་ནི། །ཕན་ཚུན་དག་ལ་རང་བཞིན་དང་། །རྒྱུ་དང་རང་བཞིན་གཉིས་དབྱེ་བའི། །ཤིན་ཏུ་མེད་པ་བཅུ་གཅིག་ནི། །མེད་པར་དགག་པར་འདོད་པའོ། །ཞེས་བྱ་བ་ཡིན་ཏེ། ཕན་ཚུན་གཅིག་ལ་གཅིག་མེད་པ་ནི། རྟ་ལ་བ་ལང་གི་རང་བཞིན་མེད་པའོ། །ཤིན་ཏུ་མེད་པ་ལ་ཡང་། རྒྱུ་ཤིན་ཏུ་མེད་པ་ནི་ནམ་མཁའ་ལ་མེ་ཏོག་གི་རྒྱུ་མེད་པ་ལྟ་བུའོ། །རང་བཞིན་ཤིན་ཏུ་མེད་པ་ནི་ནམ་མཁའི་མེ་ཏོག་གི་རང་བཞིན་མེད་པ་ལྟ་བུ་སྟེ། དེ་ལྟར་བཅུ་གཅིག་གོ །དེ་དག་ཀྱང་མེད་པ་ཙམ་སྟོན་པའི་ཚེ་ན་ཡིན་ཏེ། དངོས་པོ་ཙམ་སྟོན་པའི་ཚེ་ནི་མ་ཡིན་པར་དགག་པ་ཡིན་ནོ། །དགག་པའི་ངེས་པའི་ཚིག་ནི། ཀུན་ཏུ་ལྡོག་ཕྱིར་དགག་པ་ཡིན། །ཞེས་སྨྲོས་པ་ཡིན་ཏེ། གང་དང་ལྡན་གཅིག་འབྲེལ་བའི་ཚིག་གི་དོན་འགེགས་ཤིང་ལྡོག་པར་བྱེད་པའོ། །ད་ནི་ལས་འཛིན་པ་འཆད་དེ། དེའི་ཕྱིར། དེ་ཉིད་གཞན་དུ་མི་བརྗོད་དང་། །འདྲ་བ་གཞན་དང་བྱེ་བྲག་གི །ཚིག་སྦྱོར་བྱེད་པ་ལས་འཛིན་ནོ། །ཞེས་སྨོས་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཚིག་གི་སྦྱོར་བ་ནི། ཨུཏྤལ་ཡང་ཡིན་ལ། སྔོན་པོ་ཡང་ཡིན་པས་ཨུཏྤལ་སྔོན་པོའོ། །འདྲ་བའི་ཚིག་སྦྱོར་བ་ནི། སྐྱེས་བུ་ཡང་ཡིན་ལ། སེང་གེ་དང་འདྲ་བ་ཡང་ཡིན་པས་སྐྱེས་བུ་སེང་གེའོ། །བྱེ་བྲག་གི་ཚིག་སྦྱོར་ནི། ཚ་བ་ཡང་ཡིན་ལ་རྩུབ་པ་ཡིན་པས་ཚ་རྩུབ་པོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་ལས་འཛིན་པ་དེ་རྣམས་ནི་གཞི་གཅིག་གི་ཆོས་སུ་སྦྱོར་བར་མཚུངས་པ་ཡིན་ཏེ། ལས་གཞིས་འཛིན་པས་ལས་གཞི་འཛིན་པའམ། གཞིའི་ལས་བྱེད་པས་ལས་འཛིན་པ་ཞེས་བྱའོ། །ད་ནི་བ་གཉིས་པ་འཆད་དེ། དེའི་ཕྱིར། གྲངས་དང་བསྡུས་དོན་སྦྱོར་བ་ཡིས། །གཅིག་དང་ཐ་དད་སྦྱོར་བྱེད་པ། །བ་གཉིས་པར་ནི་འདོད་པའོ། །ཞེས་སྨྲོས་ཏེ། གྲངས་ཀྱི་ཚིག་དང་བསྡུས་པའི་ཚིག་སྦྱོར་བ་ལ་གཅིག་གི་ཚིག་གིས་གཅིག་ཏུ་སྟོན་པ་དང་། མང་པོའི་ཚིག་གིས་ཐ་དད་དུ་སྟོན་པ་སྟེ། རྣམ་པ་གཉིས་སོ། །དེ་ལ་ལྔ་ཞེས་བྱ་བ་ནི་གྲངས་དང་། ཕུང་པོ་ཞེས་བྱ་བའི་བསྡུས་པའི་ཚིག་སྦྱར་ནས་ཕུང་པོ་ལྔ་ཞེས་བྱ་བའི་ལྡན་པའི་ཚིག་སྟོན་པའི་རྐྱེན་དང་ལྡན་པ་ནི་བ་གཉིས་པར་འགྱུར་ཏེ། ཕུང་པོ་ཡང་ཡོད་ལ་ལྔ་ཡང་ཡོད་པ་ནི་ཕུང་པོ་ལྔ་ལྟ་བུའོ། །གཅིག་ཏུ་སྦྱོར་བ་དང་ཐ་དད་དུ་སྦྱོར་བ་ནི་སྐབས་ཀྱིས་བརྩི་བར་བྱ་སྟེ། འདི་ལྟར་དྲུག་གྲོང་ཡིན་པ་ནི་གྲོང་དྲུག་སྟེ། གཅིག་གི་ཚིག་གོ །གྲོང་རྣམས་དྲུག་ཡིན་པ་ནི་གྲོང་དྲུག་རྣམས་ཏེ། མང་པོའི་ཚིག་གོ །བ་གཉིས་པ་ཞེས་བྱ་བ་ནི། བསྡུས་པ་ཡོད་པའི་བ་དང་། གྲངས་ཡོད་པའི་བ་གཉིས་སྟེ། དེ་སྟོན་པ་ནི་བ་གཉིས་པའོ། །ད་ནི་ཟླས་དབྱེ་བ་འཆད་དེ། དེའི་ཕྱིར། བསྡུས་པའི་ཕྱིར་དང་དབྱེ་བའི་ཕྱིར། །ཉེ་བར་ཐ་དད་སྦྱོར་བའི་ཕྱིར། །འདས་མ་ཐག་དང་གཞན་དག་དང་། །ལན་གྲངས་གཞན་ལ་སྦྱོར་བྱེད་པ། །ཟླས་དབྱེ་བ་ཞེས་འདོད་པ་ཡིན། །ཞེས་སྨྲོས་ཏེ། ཟླས་དབྱེ་བ་ནི་བསྡུ་བའི་ཕྱིར་སྦྱོར་ཡང་རུང་། དབྱེ་བའི་ཕྱིར་སྦྱོར་ཡང་རུང་སྟེ། ཉེ་བར་ནི་དེ་གཉིས་ག་ཡང་ཐ་དད་པར་གོ་བར་བྱེད་པ་ཡིན་ནོ། །དེ་ལ་བསྡུ་བའི་ཕྱིར་སྦྱོར་བ་ནི། ས་དང་ཆུ་དང་མེ་དང་རླུང་ནི་འབྱུང་བ་ཞེས་པ་ལྟ་བུའོ། །དབྱེ་བའི་ཕྱིར་སྦྱོར་བ་ནི། ཆོས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་པ་ལྟ་བུའོ། །སྡུད་པ་དག་ལ་ཡང་འདས་མ་ཐག་པའི་བསྡུ་བ་ནི། དང་ངམ་ཡང་གི་སྒྲ་དག་འདས་མ་ཐག་པའི་སྒྲ་བསྡུད་པའོ། །གཞན་བསྡུད་པ་ནི་ཚིག་དུ་མ་སྨྲོས་པའི་དོན་དག་བསྡུས་པའོ། །ལན་གྲངས་གྲངས་གཞན་ལ་སྦྱོར་བ་ནི་ལན་གྲངས་གཞན་ལ་སྨྲོས་པའི་ཚིག་བསྡུད་པའོ། །ཟླས་དབྱེ་བ་ཞེས་བྱ་བ་ནི། ཟླ་ཡིས་དབྱེ་བའམ། ཟླ་དང་དབྱེ་བ་སྟེ། གཉིས་པར་སྟོན་པ་ཞེས་བྱ་བའི་དོན་ནོ། །ད་ནི་ཕྱོགས་ཙམ་སྟོན་པ་འཆད་དེ། དེའི་ཕྱིར། རང་གི་རིགས་ཙམ་བསྡུད་བྱེད་ཅིང་། །ཕྱོགས་གཞན་ཀུན་ཏུ་སྤོང་བ་དང་། །རིགས་ཀྱི་ཚད་ཀྱང་མི་འཛིན་པ། །ཕྱོགས་ཙམ་སྟོན་པའི་སྦྱོར་བའོ། །ཞེས་སྨྲོས་ཏེ། འདི་ནི་ཙམ་དང་། རེ་རེ་ལྟ་བུའི་ཚིག་བསྡུད་པ་ཡིན་ཏེ། སེམས་ཙམ་བྱ་བ་ལྟ་བུ་སེམས་ཀྱི་རིགས་ཐམས་ཅད་སྟོན་པ་དང་། སེམས་མ་ཡིན་པ་གཞན་སྤོང་བར་བྱེད་ཅིང་། སེམས་རང་ཚད་འདི་ཙམ་ཞེས་འཛིན་པར་མི་བྱེད་པ་དེ་ལ་ནི་ཕྱོགས་ཙམ་སྟོན་པ་ཞེས་བྱའོ། །དེ་བཞིན་དུ་རྩྭ་རེ་རེ་དང་ཤིང་རེ་རེ་ཞེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ཚིག་བསྡུད་པའི་སྦྱོར་བ་བསྟན་ནས། ད་ནི་ཚིག་གི་ཕྲད་འཆད་དེ། དེ་ལ་ཡང་གཉིས་སྟེ། ཕྲད་དང་ཕྲད་འདུས་པའོ། །ཕྲད་བསྟན་པའི་ཕྱིར། གང་ཞིག་རང་གི་དོན་མེད་པའི། །དོན་གྱི་མིང་ལ་གསལ་བྱེད་པ། །ཚིག་གི་ཕྲད་ཅེས་བྱ་བ་སྟེ། །དེ་ལྡན་ཕྲད་དང་བཅས་པ་ཡིན། །ཚིག་གང་རང་ལ་བསྟན་པར་བྱ་བའི་དོན་མེད་ཅིང་། གཞན་ལ་ཕན་འདོགས་ཤིང་གསལ་བར་བྱེད་པ་ནི་ཚིག་གི་ཕྲད་ཅེས་བྱ་སྟེ། དཔེར་ན་ལྕགས་གཉིས་སྦྱོར་བར་བྱེད་པ་ཚྭ་ལ་ལྟ་བུའོ། །དོན་གྱི་མིང་ནི་ཚིག་གང་ལ་བསྟན་པར་བྱ་བའི་དོན་ཡོད་པའོ། །ཕྲད་དང་བཅས་པ་ནི་ཕྲད་དང་ལྡན་ཞིང་ཕྲད་ཡོད་པའོ། །དེ་ལྟར་སྤྱིར་བསྟན་ནས་རང་རང་གི་འཇུག་པ་བསྟན་པའི་ཕྱིར། དེ་ལ་ཕྲད་ཀྱི་འཇུག་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། ཚིག་གི་ཕྲད་རྣམས་ལས་གང་ཞེས་བྱ་བ་འཇུག་པ་བསྟན་པ་ནི། གང་ནི་འདྲི་བའི་ཚིག་གི་དོན། །སྤྱི་ལ་ཁྱབ་པར་སྦྱོར་བ་སྟེ། །སླར་བསྡུད་པ་ལ་ཀུན་ཏུ་སྤང་། །ཞེས་བྱ་བ་སྨྲོས་ཏེ། གང་ཞེས་བྱ་བ་ནི་འདྲི་བའི་ཚིག་ལས་ཁྱབ་པའི་སྤྱིའི་དོན་དུ་སྙེགས་པ་སྟེ། སླར་བསྡུད་པའི་ཚིག་མ་གཏོགས་པ་གཞན་ཐམས་ཅད་ལ་འཇུག་ཅིང་། འདྲི་བའི་ཚིག་ཏུ་སྦྱར་བའོ། །དེ་དང་ཆ་མཐུན་པ་ནི། ཅི་ལ་སོགས་པ་དེ་བཞིན་ཏེ། །ཁྱབ་པ་སྐབས་ཀྱིས་རྩི་བར་བྱ། །ཞེས་བྱ་བ་ཡིན་ཏེ། ཇི་སྙེད་དང་སུ་དག་ལ་སོགས་པ་གང་དང་མཐུན་ཏེ།འདྲི་ཞིང་སྤྱི་ལ་ཁྱབ་པར་འགྱུར་རོ། །ཁྱབ་པ་སྐབས་ཀྱི་རྩི་བ་ནི། གང་དག་ཅེས་བྱ་བ་དང་། སུ་དག་ཅེས་བྱ་བ་ལྟ་བུ་སྐབས་སུ་འཇུག་པའི་ཡུལ་མི་མཐུན་པར་འགྱུར་བ་ལྟ་བུའོ། །དེ་ཞེས་བྱ་བའི་འཇུག་པ་བསྟན་པ། དེ་ཞེས་བྱ་བའི་ཚིག་གི་དོན། །ཐ་སྙད་དབང་དུ་འཇུག་པ་གསུམ། །འདས་དང་རྣམ་གྲངས་གཞན་ཅན་དང་། །ལྷག་མ་དག་དང་བཅས་པའོ། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དེ་ཞེས་བྱ་བའི་སྒྲ་ཚིག་གི་ཐ་སྙད་ལ་འཇུག་པ་དང་། དངོས་པོ་ལ་འཇུག་པ་དང་། དུས་ལ་འཇུག་པ་གསུམ་ལས། ཐ་སྙད་ལ་འཇུག་པ་འབའ་ཞིག་ལ་ཡང་གསུམ་སྟེ།འདས་པ་ལ་འཇུག་པ་དང་། རྣམ་གྲངས་གཞན་ཡོད་པར་སྦྱོར་བ་དང་།ལྷག་མ་དང་བཅས་པར་སྟོན་པའོ། །དངོས་པོ་ལ་འཇུག་པ་ནི། བདེན་པ་དག་དང་གསང་བ་དང་། །བདག་གི་བ་དང་ཕ་རོལ་པོ། །དངོས་པོ་དག་ལ་འཇུག་པ་བཞིན། ཞེས་སྨྲོས་པ་ཡིན་ཏེ། བདེན་པ་ལ་འཇུག་པ་དང་། གསང་བ་ལ་འཇུག་པ་དང་།བདག་གི་བ་ལ་འཇུག་པ་དང་། ཕ་རོལ་པོ་ལ་འཇུག་པའོ། །དུས་ལ་འཇུག་པ་ནི། འདས་པ་དང་ནི་མ་འོངས་པའི། །དུས་ཉིད་ལ་ནི་འཇུག་པ་གཉིས། །ཞེས་སྨྲོས་པ་ཡིན། འདས་པ་ལ་འཇུག་པ་དང་། མ་འོངས་པ་ལ་འཇུག་པ་གཉིས་སོ། །མི་འཇུག་པ་ནི་གཉིས་ཏེ། བདག་ཉིད་ད་ལྟར་ཉིད་ལ་སྤང་། །ཞེས་བྱ་བ་སྟེ། དངོས་པོའི་སྐབས་སུ་བདག་ཉིད་ལ་མི་འཇུག །དུས་ཀྱི་སྐབས་སུ་ད་ལྟར་ལ་མི་འཇུག་གོ །ད་ལྟར་གྱི་དངོས་པོ་ལ་མི་འཇུག་གམ་ཞེ་ན། དངོས་པོའི་དུས་ནི་མི་འདོར་ཏེ། །ཀུན་ལ་རབ་ཏུ་སྦྱར་བར་བྱ། །ཞེས་སྨྲོས་ཏེ། དངོས་པོ་ལ་འཇུག་པ་བཞི་ནི་དུས་གསུམ་ཆར་མི་འདོར་ཏེ། དུས་ཀུན་ལ་འཇུག་པར་སྦྱར་བར་བྱའོ། །འདི་ཞེས་བྱ་བའི་འཇུག་པ་བསྟན་པ། འདི་ཚིག་འདས་དང་མ་འོངས་དང་། །སྐབས་ཀྱི་དངོས་གཞན་དག་ལ་འཇུག །གང་ཞིག་ལས་ནི་ལྟོས་བྱས་པའི། །ཉེ་བ་དག་དང་མངོན་སུམ་པའི། །དངོས་པོ་དག་དང་གཉིས་ཡིན་ནོ། །ཞེས་བྱ་བ་སྨྲོས་ཏེ། འདི་ཞེས་བྱ་བའི་སྒྲ་ནི་འདས་པ་ལ་འཇུག་པ་དང་། མ་འོངས་པ་ལ་འཇུག་པ་དང་། དངོས་པོ་གཞན་ལ་འཇུག་པ་དང་གསུམ་མོ། །དེ་ཡང་གཉིས་ཏེ། དངོས་པོ་ཉེ་བ་ལ་འཇུག་པ་དང་། མངོན་སུམ་ལ་འཇུག་པའོ། །འདི་གཉིས་ཀྱང་ལྟོས་པ་ཡིན་ཏེ། གང་ཞིག་ལ་ལྟོས་ན་འདི་ཉེ་བའོ། །ཞེས་བྱ་བ་དང་། གང་ཞིག་ལ་ལྟོས་ན་འདི་མངོན་དུའོ། །ཞེས་སྟོན་པའོ། །འདི་ཞེས་བྱ་བའི་སྒྲ་མི་འཇུག་པ་ནི། སྤང་བར་བྱ་བ་འདི་ལྟ་སྟེ། །ལྐོག་ཏུ་གྱུར་དང་རིང་བ་དང་། །གལ་ཏེ་བསྟན་བྱ་དུས་ཉིད་ན། །འདས་དང་མ་འོངས་སྤང་བར་བྱ། །ཞེས་བྱ་བ་ཡིན་ཏེ། དོན་ལྐོག་ཏུ་གྱུར་པ་ལ་མི་འཇུག་པ་དང་། དངོས་པོ་རྒྱང་རིང་བ་ལ་མི་འཇུག་པའོ། །གལ་ཏེ་འདི་ཞེས་བྱ་བའི་སྒྲ་དུས་ལ་འཇུག་པ་ན། འདས་པ་དང་མ་འོངས་པ་ལ་མི་འཇུག་གོ །དེ་རྣམས་ཀུན་ལ་བསྒྱུར་བ་ལྡན། །ཞེས་བྱ་བ་ནི། གང་དང་དེ་དང་འདི་རྣམས་བསྒྱུར་བ་བདུན་དང་ལྡན་ཏེ། འདི་ལྟར་གང་། གང་ལ། གང་གིས། གང་གི་ཕྱིར། གང་ལས་གང་གི །གང་ལ། དེ་བཞིན་གཞན་ལ་ཡང་སྦྱར་རོ། །ད་ནི་སྐབས་སུ་བབ་པའི་ཚིག །ད་ལྟར་བྱུང་ལ་སྦྱོར་བ་སྟེ། །འདས་པའི་སྐབས་ལ་རྣམ་པར་སྤང་། །ཞེས་བྱ་བ་ནི། ད་ནི་ཞེས་བྱ་བའི་སྒྲ་ནི། དོན་བཤད་པའི་སྐབས་སུ་བབ་པའི་ཚིག་ཡིན་ཏེ། ད་ལྟར་བཤད་པའི་དུས་ལ་སྦྱོར་གྱི། འདས་པའི་དུས་ལ་ནི་མི་འཇུག་གོ ། ན་ཞེས་བྱ་བའི་འཇུག་པ་བསྟན་པ། ན་ཞེས་བྱ་བའི་ཚིག་གི་དོན། །དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང་། །རྒྱུ་མཚན་དོན་གྱིས་སྟོན་པ་དང་། །ལས་དང་ཆེད་དང་རྟེན་གནས་དང་། །ཕྱི་ཚིག་དེ་གཞན་སོགས་སྟོན་དང་། །འོས་པ་དཀའ་བ་ཆག་འཛིན་ལས། །ཕྱི་ཚིག་ངེས་པར་བྱེད་པ་དང་། །དེ་ལས་ཟློག་པ་ཉིད་དང་ནི། །འགལ་བའང་མི་འགལ་སྟོན་པ་ནི། །སྨོན་དང་འདྲི་དང་ཐེ་ཚོམ་གཞི། །ཚེ་སྐབས་རྣམས་ལ་འདི་མཐོང་ངོ་། །ཞེས་བྱ་བ་ཡིན་ཏེ། ན་ཞེས་བྱ་བའི་ཚིག་གི་དོན་ནི། འདི་སྙེད་གཅིག་ལ་འཇུག་པ་ལས། དམིགས་འབྱེད་པར་བྱེད་པའི་ན་ལ་ཡང་། གཉིས་ཏེ། གཞུང་འཛུགས་པ་དང་། གལ་འཛུགས་པའོ། །དེ་ལ་དམིགས་ཀྱིས་འབྱེད་པ་གཞུང་འཛུགས་པ་ནི་དངོས་སུ་ན་ཞེའམ། མདོར་ན་ཞེས་པ་ལྟ་བུའོ། །གལ་འཛུགས་པ་ནི་ཡིན་གྲང་ན། འགྱུར་གྲང་ན་ཞེས་པ་ལྟ་བུའོ། །རྒྱུ་མཚན་ནི་མཚན་མའི་ཚིག་དང་། རྒྱུའི་ཚིག་སྟེ། དེ་ལ་རྒྱུ་མཚན་མཚན་མའི་ཚིག་ནི། ཅི་ཞིག་ཡོད་ན་འདི་བྱེད་ཞེས་པ་ལྟ་བུའོ། །རྒྱུ་མཚན་རྒྱུའི་ཚིག་ནི། འདི་ཡོད་ན་འདི་འབྱུང་ཞེས་པ་ལྟ་བུའོ། །རྒྱུ་མཚན་དོན་གྱིས་བསྟན་པ་ནི། འདི་ལྟར་ཤིང་ཉིད་མེད་ན་ཤིང་ཤ་པ་གང་ཞིག་ཡོད་ཅེས་པ་ལྟ་བུ། ཡོད་པའི་ཚིག་གིས་འགེགས་པར་བྱེད་པའམ། འདྲི་བར་བྱེད་པའི་ཚིག་གིས་ལན་འདོན་པར་བྱེད་པའོ། །ལས་ནི། ཤིང་གི་རྩེ་མོ་ན་གཅོད་ཅེས་པ་ལྟ་བུའོ། །ཆེད་ནི། ཤིང་གི་ཕྱིར་ན་ཆུ་འདྲེན་ཅེས་པ་ལྟ་བུའོ། །རྟེན་གནས་ནི། ཤིང་གི་རྩེ་མོ་ན་གནས་སོ་ཞེས་པ་ལྟ་བུའོ། །ཚིག་ཕྱི་མ་དེ་ལས་གཞན་པ་ལ་སོགས་པར་སྟོན་པ་ནི། སོགས་ཀྱིས་བསྡུ་བ་ནི་ཚིག་ཕྱི་མ་དེ་དང་འགལ་བ་དང་། དེ་མེད་པར་སྟོན་པ་བསྡུས་ཏེ། འདི་ལྟར་དུ་བ་གང་ན་ཡོད་པ་དེ་ན་མེ་ཡོད་པ་ཡིན་ན། འདི་ན་ནི་དུ་བ་མེད་དེ་ཞེས་པ་ལྟ་བུའོ། །ཚིག་ཕྱི་མ་སྔ་མ་ལས་གཞན་པ་སྟོན་པ་དང་། འགལ་བར་སྟོན་པ་དང་། མེད་པ་སྟོན་པ་ལྟ་བུ་ཡིན་ནོ། །མི་འོས་པའི་ཚིག་གིས་ཕྱི་མ་ངེས་པར་བྱེད་པ་ནི། ལྷ་ཡང་ཕྱག་འཚལ་ན་མི་རྣམས་ལྟ་སྨྲོས་ཅི་དགོས་ཞེས་པ་ལྟ་བུའོ། །རྒྱུ་ཡང་མ་སྐྱེས་ན་རྒྱུ་ཅན་ག་ལ་སྐྱེ་ཞེས་པ་ལྟ་བུའོ། །དེ་ལས་ཟློག་པ་ནི། སྔ་མའི་ཚིག་གིས་ཕྱི་མ་ངེས་པར་བྱེད་པ་ཡིན་ཏེ། མི་ཕྱག་འཚལ་ན་ལྷ་ཡང་ཕྱག་འཚལ་ལམ་བྱ་བ་ལྟ་བུའོ། །འགལ་བ་ཡང་མི་འགལ་བར་སྟོན་པ་འདི་ནི་མི་མཐུན་པའི་རྒྱན་སྟོན་པ་ཡིན་ཏེ། འདི་ལྟར་དོན་དམ་པར་ནི་དབྱེར་མེད་ན། ཀུན་རྫོབ་ཏུ་དབྱེ་བ་ཡོད་ཅེས་པ་ལྟ་བུའོ། །སྨོན་པའི་གཞི་ནི་བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་ཕྱིར་བདག་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་ན་ཞེས་སྨོན་པའི་ནི་གོ་ཅའི་རྒྱུ་ཞེས་པ་ལྟ་བུའོ། །༼སྡེ་དགེ་པར་ལས། སྨོན་པའི་གཞི་ནི་བྱང་ཆུབ་ཀྱི་སྙིང་པོ་ཐོབ་པར་བྱ་ན་ཞེས་སྨོན་པ་ནི་གོ་ཆའི་རྒྱུ་ཞེས་པ་ལྟ་བུའོ། །༽འདྲི་བའི་གཞི་ནི་གཟུགས་གཟུགས་སུ་རུང་བ་ཡིན་ན་འདི་ཅིས་གཟུགས་སུ་རུང་ཞེས་པ་ལྟ་བུའོ། །ཐེ་ཚོམ་གྱི་གཞི་ནི་ས་བོན་ཡོད་ན་མྱུ་གུ་འབྱུང་བར་འགྱུར་བའམ། འོན་ཏེ་མ་ངེས་ཞེས་པ་ལྟ་བུའོ། །ཚེ་སྐབས་ནི་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེའམ། ༼སྡེ་དགེ་པར་མ་ལས། གང་གི་ཚེ་ན་ཞེས་པའམ། ༽དེའི་ཚེ་ན་ཞེས་པ་ལྟ་བུའམ། དུས་ལ་སྦྱོར་བའི་བདུན་པ་ལྟ་བུའོ། །ད་ནི་ཏེའི་དོན་འཆད་དེ། དེ་ཡང་རྣམ་པ་གསུམ་དུ་བསྟན་པའི་ཕྱིར། སྟེ་ནི་ལྷག་མ་ཡོད་པ་སྟེ། །འཚམས་སྦྱོར་བ་དང་དམ་འཆའ་དང་། །གཞན་འདྲེན་པ་དང་གསུམ་དུ་འདོད། །ཞེས་བྱ་བ་སྨྲོས་སོ། །དེ་ལ་འཚམས་སྦྱོར་བ་བསྟན་པའི་ཕྱིར། བྱེད་དང་བྱ་བའམ་ཡང་ན་ནི། །བྱ་བ་ཉིད་དུ་སྦྱོར་བ་གང་། །ཚིག་གཉིས་རིམ་མམ་དུས་གཅིག་ཏུ། །སྦྱོར་བར་བྱེད་པ་འཚམས་སྦྱོར་ཡིན། །ཞེས་བྱ་བ་སྨྲོས་ཏེ། འཚམས་སྦྱོར་བ་ཡང་ཚིག་སྔ་མ་བྱེད་པར་སྦྱོར་ལ། ཚིག་ཕྱི་མ་བྱ་བར་སྦྱོར་བའམ། དུས་མི་མཐུན་ཏེ། རིམ་དུ་འཇུག་པ་ཡོད་དེ། མདའ་འཕངས་ཏེ་ཕོག་ཅེས་པ་ལྟ་བུའོ། །ཁ་ཅིག་ནི་གཉིས་ཀ་བྱ་བར་སྦྱོར་ལ་དུས་རིམ་གྱིས་འཇུག་པ་ཡོད་དེ། ལྷ་མཆོད་དེ་ལས་བྱ་ཞེས་པ་ལྟ་བུའོ། །ཁ་ཅིག་ནི་གཉིས་ཀ་བྱ་བར་སྦྱོར་ལ། དུས་གཅིག་ཏུ་སྦྱོར་བ་ཡོད་དེ། འཛུམ་མུལ་ལེ་མདངས་དབྱུང་ཞེས་པ་ལྟ་བུའོ། །འདི་དག་ནི་ནས་ཞེས་བྱ་བ་དང་། ཅིང་ཞེས་བྱ་བ་ལ་སོགས་པ་དང་ཡང་མཐུན་པར་སྦྱར་རོ། །དམ་བཅའ་བ་ནི། གང་ཞིག་གིས་ནི་སྔ་མ་ལ། །གསལ་བར་བྱེད་པ་དམ་བཅའ་བ། །ཞེས་བྱ་བ་ཡིན་ཏེ། རྣམ་གྲངས་དམ་བཅའ་བ་དང་།དེ་བཞིན་དུ་གཏན་ཚིགས་དང་། ངེས་པའི་ཚིག་དང་། བསྟན་པ་བཤད་པ་ལ་སོགས་པ་ཡིན་ཏེ། ཚིག་ཕྱི་མས་སྔ་མ་ལ་ཕན་འདོགས་ཤིང་གསལ་བར་བྱེད་པ་རྣམས་སོ། །གཞན་འདྲེན་པ་ནི། ལྷག་མ་ཡོད་ཙམ་སྟོན་འགྱུར་ཞིང་། །དེ་ལས་གཞན་གྱུར་གཞན་འདྲེན་པའོ། །ཞེས་བྱ་བ་ཡིན་ཏེ། ད་དུང་བསྟན་པར་བྱ་བ་གཞན་ཞིག་ཀྱང་ཡོད་པ་ཙམ་དུ་སྟོན་ཅིང་། གོང་མ་གཉིས་ཀ་ལས་གཞན་དུ་སྟོན་པ་ནི་གཞན་འདྲེན་པ་ཡིན་ཏེ། འདི་ལྟར། ཤར་གྱི་ཕྱོགས་ན་དབང་པོ་སྟེ། ལྷོའི་ཕྱོགས་ན་འཆི་བདག་གོ །ཞེས་པ་ལྟ་བུའོ། །འདི་རྣམས་ནི་ཚིག་ལྷག་མ་ཡོད་པར་སྟོན་པ་ཡིན་ཏེ། འདི་ཉིད་ཚིག་ལྷག་མ་ཡིན་ནོ། །དང་གི་སྒྲ་འཇུག་པ་བསྟན་པ་ནི། དང་ནི་འབྱེད་དང་བསྡུད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔ། །དེ་ཉིད་དང་ནི་གཞན་དག་དང་། །ལན་གྲངས་གཞན་ལ་སྦྱོར་བ་ཡི། །བསྡུད་པའི་སྒྲ་དང་གསུམ་དུ་འདོད། །ཞེས་བྱ་བ་ཡིན་ཏེ། དེ་ལ་འབྱེད་པའི་དང་ནི། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ་ལྟ་བུའོ། །སྡུད་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཞེས་པ་ལྟ་བུའོ། །རྒྱུ་མཚན་ནི། མཉན་པ་བྱས་དང་ལྷག་མཐོང་འཕེལ། ཅེས་པ་ལྟ་བུའོ། །ཚེ་སྐབས་ནི། དགེ་སློང་དེ་དག་བཅོམ་ལྡན་འདས་ལ་ཕྱིར་ཉན་པ་དང་། ཞེས་པ་ལྟ་བུའོ། །གདམས་ངག་ནི། དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ཞེས་པ་ལྟ་བུའོ། །སྡུད་པའི་དང་འབའ་ཞིག་ལ་དབྱེ་བ་གསུམ་སྟེ། འདས་པའམ་མ་འོངས་པའང་རུང་སྟེ། ཉེ་བ་ཉིད་བསྟན་པ་བསྡུ་བ་དང་། དངོས་པོ་གཞན་བསྡུ་བ་དང་། ལན་གྲངས་གཞན་ལ་བསྟན་པས་བསྡུ་བའོ། །ནི་ཞེས་བྱ་བའི་འཇུག་པ་བསྟན་པ། ནི་ནི་དགར་དང་བརྣན་པའི་ཚིག །དམིགས་སམ་ངེས་པར་འཛིན་པ་དེ། །ཕྱི་མའི་ཚིག་ལ་སྦྱར་བར་བྱ། །ཞེས་བྱ་བ་ཡིན་ཏེ། ནི་ཞེས་བྱ་བའི་སྒྲ་ནི། དགར་བ་དང་བརྣན་པའི་ཚིག་ཏུ་འགྱུར་ཏེ། དེ་ལ་དགར་བ་ལ་ཡང་ཟླ་ལས་དགར་བ་དང་། བཀོད་པ་ལས་དགར་བའོ། །དེ་ལ་ཟླ་ལས་དགར་བ་ནི། དགར་བའི་གནས་དམིགས་ཀྱིས་མ་སྨྲོས་ཀྱང་། དོན་གྱིས་ཡོད་པར་ཤེས་པར་བྱའོ། །བཀོད་པ་ལས་དགར་བ་ནི། སྔར་ངོ་བོ་བཀོད་ནས་ཕྱིས་གཏན་ཚིགས་འཇོག་པ་ལྟ་བུའོ། །བརྣན་པ་ལ་ཡང་ངོ་བོ་ཉིད་བརྣན་པ་དང་། རྣམ་གྲངས་ཀྱི་དབྱེ་བ་བརྣན་པའོ། །དེ་ལ་ངོ་བོ་ཉིད་བརྣན་པ་ནི།ཉིད་དང་ཁོ་ན་ལྟ་བུར་གྱུར་པའོ། །རྣམ་གྲངས་གཞན་བརྣན་པ་ནི། ཡང་ན་ལྟ་བུར་གྱུར་པའོ། །ཕྱི་མའི་ཚིག་དང་སྦྱར་བར་བྱ། །ཞེས་བྱ་བ་ནི། སྤྱིར་དྲི་བའི་ཚིག་ཡིན་པས་ཚིག་ཕྱི་མ་དང་སྦྱར་ཏེ། གང་གི་ཕྱིར་ཞེས་བྱ་བ་དང་། གང་ཞེ་ན་ཞེས་བྱ་བ་དང་། འདི་ལྟ་སྟེ་ཞེས་བྱ་བ་དང་། སྦྱར་བར་བྱའོ། །ཀྱང་དང་ཡང་ལ་སོགས་པའི་འཇུག་པ་བསྟན་པ་ནི། ཀྱང་དང་ཡང་ནི་བསྡུད་པའི་ཚིག །མི་མཐུན་མཐུན་པར་སྟོན་པ་ཡིན། །འདས་པའམ་མ་འོངས་གཞན་དག་ལ། །ཅི་རིགས་དག་ཏུ་བསྡུ་བར་བྱ། །ཡང་ཞེས་བྱ་བའང་བརྣན་པ་ཡིན། །ཞེས་བྱ་བ་ཡིན་ཏེ། བསྡུད་པར་སྟོན་པའི་ཚེ་ནི་འདས་པའམ་མ་འོངས་པའམ། དངོས་པོ་གཞན་ཡང་རུང་སྟེ། ཡོན་ཏན་མཚུངས་པར་བསྡུད་པའོ། །འགལ་བའི་ཆོས་མི་འགལ་བར་སྟོན་པ་ཡང་ཡིན་ཏེ། མི་མཐུན་པའི་རྒྱན་དུ་གྱུར་པའོ། །འདས་པར་བསྟན་པའམ། མ་འོངས་པར་བསྟན་པའམ། གཞན་བསྡུད་པའི་སྐབས་སུ་ཅི་རིགས་པར་བསྡུས་པ་ཞེས་བྱ་སྟེ། ཅི་རིགས་ཞེས་བྱ་བའི་སྒྲ་ནི་འདས་པའི་སྐབས་སུ་མ་སྨྲོས་ཀྱང་གཞན་བསྡུད་པར་བྱེད་པ་རྣམས་སོ། །བརྣན་པ་ཞེས་བྱ་བ་ནི། ཁ་ཅིག་ཏུ་ཡང་ཞེས་བྱ་བའི་ཚིག་བརྣན་པར་འགྱུར་ཏེ། རྣམ་གྲངས་གཞན་བརྣན་པར་སྟོན་པའོ། །ད་ནི་ཁོ་ནའི་ཚིག་གི་དོན་བསྟན་པའི་ཕྱིར། ངེས་པར་གཟུང་བའི་ཚིག་གི་དོན། །གཞན་མི་ལྡན་དང་གཞན་ལ་མིན། །ལྡན་པ་ཙམ་དུ་འཛིན་པ་དང་། །མ་ངེས་པ་ནི་རྣམ་པ་གཉིས། །བདེན་ཞིང་མི་སླུ་བ་ཉིད་དང་། །ཁོ་ན་དག་ནི་རྣམ་པ་དྲུག །ཞེས་བྱ་བ་སྨྲོས་ཏེ། དེ་ལ་ཉིད་དང་ཁོ་ན་ལྟ་བུའི་ཚིག་གི་དོན་དྲུག་ལ་འཇུག་སྟེ། གཞན་མི་ལྡན་པར་ངེས་པར་གཟུང་བ་དང་།གཞན་ལ་མི་ལྡན་པར་ངེས་པར་གཟུང་བ་དང་། ལྡན་པ་ཙམ་དུ་ངེས་པར་གཟུང་བ་དང་། གཞན་མི་ལྡན་པར་མ་ངེས་པར་གཟུང་བ་དང་།གཞན་ལ་མི་ལྡན་པར་མ་ངེས་པ་དང་། བདེན་ཞིང་མི་སླུ་བའི་དོན་དྲུག་གོ །དེ་ལ་གཞན་མི་ལྡན་པ་ནི། དེ་བཞིན་གཤེགས་པ་ནི་ཡོངས་སུ་རྫོགས་པའི་ཡོན་ཏན་ཁོ་ན་དང་ལྡན་ནོ། །ཞེས་པ་ལྟ་བུ་སྟེ། འདི་ལ་ཆོས་གཞན་མེད་པར་སྟོན་པའོ། །གཞན་ལ་མི་ལྡན་པར་ངེས་པར་གཟུང་བ་ནི། དེ་བཞིན་གཤེགས་པ་ཁོ་ན་ལ་རྫོགས་པའི་ཡོན་ཏན་མངའོ། །ཞེས་པ་ལྟ་བུ་སྟེ། གཞན་ལ་མེད་པར་སྟོན་པའོ། །གཞན་མི་ལྡན་པར་མ་ངེས་པ་ནི། སྲིད་བསྒྲུབ་འཕོང་ཁོ་ན་སྐྱེན། ཞེས་པ་ལྟ་བུ་སྟེ། འདི་ལ་ཡོན་ཏན་གྱི་ཆོས་རྩིས་མཁན་ལ་སོགས་པ་གཞན་ཡོད་པས་མ་ངེས་པར་འགྱུར་རོ། །གཞན་ལ་མི་ལྡན་པར་མ་ངེས་པ་ནི། སྲིད་བསྒྲུབ་ཁོ་ན་རྩིས་མཁས། ཞེས་པ་ལྟ་བུ་སྟེ། འདི་ནི་སྲིད་བསྒྲུབ་པས་དོན་གྲུབ་རྩིས་མཁས་ཏེ། མ་ངེས་པར་འགྱུར་རོ། །ལྡན་པ་ཙམ་དུ་འཛིན་པ་ནི། སྲིད་བསྒྲུབ་རྩིས་མཁས་པ་ཁོ་ན། ཞེས་པ་ལྟ་བུ་སྟེ། འདི་ནི་ལྡན་པ་ཙམ་དུ་བསྒྲུབ་ཀྱི། གཞན་ལ་ཟུར་ཟ་བར་མི་བྱེད་དོ། །བདེན་ཞིང་མི་སླུ་བའི་དོན་ལ་འཇུག་པ་ནི། ཀུན་རྫོབ་དང་དོན་དམ་པའི་དེ་ཁོ་ན་ཉིད། ཅེས་པ་ལྟ་བུའོ། །ཉིད་ཀྱི་འཇུག་པ་བསྟན་པ་ནི། ཉིད་ནི་དེ་བཞིན་ཅུང་ཟད་དུ། །ཕྱི་ཚིག་ཐ་མི་དད་པ་དང་། །སོ་སོའི་རྐྱེན་དུ་འགྱུར་བའོ། ཞེས་བྱ་བ་ཡིན་ཏེ། ཉིད་ལ་ཕལ་དུ་ཁོ་ན་དང་འདྲ། ཅུང་ཟད་མི་འདྲ་བར་ཚིག་ཕྱི་མ་རང་ལས། ཐ་མི་དད་པར་སྦྱོར་བ་ཡང་ཡོད་དེ། ཨུད་པ་ལ་ཉིད་སྔོན་པོ་ཞེས་པ་ལྟ་བུའོ། །ཁ་ཅིག་དངོས་པོའི་རྐྱེན་དུ་འགྱུར་ཏེ། སྲ་བ་ཉིད། ཅེས་པ་ལྟ་བུ་སྲ་བའི་དངོས་པོ་ནི་སྲ་བ་ཉིད་ལྟ་བུར་སྟོན་པའོ། །ཙམ་གྱི་འཇུག་པ་སྟོན་པ་ནི། ཚད་འཛིན་ལྷག་མ་འགོག་པ་ཡིས། །ཙམ་ཞེས་བྱ་བ་རྣམ་པ་གཉིས། །ཞེས་བྱ་བ་ཡིན་ཏེ། ཚད་འཛིན་པའི་ཙམ་ནི།རྡུལ་ཕྲ་མོ་ཙམ། ཞེས་བྱ་བའམ། རི་རབ་ཙམ། ཞེས་བྱ་བ་ལྟ་བུའོ། །ལྷག་པ་འགོག་པའི་ཙམ་ནི།རྣམ་པར་རིག་པ་ཙམ་མོ། །ཞེས་པ་ལྟ་བུའོ། །དེ་དང་ཕྱོགས་མཐུན་པར་བསྟན་པའི་ཕྱིར། འབའ་ཞིག་ལ་སོགས་དེ་བཞིན་སྦྱར། །ཁྱབ་པ་སྐབས་ཀྱིས་རྩི་བར་བྱ། །ཞེས་བྱ་བ་སྨྲོས་ཏེ། འབའ་ཞིག་དང་ཤ་སྟག་ལ་སོགས་པའང་ལྷག་མ་འགོག་པར་སྦྱར་ཏེ། དེ་རྣམས་གང་ཁྱབ་ཆེ་བ་ནི་སྐབས་ཀྱི་ཤུགས་དང་སྦྱར་རོ། །ད་ནི་དོན་ལྷག་པར་སྟོན་པ་དང་མི་སྟོན་པའི་ཕྲད་བསྟན་པའི་ཕྱིར།ཡང་དག་ཡོངས་སུ་ཀུན་ཏུ་སོགས། །སྒྲ་བཞིན་དང་ནི་ཕྲད་དུའོ། །ཞེས་བྱ་བ་སྨྲོས་ཏེ། ཡང་དག་པར་ཞེའམ། ཀུན་ཏུ་ཞེའམ། དེ་བཞིན་རབ་དང་། རྣམ་པ་དང་། ཉེ་བ་དང་། ཤིན་ཏུ་ལྟ་བུ་སྐབས་སུ་སྒྲ་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་རོ། །སྐབས་སུ་དོན་ལྷག་པར་སྟོན་པ་མེད་དེ། ཚིག་གི་ཕྲད་དང་རྒྱན་ཙམ་མོ། །ད་ནི་ཚུལ་གྱི་སྒྲ་ལས་ཚིག་གི་ཕྲད་དུ་འགྱུར་བ་བསྟན་པར་འདོད་ནས། ཚུལ་ནི་འདྲ་དང་སྨད་པ་དང་། །སྒོ་དང་སྡོམ་པ་མཚན་ཉིད་དང་། །ཐབས་དང་རིགས་དང་དོན་དང་འདོད། །ལེགས་པ་དག་ལ་འཇུག་པ་ལས། །འདྲ་བར་སྦྱར་བ་འཕྲད་དུ་འདོད། །ཞེས་བྱ་བ་སྨྲོས་ཏེ། ཚུལ་ཞེས་བྱ་བའི་སྒྲ་ཇི་སྐད་བཤད་པའི་དོན་བཅུ་ལ་འཇུག་པ་ལས། འདྲ་བ་ལ་འཇུག་པ་ནི།དཔེ་དང་སྦྱར་རོ། །སྨད་པ་ལ་འཇུག་པ་ནི། མི་ངན་པ་ལ་མིའི་ཚུལ་ཞེས་པ་ལྟ་བུའོ། །སྒོ་ལ་འཇུག་པ་ནི། དོན་གྱི་སྒོ་ལ་དོན་གྱི་ཚུལ་ཞེས་པ་ལྟ་བུའོ། །སྡོམ་པ་ལ་འཇུག་པའི་ཚུལ་དུ་ཞུགས་པ་ལྟ་བུའོ། །མཚན་ཉིད་ལ་འཇུག་པ་ནི། ངང་ཚུལ་ངན་པ་ལ་ཚུལ་ངན་པ་ཞེས་པ་ལྟ་བུའོ། །ཐབས་ལ་འཇུག་པ་ནི། སྔགས་ཀྱི་ཐབས་ནི་རིག་སྔགས་ཀྱི་ཚུལ། ཞེས་པ་ལྟ་བུའོ། །རིགས་ལ་འཇུག་པ་ནི། རིགས་པ་དང་ལྡན་པའི་ཚུལ་དང་ལྡན་པ་ཞེས་པ་ལྟ་བུའོ། །དོན་ལ་འཇུག་པ་ནི། དོན་བཟང་པོ་ལ་ཚུལ་བཟང་པོ་ཞེས་པ་ལྟ་བུའོ། །འདོད་པ་ལ་འཇུག་པ་ནི། གཞན་གྱི་འདོད་པའི་ཡུལ་ནི་གཞན་གྱི་ཚུལ་ཞེས་པ་ལྟ་བུའོ། །ལེགས་པ་ལ་འཇུག་པ་ནི། མ་ནོར་བར་བྱེད་པ་ལ་ཚུལ་བཞིན་བྱེད་པ་ཞེས་པ་ལྟ་བུ་སྟེ། ཚུལ་ཞེས་པ་དོན་འདི་རྣམས་ལ་འཇུག་པ་ལས། འདྲ་བར་སྦྱར་བ་ནི་ཚིག་གི་ཕྲད་དུ་སྦྱར་རོ། །བཞིན་ལ་སོགས་པའི་འཇུག་པ་བསྟན་པ། བཞིན་ལ་སོགས་པའི་ཚིག་གི་དོན། །མ་ནོར་བ་དང་ཡིན་པ་དང་། །འདྲ་བ་དག་ཏུ་སྦྱར་བའོ། །ཞེས་བྱ་བ་ཡིན་ཏེ། དེ་བཞིན་དང་དེ་ལྟ་བུ་ཞེས་བྱ་བའི་ཚིག་གི་དོན། མ་ནོར་བ་ལ་འཇུག་པ་ནི་དེ་བཞིན་ཉིད་ཅེས་པ་ལྟ་བུའོ། །ཡིན་པ་ལ་འཇུག་པ་ནི། དེ་ཡིན་པ་ལ་དེ་ལྟ་བུ་ཞེས་པ་ལྟ་བུའོ། །འདྲ་བ་ལ་འཇུག་པ་ནི་དེ་དང་འདྲ་བ་ནི་དེ་བཞིན་ནོ་ཞེས་པ་ལྟ་བུའོ། །ཅིང་ལ་སོགས་པའི་འཇུག་པ་བསྟན་པ། ཅིང་ལ་སོགས་པ་བསྡུ་བ་དང་། །མཚམས་སྦྱོར་དག་ཏུ་འདོད་པ་ཡིན། །ཞེས་སྨྲོས་ཏེ། ཅིང་ཞེས་བྱ་བ་དང་ཤིང་ཞེས་བྱ་བ་འདི། བསྡུ་བ་ལ་འཇུག་པ་ནི་ཀྱང་དང་ཡང་ལ་སོགས་པ་དང་མཐུན་པར་འཇུག་པའོ། །མཚམས་སྦྱོར་བར་བྱེད་པ་ནི། ཏེ་དང་། སྟེ་ལ་སོགས་པའི་འཇུག་པ་བསྟན་པ་སྟེ། ༼དཔེ་བསྡུར་མ་ལས། ཏེ་ལ་སོགས་པ་དང་མཐུན་པར་སྟོན་སྟེ། ༽འདོད་ཅིང་ཆགས་པ་ཞེས་བྱ་བ་ལྟ་བུའོ། །ད་ནི་ལའི་དོན་བསྟན་པའི་ཕྱིར། །ལ་ནི་གཉིས་པ་བཞི་པ་དང་། །བདུན་པ་བསྡུད་དང་སྦྱོར་བ་དང་། །སྨོན་དང་ཚོད་འཛིན་བཞི་དང་ནི། །ཚེ་སྐབས་དག་ཏུ་འདོད་པ་ཡིན། །ཞེས་སྨྲོས་པ་ཡིན་ཏེ། ལའི་དོན་གཉིས་པར་འགྱུར་བ་ནི།ཤིང་ལ་གཅོད་ཅེས་པ་ལྟ་བུའོ། །བཞི་པར་འགྱུར་བ་ནི། ཤིང་ལ་ཆུ་འདྲེན་ཅེས་པ་ལྟ་བུའོ། །བདུན་པར་འགྱུར་བ་ནི། ཤིང་ལ་བྱ་གནས་སོ་ཞེས་པ་ལྟ་བུའོ། །བསྡུད་པར་འགྱུར་བ་ནི། ལག་པ་བསྙལ་ལ་ཟན་བཟའ་ཞེས་པ་ལྟ་བུའོ། །སྦྱོར་བ་ནི། འདི་ན་ནི་ཡོད་ལ་འདི་ན་ནི་མེད་པ་ཅེས་པ་ལྟ་བུའོ། །སྨོན་པ་ནི། བདག་ནམ་ཞིག་འདི་ལྟ་བུ་ཞིག་ཏུ་འགྱུར་ལ། གྱུར་ནས་ཀྱང་ཞེས་པ་ལྟ་བུའོ། །ཚད་འཛིན་པ་ནི། འདི་ཙམ་དུ་ཞེའམ། དེ་ཙམ་དུ་བྱ་བ་ཅི་ཙམ་ལ། དེ་ཙམ་ལ་ཞེས་བྱ་བར་འགྱུར་བ་ལྟ་བུའོ། །ཚེ་སྐབས་ནི། དུས་དེ་ལའམ་དེར་ཞེས་པ་ལྟ་བུའོ། །དྲུག་པའི་ཕྲད་བསྟན་པ་ནི། ཀྱི་ནི་འབྲེལ་པའི་དོན་ཡིན་ཏེ། །ཞེས་བྱ་བ་ཡིན་ཏེ། ལྷ་སྦྱིན་གྱི་རྟ་ཞེས་པ་ལྟ་བུ། ཕན་ཚུན་གྱི་དོན་འབྲེལ་པར་སྦྱོར་བར་བརྡའ་སྤྲོད་པ་འདོད་དོ། །གསུམ་པའི་འཇུག་པ་བསྟན་པ། ཀྱིས་ནི་བྱེད་པར་འདོད་པ་ཡིན། །ཞེས་སྨྲོས་ཏེ། ལྷ་སྦྱིན་གྱིས་བྱས་བྱ་བ་ལྟ་བུའོ། །དེ་དག་ལ་མི་མཐུན་པའི་རྒྱན་ཡོད་པ་བསྟན་པའི་ཕྱིར། མི་མཐུན་རྒྱན་ནི་གསུམ་ཆར་ལའོ། །ཞེས་བྱ་བ་སྨྲོས་ཏེ། ལ་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི། རྒྱུ་མེད་པ་ལ་འབྲས་བུ་འདོད་པ་ཞེས་པ་ལྟ་བུའོ། །ཀྱི་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི། དེ་ལྟར་ཡིན་མོད་ཀྱི་ཞེས་པ་ལྟ་བུའོ། །ཀྱིས་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི། འོན་གྱིས་ཀྱང་ཞེས་པ་ལྟ་བུའོ། །ལྔ་པའི་འཇུག་པ་བསྟན་པ། ལས་ནི་རྒྱུ་དང་འབྱུང་ཁུངས་དང་། །དགར་བ་ཡིན་ཏེ་ནས་དེ་བཞིན། །ཞེས་བྱ་བ་ཡིན་ཏེ། རྒྱུའི་དོན་ནི། ས་བོན་ལས་མྱུ་གུ་ཞེས་པ་ལྟ་བུའོ། །འབྱུང་ཁུངས་ཀྱི་དོན་ནི། རི་ལས་གསེར་ཞེས་པ་ལྟ་བུའོ། །དགར་བའི་དོན་ནི། ཁྱིམ་པ་ལས་དགེ་བསྙེན་ཞེས་པ་ལྟ་བུའོ། །ནས་ཀྱི་དོན་ནི།ལས་དང་མཐུན་པའོ། །ཅུང་ཟད་མི་མཐུན་པར་བསྟན་པ་ནི། བསྡུད་པ་དག་དང་འཚམས་སྦྱོར་ནི། །ནས་ལ་ཅུང་ཟད་ལྷག་པ་ཡིན། །ཞེས་བྱ་བ་སྨྲོས་ཏེ། ནས་ཞེས་བྱ་བའི་སྒྲ་ལས་ཅུང་ཟད་ལྷག་པར་སྟོན་པ་ནི། བསྡུད་པ་དང་འཚམས་སྦྱོར་བར་སྟོན་པ་སྟེ།མིག་ནས་ལུས་ཀྱི་བར་ཞེས་པའམ། ཁ་གདངས་ནས་ཉལ་ཞེས་པ་ལྟ་བུའོ། །བྱེད་པའི་ཚིག་དྲུག་ལས་དྲུག་པ་མ་གཏོགས་པ་གཞན་ཀུན་གཏན་ཚིགས་སྟོན་པར་ཡང་འགྱུར་ཏེ། དེ་བསྟན་པའི་ཕྱིར། གཏན་ཚིགས་དག་ཏུ་འགྱུར་བ་ནི། །དྲུག་པ་འབའ་ཞིག་མ་གཏོགས་པའི། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་གསུམ་པ་གཏན་ཚིགས་སུ་འགྱུར་བ་ནི། དེས་ན་ཞེས་པ་ལྟ་བུའོ། །བཞི་པ་འགྱུར་བ་ནི་དེའི་ཕྱིར་ཞེས་པ་ལྟ་བུའོ། །ལྔ་པ་འགྱུར་བ་ནི་ཅི་ལས་ཤེས་ཞེས་པ་ལྟ་བུའོ། །བདུན་པ་འགྱུར་བ་ནི་བཞི་པ་དང་མཐུན་པ་སྟེ། གཉིས་པ་པའི་སྒྲ་ཡང་དེ་བཞིན་ནོ། །དེས་ན། ལ་དང་གིས་དང་ལས་རྣམས་གཏན་ཚིགས་སུ་འགྱུར་བ་ཡོད་དོ། །དུ་ལ་སོགས་པའི་འཇུག་པ་བསྟན་པའི་ཕྱིར། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། །དེ་བཞིན་ལྷག་བཅས་ལ་ལའོ། །ཞེས་སྨྲོས་ཏེ། དུ་དང་སུ་དང་རུ་དང་ར་རྣམས་ལའི་སྒྲ་དང་མཐུན་ཏེ། འདི་ལ་ཞེས་བྱ་བ་དང་། འདི་ན་ཞེས་བྱ་བ་དང་། འདིར་ཞེས་བྱ་བ་དང་། འདི་རུ་ཞེས་བྱ་བ་དང་། གང་དུ་ཞེས་བྱ་བ་དང་། དབུས་སུ་ཞེས་བྱ་བ་ཐམས་ཅད་ཀྱང་ལའི་སྒྲ་མཐུན་ཤ་སྟག་གོ །དེ་ཉིད་དུ་སྟོན་པ་ནི། ལའི་དོན་ལས་ལྷག་པ་སྟེ། ཐོག་དགུ་འཕར་དུ་ཕུབ། ཤིང་མིག་མངས་རིས་སུ་བཏང་། དབྱིབས་གྲུ་བཞིར་བརྩིགས་ཞེས་པ་ལྟ་བུ།ལའི་དོན་ལས་ལྷག་པར་བསྟན་པ་ཡིན་ནོ། །ཚིག་ལྷག་མ་དང་བཅས་པར་སྟོན་པའི་སྒྲ་ནི་ལ་ལ་ལྷག་པ་ཡིན་ཏེ། ལག་པ་བསྙལ་ལ་ཟན་བྱ་ཞེས་པ་ལྟ་བུའོ། །སླར་སྡུད་པ་ནི་འོ་ལ་སོགས་པ་སླར་སྡུད་པའོ་ཞེས་བྱ་བ་ཡིན་ཏེ། རྗེས་སུ་འཇུག་པའི་ཡི་གེ་བཅུ་ལ། ཨོའི་སྒྲ་དང་ལྡན་པའི་ཚིག་ནི་སླར་སྡུད་པ་ཡིན་ཏེ། འདི་ལྟར་ཡིན་ནོ་ཞེའམ། དེ་བཞིན་དུ་ཡོད་དོ། །སྒོམ་མོ། །སྒྲུབ་བོ། །འགྱུར་རོ། །འཚལ་ལོ། །ཤེས་སོ། །འབྱུང་ངོ་། །འགོག་གོ །དེའོ་ཞེས་པ་འདི་བཅུ་ནི་སླར་སྡུད་པ་ཡིན་ནོ། །ད་ནི་སྐབས་སྐབས་ནས་ཡི་གེ་རེ་རེ་ཙམ་ཚིག་གི་ཕྲད་དུ་འབྱུང་བར་བསྟན་པ་ལ། འོ་ན་ཁོང་དུ་ཆུད་པའི་ཚིག་ཞེས་པ་ནི། འོ་ན་ཞེས་བྱ་བ་དང་། འོན་ཏེ་ཞེས་བྱ་བ་དོན་སྔ་མ་ཁོང་དུ་ཆུད་པ་ལས། ཚིག་ཕྱི་མའི་སྐབས་སྦྱོར་བའོ། །འམ་ཞེས་བྱ་བ་འབྱེད་སྡུད་ཡིན། །ཞེས་བྱ་བ་ནི།འམ་ལ་སོགས་པ་བཅུ་ནི་འབྱེད་པའམ་སྡུད་པ་ཡིན་ཏེ། འདི་ལྟར།གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། མིག་གམ། རྣ་བའམ། འབྱུང་ངམ། འགྱུར་རམ། འགྲུབ་བམ། ཡིན་ནམ། འཚལ་ལམ། སྒོམ་མམ་ལྟ་བུའམ། དག་དང་རྣམས་ནི་མང་པོའི་ཚིག །ཞེས་བྱ་བ་ཤིང་དག །ཤིང་རྣམས་ཞེས་པ་ལྟ་བུ་ནི་དུ་མའི་ཚིག་ཏུ་སྟོན་པའོ། །སོགས་ནི་མཐའ་དག་སྡུད་པ་ཡིན། །ཞེས་བྱ་བ་ནི་སོགས་ཞེས་བྱ་བའི་ཚིག་ནི་མཐའ་བསྡུད་པ་ཡིན་ཏེ། གཟུགས་ལ་སོགས་པ་ཞེས་པ་ལྟ་བུ་དང་པོའི་ཚིག་གིས་མཐའི་ཚིག་སྨྲོས་མི་དགོས་པར་སྡུད་པ་ཡིན་ནོ། །པའམ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་པ་ནི་གསེར་གྱི་བདག་པོའམ། གསེར་དང་ལྡན་པ་ནི་གསེར་པ་ཞེས་པའམ། གསེར་ཅན་ཞེས་པ་ལྟ་བུའོ། །དེ་ཉིད་ལས་བའི་སྒྲ་ཅུང་ཟད་མི་འདྲ་བར་བསྟན་པ་ལས། བ་ནི་སྤྱི་རུ་བཞག་པ་སྟེ། །ཡུལ་དུས་ངེས་པར་མ་གཟུང་བའོ། །ཟ་བ་བཟའ་དང་ཟ་པོ་བཞིན། །མ་ནིང་དག་ཏུ་བཞག་པར་བྱ། །ཞེས་སྨྲོས་པ་ཡིན་ཏེ། བྱ་བ་སྟོན་པའི་མིང་ལ་བའི་སྒྲ་འབྱུང་བ་ནི། ཡུལ་དང་དུས་ཀྱི་སྤྱིར་འགྲོ་སྟེ། དེ་འདི་ལྟར་ཟ་བ་ཞེས་པའམ། ལྟ་བ་ཉལ་བ་ཞེས་པ་ལྟ་བུའོ། །དེ་ལ་ཡུལ་ངེས་པར་མ་གཟུང་བ་ནི། བྱེད་པ་པོའམ། བྱ་བའམ། བདག་གི་ཚིག་གམ། གཞན་གྱི་ཚིག་ཏུ་མི་སྟོན་པའོ། །དུས་ངེས་པར་མ་བཟུང་བ་ནི་འདས་པའམ། མ་འོངས་པའམ། ད་ལྟར་གྱི་ཚིག་ཏུ་མི་སྟོན་པའོ། །དཔེར་ན་ཟ་བ་ཞེས་བྱ་བ་ནི་བཟའ་བ་དང་། ཟ་བ་པོ་རྣམས་ཀྱི་སྤྱིར་འཇུག་པ་ལྟ་བུའོ། །གཅིག་ཏུ་ཆད་པ་མི་སྟོན་པའི་ཕྱིར། མ་ནིང་དག་དུ་བཞག་པར་བྱ། །ཞེས་བྱ་བ་ཡིན་ནོ། །ད་ནི་ཕྲད་འདུས་པ་སྟོན་ཏེ། དེའི་ཕྱིར། གལ་ཏེ་ཕྲད་གཉིས་འདུས་པའམ། །ཡང་ན་མང་པོ་འདུས་པ་ན། །སྔ་ཕྱི་ཕན་ཚུན་ཟིལ་གནོན་དང་། །རང་གི་ཆ་ལྡན་དག་ཏུ་སྦྱར། །ཞེས་བྱ་བ་སྨྲོས་ཏེ། གལ་ཏེ་ཚིག་གི་ཕྲད་དུ་གྱུར་པ་གཉིས་འདུས་པའམ། འོན་ཏེ་མང་པོ་འདུས་ནས་ཚིག་གི་སྐབས་གཅིག་གི་ཕྲད་དུ་བྱུང་ན། དེའི་དོན་རྣམ་པ་གསུམ་དུ་འགྱུར་ཏེ། ཕྲད་སྔ་མས་ཕྱི་མ་ལ་ཟིལ་གྱིས་གནོན་པ་དང་། ཕྱི་མས་སྔ་མ་ཟིལ་གྱིས་གནོན་པ་དང་། །གཉིས་གའི་ཆ་དང་ལྡན་པའོ། །དེ་ལ་གཉིས་གའི་ཆ་དང་ལྡན་པ་བསྟན་པར་འདོད་ནས། གང་ལ་དམིགས་འཛིན་མི་བྱེད་དང་། །དམིགས་འཛིན་ཏེ་ན་ཕྲད་འགྱུར་ན། །གཉིས་པར་འགྱུར་བའི་མཐུ་ཡིན་ནོ། །ཞེས་སྨྲོས་པ་ཡིན་ཏེ། འདི་ལྟར་གལ་ཏེ་ན་ཞེས་བྱ་བའི་ཚིག་གི་དོན་ནི་གཉིས་པར་འགྱུར་ཏེ། དེ་ལ་གལ་ཞེས་བྱ་བའི་སྒྲ་ནི་ཁྱབ་པའི་སྤྱིར་འགྲོ་བ་སྟེ། དམིགས་འཛིན་པར་མི་བྱེད་དོ། །ཏེ་ན་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་བྱེད་པ་སྟེ། དེ་ཡང་གང་ལ་ཅི་ཞིག་ན་ཞེས་བྱ་བ་ཡིན་པ་ལས། ག་དང་ལ་སྦྱར་ཏེ། གལ་ཞེས་བསྡུས་ནས། ཅི་ཞིག་ཅེས་བྱ་བའི་སྒྲ་ཕྱི་ནས་ཏེ་ན་ཞེས་བྱ་བར་བསྒྱུར་ཏེ། གལ་ཏེ་ན་ཞེས་བརྗོད་ན་དོན་སྔ་མ་ལས་ཕྱི་མ་གཞན་ཡོད་པར་བསྟན་པ་ཡིན་ནོ། །ཕན་ཚུན་ཟིལ་གྱིས་གནོན་པ་དང་། བསྒྱུར་བ་ནི་འདི་བཞིན་གཞན་ལ་སྦྱར་རོ། །དེ་དང་ཆ་མཐུན་པ་འོན་ཏེ་ན་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར། ཕྱོགས་གཅིག་ཁོང་དུ་ཆུད་པ་ལས། །ཕྱོགས་གཅིག་འདྲི་བར་བྱེད་པ་ནི། །འོ་ན་ཞེས་པའི་ནུས་པའོ། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། འོ་ན་ཞེས་བྱ་བའི་སྒྲ་ནི་དོན་གྱི་ཕྱོགས་གཅིག་ཁོང་དུ་ཆུད་པ་ལས། ཕྱོགས་གཞན་འདྲི་བར་བྱེད་པའི་ཚིག་གི་ཕྲད་པ་ཡིན་ཏེ། འོན་ཞེས་པ་དང་། འོ་ན་ཞེས་བྱ་བ་ནི་ཡི་གེ་བསྡུས་པ་དང་མ་བསྡུས་པ་ཙམ་དུ་ཟད་དེ། འོ་ཞེས་བྱ་བ་དང་། ན་ཞེས་བྱ་བ་ནི་ཕྲད་འདུས་པའོ། །དེ་ལ་དམིགས་འཛིན་སྔ་མ་བཞིན། །གཞན་འདྲེན་བྱེད་པ་ཏེ་ཡིན་ཏེ། །ན་ཡིས་ཕྱོགས་གཅིག་དག་ཏུ་བྱེད། །ཞེས་བྱ་བ་ནི། འོན་ཏེ་ན་ཞེས་བྱ་བའི་སྒྲར་སྦྱོར་ཏེ། སྔ་མ་བཞིན་ཞེས་བྱ་བ་ནི་འོན་ཏེ་ཞེས་བྱ་བའི་སྒྲ་ཡང་གལ་ཏེ་བཞིན་ནོ། །གཞན་འདྲེན་པ་ནི་ཏེ་ཞེས་བྱ་བའི་སྒྲ་ཚིག་ལྷག་མ་དང་བཅས་པ་ལས་གཞན་འདྲེན་པ་ཡིན་ནོ། །འོན་ཏེ་ན་ཞེས་བྱ་བའི་ནའི་སྒྲའི་དོན་ནི། ཕྱོགས་གཅིག་ཏུ་བྱེད་པ་སྟེ། དམིགས་ཀྱིས་འབྱེད་པའི་ན་ཡིན་ནོ། །གོང་དུ་གཉིས་པར་འགྱུར་བར་དམ་བཅས་པ་དེ་བསྟན་པའི་ཕྱིར། དེ་གཉིས་ལྡན་པའི་ཕྲད་རྣམས་ནི། །དམིགས་འཛིན་མི་ལྡན་གཉིས་པས་ཏེ། །ཞེས་བྱ་བ་སྨྲོས་ཏེ། སྤྱི་ལ་འཇུག་པ་དང་། ཕྱོགས་གཅིག་ཏུ་བྱེད་པ་དང་ལྡན་པའི་ཚིག་གི་ཕྲད་རྣམས་ནི། དམིགས་འཛིན་པ་དང་ལྡན་པ་དང་། མི་ལྡན་པ་རྣམས་ཏེ། དེ་ལ་ཕྱི་མ་དམིགས་འཛིན་པ་ཡོད་ན། སྔ་མ་སྤྱི་ལ་འཇུག་པ་མི་ལྡན་པ་ཡང་དོན་གྱིས་བསྡུ་བར་བྱ་ལ། སྔ་མ་དམིགས་འཛིན་པ་ཡོད་ན་དངོས་སུ་སྡུད་དོ། །ཞེས་བསྟན་པའི་ཕྱིར། སྔ་མ་དོན་གྱིས་བསྡུ་བར་བྱ། །ཡོད་ན་སྔ་མ་དངོས་སུ་བསྡུ། །ཞེས་སྨྲོས་པ་ཡིན་ནོ། །དེ་དག་གི་འཇུག་པ་བསྡུ་བ་བསྟན་པའི་ཕྱིར། གལ་ཏེ་ཅི་སྟེ་འོན་ཏེ་དང་། །དེ་སྟེ་ན་ཞེས་སྦྱར་བར་བྱ། །ཞེས་སྨྲོས་ཏེ། གལ་ཏེ་ན་ཞེའམ། དེ་སྟེ་ན་ཞེས་བྱ་བ་རྣམས། ཚིག་སྔ་མ་དམིགས་འཛིན་པར་མི་བྱེད་དམ། སྤྱི་ལ་འཇུག་པ་ལས། ཚིག་ཕྱི་མ་ཕྱོགས་གཅིག་ཏུ་དམིགས་འཛིན་པར་བྱེད་པར་སྦྱར་རོ། །བསྡུ་བ་གཉིས་དང་ལྡན་པ་བསྟན་པའི་ཕྱིར། འོན་ཀྱང་འོ་ན་ཡང་ཞེས་པ། །བསྡུ་བ་གཉིས་ལྡན་གཉིས་བསྡུ་བྱ། །ཞེས་བྱ་བ་སྨྲོས་ཏེ། འོན་ཀྱང་ཞེས་བྱ་བའམ། འོ་ན་ཡང་ཞེས་པ་ལྟ་བུ། བསྡུ་བའི་ཚིག་གཉིས་དང་ལྡན་པ་སྟེ། འོ་ན་ཞེས་བྱ་བའི་སྒྲ་ཡང་བསྡུད་པའི་ཚིག་ཡིན་ལ། ཀྱང་ཞེས་བྱ་བ་དང་། ཡང་ཞེས་བྱ་བ་ཡང་སྡུད་པའི་ཚིག་ཡིན་ཏེ། དེ་ལྟར་བསྡུ་བ་གཉིས་དང་ལྡན་ན། སྔ་མའི་འདོད་པ་དང་འོག་མ་གཞན་གཉིས་ཀ་སྡུད་པར་རིག་པར་བྱའོ། །དེ་ལ་མཐུན་པར་བསྡུ་བ་དང་། མི་མཐུན་པར་བསྡུ་བ་ནི་སྐབས་ཀྱི་མཐུས་རིག་པར་བྱའོ། །ཞེས་བསྟན་པའི་ཕྱིར། མཐུན་དང་ཐ་དད་སྐབས་ཀྱི་མཐུ། །ཞེས་སྨྲོས་ཏེ། རེས་འགའ་ནི་མི་མཐུན་པའི་རྒྱན་དུ་སྟོན་ཏེ། རེས་འགའ་ནི་མཐུན་པའི་རྒྱན་དུ་སྟོན་ཏོ། །ད་ནི་ཕྲད་རྣམས་དོན་གཅིག་ཏུ་དྲིལ་བར་སྟོན་པའི་ཕྱིར། གང་ལྟར་ཇི་ལྟར་དེ་ལྟར་དང་། །དེ་བཞིན་དེ་སྐད་ལ་སོགས་པ། །ཇི་སྐད་བརྣན་པའི་ཆ་གཉིས་ལྡན། །དེ་ལ་སོགས་པའི་ཕྲད་རྣམས་ཀུན། །ཟིལ་གནོན་གྱུར་ཏམ་ཆ་ལྡན་ཀྱང་། །དགོས་པ་རེ་རེར་དྲིལ་བྱས་ཏེ། །ཞེས་བྱ་བ་སྨྲོས་ཏེ། གང་ལྟར་དང་ཇི་ལྟར་ལ་སོགས་པ་དོན་མཐུན་པའི་སྐབས་བཞིན་དུ། ཕྲད་གཉིས་བརྣན་ནས་སྨྲོས་པའམ། མང་པོ་བརྣན་ནས་སྨྲོས་ཀྱང་རུང་སྟེ། དེ་དག་ཐམས་ཅད་དོན་གཅིག་ཏུ་དྲིལ་བར་བྱའོ། །དེ་ཡང་ཇི་ལྟ་ཞེ་ན། ཁ་ཅིག་ནི་སྔ་མས་ཕྱི་མ་ཟིལ་གྱིས་གནོན་ཏེ་གཅིག་ཏུ་དྲིལ་བར་བྱའོ། །ཁ་ཅིག་ནི་ཕྱི་མས་སྔ་མ་ཟིལ་གྱིས་གནོན་ཏེ་དྲིལ་བར་བྱའོ། །ཁ་ཅིག་ནི་གཉིས་ཀའི་ཆ་དང་ལྡན་པ་ཡང་བསྟན་པར་བྱ་བ་གཅིག་ཏུ་དྲིལ་ཏེ་བསྡུ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་ཚིག་སྦྱོར་བ་བཅུ་པོ་དང་། །ཕྲད་ཀྱི་སྦྱོར་བ་ཇི་ལྟ་བ། །དེ་ལྟར་ཕྲད་གཉིས་འདུས་པའམ། །མང་པོའི་འདུས་པར་གྱུར་ཀྱང་རུང་། །དེ་ལྡན་ལྷག་མ་མི་སྟོན་ཕྱིར། །སྐབས་དང་ཚིག་ཤུགས་བརྟགས་ནས་ནི། །བློ་ལྡན་རྣམས་ཀྱིས་གང་རིགས་སྦྱར། །ཞེས་བྱ་བ་བསྟན་པའི་ཕྱིར། ཚིག་གི་ཕྲད་འདུས་པ་ཐམས་ཅད་ཀྱང་ཚིག་གི་སྦྱོར་བ་བཅུ་དང་། དེ་ཕྲད་དང་ལྡན་པ་ལས། དོན་ལྷག་པར་སྟོན་པ་མེད་པའི་ཕྱིར་རོ། །སྐབས་ཀྱི་ཤུགས་ནི་དགོས་པའི་ཤུགས་སོ། །ཚིག་གི་ཤུགས་ནི་སྒྲ་རྣམ་པར་སྦྱར་བའི་ཤུགས་སོ། །ཤུགས་ཀྱི་ཡུལ་ནི་ཆེད་དུ་མ་གཏད་པ་དང་། དངོས་སུ་མ་ཕྲད་པའོ། །གང་རིགས་པ་ནི་དོན་དང་ཚིག་ལས་མི་འགལ་བའོ། །ད་ནི་ཡི་གེ་དང་མིང་དང་ཚིག་དག་དོན་གཏན་ལ་འབེབས་པར་བྱེད་པའི་རྩ་བ་ཡིན་པར་བསྟན་པའི་ཕྱིར། འདིར་དཔེ་བསྟན་པ།དཔེར་ན་སྐྱེས་བུ་འགའ་ཞིག་གིས། །གཟུགས་ཀྱི་བྱེ་བྲག་ཤེས་འདོད་ན། །ཕྲ་རྡུལ་ཆོས་ལ་མཚན་ཉིད་དུ། །དེ་ཆེས་ཆེ་རྡུལ་གོང་བུ་དང་། །གོང་ཆེན་དག་གི་མཚན་ཉིད་དང་། །ལས་རྣམས་འབད་པ་མེད་པར་ཤེས། །དེ་ཤེས་སྐབས་ཀྱི་བྱ་བ་གང་། །སྦྱོར་བ་དག་ལ་མི་འཇིགས་བཞིན། །ཞེས་བྱ་བ་སྨྲོས་ཏེ། དཔེར་ན་སྐྱེས་བུ་ཞིག་གཟུགས་ཀྱི་བྱེ་བྲག་ཤེས་པར་འདོད་ན། དང་པོར་རྡུལ་ཕྲ་རབ་ཀྱི་མཚན་ཉིད་ལ་མཁས་པར་བྱའོ། །དེ་ནས་རྡུལ་འདུས་ཏེ། རྡུལ་ཆེན་པོར་གྱུར་ཏེ། དེ་ཤེས་པར་འགྱུར་རོ། །རྡུལ་ཆེན་པོ་འདུས་པ་ལས་གོང་བུར་འགྱུར་ཏེ། དེ་ཤེས་པར་འགྱུར་རོ། །གོང་བུ་ལས་གོང་བུ་ཆེན་པོར་འགྱུར་ཏེ། དེའི་མཚན་ཉིད་དང་ལས་ཀྱང་ཤེས་པར་འགྱུར་རོ། །དེ་ལྟར་ལས་དང་མཚན་ཉིད་ལེགས་པར་ཤེས་པའི་སྐྱེས་བུ་དེ་ལ། གང་ཞིག་གཟུགས་ཀྱི་བྱ་བ་འདྲི་བ་ན། འཇིགས་པ་མེད་པ་དེ་བཞིན་དུ། སྐྱེས་བུ་སྨྲ་བར་འདོད་པ་ཡིས། །གཞི་མཐའི་ཡི་གེའི་བྱེ་བྲག་དག །ལེགས་པར་ཁོང་དུ་ཆུད་པ་ན། །དེ་འདུས་མིང་དང་དེ་བཞིན་ཚིག །ཤོ་ལོ་དང་ནི་རབ་དབྱེ་སོགས། །མིང་ཚིག་ཡི་གེ་མཚུངས་པའི་ཕྱིར། །ཚིག་སྦྱོར་འབད་པར་མེད་པར་འགྱུར། །འདི་དག་ཀྱང་དེ་བཞིན་ནོ། །ཞེས་སྦྱར་རོ། །འདི་ལྟར་སྐྱེས་བུ་གང་ཞིག་དོན་དང་ལྡན་པའི་ཚིག་སྨྲ་བར་འདོད་པ་དེས། དང་པོར་མིང་གི་མཐའི་བྱེ་བྲག་ལེགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ནས་ཡི་གེ་དེ་འདུས་པའི་མིང་འགྲུབ་པར་འགྱུར་ཏེ། དེའི་མཚན་ཉིད་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་མིང་འདུས་པ་ལ་ཚིག་ཡིན་ཏེ། དེའི་བྱེ་བྲག་ཁོང་དུ་ཆུད་ན། གཞན་ཚིག་འདུས་པ་ཤོ་ལོ་ཀ་དང་། ཤོ་ལོ་ཀ་འདུས་པ་ལས་རབ་ཏུ་བྱེད་པ་དང་། དེ་འདུས་པ་ལས་བསྟན་བཅོས་ཆེན་པོ་ལ་སོགས་པ་རྣམས་ཀྱི་ཚིག་གི་སྦྱོར་བ་རྣམས་འབད་པ་ཆུང་ངུས་ཤེས་པར་འགྱུར་རོ། །དེ་ཕྱིར་འདི་ནི་བསླབ་གནས་ཞེས། །སྨྲ་མཆོག་རྗེས་སྨྲ་རྣམས་ཀྱིས་བཤད། །འབད་པ་ཆུང་ངུས་ཤེས་དེའི་ཕྱིར། འདི་ནི་བསླབ་པའི་གནས་ཡིན་ནོ། །ཞེས་སྨྲ་བའི་མཆོག་ཐམས་ཅད་མཁྱེན་པ་དང་། དེའི་རྗེས་སུ་སྨྲ་བའི་སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་དོ། །ད་ནི་དགེ་བའི་རྩ་བ་བསྔོ་བ་བསྟན་ཏེ། དེ་ཡང་མིང་གི་ཡོན་ཏན་གྱི་སྒོ་ནས་བསྔོ་བ་བསྟན་པའི་ཕྱིར། དོན་ལ་འཇུག་བྱེད་སྨྲ་བ་རྣམས་ཀྱི་སྒོ། །བློ་འབྱེད་གཏི་མུག་གཅོད་པ་མཚོན་ཆ་འདྲ། །རྒོལ་བས་མི་འཇིགས་སྙེམས་པ་དཔུང་དང་གོ །དོན་ནོར་སྨྲ་བས་མི་ཉམས་བརྟན་པའི་མཁར། །སྨྲ་མཆོག་རྗེས་སྨྲ་རྣམས་ཀྱི་རྗེས་འབྲང་བས། །སྒྲ་ཉིད་དང་ནི་དོན་ལ་ཁྲིད་པ་ཡི། །འགྲོ་ཀུན་མཐུ་གཉིས་རབ་ཏུ་རྒྱས་པར་ཤོག །ཞེས་བྱ་བ་སྨྲོས་ཏེ། དོན་ཇི་ལྟ་བ་བཞིན་སྟོན་པའི་འཇུག་པར་བྱེད་པའི་སྒོ་ལྟ་བུ་ཡིན་པས་སྨྲ་བའི་སྒོའོ། །གང་ཟག་རྣམས་ཀྱི་བློ་འབྱེད་ཅིང་། གཏི་མུག་གི་དྲ་བ་གཅོད་པའི་མཚོན་ཆ་ལྟ་བུའོ། །དོན་དང་ལྡན་པ་སྨྲ་བའི་རྒོལ་བ་རྣམས་ཀྱིས་མི་འཇིགས་ཤིང་། བསྙེམས་པས་དཔུང་དང་གོ་ཆ་ལྟ་བུའོ། །རང་གི་བློ་ལ་དོན་ནོར་བར་སྨྲ་བའི་ཤེས་རབ་འཆལ་བའི་སྐྱོན་གྱིས་མི་ཉམས་པའི་བློ་བརྟན་པ་རྙེད་པར་བྱེད་པས་བརྟན་པའི་མཁར་ལྟ་བུའོ། །འདི་ལྟ་བུའི་རབ་ཏུ་བྱེད་པ་འདི་ཐམས་ཅད་མཁྱེན་པ་དང་། སྔོན་གྱི་མཁན་པོ་རྣམས་ཀྱི་རྗེས་སུ་སྨྲས་ཤིང་བཤད་པས། འགྲོ་བ་རྣམས་སྒྲ་དང་། སྒྲའི་དོན་ལ་མཁས་པར་གྱུར་ཅིག་པའོ། །བླ་མ་ཆོས་ཀྱི་བཟང་པོས་མཛད་པའི་སྒྲའི་བསྟན་བཅོས་སྨྲ་སྒོ་མཚོན་ཆའི་འགྲེལ་པ་རྫོགས་སོ།། །།

སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྒྱུད་ཀྱི་དཀའ་འགྲེལ།

༄༅། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྒྱུད་ཀྱི་དཀའ་འགྲེལ་བཞུགས་སོ། །ལྷོ་བྲག་ཉི་སྡེ་དགོན་ནས་བྱུང་བ་ཀརྨ་པ་ཞྭ་དམར་སྤྱན་སྔ་ཆོས་གྲགས་ཕྱག་དཔེ་ལས་བཤུས་པ།

༄༅། །སངས་རྒྱས་ཀུན་གྱི་རང་བཞིན་དངོས། །སྐྱེ་དགུ་ཀུན་གྱི་མགོན་གཅིག་པུ། །བདེ་ཆེན་རྡོ་རྗེ་སེམས་དཔའ་ལ། །བཏུད་ནས་དེ་རྒྱུད་དགྲོལ་བར་འདོད། །བཅོམ་ལྡན་རང་བྱུང་གཅིག་པུ་ནི། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་དེ། །གང་ཞིག་ཅི་འདྲ་ཇི་ལྟར་བསྒྲུབ། །དེ་ཡི་མཐུ་ཡང་ཅི་འདྲ་སྟེ། །གཞན་ཡང་ཅི་རིགས་རྣམ་འཕྲུལ་བའང་། །གང་རྣམས་ཅི་འདྲ་དེ་བཞིན་དུ། །རང་དོན་ལས་རྣམས་གང་བསྒྲུབ་པ། །འདི་བསྟན་ཙམ་གྱིས་གཞུང་འདིའི་དོན། །མ་ལུས་ཀུན་ནས་བསྡུ་བར་འདོད། །ཇི་ལྟར་བསྒྲུབ་པའི་ཆོ་གའང་། །རྣམ་པ་གསུམ་དང་དྲུག་དངོས་ཏེ། །འོན་ཀྱང་གདུལ་བྱའི་བྱེ་བྲག་གིས། །གཅིག་གཉིས་གསུམ་བཅས་དྲུག་དགུ་བཅས། །འདི་དག་རྣམས་ཀྱིས་གཞུང་འདི་ཡི། །ཐབས་ཀྱི་ཆོ་ག་མ་ལུས་བསྡུས། །དེ་ལ་ཐབས་དངོས་ཕྱག་རྒྱ་སྟེ། །གཉིས་ལ་གསུམ་དྲུག་ཉི་ཤུ་བརྒྱད། །དེ་དག་གང་ཞིག་གང་གི་ཡིན། །གང་དུ་སྦྱར་བར་བྱ་ཞེས་སྦྱར། །དེ་བས་འདི་ནི་ཕྱག་རྒྱའི་རྒྱུད། །ཕྱག་རྒྱའི་ཆོ་ག་ཞེས་གྲགས་སོ། །འདི་དག་གིས་ནི་གཞུང་འདིའི་དོན། །རབ་ཏུ་དབྱེ་བ་ཤེས་པར་འདོད། །རབ་ཏུ་རྣམ་ཕྱེ་གཞུང་རྒྱས་པའོ། །དེ་ལ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྒྱུད་འདིའི་གདུལ་བྱའི་སྐྱེ་བོའང་ཀུན་ནས་བསྡུས་པ་དང་རབ་ཏུ་དབྱེ་བ་དང་རབ་ཏུ་རྣམ་པར་ཕྱེ་སྟེ་བཤད་པ་ལ་དགའ་བའི་བྱེ་བྲག་གིས་རྣམ་པ་གསུམ་ཉིད་དོ། །དེ་ལ་ཀུན་ནས་བསྡུས་པ་ལ་དགའ་བའི་གང་ཟག་རྣམས་ནི། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བ་འདིའི་རང་གི་ངོ་བོ་ནི་གང་ཞིག་ཡིན། དེའི་མཚན་ཉིད་དང་རྣམ་པ་ནི་ཅི་འདྲ་བར་བཞུགས། དེ་ཡོངས་སུ་མཉེས་པར་བྱ་བའི་ཆོ་ག་གང་གིས་ཇི་ལྟར་མཉེས་ཤིང་བསྒྲུབ་པར་བྱ། དེ་ཡོངས་སུ་མཉེས་ཤིང་གྲུབ་པ་ལས་མཐུ་དང་ཡོན་ཏན་གྱི་རྣམ་པ་ནི་ཅི་འདྲ་ཞིག་འགྲུབ་ཅིང་འབྱུང་བར་འགྱུར། གཞན་ཡང་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་དེ་ཉིད་འགྲོ་བ་འདུལ་བའི་དབང་གིས་ཇི་ལྟར་རིགས་པ་རྣམ་པར་འཕྲུལ་བ་འབྱུང་བ་ཡང་གང་དང་གང་རྣམས་ཡིན། གང་དང་གང་རྣམས་སུ་རྣམ་པར་འཕྲུལ་པ་དེ་དང་དེ་རྣམས་ཀྱི་མཚན་ཉིད་དམ་རྣམ་པ་ནི་ཅི་འདྲ་བ་འབྱུང་བར་འགྱུར། དེ་ལྟར་རྣམ་པ་འཕྲུལ་བའི་དཀྱིལ་འཁོར་དེ་རྣམས་མཉེས་པར་བྱ་བའི་ཆོ་ག་གང་གིས་མཉེས་པར་བྱས་ཤིང་བསྒྲུབས་པས་རང་རང་གི་དོན་གྱི་ལས་ཀྱི་འབྲས་བུ་ཅི་དང་ཅི་ཞིག་གྲུབ་པར་འགྱུར། ཞེས་བྱ་བ་དྲིས་ཚིག་རྣམ་པ་བདུན་པོ་འདི་དག་ཉིད་ཀྱི་ལན་རྗེས་སུ་བསྟན་པ་ཙམ་གྱིས་དབུ་ཞབས་ཀྱི་དོན་ཁོང་དུ་ཆུད་པར་འགྱུར་རོ། །དེ་ལ་ལན་རྗེས་སུ་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་རང་བྱུང་གཅིག་པུ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བ་འདིའི་རང་གི་ངོ་བོ་ནི། ཐོག་མ་ཉིད་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཕྱི་མའི་མཐར་ཐུག་པ་མེད་པར་འགྱུར་བ་མེད་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་རང་བཞིན། གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་འདིའི་རང་གི་ངོ་བོ་ཉིད་དོ། །དེའི་མཚན་ཉིད་དམ་རྣམ་པ་ཅི་འདྲ་བར་བཞུགས་ཞེ་ན། རྣམ་པ་གསུམ་གྱི་བདག་ཉིད་དུ་འདི་ལྟར་ཇི་སྐད་བསྟན་པའི་རང་བཞིན་གྱིས་རྣམ་པར་དག་པའི་བདེ་བ་ཆེན་པོའི་མཚན་ཉིད་དུ་བཞུགས་པ་དང་། རྣམ་པར་དག་པའི་དབང་གི་སྐུ་གདོད་མ་དང་ཐ་མ་མེད་པར་རྟག་ཏུ་ད་ལྟར་བྱུང་བ་ལྟ་བུའི་མཚན་ཉིད་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་རྒྱལ་བ་དང་། གཡོ་བ་དང་མི་གཡོ་བའི་བསྡུས་པའི་དངོས་པོ་ཐམས་ཅད་ཀྱི་གཟུགས་ཀྱིས་ཐམས་ཅད་དུ་རྣམ་པར་འཕྲུལ་བའི་མཚན་ཉིད་ཅན་གྱི་རྣམ་པར་བཞུགས་པ་དང་། མཁའ་འགྲོ་མ་བདེ་བ་མཆོག་གི་ཕྱི་དང་ནང་གི་དཀྱིལ་འཁོར་དག་ན་རྟག་ཏུ་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པའི་མཚན་ཅན་གྱི་རྣམ་པར་བཞུགས་པའོ ། །དེ་ཡོངས་སུ་མཉེས་པར་བྱ་བའི་ཐབས་ཀྱི་ཆོ་ག་ཡང་རྣམ་པ་གསུམ་ཡིན་ཏེ། ཤིན་ཏུ་སྤྲོས་པ་མེད་པའི་ཆོ་ག་དང་། སྤྲོས་པ་མེད་པའི་ཆོ་ག་དང་། སྤྲོས་པ་དང་བཅས་པའི་ཆོ་གའོ། །དེ་ཡོངས་སུ་བསྒྲུབས་པ་ལས་མཐུ་དང་ཡོན་ཏན་གྱི་རྣམ་པ་ཅི་འདྲ་བ་ཞིག་འབྱུང་ཞེ་ན། འདི་ལྟར་དེའི་དངོས་གྲུབ་ནི་དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་གྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱི་དཔལ་རྣམས་ལ་སྤྱོད་པ་དང་། དབང་ཕྱུག་ཆེན་པོ་དང་ཚངས་པ་ལ་སོགས་ཏེ་འཇིག་རྟེན་གྱི་དབང་ཕྱུག་ཐམས་ཅད་ཀྱི་དཔལ་རྣམས་ལ་སྤྱོད་པས་བསྡུས་པ་སྣ་ཚོགས་ཐམས་ཅད་ཀྱི་སྐལ་བ་བཟང་པོ་མཆོག་གི་དངོས་གྲུབ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །དེ་ལྟར་དྲིས་པ་རྣམ་པ་བཞི་པོའི་ལན་བསྟན་པས་ནི། གཞུང་འདིའི་རྟོག་པ་བཞི་པ་ཡན་ཆད་བསྟན་པར་འགྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བ་འདིའི་རང་གི་ངོ་བོ་དང་། དེའི་རྣམ་པ་ཅི་འདྲ་བར་བཞུགས་པ་རྣམ་པ་གསུམ་དུ་བསྟན་པའི་བདག་ཉིད་དང་། དེ་ཇི་ལྟར་བསྒྲུབ་པའི་ཆོ་ག་རྣམ་པ་གསུམ་དུ་བསྟན་པའི་བདག་ཉིད་རྣམས་ཀྱིས་ནི། གཞུང་འདིའི་རྟོག་པ་གསུམ་ཇི་སྐད་བསྟན་པའི་གོ་རིམ་བཞིན་དུ་བསྡུས་སོ། །དེ་ཡོངས་སུ་མཉེས་པར་བྱས་ཤིངབསྒྲུབ་པ་ལས་མཐུ་དང་ཡོན་ཏན་གྱི་རྣམ་པ་ཅི་འདྲ་བ་ཞིག་འགྲུབ་པར་འགྱུར་བ་བསྟན་པས་ནི། འདིར་རྟོག་པ་བཞི་པ་བསྡུས་སོ། །ད་ནི་དེའི་རྣམ་པར་འཕྲུལ་པ་ཇི་ལྟར་འབྱུང་བའི་དྲི་བ་རྣམ་པ་གསུམ་དྲིས་པའི་ལན་རྗེས་སུ་བསྟན་པར་བྱ་སྟེ། དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ནི། སྤྲུལ་པ་ཐམས་ཅད་ཀྱི་བདག་པོ་ཞེས་རྣལ་འབྱོར་གྱི་རྒྱུད་ཕལ་ཆེར་གྲགས་ན། འདིར་དེའི་རྣམ་པར་འཕྲུལ་པ་ནི་གང་དང་གང་རྣམས་ཡིན་ཞེ་ན། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བག་ལ་ཉལ་བ་དང་བསམ་པའི་ཁམས་ཀྱི་བྱེ་བྲག་གི་འཕྲུལ་པ་རྣམས་ཀྱང་མཐའ་ཡས་པ་ཡིན་མོད་ཀྱི། དེ་དག་ཀྱང་མདོར་བསྡུས་ན་རྣམ་པ་དྲུག་གི་བདག་ཉིད་དེ། འདི་ལྟར་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་དཀྱིལ་འཁོར་ཆེན་པོར་རྣམ་པར་འཕྲུལ་པ་དང་། དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་རྣམ་པར་འཕྲུལ་པ་དང་། དཔལ་རྡོ་རྗེ་འཛིན་པ་ཧེ་རུ་ཀའི་དཀྱིལ་འཁོར་དུ་རྣམ་པར་འཕྲུལ་པ་དང་། དཔལ་པད་མ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་དུ་རྣམ་པར་འཕྲུལ་པ་དང་། དཔལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ་རྣམ་པར་འཕྲུལ་པ་དང་། དཔལ་རྟ་མཆོག་གི་དཀྱིལ་འཁོར་དུ་རྣམ་པར་འཕྲུལ་པའོ། །དེ་ལ་རྣམ་པ་འཕྲུལ་པ་དེ་དག་གི་མཚན་ཉིད་དམ་རྣམ་པ་ཅི་འདྲ་བ་ཞིག་ཏུ་འབྱུང་བར་འགྱུར་ཞེ་ན། འདིའི་ལན་རྗེས་སུ་བསྟན་པ་ནི། སྔོན་བྱུང་བའི་གཏམ་གྱི་ཕྱག་རྒྱ་ལས་ཤེས་སོ། །དེ་ལྟར་རྣམ་པར་འཕྲུལ་པ་དེ་ལྟ་བུར་བྱུང་བར་གྱུར་པའི་དཀྱིལ་འཁོར་དེ་དག་མཉེས་པར་བྱ་བའི་ཆོ་ག་གང་གིས་མཉེས་པར་བྱས་ཤིང་བསྒྲུབ་པས་རང་རང་གི་ལས་ཀྱི་འབྲས་བུ་ཅི་འདྲ་བ་ཞིག་འགྲུབ་པར་འགྱུར་ཞེ་ན། དེ་ལ་དེ་དག་སྒྲུབ་པའི་ཐབས་ཀྱི་ཆོ་ག་ནི་འདི་ཉིད་ལས། ཉིན་རེའམ་ནི་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེ་ནི། །ཇི་བཞིན་བྱིན་གྱིས་བརླབས་ནས་ཀྱང་། སངས་རྒྱས་བདེ་མཆོག་གར་བྱའོ། །ཁམས་ཀྱི་རང་བཞིན་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩ་ལས་བྱུང་། །རང་གི་ལྷ་ཡི་ཆ་ལུགས་སུ། །བསྒྲུབ་པའི་ཕྱག་རྒྱ་རབ་ཏུ་བྱས། །དཀྱིལ་འཁོར་གང་དང་གང་བསྟེན་པ། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་ཡིས། །སློབ་མའི་ཚོགས་ཀུན་དེ་དང་དེར། །མཆོད་པ་བྱས་ནས་དེ་བསྒྲུབ་བོ། །ཞེས་གསུངས་པ་འདིས་མ་ལུས་པར་བསྡུས་ཏེ་བསྟན་པ་ཡིན་ནོ། །དེ་ལ་ཐབས་ཀྱི་ཆོ་ག་དེ་ཡང་རྣམ་པ་ལྔའི་བདག་ཉིད་དེ། མཁའ་འགྲོ་མ་སྒྱུ་མ་རྣམ་པར་འཕྲུལ་པ་ཐབས་ཀྱི་དངོས་གཞི་དང་། དེའི་ཡན་ལག་དང་གྲོགས་སུ་གྱུར་པའི་འཁོར་ལོ་རྣམ་པར་འཕྲུལ་པ་དང་། མཆོད་པར་རྣམ་པར་འཕྲུལ་པ་དང་། ཕྱག་རྒྱ་རྣམ་པར་འཕྲུལ་པ་དང་། ཕྱག་རྒྱ་རྣམ་པར་འཕྲུལ་པ་ཀུན་ནས་བསྡུས་པ་སྟེ། འདི་དག་གིས་ནི་རྣམ་པར་འཕྲུལ་པ་རྣམས་ཀྱི་ཐབས་ཀྱི་ཆོ་ག་ཀུན་བསྡུས་སོ། །དེ་དག་རང་རང་གི་དོན་གྱི་ལས་ཀྱི་འབྲས་བུ་ཅི་འདྲ་བ་ཞིག་འགྲུབ་པ་ནི། སྐབས་འདིར་གཞུང་གུད་དུ་བསྟན་པ་མེད་དེ། ཕྱག་རྒྱ་རང་རང་གི་ལས་ཀྱི་སྐབས་དང་གོང་དུ་བསྟན་པ་ཉིད་དུ་ཡང་འདུ་བས་དེ་བས་འདིར་དྲི་བ་རྣམ་པ་གསུམ་གྱི་ལན་རྗེས་སུ་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་རྣམ་པར་འཕྲུལ་པ་དྲུག་པོ་འདི་དག་གིས་ནི་གཞུང་འདིའི་རྟོག་པ་ལྔ་པ་མན་ཆད་གོ་རིམས་བཞིན་དུ་བསྡུས་པར་ཤེས་སོ། །ད་ནི་གདུལ་བྱའི་སྐྱེ་བོ་དེའི་རབ་ཏུ་དབྱེ་བ་ལ་དགའ་བ་རྣམས་ཀྱི་ཕྱིར་ཇི་ལྟར་བསྒྲུབ་པའི་རབ་ཏུ་དབྱེ་བ་བསྟན་ཏེ། དེ་ཡང་ངོ་བོ་ཉིད་དུ་གསུངས་པ་ནི། གོང་དུ་བསྟན་པ་ལྟར་དཔལ་རྡོ་རྗེ་སེམས་དཔའི་མཚན་ཉིད་དམ་རྣམ་པ་ཇི་ལྟར་བཞུགས་པ་རྣམ་པ་གསུམ་བསྟན་པའི་དབང་གིས་ཕྱེ་བའི་བསྒྲུབ་པའི་ཐབས་རྣམ་པ་གསུམ་བསྟན་པ་དང་། རྣམ་པར་འཕྲུལ་པའི་དཀྱིལ་འཁོར་ཆེན་པོ་རྣམ་པ་དྲུག་གི་དབང་གིས་ཕྱེ་བའི་བསྒྲུབ་པའི་ཆོ་གའང་རྣམ་པ་དྲུག་ཡིན་མོད་ཀྱི། འོན་ཀྱང་གདུལ་བྱའི་སྐྱེ་བོའི་དབང་གིས་དེ་བསྒྲུབ་པའི་ཐབས་ཀྱང་སྣ་ཚོགས་སུ་འགྱུར་བ་ན། འདི་ལྟར་གཞུང་འདིའི་དབུ་ཞབས་ཀྱིས་ཀྱང་གདུལ་བྱའི་སྐྱེ་བོ་ལྟ་བ་དང་མོས་པ་མཐུན་པས་བསྡུས་པའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་གཏོགས་པ་རྣམས་ཀྱིས་དུས་གཅིག་ཏུ་བསྒྲུབ་པར་བྱ་བ་ཡང་ཡིན་ཏེ། འདི་ལྟར་གར་ཡེ་ཤེས་ཀྱི་ཕྱག་རྒྱའི་སྐབས་ནས་གསུངས་པ་བཞིན་དཀྱིལ་འཁོར་གང་ཡང་རུང་བ་ཞིག་གི་ཚོགས་ཀྱི་དཀྱིལ་འཁོར་དུ་གནས་ཀྱང་། གར་ཡེ་ཤེས་ཀྱི་ཕྱག་རྒྱའི་མཆོད་པའི་སྐབས་སུ། དཀྱིལ་འཁོར་དྲུག་གི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་དུ་རིམ་པར་བསྒྱུར་ཞིང་བསྒྲུབ་པར་བྱ་བ་ཡིན་པས་ན། གཞུང་ཐམས་ཅད་ཀྱིས་ཀྱང་བསྒྲུབ་པའི་ཆོ་ག་གཅིག་བསྟན་ཏོ། །ཡང་གཅིག་ཡིན་ཏེ། སྔོན་གྱི་སློབ་དཔོན་ཨིནྡྲ་བྷཱུ་ཏི་ལ་སོགས་པའི་གདམས་ངག་ལས་གྲགས་པ་བཞིན་དུ། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དབུས་སུ་བཀོད་ལ། དེའི་དཀྱིལ་དུ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཀོད་དེ། དེ་ནས་ཤར་ཕྱོགས་སུ་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བཀོད་ནས། དེ་བཞིན་དུ་ལྷོར་དཔལ་རྡོ་རྗེ་ཉི་མའི་དང་། ནུབ་ཏུ་དཔལ་པདྨ་གར་གྱི་དབང་ཕྱུག་གི་དང་། བྱང་དུ་དཔལ་རྟ་མཆོག་གི་དཀྱིལ་འཁོར་རྣམས་བཀོད་དེ། དུས་གཅིག་ཏུ་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པར་གསུངས་པས་དེ་བས་ན་བསྒྲུབ་ཐབས་ཀྱི་ཆོ་ག་གཅིག་ཡིན་ནོ། །ཡང་གཅིག་ཡིན་ཏེ། སློབ་དཔོན་ཧཱུཾ་མཛད་ལ་སོགས་པའི་གདམས་ངག་ལས་གྲགས་པ་བཞིན། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ལྔའི་སྒོ་ནས་ནི་སྔོན་དུ་བསྙེན་པ་བྱ་བ་ཡིན་ལ། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱིས་ནི་བསྒྲུབ་པར་བྱ་བ་ཡིན་པས། དེ་བས་ན་དུས་ཐ་དད་དུ་རྣམ་པར་བསྟན་ཀྱང་གང་ཟག་བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར་ཐབས་ཀྱི་ཆོ་ག་གཅིག་ཡིན་ནོ། །དེ་བས་ན་གཞུང་འདི་ནི་བསྒྲུབ་པའི་ཐབས་ཀྱི་ཆོ་ག་གཅིག་དང་བཅས་པའོ། །གཞན་ཡང་འདི་ནི་བསྒྲུབ་པའི་ཐབས་གཉིས་དང་བཅས་པ་ཡིན་ཏེ། འདི་ལྟར་ཇི་ལྟར་བསྟན་པ་བཞིན་དུ་གཅིག་ཏུ་བསྒྲུབ་པ་དང་། སོ་སོར་ཇི་ལྟར་འཚམ་པ་བཞིན་དུ་ཐ་དད་དུ་བསྒྲུབ་པ་དང་བཅས་པའོ། །ཡང་རྣམ་པ་གཉིས་ཡིན་ཏེ། མཚན་མ་མེད་པའི་ཕྱག་རྒྱའི་སྒོ་ནས་བསྒྲུབ་པ་དང་། མཚན་མ་དང་བཅས་པའི་ཕྱག་རྒྱའི་སྒོ་ནས་བསྒྲུབ་པའོ། །གཞན་ཡང་འདི་ནི་བསྒྲུབ་པའི་ཆོ་ག་གསུམ་པ་ཡིན་ཏེ། འདི་ལྟར་ཡུལ་དང་དུས་གཅིག་ཏུ་བསྒྲུབ་པ་དང་། ཡུལ་དང་དུས་ཐ་དད་དུ་བསྒྲུབ་པ་དང་། ཡུལ་དང་དུས་དང་གང་ཟག་ཐ་དད་དུ་བསྒྲུབ་པ་རྣམས་ཀྱིས་རྣམ་པ་གསུམ་པ་ཡིན་ནོ། །ཡང་གསུམ་ཡིན་ཏེ། སྤྲོས་པ་དང་བཅས་པའི་སྤྱོད་པ་ལ་དགའ་བ་དང་། དེ་བཞིན་དུ་སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་རྣམས་ཀྱིས་གསུམ་མོ། །གཞན་ཡང་འདི་ནི་ཐབས་ཀྱིཆོ་ག་དྲུག་པ་ཡིན་ཏེ། འདི་ལྟར་དཀྱིལ་འཁོར་ཆེན་པོ་དྲུག་གི་དབང་གིས་སོ། །གཞན་ཡང་དགུ་པ་ཡིན་ཏེ། དཀྱིལ་འཁོར་ཆེན་པོ་དྲུག་གི་ཚོགས་ཀྱི་དཀྱིལ་འཁོར་ནི། ཤིན་ཏུ་སྤྲོས་པ་དང་བཅས་པའི་སྤྱོད་པ་ཡིན་ལ། དེ་ལས་ཅུང་ཟད་བྱེ་བྲག་ཏུ་གྱུར་པ་ཕྱི་རོལ་གྱི་ཕྱག་རྒྱ་འགའ་ཞིག་ལ་བརྟེན་པ་སྤྲོས་པ་དང་བཅས་པ་དང་། ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟེན་པ་དང་བྲལ་བ་རང་གི་ཏིང་ངེ་འཛིན་ལས་སྐྱེས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་ཙམ་ལ་བརྟེན་པ་སྤྲོས་པ་མེད་པའི་སྤྱོད་པ་དང་། རྟེན་ཐམས་ཅད་བྲལ་བ་དམིགས་པ་དང་རྣམ་པ་ཐམས་ཅད་ལས་ཡོངས་སུ་འདས་པ་དང་། འཕགས་པ་སོ་སོ་རང་རིག་པའི་སྤྱོད་ཡུལ་ཙམ་དང་མཐུན་པར་འཇུག་པ་འདི་ནི་ཤིན་ཏུ་སྤྲོས་པ་མེད་པའིསྤྱོད་པ་སྟེ། དེ་བས་ན་འདི་ནི་སྒྲུབ་ཐབས་ཀྱི་ཆོ་ག་དགུ་དང་ལྡན་པ་ཡིན་ནོ། །གཞན་ཡང་མོས་པ་དམན་པ་ཁ་ཅིག་ནི། སྒྱུར་བྱེད་ཀྱི་ཕྱག་རྒྱ་འགའ་ཞིག་ལ་བརྟེན་ནས་རང་གི་དོན་གྱི་བྱ་བ་སྒྲུབ་པ་ཡོད་དེ། འདི་ལྟར་མཉམ་མེད་མི་གཡོའི་གླུའི་ཕྱག་རྒྱའི་སྒོ་ནས་སྐབས་ལས་བྱུང་བའི་བསྒྲུབ་པ་གསུངས་པ་ལྟ་བུའོ། །འདི་དག་གིས་ནི་གཞུང་འདིར་གསུངས་པའི་བསྒྲུབ་ཐབས་ཀྱི་ཆོ་ག་མ་ལུས་པར་བསྡུས་པར་ཤེས་པར་བྱའོ། །དེ་ལ་སྒྲུབ་ཐབས་ཀྱི་ཆོ་ག་དེ་དག་གི་ཐབས་ཀྱི་དངོས་པོ་ནི་ཕྱག་རྒྱ་ཡིན་ཏེ། དེ་ཡང་མདོར་བསྡུ་ན་ཕྱག་རྒྱ་རྣམ་པ་གཉིས་ཡིན་ཏེ། དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། སྣ་ཚོགས་ཐམས་ཅད་ཀྱི་མཚན་མའི་ཕྱག་རྒྱའི་ཚོགས་སོ། །དེ་ལ་སྣ་ཚོགས་ཐམས་ཅད་ཀྱི་མཚན་མའི་ཕྱག་རྒྱ་ལས་ཀྱང་ཕྱག་རྒྱ་རྣམ་པ་གསུམ་དུ་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔར་ཀུན་ཏུ་སྦྱོར་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་དམ་ཚིག་ཅེས་བྱ་བ་རྗེས་སུ་སྦྱོར་བའི་ཕྱག་རྒྱ་དང་། སྣ་ཚོགས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་ཕྱག་རྒྱའོ། །དེ་ལ་སྣ་ཚོགས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་བའི་ཕྱག་རྒྱའང་དབྱེ་བའི་རྣམ་པ་དྲུག་ཏུ་འགྱུར་ཏེ། སྣ་ཚོགས་ཐམས་ཅད་དུ་རྣམ་པར་འཕྲུལ་པའི་གཏམ་གྱི་ཕྱག་རྒྱ་དང་། མཁའ་འགྲོ་མ་སྒྱུ་མ་རྣམ་པར་འཕྲུལ་པ་ཞེས་བྱ་བ་བྱིན་རླབས་བསྒྲུབ་པ་རྗེས་སུ་མཐུན་པའི་ཕྱག་རྒྱ་དང་། འཁོར་ལོ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་མཚན་མའི་ཕྱག་རྒྱ་དང་། མཆོད་པ་རྣམ་པར་འཕྲུལ་པ་ཞེས་བྱ་བ་ཕྱག་འཚལ་བ་དང་གར་གྱི་ཕྱག་རྒྱ་དང་། ཕྱག་རྒྱ་རྣམ་པར་འཕྲུལ་པ་ཞེས་བྱ་བ་རྣམ་པར་སྒྱུར་བྱེད་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་རྣམ་པར་འཕྲུལ་པ་བསྡུས་པ་ཞེས་བྱ་བ་ཕྱག་རྒྱ་དགྲོལ་བ་དང་བསྒྲུབ་པའི་ཕྱག་རྒྱ་སྟེ་རྣམ་པ་དྲུག་གི་བདག་ཉིད་དོ། །དེ་ལ་རྣམ་པར་སྒྱུར་བྱེད་ཀྱི་ཕྱག་རྒྱ་ལ་ཡང་དབྱེ་བས་ཉི་ཤུ་རྩ་བརྒྱད་དུ་འགྱུར་ཏེ། འདི་ལྟར་ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། དམ་ཚིག་ཆེན་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནས། དངོས་གྲུབ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་བར་དུ་ཇི་སྐད་གསུངས་པ་རྣམས་སོ། །ཕྱག་རྒྱ་དེ་དག་ཐམས་ཅད་ཀྱང་རང་གི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་པ་དང་། ཕྱག་རྒྱ་དེ་དག་གི་བདག་པོ་དང་གཙོ་བོ་གང་དང་གང་གི་ཕྱག་རྒྱ་ཡིན་པ་དང་། དེ་དག་གི་དགོས་པའི་བྱ་བ་གང་དང་གང་གི་སྐབས་སུ་གང་དང་གང་སྦྱར་བར་བྱ་བ་ཡིན་ཞེས་ཐམས་ཅད་ལའང་ཤེས་པར་བྱའོ། །དེ་ལྟར་ཕྱག་རྒྱ་འདི་རྣམས་རྣམ་པ་གསུམ་དུ་འདི་ལྟར་ཤེས་པས་ནི། ཇི་སྐད་དུ་བསྟན་པའི་ཐབས་ཀྱི་ཆོ་ག་རྣམས་ཤེས་པར་འགྱུར་ལ། དེས་དྲི་བ་བདུན་པོ་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །ཇི་སྐད་དུ་བསྟན་པའི་དྲི་བ་བདུན་པོ་དེ་དག་ཀྱང་རྒྱུད་ལས་ཇི་སྐད་གསུངས་པའི་གོ་རིམ་བརྗོད་པའི་དབང་དུ་བསྟན་པ་ཡིན་ཏེ། དེ་དག་ཀྱང་མདོར་བསྡུ་ན། དཔལ་རྡོ་རྗེ་སེམས་དཔའ་རིགས་དྲུག་ཏུ་རྣམ་པར་འཕྲུལ་པ་དང་བཅས་པའི་རང་གི་ངོ་བོ་ཅི་འདྲ་བ་དང་། དེ་ཇི་ལྟར་སྒྲུབ་པའི་ཐབས་ཀྱི་ཆོ་ག་དང་། དེ་ལྟར་བསྒྲུབ་པའི་འབྲས་བུ་ཆེ་བའི་ཡོན་ཏན་བསྟན་པ་རྣམས་ཀྱིས་གཞུང་མཐའ་དག་ཀུན་ནས་བསྡུས་པར་ཤེས་པར་བྱའོ། །ད་ནི་ཕྱག་རྒྱ་རྣམས་ཀྱི་རང་གི་ངོ་བོ་དང་བདག་པོ་དང་བྱ་བ་རྣམས་རིམ་པ་བཞིན་བརྗོད་པར་བྱ་སྟེ། དེ་ལ་ཇི་སྐད་དུ་བསྟན་པའི་རྣམ་གྲངས་དེ་དག་ཀྱང་ཡན་ལག་སུམ་ཅུ་རྩ་དྲུག་ཡིན་ལ། རྫས་སུ་ནི་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། རྣམ་པར་སྒྱུར་བྱེད་ཀྱི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་དང་། དེ་ལྟར་རྣམ་པ་གཉིས་ནི་ཐབས་ཀྱི་དངོས་གཞི་ཡིན་ལ། དཀྱིལ་འཁོར་དུ་དགོད་པའི་མཚན་མའི་ཕྱག་རྒྱ་རྣམས་ནི་བསྒྲུབ་པའི་ཕྱག་རྒྱ་ཡིན་ཏེ། དེ་ལྟར་ན་རྫས་སུ་ནི་རྣམ་པ་འདི་གསུམ་ཙམ་གྱིས་བསྡུས་སོ། །དེ་ལ་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཏེ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །འདི་གང་དུ་སྦྱར་བའི་དུས་ནི་རྣམ་པ་གཉིས་ཏེ། ཤིན་ཏུ་སྤྲོས་པ་མེད་པ་ལ་དགའ་བ་རྣམས་ཀྱི་ཐབས་ཀྱི་ཆོ་ག་ལ་སྦྱར་བ་དང་། རྣམ་པ་སྣ་ཚོགས་ཀྱི་མཚན་མའི་ཕྱག་རྒྱ་ལ་ཡང་འདིས་ཡོངས་སུ་ཟིན་པར་སྦྱར་བའོ། །དཔལ་རྡོ་རྗེ་སེམས་དཔར་ཀུན་ཏུ་སྦྱོར་བའི་ཕྱག་རྒྱ་ནི་གཟུགས་ཀྱི་སྐུ་ཡོངས་སུ་རྫོགས་པའི་ཕྱག་རྒྱ་སྟེ། འདི་ཡང་དཔལ་རྡོ་རྗེ་སེམས་དཔའི་འོ། །འདི་གང་དུ་སྦྱར་བའི་སྐབས་ཀྱང་རྣམ་པ་གཉིས་ཡིན་ཏེ། སྤྲོས་པ་མེད་པ་ལ་དགའ་བ་རྣམས་ཀྱི་བསྒྲུབ་པའི་ཚེ་སྦྱར་བ་དང་། སྤྲོས་པ་དང་བཅས་པ་རྣམས་ལ་ཡང་འདིས་ཟིན་པར་བྱའོ། །དཔལ་རྡོ་རྗེ་དམ་ཚིག་ཅེས་བྱ་བ་རྗེས་སུ་སྦྱོར་བའི་ཕྱག་རྒྱ་ནི། དཔལ་རྡོ་རྗེ་སེམས་དཔའ་གཙོ་བོ་དང་མཁའ་འགྲོ་མ་དང་བཅས་པའི་ཡོངས་སུ་རྫོགས་པའི་སྐུ་ཕྱག་རྒྱ་སྟེ། བདག་པོའང་དེ་རྣམས་ཉིད་ཡིན་ནོ། །གང་དུ་སྦྱར་བའི་དུས་ཀྱང་རྣམ་པ་གཉིས་ཡིན་ཏེ། སྤྲོས་པ་དང་བཅས་པ་ལ་དགའ་བ་རྣམས་ཕྱི་རོལ་གྱི་གཟུང་མ་འགའ་ཞིག་ལ་བརྟེན་ནས་སྒྲུབ་པར་བྱེད་པ་རྣམས་ཀྱི་ཚེ་སྦྱར་བ་དང་། ཤིན་ཏུ་སྤྲོས་པ་དང་བཅས་པ་ལ་དགའ་བ་ལྷ་མོ་ཉི་ཤུ་ལ་སོགས་པས་སྒྲུབ་པར་སྦྱོར་བ་ན་ཡང་འདིས་ཟིན་པར་བྱ་བའོ། །སྣ་ཚོགས་ཐམས་ཅད་ཀྱི་གཏམ་གྱི་ཕྱག་རྒྱ་ནི་རིགས་དྲུག་པོ་རྣམས་གང་ཞིག་ཅི་འདྲ་བར་འབྱུང་བའི་གཏམ་གྱི་ཕྱག་རྒྱ་སྟེ། བདག་པོའང་དེ་རྣམས་ཉིད་ཡིན་ཞིང་གང་གིས་དེ་ལྟར་ཤེས་པ་བྱ་བ་སྟེ། འདིས་འདེབས་པར་བྱེད་པ་མ་ཡིན་ནོ། །མཁའ་འགྲོ་མ་སྒྱུ་མ་རྣམ་པར་འཕྲུལ་པའི་བྱིན་གྱིས་རླབས་སྒྲུབ་པ་རྗེས་སུ་མཐུན་པའི་ཕྱག་རྒྱ་ནི། རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱ་རྣམས་ལ་རྣམ་པར་སྒྱུར་བྱེད་ཀྱི་ཕྱག་རྒྱ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་རྒྱས་བཏབ་པའི་ཕྱག་རྒྱ་སྟེ། དེ་བས་ན་དངོས་གཞི་ཡིན་གྱི་འདེབས་བྱེད་ཀྱི་ཕྱག་རྒྱ་མ་ཡིན་ནོ། །འཁོར་ལོ་རྣམ་པར་སྤྲུལ་པའི་མཚན་མའི་ཕྱག་རྒྱ་ནི་སྒྲུབ་པ་དང་མཆོད་པའི་རྟེན་གྱི་ཕྱག་རྒྱ་ཡིན་ཏེ། འདི་ཡང་འདེབས་བྱེད་ཀྱི་ཕྱག་རྒྱ་མ་ཡིན་ནོ། །མཆོད་པ་རྣམ་པར་འཕྲུལ་པ་ཞེས་བྱ་བ་ཕྱག་དང་གར་གྱི་ཕྱག་རྒྱ་ནི་དཀྱིལ་འཁོར་རྣམས་ལ་མཆོད་པའི་དུས་ན་ཕྱག་རྒྱ་འདི་གཉིས་ཀྱི་སྒོ་ནས་མཆོད་པ་ཐམས་ཅད་འབུལ་བར་བྱེད་པ་སྟེ། འདི་ཡང་འདེབས་བྱེད་ཀྱི་ཕྱག་རྒྱ་མ་ཡིན་ནོ། །འདེབས་བྱེད་ཀྱི་ཕྱག་རྒྱ་མ་ཡིན་པ་འདི་དག་དུས་གང་དུ་སྦྱར་བ་ནི་ཇི་སྐད་དུ་བསྟན་པ་དེ་དག་ཉིད་ཀྱིས་ཤེས་སོ། །ཕྱག་རྒྱ་རྣམ་པར་འཕྲུལ་པ་ཞེས་བྱ་བ་སྒྱུར་བྱེད་ཀྱི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ནི་འདེབས་བྱེད་ཀྱི་ཕྱག་རྒྱ་ཡིན་ཏེ། ཐབས་ཀྱི་དངོས་པོ་བསྟན་པའོ། །དེ་ལ་ཡིག་འབྲུ་དགོད་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལྟ་བུ་དཀྱིལ་འཁོར་བྲི་བ་བསྟན་པའང་བསྟོད་པ་དང་བཅས་པའི་མིང་བརྗོད་པའི་དབང་གིས་འདེབས་བྱེད་ཀྱི་ཕྱག་རྒྱར་འགྱུར་རོ། །གསོ་བ་དང་བསྲུང་བ་ལ་སོགས་པ་ལས་སོ་སོ་ལ་སྦྱར་བ་རྣམས་ཀྱང་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོར་ཀུན་ཀྱང་གར་ཡེ་ཤེས་ཀྱི་ཕྱག་རྒྱར་བསྒྱུར་བར་བྱ་བ་ཡིན་པ་དང་། སོ་སོ་རང་རང་གི་བྱ་བ་ལ་སྦྱོར་བའི་དུས་ནའང་རྒྱས་འདེབས་པར་བྱེད་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལ་སྒྱུར་བྱེད་ཀྱི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་པོ་འདི་རང་གི་ངོ་བོ་གང་ཡིན་པ་དང་། རིགས་དང་བདག་པོ་གང་ཡིན་པ་དང་། དུས་གང་དུ་སྦྱར་བརྣམས་ནི་ལེའུ་དགུ་པ་ཉིད་དུ་སྦྱར་བར་བྱའོ། །ཕྱག་རྒྱ་བསྡུས་པ་ནི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་འདིའི་བདག་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་དོ། །དུས་གང་དུ་སྦྱར་བ་ནི། ཕྱག་རྒྱ་ཐམས་ཅད་ཡོངས་སུ་དགྲོལ་བ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་བཅའ་བ་ཐམས་ཅད་བསྡུས་པ་ཡིན་པས་ཇི་སྐད་དུ་བསྟན་པ་རྣམས་ལས་གུད་དུ་མི་སྦྱར་རོ། །དཔལ་རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ནི། དམ་ཚིག་གི་ཕྱག་རྒྱ་བསྡུས་པ་ཡིན་ཏེ། འདི་ནི་གང་དག་ཟབ་ཅིང་རྒྱ་ཆེ་བ་ལ་མི་མོས་ཤིང་ཁོ་རེ་ཆུང་བ་རྣམས་ཕྱག་རྒྱ་འདི་ཙམ་བཅའ་སྟེ། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའོ། །དེ་ལྟར་ན་ཕྱག་རྒྱ་འདི་རྣམས་ངོ་བོ་དང་བདག་པོ་དང་དགོས་པ་གང་དུ་སྦྱར་བ་ཡོངས་སུ་ཤེས་པ་ཙམ་ལས་རྒྱུད་ཀྱི་དོན་གཞན་མེད་དེ། དབང་བསྐུར་བ་དང་དམ་ཚིག་དཔོག་པ་ལྟ་བུ་གསུངས་པ་ཡང་སྔོན་དུ་འགྲོ་བའི་ཆོ་ག་སྟེ། འདི་ཉིད་ལས། དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང་། དམ་ཚིག་རྣམ་པ་སྤངས་པ་དང་། གསང་བ་དེ་ཉིད་མི་ཤེས་པས། བསྒྲུབ་པ་ཅི་ཡང་མི་འགྲུབ་བོ། །ཞེས་གསུངས་ཏེ། སྔོན་དུ་བྱ་བའི་ཆོ་ག་འདི་དག་དང་ལྡན་པས་བསྒྲུབ་པའི་ཆོ་ག་བྱ་བ་ཡིན་ལ། ཆོ་ག་དེ་དག་ཀྱང་ཕྱག་རྒྱའི་ཆོ་གས་བསྡུས་པ་ཡིན་ནོ། །དེ་བས་ན་གཞུང་འདི་ཡང་ཕྱག་རྒྱའི་རྟོག་པ་ཞེས་གྲགས་སོ། །དེ་ལྟར་གདུལ་བྱའི་སྐྱེ་བོ་རྣམ་པ་གཉིས་ཀྱི་དོན་ཀུན་ནས་བསྡུས་པ་དང་རབ་ཏུ་ཕྱེ་བའི་དོན་བཤད་ནས། ད་ནི་རབ་ཏུ་རྣམ་པར་ཕྱེ་བ་ལ་དགའ་བ་རྣམས་ཀྱི་དོན་དུ་གཞུང་རྒྱས་པར་བཤད་པ་ལ་འཇུག་པར་བྱའོ། །དེ་ལ། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཕྱེ་བའི་ལྷ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་བྱ་བའི་ཡི་གེ་དྲུག་བཅུ་རྩ་བཞི་པོ་འདིས་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་པ་དང་། དེའི་མཚན་ཉིད་དམ་རྣམ་པ་ཇི་ལྟ་བུར་བཞུགས་པ་སྨོས་པ་ཙམ་གྱི་སྒོ་ནས་བསྡུས་ཏེ་བསྟན་ཏོ། །དེ་ལ་འདིར། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་མ་སྨོས་པ་ནི། རྒྱུད་འདིའི་སྤྱིའི་གཞུང་ཚད་འབུམ་སྡེ་དྲུག་པ་ཞིག་རིག་པ་འཛིན་པའི་གནས་མཁའ་འགྲོ་མའི་ཚོགས་ཀྱི་དཀྱིལ་འཁོར་ན་བཞུགས་པ་ལས། མིའི་གནས་སུ་ཁྲི་བརྒྱད་སྟོང་པ་ཞིག་གྲགས་ཏེ། དེ་ལས་རྟོག་པ་ཕྱོགས་གཅིག་པ་འདིའི་རྒྱུད་ཕྱི་མར་བྱུང་བ་ཡིན་པས་དེ་དག་འདིར་མ་སྨོས་སོ་ཞེའོ། །རྣམ་པ་གཅིག་ཏུ་སྟོན་པ་འཇིག་རྟེན་དུ་འབྱུང་བ་དང་། མྱ་ངན་ལས་འདའ་བ་ཡོད་པ་དང་། མངོན་དུ་གྱུར་པ་དང་། ལྐོག་ཏུ་གྱུར་པ་འདོད་པའི་སྐབས་སུ་ཡང་དག་པར་སྡུད་པར་བྱེད་པས། ལྐོག་ཏུ་གྱུར་པའི་གནས་སྐབས་གཟུང་ནས་སྡུད་པར་བྱེད་པ་ན། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་སྨོས་པར་རིགས་ཀྱི། འདིར་ནི་དཔལ་རྡོ་རྗེ་སེམས་དཔའ་ཚུལ་རྣམ་པ་དུ་མའི་སྒོ་ནས་ཀྱང་གདུལ་བྱ་རྣམས་ལ་རྟག་ཏུ་མངོན་སུམ་པར་བཞུགས་པ་འདོད་དེ། དེའི་ཕྱིར་གཞུང་འདིར་འདི་ནི་ཞེས་སྨོས་ཀྱི་འདི་སྐད་ཅེས་མི་སྨོས་སོ། །དེ་བཞིན་དུ་རྟག་ཏུ་བཞུགས་ཞེས་སྨོས་ཀྱི་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་མི་སྨོས་སོ། །འདི་ལྟ་བུ་ནི་གཞུང་འབའ་ཞིག་ཏུ་མ་ཟད་ཀྱི། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་སོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་གཙོར་མཛད་པ་ཕལ་ལས་ཀྱང་མི་སྨོས་སོ། །འོ་ན་བཤད་པའི་རྒྱུད་དག་ལས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་ཀྱི་ཐོག་མར་ཡི་གེ་ཨེ་བྃ་གཉིས་སྨོས་པ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྒྱལ་བ་ཀུན་གྱི་ཕ་མ་ཡིན་པའི་ཕྱིར་རོ། །ཞེས་འབྱུང་ལ། མདོ་སྡེ་ལས་ཀྱང་། མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ་སྟེ། །རྒྱལ་བ་རྣམས་ནི་འདི་ལས་སྐྱེས། །ཞེས་གསུངས་པ་དང་། འདི་ཉིད་ཀྱི་རྒྱུད་ཕྱི་མའི་ཕྱི་མ་ལས་ཀྱང་། དེ་ལ་ཇི་ལྟར་ན་དང་པོའི་རིགས་འབྱུང་བ་ཡིན་ཞེ་ན། མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ་སྟེ། །གདུལ་ཕྱིར་རྡོ་རྗེ་སེམས་དཔའ་ནི། །སྐྱེ་བ་དག་ནི་རིགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་འདི་ཐམས་ཅད་ཀྱི་ཐམས་ཅད་ལ་དགོས་པ་ཁོ་ན་ཡིན་པའི་ཕྱིར། འདི་སྐད་ཅེས་བྱ་བ་ནི་ཐམས་ཅད་དུ་སྨོས་པ་དགོས་པ་ཡིན་ནོ་ཞེ་ན། འདི་ནི་དེ་ལྟར་མ་ཡིན་ཏེ། ཐབས་དང་ཤེས་རབ་རྣམ་པ་གཉིས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་དགོས་པ་བདེན་མོད་ཀྱི། དེ་སྟོན་པའི་ཕྱག་རྒྱ་ནི་ཡི་གེ་ཨེ་བཾ་རྣམ་པ་གཉིས་ཁོ་ནར་ངེས་པ་མེད་དེ། གསང་བ་མཆོག་གིས་དགྱེས་པ་བྱ་བ་ལ་སོགས་པས་ཀྱང་སྟོན་པར་ནུས་པ་ཉིད་དོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་གྲགས་པའང་སྤྲུལ་པའི་སྐུ་གཙོར་མཛད་པའི་ཐུན་མོང་གི་གཞུང་ཚད་ཡིན་ཏེ། ཡི་གེ་ཨེ་བཾ་གཉིས་ཀྱང་ཐུན་མོང་དུ་གྲགས་པའི་དབང་དུ་བསྟན་པར་མཛད་པར་ཟད་དོ། །ཡང་ནི་ཆོས་ཀྱི་སྒོ་གཅིག་ལའང་རྣམ་པར་གྲོལ་བའི་སྒོ་མཐའ་ཡས་པ་ཅན་ཡིན་པས་ཕྱག་རྒྱ་གཅིག་ལའང་རྣམ་པར་གྲོལ་བའི་སྒོ་གཅིག་ཏུ་མི་འགྱུར་བ་མཚོན་པ་མ་ཡིན་ལ། རྣམ་པར་གྲོལ་བའི་སྒོ་གང་ཞིག་ཀྱང་ཕྱག་རྒྱ་འགའ་ཞིག་ཁོ་ནས་སྟོན་པ་མ་ཡིན་ནོ། །དེ་བས་ན་ཕྱོགས་འདི་ལ་ཉེས་པ་བརྗོད་པར་མི་བྱའོ། །ཧ་ཅང་སྤྲོས་པས་ཆོག་གོ །གཞུང་ཉིད་བརྗོད་པར་བྱ་སྟེ། བཞུགས་ཞེས་བྱ་བའི་ཚིག་འདི་ལས། གང་གི་ཚེ། གང་ཞིག་གང་ན། ཇི་ལྟར་བཞུགས་ཞེ་ན། དེ་ལ་གང་བཞུགས་པ་ནི། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །བཞུགས་སོ་ཞེས་སྦྱར་ཏེ། དེ་ལ་སེམས་དཔའི་སྒྲ་ནི་མུ་སྟེགས་ཅན་རྣམས་ཀྱི་སེམས་ཅན་ཞེས་བྱ་བ་གྲོལ་བ་དང་བཅིངས་པའི་གནས་སྐབས་ཆད་ན་རྟག་པར་གནས་པ། དེ་ཡོངས་སུ་དག་པ་ལས་བདེ་བ་མཆོག་གི་གནས་ལ་ལོངས་སྤྱོད་པར་འདོད་དེ། དེ་ལྟ་བུའི་སེམས་དཔའ་དེ་ནི་ཉན་ཐོས་དག་ཀྱང་འདོད་པ་མ་ཡིན་ན། ཐབས་དང་ཤེས་རབ་ཟབ་མོའི་ཚུལ་ལ་གནས་པ་རྣམས་ལྟ་ཅི་སྨོས། དེ་བས་ན་འདིར་ནི་མི་གཉིས་པའི་ཡེ་ཤེས་ནི་སེམས་དཔའི་སྒྲས་བརྗོད་དེ། དེའི་ཕྱིར་རྒྱལ་བ་ཐམས་ཅད་ཀྱང་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས། སངས་རྒྱས་ཀུན་གྱི་དངོས་གཞི་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །རྣལ་འབྱོར་གྱི་རྒྱུད་ཕལ་ཆེ་བ་ལས། སངས་རྒྱས་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་སྙིང་པོ་ཀུན་ཏུ་བཟང་པོ་གདོད་མའི་སངས་རྒྱས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཞེས་གྲགས་པ་ཡང་འདི་ཉིད་ཡིན་པ་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་གསུངས་ཏེ། ཇི་སྐད་བསྟན་པའི་སེམས་དཔའ་དེ་རྡོ་རྗེ་ལྟར་ཐམས་ཅད་དུ་མི་འགྱུར་བ་བསྟན་ཏེ། མི་ཕྱེད་ཅིང་རང་བྱུང་བའི་རྡོ་རྗེ་སེམས་དཔའོ། །རྟོག་པའི་དྲ་བ་མ་ལུས་པ་ལས་འདས་པས་བདེ་བའི་མཆོག་གོ །ཡང་འདུལ་བའི་དབང་གིས་བདེ་མཆོག་གི་ལོངས་སྤྱོད་རྣམས་ལ་ཀུན་ནས་རོལ་བས་ཀྱང་དེ་སྐད་ཅེས་བྱའོ ། གང་ན་བཞུགས་ཞེ་ན། གསང་བ་མཆོག་གིས་དགྱེས་པ་ན་བཞུགས་སོ་ཞེས་སྦྱར་རོ། །གནས་ཀྱི་ཚིག་འདིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་གནས་ཟབ་ཅིང་རྒྱ་ཆེ་བའི་སྤྱོད་ཡུལ་ཅན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་འདས་པ། རང་བཞིན་དང་རྣམ་པར་འཕྲུལ་པའི་བསྟན་པ་ཇི་སྙེད་པ་བསྡུས་སོ། །དེ་ལ་གསང་བ་མཆོག་ནི་གཙོ་བོར་ཕྱག་རྒྱ་ཆེན་པོ་སྟེ། མཚན་མ་ཐམས་ཅད་ལས་འདས་པས་སྤྱོད་ཡུལ་དུ་མི་རུང་བའི་ཕྱིར་རོ། །དེ་ཉིད་དགྱེས་པ་སྟེ་སྡུག་བསྔལ་གྱི་འཚེ་བ་དང་བྲལ་བའི་ཕྱིར་རོ། །དེ་བས་ན་བཞུགས་པའི་ཚིག་འདི་ཡང་རང་བྱུང་གི་སེམས་དཔའ་དེ་ཉིད་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དུ་བཞུགས་སོ། །ཞེས་སྦྱར་གྱི་གཉིས་སུ་ནི་མ་ཡིན་ནོ། །ཡང་རྣམ་པར་འཕྲུལ་པའི་དབང་གིས་ན་དཔལ་བདེ་མཆོག་མ་ལ་སོགས་པ་མཁའ་འགྲོ་མ་རྣམས་ཀྱི་དཀྱིལ་འཁོར་ནི་གསང་བ་མཆོག་གི་དགྱེས་པ་ཡིན་ཏེ། སྐལ་བ་མེད་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དང་། ལོངས་སྤྱོད་ཀྱི་བདེ་བའི་གནས་ཡིན་པ་དང་། ཐར་པ་མཆོག་གི་གནས་ཡིན་པའི་ཕྱིར་རོ། །དེ་ན་བཞུགས་པའང་བཅོམ་ལྡན་འདས་བདེ་བ་ཆེན་པོ་དེ་ཉིད་མཁའ་འགྲོ་མའི་དཀྱིལ་འཁོར་ན་བདེ་བ་མཆོག་གི་ལོངས་སྤྱོད་ལ་རོལ་ཅིང་འདུ་འབྲལ་མེད་པར་བཞུགས་སོ། །ཞེས་སྦྱར་རོ། །ཡང་ནང་གི་བདེ་བ་ལ་གནས་པར་འདོད་པ་རྣམས་ལམ་དང་འབྲས་བུ་དང་དེའི་ཐབས་ཕྱག་རྒྱའི་ཆོ་ག་གཅིག་ཏུ་རྫོགས་པར་འདོད་པའི་དབང་དུ་ནི། གསང་བ་ནི་པདྨའི་བྷ་གའོ། །དེ་ཉིད་ཀྱང་སྙིང་པོ་བདེ་བ་མཆོག་གི་གནས་ནི་དགྱེས་པའོ། །དེ་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་བསམ་པ་ལས་འདས་པའི་ཏིང་ངེ་འཛིན་གྱི་བདེ་བ་ནི་མཆོག་གི་སྒྲར་བརྗོད་དོ། །དེ་བས་ན་དེར་བཞུགས་པའི་ཚིག་ཀྱང་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་དེ་ཉིད་བདེ་བ་མཆོག་གི་གནས་ལ་བདེ་བ་དང་གཉིས་སུ་མེད་པར་བཞུགས་ཏེ། དེ་བས་ན་འདིར་གོ་འཕང་དེ་བསྒྲུབ་པའི་ཕྱག་རྒྱའི་ཆོ་ག་ཡང་འདི་ཉིད་ཡིན་པར་ཤུགས་ཀྱིས་སྟོན་ཏོ། །ཅི་འདྲ་བར་བཞུགས་ཞེ་ན། ཐམས་ཅད་བདག་ཉིད་ཅེས་སྨོས་ཏེ། གཉིས་སུ་མེད་པར་བཞུགས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཇི་སྐད་བསྟན་པའི་དོན་དེ་དག་གིས་དཔལ་རྡོ་རྗེ་སེམས་དཔའ་ནི་རྒྱལ་བ་ཐམས་ཅད་ཀྱི་བདག་ཉིད་དང་། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བཞིན་དང་རྣམ་པར་འཕྲུལ་པའི་སྒོ་ནས་གཉིས་སུ་མེད་པར་བཞུགས་སོ་ཞེས་སྟོན་ཏོ། །གང་གི་ཚེ་བཞུགས་ཞེས་ན། རྟག་ཏུ་བཞུགས་ཞེས་སྨོས་ཏེ། ཇི་སྐད་དུ་བསྟན་པའི་ཚུལ་རྣམས་ནི་དུས་མཉམ་པ་ཉིད་དང་། དུས་ཡོངས་སུ་ཆད་པ་མེད་པ་ཉིད་ཀྱི་ཕྱིར་རྟག་ཏུ་བཞུགས་པའོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཞེས་ཏེ། ཇི་སྐད་བསྟན་པའི་ཚུལ་དེ་རྣམས་ཀྱང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་མངོན་དུ་གཟིགས་པ་དང་། མཛད་པ་རྣམས་ཀྱང་ཡོངས་སུ་དག་པའི་འཁོར་རྣམས་ལ་རྟག་ཏུ་དེ་ལྟར་སྣང་བའི་ཕྱིར་འདི་ནི་ཞེས་བྱ་བ་མངོན་སུམ་གྱི་སྒྲར་བཤད་དོ། །དེ་ཉིད་རང་བྱུང་ཡིན་ཏེ། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའི་བཅོམ་ལྡན་འདས་སོ། །ཇི་ལྟ་ཞེ་ན་བྱང་ཆུབ་ཀྱི་སེམས་ནི་རིགས་དང་བཤེས་གཉེན་གྱི་སྟོབས་ཀྱིས་བསྐྱེད་པ་མ་ཡིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མངོན་པར་བསྒྲུབ་པ་མ་ཡིན། འབྲས་བུའི་ངོ་བོ་བླ་ན་མེད་པའི་སེམས་དང་། ཐོག་མ་མེད་པའི་རིགས་ཀྱི་སེམས་དག་ཀྱང་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་དེ། ཐམས་ཅད་དུ་མི་ཕྱེད་པས་དེའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །ཀུན་ཏུ་བཟང་པོ་ཞེས་བྱའོ། །གང་ཡང་དེའི་དབང་དུ་མཛད་པའི་གཟུགས་ཀྱི་སྐུ་རྣམས་ལའང་དེ་སྐད་ཅེས་བྱའོ། །དེ་ཉིད་བཅོམ་ལྡན་འདས་ཏེ་བདུད་ཐམས་ཅད་ལས་འདས་པ་མངའ་བའི་ཕྱིར་རོ། །ཡང་བྷ་ག་ནི་ཕྱག་རྒྱ་ཆེན་པོ་སྟེ་མཚན་མ་ཐམས་ཅད་ལས་འདས་པའོ། །དེ་དང་ལྡན་པས་བྷ་ག་བན་ནོ། །ཡང་པདྨ་བྷ་གའི་བདེ་བས་ཀུན་ཏུ་མི་གཉིས་པར་བཞུགས་པ་ནི་བྷ་ག་བན་ནོ། །ཡང་བྷ་ག་ནི་མཁའ་འགྲོ་མའི་ཚོགས་ཏེ་དབང་ཕྱུག་ཕུན་སུམ་ཚོགས་པ་རྣམས་སོ། །འདི་རྣམས་ལ་མངའ་མཛད་པས་བྷ་ག་བན་ནོ། །གཅིག་པུས་རབ་ཏུ་ཆེ་བའི་ལྷ་ཞེས་བྱ་བ་ནི། ཇི་སྐད་བསྟན་པའི་དོན་གྱི་དཔལ་རྡོ་རྗེ་སེམས་དཔའ་ལས་གཞན་པའི་ལྷ་མི་དམིགས་པ་དང་། དབང་ཕྱུག་གཞན་མེད་པའི་ཕྱིར་ཏེ། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་ཀྱི་རང་བཞིན་ཡིན་པ་དང་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ་ཞེས་བཤད་པ་ཡང་ཡིན་ཏེ། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དང་། བརྟན་པ་དང་གཡོ་བས་བསྡུས་པའི་དངོས་པོའི་ཡུལ་དང་། དུས་དང་གང་ཟག་ལ་སོགས་པ་ཇི་སྐད་དུ་གྲགས་པ་ཐམས་ཅད་ཀྱང་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་དང་མཛད་པ་རྣམས་ཀྱི་ཕྱག་རྒྱར་མ་གྱུར་པ་མེད་པའི་ཕྱིར་རོ། །དེ་ཉིད་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ཡིན་ཏེ། དེ་ལ་མཁའ་འགྲོ་མ་ནི་དཔལ་རྡོ་རྗེ་བདེ་མཆོག་མ་ལ་སོགས་པའི་ལྷ་མོ་རྣམས་ཡིན་ཏེ། དེ་ཡང་གྲགས་པ་དང་བརྡར་བཏགས་པའི་ཕྱིར་མཁའ་འགྲོ་མ་ཞེས་བྱའོ། །མཁའ་འགྲོ་མ་དེ་རྣམས་ཉིད་སྒྱུ་མ་ཡིན་ཏེ། འདི་ལྟར་ཛ་ལ་ཞེས་བྱ་བ་སྔོན་འཇིག་རྟེན་དུ་བུད་མེད་ཀྱི་ཆུ་དོང་དུ་རྔ་བ་བཙུགས་ནས་སྐྱེས་པ་རྣམས་བསླུས་པས་དེ་ལ་བུ་མེད་ཀྱི་སྒྱུ་ཞེས་གྲགས་སོ། །དེ་ནས་བུད་མེད་རྣམས་ཀྱི་འཇོ་བ་དང་སྒེག་པ་དང་རྒོད་པ་དང་ལྟ་བ་ལ་སོགས་པའི་སྒྱུ་འཕྲུལ་རྣམས་ཀྱིས་སྐྱེས་པ་རྣམས་བསླུས་པས་བུད་མེད་ཀྱི་སྒྱུ་འཕྲུལ་ཞེས་གྲགས་སོ། །འདིར་བཅོམ་ལྡན་འདས་ཐབས་ལ་མཁས་པ་ཉིད་ཀྱི་བུད་མེད་ཀྱི་སྒྱུ་འཕྲུལ་དེ་ཉིད་ཀྱིས་བསྡུ་བའི་དངོས་པོ་བསྡུས་པ་དང་ཐར་པའི་ལམ་གྱི་གཙོར་སྦྱར་ཏེ། ལམ་འདི་ཉིད་ཀྱིས་བཅིངས་པ་ལས་གྲོལ་བར་མཛད་པས་ན་མཁའ་འགྲོ་མ་སྒྱུ་མ་ཞེས་བྱའོ། །དེ་ཉིད་བདེ་བའི་མཆོག་ཡིན་ཏེ། བུད་མེད་ཀྱི་སྒྱུ་འཕྲུལ་གྱི་འདོད་པ་དང་ཆགས་པ་ལ་བརྟེན་ནས་བདེ་བ་དང་ཡིད་བདེ་བ་ཞེས་བྱ་བ་སེམས་གནས་པའི་ཡན་ལག་དང་མཐུན་པར་བསྐྱེད་དོ། །དེའི་དབང་དང་བླ་མའི་བཀའི་དབང་གིས་མི་གནས་པའི་ཡེ་ཤེས་ཐོབ་པར་འགྱུར་བས་བདེ་བའི་མཆོག་ཅེས་བྱའོ། །ཡང་དབང་པོ་དྲུག་གི་ལོངས་སྤྱོད་ཀྱི་བདེ་བ་ཐམས་ཅད་ཀྱིས་ཀྱང་ཐར་པའི་གོ་འཕང་གི་བདེ་བ་ཆེན་པོ་ཐོབ་པར་བྱེད་པས་ཀྱང་དེ་སྐད་ཅེས་བྱའོ ། །དེ་བས་ན་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་བདག་ཉིད་དེ་ཉིད་ཀྱང་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཡིན་པས། ཚིག་རྐང་པ་བརྒྱད་པོ་འདིས་དཔལ་རྡོ་རྗེ་སེམས་དཔའི་ངོ་བོ་གང་ཞིག་ཡིན་པ་དང་། དེའི་མཚན་ཉིད་དམ་རྣམ་པ་ཅི་འདྲ་བར་བཞུགས་པ་དང་། ཚིག་གི་དོན་འབྲེལ་བའི་སྒོ་ནས་བསྡུས་ཏེ་བསྟན་པ་ཡིན་ནོ། །ཡི་གེ་ཡན་ལག་གི་དོན་འབྲེལ་བ་མེད་པ་རྣམས་ནི་འདི་དང་འདིའོ་ཞེས་རིས་སུ་ཆད་པ་མེད་དེ། ཇི་སྐད་དུ། གང་དུ་ཁབ་ལེན་གཡོ་བ་ལྟར། །དེར་ནི་ལྕགས་རྣམས་འདུ་བ་བཞིན། །གང་ན་དོན་དང་ལྡན་པ་དེར། །ཡི་གེ་རྣམས་ནི་འགྲོ་བར་འགྱུར། །ཞེས་སོ། །དེ་ལ་ཡི་གེའི་ཡན་ལག་གི་དོན་འབྲེལ་བ་མེད་པས་བཞུགས་པའི་ཚིག་འདི་དག་བསྟན་པ་ནི། འདི་ཉིད་ཀྱི་རྒྱུད་ཕྱི་མའི་ཕྱི་མ་ལས། དེ་ལ་ཇི་ལྟར་བཅོམ་ལྡན་འདས་འདོདཔའི་ཐར་པ་ཡིན་ཞེ་ན། དངོས་གྲུབ་ཐམས་ཅད་རྗེས་ཆགས་ཕྱིར། །འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །ཀུན་གྲུབ་ཟད་མེད་བདེ་བ་ནི། །བདེ་བ་ཆེན་པོ་ཞེས་འདོད་དོ། །གསང་བ་ཁྲག་འཐུང་ཞེས་བྱ་སྟེ། །ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཕྱིར། །མཆོག་གི་པདྨ་འཛིན་རྒྱལ་པོ། །དམ་ཚིག་དམ་པ་ཤེས་ལྡན་ཕྱིར། །དགྱེས་པ་དམ་པའི་ཉི་མ་སྟེ། །སྦྱིན་པ་ལ་སོགས་མཆོག་སྒྲུབ་ཕྱིར། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །རྡོ་རྗེ་རྟ་མཆོག་ལས་ཉིད་ཕྱིར། །སངས་རྒྱས་ཀུན་དངོས་སེམས་དཔའ་སྟེ། །རྫོགས་སངས་རྒྱས་ཕྱིར་རྣམ་སྣང་མཛད། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ། །ཡེ་ཤེས་རྡོ་རྗེ་འཛིན་མཆོག་གོ ། ཞེས་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་དངོས་གྲུབ་ཐམས་ཅད་ལ་རྗེས་སུ་ཆགས་པའི་ཕྱིར་ཆགས་པ་ཆེན་པོ་ཞེས་བྱའོ། །དངོས་གྲུབ་ཀྱི་བདེན་པ་མི་ཟད་པ་མངའ་བས་བདེན་པ་ཆེན་པོ་ཞེས་བྱའོ། །དེ་ཉིད་ཀྱི་མཚན་ཉིད་ཀྱི་བྱེ་བྲག་སངས་རྒྱས་ལྔ་ཡིན་ཏེ། འདི་ལྟར་ར་ཧ་སྱ་པ་ར་མེ་ར་མྱེ་སརྦཱཏྨ་ནི་ས་དཱ་སྠི་ཏ་ཞེས་བྱ་བ་ལ། ར་ཧ་སྱ་ཞེས་བྱ་བ་ནི་ཆགས་པའོ། །ཧ་སྱེ་ནི་དགའ་བ་སྟེ་ཆགས་པ་ལ་དགའ་ཞེས་སོ། །ཧེ་རུ་ཀ་ནི་ཧེ་ཧེ་རུ་རུ་ཀ་ཞེས་བྱ་སྟེ་ཆགས་པའམ་དམར་བ་ལ་དགའ་བའོ། །ཡི་གེ་བསྡུས་ན་ར་ཧ་སྱེ་ནི་གསང་བའི་བྷ་ག་སྟེ། འདི་ལྟ་བུ་མཚན་ཉིད་ཀྱི་ཆགས་པ་ལ་བརྟེན་ནས་གཉིས་སུ་མེད་པའི་ཕྱག་རྒྱ་འགྲུབ་པའི་ཕྱིར། དེ་གཉིས་ཀའང་ཆགས་ཞེས་བྱ་བས་བསྡུས་པའི་བདག་ཉིད་དོ། །པ་ར་མེ་ཞེས་བྱ་བ་ནི་ཆགས་པ་ཆེན་པོ་ལས་བྱུང་བའི་དམ་ཚིག་གི་རྫས་སུ་གྱུར་པ། འཚལ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ལསོགས་པ་རྣམས་སོ། །དེ་དག་ཉིད་ལ་པད་མ་འཛིན་པ་ཞེས་ཀྱང་བྱ་སྟེ། པད་མ་བྷ་གས་འཛིན་པའི་ཕྱིར་རོ། །པད་མའི་རིགས་འབྱུང་ཞེས་ཀྱང་བྱ་སྟེ་དེའི་རིགས་སུ་བྱུང་བ་ཡིན་པའི་ཕྱིར་རོ། །ཆོས་དེ་གཉིས་ནི་པད་མ་འཛིན་གྱིས་བསྡུས་སོ། །ར་མྱེ་ཞེས་བྱ་བ་ནི་གཟི་བརྗིད་ཀྱི་དོན་ཏེ་དམ་ཚིག་རྫས་ཀྱི་ཡོན་ཏན་ནོ། །རྡོ་རྗེ་ཉི་མའང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་ཉི་མའི་གཟུགས་དང་སྤྱོད་ལམ་དང་ཚུལ་དང་གཟི་བརྗིད་སྟོན་པའོ། །དེ་བས་ན་ཆོས་དེ་གཉིས་ནི་གཟི་བརྗིད་ཀྱིས་ཡོངས་སུ་བསྡུས་སོ། །སརྦྷཱཏྨ་ནཾ་ས་དཱ་སྠི་ཏེ་ཞེས་བྱ་བ་ནི་དཔལ་རྟ་མཆོག་སྟེ་ལས་ཐམས་ཅད་པ་ཡིན་པའི་ཕྱིར་བདག་ཉིད་ཐམས་ཅད་པས་བསྡུས་སོ། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ཞེས་བྱ་བ་ནི་དཔལ་རྣམ་པར་སྣང་མཛད་དེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དཔལ་རྡོ་རྗེ་སེམས་དཔའ་ནི་ཆགས་པ་ཆེན་པོའི་དབང་གིས་འདོད་པའི་བདག་པོ་ཡང་ཡིན་ལ། དེ་ཉིད་རིགས་དྲུག་གི་རང་བཞིན་དུ་འགྲོ་བ་ཡིན་པས། འདི་ཉིད་ལས། དེ་ཉིད་འདོད་ཆགས་འདོད་ཆགས་བྲལ། །འདོད་པ་དང་ནི་གྲོལ་བའང་ཡིན། །ཞེས་གསུངས་པ་ཡིན་ནོ། །སྔོན་གྱི་མཁན་པོ་རྣམས་ཀྱི་མན་ངག་ལས་ར་ཧ་སྱེ་ནི་བྱང་ཆུབ་སེམས་ཏེ་རྡོ་རྗེ་སེམས་དཔའོ། །པ་ར་མེ་ནི་རྟ་མཆོག་གོ ། ར་མེ་ནི་རྣམ་པར་སྣང་མཛད་དོ། །ས་ནི་ཧེ་རུ་ཀའོ། །རྦ་ནི་པད་མའི་རིགས་འབྱུང་བའོ། །མ་ནི་རྡོ་རྗེ་ཉི་མའོ། །ས་དཱ་སྠི་ཏེ་ནི་དེའི་བདག་ཉིད་རྡོ་རྗེ་སེམས་དཔའ་བཞུགས་པ་སྟེ། འདི་ལྟར་རྣམ་པ་གང་དང་གང་གིས་བདེ་བ་ཆེན་པོའི་བདག་ཉིད་དུ་ལུས་ལ་ཁྱབ་པར་བཞུགས་སོ་ཞེའོ། །ཡང་ཡི་གེ་བཅུ་དྲུག་པོ་འདི་ནི་ལུས་ཀྱི་ཁམས་བཅུ་དྲུག་ཡིན་ལ། འདི་ཉིད་རང་གི་ལྷའི་སྦྱོར་བས་རང་ཉིད་ལྷར་སྦྱར་ཞིང་དམ་ཚིག་གི་རྫས་སུའང་བསྟེན་ན། མཁའ་འགྲོ་མ་རྣམས་ཀྱི་གཙོ་བོ་རྡོ་རྗེ་འཆང་དུ་འགྱུར་རོ། །ཞེས་བྱ་བའི་དོན་ཏེ། དེ་ལ་ར་ནི་རཀྟའོ། །ཧ་ནི་བ་ཧ་༼རླུང་༽འོ། །སེ་ནི་སེ་༼བད་ཀན་༽པའོ། །པ་ནི་པི་༼མཁྲིས་པའོ༽་ཏའོ། །ར་ནི་རུ་༼ཆུ་༽ནའོ། །མེ་ནི་མེ་༼ཚིལ་༽དའོ། །ར་ནི་ར་༼དྲོད་༽བིའོ། །མ་ནི་མམ་༼ཤ་༽སའོ། །དེ་བཞིན་དུ་ས་ལ་སོགས་པའི་ཡི་གེར་གཞན་ཡང་། གཤང་པ་དང་། ཞག་དང་། རླུང་། པགས་པ་དང་། རུས་པ་དང་། གཅི་བ་དང་། གློ་བ་དང་། མཁལ་མ་དང་། ཁུ་བ་རྣམས་ཏེ་ཐམས་ཅད་ཀྱང་བྱང་ཆུབ་སེམས་ལས་བྱུང་བའོ། །འདི་དག་ནི་རང་བཞིན་གྱི་དམ་རྫས་ཏེ། རང་གི་ལུས་ལ་གནས་ཤིང་སྲོག་འཛིན་ཏེ་བདེ་བ་ཆེན་པོའི་གཞིར་གྱུར་པ་ཡིན་ལ། དེ་དག་ཉིད་དམ་ཚིག་གི་རྫས་སུ་སྤྱད་པས་ཀྱང་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་ལ། རང་གི་བདག་ཉིད་རང་གི་ལྷར་སྦྱར་བས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་བའོ། །དེ་བས་ན་དཔལ་རྡོ་རྗེ་སེམས་དཔའ་ནི་ཡི་གེ་བཅུ་དྲུག་གི་བདག་ཉིད་ཁམས་བཅུ་དྲུག་གི་རང་བཞིན་དུ་བཞུགས་སོ་ཞེས་པའི་དོན་ཏོ། །དེ་དག་ལ་སོགས་པ་ཡི་གེ་ཡན་ལག་གི་དོན་བཤད་པ་རྣམས་ནི་གདུལ་བྱའི་དབང་གིས་ཡི་གེའི་ཡན་ལག་གི་སྒྲ་ལ་བརྟེན་ནས་བཤད་པ་ཙམ་སྟེ། འོན་ཀྱང་གཞུང་གི་ཚོགས་ནི་འབྲེལ་བ་གྲུབ་པའི་ཚིག་གིས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའ་རང་གི་ངོ་བོ་དང་རྣམ་པ་ཅི་འདྲ་བར་བཞུགས་པ་བསྡུས་པའི་ཚུལ་གྱིས་བསྟན་ནས། དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། །ཆགས་མེད་ཆགས་དང་བྲལ་བའང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །ཞེས་བྱ་བ་ནས། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གོ །ཞེས་བྱ་བའི་བར་དག་གསུངས་པ་ཡིན་ཏེ། དེ་ལ་འདིའི་བསྡུས་པའི་དོན་ནི། གཉིས་སུ་མེད་པའི་ཐེག་པས་ངེས་པར་འབྱུང་བའི་ཐབས་ཀྱི་ཕྱག་རྒྱ་ནི་བུད་མེད་ཀྱི་སྒྱུ་འཕྲུལ་ཡིན་ནོ། །སྒྱུ་མའི་ཕྱག་རྒྱ་དེ་ཉིད་ནི་མཁའ་འགྲོ་མ་ཞེས་བྱ་བའི་བརྡར་བསྟན་ཏོ། །མཁའ་འགྲོ་མ་སྒྱུ་མ་དེ་དང་རོལ་པ་ལས་སངས་རྒྱས་ཐམས་ཅད་ཀྱི་མི་རྟོག་པའི་ཡེ་ཤེས་བདེ་བ་ཆེན་པོ་ཐོབ་ཅིང་ལྷག་པའི་བྱང་ཆུབ་་ཀྱི་སེམས་ལས་སྐྱེས་པའི་བདེ་བ་མཆོག་ལས་ཀྱང་རྟག་ཏུ་མི་འབྲལ་བར་བཞུགས་པས་ན་དཔལ་རྡོ་རྗེ་སེམས་དཔའ་ནི་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱའོ། །དེའི་རང་བཞིན་ནི་དུས་གསུམ་གྱི་སངས་རྒྱས་ལ་སོགས་པ་བརྟན་པ་དང་གཡོ་བ་ཀུན་གྱི་རང་བཞིན་དུ་གནས་པས་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཞེས་བྱ་སྟེ། དེ་བས་ན་དཔལ་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་གང་ཡིན་པ་དང་། རྣམ་པ་ཅི་འདྲ་བར་བཞུགས་པ་ནི། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གོ་ཞེས་བྱ་བ་འདིའི་དོན་གྱིས་ཤེས་སོ། །དེ་ལ་དང་པོ་སྒྱུ་མ་ཞེས་བྱ་བའི་རང་གི་ངོ་བོ་བསྟན་པའི་ཕྱིར། ཆགས་མེད་ཆགས་དང་བྲལ་བའང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཐེག་པའི་མཆོག །ཅེས་གསུངས་པ་སྟེ། འདི་ལྟར་ཐེག་པ་ཆེན་པོ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟེ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པས་ངོ་བོ་ཉིད་མེད་པའི་ཕྱིར་འཇིག་རྟེན་ལྟར་ཆགས་པ་མ་ཡིན་ནོ། །སྒྱུ་མ་ཙམ་དུ་སྣང་བའི་དབང་གིས་སེམས་ཅན་གྱི་དོན་བྱ་བ་དང་། དགེ་བའི་ཆོསབསྡུ་བ་མི་གཏོང་བས་ཉན་ཐོས་ལྟར་ཆགས་པ་དང་བྲལ་བ་མ་ཡིན་ནོ། །དོན་དུ་གཉེར་བར་བྱ་བ་མི་དམིགས་པས་དབུ་མ་ཡང་མི་དམིགས་སོ། །དེ་ལྟ་བུའི་ཐེག་པ་དེ་གང་ཞིག་ཡིན་ཞེ་ན། བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །ཞེས་ཏེ་སྒྱུ་མའི་ཕྱག་རྒྱ་འདི་ལ་བརྟེན་ནས་ངེས་པར་འབྱུང་བའི་ཕྱིར་རོ། །དེ་ཡང་ཕྱི་ནང་གི་བདེ་བ་གཉིས་ལ་རོལ་པའི་སྒོ་ནས་གྲུབ་སྟེ། འདི་ལྟར་བུད་མེད་ལ་སོགས་པ་འདོད་པའི་ཡོན་ཏན་གྱི་བདེ་བ་ཐམས་ཅད་ལ་ཐབས་དང་ཤེས་རབ་ཀྱིས་ཟིན་པར་སྤྱད་པས་གྲུབ་པར་འགྱུར་རོ། །ཞེས་བྱ་བ་དང་། རྡོ་རྗེ་དང་པད་མ་ཟུང་དུ་འབྲེལ་བའི་བདེ་བ་ལས་གང་གི་ཚེ་བདེ་བ་ཆེན་པོ་སྐྱེ་བར་འགྱུར་ཞེ་ན། འདི་ལྟར་ཤིན་ཏུ་བདེ་བ་ལ་ཆགས་པའི་དུས་ནའང་ཚོར་བ་བདེ་བ་ལ་ཞེན་པས་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོ་མི་ཐོབ་པའི་ཕྱིར་ཆགས་པ་མེད་ཅེས་བསྟན་ཏོ། །ཆགས་པ་དང་བྲལ་བའི་དུས་ན་ཡང་སེམས་འཛིན་པར་བྱེད་པ་མེད་པས་དེ་མི་ཐོབ་པའི་ཕྱིར་ཆགས་པ་དང་བྲལ་བ་མིན་ཞེས་བསྟན་ཏོ། །དེ་གཉིས་དབུས་སུ་རང་བཞིན་གྱིས་བདེ་བ་བཟུང་བར་བྱའོ་ཞེས་གསུངས་ཀྱང་། དམིགས་པར་བྱ་བ་ཐམས་ཅད་དང་བྲལ་བར་དབུ་མར་ཡང་ནི་མི་དམིགས་སོ་ཞེས་བསྟན་ཏོ། །དེ་ནི་བུད་མེད་ཀྱི་སྒྱུ་འཕྲུལ་ལ་བརྟེན་པས་འགྲུབ་བོ་ཞེས་སྦྱར་རོ། །ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་ནོ་ཅོག་ཐེག་པ་ཆེན་པོ་ཡིན་ནོ། །འདིར་བུད་མེད་ཀྱི་སྒྱུ་འཕྲུལ་ཁོ་ན་ལྷག་པར་བསྔགས་པ་མཛད་ཅེ་ན། སྒྱུ་མ་དག་ནི་ཐམས་ཅད་པས། །བུད་མེད་སྒྱུ་མར་ཁྱད་པར་ཆེ། །ངོ་བོ་ཉིད་ཀྱི་མཐུ་དག་གིས། །རང་བཞིན་གྱིས་ནི་དེ་གྲུབ་བོ། །ཞེས་གསུངས་ཏེ། ཕྱག་རྒྱའི་དངོས་གྲུབ་གྲུབ་པར་བྱ་བ་ལ་ཐབས་ཀྱི་སྒྱུ་འཕྲུལ་གཞན་པས་བུད་མེད་ཀྱི་སྒྱུ་འཕྲུལ་ཁྱད་པར་དུ་འཕགས་ཏེ། འདི་ལྟར་ངོ་བོ་ཉིད་ཀྱི་མཐུ་ཡོད་ཅིང་རང་བཞིན་གྱིས་གྲུབ་པ་ཡིན་པའི་ཕྱིར་རོ། །དེ་ཡང་རྣམ་པ་གཉིས་ཡིན་ཏེ། མ་ཆགས་པ་ལ་ཕྱག་རྒྱ་འགྲུབ་པ་མེད་པ་དང་། རང་བཞིན་གྱིས་གྲུབ་པའི་རྫས་སུ་གྱུར་པའོ། །གཞན་ཡང་དེའི་ཡོན་ཏན་ནི་ཐབས་ཀྱིས་སེམས་ཅན་ཐམས་ཅད་བསྡུ་བ་དང་། བདེ་བས་བྱང་ཆུབ་འགྲུབ་པའང་ཡིན་པའི་ཕྱིར། འཇིག་རྟེན་གསུམ་འདིར་བུད་མེད་འདིས། །གུས་པ་དག་ཏུ་བྱེད་པར་འགྱུར། །རྙེད་དང་བདེ་དང་དགའ་ཀུན་གྱིས། །ངན་པར་སྤྱོད་པའང་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། སྤྱིར་དངོས་གྲུབ་རྒྱུ་དཀའ་ཐུབ་དང་གཙང་སྦྲ་དང་སྡོམ་པས་དང་སྐལ་བ་ལ་སོགས་པས་གྲུབ་པར་བཤད་པ་རྣམས་འདིར་སྨད་འཚོང་མ་ལ་སོགས་པར་སྤྱད་པའང་འགྲུབ་པར་འགྱུར་ན་གཞན་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཅིག་ཏུ་དུ་ཙ་ར་ཞེས་བྱ་སྟེ། ཨུ་ཡིག་བར་སྦྱར་ན་དྭ་ཞེས་བྱ་བར་འགྱུར་ཏེ། རྡོ་རྗེ་དང་པད་མ་གཉིས་སྤྱོད་པས་འགྲུབ་བོ་ཞེས་སྦྱར་རོ། །ཡང་དུ་ཙ་ར་ནི་རིགས་གཉིས་སོ། །ར་ནི་བྲལ་བ་སྟེ་གཉིས་བྲལ་བས་གྲུབ་བོ་ཞེའོ། །ཇི་ལྟར་སྤྱད་ན་འགྲུབ་ཅེ་ན། རང་གི་ངོ་བོ་ཡོངས་སྒྱུར་ན། །བུད་མེད་ཀུན་གྱིས་སྒྱུ་མས་འགྲུབ། །ཅེས་གསུངས་ཏེ། འདིར་རང་གི་ངོ་བོ་བསྒྱུར་བ་ནི། སྒྲུབ་པ་པོ་དང་བུད་མེད་རྣམས་ཀྱི་ཕུང་པོ་དང་ཁམས་རྣམས་དཔལ་རྡོ་རྗེ་སེམས་དཔའ་དང་དཔལ་རྡོ་རྗེ་ཤིན་ཏུ་དགའ་མ་ལ་སོགས་པ་རྣམས་སུ་ཡོངས་སུ་བསྒྱུར་ནས་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོར་བསྒྲུབ་ན་འགྲུབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །རྣམ་པ་གཅིག་ཏུ་བུད་མེད་ཀྱི་སྒྱུ་འཕྲུལ་ལ་བརྟེན་ནས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པའི་ཚེ། དངོས་པོར་ལྟ་བ་དང་མཚན་མར་འཛིན་པ་དང་སྨོན་ཅིང་ཆགས་པ་ཐམས་ཅད་ལས་འདས་ཏེ་མི་དམིགས་པ་གྱུར་པ་ནི། རང་གི་ངོ་བོ་ཡོངས་སུ་སྒྱུར་བ་སྟེ། དེས་གྲུབ་པར་འགྱུར་རོཞེའོ། །དེ་ལྟ་བུའི་སྒྱུ་མའི་ཕྱག་རྒྱ་དེ་ཉིད་མཁའ་འགྲོ་མ་ཞེས་བྱའི་བརྡར་བསྟན་ཏེ། དེའི་ཕྱིར། ངོ་མཚར་སྒྱུ་མའི་ཕྱག་རྒྱ་འདི། །མཁའ་འགྲོ་མ་ཞེས་བརྡར་བསྟན་ཏོ། །ཞེས་བསྟན་ཏོ། །བརྡར་བསྟན་པ་ཡང་མཁའ་འགྲོ་མ་རྣམས་དང་ཕྱོགས་གཅིག་མཚུངས་པའི་ཕྱིར་ཏེ། ཇི་ལྟར་མཚུངས་ཞེ་ན། འདིར་བསྟན་པའི་ཕྱིར། ཌ་ནི་ནམ་མཁར་འགྲོ་མ་ཞེས། །ཁམས་ལས་མངོན་པར་བརྟགས་པ་སྟེ། །ནམ་མཁའ་ཀུན་ཏུ་སྤྱོད་འགྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་གསུངས་ཏེ། ཡི་གེ་ཌ་ནི་ནམ་མཁའ་ལ་འགྲོ་བ་ཞེས་གྲགས་ཏེ། གང་ལས་གྲགས་ཞེ་ན། ཁམས་ལས་མངོན་དུ་བརྟགས་པ་སྟེ། །ཞེས་གསུངས་ཏེ། འཇིག་རྟེན་གྱི་བྱཱ་ཀ་ར་ཎའི་སྐད་ཀྱིས་དབྱིངས་ལས་ཌཱ་ཀི་ནཱི་ཞེས་མངོན་དུ་བརྟགས་ཤིང་གྲགས་སོ། །ཇི་ལྟ་བུ་ཞིག་ལས་གྲགས་ཞེ་ན། ནམ་མཁའ་ཀུན་ཏུ་སྤྱོད་འགྲུབ་པས་ཞེས་སྨོས་ཏེ། ནམ་མཁའ་ལ་ཀུན་ཏུ་སྤྱོད་པ་ནི་ས་དང་ཆུ་ལ་བྱ་བ་བཞིན་འགྲོ་ཞིང་འོང་བ་དང་འཛུལ་བ་ལ་སོགས་པ་ཀུན་ཏུ་སྤྱོད་པ་འགྲུབ་པ་དང་། ས་དང་ཆུ་ལ་སོགས་པ་ལ་ཡང་ནམ་མཁའ་ལ་བྱ་བ་བཞིན་ཆགས་ཐོགས་མེད་པར་སྤྱོད་པ་འགྲུབ་པས་དེའི་ཕྱིར་མཁའ་འགྲོ་མ་ཞེས་གྲགས་སོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་མའི་ཚོགས་ལ་ཡང་མཁའ་འགྲོ་མ་ཞེས་བརྡར་གྲགས་པའི་ཕྱིར། ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། །ཐམས་ཅད་མ་ལུས་བདེ་མཆོག་གི ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་གསུངས་ཏེ། འདིར་ཕྱག་རྒྱ་དང་བདེ་བ་མཆོག་ཀྱང་དོན་མཚུངས་ཏེ། རྒྱུད་འདི་ཉིད་ལས། བདེ་མཆོག་བདེ་མཆོག་ཅེས་གསུངས་པ། །སངས་རྒྱས་བདེ་མཆོག་ཐམས་ཅད་ཀྱི། །ཕྱག་རྒྱ་བདེ་བའི་མཆོག་ཏུ་གསུངས། །ཞེས་གསུངས་པ་ཉིད་ཀྱི་ཕྱིར་ན་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱར་གྱུར་པ་གསང་བའི་ལྷ་མོ་རྣམས་ནི། ཆོས་ཐམས་ཅད་ལ་ཁྱབ་པར་འཇུག་ཅིང་མཐུ་དང་རྫུ་འཕྲུལ་གྱིས་ཐམས་ཅད་ངོ་མཚར་བསྐྱེད་ཅིང་འདུལ་བར་བྱེད་པའི་མཁའ་འགྲོ་མ་རྣམས་དང་ཡིད་ཀྱིས་འདྲ་བའི་ཕྱིར་འདིར་ཡང་མཁའ་འགྲོ་མ་ཞེས་བྱའོ ། །ཡང་རྣམ་པ་གཅིག་ཏུ། ཌ་ནི་ནམ་མཁར་འགྲོ་མ་ཞེས་འཇིག་རྟེན་དུ་གྲགས་པའང་ཅི་ཞིག་ལས་ཅི་ལྟ་བུ་ཞིག་ཏུ་གྲུབ་ནས་མཁའ་འགྲོ་ཞེས་གྲགས་ཞེ་ན། དེ་ལ་ཅི་ཞིག་ལས་གྲུབ་པ་ནི་ཁམས་ལས་མངོན་དུ་བརྟགས་པ་སྟེ་ཞེས་པ་སྟེ། དེ་ལ་ཁམས་ནི་ཇི་སྐད་དུ་བསྟན་པའི་ཁྲག་དང་ཁུ་བ་དང་བཤང་བ་དང་། གཅི་བ་ལ་སོགས་པའོ། །མངོན་དུ་བརྟགས་པ་ནི་དེ་རྣམས་དམ་ཚིག་གི་རྫས་སུ་སྤྱད་ཅིང་བསྟེན་ཏེ་ཟོས་པ་ལས་གྲུབ་པའོ། །ཇི་ལྟ་བུ་ཞིག་གྲུབ་ཅེ་ན། ནམ་མཁར་ཀུན་ཏུ་སྤྱོད་འགྲུབ་པས་ཞེས་པ་སྟེ། ནམ་མཁའ་ལ་དབང་བསྒྱུར་བར་འགྲུབ་པ་དང་། ཐོགས་པ་དང་བཅས་པའི་གཟུགས་རྣམས་ལ་ནི་མཁའ་བཞིན་དབང་བསྒྱུར་བ་གྲུབ་པས་དེའི་ཕྱིར་དེ་དག་གི་མིང་མཁའ་འགྲོ་མ་ཞེས་གྲགས་སོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་ལྷ་མོ་རྣམས་ཀྱང་མཁའ་འགྲོ་མ་རྣམས་ཀྱི་གྲུབ་ལུགས་དང་མཐུན་པར་རོལ་པའི་བདེ་བས་མཉེས་པར་བྱེད་ཅིང་དེ་ལས་བྱུང་བའི་ཁམས་རྣམས་ཀྱང་དམ་ཚིག་གི་རྫས་སུ་སྤྱད་ཅིང་བསྒྲུབ་པ་ལས་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་དངོས་གྲུབ་ཐོབ་པས་དེ་བས་ན་མཁའ་འགྲོ་མ་རྣམས་དང་། དེ་དང་ཐབས་དང་འབྲས་བུ་རྣམས་མཁའ་འགྲོ་མ་དང་ཡིད་ཀྱིས་འདྲ་བས་འདིར་ཡང་མཁའ་འགྲོ་མ་ཞེས་གྲགས་སོ། །མཁའ་འགྲོ་མའི་སྒྲ་གཞན་ཡང་བཤད་པ། ཌེཾ་ནི་ནམ་མཁར་འགྲོ་མ་ཞེས། །སངས་རྒྱས་ཁམས་ལས་རྣམ་པར་བརྟགས། །ཀུན་ཏུ་འགྲོ་བ་གྲུབ་པ་ནི། །སངས་རྒྱས་ཀུན་བདག་མཁའ་འགྲོ་མའོ། །ཞེས་གསུངས་སོ། །དེ་ལ་ཌེཾ་བི་ཧ་ཡ་ཞེས་བྱ་བ་སངས་རྒྱས་ཀྱི་བཀའ་ལས་གྲགས་པས། སངས་རྒྱས་ཁམས་ལས་རྣམ་པར་བརྟགས་ཞེས་གསུངས་ཏེ། དོན་དེདག་གིས་ཀྱང་འདིར་མཁའ་འགྲོ་མ་ཞེས་བྱ་བ་ནི་ཐམས་ཅད་དུ་ཁྱབ་པར་འཇུག་པའི་མཛད་པ་སྒྲུབ་པས། སངས་རྒྱས་ཀུན་བདག་མཁའ་འགྲོ་མ། །ཞེས་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ལས་མི་གཞན་པའོ། །ཡང་རྣམ་པ་གཅིག་ཏུ་ཌེཾ་ནི་དེ་ཧ་སྟེ་རང་གི་ལུས་སོ། བི་ནི་བཛྲི་ན་སྟེ་རྡོ་རྗེ་སེམས་དཔའོ། །ཧ་ནི་ཨ་ཧ་ཏ་སྟེ་མི་ཤིགས་པའི་ཐིག་ལེའོ། །ཡ་ནི་ཡ་ད་ན་སྟེ་མི་མངོན་པའི་དབྱིངས་ནས་བྱུང་བའོ། །ཁམས་ཀྱི་སྒྲ་ནི་སྔ་མ་བཞིན་ཏེ་ལུས་ཀྱི་ཁམས་སོ། །དེ་ཉིད་སངས་རྒྱས་རྣམས་སུ་བརྟགས་ཤིང་ཤེས་པར་བྱ་སྟེ། བསྒྲུབས་པས་གྲུབ་པ་ནི། སངས་རྒྱས་ཁམས་ལ་རྣམ་པར་བརྟགས། །ཞེས་བྱ་བ་ལ་སོགས་པརྣམས་སུ་སྦྱོར་ཞེས་ཀྱང་བཤད་དོ། །དེ་ལྟར་སྒྱུ་མ་དང་མཁའ་འགྲོ་མ་ཞེས་བྱ་བའི་སྒྲ་དང་དོན་བཤད་ནས། ད་ནི་བདེ་མཆོག་ཅེས་བྱ་བའི་སྒྲ་དོན་བཤད་པའི་ཕྱིར། ཤཾ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །སྒྱུ་མ་ཐམས་ཅད་རབ་སྦྱོར་བས། །མཆོག་ཏུ་བདེ་བས་བདེ་བའི་མཆོག །ཅེས་གསུངས་ཏེ། དེ་ལ་ཤམྦ་ར་ཞེས་བྱ་བ་ཤཾ་གྱི་སྒྲ་ནི་ཞི་བ་དང་བསིལ་བར་གྱུར་པ་ལ་ཡང་འཇུག་མོད་ཀྱི། འདིར་ནི་བདེ་བའི་དོན་དུ་སྦྱར་ཏེ། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོའི་བདག་ཉིད་དོ། །ཞེས་བྱ་བར་སྦྱར་རོ། །བདག་ནི་མཆོག་དང་གཙོ་བོའི་དོན་ཏེ་འདིར་མཁའ་འགྲོ་མ་སྒྱུ་མ་རྣམས་ཀྱི་རོལ་པའི་བདེ་བ་དང་ལྡན་བཞིན་དུ་ཐར་པའི་མཆོག་གི་བདེ་བ་ཡང་སྦྱོར་བས་འཇིག་རྟེན་དང་ཉན་ཐོས་དག་གི་བདེ་བ་ལས་མཆོག་དངགཙོར་གྱུར་པའི་ཕྱིར་བདེ་བའི་མཆོག་གོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་བཤད་ནས། །ད་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་བཤད་པའི་ཕྱིར། ཀུན་ཏུ་ཀུན་ནས་ཐམས་ཅད་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་དོན་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་དུས་དང་དངོས་པོ་རྣམ་པ་ཐམས་ཅད་ཀྱང་དཔལ་རྡོ་རྗེ་སེམས་པའི་རང་བཞིན་ཉིད་དང་འཕྲུལ་པ་ཡིན་པའི་ཕྱིར་སངས་རྒྱས་མ་ཡིན་པའི་ཆོས་མེད་དེ། སངས་རྒྱས་ཐམས་ཅད་ཀྱང་དེའི་བདག་ཉིད་ཡིན་པའི་ཕྱིར་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བཤད་དོ། །དེ་ལ། ཀུན་ཏུ་ཀུན་ནས་ཐམས་ཅད་ནི། །ཞེས་བྱ་བ་ནི་དུས་དང་དངོས་པོ་ཐམས་ཅད་སྟོན་པའི་ཚིག་གོ །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །ཞེས་བྱ་བ་ལ། བདག་ཉིད་ཀྱི་སྒྲ་ནི་དཔལ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དོ། །རྟག་ཏུ་ནི་དུས་རྣམ་པར་མ་ཕྱེ་བའོ། །རྣམ་པ་ཀུན་ཏུ་ནི་དུས་དང་དངོས་པོ་རྣམས་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་ཐམས་ཅད་དོ། །དེ་དག་མདོར་བསྡུས་པ་ནི། སངས་རྒྱས་ལ་སོགས་བརྟན་གཡོ་ཀུན། །ཞེས་བྱའོ། །དེ་དག་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་དཔལ་རྡོ་རྗེ་སེམས་དཔའ་གྱུར་པས། ཀུན་གྱི་དངོས་པོར་བདག་གྱུར་ཏོ། །ཞེས་སོ། །དེ་ལ་བདག་ཅེས་བྱ་བའི་སྒྲ་ནི་འདིར་སྟོན་པ་དཔལ་རྡོ་རྗེ་སེམས་དཔའ་ཡིན་པས། ཐམས་ཅད་ཉིད་ཡིན་ཞེས་སྟོན་པར་འགྱུར་རོ། །རྣམ་པ་གཅིག་ཏུ་བདག་ཅེས་བྱ་བའི་ཚིག་གི་དོན་རྣམ་པ་བཞི་སྟེ། ཕྱི་རོལ་པའི་རྣམ་པ་གང་ཟག་ཅེས་ཀུན་ཏུ་བརྟགས་པ་དང་། ཉན་ཐོས་རྣམས་ཕུང་པོ་ལ་བདག་ཅེས་ཀུན་ཏུ་བརྟག་པ་དང་། ཐེག་པ་ཆེན་པོ་རྣམས་ཕུང་པོའི་དོན་བློས་རྣམ་པར་མ་ཕྱེ་བ་ཙམ་ལ་བདག་ཅེས་མིང་དུ་བཏགས་པ་དང་། གཞན་ཡང་ཕུང་པོའི་དོན་བློས་རྣམ་པར་གཞིག་ན་རང་གི་ངོ་བོ་གང་ཡང་མི་འགྲུབ་པའི་བདག་ཉིད་པས་བདག་ཉིད་ཅེས་བྱའོ། །དེ་བས་ན་འདིར་བདག་གི་དོན་བཞི་པ་ཉིད་ཡོངས་སུ་གཟུང་སྟེ་ཆོས་རྣམས་ཀྱི་བདག་ཉིད་ཅེས་བྱ། དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། དེ་བས་ན་ཐམས་ཅད་དུ་བདག་གྱུར་ཏོ་ཞེས་སྦྱར་རོ། །འདི་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བའི་བསྡུས་པའི་དོན་ཏོ། །དེ་ཉིད་རྒྱས་པར་བཤད་པ་ནི། སེམས་དང་སེམས་དཔའི་ཏིང་འཛིན་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདིར་སེམས་ཞེས་བྱ་བ་ནི་འདི་ལྟར་བཅོམ་ལྡན་འདས་དེ་ནི་ཐམས་ཅད་ཀྱི་སེམས་ཉིད་ཡིན་ནོ་ཞེས་བྱ་བ་དང་། ཐམས་ཅད་ཀྱི་སེམས་དཔའ་ཉིད་ཡིན་ནོ་ཞེས་བྱ་བ་དང་། ཐམས་ཅད་ཀྱི་སེམས་དཔའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཀུན་ལ་སྦྱར་རོ། །དེ་ལ་ཐམས་ཅད་ཀྱི་སེམས་ཉིད་ཇི་ལྟར་ཡིན་ན། སེམས་རྣམས་ཀྱི་རང་བཞིན་ནི་གདོད་མ་ནས་དྲི་མ་ཐམས་ཅད་དང་བྲལ་བས་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། དེ་ཉིད་བསམ་པའི་ཡུལ་ལས་འདས་ཏེ་ཟབ་ཅིང་རྒྱ་ཆེ་བ་ལ་བདེ་བའི་དངོས་གྲུབ་ཟད་པ་མེད་པའི་གཞིར་གྱུར་པས་རྡོ་རྗེ་ལྟར་བརྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སེམས་དཔའ་ཉིད་ཡིན་ཏེ་སེམས་ཉིད་བརྟན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་བརྟན་པར་བསྒོམ་པ་ནི་སེམས་དཔའི་ཏིང་ངེ་འཛིན་ཏོ། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །ཅེས་བྱ་བ་ནི་ཇི་སྐད་དུ། སྙིང་སྟོབས་རྡུལ་དང་མུན་པ་ཡང་། །གང་ཕྱིར་སེམས་ཅན་དོན་འགྱུར་བ། །དེ་ཕྱིར་ཀུན་ཏུ་བཟང་པོ་ཡི། །བྱང་ཆུབ་སྤྱོད་པ་ཇི་བཞིན་འགྲོ། །ཞེས་གསུངས་པ་སྟེ། བལྟམས་པ་དང་དཀའ་ཐུབ་མཛད་པ་ལ་སོགས་པ་འབའ་ཞིག་ཀུན་ཏུ་བཟང་པོའི་བྱང་ཆུབ་ཀྱི་སྤྱོད་པ་ཡིན་པ་མ་ཟད་ཀྱི། ཐ་ན་དུག་གསུམ་དང་བདུད་བཞི་པོ་ཉིད་ཀྱང་ཀུན་ཏུ་བཟང་པོའི་བྱང་ཆུབ་ཀྱི་སྤྱོད་པའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན། དེ་བཞིན་བདུད་དང་བདུད་ལས་རྒྱལ། །ཞེས་གསུངས་པ་སྟེ། ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡིན་པ་དང་བྱང་ཆུབ་ཀྱི་སྤྱོད་པར་གྱུར་པའི་ཕྱིར་རོ། །དེ་ནི་བྱང་ཆུབ་སངས་རྒྱས་ཡིན། །ཞེས་བྱ་བ་ནི་རང་གི་སེམས་སོ་སོར་རྟོག་པ་ནི་བྱང་ཆུབ་ཡིན་ལ། རང་བྱིན་གྱིས་བརླབས་པའི་སྦྱོར་བས་དེ་ཐོབ་པ་ནི་སངས་རྒྱས་སོ། །རྡོ་རྗེ་རྡོ་རྗེ་འཛིན་ཉིད་དང་། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཉིད་གདོད་མ་ནས་དྲི་མ་མེད་ཅིང་བརྟན་པས་རྡོ་རྗེ་ཉིད་དོ། །དེ་སོ་སོར་རྟོགས་པས་ཐོབ་པ་ནི་རྡོ་རྗེ་འཛིན་པའོ། །དེ་བཞིན་དུ་པད་མ་དང་ནོར་བུ་ཡང་སེམས་ཉིད་ངོ་བོ་ཉིད་ཀྱིས་དྲི་མ་མེད་པ་དང་དེ་ཉིད་ཡོན་ཏན་གྱི་གཞིར་གྱུར་པ་སྟེ་དེ་འཛིན་པ་ཡང་སྔ་མ་བཞིན་ནོ། །དེ་དག་གི་ཡང་རིགས་ཡིན་ནོ། །ཞེས་བྱ་བ་ནི། ཇི་སྐད་དུ། མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ་སྟེ། །འདུལ་ཕྱིར་རྡོ་རྗེ་སེམས་དཔའ་ནི། །སྐྱེ་བ་དག་ནི་རིགས་ཡིན་ནོ། །ཞེས་གསུངས་པ་ཉིད་དོ། །དེ་ཉིད་འདོད་ཆགས་འདོད་ཆགས་བྲལ། །འདོད་པ་དང་ནི་འགྲོ་བའང་ཡིན། །ཞེས་བྱ་བ་ནི་གོང་དུ་བཞུགས་པའི་ཚིག་གི་སྐབས་སུ་བསྟན་པར་ཟད་དོ། །ད་ནི་ཡོངས་སུ་མ་དག་པའི་ཆོས་སྣ་ཚོགས་ཀྱི་བདག་ཉིད་ཡིན་པར་བསྟན་པའི་ཕྱིར། དུས་གསུམ་སྲིད་གསུམ་མཆོག་གསུམ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པ་དང་། འཕྲུལ་པ་ཐམས་ཅད་དུ་སྣང་བར་སྟོན་པ་སྟེ། ཇི་སྐད་དུ། འཇིག་རྟེན་གསུམ་དག་མཐའ་ཡས་ཕྱིར། །གདུལ་ཕྱིར་སྲིད་གསུམ་མཆོག་གསུམ་བདག །ཐམས་ཅད་ཉིད་ཕྱིར་དཀོན་མཆོག་གསུམ། །འཇིག་རྟེན་གསུམ་དག་ཁམས་གསུམ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་ཉིད་སྣོད་དང་བཅུད་དུ་སྣང་བ་ཡང་། སེམས་ཅན་བསོད་ནམས་ཆེར་འཕགས་ཕྱིར། །མི་གཡོ་ཐམས་ཅད་ཁོ་ན་བདག། །སེམས་འདུ་བྱས་ཕྱིར་གཡོ་བ་སྟེ། །འདུ་བྱེད་ཐམས་ཅད་ཁོ་ནའི་ཕྱིར། །ཞེས་གསུངས་པ་སྟེ། སྣོད་དང་བཅུད་ཀྱི་འཇིག་རྟེན་ཡང་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་དག་ལ་སོགས་པའི་དོན་གྱིས་ན། ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །དངོས་པོ་ཐམས་ཅད་དེ་ཡིན་ཏེ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གོ །ཞེས་གསུངས་ཏེ། འདི་ལྟར་ཆོས་དབྱིངས་མཚན་མ་མེད་ཀྱང་རུང་། །ཆོས་ཀྱི་མཚན་ཉིད་མཚན་མ་དང་བཅས་པས་བསྡུས་ཀྱང་རུང་སྟེ། ནམ་མཁའི་དབྱིངས་ཀྱི་ཁྱབ་པའི་གོ་སྐབས་ཐམས་ཅད་ན། དཔལ་རྡོ་རྗེ་སེམས་དཔའ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བ་དེའི་རང་བཞིན་དུ་མ་གྱུར་པ་མེད་ཅིང་དེའི་རྣམ་པར་མི་བཞུགས་པ་མེད་དོ། །ཞེས་བྱ་བའི་དོན་ཏོ། །ད་ནི་ཇི་ལྟར་སྒྲུབ་པའི་ཆོ་ག་བཤད་དེ། དེ་ཡང་གང་ཞིག་ཅི་འདྲབར་བཞུགས་པ་རྣམ་པ་གསུམ་དུ་བསྟན་པའི་དབང་གིས་དེ་ཇི་ལྟར་བསྒྲུབ་པའི་ཕྱག་རྒྱའི་ཆོ་གའང་རྣམ་པ་གསུམ་དུ་སྟོན་པར་འགྱུར་ཏེ། དེ་ལས་རྟོག་པ་དང་པོ་འདི་ནི་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དུ་བཞུགས་པ་ཡིན་པས། དེ་ཇི་ལྟར་སྒྲུབ་པའི་ཐབས་ཀྱི་ཕྱག་རྒྱའང་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་པར་སྟོན་ཏེ། དེ་ཉིད་བསྟན་པའི་ཕྱིར། བསྐལ་པ་བྱེ་བ་གྲངས་མེད་པར། །སངས་རྒྱས་ཐམས་ཅད་མ་ཐོབ་པ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །ཚེ་འདི་ཉིད་ཀྱིས་ཐོབ་འགྱུར་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཕྱག་རྒྱའི་ཆོ་ག་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། འདིས་འདེབས་ཤིང་རང་གི་རང་བཞིན་དུ་བྱིན་གྱིས་རློབ་པར་བྱེད་པའི་ཕྱིར་རོ། །འདིར། སངས་རྒྱས་ཀུན་བདག་བདེ་བའི་མཆོག་ནི་དཔལ་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་ཀྱི་བདག་ཉིད་དུ་བསྟན་པའོ། །བདག་ཉིད་ཤིན་ཏུ་སྒྲུབ་པ་ནི། རང་སེམས་ཉིད་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའ་ཡིན་པས་དེར་སྦྱོར་བ་ལས་དེ་ཉིད་འགྲུབ་བོ་ཞེའོ། །དེ་བས་ན། རང་གི་དམ་ཚིག་བདག་སྦྱོར་བས། །ཞེས་བྱ་བ་འདི་ཡང་སྤྱིར་དམ་ཚིག་གི་ཚིག་གི་དོན་གཞུང་ལུགས་དང་། སྡོམ་པ་དང་། ལྷ་དང་། དཀྱིལ་འཁོར་དང་། དམ་རྫས་དང་། བུད་མེད་དང་། ཆོས་ཉིད་དང་། ཡེ་ཤེས་ལ་སོགས་ལ་འཇུག་སྟེ། སྐབས་འདིར་ནི་རང་གི་དམ་ཚིག་ནི་རང་གི་ལྷ་སྟེ། ལྷ་ཡང་སྤྱིར་སེམས་སོ་སོར་རྟོག་པ་དང་། གཟུགས་ཕྱག་རྒྱ་དང་། ཡི་གེ་ལ་སོགས་ལ་འཇུག་པ་ལས། འདིར་བྱང་ཆུབ་ཀྱི་སེམས་སོ་སོར་རྟོག་པའི་མཚན་ཉིད་མཚན་མ་མེད་པའི་ཏིང་ངེ་འཛིན་ནི། རང་གི་དམ་ཚིག་བདག་སྦྱོར་བ། །ཞེས་ཤེས་པར་བྱའོ། །དེ་བས་ན། བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །བྱང་ཆུབ་སེམས་འདི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་གསུངས་ཏེ། རང་གི་སེམས་གདོད་མ་ནས་རྣམ་པར་དག་པ་གང་ཡིན་པ་དེ་ནི། དུས་ཐམས་ཅད་དུ་བརྟན་པའི་ཕྱིར་རྡོ་རྗེ་སྟེ། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་བདག་ཉིད་ཀྱང་དེ་ཉིད་ཡིན་པས། དེ་བས་ན་དེ་ཉིད་དུ་སྦྱར་ན་དེ་ཉིད་ཡིན་པའི་ཕྱིར་དེ་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡིན་པ་ལ་སྒྲུབ་ཅི་དགོས་ཞེ་ན། འདིར་མ་ཤེས་ཤིང་གོམས་པར་མ་གྱུར་པ་རྣམས་ཤེས་ཤིང་གོམས་པ་ཀློང་དུ་གྱུར་པ་ཙམ་ལ་དངོས་གྲུབ་ཐོབ་ཅེས་ཐ་སྙད་དུ་འཇུག་པ་མ་གཏོགས་པར། མ་ཐོབ་པ་ཐོབ་པར་བྱར་མེད་དོ་ཞེས་ཤེས་པར་བྱའོ། །དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི། བྱང་ཆུབ་སེམས་ནི་དེ་ཁོ་ན་བཞིན་ཏེ་འགྱུར་བ་མེད་པའི་དེ་ཁོ་ན་ཉིད་དོ། །དེ་བློ་ཕྱིན་ཅི་མ་ལོག་པ་རྣམས་ཀྱི་ཡུལ་དུ་དེ་ལྟར་སྣང་བ་ནི་ཡུལ་དུ་སྣང་བ་རྣམས་ཀྱི་དམ་པ་ཡིན་པས་དེ་སྐད་ཅེས་བྱའོ། །འདི་ལྟར་སྣང་བ་ཐམས་ཅད་ལས་འདས་པ་ནི་སྣང་བ་རྣམས་ཀྱི་མཆོག་ཏུ་གསུངས་པའི་ཕྱིར་རོ། །དེ་ལ་འཇུག་པ་ནི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཡིན་ཏེ། དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱའོ། །རྟོག་པ་ནི་གཞུང་དང་ཐབས་དང་དངོས་གྲུབ་ལྷ་ལ་སོགས་པ་ལ་འཇུག་སྟེ། འདིར་ནི་གཞུང་དེའི་ཡུལ་དུ་གྱུར་པ་ཐབས་ཀྱི་ཆོ་ག་རྣམས་ལ་འཇུག་སྟེ། དེའི་སྐབས་ཡིན་པའི་ཕྱིར་རོ། །རྟོག་པའི་དོན་ལ་ཡང་འདི་ཉིད་ལས། རྣམ་པར་མི་རྟོག་ཆོས་དག་ལས། །སེམས་ཅན་དོན་དུ་ཡོངས་སུ་རྟོག །དེ་ཕྱིར་རྟོག་པ་ཞེས་བྱ་སྟེ། །རྟོག་པ་ཡོངས་སུ་དག་ཕྱིར་རོ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ཀྱང་རང་བཞིན་སྤྲོས་པ་དང་བྲལ་བ་ཉིད་ཀྱི་རྟོག་པའི་བདག་ཉིད་དང་ཡུལ་མ་ཡིན་ཞིང་སངས་རྒྱས་རྣམས་ཀྱི་ཐུགས་ཀྱང་དེ་བཞིན་དུ་རྣམ་པར་མི་རྟོག་ཀྱང་སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་དབང་གིས་སེམས་ཅན་མཚན་མ་སྣ་ཚོགས་ཀྱི་རྟོག་པས་བརླག་ཅིང་རྨོངས་པར་གྱུར་པ་རྣམས་ལ་རྟོག་པ་དེ་དག་ཐམས་ཅད་དབྱེར་མེད་པར་དུས་གཅིག་ཏུ་འཇོམས་པར་བྱེད་པའི་ཐབས་ཀྱི་རྟོག་པ་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་མཚན་ཉིད་ཅན་རྟོག་པའི་བདག་ཉིད། སྟོན་པས་དེའི་ཕྱིར་རྟོག་པ་ཞེས་བྱའོ། །རྟོག་པ་དང་པོའོ། །ད་ནི་རྟོག་པ་གཉིས་པ་དཔལ་རྡོ་རྗེ་སེམས་དཔའི་མཚན་ཉིད་དམ་རྣམ་པ་ཅི་འདྲ་བར་བཞུགས་པ་གཉིས་པ་ཡོངས་སུ་དག་པའི་དབང་གི་སྐུའི་མཚན་ཉིད། དེ་སྒྲུབ་པའི་ཐབས་ཀྱི་ཆོ་ག་དཔལ་རྡོ་རྗེ་སེམས་དཔར་ཀུན་ཏུ་སྦྱོར་བ་ཞེས་བྱ་བའི་ཕྱག་རྒྱ་སྟོན་ཏེ། འདིར་ཡང་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་སྒོ་ནས་ཐབས་ཀྱི་ཆེ་བ་དང་པོར་བསྟན་ནས། དེའི་རྗེས་སུ་ཐབས་ཀྱི་ཆོ་ག་འབྲས་བུ་དང་བཅས་པ་སྟོན་ཀྱང་ཐབས་ཀྱི་ཆེ་བ་དང་འབྲས་བུ་ནི་ཞར་ལ་བཤད་པ་སྟེ། དེ་སྒྲུབ་པའི་མཐུ་དང་ཡོན་ཏན་ཅི་འདྲ་བ་ཞིག་འཐོབ་པ་ནི་རྟོག་པ་བཞི་པར་མགོ་དྲིལ་ཏེ་སྟོན་ཏོ། །དེ་ལ་འདིར། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་བྱ་བ་ནི་གོང་དུ་བསྟན་པ་ལྟར་དཔལ་རྡོ་རྗེ་སེམས་དཔའ་དེ་གང་ཞིག་ཅི་འདྲ་ཞེས་དྲིས་པ་ཁོང་ནས་ཕྱུང་བ་དེ་སྟོན་པའི་ཚིག་སྟེ། རྟོག་པ་འོག་མ་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བ་བྱའོ། །འདི་ནི་ཞེས་བྱ་བ་ནི་གོང་དུ་བསྟན་པ་བཞིན་ནོ། །རྣལ་འབྱོར་བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣལ་འབྱོར་གྱི་གཙོ་བོ་དབང་ཕྱུག་ཆེན་པོ་ཡང་ཡིན་ལ། བཅོམ་ལྡན་འདས་ཀྱང་ཡིན་པས་དེ་སྐད་ཅེས་བྱའོ། །རྡོ་རྗེ་སེམས་དཔའ་བདག་སྦྱོར་བས། །ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་ཐབས་ཀྱི་ཆེ་བ་སྟོན་པའི་ཞར་ལ་རྡོ་རྗེ་སེམས་དཔའི་རང་བཞིན་དང་རྣམ་པའང་སྟོན་པར་བྱེད་དོ། །དེ་ལ་འདིར་རྡོ་རྗེ་སེམས་དཔར་སྦྱོར་བ་ནི་དེའི་གཟུགས་ཀྱི་སྐུར་སྦྱོར་བའོ། །དབབ་པ་ཐམས་ཅད་ནི་དཔལ་རྡོ་རྗེ་སེམས་དཔའི་དཔལ་རྣམ་པ་བཞི་ལ་སོགས་པ་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བ་སྟེ། དེ་ལ་འདིར་ཐབས་ཀྱི་ཆེ་བའི་དོན་ནམ། སྤྱིའི་རྒྱུད་ལས། དངོས་གྲུབ་ཀྱི་རྒྱུ་ནི་རྣམ་པ་བཞི་སྟེ་དངོས་གྲུབ་ཐོབ་པར་འགྱུར་བའི་ལས་སྐྱེ་བ་གཞན་ལ་བསགས་པ་རྣམ་པར་སྨིན་པ་མ་ཕྱུང་བའི་སྐལ་བ་ཅན་དང་། དངོས་གྲུབ་ཀྱི་གེགས་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པ། བཀའ་བཞིན་མ་བྱས་པ་དང་། ཐེ་ཚོམ་དང་མ་དད་པ་དང་རྣམ་པ་བཞི་སྤངས་ཤིང་གཙང་ཞིང་བསྡམས་པ་དང་ལྡན་པ་དང་དད་པ་དང་མོས་པ་བརྟན་པ་ཐོབ་པ་དང་ཏིང་ངེ་འཛིན་རྩེ་གཅིག་པ་ཐོབ་པ་སྟེ། དེ་ལྟར་ཡན་ལག་བཞི་དང་ལྡན་པའི་སྒྲུབ་པ་པོས་ཡན་ལག་དེ་དག་རབ་འབྲིང་ཇི་ལྟར་ཐོབ་པའི་བྱེ་བྲག་གིས་དངོས་གྲུབ་རབ་འབྲིང་དུ་འགྱུར་རོ། །ཞེས་གྲགས་སོ། །རྣལ་འབྱོར་གྱི་སྤྱིའི་རྒྱུད་ཀྱི་ཚུལ་ལས་ནི་སྐྱོན་གྱི་རྩ་བ་བཞི་པོ་དེ་དག་མེད་ན། གཙང་སྦྲ་དང་བསྡམས་པ་དག་མེད་ཀྱང་སྐལ་བ་དང་མོས་པ་དང་མཉམ་པར་བཞག་པ་རབ་འབྲིང་གི་དབང་གིས་དངོས་གྲུབ་ཏུ་འགྱུར་རོ་ཞེས་གྲགས་སོ། །འདིར་ནི་དད་པ་དང་མཉམ་པར་བཞག་པ་ཡོད་པ་ན་སྐལ་བ་མེད་ཀྱང་འགྲུབ་པར་གསུངས་ཏེ། དེའི་ཕྱིར། དཀྱིལ་འཁོར་དུ་ཡང་མ་ཞུགས་པའམ། །སྒྲིབ་པ་ཀུན་དང་ལྡན་པའང་རུང་། །རང་གི་ལྷར་ནི་བདག་སྦྱོར་ན། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། དེ་བཞིན་དུ་གནས་ལའང་ཤེས་པར་བྱའོ། །ད་ནི་ཐབས་ཀྱི་ཆོ་ག་ཉིད་བསྟན་པ། བསྐལ་པ་བྱེ་བར་མི་འཐོབ་པ། །སངས་རྒྱས་དམ་པ་ཐམས་ཅད་དེ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །སྒྲུབ་ན་ཀུན་ཏུ་ཐོབ་འགྱུར་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིརཕྱག་རྒྱའི་ཆོ་ག་ནི་དཔལ་རྡོ་རྗེ་སེམས་དཔར་ཀུན་ཏུ་སྦྱོར་བའི་ཕྱག་རྒྱ་སྟེ། དེའི་ཕྱིར། རྡོ་རྗེ་སེམས་དཔའ་བདག་སྦྱོར་བ། །ཆ་ལུགས་ཇི་བཞིན་བསྒྱུར་བ་ཡིས། །ཞེས་གསུངས་ཏེ། འདིར་ཆ་ལུགས་བཞིན་བསྒྱུར་བ་ནི་ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པས་དེ་བསྒྱུར་བ་སྟེ། འདི་ལྟར། རྨི་ལམ་མིག་དང་སོ་དང་མཆུ། །ཁ་དང་ལུས་དང་རྐང་ལག་གིས། །ཆ་ལུགས་བཞིན་དུ་གར་བྱེད་པས། །ཞེས་གསུངས་པ་དང་སྦྱར་རོ། །དཔལ་རྡོ་རྗེ་སེམས་དཔར་ཀུན་ཏུ་སྦྱོར་བའི་ཕྱག་རྒྱ་འདི་སྒྲུབ་པའི་སྐབས་སུ་ནི་དམ་ཚིག་གི་ལྷ་མོ་ཡིད་ལ་སྤྲུལ་པས་མཆོད་ཀྱང་རུང་། ཕྱི་རོལ་གྱི་ཕྱག་རྒྱས་མཆོད་ཀྱང་རུང་སྟེ། སྤྲོས་པ་མེད་པལ་དགའ་བ་དང་སྤྲོས་པ་དང་བཅས་པ་རྣམས་ཀྱི་ཡང་སྤྱིའི་ཐུན་མོང་གི་ཕྱག་རྒྱར་འགྱུར་རོ། །དེ་བསྟན་པའི་ཕྱིར། ཐམས་ཅད་བདག་ཉིད་སྦྱོར་མཆོད་དཔལ། །ཞེས་བྱ་བ་སྟེ། རྣལ་འབྱོར་ཀུན་ལ་ཉེར་སྦྱོར་བས། །དཔལ་ནི་བཞིར་འགྱུར་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། དེ་ལ་རྣལ་འབྱོར་གྱི་བྱེ་བྲག་འདི་དག་ཀྱང་རྣལ་འབྱོར་གྱི་རྒྱུད་ཕལ་ལས་གྲགས་ཏེ། གྲངས་དང་རང་གི་ངོ་བོ་དག་ཀྱང་ཡུལ་སོ་སོར་སྦྱོར་བ་བྱེད་དོ། །དེ་ལ་རེ་ཞེག་ཕྱོགས་འགའ་ལས་གྲགས་པ་ནི། ཐམས་ཅད་སྦྱོར་བ་དང་། ཉེ་བར་སྦྱོར་བ་དང་། རབ་ཏུ་སྦྱོར་བ་དང་། རྗེས་སུ་སྦྱོར་བ་དང་། ཤིན་ཏུ་སྦྱོར་བའོ། །དེ་ལ་ཐམས་ཅད་སྦྱོར་བ་ནི། རྣལ་འབྱོར་ཀུན་ནི་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཞེས་གསུངས་པ་འདིའོ། །ཉེ་བར་སྦྱོར་བ་ནི། དེ་ཡི་ཉེ་བར་སྦྱོར་བ་ནི། །ཁམས་གསུམ་མ་ལུས་ཐམས་ཅད་དོ། །ཞེས་གསུངས་ཏེ། ཁམས་གསུམ་གྱི་འདོད་པའི་ཡོན་ཏན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་ཉེ་བའི་ལོངས་སྤྱོད་ཡིན་ཏེ། ཇི་སྐད་དུ། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་དང་དེ་བཞིན་ཡང་། །རྡོ་རྗེ་སེམས་དཔའ་འདྲ་བས་ན། །དེ་རྣམས་དེ་བཞིན་ཉིད་ཀྱིས་བསྟེན། །ཆོས་ཀྱི་དབྱིངས་ལས་བྱུང་བ་ཡིས། །རྒྱལ་ཆེན་དངོས་གྲུབ་སྟེར་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཉེ་བར་སྦྱོར་བའི་ཡན་ལག་ཏུ་གྱུར་པ་ནི་རབ་ཏུ་སྦྱོར་བ་དང་། རྗེས་སུ་སྦྱོར་བ་དང་། ཤིན་ཏུ་སྦྱོར་བ་རྣམས་ཡིན་ཏེ། དེ་ལ་རབ་ཏུ་སྦྱོར་བ་ནི་འདི་ཉིད་ལས། ཏིང་འཛིན་རབ་ཏུ་སྦྱོར་བར་བཤད། །ཅེས་གསུངས་ཏེ། ཉེ་བའི་ལོངས་སྤྱོད་གང་ལ་སྤྱོད་ཀྱང་རང་གི་ལྷའི་རྣལ་འབྱོར་དུ་བྱས་པ་སྟེ། འདིར་ཡང་། རྣལ་འབྱོར་ཀུན་ལ་ལོངས་སྤྱོད་ཀྱིས། །ཇི་ལྟར་བདེ་བ་ཀུན་བསྟན་ཅིང་། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །བདག་ཉིད་རབ་ཏུ་མཆོད་པར་བྱ། །ཞེས་གསུངས་པ་འདི་དང་སྦྱར་རོ། །རྗེས་སུ་སྦྱོར་བ་ནི་ལྷ་མོ་རྣམས་དང་སྦྱོར་བ་སྟེ། འདི་ཉིད་ལས་རྗེས་སུ་སྦྱོར་བས་མཆོད་ན་ནི། སྦྱོར་བ་ཀུན་གྱི་བདེ་བའི་མཆོག །སངས་རྒྱས་བརྡའ་ཡི་ཕྱག་རྒྱ་ཡིས། །བདེ་བ་ཆེན་པོ་ཡིན་པར་བཤད། །ཅེས་གསུངས་པ་དང་། རྗེས་སུ་སྦྱོར་བ་རྗེས་སུ་སྒྲུབ། །སྐྱེས་པ་ལྟར་བྱེད་དགའ་སྤྱོད་པ། །སླར་ཡང་རྗེས་སུ་སྒྲུབ་པར་བཤད། །ཅེས་གསུངས་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་གཅིག་ཏུ་ཉེ་བར་སྦྱོར་བ་ནི་དབང་པོ་དྲུག་གི་སྤྱོད་ཡུལ་ཡིན་ལ། ཡིད་ཀྱི་ཡུལ་ཆོས་ལ་སྦྱོར་བ་ནི་སྦྱོར་བ་ཞེས་བྱ་སྟེ། དེ་བསྟན་པ་ནི། རྣལ་འབྱོར་ཀུན་གྱིས་ལོངས་སྤྱོད་ཀྱིས། །ཞེས་བྱ་བ་ལ་སོགས་པ་ཚིག་རྐང་པ་བཞི་གསུངས་པ་འདི་ཡིན་ཏེ། འདི་ཉིད་ལས། སངས་རྒྱས་བརྡའ་ཡི་ཕྱག་རྒྱ་ཡིས། །ཆོས་ནི་སྦྱོར་བ་ཡིན་པར་བཤད། །སྦྱོར་བའི་ལོངས་སྤྱོད་ཐམས་ཅད་ཀྱིས། །ཇི་ལྟར་བདེ་བར་བསྟེན་བྱེད་ཅིང་། །རང་གི་ལྷག་པའི་ལྷར་སྦྱོར་བ། །རང་གི་མཆོད་པ་དམ་ཚིག་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སྦྱོར་བ་ཞེས་བྱ་བའི་དོན་ཡང་། འདི་ཉིད་ལས། ཡེ་ཤེས་ཙམ་ལ་མཉམ་འཇོག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་སོ། །ཤིན་ཏུ་སྦྱོར་བ་ནིབདེ་བ་ཆེན་པོ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡིན་ཏེ། སྦྱོར་བའི་བྱེ་བྲག་གིས་རྡོ་རྗེ་སེམས་དཔའ་རྣམ་པ་བཞི་འགྲུབ་པ་ནི། རྡོ་རྗེ་སེམས་དཔའི་དཔལ་ཚེ་དང་། །ལང་ཚོ་ནད་མེད་བདེ་མཆོག་འགྲུབ། །ཅེས་གསུངས་པ་འདི་ཉིད་དོ། །དཔལ་རྡོ་རྗེ་སེམས་དཔའ་ཀུན་ཏུ་སྦྱོར་བའི་རྟོག་པ་ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔར་སྦྱོར་བ་ཉིད་ཀུན་ཏུ་སྦྱོར་བ་ཡིན་ཏེ། འདི་ཉིད་ལས། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །སྦྱོར་བ་ཐམས་ཅད་ཡིན་པར་བཤད། །ཅེས་གསུངས་པའི་ཕྱིར་རོ། །སྦྱོར་བའི་བྱེ་བྲག་འདི་དག་དང་སྒྲུབ་པའི་བྱེ་བྲག་གསུངས་པའང་སྐབས་ཁ་ཅིག་ཏུ་དོན་འདྲ་བར་སྣང་སྟེ། གཞུང་འདི་དང་ཆ་མཐུན་པར་རྣལ་འབྱོར་གྱི་རྒྱུད་གཞན་ལས་ཀྱང་འབྱུང་སྟེ། འདི་ལྟར་སྒྲུབ་པ་དང་རྗེས་སུ་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་དང་ཉེ་བར་སྒྲུབ་པ་དང་ཤིན་ཏུ་སྒྲུབ་པ་དང་ལྔ་གསུངས་ལ། སྦྱོར་བའང་འདི་སྐད་དུ། ཤིན་ཏུ་སྦྱོར་དང་སྦྱོར་ཆེ་བ། །སྦྱོར་བ་རབ་སྦྱོར་སྦྱོར་སྐྱེ་བ། །བདེ་བ་ཆེན་པོ་ཉིད་ཀྱིས་གསུངས། །ཞེས་བྱ་བ་བསྟན་པའི་སྐབས་སུ། སྒྲུབ་པ་ལྷ་ཡི་སྦྱོར་བ་སྟེ། །རྗེས་སུ་སྒྲུབ་པ་ལྷ་མོའི་དོན། །སྒྲུབ་པ་ཆེན་པོ་གཉིས་ཀའི་རྒྱ། །མཉམ་པར་སྦྱོར་བ་རྡོ་རྗེ་མཆོག །ཉེ་བར་སྒྲུབ་པ་གཉི་གའི་གནས། །ཤིན་ཏུ་སྒྲུབ་པ་བདེ་དམ་པ། །ཞེས་གསུངས་ཏེ། སྒྲུབ་པ་ལྔ་པོ་འདི་ཡང་སྦྱོར་བ་ལྔ་དང་རང་བཞིན་ཐ་དད་པ་མེད་དོ། །སྦྱོར་བའི་དོན་ཡང་། བཅོམ་ལྡན་རྡོ་རྗེ་སྦྱོར་བ་སྟེ། །རབ་ཏུ་སྦྱོར་བ་མཁའ་ལ་འགྲོ། །ཕྱག་རྒྱ་དེ་དང་རབ་སྦྱོར་བ། །སྦྱོར་བ་ཆེན་པོར་གྲགས་པ་ཡིན། །ཞེས་གསུངས་སོ། །ཤིན་ཏུ་སྦྱོར་བ་ཡང་། དེ་ཉིད་ལས། སྦྱོར་བ་རབ་སྦྱོར་སྐལ་ལྡན་པའི། །རབ་དགྱེས་རོ་མྱང་བདེ་དམ་པ། །ལྷ་དང་ལྷ་ཉིད་ཡང་དག་སྦྱོར། །འདི་ནི་གཉིས་སུ་མེད་ཅེས་བྱ། །ཞེས་གསུངས་སོ། །སྦྱོར་སྐྱེ་བ་ནི་དེ་དག་གི་འབྲས་བུ་དཔལ་རྡོརྗེ་སེམས་དཔའི་གོ་འཕང་ངོ་ཞེའོ། །སྒྲུབ་པ་དང་སྦྱོར་བའི་དོན་འདི་དག་ཀྱང་རྣལ་འབྱོར་གྱི་རྒྱུད་ཟབ་མོ་རྣམས་ཀྱི་ཐབས་ཀྱི་ཆོ་ག་ཡིན་པར་ཤེས་པར་བྱ་སྟེ། འདི་ཉིད་ཀྱི་གཞུང་དུའང་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །རྟོག་པ་གཉིས་པའོ། །ད་ནི་རྟོག་པ་གསུམ་པ་འདིར་དཔལ་རྡོ་རྗེ་སེམས་དཔའ་ཅི་འདྲ་བར་བཞུགས་པའི་རྣམ་པ་གསུམ་པ་མཆོད་པའི་ལྷ་མོ་རྣམས་ཀྱི་བདག་པོར་བསྟན་པ་སྟེ། ཇི་ལྟར་སྒྲུབ་པའི་ཆོ་ག་གྱུར་པ་དཔལ་རྡོ་རྗེ་དམ་ཚིག་ཅེས་བྱ་བ་རྗེས་སུ་སྦྱོར་བའི་ཆོ་ག་འཆད་དེ། དེ་ཡང་འདིར་ཡང་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་རང་བཞིན་ཐབས་ཀྱི་ཆེ་བ་དང་བཅས་པ་དང་པོར་བཤད་ནས། དེའི་རྗེས་སུ་ཐབས་ཀྱི་དངོས་པོ་ཕྱག་རྒྱའི་ཆོ་ག་འབྲས་བུ་དང་བཅས་པ་སྟོན་ཏོ། །དེ་ལ། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་བསྟན་པ་སྔ་མ་བཞིན་ནོ། །ཆེ་བ་བསྟན་པ་ནི། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ། །དཔལ་ལྡན་རང་གི་དམ་ཚིག་བདེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རང་གི་དམ་ཚིག་ནི་ལྷ་མོ་སྟེ། ཇི་སྐད་དུ། དམ་ཚིག་མཆོག་ནི་རིག་མའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་རང་གི་དམ་ཚིག་མ་དང་སྦྱོར་བའི་མཐུ་ཡིས་ཅི་ཞིག་འགྲུབ་པར་འགྱུར་ཅེ་ན། ཕྱག་རྒྱ་བདེ་བ་ཆེན་པོ་ཀུན། །སོ་སོར་རྗེས་སུ་རབ་གྲུབ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྟེ། དོན་འདི་ནི་གཞན་ལས་ཀྱང་། རྡོ་རྗེ་སེམས་དཔའི་མཚན་བཏབ་ལ། །ཅུང་ཟད་མི་འགྲུབ་ཡོང་མེད་དེ། །ཕྱག་རྒྱ་ཀུན་གྱི་བདེ་བ་ཆེ། །བདག་ཉིད་སོ་སོར་རྗེས་སུ་འགྲུབ། །ཅེས་གསུངས་པ་ལྟ་བུ་སྟེ། ཕྱག་རྒྱ་མ་ལ་བརྟེན་པའི་བདེ་བ་ཆེན་པོའི་ཡེ་ཤེས་གྲུབ་པའམ། མཚན་མ་ཐམས་ཅད་ལས་འདས་པའི་ཕྱག་རྒྱ་ཆེན་པོའི་བདེ་བ་ཉིད་འགྲུབ་བོ། །ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་བདེ་བ་མོས་པ་ཀུན། །ཞེས་བྱ་བ་ནི་བདེ་བ་མོས་པ་ནི་འདོད་པའི་ཡོན་ཏན་ཏེ། འདི་སྐད་དུ། དེ་ཡི་གཟུགས་དང་སྒྲ་དང་དྲི། །རོ་དང་རེག་པ་བདེ་མོས་པའོ། །ཞེས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་ནི་ཕྱག་རྒྱ་རྣམས་ལ་ཡིད་འབྱོར་བའོ། །དེ་དང་བཅས་པར་ཐོབ་ཅེས་བྱ་བའི་ཐ་ཚིག་གོ །བདེ་བ་མོས་པའི་དངོས་གྲུབ་ཀུན། །ཞེས་བྱ་བ་ནི་ནམ་མཁར་འགྲོ་བ་ལ་སོགས་པའི་ལོངས་སྤྱོད་དོ། །བདེ་བ་མོས་པའི་དབང་ཕྱུག་ཀུན། །ཞེས་བྱ་བ་ནི། སའི་དབང་ཕྱུག་ལ་སོགས་པའི་ལོངས་སྤྱོད་དོ། །ནམ་མཁའི་དབྱིངས་ནས་མཐའ་ཀླས་པའི། །བུ་མེད་མཆོག་རྣམས་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ལྷ་མོ་རྣམས་དང་ལྷན་ཅིག་སྦྱོར་བ་ཐོབ་པར་འགྱུར་བའོ། །དེ་ཉིད་བསྟན་པའི་ཕྱིར། དེ་ཡི་དམ་ཚིག་དེ་བྱུང་བ། །སྡུག་པ་དམ་ཚིག་བདག་རྗེས་འབྲང་། །ཤིན་ཏུ་སྦྱོར་དང་སྦྱོར་ཆེན་པོ། །ཐམསཅད་བདག་ཉིད་དམ་ཚིག་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་དཔལ་རྡོ་རྗེ་སེམས་དཔའོ། །དེའི་དམ་ཚིག་ནི་ལྷ་མོ་རྣམས་སོ། །དེ་འབྱུང་བ་ནི་སྣང་བ་ཐོབ་པར་གྱུར་པའོ། །སྡུག་པ་ནི་རང་གི་ཡིད་འཕྲོག་པར་སྣང་བ་དང་། བདག་ལ་གུས་ཤིང་ཆགས་པས་དགའ་བར་བྱེད་པའོ། །དམ་ཚིག་བདག་རྗེས་འབྲང་བ་ནི་རྗེས་སུ་མཐུན་པར་བྱེད་པ་དང་མི་ཉམས་པའོ། །ཤིན་ཏུ་སྦྱོར་དང་སྦྱོར་ཆེན་པོ་ནི་དེ་དག་དང་གཉིས་སུ་མེད་པར་རོལ་པ་དང་མཚན་མ་མེད་པའི་དབྱིངས་ལ་རེག་པའོ། །དེ་དག་ཀྱང་གང་གི་ཡིན་ཞེ་ན། ཐམས་ཅད་ཀྱི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའི་དམ་ཚིག་ལྷ་མོ་མཆོག་རྣམས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་སྒྲུབ་པའི་ཐབས་ཀྱི་ཆོ་ག་དང་ཐུན་མོང་དུ་བསྟན་པའི་ཕྱིར། གཅིག་བཞིན་དུ་ནི་གཅིག་སྤྱོད་པ། །ལྷན་ཅིག་སྤྱོད་དང་རྗེས་སྤྱོད་སྡུག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་དཔལ་རྡོ་རྗེ་སེམས་དཔའ་འཁོར་གྱི་ལྷ་མོ་སྤྱི་ཇི་ལྟར་གནས་པའི་ཚུལ་དང་། ཚོགས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་ཕྱག་རྒྱ་མ་རྣམས་དང་ཇི་ལྟར་གནས་ཤིང་སྤྱད་པ་ཐུན་མོང་དུ་བསྟན་པ་ཡིན་ཏེ། རྒྱུད་གཞན་གྱི་སྐབས་སུ་ནི་རྡོ་རྗེ་སྤུན་དང་མིང་སྲིང་དམ་ཚིག་ཇི་ལྟར་བསྲུང་བའི་ཐབས་སུའང་འཆད་དོ། །དེ་ལ་འདིར་གཅིག་བཞིན་དུ་གཅིག་སྤྱོད་པ་ནི་གཙོ་བོ་ཉིད་དང་དབྱེར་མེད་པར་སྤྱོད་པའི་གཟུངས་མ་སྟེ་དཔལ་རྡོ་རྗེ་རབ་ཏུ་དགའ་མ་ལྟ་བུའོ། །ལྷན་ཅིག་སྤྱོད་པ་ནི་སྟན་གཅིག་གི་སྟེང་དུ་སྤྱོད་པ་སྟེ་དཔལ་བདེ་མཆོག་མ་ལ་སོགས་པ་བཞི་རྣམས་སོ། །རྗེས་སུ་སྤྱོད་པ་ནི་དེ་དང་ཅུང་ཟད་ཉེ་བའི་ཕྱོགས་ནས་མཉེས་པར་བྱེད་པ་རྣམས་ཏེ། རིགས་དང་མཆོད་པའི་ལྷ་མོ་གཞན་རྣམས་ཏེ་དེ་ལྟ་བུའི་ལྷ་རྣམས་ཀྱི་མཆོད་པའི་ཡོན་ཏན་འོག་ནས་འབྱུང་བ་རྣམས་སོ། །སྐྱེས་བུའི་ཚུལ་གྱིས་དགའ་བར་བྱེད། །ཅེས་བྱ་བ་ནི་སའི་སྟེང་ན་གནས་པའི་ལྷ་རྣམས་དང་མིའི་ཚུལ་གྱིས་སོ། །དབང་པོ་ཀུན་ལས་བྱུང་བ་ཡི། །ཞེས་བྱ་བ་ལ་སོགས་པའི་མཆོད་པ་འདི་ནི་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་ལ་དེ་དག་གིས་མཆོད་པ་བྱེད་པ་སྟེ། གཞན་ལས་ཀྱང་། གང་གིས་ཡང་དག་ལྡན་མཐོང་དང་། །བདག་པོ་ཆེན་པོ་མཆོད་བྱེད་ན། །དེ་ཡིས་སྟོན་པ་ཀུན་མཐོང་སྟེ། རྒྱལ་བ་མཆོག་ལ་མཆོད་པར་འགྱུར། །དེ་ལ་ལྷ་ཀུན་མཆོད་བྱེད་ཅིང་། །སྐད་ཅིག་སྐད་ཅིག་ཕྱག་ཀྱང་བྱེད། །རབ་དགྱེས་མཚན་དང་མཛའ་ཆེན་མོ། །རོ་དང་རེག་གིས་ཆེ་བའི་ཆེ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །བདེ་བྱེད་ཆེན་ལ་མཆོད་པར་བྱེད། །སྐལ་བ་ཆེན་མོའི་སྲིང་མོ་ཡང་། །བདེ་བྱེད་བདེ་བས་རབ་རྨོངས་མ། །མཆོད་པའི་སྤྲིན་ཕུང་བདེ་ལྡན་པའི། །རྒྱལ་ཆེན་མཆོག་གི་མཆོད་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། འདིས་ནི། རབ་ཏུ་རྨོངས་པས་དབང་བསྐུར་འགྱུར། །ཞེས་བྱ་བའི་དོན་ཡང་བཤད་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ལྷའི་ཆུས་རེག་པས་རྣམ་པར་རྟོག་པའི་མཚན་མའི་དྲི་མ་དག་སྟེ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པ་བྱས་པའོ། །དེ་ཉིད་ཀྱི་དངོས་གྲུབ་ཐོབ་པའང་ཡིན་ཏེ། རྣལ་འབྱོར་ཐམས་ཅད་བདེ་བ་ཡི། །རྗེས་སུ་སྦྱོར་བའི་མཆོད་བྱེད་ཅིང་། །ཀུན་ཏུ་མྱང་བར་བྱེད་པ་ན། ཤིན་ཏུ་སྦྱོར་བ་རང་གྲུབ་འགྱུར། །ཞེས་གསུངས་པའོ། །འདིར་ཡང་རྗེས་སུ་སྦྱོར་བ་ནི་གཟུངས་དང་སྦྱོར་བའོ། །མྱང་བ་ནི་བདེ་བ་ཆེན་པོའི་རོ་མྱོང་བའོ། །ཤིན་ཏུ་སྦྱོར་བ་ནི་མཚན་མ་ལས་འདས་པ་སྟེ་དེས་རང་བཞིན་གྱིས་གྲུབ་པར་འགྱུར་རོ། །གཞན་ཡང་ཀུན་ཏུ་མྱང་བ་ནི་དངོས་གྲུབ་ཀྱི་རྫས་བྱང་ཆུབ་ཀྱི་སེམས་རྩ་བ་སྟེ། དེ་ཟོས་པས་འོག་ནས་གསུངས་པའི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐལ་པ་བཟང་པོ་དམ་ཚིག་གི་རྟོག་པ་ཞེས་བྱ་བ་ནི། འདི་ཉིད་ལས། ལྷ་མོ་ཐམས་ཅད་ཀུན་འདུས་པས། །ཐམས་ཅད་སྣ་ཚོགས་སྐལ་པ་བཟང་། །ཞེས་གསུངས་པ་ཉིད་དེ། དེ་ཉིད་དམ་ཚིག་ཀྱང་ཡིན་ནོ། །རྟོག་པ་གསུམ་པའོ། །ད་ནི་དྲིས་ཚིག་བཞི་པ། དེ་ཡི་མཐུ་ཡང་ཅི་འདྲ་སྟེ་ཞེས་སྨོས་པ་དེ་སྟོན་པར་བྱེད་དེ། དེ་ལྟར་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་གང་ཞིག་མཚན་ཉིད་རྣམ་པ་གསུམ་དུ་བཞུགས་པར་བསྟན་པ་དེ་རྣམས་མཉེས་པར་བྱ་བའི་ཐབས་ཀྱི་ཆོ་ག་ཕྱག་རྒྱ་རྣམ་པ་གསུམ་གྱིས་སྒྲུབ་པས་དེའི་མཐུ་དང་ཡོན་ཏན་གྱིས་ཕྱེ་བའི་རྣམ་པ་ཇི་ལྟ་བུ་ཞིག་ཐོབ་པར་འགྱུར་ཞེ་ན། འདི་བསྟན་པའི་ཕྱིར་འདི་ནི་རྣལ་འབྱོར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། ལྷ་མོ་ཀུན་དང་མཉམ་སྦྱོར་བ། །སྐལ་བ་བཟང་མཆོག་འདོད་པ་སྟེ། །ཡང་དག་སྦྱོར་བའི་བདེ་མྱོང་བ། །འདོད་ཆགས་ཐེར་ཟུག་བརྟན་པ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལྷ་མོ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ནི་འདོད་པའི་ཡུལ་གྱི་མཆོག་གོ ། དེ་ལ་སྦྱོར་བ་ནི་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་སྟེ། དུས་གསུམ་ལས་འདས་པ་འདོད་ཆགས་ཐེར་ཟུག་བརྟན་པའོ། །དེ་ཡི་རྟགས་ཀྱི་ཕྱག་རྒྱ་དཔལ་རྡོ་རྗེ་སེམས་དཔའི་སྐུ་ལྷ་མོ་ལ་རོལ་པའི་བདེ་བ་དང་རྟག་ཏུ་མི་འབྲལ་བར་སྣང་སྟེ། དེ་ལྟ་བུའི་དངོས་གྲུབ་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་གྱི་གཟུགས་ཆེན་དང་། །ཞེས་བྱ་བ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ནི། ཆོས་ཀྱི་དབྱིངས་ཀྱི་ཡུལ་གྱི་ལྷ་མོ་ལ་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་རོལ་པའི་ཡུམ་མོ། །ཡང་ཡུམ་རྣམས་ནི་སྤྱད་པར་བྱ་བ་ཡིན་པ་དང་། མོའི་རྟགས་ཀྱིས་བསྟན་པས་ཡུམ་རྣམས་ཡིན་ཏེ། དེ་ལ་སངས་རྒྱས་ཀུན་གྱི་གཟུགས་ཆེན་ནི་སངས་རྒྱས་སྤྱན་ནོ། །དེ་བཞིན་དུ་དབྱངས་ནི་གོས་དཀར་མོའོ། །དྲི་ནི་མཱ་མ་ཀཱིའོ། །རོ་ནི་སྒྲོལ་མའོ། །རེག་ནི་དབྱིངས་ཀྱི་དབང་ཕྱུག་མའོ། །ཡང་གཟུགས་ནི་སྒེག་མའོ། །དབྱངས་ནི་རྡོ་རྗེ་དབྱངས་མའོ། །དྲི་ནིརྡོ་རྗེ་ཕྲེང་བ་མའོ། །རོ་ནི་རྡོ་རྗེ་གར་བྱེད་མའོ། །བདེ་བར་གཤེགས་པའི་ཡུམ་དེ་དག་ཐམས་ཅད་ལ་ཡང་ལོངས་སྤྱོད་པར་བྱེད་དོ། །ཞེས་སྦྱར་རོ། །སངས་རྒྱས་ཕ་རོལ་ཕྱིན་གྲུབ་པ། །ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམས་ནི་ལམ་དང་འབྲས་བུའི་ཆོས་ཏེ། བསྐྱེད་པ་དང་ཡོངས་སུ་སྤྱད་པར་བྱ་བའི་ཕྱིར་ཡུམ་རྣམས་སོ། །ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་ཡོངས་སུ་སྤྱད་པར་བྱ་བ་ཡིན་པ་དང་། མོའི་རྟགས་ཀྱིས་བསྟན་པས་ལྷ་མོ་ཡིན་ཏེ། ཐབས་ལ་མཁས་པ་ཉིད་ཀྱིས་ལྷ་མོའི་སྐུར་བསྟན་པ་ནི། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཕྱིན་མ་དང་། དེ་བཞིན་དུ་ཡུམ་ཆེན་མོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུའི་ལྷ་མོ་དབྱིབས་དང་ཁ་དོག་དང་མཚན་མ་དང་བཅས་པས་དེ་བཞིན་གཤེགས་པའི་གཟུངས་ཀྱི་དཀྱིལ་འཁོར་ཆེན་པོར་བཞུགས་པ་རྣམས་སོ། །གཟུངས་དང་ས་རྣམས་དེ་བཞིན་དུ། །ཞེས་བྱ་བ་དེ་ལ་གཟུངས་ནི་དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་དེ། དེ་ཉིད་སངས་རྒྱས་རྣམས་བསྐྱེད་པ་དང་སྤྱོད་པས་ཡུམ་མོ། །ཡང་དེ་ཉིད་དང་མོའི་རྟགས་ཀྱིས་བསྟན་པས་ལྷ་མོ་རྣམས་ཡིན་ཏེ། ཐབས་ལ་མཁས་པ་ཉིད་ཀྱིས་ལྷ་མོའི་དབྱིབས་དང་ཁ་དོག་དང་མཚན་མས་གཟུངས་ཀྱི་དཀྱིལ་འཁོར་ན་བཞུགས་པ་རྣམས་ཏེ། འདི་ལྟར་ཡུམ་ཆེན་མོ་ཚིག་གི་གཟུངས་དང་། ཡུམ་ཆེན་མོ་དོན་གྱི་གཟུངས་དང་། ཡུམ་ཆེན་མོ་མི་བརྗེད་པ་ཟ་མ་ཏོག་གི་གཟུངས་ལ་སོགས་པ་ཇི་སྐད་དུ་གྲགས་པ་ཐམས་ཅད་དོ། །ས་རྣམས་ནི་ཤེས་རབ་དང་ཏིང་ངེ་འཛིན་གྱི་བདག་ཉིད་དེ། དེ་ཡང་སྐྱེད་པ་དང་སྤྱད་པས་ཡུམ་ཡིན་པ་སྔ་མ་བཞིན་ནོ། །ཡང་དེ་ཉིད་དང་མོའི་རྟགས་ཀྱིས་བསྟན་པས་ལྷ་མོ་ཡིན་ཏེ། ཐབས་མཁས་པ་ཉིད་ཀྱིས་བུད་མེད་ཀྱི་དབྱིབས་དང་ཁ་དོག་དང་མཚན་མས་གཟུངས་ཀྱི་དཀྱིལ་འཁོར་དུ་བཞུགས་པ་རྣམས་ཏེ། འདི་ལྟར་ཡུམ་ཆེན་མོ་རབ་ཏུ་དགའ་མ་དང་ཡུམ་ཆེན་མོ་དྲི་མ་མེད་མ་ཞེས་བྱ་བ་ནས། ཡུམ་ཆེན་མོ་ཆོས་ཀྱི་སྤྲིན་མ་དང་། ཡུམ་ཆེན་མོ་ཀུན་ཏུ་འོད་མ་ལ་སོགས་པ་བྱ་བ་དང་། རྣལ་འབྱོར་གྱི་རྒྱུད་ཆེན་པོ་རྣམས་ལས་ཇི་སྐད་དུ་གྲགས་པའི་སངས་རྒྱས་ཀྱི་ཡུམ་ཐམས་ཅད་ལ་ཡང་ལོངས་སྤྱོད་པར་འགྱུར་ན། གཞན་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །གཞན་ཡང་རྡོ་རྗེ་ཅན་གྱི་གྲུབ་མཆོག་ནི་ཕྱག་ན་རྡོ་རྗེའི་ཡུམ་མཆོག་མའོ། །འཇིག་རྟེན་དབང་པོ་མཆོག་དཔལ་ནི་རྡོ་རྗེ་ཆོས་ཀྱི་ཡུམདཔལ་མོའོ། །སངས་རྒྱས་དག་ལས་བདེ་བ་དམ་པ་ནི་དེ་བཞིན་གཤེགསཔའི་ཡུམ་དམ་པའི་བདེ་མའོ། །ཕྲོགས་ནས་ཉེ་བར་སྤྱད་པར་བྱེད། །ཅེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་མ་ཡིན་པར་ལེན་པའི་སྒྲས་བཤད་པ་ཡིན་པའི་ཕྱིར་དང་། དེ་ལྟར་སྟོན་པར་བྱེད་པའི་ཕྱིར་རོ། །མཐུ་ཆེན་ལས་ནི་བཀྲ་ཤིས་བརྟན། །ཞེས་བྱ་བ་ནི་ཁྱབ་འཇུག་གི་ཆུང་མ་བཀྲ་ཤིས་བརྟན་ནོ། །འཕྲོག་ལས་གྲུབ་ཅེས་བྱ་བ་ནི་དབང་ཕྱུག་ཆེན་པོའི་ཆུང་མ་ཨུ་མའོ། །དྲན་ལས་དགའ་ཞེས་བྱ་བ་ནི་ཀཱ་མ་དེ་བའི་ཆུང་མ་དགའ་སྡུག་མིའི་དབང་ཕྱུག་མའོ། །གཞན་ནི་སྔ་མ་བཞིན་ནོ། །སངས་རྒྱས་ཀུན་གྱི་རྫུ་འཕྲུལ་ཆེ། །ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་གཉིས་པར་གྱུར་ནས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སྟོན་པར་བྱེད་པའོ། །སྐལ་བ་བཟང་པོ་མཆོག་གི་དངོས་གྲུབ་ཅེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་དང་ཐུན་མོང་གི་དངོས་གྲུབ་ཆེན་པོ་གཉིས་ཀ་ལ་ཡང་མཆོག་གི་དངོས་གྲུབ་ཅེས་བྱ་བའི་སྒྲ་འཇུག་པའི་ཕྱིར་རོ། །རྟོག་པ་བཞི་པའོ། །ད་ནི་དཔལ་རྡོ་རྗེ་སེམས་དཔའི་འཕྲུལ་བའི་དྲི་བ་རྣམ་པ་གསུམ་སྟོན་ཏེ། འདི་སྐད་དུ། གཞན་ཡང་ཅི་རིགས་རྣམ་འཕྲུལ་བའང་། །གང་རྣམས་ཅི་འདྲ་དེ་བཞིན་དུ། །རང་དོན་ལས་རྣམས་སྒྲུབ་བྱེད་པ། །ཞེས་སྨོས་པ་ལ་དཔལ་རྡོ་རྗེ་སེམས་དཔའ་དེའི་རྣམ་པར་འཕྲུལ་བ་ནི་གང་དང་གང་རྣམས་ཡིན། འཕྲུལ་བ་དེའི་རྣམ་པ་ནི་ཅི་འདྲ་བར་འབྱུང་། དེ་དག་མཉེས་པར་བྱ་བའི་ཐབས་ཀྱི་ཆོ་ག་གང་གིས་མཉེས་ཤིང་བསྒྲུབ་པས་རང་རང་གི་དོན་གྱི་ལས་ཀྱི་འབྲས་བུ་ནི་ཅི་འདྲ་བ་ཞིག་འགྲུབ་པར་འགྱུར་ཞེས་བྱ་བ་ལ། དེ་ལ་དང་པོར་དཔལ་རྡོ་རྗེ་སེམས་དཔའ་ཉིད་འགྲོ་བ་འདུལ་བའི་ཐབས་ཀྱིས་སེམས་ཅན་ཇི་ལྟར་འདོད་པ་བཞིན་དུ་སྣ་ཚོགས་སུ་འཕྲུལ་པ་བསྟན་པའི་ཕྱིར། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། ཡང་དག་གྲུབ་པ་གཅིག་པུ་ཉིད། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །ཞེས་གསུངས་པ་ལ། དཔལ་རྡོ་རྗེ་སེམས་དཔའ་ནི་གདོད་མ་ནས་སངས་རྒྱས་པའི་ཕྱིར། རྟག་ཏུ་དྲི་མ་ཐམས་ཅད་ཀྱིས་མ་བསླད་པའི་ཕྱིར་དང་། དངོས་གྲུབ་ཐམས་ཅད་ཀྱི་མཆོག་གི་བདག་ཉིད་དུ་གྲུབ་པ་དང་། དེའི་བདག་ཉིད་ལ་མ་སྤྲུལ་པའི་སངས་རྒྱས་ནི་ཕྱོགས་དང་དུས་གཞན་དུ་མི་སྲིད་པའི་ཕྱིར་ཡང་དག་གྲུབ་པ་གཅིག་པུ་ཉིད་དོ། །དེ་ཉིད་འགྲོ་བ་འདུལ་བའི་ཐབས་ཀྱིས་རིགས་དྲུག་གིས་བསྡུས་པའི་སྤྲུལ་པ་མཐའ་ཡས་པར་བསྟན་པས་ཇི་ལྟར་འདོད་པ་བཞིན་སྦྱར་ཞེས་བྱའོ། །སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་ཇི་ལྟར་འཕྲུལ་པ་དེ་བཞིན་དུ་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་དེ་བཞིན་དུ་སྒྲུབ་པས་འབྲས་བུ་འབྱུང་བར་བསྟན་པའི་ཕྱིར། ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེར་ནི། །ཇི་བཞིན་བྱིན་གྱིས་བརླབས་ནས་ཀྱང་། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཇི་སྐད་དུ་སྨོས་པའི་ཚིག་འདི་དག་གིས་ནི་སྒྲུབ་པ་པོ་བརྩོན་འགྲུས་རབ་འབྲིང་གི་དབང་གིས་ཇི་ལྟར་སྒྲུབ་ཅིང་མཆོད་པའི་དུས་དང་། བྱ་བ་སྤྱིར་བསྟན་ནོ། །ཁམས་ཀྱི་ངོ་བོ་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པའི་ཕྱག་རྒྱ་བསྟན་པ་སྟེ། འདི་དག་ནི་ལྷ་མོ་རྣམས་དངོས་སུ་མ་ཚོགས་ན་ཡང་དེར་བྱིན་གྱིས་བརླབས་པ་ཡིན་ལ། ཚོགས་ནའང་དམིགས་པ་དང་སྒྲུབ་པའི་རྟེན་དུ་བྱའོ། །ཞེས་སོ། །དཀྱིལ་འཁོར་གང་དང་གང་བརྟེན་པ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པའི་ཆོ་ག་མ དོར་བསྟན་པ་སྟེ། དེ་ལ་དཀྱིལ་འཁོར་གང་དང་གང་བརྟེན་པ། །ཞེས་བྱ་བའི་ཚིག་གིས་ནི་རིགས་དྲུག་གི་དཀྱིལ་འཁོར་རྣམ་པ་དྲུག་ལེའུ་འདི་ཉིད་ནས་སྨོས་པའི་སྐུ་གཟུགས་དགོད་པ་དང་། ལེའུ་དྲུག་པ་ནས་སྨོས་པའི་བུད་མེད་དུ་དགོད་པ་དང་། ལེའུ་བདུན་པ་ནས་སྨོས་པའི་ཐུགས་མཚན་དུ་དགོད་པ་དང་། ཡིག་འབྲུ་དགོད་པའི་ཕྱག་རྒྱ་ནས་སྨོས་པའི་མིང་གི་ཕྱག་རྒྱར་བྲིས་པ་ཐམས་ཅད་བསྡུས་སོ། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་ཡིས། །ཞེས་བྱ་བ་ནི་ལེའུ་བརྒྱད་པ་ནས་སྨོས་པའི་ཕྱག་དང་གར་གྱི་མཆོད་པ་དང་། ལེའུ་དགུ་པ་ནས་སྨོས་པའི་སྒྱུར་བྱེད་ཀྱི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་དང་། ལེའུ་བཅུ་པ་ནས་སྨོས་པའི་བསྡུས་པའི་ཕྱག་རྒྱ་གཉིས་དང་བཅས་པ་སྒྲུབ་མཆོད་ཀྱི་ཕྱག་རྒྱ་ཇི་སྙེད་པ་བསྡུས་སོ། །སློབ་མའི་ཚོགས་ཀུན་དེ་དང་དེར། །ཞེས་བྱ་བས་ནི་དཀྱིལ་འཁོར་གྱི་ལྷར་བྱིན་གྱིས་བརླབས་པའི་སློབ་མའི་ཚོགས་དང་། དབང་ནོད་པར་བྱ་བའི་ཕྱིར་འདུས་པའི་སློབ་མ་དང་། དད་པས་མཆོད་པའི་ཕྱིར་འདུས་པ་དང་བཅས་པ་ཐམས་ཅད་བསྡུས་སོ། །མཆོད་པ་བྱས་ནས་དེ་སྒྲུབ་བོ། །ཞེས་བྱ་བས་ནི་སྒྲུབ་པའི་ཚུལ་བསྟན་ཏེ། དཀྱིལ་འཁོར་གང་ཡིན་པ་དེ་དང་དེ་དག་ཏུ་འདུས་པར་འགྱུར་བའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱིས་སྣ་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་ཤིང་བསྒྱུར་ཏེ་སྒོ་གསུམ་ལྷའི་ལོངས་སྤྱོད་རྣམས་ལས་མི་གཡེང་བར་གནས་པ་ཉིད་འདིར་སྒྲུབ་པའི་ཐབས་ཀྱི་ཆོ་གར་གསུངས་སོ། །ད་ནི་ཅི་རིགས་པར་འཕྲུལ་པ་དེ་དག་རྣམ་པ་ཅི་འདྲ་བར་འབྱུང་བར་གྱུར་པ་རྒྱས་པ་བཤད་པའི་ཕྱིར། དེ་ལས་གཞན་ཡང་རྟོག་ཀུན་གྱི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་དབུགས་ཕྱུང་བ་སྟོན་པ་སྟེ། དེ་ལ་རྒྱུད་ཀྱི་མགོ་ཉིད་དུ་གསུངས་པ་བཞིན་དུ་འདིར་ཡང་བལྡབས་ནས་སྟོན་པ་ནི། གོང་དུ་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐབས་སུ། གང་ཞིག་ཅི་འདྲ་ཇི་ལྟར་སྒྲུབ། །ཅེས་བྱ་བ་བསྟན་པ་བཞིན་དུ་རྣམ་པར་འཕྲུལ་བ་སྟོན་པའི་སྐབས་འདིར་ཡང་དེ་དག་ཉིད་སྟོན་པར་བྱེད་པས་དེའི་ཕྱིར་དེ་ལྟ་བུར་གསུངས་སོ། །ཞེས་སྦྱར་རོ། །དེ་ལས་དཔལ་རྡོ་རྗེ་སེམས་དཔས་དབུགས་ཕྱུང་བའི་སྐབས་འདིར་ནི། འདུལ་བའི་ཐབས་ཇི་སྙེད་པས་བསྡུས་པས་རིགས་ངེས་པ་དང་། མ་ངེས་པར་སྣང་བ་ཐམས་ཅད་ཡིན་པའི་ཕྱིར་གདུལ་བྱ་སྤྱིར་དབུགས་ཕྱུང་བའོ། །དཔལ་རྣམ་པར་སྣང་མཛད་ཀྱིས་དབུགས་ཕྱུང་བའི་ཉན་ཐོས་རྣམས་ཐབས་དང་ཤེས་རབ་ཟུང་དུ་མ་འབྲེལ་བས་ཕྱོགས་གཅིག་པར་གྱུར་པའི་མྱ་ངན་ལས་འདས་པ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཟབ་ཅིང་རྒྱ་ཆེ་བ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་བསྟན་ཅིང་སྣང་བར་མཛད་པས་དེ་དག་ཐེག་པ་ཆེན་པོ་ལ་སྦྱོར་བར་མཛད་དོ། །དེ་ལ། སྟོང་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་སྟོན་པ་སྟེ། དེ་ལ་ཤེས་རབ་ཀྱིས་ཆོས་ཐམས་ཅད་དམིགས་པ་ཐམས་ཅད་ལས་འདས་ཤིང་སྤྲོས་པ་ཡོངས་སུ་ཞི་བར་རྟོགས་ཀྱང་ཐབས་ཀྱིས་སྙིང་རྗེའི་བདག་ཉིད་མཛད་པ་སྣ་ཚོགས་སྟོན་པས། དེ་བས་ན་ཐབས་དེ་ནི་སྙིང་རྗེའི་དབང་དུ་གྱུར་པའི་ཐབས་ཏེ། དེ་བས་ན། ཐབས་དང་ཤེས་རབ་ཟུང་འབྲེལ་བའི། །ཤེས་རབ་ཕ་རོལ་ཕྱིན་པར་གསལ། །ཞེས་སོ། །ཐབས་དེ་ཉིད་ལ་ནི་རྟོག་པ་ཞེས་ཀྱང་བྱ་སྟེ། དེའི་ཕྱིར་རྟོག་པ་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐབས་ཀྱང་འདིར་དེའི་མཚན་ཉིད་ཀྱི་ཆོས་སྟོན་པ་ཡིན་པས། བྲག་ཅ་ཡི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བསྟོད་པའི་གླུ་འདི་དག་གི་དོན་ནི་སྤྱིར་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བར་སྟོན་ཀྱང་ཡོན་ཏན་གྱི་བྱེ་བྲག་གིས་ནི། མཉམ་མེད་མི་གཡོ་ལ་སོགས་པའི་ཚིག་དང་པོས་ནི་ཆོས་ཉིད་དང་ཐུགས་རྗེ་དང་མཛད་པ་རྣམས་མངའ་ཡང་བྱང་ཆུབ་ཀྱི་སེམས་ལ་གཡོ་བ་མི་མངའ་བར་སྟོན་ཏོ། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཚིག་གིས་ནི། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལ་མངའ་བརྙེས་པ་སྟོན་ཏོ། །རྟག་ཏུ་དྲི་མ་མེད་པའི་ཚིག་གིས་ནི་ཐུགས་རྗེ་ལྷུན་གྱིས་གྲུབ་པའི་དབང་གིས་སྨོན་ལམ་དང་མཛད་པ་རྒྱུན་མི་ཆད་པར་སྟོན་ཏོ། །ཚད་མེད་ཚད་དང་བྲལ་བའི་ཚིག་གིས་ནི་ཉིད་ཀྱི་ཆེ་བ་ལ་མི་གནས་པར་གདུལ་བྱའི་ངོར་གཟིགས་པ་སྟོན་ཏོ། །ཤིན་ཏུ་བཟང་པོའི་ཚིག་གིས་ནི་གདུལ་བྱ་མཐར་འབྱིན་པ་སྟོན་ཏོ། །མགོན་པོ་དུས་གསུམ་གྱི་ཚིག་གིས་ནི་གསོལ་བ་འདེབས་པར་བྱེད་པ་སྟེ། རིགས་ཀྱི་ཡོན་ཏན་དུའང་སྦྱར་ཞེས་ཀྱང་འཆད་དོ། །གླུ་འདི་ཉིད་ཀྱི་སྒྲུབ་པ་གུད་དུ་གསུངས་པ་ནི་ཆོ་ག་མང་པོ་ལ་མི་དགའ་བ་རྣམས་ལ་ཕྱག་རྒྱ་རེ་རེ་ཙམ་གྱི་སྒོ་ནས་སྒྲུབ་པ་བསྟན་པའོ། །དཔལ་རྡོ་རྗེ་འཛིན་པ་ཧེ་རུ་ཀས་དབུགས་ཕྱུང་བ་ནི་གདུག་པ་ཅན་འདུལ་བ་སྟེ། དེ་ལ། རྡོ་རྗེ་ཅན་ལ་སྐྱབས་སུ་དོང་བ་ནི་དཔལ་ཕྱག་ན་རྡོ་རྗེ་ལའོ། །དེས་རྡོ་རྗེ་སེམས་དཔའི་གཟུགས་སུ་མཛད་ནས་སངས་རྒྱས་ཐམས་ཅད་བསྡུ་བ་མཛད་དེ། ཐམས་ཅད་ཀྱིས་བཀའ་གློད་པ་མངོན་སྤྱོད་ཀྱིས་གདུལ་བར་དགོངས་ནས་ཧེ་རུ་ཀ་སྤྲུལ་པའི་ཕྱིར། ཕྱག་ན་རྡོ་རྗེ་རྡོ་རྗེ་སེམས་དཔའི་གཟུགས་སུ་མཛད་པ་དེས་ཉིད་ཀྱི་སྣའི་དབུགས་ལས་རྡོ་རྗེ་ཧེ་རུ་ཀ་སྤྲུལ་པ་མཛད་དེ་གདུག་པ་ཅན་འདུལ་བར་མཛད་དོ་ཞེའོ། །ཕྱག་ན་རྡོ་རྗེ་དང་རྡོ་རྗེ་སེམས་དཔའ་ཐ་མི་དད་མོད་ཀྱི། ཐུན་མོང་གི་ཕྲིན་ལས་བསྟན་པའི་ཕྱིར་རོ། །དབུགས་ཀྱི་དྲོད་ལས་སྤྲུལ་པ་ཡང་སྒྲུབ་པ་པོ་རྣམས་ཀྱི་ལམ་བསྟན་པ་མཛད་པར་དགོངས་སོ། །དེའི་འབར་བའི་ཉི་མ་ལས་ཞེས་བྱ་བ་ནས། ཁྲག་ཟ་ནུས་ཞེས་བྱ་བའི་བར་ནི་སྔོན་གྱི་སློབ་དཔོན་ཁ་ཅིག་གིས་ནི་གོང་དུ་འཚོ་བར་ཕྱེད་ཅེས་གསུངས་པའི་གསོ་བའི་ཐབས་བསྟན་པ་སྟེ། དེ་བས་ན་དེ་དག་དང་ལྷན་ཅིག་དུར་ཁྲོད་རྣམ་པར་རོལ་ཞེས་བྱ་བའི་ཚིག་འདི་ཡང་སླར་གསོས་པའི་ལྷ་ཆེན་པོ་དེ་དག་གདན་དང་བཀའ་ཉན་དུ་བྱས་ཏེ་དུར་ཁྲོད་ཆེན་པོར་རོལ་ཏོ་ཞེས་ཟེར་རོ། །ཁ་ཅིག་ནི་གོང་དུ། ཐལ་བ་བཞིན་དུ་རབ་ཏུ་བཤིག །ཅེས་སྨོས་པའི་ཇི་ལྟར་གཤིག་པའི་ཚུལ་བཤད་པ་ཡིན་ཏེ། སྐུ་ལས་སྤྲུལ་པའི་འཁོར་གྱི་དཀྱིལ་འཁོར་གྱི་གདུག་པ་ཅན་རྣམས་གསོལ་ནས་གཙོ་བོ་དང་ལྷན་ཅིག་ཏུ་དུར་ཁྲོད་ཆེན་པོ་ན་རོལ་ཏོ་ཞེས་ཟེར་རོ། །ཡང་འདི་དག་ནི་དོན་གྱི་སྐབས་དང་ཚིག་གི་ཤུགས་ཀྱིས་གདུག་པ་ཅན་སླར་གསོ་བའི་ཆོ་ག་བསྟན་པ་འཐད་པར་སྣང་ངོ་། །དཔལ་པདྨ་གར་གྱི་དབང་ཕྱུག་གིས་དབུགས་ཕྱུང་བ་ནི། ལོག་པར་ལྟ་བ་ལ་གནས་པ་སྟེ། གང་དག་ལས་དང་ལས་ཀྱི་འབྲས་བུ་ལ་སྐུར་པ་འདེབས་པས་མཐོང་བའི་ཆོས་ཀྱི་སྤྱོད་ཡུལ་ལ་ཤིན་ཏུ་ཞེན་པ་རྣམས་ལ་རྣམ་པར་དག་པ་དང་ཐུགས་སུ་ཆུད་པའི་བདག་ཉིད་རྡོ་རྗེ་ཆོས་དང་། ཐུགས་རྗེ་ཆེན་པོས་སེམས་ཅན་ལ་གཟིགས་པའི་བདག་ཉིད་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། ཇི་ལྟར་འདུལ་བཞིན་སྟོན་པའི་བདག་ཉིད་པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བ་རྣམས་སུ་འཕྲུལ་ནས་དེ་དག་གི་དོན་མཛད་པའོ། །དཔལ་རྡོ་རྗེ་ཉི་མས་དབུགས་ཕྱུང་བ་ནི། ཤིན་ཏུ་འཇུངས་ཤིང་བརྐམ་པ་ཡིས་གཞན་ལ་ངན་སེམས་དང་ལྡན་པ་སྟེ། དེ་དག་ཡོངས་སུ་གདུལ་བའི་ཕྱིར་དམ་པའི་ནོར་ལ་མངའ་མཛད་པ་རྡོ་རྗེ་ཉི་མ་དང་། ནམ་མཁའ་ལས་ཡོན་ཏན་འབྱིན་པ་ནམ་མཁའི་སྙིང་པོ་ལྟ་བུའི་བདག་ཉིད་ཀྱིས་དཔལ་དང་གཟི་བརྗིད་དང་སྦྱིན་པ་ཕུན་སུམ་ཚོགས་པའི་བདག་ཉིད་ཀྱི་སྒོ་ནས་རྒྱལ་པོ་ཆེན་པོའི་མཛད་སྤྱོད་ཀྱི་དོན་མཛད་དོ། །དཔལ་རྟ་མཆོག་གིས་དབུགས་དབྱུང་བ་ནི་ལེ་ལོ་ཅན་རྣམས་བརྩོན་འགྲུས་ཀྱི་བདག་ཉིད་བརྟུལ་ཕོད་པ་མཛད་པས་བྱི་དང་ཆོམ་རྐུན་དང་བྲིད་པ་དང་སྒྱུ་དང་ངོ་མཐོན་གྱི་སྟོབས་རྣམས་ཀྱིས་བརྟུལ་ནས་དེ་དག་གི་དོན་མཛད་དོ། །དེ་ལྟར་དབུགས་འབྱིན་པའི་རྣམ་ པ་དེ་དག་ནི་མདོར་བསྡུས་པ་ཙམ་སྟེ། གཏམ་གྱི་ཕྱག་རྒྱའང་མཐའ་ཡས་པ་ཇི་སྙེད་པའང་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ་ཞེས་སྦྱར་རོ། །དེ་ལྟར་གཏམ་གྱི་ཕྱག་རྒྱ་དྲུག་བསྟན་པ་དེ་ཡང་ལས་དང་ཉོན་མོངས་པའི་སྒྲིབ་པ་རབ་ཏུ་ལྕི་བ་དྲུག་སྦྱང་བར་བྱ་བའི་ཕྱིར། རིགས་དྲུག་གི་འཕྲུལ་པ་བསྟན་པ་ཡིན་ཏེ། དེ་ལ་དོན་དམ་པ་བྱང་ཆུབ་ཀྱི་སེམས་གདོད་མ་ནས་དག་པ་མ་རྟོགས་པ་ནི་ཉེས་པ་ཐམས་ཅད་ཀྱི་གཞི་ཡིན་པས། དེའི་ཕྱིར་ཡོན་ཏན་ཐམས་ཅད་ཀྱི་གཞི་བྱང་ཆུབ་སེམས་ཀྱི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་བསྟན་ཏོ། །སྙིང་རྗེ་དང་བྲལ་ན་འདུས་མ་བྱས་ཐོབ་ཀྱང་བྱང་ཆུབ་ཆེན་པོར་མི་འགྱུར་ཞིང་སེམས་ཅན་ཀུན་གྱི་དོན་མི་ནུས་པས་དེའི་ཕྱིར་སྤངས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་སངས་རྒྱས་ཀྱི་འཕྲུལ་པ་བསྟན་ཏོ། །ཁོང་ཁྲོ་བ་དང་གནོད་སེམས་ནི་ཐེག་པ་ཆེན་པོ་དང་འགལ་བའི་མི་དགེ་བའི་རྩ་བ་ཆེན་པོ་ཡིན་པས། དེའི་ཕྱིར་སྙིང་རྗེ་ཆེན་པོའི་བདག་ཉིད་ཁྲོ་བོ་རྡོ་རྗེ་རིགས་བསྟན་པའོ། །ལོག་པར་ལྟ་བ་ནི་ཉེས་པ་སྤྱོད་པ་ཀུན་གྱི་གཞི་ཡིན་པས་དེའི་ཕྱིར་དྲི་མ་མེད་པའི་དམ་པའི་ཆོས་ཀྱི་བདག་ཉིད་པདྨའི་རིགས་བསྟན་ཏོ། །སེར་སྣ་དང་བརྣབ་སེམས་ནི་ཐེག་པ་ཆེན་པོའི་ཐབས་ཀུན་ནས་སྤོང་བའི་བདག་ཉིད་ཡིན་པས། དེའི་ཕྱིར་སྦྱིན་པས་ཀུན་ལ་སྐྱོབ་པའི་བདག་ཉིད་རིན་པོ་ཆེའི་རིགས་བསྟན་པའོ། །ལེ་ལོ་ནི་མི་དགེ་བ་ཐམས་ཅད་ཀྱི་གྲོགས་ཡིན་པ་དང་དཀར་པོའི་ཕྱོགས་ཡོངས་སུ་སྡུད་པར་མི་བྱེད་པས་དེའི་ཕྱིར་བརྩོན་འགྲུས་ཀྱི་བདག་ཉིད་ལས་ཀྱི་རིགས་བསྟན་ཏོ། །དེའི་ཕྱིར་ཐེག་པ་ཆེན་པོ་ལ་གནས་པའི་གང་ཟག་གིས་རྩ་བའི་སྡོམ་པའང་ཡོངས་སུ་གཟུང་ཞིང་བསྒྲུབ་པར་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོ་དང་བརྩོན་འགྲུས་སོ། །ཡོངས་སུ་བསྡམ་པར་བྱ་བ་ནི་སེར་སྣ་དང་གནོད་སེམས་དང་ལོག་པར་ལྟ་བའོ། །འདི་རྣམས་ཀྱི་དབང་གིས་རིགས་རྣམ་པ་དྲུག་སྟེ། དེ་དག་རེ་རེ་ལ་ཡང་བྱ་བ་མ་ཡིན་པ་ལྡོག་པ་དང་བྱ་བ་ལ་འཇུག་པའི་དབང་གིས་སྡོམ་པ་གཉིས་གཉིས་སུ་ཤེས་པར་བྱའོ། །གཏམ་གྱི་ཕྱག་རྒྱ་ཤེས་པར་ཞེས་བྱ་བ་ནི་སྔོན་བྱུང་བའི་ལོ་རྒྱུས་བརྗོད་པ་ནི་གཏམ་སྟེ། དེ་ཉིད་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་ལས་སྤྲུལ་བའི་ཕྱིར་ཡེ་ཤེས་ཀྱི་ཕྱག་རྒྱའོ། །རྣམ་པ་གཅིག་ཏུ་ཕྱག་རྒྱ་ལས་ཡེ་ཤེས་འབྱུང་བས་ཕྱག་རྒྱ་ཤེས་པ་ཞེས་ཀྱང་བཤད་དོ། །རྟོག་པ་ལྔ་པའོ། །དེ་ལྟར་ཅི་རིགས་པ་རྣམ་པར་འཕྲུལ་པ་གང་ཞིག་ཅི་འདྲ་བར་བྱུང་བ་གཏམ་རྣམ་པར་འཕྲུལ་པས་བཤད་ནས། ད་ནི་དེ་དག་ཇི་ལྟར་སྒྲུབ་པའི་ཐབས་ཀྱི་ཆོ་ག་སྟོན་ཏེ། དེ་ཡང་ཐབས་ཀྱི་དངོས་གཞིར་གྱུར་པ་ནི། མཁའ་འགྲོ་མ་སྒྱུ་མ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་བྱིན་བརླབས་སྒྲུབ་པ་རྗེས་སུ་མཐུན་པའི་ཕྱག་རྒྱ་ཡིན་པའི་ཕྱིར་དང་པོར་དེ་བསྟན་པར་བྱ་སྟེ་དེའི་ཕྱིར། དེ་ནས་གཞན་ཡང་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་མཁའ་འགྲོ་སྒྱུ་མ་བདེ་མཆོག་བཤད། །ཅེས་བྱ་བ་ནི་བདེ་བས་བདེ་བ་བསྒྲུབ་པའི་ཐབས་ཚོགས་ཀྱི་དཀྱིལ་འཁོར་བཤད་པ་དམ་བཅའ་བའོ། །དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། །ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་བདེ་འབྱུང་བ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་བདེ་བ་འབྱུང་བའི་གཞིའི་གནས་ནི་གསང་བ་མཆོག་གི་དགྱེས་པ་ཡིན་ཏེ། རྟག་ཏུ་དེ་ན་བཞུགས་སོ། །དེ་བཞིན་དུ་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་གསང་བ་མཆོག་གི་དཀྱིལ་འཁོར་གྱི་གནས་དང་པོར་བཤམ་དགོས་པས། སངས་རྒྱས་ཀུན་གྱི་དམ་ཚིག་དཔལ། །ཞེས་བྱ་བ་ནས། སྐྱེད་མོས་ཚལ་ལ་སོགས་པར་བསྒྲུབ། །ཅེས་བྱ་བའི་བར་དག་གསུངས་ཏེ། དམ་ཚིག་གི་སྒྲ་ནི་འདིར་དཀྱིལ་འཁོར་ཏེ་དེ་ཉིད་རྡོ་རྗེ་སེམས་དཔའི་གནས་ཡིན་པས་སྣང་བ་བདེ་ཞེས་གསུངས་སོ། །དེ་ལྟར་གནས་བསྟན་ནས་ད་ནི་གད ན་བསྟན་པའི་ཕྱིར། དེར་ནི་དང་པོ་གདན་བཤམས་ཏེ། །འཇམ་ཞིང་རེག་ན་བདེ་འགྱུར་ལ། །སྣ་ཚོགས་པད་མོ་རས་ཀྱིས་གཡོག །དེ་ནི་ཐམས་ཅད་དག་པའི་གདན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་རང་རང་གི་གོ་འཕང་ཇི་ལྟར་ཐོབ་པ་དང་མཐུན་པའི་མཚན་མ་དང་བཅས་པའི་གདན་བཤམས་པར་བྱ་བ་ཡིན་པ་ལས། ཐམས་ཅད་ལ་ཐུན་མོང་དུ་འདོད་པའི་ཡོན་ཏན་གྱིས་མ་ཆགས་ཤིང་དག་པའི་རྟགས་ཀྱི་གདན་སྣ་ཚོགས་པད་མས་མཚན་པའི་རས་གདིང་བར་བྱ་བ་ཡིན་ལ། དེ་ལ་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བྲིས་ཏེ། དེར་གཙོ་བོ་གཟུངས་དང་བཅས་པའི་ཕྱག་རྒྱར་བྱིན་གྱིས་བརླབས་པའི་སྐྱེ་བོ་རྣམ་པ་བཀོད་ནས་བསྒྲུབ་པར་བྱ་བའི་དོན་ཏོ། །རྣམ་པ་གཅིག་ཏུ་གདན་གྱི་དོན་ནི་གཟུངས་མཚན་དང་ལྡན་པ་ཉིད་དེ། དེ་དཀྱིལ་འཁོར་ཐམས་ཅད་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། དེ་ལས་དཀྱིལ་འཁོར་གྱི་ལྷ་མོ་རྣམས་བསྐྱེད་ཅིང་མཆོད་ནས་སྒྲུབ་པ་པོ་ཞེས་ཀྱང་བཤད་དོ། །དེ་ལྟར་ཕྱག་རྒྱ་དགོད་པ་ནི། །རང་གི་ལྷ་དང་འདྲ་བ་ཡི། །བུད་མེད་དག་ནི་ལེགས་སྒྲུབ་པ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དངོས་གྲུབ་ཀྱི་རྟེན་དམ་ཚིག་གི་རྫས་ནི། མི་ཡི་འཚལ་ནི་གྲུབ་པ་ལ། །དམར་ཆེན་པོ་ཞེས་བྱ་བར་བཤད། །ཅེས་བྱ་བ་ལ་སོགས་པ་སྟེ་འདི་ནི་འོག་ནས་འཆད་དོ། །རྡོ་རྗེ་ཆུ་དང་རྡོ་རྗེ་བཅས། །འཚལ་ཆེན་པོ་དག་སྒྲུབ་པ་ནི། །ཞེས་བྱ་བ་ནི་རྡོ་རྗེ་དྲི་ཆེན་དྲི་ཆུ་གཉིས་དང་འཚལ་ཆེན་པོར་སྦྱར་བ་སྟེ། དེ་ལ་འཚལ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལས་གྲུབ་པའི་ཤ་ཆེན་པོའོ། །དེ་ཉིད་བསྟན་པའི་ཕྱིར། དེ་ཡི་འཚལ་དང་ཁུ་བ་དང་། །འཚལ་ཆེན་པོ་ནི་སྒྲུབ་པ་དག །ཅེས་གསུངས་ཏེ། པད་མ་རཀྟ་དང་བྱང་ཆུབ་ཀྱི་སེམས་དང་ཤ་ཆེན་དུ་སྦྱར་བ་ནི་དམར་ཆེན་པོ་ཞེས་བྱ་བར་བཤད་དོ། །དམར་ཆེན་དང་ནི་ག་པུར་བཅས། །ཙན་དན་དམར་པོ་སྦྱར་བ་དག །ཅེས་བྱ་བ་ནི་ཇི་སྐད་དུ་སྦྱར་བའི་དམར་ཆེན་དང་། ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྦྱར་བ་ནི་དམ་ཚིག་གི་རྫས་སོ། །ཁ་ཅིག་ན་རེ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་གོང་དུ་སྦྱར་ཟིན་པས། འདིར་ག་པུར་དང་ཙན་དན་དམར་པོ་གཉིས་ནི་ཕྱི་རོལ་དུ་གྲགས་པའི་གཟུང་བར་བྱ་སྟེ། འདི་ལྟར་དམ་ཚིག་རྫས་ཀྱི་འཕྲད་དང་རྐྱེན་དུ་སྦྱར་བ་ཡིན་ནོ་ཞེས་ཟེར་རོ། །ཞི་བའི་བཏུང་བ་བཞིན་ཞེས་བྱ་བ་ནི་བྲམ་ཟེ་རྣམས་ཀྱིས་ཟླ་བའི་མཆོད་སྦྱིན་བྱེད་པའི་བཏུང་བ་མྱང་བ་བཞིན་དུའོ། །གཞན་དག་ནི་དམ་རྫས་ཀྱི་ཡོན་ཏན་ནོ། །ད་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་མཆོད་པ་ལ་འཇུག་པའི་ཚུལ་བསྟན་ཏེ། དེའི་ཕྱིར། དེ་ནས་ཁྲུས་བྱས་དེ་བཞིན་ལུས། །ཞེས་བྱ་བ་ནས། སློང་བས་དལ་གྱིས་དལ་གྱིས་སུ། །གོས་དགབ་པ་ཡི་སྦྱོར་བ་ཡིས། །བདག་གི་འབྱུང་བ་བསྐུལ་བར་བྱ། །རྫོགས་པར་སངས་རྒྱས་ཉི་ཟླ་རྣམས། །ཤར་བ་དག་ནི་མཐོང་བ་ཡིས། །ཞེས་བྱ་བའི་བར་དག་གསུངས་ཏེ། འདིར་དཀྱིལ་འཁོར་བསྐྱེད་པ་དང་མཆོད་པའི་རིམ་པ་དག་འབྱུང་བ་ནི། ཡོངས་སུ་བཟུང་བ་དག་བདེ་བར་བྱ་བའི་ཕྱིར། འོག་ནས་གུད་དུ་བསྟན་པ་བྱའོ། །འདིར་ཚིག་གི་དོན་གྱི་འབྲེལ་བ་ཙམ་བསྟན་པར་བྱ་སྟེ། དེ་ལ། སློང་བས་དལ་གྱིས་དལ་གྱིས་སུ། །ཞེས་བྱ་བ་ནི་ལྷ་མོ་རྣམས་ཀྱིས་བདེ་བ་ཆེན་པོ་མི་རྟོག་པའི་ངང་ལས་བཞེངས་པར་བསྐུལ་ཞིང་འགྲོ་བའི་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བསྐུལ་བའོ། །གང་གིས་ཞེ་ན། གོས་དགབ་པ་ཡི་སྦྱོར་བ་ཡིས། །ཞེས་གསུངས་ཏེ། སྒེག་པ་དང་ལྟ་བ་དང་འཛུམ་པ་དང་གླུ་དང་གར་དང་མཁྱུད་པ་དང་སྦྱོར་བ་ལ་སོགས་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་མཛད་པ་ནི། ལུས་དང་སེམས་ལ་མཛེས་པ་བསྐྱེད་པའི་སྦྱོར་བ་ཡིན་པས་དེ་སྐད་ཅེས་བྱ་སྟེ། སྦྱོར་བ་དེས་རང་གྲུབ་པའི་བྱང་ཆུབ་ཀྱི་སེམས་འབྱུང་བ་བསྐུལ་བར་བྱའོ། །དུས་གང་གི་ཚེ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་འབྱུང་བའི་དུས་དེའི་ཚེ་དངོས་གྲུབ་ཐོབ་པའི་དུས་ཡིན་པས་ཉི་ཟླ་ཤར་བ་མཐོང་བས་གྲུབ་ཅེས་བྱའོ། །ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་གཉིས་སུ་མེད་པའི་བདེ་བ་ལས་སྐྱེས་པའི་ཏིང་ངེ་འཛིན་མཚན་མ་ཐམས་ཅད་དང་བྲལ་བ་ནི་ཉི་ཟླ་ཤར་བ་མཐོང་བ་ཞེས་བྱ་སྟེ། དེའི་ཚེ་དངོསགྲུབ་ཀྱི་མཆོག་ཐོབ་པ་ཡིན་ནོ་ཞེས་སྦྱར་རོ། །རྣམ་པ་གཅིག་ཏུ་སློང་བས་ཞེས་བྱ་བ་ནི་ཡེ་ཤེས་དང་ཕྱག་རྒྱ་དབབ་པ་ལ་སོགས་པའི་སྦྱོར་བས་བདག་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བར་བྱ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དུ་གནས་པ་ལས། སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་དབང་ལས་གྱུར་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས། སྟོང་པ་ཤིན་ཏུ་རྣལ་འབྱོར་ལ་སོགས་པའི་གླུས་བསྐུལ་ཏེ། དེའི་དབང་གིས་དེ་ལས་བཞེངས་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱར་བྱིན་གྱིས་བརླབས་ཤིང་དཀྱིལ་འཁོར་སྤྲུལ་པ་དང་མཆོད་པ་ཆེན་པོའི་ཆོ་ག་རྒྱས་པར་མཛད་པ་ནི། གོས་དགབ་པ་ཡི་སྦྱོར་བ་ཡིས། །བདག་གི་འབྱུང་བ་བསྐུལ་བར་བྱ། །ཞེས་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་བཅས་པའི་དཀྱིལ་འཁོར་ཏིང་ངེ་འཛིན་གྱིས་གསལ་བར་མཐོང་བ་ནི། རྫོགས་པར་སངས་རྒྱས་ཉི་ཟླ་རྣམས། །ཤར་བ་དག་ནི་མཐོང་བ་ཡིས། །ཞེས་བཤད་དོ། །སློང་བའི་གླུ་དེ་ཉིད་གང་ཞེ་ན། ངེས་པའི་ལམ་དང་ཀུན་ལྡན་པ། །རྣམ་པར་འདས་པས་རྣམ་པར་བརྒྱན། །ཞེས་བྱ་བ་ལ་སོགས་པ་སྟེ། གླུ་འདི་ཉིད་ཐར་བའི་ལམ་དུ་འགྱུར་ཞིང་ཐར་པའི་ཡོན་ཏན་གྱིས་བརྒྱན་པའོ་ཞེས་སོ། །རྣམ་པ་གཅིག་ཏུ་གླུའི་ལམ་ནི་རྣམ་པ་བཞི་སྟེ། དེའུ་མཐོ་དམན་དང་རིང་ཐུང་གིས་ཕྱེ་བ་དྲུག་འགྱུར་དང་། བཞི་འགྱུར་ལ་སོགས་པ་རྣམས་སོ། །གླུའི་ལམ་དང་སྒོ་དེ་ཉིད་ཀྱིས་མྱ་ངན་ལས་འདས་པའང་འགྲུབ་པར་བྱེད་ཅེས་སྦྱར་རོ། །འདིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་བརྟན་ཞིང་གྲུབ་པར་བཞུགས་པ་རྣམས་ཀྱང་སློང་བར་བྱེད་ན་གཞན་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏེ། གླུའི་དོན་ཡང་འདི་ཉིད་དོ། །གོང་དུ། རྫོགས་པར་སངས་རྒྱས་ཉི་ཟླ་རྣམས། །ཤར་བ་དག་ནི་མཐོང་། ཞེས་པའམ། ལྷ་མོ་ཀུན་དང་བདེ་མོས་པ། །རྡོ་རྗེ་སེམས་དཔའ་ཡང་དག་རྫོགས། །ཉི་མ་ཟླ་བ་གསལ་བར་འཆར། །ཞེས་བྱ་བ་འདི་ཉིད་ཀྱིས་བཤད་པར་ཤེས་པར་བྱའོ། །ཡང་སློང་བའི་གླུ་གཉིས་པ་གསུངས་པ། རྗེས་སུ་ཆགས་པ་རྣམ་མང་དགའ་བ་ཡིས། །ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་གསང་བའི་ལྷ་མོ་བཞི་ཡི་སྒོ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་བདེ་བའི་བདེ་བ་སྒྲུབ་པའི་ཕྱིར་གཉིས་སུ་མེད་པར་རོལ་པར་བསྐུལ་བ་དང་། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་རོལ་པར་བསྐུལ་བའོ། །གསུམ་པ་བསྐུལ་བའི་གླུ་ནི། བ་ཧུ་བི་བི་ཏ་རྣམ་པ་བཞིའི་སྒོ་ནས་ལས་རྣམ་བཞི་སྤྲུལ་པ་སྤྲོས་པས་སེམས་ཅན་རྣམས་གདུལ་བར་བསྐུལ་བ་དང་། དེ་ལྟ་བུའི་དངོས་གྲུབ་སྒྲུབ་པ་པོ་ལ་སྩོལ་བར་བསྐུལ་བ་སྟེ། དེ་བས་ན་རྒྱུད་འདིའི་གཞུང་གི་དོན་མ་ལུས་པ་ནི་སྔོན་བྱུང་བའི་དཀྱིལ་འཁོར་རྣམ་པ་དྲུག་ཡིན་ལ། དེ་དག་གི་མཛད་པ་མདོར་བསྡུས་པ་ནི་གསང་བ་ཡུམ་བཞིའི་བདག་ཉིད་གླུ་རྣམ་པ་བཞི་པོ་འདི་ཡིན་པས་གླུ་འདི་དག་རེ་རེའི་སྒོ་ནས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ལ་སྦྱར་དུ་རུང་ངོ་ཞེས་སོ། །དེ་ལ་དང་པོ། བ་ཧུ་བི་བི་ཏ་རཱ་ག་སནྟ་ཏི་ཨ་ཤེ་ཥ་ནི་ཤི་ཥ་སཏྭ་བི་ན་ཡ་སརྦ་ཏ་ཐཱ་ག་ཏཱཿཛ་ལེ་པྲ་ཛ་ལེ་ཀུརྦ་བི་ཀུརྦ་སརྦ་ཤམྦ་རེ་ཏེ་ན་ཏེ་ཏེ་ཧཱུཾ། ཞེས་བྱ་བ་ནི། སེམས་ཅན་ཆགས་པ་ཅན་གདུལ་བའི་དོན་དུ་རྡོ་རྗེ་སེམས་དཔའི་ཕྲིན་ལས་ལྷ་མོ་བདེ་མཆོག་མའི་བདག་ཉིད་དབང་གི་སྒོ་ནས་དོན་མཛད་པར་བསྐུལ་བའོ། །གཉིས་པ། བ་ཧུ་བི་ཝི་ཏ་རཱ་ཏི་སནྟ་ཏི་ཨ་ཤེ་ཥ་ནེ་ཤེ་ཥ་སཏྭ་བི་ན་ཡ་སརྦ་ཏ་ཐཱ་ག་ཏཱཿ ཛ་ལེ་པྲ་ཛ་ལེ་ཀུརྦ་བི་ཀུརྦ་སརྦ་ཤེ་བ་རེཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱ་བ་ནི། སེམས་ཅན་འདོད་པ་ལ་སེམས་དགའ་བ་རྣམས་ལ་རྡོ་རྗེ་སེམས་དཔའི་ཕྲིན་ལས་ལྷ་མོ་རྨོངས་བྱེད་མའི་བདག་ཉིད་བུད་མེད་ལ་སོགས་པའི་ལོངས་སྤྱོད་རྒྱས་པས་དོན་མཛད་པར་བསྐུལ་བའོ། །གསུམ་པ། བ་ཧུ་བི་ཝི་ཏ་རོོ་དྲ་སནྟ་ཏི་ཨ་ཤེ་ཥ་ནི་ཤེ་ཥ་སཏྭ་བི་ན་ཡ་སརྦ་ཏ་ཐཱ་ག་ཏཿཛ་ལེ་པྲ་ཛ་ལེ་ཀུརྦ་བི་ཀུརྦ་སརྦ་ཤམྦ་རེ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བྱ་བ་ནི། སེམས་ཅན་གདུག་པ་ཅན་རྣམས་ལ་དཔལ་རྡོ་རྗེ་སེམས་དཔའི་ཕྲིན་ལས་ལྷ་མོ་ཟ་བྱེད་མའི་བདག་ཉིད་དྲག་པོའི་སྒོ་ནས་དོན་མཛད་པ་བསྐུལ་བའོ། །བཞི་པ། བ་ཧུ་བི་ཝི་ཏ་ཛཱི་བཾ་སནྟ ་ཏི་ཨ་ཤེ་ཥ་ནི་ཤེ་ཥ་སཏྭ་བི་ན་ཡ་སརྦ་ཏ་ཐཱ་ག་ཏཿ ཛ་ལེ་པྲ་ཛ་ལེ་ཀུརྦ་བི་ཀུརྦ་སརྦ་ཤམྦ་རེ་ཧཱུཾ་ཤི་ཥྱ་བི་ཤ་ཧཱུཾ། ཞེས་བྱ་བ་ནི། སེམས་ཅན་སྲོག་གིཕོངས་པ་རྣམས་ལ་རྡོ་རྗེ་སེམས་དཔའི་ཕྲིན་ལས་ལྷ་མོ་ཚེ་འཕེལ་མའི་བདག་ཉིད་ཞི་བའི་དོན་མཛད་པར་བསྐུལ་བའོ། །དེ་ལྟ་བས་ན་གླུ་བཞི་སོ་སོ་འདིས་ནི་རྒྱ་ཆེན་པོ་མི་ནུས་པའི་གང་ཟག་རྣམས་ཀྱིས་གང་ལ་མོས་པ་བཞིན་དུ་གླུ་འདི་དག་རེ་རེས་དཀྱིལ་འཁོར་བསྐྱེད་པ་དང་སྤྱན་དྲང་བ་དང་མཆོད་པ་འབུལ་བ་དང་བསྙེན་པ་བྱ་བ་དང་སྒྲུབ་པ་དང་ལས་ལ་སྦྱར་བ་ཐམས་ཅད་བྱར་རུང་བའི་ཕྱིར། ལས་ཐམས་ཅད་པས་གླུའི་ཕྱག་རྒྱར་བཤད་དོ། །གཞན་ནི་དེ་དག་གི་ཡོན་ཏན་ནོ། །གླུ་བཞི་པ་ནི། དེ་ནས་ཡང་དག་རབ་གསང་བས། །བུད་མེད་དག་ནི་བཞི་རྣམས་དང་། །ཞེས་བྱ་བ་ལ་སོགས་པས་མེ་ཏོག་དང་བདུག་པ་དང་མར་མེ་དང་དྲི་དང་ལྡན་པའི་བུད་མེད་བཞིས་གར་དང་དབྱངས་ཀྱིས་ཕུལ་ན་ཡང་མཆོད་པ་ཀུན་ནས་བསྡུས་པར་འགྱུར་རོ། །ད་ནི་སློབ་མ་གཞུག་པའི་ཆོ་ག་བསྟན་ཏེ། དེའི་ཕྱིར། མཆོད་པའི་སྦྱོར་བ་འདི་དག་དང་། །ལྷ་མོ་བཞི་པོ་དག་གིས་ནི། །མེ་ཏོག་ལ་སོགས་མཆོད་བྱས་ནས། །སློབ་མ་ཐམས་ཅད་གཟུང་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་འདིར་མེ་ཏོག་དོར་བ་ནི། ཚོགས་ཀྱི་དཀྱིལ་འཁོར་ཉིད་ལ་དོར་བར་བྱའོ། །དབང་བསྐུར་བ་ནི། གསང་བའི་དབང་གི་རང་བཞིན་ཇི་སྐད་དུ་བསྟན་པའི་དམ་ཚིག་གི་རྫས་ཀྱིས་བསྐུར་བར་བྱའོ། །དབང་གཞན་ནི་དཀྱིལ་འཁོར་གཞན་ནས་སྟོན་ཏོ། །དེ་ནས་དམ་ཚིག་སྦྱིན་པ་དང་མན་ངག་སྦྱིན་པ་དང་ཡོན་དབུལ་བ་དང་ཆོས་ལེགས་པར་སྟོན་པ་རྣམས་ནི་སྒྲུབ་པ་པོ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཆོ་ག་ཡིན་ལ། སློབ་དཔོན་རྣམས་ཀྱི་བྱ་བའི་ལས་ཡིན་པས་དེ་ལྟ་བས་ན་ཇི་སྐད་དུ་གསུངས་པའི་ཡན་ལག་ལྔ་པོ་དེ་དག་ཚང་བར་བསྒྲུབ་པར་བྱའོ། །དེ་དག་ནི་རེ་ཞིག་ཚོགས་ཀྱི་དཀྱིལ་འཁོར་ཇི་ལྟར་སྒྲུབ་པའི་ཚིག་གི་འབྲེལ་པ་བསྟན་པའོ། །ཚོགས་ཀྱི་དཀྱིལ་འཁོར་དེ་དག་ཉིད་ཇི་ལྟར་སྒྲུབ་པའི་ཆོ་ག་ཉིད་བསྟན་པར་བྱ་སྟེ། དེ་ལ་འདིར་སྒྲུབ་པོ་དཔལ་རྡོ་རྗེ་སེམས་དཔའི་ཚོགས་ཀྱི་དཀྱིལ་འཁོར་དུ་དངོས་གྲུབ་སྒྲུབ་པར་འདོད་པས། ཐོག་མར་རྡོ་རྗེ་སློབ་དཔོན་ལ་བསྙེན་བཀུར་བྱ་བ་ལ་སོགས་པ་སྔོན་དུ་བྱ་བའི་ཆོ་གའི་ཡན་ལག་ཇི་སྐད་བསྟན་པ་རྫོགས་པའི་རྣལ་འབྱོར་པ། ཇི་ལྟར་དགའ་བ་དང་ཇི་ལྟར་འབྱོར་པའི་གཟུངས་མ་དང་ལྡན་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ཉེར་བསྡོགས་སུ་གནས་པ་རྣམས་ཀྱིས་ཚོགས་ཀྱི་སྒྲུབ་པ་བརྩམ་པར་བྱ་སྟེ། དེ་ལ་དུས་ནི། ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེར་ནི། །ཇི་བཞིན་བྱིན་གྱིས་བརླབས་ནས་ཀྱང་། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་གསུངས་པ་བཞིན་དུ། མཐོང་བའི་ཆོས་ལ་དངོས་གྲུབ་ཆེན་པོ་བསྒྲུབ་པར་འདོད་པའི་ཤིན་ཏུ་བརྩོན་པ་རྣམས་ཀྱིས་ཉི་མ་རེ་རེ་རྟག་ཏུ་བསྒྲུབ་པར་བྱའོ། །དེ་ལྟ་བུའི་སྦྱོར་བ་བརྩོན་པ་དང་མི་ལྡན་པ་རྣམས་ཀྱིས་ནི་ཟླ་བ་རེ་རེར་བསྒྲུབ་པར་བྱའོ། །དེ་ལས་གཞན་པ་རྣམས་ཀྱིས་ནི་ལོ་རེ་ལ་ཚོགས་ཀྱི་མཆོད་པ་རེ་རེ་བྱ་སྟེ། དེ་དག་གི་ཁྱད་པར་གྱི་དུས་ཀྱང་། བཅུ་བཞི་དང་ནི་བཅོ་ལྔ་དང་། །ཁྱད་པར་དུ་ནི་ཚེས་བརྒྱད་ལའོ། །ཞེས་གསུངས་པ་བཞིན་དུ་བྱའོ། །གནས་ཀྱང་དབེན་པའི་གནས་དག་གམ། །རང་གི་སྐྱེད་མོས་ཚལ་སོགས་པར། །ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །ཅི་བདེ་བར་ནི་བསྒྲུབ་པར་བྱ། །ཞེས་གསུངས་པའོ། །གནས་ཁང་ཡང་། རྡོ་རྗེ་སེམས་དཔའ་སྣང་བ་བདེ། །དེ་བཞིན་གཤེགས་པའི་ལྷ་རྫས་མཆོག །རིན་ཆེན་རྒྱན་ལ་སོགས་པས་སྤྲས། །དྲིལ་བུ་རྒྱལ་མཚན་མཆོག་ལྡན་པའི། །བླ་རེ་དམ་པ་བྲེས་པ་ན། །རྡོ་རྗེའི་ཚིག་དང་མཆོད་ལ་སོགས། །གླུ་དང་སིལ་སྙན་རྣམ་པར་འཕྲུལ། །མེ་ཏོག་བདུག་སྤོས་སྦྱོར་བ་དང་། །མར་མེ་དྲི་ལ་སོགས་ལྡན་པར། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བསྒྲུབ། །ཡང་ན་བདེ་བའི་གནས་དག་གི །སྐྱེད་མོས་ཚལ་ལ་སོགས་པར་བསྒྲུབ། །ཅེས་གསུངས་པ་ལྟ་བུ་འམ། དེ་དག་མ་འབྱོར་ནའང་ཐེག་པའམ། ཁྱིམ་མམ་སྦྲ་གུར་ལ་སོགས་པར། སྔགས་ཀྱི་ཁང་པ་དང་། ཡོ་བྱད་ཀྱི་ཁང་པ་དང་། ཀིཾ་ཀ་རའི་ཁང་པ་རྣམས་འབྱོར་པར་བཤམས་ཏེ། སྔགས་ཀྱི་ཁང་པ་དེར་ས་གཞི་ལེགས་པར་བྱི་དོར་བྱས་ཏེ། ལི་ཁྲི་ལ་སོགས་པའི་བྱི་དོར་གྱིས་ཕྱོགས་ཐམས་ཅད་དུ་གཟུགས་བརྙན་འབྱུང་བར་བྱའོ། །དེའི་སའི་ཆ་ཡང་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་རྡོ་རྗེའི་ཐིག་གིས་བཏབ་སྟེ་བྱའོ། །དབྱིབས་དཀྱིལ་འཁོར་ཀུན་ཏུ་སྣ་ཚོགས་པའོ་ཞེས་གསུངས་པའི་ཕྱིར་དཔལ་རྣམ་པར་སྣང་མཛད་དང་ཧེ་རུ་ཀ་ལ་སོགས་པའི་དཀྱིལ་འཁོར་གྱི་དབྱིབས་གང་ཡང་རུང་བ་ཞིག་བླང་བར་འབྱུང་ངོ་། །སྔོན་གྱི་སློབ་དཔོན་ཁ་ཅིག་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དབྱིབས་གྲུ་བཞིར་བྱ་བར་བཞེད་དོ། །དེ་ལ་ནང་གི་དཀྱིལ་འཁོར་ཟླུམ་པོ་རེའུ་མིག་དགུ་པར་བྱ་ལ་ཕྱི་རོལ་གྲུ་བཞི་སྒོ་དང་བཅས་པར་བྱ་སྟེ། དེའི་སྟེང་དུ་རྡུལ་ཚོན་མི་དགྱེ་བར་སྟན་གདིང་བར་བྱའོ། །དེ་ལ་སྟན་གྱི་མཚན་ཉིད་ནི། དེར་ནི་དང་པོར་སྟན་བཤམས་ཏེ། །འཇམ་ཞིང་རེག་ན་བདེ་འགྱུར་བ། །སྣ་ཚོགས་པད་མོ་རས་ཀྱིས་གཡོག །དེ་ནི་ཐམས་ཅད་དག་པའི་སྟན། །སྟན་དེ་དག་ནི་ཐམས་ཅད་ལ། །ཇི་ལྟར་གནས་པ་བཞིན་དུ་དགོད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པར་བྱ། །རྡོ་རྗེ་རིན་ཆེན་པད་མོ་སོགས། །སྒོ་བསྲུངས་དང་ནི་ལྡན་པར་བྱ། །ཞེས་གསུངས་པ་ལྟར། རང་རང་གི་ལྷའི་བཞུགས་གནས་རྣམས་སུ་སྣ་ཚོགས་པད་མས་མཛེས་པར་བྱས་པའི་རས་ཀྱི་སྟན་ནང་ཚངས་ཅན་རེ་རེ་གདིང་བར་བྱ་སྟེ། འདོད་པ་ལ་ལོངས་སྤྱོད་ཀྱང་མི་གོས་པའི་ཕྱག་རྒྱས་བཏབ་པའོ། །ཡང་ན་ས་གཞི་ལ་ཐིག་མི་བཏབ་པར་སྔགས་ཁང་དང་མཉམ་པའི་རས་བཟང་པོས་གཞི་བྱས་ལ། དེ་ལ་གོང་དུ་སྨོས་པ་བཞིན་དུ་བྲིས་ཏེ། དེའི་སྟེང་དུ་རང་རང་གི་སྟན་རང་རང་གི་མཚན་མས་བཏབ་པ་སོ་སོར་གདིང་བར་ཡང་བཤད་དོ། །དེ་ནས་ཕྱག་རྒྱ་དགོད་པ་ནི་རྣམ་པ་གཉིས་ཏེ། གོང་དུ་བསྟན་པའི་ལུགས་མ་ལ་སོགས་པའི་ཕྱག་རྒྱ་འགྲུབ་པའི་ཕྱག་རྒྱ་རྣམས་དང་བྱིན་གྱིས་བརླབས་སྒྲུབ་པ་རྗེས་སུ་མཐུན་པའི་ཕྱག་རྒྱ་བུད་མེད་རྣམས་དགོད་པའོ། །འདིའི་དུས་ནི་ཉིན་གྱི་ཐ་མར་བཞག་པར་བྱ། །ཞེས་གསུངས་པ་བཞིན་དགོང་ཀའི་དུས་སུ་སྐུ་གཟུགས་དང་རྣལ་འབྱོར་མ་རྣམས་གཙོ་བོ་དང་བཅས་པར་བྱི་དོར་དང་ཁྲུས་དང་བྱུག་པ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། ཇི་ལྟར་རང་གི་ལྷ་དང་མཐུན་པའི་གོས་བཟང་པོ་དང་རང་རང་གི་མཚན་མས་མཚན་ཞིང་བཞག་པ་རྣམས་ཕྱོགས་གཅིག་ཏུ་བཞུགས་ནས། དེ་ནས་རྡོ་རྗེ་ལྕམ་དྲལ་ཕལ་པ་རྣམས་ཀྱི་གླུ་དང་རོལ་མོའི་ཆ་བྱད་རྣམས་ཀྱིས་སྤྱན་དྲངས་ཏེ། སྔགས་ཀྱི་ཁང་པ་སོ་སོའི་སྟན་སྟེངས་སུ་གཤེགས་པ་དང་། སྒོ་བའི་ལས་བྱེད་རྣམས་ཀྱིས་ཕྱི་ནས་འབྲང་བའི་བགེགས་བསྐྲད་པ་བགྱི། དེ་ནས་བརྡའ་ཕྱག་བགྱི་སྟེ། རྣལ་འབྱོར་ཕལ་པ་རྣམས་དང་དཀྱིལ་འཁོར་གྱི་ལྷ་མོའི་ཚོགས་ཀྱིས་ལག་པ་སྤྱི་བོར་བྱུགས་ཏེ། ཨོཾ་ཨ་ཏི་པུ་ཞེས་བརྗོད་དོ། །སློབ་དཔོན་གྱིས་དེ་བཞིན་དཔྲལ་བ་རེག་སྟེ། པྲ་ཏི་ཨོཾ་ཨ་ཏི་པུ་ཞེས་བརྗོད་དོ། །དེ་བཞིན་དུ་རྣལ་འབྱོར་མཆེད་ལྕམ་དྲལ་ཐམས་ཅད་ཀྱང་སོ་སོ་རང་རང་གི་བཀུར་རིམ་བཞིན་དུ་ཕྱག་རྒྱ་དང་ལན་གྱིས་ཕྱག་བགྱི་སྟེ། རང་རང་གི་གནས་སུ་འགོད་དོ། །བུད་མེད་མེད་པའི་གནས་རྣམས་སུ་ནི་ལུགས་མ་ལ་སོགས་པ་རང་རང་གི་སྐུ་གཟུགས་བཞག་གོ །ཡོད་པ་རྣམས་ནི་སྐུ་གཟུགས་དང་འབྲེལ་བར་བཞག་སྟེ། ཇི་སྐད་དུ། ཁམས་ཀྱི་ངོ་བོ་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩ་ལས་བྱུང་། །རང་གི་ལྷ་ཡི་ཆ་ལུགས་སུ། །བསྒྲུབ་པའི་ཕྱག་རྒྱ་རབ་ཏུ་བྱ། །ཞེས་གསུངས་པ་དང་། རང་གི་ལྷ་དང་འདྲ་བ་ཡི། །བུད་མེད་དག་ནི་ལེགས་སྒྲུབ་པ། །སྐལ་བཟང་རང་གི་ཕྱག་རྒྱ་མཚན། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་གསུངས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་རྣལ་འབྱོར་པ་རྣམས་འཇུག་ཁར་ཁྲུས་དང་གཙང་སྦྲ་དང་གོས་དང་རྒྱན་གྱིས་བརྒྱན་ཅིང་ལྷའི་ལུགས་སུ་འཆའ་བའང་། དེ་ནས་ཁྲུས་བྱས་དྲི་ཞིམ་ལུས། །ཅི་འབྱོར་བ་ཡི་གོས་དང་རྒྱན། །སྣ་ཚོགས་གོས་དག་བགོས་ནས་ནི། །མེ་ཏོག་ཕྲེང་ལྡན་ཁ་དྲི་ཞིམ། །ཞེས་གསུངས་པ་ལྟར་བྱའོ། །དེ་ལ། ཁ་དྲི་ཞིམ་པའི་ཁ་སྤོས་ནི། །ཀ་ཀོ་ལ་དང་སུག་སྨེལ་དང་། །གླ་སྒང་ག་བུར་གླ་རྩི་དང་། །འདི་རྣམས་ཞིབ་ཏུ་བཏགས་པ་ནི། །སེང་ལྡེང་བུ་རམ་དག་དང་སྦྱར། །ཤིང་ཚ་བ་དྲ་ལོ་དྲ་དང་། །ན་ལེ་ཤམ་དང་ག་བུར་སྦྱར། །ཧ་སེ་ཀ་རིའི་ཤིང་མར་གྱིས། །སྤྲུས་པ་ཁ་ཡི་སྤོས་ཡིན་ནོ། །ཞེས་གསུངས་པ་འདིས་ཁ་དྲི་ཞིམ་པོར་བྱས་པའོ། །དེ་ལྟར་དཀྱིལ་འཁོར་དུ་འཁོད་ནས་བསྒྲུབ་པའི་ཆོ་ག་བྱ་བ་ནི། སྔོན་གྱི་སློབ་དཔོན་ཆེན་པོ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཅན་རྡོ་རྗེ་བཞད་པའི་ཞལ་སྔ་ནས་འདིའི་བསྒྲུབ་པའི་ཆོ་ག་དེ་ཁོ་ན་ཉིད་བཅུའི་སྒོ་ནས་བསྒྲུབ་པར་གསུངས་ཏེ། དེ་ལ་དེ་ཉིད་བཅུ་ནི། ཆོ་འཕྲུལ་བཞི་སྦྱོར་བ་རྣམ་པ་བཞི་སྟེ་བརྒྱད་ལ་རྫས་སུ་བཅུ་སྟེ། མཆོད་པའི་ཆོ་འཕྲུལ་ལ་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་རིག་སྔགས་བཞི་སྦྱོར་བ་རྣམ་པ་བཞི་སྟེ་བརྒྱད། བྱིན་གྱིས་བརླབས་པ་དང་དབང་བསྐུར་བ་གཉིས་ཏེ་བཅུ། ཏིང་ངེ་འཛིན་ནི་དེ་དག་ཐམས་ཅད་ཀྱི་སྤྱིའི་ཆོས་སུ་འགྱུར་ཏེ། རྫས་གུད་དུ་བགྲང་དུ་མེད་པས་དེ་ཁོ་ན་ཉིད་བཅུ་ཞེས་གསུངས་ཏེ། འདི་ཡང་རྣལ་འབྱོར་སྒྲུབ་པའི་ཚུལ་གྱིས་དེ་ཁོ་ན་ཉིད་བཅུ་ཡིན་ཏེ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་བརྟེན་པའི་དེ་ཁོ་ན་ཉིད་བཅུ་ནི་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་གསུངས་པ་ལྟ་བུའོ། །འདི་ལྟར་གསུངས་པ་ནི། རྡོ་རྗེ་བྱིན་བརླབས་ཚུལ་གྱིས་སུ། །ཏིང་ངེ་འཛིན་ནི་བདག་དབང་བསྐུར། །སྙིང་པོ་ཕྱག་རྒྱ་སྔགས་རིག་གིས། །གསང་བའི་མཆོད་པ་མཆོག་གིས་བསྐུལ། །སྦྱོར་དང་རབ་སྦྱོར་སྦྱོར་བ་ཆེ། །རྣལ་འབྱོར་ཐམས་ཅད་བསྒྲུབ་པར་བྱ། །དེ་ཉིད་བཅུ་ལ་སོགས་ཚུལ་གྱིས། །ཐམས་ཅད་སྐྱེ་འགྱུར་བསྒྲུབ་པར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་དང་། །དེ་བཞིན་དཔའ་བོ་ཐམས་ཅད་ཀྱང་། །ཅི་བདེར་ཡུལ་ལ་ལོངས་སྤྱོད་པས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་གསུངས་པ་སྟེ། འདིའི་རིམ་པ་ནི་དང་པོར་བདག་ཉིད་བྱིན་གྱིས་བརླབས་པ་དང་དབང་བསྐུར་བའི་ཚུལ་གྱིས་དཔལ་རྡོ་རྗེ་་སེམས་དཔའི་རྣལ་འབྱོར་དུ་བསྒྲུབ་པར་བྱའོ། །དེ་ནས་ལྷ་མོ་རྣམས་ཀྱང་བདག་དང་མཐུན་པར་བྱིན་གྱིས་བརླབས་པ་དང་དབང་བསྐུར་བའི་ཚུལ་གྱིས་རང་རང་གི་ལྷ་མོ་རྣམས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་ཏེ། དེ་ནས་གསང་བའི་མཆོད་པ་བསྐུལ་ལོ། །དེ་ཉིད་སྦྱོར་བ་བཞིའི་ཚུལ་གྱིས་ཏེ། དེ་ལ་སྦྱོར་བ་ནི་བདག་གི་རྣལ་འབྱོར། རབ་ཏུ་སྦྱོར་བ་ནི་ལྷ་མོ་རྣམས་ཀྱི་རྣལ་འབྱོར་རོ། །སྦྱོར་བ་ཆེན་པོ་ནི་དེ་གཉིས་ཀའི་སྒོ་ནས་གསང་བའི་མཆོད་པ་བསྐུལ་བའོ། །རྣལ་འབྱོར་ཐམས་ཅད་ནི་བདེ་བ་ཆེན་པོ་ཉིད་ཀྱི་ཏིང་ངེ་འཛིན་རྙེད་པ་སྟེ། འདིའི་ཚུལ་གྱིས་དཔལ་རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱའོ། །དེ་ཡང་དང་པོ་ཉིད་དུ་སྟན་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་བཛྲ་པདྨ་ཨཱ་ས་ན་མ་ཧཱ་ཡོ་ག་པི་ཐམ་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། སོ་སོ་རང་རང་གི་སྟན་ཐམས་ཅད་ཀྱང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡན་ལག་བདུན་དང་ལྡན་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་སྟེ། དང་པོར་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་དཔུང་པ་གཉིས་རྡོ་རྗེར་བཅིངས་ཏེ། རྡོ་རྗེའི་སེ་གོལ་གཏོགས་པས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་སངས་རྒྱས་ཐམས་ཅད་ནམ་མཁའ་ལ་བསྡུ་བར་བྱའོ། །དེ་ནས་གཡོན་པས་སེ་གོལ་བརྡབས་ལ། གཡས་པའི་ཐལ་མོ་དལ་གྱིས་བརྡབས་ཏེ། དེ་བཞིན་ཐལ་མོ་ལན་གསུམ་དལ་གྱིས་བརྡབས་པ་འདི་ནི་མཉེས་པར་བྱེད་པ་ཞི་བའི་ཐལ་མོའོ། །དེ་ནས་ཕྱག་གི་ཕྱག་རྒྱས་ཕྱག་བྱ་སྟེ། ལག་པ་གཡས་གཡོན་གཉིས་དག་གི །མཛུབ་མོ་མཐེའུ་ཆུང་མཛེས་པར་བསྒྱུར། །དཔལ་ལྡན་གཡོན་པ་འགྱིང་བའི་ཐབས། །གཡས་པ་བ་དན་གསུམ་པ་བྱ། །སྲི་ཞུར་བཅས་ཤིང་སྟེགས་པའི་མཆོག །བདག་ཉིད་རྡོ་རྗེ་སེམས་དཔའི་དཔལ། །འཛུམ་དང་བཅས་པའི་མིག་གིས་བལྟ། །བསམ་པ་གཡོས་པས་ཕྱག་བྱའོ། །ཞེས་གསུངས་པའི་ཚུལ་འདི་ཉིད་ཀྱིས་ཕྱག་བཙལ་བར་བྱ་སྟེ། འདི་ནི་ཡན་ལག་དང་པོའོ། །མཆོད་པ་ནི། འདོད་པ་ལྔའི་ཡོན་ཏན་རྣམས། །དབང་པོ་ཀུན་ལས་སྤྲོ་བར་བྱ། །དངོས་གྲུབ་ཐམས་ཅད་གྲུབ་བྱེད་ལ། །ཞི་བའི་ཐལ་མོ་སྦྱར་བ་ཡིས། །ཤ་རྫ་གན་དར་ཚུལ་གྱིས་སུ། །རྡོ་རྗེ་དབྱངས་ཀྱིས་བསྟོད་པར་བྱ། །མཉམ་མེད་མི་གཡོ་མཉམ་ཉིད་མཆོག་གིཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བརམཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་ཆོས་མཆོག་ཅན། །ཡོན་ཏན་ཤིནཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུནདུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བརྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པ་སྩོལ། །རྟག་ཏུ་དྲི་མ་མེད་པའི་ཐུགས་རྗེ་ཤུགས་ལས་འབྱུང་། །སྨོན་ལམ་གྲུབཔ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་ཡོངས་རྫོགས་པའི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེ་སྤྱོད་པ་མི་གཡོ་འགག་པར་ཡོང་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་དམ་པ་མཆོག་བརྙེས་པས། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །ཞེས་བྱ་བའི་བསྟོད་པ་བྱའོ། །དེ་དག་མཆོད་པའི་ཆོ་གའོ། །དེ་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་བསྐུལ་བ་དང་གསོལ་བ་གདབ་པ་དང་དགེ་བ་ཡོངས་སུ་བསྔོ་བ་རྣམས་ཅི་དགའ་བར་བྱས་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་སྟེ། འདི་ལྟར། བརྩོན་འགྲུས་ཆེན་པོས་གོ་བགོས་པ། སྙིང་རྗེ་ཆེན་པོས་བརླན་པའི་སེམས། གཞན་ལ་ཕན་པ་གཅིག་པུ་མཐར་གྱུར་པའི་མཆོག་མ་ལུས་ལུས་པ་མེད་པའི་འཇིག་རྟེན་ན་གནས་པའི་སེམས་ཅན་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་བདག་གིས་བསྒྲལ་བ་བྱའོ་སྙམ་དུ་བསམ་སྟེ། བདག་བྱིན་བརླབས་པ་ལ་སོགས་པ་སྒྲུབ་པའི་ཆོ་ག་ལ་འཇུག་པར་བྱའོ། །དེ་ལ་བྱིན་གྱིས་བརླབས་པའི་ཚུལ་ཡང་འདི་ཉིད་ལས། ཏིང་འཛིན་ལ་སོགས་རྣམ་བཞི་ཡིས། །གང་གིས་བསྐྱེད་པ་ཡོངས་བསྒོམས་ནས། །བསྒོམ་ན་ཐམས་ཅད་བདག་ཉིད་དུ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །སེམས་དཔའ་བྱིན་བརླབས་སྦྱོར་བ་ཡང་། །རང་བྱིན་རླབས་པ་འདི་འགྲུབ་མཆོག །འདི་ཉིད་ཉིན་རེ་སྒྲུབ་བྱེད་པ། །རྡོ་རྗེ་སེམས་དཔའ་ཉིད་འཐོབ་བོ། །ཞེས་གསུངས་པ་དང་། ཡང་འདི་ཉིད་དུ། སློང་བའི་དལ་གྱིས་དལ་གྱིས་སུ། །གོས་དགབ་པ་ཡི་སྦྱོར་བ་ཡིས། །བདག་གི་འབྱུང་བ་བསྐུལ་བར་བྱ། །རྫོགས་པར་སངས་རྒྱས་ཉི་ཟླ་རྣམས། །ཤར་བ་དག་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་། །བསོད་ནམས་ཐམས་ཅད་གྲུབ་པར་འགྱུར། །ཞེས་པའི་ཚུལ་དེ་ཉིད་བསྒྲུབ་པར་བྱ་བ་ནི། དང་པོར་ཕྱག་རྒྱའི་ཡེ་ཤེས་ཕབ་པས་སྒྲིབ་པ་བྲལ་ཞིང་ཡེ་ཤེས་ཕབ་སྟེ། བདག་ཉིད་ཤིན་ཏུ་རྣམ་པར་དག་པར་གནས་པ་ལ་སངས་རྒྱས་རྣམས་ཀྱིས་བསྐུལ་ཏེ། བདག་བྱིན་གྱིས་བརླབས་པའི་ཆོ་ག་རིམ་པ་བཞིན་བསྒྲུབ་པར་བྱའོ། །དེ་ལ་ཕྱག་རྒྱའི་ཡེ་ཤེས་དབབ་པའི་ཚུལ་ནི་འདི་ཡིན་ཏེ། བདག་ཉིད་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་མངོན་དུ་བྱས་ནས་ལག་པ་གཡས་གཡོན་གྱི་མཐིལ་ལ་ཡི་གེ་མ་དང་ཊ་གཉིས་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཆ་ཐམས་ཅད་ཀྱིས་རྣམ་པར་མཛེས་པ་མངོན་དུ་བརྟགས་ཏེ། དེ་ནས། ཨོཾ་མ་ཧཱ་སུ་ཁ་ས་མནྟ་བྷ་དྲ་ཧཱུཾ་ཨཿཞེས་བརྗོད་པས། ཉི་མ་དང་ཟླ་བའི་སྟེང་དུ་ཧཱུཾ་དང་ཨ་ལས་སྤྲོ་བ་དང་བསྡུ་བའི་སྦྱོར་བས་རྡོ་རྗེ་དང་པདྨོ་བསམ་མོ། །གཡོན་པའི་སོར་མོ་ཐམས་ཅད་ལ་ཡི་གེ་ས་བོན་ཨ་ཨཱ་ཨཾ་ཨ་ཨཾ་ལྔ་ལས་གཟུངས་མར་བསམ། གཡས་ཀྱི་སོར་མོ་རྣམས་ཧཱུཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཿརྣམས་ལས་གཙོ་བོ་ལྔ་བསམ་མོ། །དེ་ནས་སྙིང་པོ་འདིས་རྡོ་རྗེ་ཐལ་མོ་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཨཉྫ་ལི་ཨོཾ་ཞེས་བརྗོད་པས་གཙོ་གཟུངས་རྣམས་གཟིགས་པ་དང་རེག་པས་བདེ་བ་བསྐྱེད་པར་བསམ་མོ། །དེ་ནས་རྡོ་རྗེ་ཁུ་ཚུར་སྙིང་པོ་འདི་བསྡམ་པར་བྱའོ། །ཨོཾ་བཛྲ་བྷནྡྷ་ཧཱུཾ་ཞེས་བརྗོད་པས་དེ་བཞིན་དུ་མཁྱུད་པའི་བདེ་བས་མཉེས་པར་བསམ་མོ། །དེ་ནས་རྡོ་རྗེ་དབབ་པར་བྱིན་གྱིས་བརླབས་པར་བྱ་སྟེ། ཨོཾ་བཛྲ་པདྨ་ས་མ་ཡོ་ག་ཨ་བི་ཤ་ཨ་བི་ཤ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཧཱུཾ། སུ་ར་ཏ་སྟྭཾ་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ཅིང་བཅིངས་པ་དེ་བབས་པར་གྱུར་གྱི་བར་དུ་བསྐྱོད་པར་བྱའོ། །དེ་ནས་ཉོན་མོངས་པའི་སྒྲིབ་པ་བྲལ་བར་བྱ་བའི་ཕྱིར་ཕྱག་རྒྱ་དེ་རང་གི་སྙིང་གར་ཡང་དང་ཡང་དུ་དྲག་ཏུ་སྙིང་པོ་འདིས་དགྲོལ་བར་བྱའོ། །ཨོཾ་བཛྲ་བྷནྡྷ་མ་ཧཱ་ཀྲོ་ངྷ་ཧ་ན་ད་ཧ་པ་ཙ་བྷནྡྷ་ཡ་སརྦ་དུཥྚཾ་པྲ་དུཥྚ་མེ་མ་ན་སིདྡྷཛྙཱ་ན་མ་ཧཱ་ཏ་མུནྟ་ཀཪྤ་ཏ། བི་ཀི་ར་བི་ཀི་ར་ཧཱུཾ་ཏྲཊ་ཏྲཊ་ཏྲཊ། དེ་ནས་རང་གི་ལུས་མི་ཤེས་པའི་དྲི་མ་དང་བྲལ་ནས། ཟླ་བ་ལྟར་ཡོངས་སུ་དག་པར་བསྒོམས་ཏེ། ཨོཾ་སརྦ་བི་ཤུདྡྷ་ངྷརྨ་ཏ་ས་མ་ཡེ་ཧཱུཾ་ཞེས་ཡིད་ལ་བརྗོད་དོ། །དེ་ནས་རྡོ་རྗེ་ཁུ་ཚུར་སོ་སོར་བཅིངས་ནས་མཛུབ་མོ་གཉིས་བརྐྱང་བ་ལས་ལྕགས་ཀྱུ་ལྟར་གཅིག་ལ་གཅིག་གཅུས་ཏེ། དེ་བཞིན་དུ་རང་གི་སྙིང་གར་གསང་སྔགས་འདིས་དགྲོལ་བར་བྱའོ། །ཨོཾ་བཛྲ་བྷནྡྷ་ཨཾ་ཀུ་ཤ་མ་ཧཱ་ཀྲོ་ངྷ་ཛཿཧཱུཾ་བཾ་ཧོཿཧཱུཾ་ཕཊ་ཕཊ། དེ་ནས་ཡང་བདག་ཉིད་སྒྲིབ་པ་གཉིས་དང་བྲལ་ནས་ཤིན་ཏུ་རྣམ་པར་དག་པར་བསམས་ཏེ། ཡེ་ཤེས་ཡོངས་སུ་དག་པ་ཙམ་ལ་དམིགས་པ་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དགེ་བའི་བཤེས་གཉེན་མཛད་དེ། བདག་ལ་གླུ་འདི་བླངས་ཤིང་བསྐུལ་བར་བསམ་མོ། །སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གཤེགས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔའ་ཁྱོད་བདག །དེ་ནས་དེ་དག་གིས་བདག་བསྐུལ་བར་རིག་ནས་བདག་གི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་རིམ་པ་འདི་ལྟར་བསྐྱེད་པ་བྱའོ། །དེ་ཡང་ཕྱག་རྒྱ་དང་བཅས་པའི་ཧཱུཾ་གིས་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལ་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་རྟིང་པ་གཉིས་ཕྱེ་སྟེ། མཐེའུ་ཆུང་དང་སྲིན་ལག་གི་དབུས་སུ་མཐེ་བོ་རྩེ་སྤྲད་ནས་དབབ་པ་བྱས་ལ། ཨོཾ་མ་ཧཱ་སུ་ཁ་ས་མནྟ་བྷ་དྲ་ཨ་བི་ཤ་ཧཱུཾ་ཨཱཿཞེས་བརྗོད་ནས་དབབ་པའི་ཕྱག་རྒྱ་བསྐྱོད་ཅིང་སྙིང་གར་ཨ་ལས་པདྨོ་བསྐྱེད་ལ། དེའི་སྟེང་དུ་གུང་མོ་རྡོ་རྗེ་རྩེ་གཅིག་ཏུ་བྱས་ཏེ། ཧཱུཾ་གིས་བྱིན་གྱིས་བརླབས་པ་བཞག་གོ །དེ་ཉིད་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་དབབ་ཏེ། སྐུ་ཕྱག་རྒྱ་ཆེན་པོར་གྲུབ་པར་བྱའོ། །ཡང་ན་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བརྟགས་ཏེ། ས་བོན་གྱི་རྒྱལ་པོ་ཧཱུཾ་གི་རང་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་གྱུར་པར་བསམས་ལ། དེ་ཡང་ཧཱུཾ་ལྔ་སྟན་ལ་འཁོད་པ་ལས་ཨ་ལ་སོགས་པ་ཡི་གེ་འོད་ཟེར་གྱིས་བརྒྱན་པར་བསམ་ནས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་ཧཱུཾ་དེ་ལས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པར་གྱུར་པར་བསམ་མོ། །དེ་ནས་ཡེ་ཤེས་ཀྱི་རྡོ་རྗེ་དེ་ལས་ཡེ་ཤེས་རྣམ་པ་ལྔའི་གཟུགས་དང་ཁ་དོག་སྣ་ཚོགས་སུ་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་ཀུན་ཏུ་སྣང་བར་བྱས་ཏེ། སླར་རྡོ་རྗེ་ལ་འདུས་པ་ལ་ཕྱག་རྒྱ་ཆེན་པོའི་ཚུལ་དུ་གྱུར་པ་བསམ་མོ། འདི་ལྟར། ཐམས་ཅད་བདེ་བྱེད་དག་པའི་ཕྱིར། །ཟླ་བ་ཉ་ལྟར་རྩ་དམར་སྐུ། །དངོས་གྲུབ་ཀུན་ ལ་རྗེས་ཆགས་ཕྱིར། །དམར་པོ་སྣ་ཚོགས་འབར་བའི་འོད། །གཡས་ཀྱིས་འདུད་པ་སྙིང་ག་རུ། །འཛུམ་བཅས་རྡོ་རྗེ་གསོར་བར་མཛད། །གཡོན་པ་འགྱིང་བའི་དྲིལ་བུ་འཛིན། སེམས་དཔའི་སྐྱིལ་ཀྲུང་དབྱིངས་སུ་གནས། །ཆུ་སྐྱེས་སྤྱན་ཡང་ཡིད་ཙམ་རྒྱས། །སངས་རྒྱས་རིན་ཆེན་དབུ་རྒྱན་མནབས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །རྒྱབ་ཏུ་འོད་དང་འདྲ་བ་ཡི། །ཟླ་བའི་དཀྱིལ་འཁོར་དྲི་མེད་མཆོག །ཨ་ལས་ཡང་དག་བསྐྱེད་བྱ་སྟེ། །དེ་ནས་ཀུན་ཏུ་སྤྲོ་བར་བྱ། །སངས་རྒྱས་རིན་ཆེན་ཁམས་གསུམ་ན། །རིན་ཆེན་གཞན་དང་མཚུངས་པ་མེད། །སངས་རྒྱས་ཀུན་གྱི་རིན་པོ་ཆེ། །དེ་བས་དབུ་རྒྱན་མཆོག་ཅེས་བྱའོ། །དེ་ནས་བྱིན་གྱིས་བརླབས་པར་བྱ་སྟེ། རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ། སྙིང་ག་དང་སྨིན་མཚམས་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་བྱིན་གྱིས་བརླབས་པས། དགའ་བའི་སྙིང་རྗེ་ཉིད་དུ་བྱིན་གྱིས་རློབ་པར་བྱེད་དོ། །དེ་ལ་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་བཅིངས་བྱས་ཏེ། །མཛུབ་མོ་མཐེ་བོའི་མངལ་ཉིད་དུ། །གཡས་པས་མཐེ་བོ་མཚན་མ་ཡིས། །ཁ་རུ་བཅུག་ལ་བསྡམ་པར་བྱ། །དགའ་ཆེན་དཔལ་གྱི་རྡོ་རྗེ་སྟེ། །ཞེས་གསུངས་པ་ཉིད་དོ། །དེ་ཡང་རྡོ་རྗེ་གར་དང་བཅས་པས་ཕྱག་རྒྱ་བཅའ་འོ། །དེ་ནས་ཡང་རྡོ་རྗེའི་ཕྱག་རྒྱས་རྡོ་རྗེ་འཛིན་པར་བྱིན་གྱིས་བརླབས་ཏེ། དེ་ལ་ཕྱག་རྒྱ་ནི། དགའ་བའི་རྡོ་རྗེ་རབབཅིངས་ནས། །དབུ་མ་བཅིངས་པའི་ནང་དུ་གཞུག །མཐེ་བོང་མཐེའུཆུང་མཉམ་བསྣོལ་བའི། །རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པར་བྱ། །བཅིངས་པདེ་ཡིས་བྱིན་བརླབས་ན། །རྡོ་རྗེ་འཛིན་པ་མཆོག་ཏུ་འགྱུར། །འདི་ཡིསཇི་ལྟར་རིགས་པ་ཡིས། །བློ་དང་ལྡན་པའི་དབང་བསྐུར་བྱ། །དརདཔྱངས་བཅིང་བ་བཅིང་བྱ་སྟེ། །འགྱིང་དང་བཅས་པའི་མཐའ་ནསདགྲོལ། །དར་དཔྱངས་འདྲ་བའི་ཚུལ་བྱས་ནས། །ཐལ་མོ་ཡིས་ནི་བརྟན་པར་བྱ། །ཧཱུཾ་ཨ་བྷི་ཥིཉྩ་མི་ཞེས་བརྗོད། འདི་ནི་རང་གི་རིགས་ཀྱི་དབང་བསྐུར་བའི་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་ནས་རིན་པོ་ཆེ་རྣམ་པ་ལྔའི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱས་རིགས་རྣམ་པ་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བར་བྱ་སྟེ། དེ་ལ། སངས་རྒྱས་རིན་ཆེན་ཕྱག་རྒྱ་ནི། །མཐེ་བོང་སེམས་དཔའི་སྐྱིལ་མོ་ཀྲུང་། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །གུང་མོ་གཉིས་ནི་མཉམ་པར་སྦྱར། །ལྷག་མ་རྡོ་རྗེ་ཐལ་མོའོ། །སྤྱི་བོ་དང་ནི་དཔྲལ་བ་དང་། །མདན་པ་གཉིས་དང་ལྟག་པར་ནི། །སངས་རྒྱས་ཀུན་གྱི་རིན་ཆེན་མཆོག །དབུ་རྒྱན་ཀུན་ཏུ་བརྒྱན་པར་བྱ། །དབུ་རྒྱན་བཅིངས་པས་བཅིང་ནས་ནི། །འགྱིང་ཞིང་མཐའ་ནས་དགྲོལ་བར་བྱ། །དར་གྱི་མཐའ་མ་དཔྱངས་པ་ལྟར། །བྱས་ནས་ཐལ་མོས་བརྟན་པར་བྱ། །ཨོཾ་བུངྔྷ་རཏྣ་ཨ་བྷི་ཥེ་ཀེ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྠབུངྔྷ་ལོ་ཙ་ནེ་སརྦཨརྠ་སཱ་ངྷ་ན་ཨ་བྷི་ཥིཉྩ་མཾསྭཱ་ཧཱ། སངས་རྒྱས་རིན་ཆེན་གྱི་དབང་བསྐུར་བའོ། རྡོ་རྗེ་རིན་ཆེན་གྱི་ནི་རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱས་སྔ་མ་བཞིན་དུ་དབང་བསྐུར་རོ། །ཨོཾ་བཛྲ་རཏྣ་ཨ་བྷི་ཥེ་ཀེ་ཧི་རི་མི་རི་ཏི་རི་ནི་ཤྲི་ཡེ་ཨ་བྷི་ཥིཉྩ་མཾ་སྭཱ་ཧཱ། རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བའོ། །པད་མོ་རིན་ཆེན་གྱི་ཕྱག་རྒྱ་ནི། སངས་རྒྱས་རིན་ཆེན་ལས་གུང་མོའི་རྩེ་མོ་བབ་པའོ། །ཨོཾ་པདྨ་རཏྣ་ཨ་བྷི་ཥེ་ཀེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་བྷི་ཥིཉྩ་མཱཾ་སྭཱ་ཧཱ། པདྨོ་རིན་ཆེན་གྱི་དབང་བསྐུར་བའོ། །རིན་ཆེན་རིན་ཆེན་གྱི་ནི། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ཏེ། །ལག་གཉིས་ནོར་བུ་རིན་ཆེན་དང་། །ཇི་ལྟར་རིགས་པར་སྦྱར་བྱས་ཏེ། །མཐེ་བོ་མཛུབ་མོ་རྩེ་མོ་བཞི། །ཨོཾ་རཏྣ་རཏྣ་ཨ་བྷི་ཥེ་ཀེ་ཏྲཾ་ཏྲཾ་བ་བ་ཊ་ཊ་ཊ་ཊ་ཏྲ་ཏ་ཨ་བྷི་ཥིཉྩ་མཱཾ་སྭཱ་ཧཱ། རིནཆེན་རིན་ཆེན་དབང་བསྐུར་བའོ། །ལས་ཀྱི་རིན་ཆེན་གྱི་ནི། །རྡོ་རྗེ་ཐལ་མོ་རབ་བསྡམས་ཏེ། །མཛུབ་མོ་རྩེ་མོ་ཡིད་ཙམ་བཀུག །མཐེ་བོ་དཔའ་བོའི་སྐྱིལ་མོ་ཀྲུང་། །ལྷག་མ་རྣམས་ནི་འོད་བཞིན་བཏང་། །ཨོཾ་ཀརྨ་ཨ་བྷི་ཥེ་ཀེ་ཧི་ཧི་ཧི་ཧི་ཤྲི་བཛྲ་པདྨ་བ་ཌ་པ་མུ་ཁེ་ཨ་བྷི་ཥིཉྩ་མཱཾ་སྭཱ་ཧཱ། ལས་ཀྱི་རིན་ཆེན་གྱི་དབང་བསྐུར་བའོ། །ཕྱག་རྒྱ་འདི་དག་ནི་སྐབས་འདིར། རྡོ་རྗེའི་ཕྱག་རྒྱ་དཔྲལ་བར། རིན་པོ་ཆེ་མབྲན་པ་གཡས་སུ། པདྨ་ལྟག་པར། ལས་ཀྱི་མབྲན་པ་གཡོན་དུ་བཞག་སྟེ་དབང་བསྐུར་རོ། །རང་རང་གི་རིགས་ཀྱི་ཕྱག་རྒྱ་གཙོར་བྱེད་པའི་ཚེ་ན་ནི། རྒྱུད་ལས་གསུངས་པ་བཞིན་དུ་རང་རང་གི་གནས་སུ་བཞག་སྟེ་དབང་བསྐུར་བར་བྱའོ། །ཕྱག་རྒྱ་འདི་དག་ཀྱང་རྣལ་འབྱོར་སྤྱིའི་རྒྱུད་ལས། གཟུངས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ཕྱག་རྒྱ་ཆེན་པོ་བཅའ་བའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བདག་ཉིད་དབང་བསྐུར་བར་བྱས་ནས་གོ་བགོ་བར་བྱ་སྟེ། རྡོ་རྗེ་བརྐྱང་བ་ལས་མགྲིན་པར་བཞག་སྟེ། ཨོཾ་བཛྲ་ཀ་བ་ཙ་ཡ་ཨཾ་ཧཾ་བཾ་ཨཾ་ཞེས་བརྗོད་ནས། བཅིངས་པ་དེ་ལས་གཉིས་སུ་བྱས་ནས་མཛུབ་མོ་བརྐྱང་སྟེ་སོ་སོ་ནས་གདོང་སྤྲད་པ་མདུད་པའི་ཚུལ་གྱིས་སྙིང་ག་ནས་བརྩམས་ནས་སྤྱི་གཙུག་གི་བར་དུ་འདོར་ཞིང་། ཨོཾ་ཧཱུཾ་ཀ་བ་ཙ་ཡ་མཾ་ཧཱུཾ། ཞེས་སྔགས་འདི་ལན་གསུམ་གསུམ་བྱས་ན་འདིས་ཅིས་ཀྱང་མི་ཕྱེད་པར་འགྱུར་རོ། །བདག་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་རིམ་པ་རྫོགས་སོ། །དེ་ལ་ཡུམ་རྣམས་ཀྱང་བསྒྲུབ་པར་བྱ་སྟེ། གོང་དུ་བསྟན་པ་བཞིན་ཚོགས་ཀྱི་དཀྱིལ་འཁོར་དུ་ཇི་སྐད་གསུངས་པ་བཞིན་དུ་རང་རང་གི་གནས་སུ་འཁོད་པའི་གཟུངས་མ་རྣམས་རང་རང་གིས་བྱིན་གྱིས་རློབས་པར་ནུས་ན་ནི། གཙོ་བོའི་ཕྱག་རྒྱ་བསྒྲུབ་པ་དང་ཚུལ་མཐུན་པར་བསྐྱེད་ཅིང་བྱིན་གྱིས་བརླབས་པ་དང་དབང་བསྐུར་བ་ལ་སོགས་བྱས་ནས་མཆོད་པ་བརྩམ་པར་བྱའོ། །གལ་ཏེ་མི་ནུས་ན་ནི་གཙོ་བོས་བསྒྲུབ་པར་བྱའོ། །དེ་དག་གི་ཆོ་ག་ནི་འདི་ཡིན་ཏེ། ཇི་ལྟར་གོང་དུ་བཤད་པ་བཞིན་དུ་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་སྒྲིབ་པ་བྲལ་ཞིང་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོ་དབབ་པའི་ཚུལ་ནི་མཐུན་ནོ། །ཅུང་ཟད་མི་མཐུན་པར་དབབ་པའི་སྔགས་ལ། ལྷ་མོ་རང་རང་གི་གསང་སྔགས་ལ་ཨ་བི་ཤ་ཧཱུཾ་ཨ་ཞེས་བརྗོད་པར་བྱའོ། །རིམ་གྱིས་བསྐྱེད་པར་བྱེད་ན་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་གདན་སྟེངས་སུ་ལྷ་མོ་སོ་སོ་རང་རང་གི་སྙིང་པོ་བསམ་པ་ལས་རང་རང་གི་ཕྱག་མཚན་དུ་གྱུར་ཏེ། རང་རང་གི་གསང་སྔགས་བརྗོད་པ་ལས་རང་རང་གི་སྐུར་གྱུར་པར་བྱའོ། །དེ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང་གོ་བགོ་བ་ནི་ཀུན་ལ་མཐུན་པར་སྦྱར་རོ། །དེ་ལ་སོ་སོའི་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་རྣམས་ནི་གཟུངས་རྣམས་རང་རང་སོ་སོ་ལྷག་པའི་ལྷར་སྦྱར་བར་བྱ་སྟེ། དེ་ལ་གསང་བའི་ཡུམ་བཞི་པོ་རྒྱས་འདེབས་མ་དང་། རྨོངས་བྱེད་མ་དང་ཟ་བྱེད་མ་དང་ཚེ་འཕེལ་མ་བཞིའི་ས་བོན་གྱི་སྙིང་པོ་ནི། ཛཿཧཱུཾ་བཾ་ཧོཿརྣམས་སོ། །ཕྱག་རྒྱ་ནི་མདའ་དང་རྡོ་རྗེ་དང་ཁ་ཊྭཱཾ་ག་དང་། སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་གཟུགསརྣམས་སོ། །གསང་སྔགས་ནི། ཛ་བཛྲ་དྲྀཥྚི་ས་མ་ཀ་མཊ། ཧཱུཾ་བཛྲ་ཀི་ལི་ཀི་ལི་ཧཱུཾ། བཾ་བཛྲེ་ཎི་སྨ་ར་རཊ། ཧོཿབཛྲ་ཀ་བེ་ཤྭ་རི་ཏྲཱཾ་རྣམས་སོ། །སྐུའི་ཆ་ལུགས་ནི། ཟླ་བའི་ཁ་དོག་འཛུམ་ པའི་ཞལ། །དངོས་གྲུབ་ཐམས་ཅད་དག་པ་དང་། །པདྨོ་འདོད་ཆགས་རྣམ་དག་ཕྱིར། །བླ་ཡི་དབུས་ནི་དམར་ལ་དཀར། །ཕྱག་རྩེ་ལོ་མ་སྔོན་པོ་འདྲ། །དེ་བཞིན་བདེ་བའི་དབང་ཕྱུག་དང་། །བདེ་བར་རེག་པའི་དབང་ཕྱུག་པས། །དཀར་ཞིང་སེར་བའི་བླ་དང་ལྡན། །ལྷ་རྫས་སྣ་ཚོགས་ཁ་དོག་མཆོག །འབར་བ་སྣ་ཚོགས་འཁྲུག་པའི་འོད། །པདྨོ་སྣ་ཚོགས་ལ་གནས་པ། །ཐམས་ཅད་དག་པ་རབ་ཏུ་གནས། །སངས་རྒྱས་པད་མོ་ལ་སོགས་མཆོག། །རིན་ཆེན་སྣ་ཚོགས་རྒྱན་དང་གོས། །ཞེས་སྤྱིར་བསྟན་ནས་སོ་སོའི་སྐུམདོག་དང་ཕྱག་མཚན་མདོར་བསྡུས་ནས་བསྟན་པ། མདུན་དུ་ཟླ་བའི་ཁ་དོག་ཅན། །ཆུ་སྐྱེས་ཞལ་ནི་མཛུམ་དང་བཅས། །ཕྱག་རྒྱ་མདའ་ལྟོང་འདྲེན་པ་འཛིན། །གཡས་སུ་སྔོ་མཐིང་ཕྱག་གཉིས་ཀྱིས། །རང་གི་ཕྱག་རྒྱ་བཅས་པའི་མཁྱུད། །སངས་རྒྱས་ དབུ་རྒྱན་ཕྲེང་བ་ཅན། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །རྒྱབ་ཏུ་ལྷ་མོ་ཆུ་སྲིན་ཅན། །པདྨ་དམར་པོའི་འོད་དང་ལྡན། །དཔལ་བྱེད་དྲན་པ་སྣ་ཚོགས་ཀྱི། །སངས་རྒྱས་དབུ་རྒྱན་མཆོག་འཛིན་མའོ། །བདུད་བཅས་གཡོན་ན་སྔོ་བསངས་ཏེ། །སངས་རྒྱས་ཚེ་ཡི་རིན་ཆེན་ཅན། །སངས་རྒྱས་གཙུག་གིས་རྣམ་པར་སྤྲས། །རྣལ་འབྱོར་ལྡན་པས་བསམ་པར་བྱ། །ལྷ་མོ་དེ་དག་ནི་མཁའ་འགྲོ་མ་སྒྱུ་མ་བདེ་བ་མཆོག་གི་རྩ་བའི་ཕྱག་རྒྱའི་ཚོགས་སོ། །དེ་ནས་ཕྱོགས་བཞིའི་རེ་ཆ་བཞི་ལ་རིགས་ཀྱི་ཡུམ་བཞི་པོ། སངས་རྒྱས་བྱང་ཆུབ་མ་དང་། ཆོས་ཀྱི་འཁོར་ལོ་མ་དང་། ཁམས་གསུམ་རྣམ་པརརྒྱལ་མ་དང་། འདོད་པའི་དབང་མོ་དང་བཞི་སྟེ། དེ་དག་གི་ས་བོན་གྱི་སྙིང་པོ་ནི་ཨོཾ་བྲུཾ་ཧ་ཁཾ་རྣམས་སོ། །ཐུགས་མཚན་ནི་ཚངས་པའི་མགོ་བཞི་མདའ་བཞིས་ཕུག་པ་དང་། འཁོར་ལོ་དང་རྡོ་རྗེ་དང་དཔག་བསམ་གྱི་ཤིང་གི་ལྕུག་མ་རྣམས་སོ། །གསང་སྔགས་ནི། ཨོཾ་ཨཾ་མ་ངྷཱུཉྲཱུ་གྷུཾ་གྷུཾ། ཨོཾ་བཛྲ་མེ་གྷེ་གུ་མུ་གུ་མུ་བྷྲུཾ། ཨོཾ་ཧ་ཤ་ར་ངྷ་བཛྲི་ཨིཾ་ཨིཾ། ཨོཾ་ཁཾ་བཛྲ་ཤེ་ཤི་རི་ཧཱུཾ་ཧཱུཾ་རྣམས་སོ། །ལྷ་མོ་དེ་དག་གི་སྐུ་མདོག་དང་དབུ་རྒྱན་དང་གདན་དང་རྒྱན་རྣམས་ནི་གསང་བའི་ཡུམ་གྱི་དང་འདྲའོ། །ཕྱག་མཚན་ནི་གོང་དུ་ཐུགས་མཚན་བསྒོམ་པའི་སྐབས་སུ་སྨོས་པ་ལས་ཅུང་ཟད་དུ་ན། ཁམས་གསུམ་རྣམ་རྒྱལ་མའི་ཕྱག་གཡོན་ཏྲི་ཤུ་ལ་བསྣམས་སོ། །དེའི་མཚམས་ཀྱི་རེ་ཆ་བཞི་ལ་ནང་གི་མཆོད་པའི་ལྷ་མོ་བཞི་བཞུགས་པ་ནི། དཔལ་རྡོ་རྗེ་གླིང་བུ་དབང་བྱེད་མ་དང་། དེ་བཞིན་དུ་པི་ཝངབདེ་བས་རྨོངས་བྱེད་མ་དང་། ཅང་ཏེའུ་སྡུག་བསྔལ་སེལ་མ་དང་། རྫ་རྔ་མྱོས་བྱེད་མ་རྣམས་ཏེ། འདི་བཞི་ཡང་གཞུང་སྤྱི་ལས་གྲགས་པའི་སྒེག་མོ་ལ་སོགས་པ་རྣམས་སོ། །དེ་དག་གི་སྙིང་པོའི་ས་བོན་ནི་ཨོཾ་ཏིཾ་ཝེཾ་ཛྷི་རྣམས་སོ། །ཐུགས་མཚན་ནི་མིང་གིས་ཤེས་པར་བྱའོ། །གསང་སྔགས་ནི། ཨོཾ་བཛྲ་ཧེ་ར་ཏི་བཛྲི་བི་ལཱ་སྱ་ནི་ཏྲཊ། ཧེ་ར་ཏི་བཛྲ་གཱི་ཏི་ཏེཾ་ཏེཾ། ཧེ་ར་ཏི་བཛྲ་ཧཱ་སེ་ཧ་ཧ་ཝེཾ། ཧེ་ར་ཏི་བཛྲ་ནྲྀ་ཏྱ་བེ་ས་བེ་ས་ཛྷི་རྣམས་སོ། །སྐུའི་ཚུལ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །གྲ་བཞིར་ཕྱིའི་ལྷ་མོ་བཞི་པོ་མེ་ཏོག་བདུག་པ་མར་མེ་དྲི་ཆབ་མ་རྣམས་ཀྱི་ས་བོན་ནི། ཨ་ཨཱ་ཨཾ་ཨཿརྣམས་སོ། །ཐུགས་མཚན་ནི་མིང་གིས་བསྟན་ཏོ། །གསང་སྔགས་ནི། ཨ་བཛྲཔུཥྤེ། ཨཱ་བཛྲ་དྷཱུ་པེ། ཨཾ་བཛྲ་ཨཱ་ལོ་ཀེ ། ཨཿབཛྲ་གནྡྷེ་རྣམས་སོ། །སྐུའི་ཚུལ་སྔ་མ་བཞིན་ནོ། །སྒོ་བཞིས་སྒོ་མ་བཞིར་དགོད་པ་ནི། ས་བོན་ནི་ཛཿཧཱུཾ་བཾ་ཧོཿརྣམས་སོ། །ཐུགས་མཚན་ནི་པདྨ་བྷནྡྷའི་ནང་ནས་རྟ་མགྲིན་ལྗང་གུ་བྱུང་བ་དང་། ཕག་གི་མཆེ་བ་དང་། ཉི་ཟླ་དང་། རིན་པོ་ཆེའི་སྣོད་ན་སངས་རྒྱས་ཚེ་མཐའ་ཡས་ཀྱི་སྐུ་ཕྱུང་བའོ། །གསང་སྔགས་ནི། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤེ་ཧཱུཾ། ཨོཾ་བཛྲ་ཤངྐ་ལི་བཾ། ཨོཾ་བཛྲ་གྷནྜེ་ཧོཿརྣམས་སོ། །སྐུའི་ཚུལ་ནི། ཀུན་ཀྱང་ཁྲོས་པའི་ཆ་བྱད་ལ་འབར་བའི་ཕྲེང་བ་འཁྲིགས་པ་གཡོན་བརྐྱང་བའི་སྟབས་སུ་བཞུགས་པ། ལྕགས་ཀྱུ་མའི་ཕྱག་རྒྱ་གཡས་ན་རྡོ་རྗེ་ལྕགས་ཀྱུ་ཐོགས། གཡོན་ན་པདྨ་བྷནྡྷ་དམར་གྱིས་བཀང་བའི་ནང་ནས་རྟ་མགོ་ལྗང་གུ་འཕངས་བསྟོད་དེ་སྐད་འབྱིན་པ་བསྣམས་སོ། །རྡོ་རྗེ་ཞགས་པས་ཕྱག་རྒྱ་གཡས་ན་རྡོ་རྗེ་ཞགས་པ་གཡོན་ན་ཕག་གི་མཆེ་བ་ཅན་བསྣམས་སོ། །རྡོ་རྗེ་ལྕགས་སྒྲོག་མའི་ཕྱག་གཡས་གཡོན་གཉིས་ན་རྡོ་རྗེ་ལྕགས་སྒྲོག་བསྡམས་པའི་ཡང་མིག་གི་སྟེང་ན་ཉི་མ་དང་ཟླ་བ་འོད་འབར་བ་བསྣམས་སོ། །རྡོ་རྗེ་དྲིལ་བུ་མའི་ཕྱག་གཡས་ན་དྲིལ་བུ། གཡོན་ན་བྷནྡྷ་རཀྟས་བཀང་བའི་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཀབ་པའི་སྟེང་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྐུ་བྱུང་བ་བསྣམས་སོ། །འདི་དག་ལས་ལྷག་པའི་གཟུངས་ཀྱི་ཚོགས་ཡོད་ན་ཡང་མཆོད་པའི་ལྷ་མོའི་ཚོགས་སུ་གྱུར་པ་རིགས་ཀྱི་བྱིན་གྱིས་བརླབས་ཀྱིས་མཆོད་པར་བྱིན་གྱིས་བརླབས་སོ། །གལ་ཏེ་དཀྱིལ་འཁོར་དུ་དགོད་པའི་གཟུངས་མ་རྣམས་མ་ཚང་ན། སྐུ་གཟུགས་ལ་སོགས་པ་དགོད་པའམ་དེ་དག་མེད་ན་བསམ་པར་བྱའོ། །འདི་དག་ནི་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཆོ་གའོ། །དེ་ནས་མཆོད་པ་བརྩམ་པར་བྱ་སྟེ། གཙོ་གཟུངས་ཀྱི་རྡོ་རྗེ་པདྨའི་དབྱིབས་ཅན་དུ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱ་སྟེ། གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱིས་བརྩམ་པ་ནི་ལུང་ངོ་། །ཞེས་འབྱུང་། དེ་ནས་གསང་བའི་ཕྱག་རྒྱ་བཞིས་དགྱེས་པ་བསྐྱེད་པར་བྱ་སྟེ། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་རྡོ་རྗེ་བཅིངས་པ་ལས་དབུ་ལ་གཉིས་ནང་དུ་ལྕགས་ཀྱུར་བཅས་ཏེ། སྙིང་གར་དྲངས་པ་ནི་ལྕགས་ཀྱུ་མའོ། །དེ་ཉིད་གདོང་རེག་པ་ནི་ཞགས་པའོ། །དེ་ཉིད་ལུ་གུ་རྒྱུད་ལྟར་བྱ་བ་ནི་བཅིངས་པའོ། །དེ་ཉིད་རྩེ་མོ་བསྡམས་པ་ནི་དགྱེས་པའོ། །འདི་ནི་གསང་བའི་ཕྱག་རྒྱ་སྟེ་ཕྱིའི་ཕྱག་རྒྱ་རྣམས་ཀྱིས་ཀྱང་སྦྱར་བར་བྱའོ། །དེ་ལ་ཕྱིའི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་བཅིང་བ་གཉིས་སུ་བྱས་ཏེ། གཡོན་གྱི་སྟེང་དུ་གཡས་བཞག་ནས་རྒྱབ་སྤྲད་ལ་མཐེའུ་ཆུང་བསྣོལ། གཡོན་གྱི་མཛུབ་མོ་སྒྲེང་བའི་ཚིགས་བཅག་ནས་གཡས་ཀྱི་མཛུབ་མོ་བཀུག་པ་ནི་རྡོ་རྗེ་འབོད་པའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་ཀཱ་མ་ཨངྐུཤ་ཨཱ་ཌྡ་༼ཌྚ་འདི་ཙམ་ལས་ནནན་ཐབས་བྲལ།༽ཨཱ་གཌྡ་ཧཱུཾ་ཛཿ ཞེས་བྱ་བའི་སྙིང་པོ་དང་བཅས་པས་སྤྱན་དྲངས་པར་བྱའོ། །དེ་ཉིད་ལས་ཕན་ཚུན་མཛུབ་མོ་གཉིས་ཞགས་པ་ལྟར་བཅིངས་ཏེ། ཨོཾ་བཛྲ་པཱ་ཤ་པྲ་བེ་ཤཱ་ཡ་སྭཱ་ཧཱ་ཞེས་བྱ་བའི་སྙིང་པོ་དང་བཅས་པས་གཞུག་གོ །དེ་ཉིད་ལས་ཕན་ཚུན་ཤིན་ཏུ་བསྐུམ་སྟེ། ཨོཾ་བཛྲ་ཀཱ་མ་བནྡྷ་བནྡྷ་བཾ། ཞེས་བཅིངས་པར་བྱའོ། །དེ་ཉིད་ལས་མཐེའུ་ཆུང་གཉིས་ལུག་གུ་རྒྱུད་ལྟར་གཟུང་སྟེ། རྒྱབ་སྦྱར་ནས་བསྐྱོད་པ་ནི་དགྱེས་པའོ། །ཨོཾ་བཛྲ་ཏུཥྚི་ཀཱ་མ་པུ་ཁེ་ཏོ་ཥ་ཡ་ཏོ་ཥ་ཡ་ཧོཿཞེས་བརྗོད་ནས་ཕྱག་རྒྱ་དེ་དགྱེས་པ་བསྐྱེད་དེ། བདེ་བའི་ཐལ་མོའམ། ཞི་བའི་ཐལ་མོ་གསུམ་གྱིས་དགྱེས་པ་བསྐྱེད་ནས་དབྱངས་ཀྱིས་བསྐུལ་བར་བྱའོ། །དེ་ནས་སངས་རྒྱས་རྣམས་མཆོད་པའི་ཕྱིར་རང་གི་སྙིང་གར་བཅུག་སྟེ། སྦྱོར་བ་བཞིའི་ཚུལ་གྱིས་རང་ཉིད་ལྷའི་ངོ་བོ་ལ་ལྷ་མོ་རྣམས་ཀྱིས་མཆོད་པར་བྱ་སྟེ། བརྡུང་བ་རྣམས་དང་གར་དང་གླུ་དང་མཆོད་པའི་གཏོར་མ་ལ་སོགས་པ་ཇི་ལྟར་འབྱོར་པས་མཆོད་དེ་སྦྱོར་བ་བཞིའི་ཚུལ་གྱིས་མཉམ་པར་བཞག་སྟེ་བསྒྲུབ་པར་བྱའོ། །གལ་ཏེ་སྒྲུབ་པ་པོ་ལ་ལ་དག་འབྱོར་པ་ཆུང་ངམ་ཤིན་ཏུ་སྤྲོས་པ་དང་བཅས་པ་ལ་མི་དགའ་བ་རྣམས་གཟུངས་མ་གཅིག་ཙམ་ལ་བརྟེན་པར་འདོད་ན་ཡང་དེ་ཉིད་རྡོ་རྗེ་ཤིན་ཏུ་དགའ་མར་བྱིན་གྱིས་བརླབས་ལ་སྔ་མ་བཞིན་དུ་སྒྲུབ་ཅིང་མཆོད་པར་བྱའོ། །གལ་ཏེ་ཕྱི་རོལ་གྱི་ཕྱག་རྒྱ་མེད་ན་ཏིང་ངེ་འཛིན་གྱིས་མདུན་དུ་ཡི་གེ་ཨ་ལས་བཅོམ་ལྡན་འདས་མ་རྡོ་རྗེ་ཤིན་ཏུ་དགའ་མ་བཅོམ་ལྡན་འདས་ཀྱི་ཆ་ལུགས་དང་ཁ་དོག་དང་དབྱིབས་སུ་ལྡན་པ་བསྐྱེད་དེ། སྔ་མ་བཞིན་དུ་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་ལ་སོགས་པ་བྱས་ནས་མཆོད་པ་བརྩམ་པར་བྱའོ། །དེ་ལའང་མཆོད་པའི་ཆོ་ག་དང་མཆོད་པའི་རྫས་རྣམས་ནི། མཆོད་པ་དང་མཆོད་པའི་གཏོར་མ་ཡེ་ཤེས་ཀྱི་ཕྱག་རྒྱ་ནས་གསུངས་པ་བཞིན་དུ་བྱས་ཏེ། དམ་ཚིག་གི་རྫས་ཇི་སྐད་དུ་གསུངས་པ་དང་ཡང་ལྡན་པར་བྱས་ལ། གོང་དུ་བསྟན་པ་བཞིན་དུ་གསང་བའི་ཕྱག་རྒྱ་དང་ཕྱིའི་ཕྱག་རྒྱས་དགུག་པ་ལ་སོགས་པ་ནས་ཞི་བའི་ཐལ་མོ་གསུམ་གྱིས་དགྱེས་པ་བསྐྱེད་པའི་བར་དུ་བྱས་ནས། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མཆོད་པའི་དོན་དུ་མདུན་གྱི་ནམ་མཁའ་ལ་མངོན་དུ་བལྟ་བར་བྱ་བའི་ཕྱིར་དབྱངས་འདིས་བསྐུལ་བར་བྱའོ། །རྡོ་རྗེ་སེམས་དཔའ་བདེ་ཆེན་སྐལ་བཟང་དཔལ་ཁྱོད་བདག་ལགས་སོ། །སྒྲུབ་ལ་རྟོགས་པ་མཛད་དུ་གསོལ། དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་བདེ་བ་མཁའ་འགྲོ་སྒྱུ་མ་སྣ་ཚོགས་བདེ་བའི་མཆོག །འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ་མཆོག་གྲུབ་པར་བདག་ལ་གྲུབ་པར་མཛད་དུ་གསོལ། །ཨ་ལ་ལ་ཧོཿ དེ་བཞིན་གཤེགས་པའི་སྦྱོར་བ་རྣམ་པ་སྣ་ཚོགས་གར་རྣམས་བསྟན་དུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཀྱེ་བདེ་མཆོག་བདེ་བ་ཟུང་། རྣམ་པར་སྤྲུལ་བ་སྣང་བར་མཛད་དུ་གསོལ། ཨ་ལ་ལ་ཧོཿ དེ་བཞིན་གཤེགས་པ་ཀུན་གྱི་སྣ་ཚོགས་སྒྱུ་མ་མཁའ་འགྲོ་སློབ་མ་གཟུང་དུ་གསོལ། མ་དང་ཊ་ལས་གྱུར་པའི་མིག་གིས་ནམ་མཁའི་ངོས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཏིལ་གྱི་གང་བུ་བཞིན་གང་བར་བརྟགས་ཏེ། རྡོ་རྗེ་ལྕགས་ཀྱུ་བཅིངས་ན། ་ ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་ཅིང་རང་གི་ལྷ་ལ་མཆོད་པའི་ཕྱིར་དེ་རྣམས་རང་གི་སྙིང་གར་གཞུག་པར་བྱའོ། །དེ་ནས་ཇི་ལྟར་སྦྱོར་བ་ཡིས། །སྦྱོར་དགྱེས་པ་ཡི་རོལ་བྱ་སྟེ། །སྦྱོར་བ་བཞི་ཡི་ཚུལ་གྱིས་སུ། །མཉམ་པར་བཞག་ནས་རབ་ཏུ་བྱ། །མཆོད་པ་ཐམས་ཅད་མ་སྦྱོར་ན། །ཕྱག་རྒྱ་བཅིང་ཞིང་མཆོད་བྱ་མ། །རང་ཉིད་ལྷ་ཡི་ངོ་བོ་ལ། །དེ་དག་གིས་མཆོད་དམིགས་པ་བྱ། །བརྡུང་དང་གར་དུ་བཅས་པ་ཡིས། །སྟེགས་བཅས་དགའ་ལ་བདེ་བ་ཡིས། །གླུ་ལ་སོགས་པའི་རོ་ལྡན་པས། །བདེ་བ་ཆེན་པོ་སྐལ་བཟང་ཁྱོད། །ཐམས་ཅད་འདོད་པ་བཞིན་དུ་འདོད་ཆགས་པས། ཛཿཧཱུཾ་བཾ་ཧོཿབཅོམ་ལྡན་འདས་བདག་བཞེས་ཤིང་མཆོད་པ་ཐམས་ཅད་ཀྱི་ཆོ་ག་ལ་སོགས་པ་སྦྱོར་བ་དང་ལྡན་པས་དབུལ་བར་བྱའོ། །ཛཿཧཱུཾ་བཾ་ཧོཿ རུ་ཊ་སྨ་ར་ཏ་ར་ཏ་ཧུ་ལུ་ཧུ་ལུ་པྲ་སིདྡྷ་དྡྷཀ་ནི་དུ་ནི་ཧཱུཾ་ངྷཾ་ཊཀྐི་ཧཱུཾ། ཛྫ་ཧུ་ལུ་ཧུ་ལུ་ཨ་ལ་ལ་ལ་ཧོཿ ཤུདྡྷ་སྱ་ངྷ་ད་རི་ཤ་ཡ་སརྦ་ཊ་ཀེ་ཊ་གྷེ་ཊ་གྷེ་ཊ་གྷེ་ཊ་ཊ་གྷེ་ཊ་གྷེ་གྷེ་ཊ་གྷེ་ཊ་གྷེ་ཊ་ཧོ་ཊཀྐི་ཧཱུཾ་ཛྫུ་ཧུ་ལུ་ཧུ་ལུ་ཨ་ལ་ལ་ལ་ཧོཿརུ་ཏ་མ་ཏ་ཐལ་མོ་མྱུར་བ་སྟེ། བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་འདི་མཆོད་པ་ཐམས་ཅད་དབུལ་བར་བྱའོ། །ཊ་གྷེ་གྷེ་ཏ་གྷེ་གྷེ་ཏ་གྷེ་གྷེ་ཊ་གྷེ་གྷེ་ཊ་གྷེ་གྷེ་ཊ་གྷེ་གྷེ་ཊ་གྷེ་གྷེ་ཊ། རྒྱུན་གྱིས་བརྡུང་བའོ། །ཨཾ་ཨཾ་ཨཾ། ཧཾ་ཧཾ་ཧཾ། བཾ་བཾ་བཾ། དཾ་དཾ་དཾ། དམ་ཚིག་གསུམ་གྱིས་བརྡུང་བ་སྟེ། བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་བསྐུལ་བའི་དམ་ཚིག་གསུམ་གྱི་གསང་བའི་སྦྱོར་བ་སྟེ། དེ་རྣམས་ཀྱི་བརྡུང་བ་ཕྱག་རྒྱ་དབྱངས་སུ་བླང་ཞིང་། ཤ་རྫ་དང་ངྷེ་པ་དའི་དབྱངས་འདིས་ཀྱང་སྦྱོར་བའི་བདག་ཉིད་ཀྱིས་ཧཱུཾ་ལ་སོགས་པའི་དབྱངས་ཀྱིས་བསྐུལ་བར་བྱའོ། །རྗེས་སུ་ཆགས་པ་རྣམ་མང་དགའ་བའི་པདྨ་རྣམ་དག་པའི། །མཆོད་པ་གསལ་བས་རྗེས་སུ་མཆོད་བྱས་པ། །མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། །ཀྱེ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་རྣལ་འབྱོར་ཤིན་ཏུ་རྣལ་འབྱོར་སྐལ་བཟང་མཆོག་བརྙེས་པ། །རང་གི་དམ་ཚིག་སྐྱོན་མེད་རྟག་ལ་རོལ་ཅིག་རོལ་ཅིག་ཧོཿ ཀྱེ་མཆོག་ཏུ་གསང་བའི་བདག་པོ་རང་གི་དམ་ཚིག་ཡིན་པའི་ཕྱིར། རབ་ཏུ་གསང་བའི་ལྷ་མོ་མཆོག་རྣམས་སོ། །འགྲོ་བའི་རྒྱུད་ནི་རྣམ་པ་སྣ་ཚོགས་འདུལ་བ་གསལ་བར་མཁྱེན། །དམ་ཚིག་ཐམས་ཅད་དངོས་པོ་བརྟན་སྒོས་ཀུན་གྱི་དངོས་པོར་གྱུར། །རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ་མཁའ་འགྲོ་སྒྱུ་མ་ཧོ། །ཀྱེ་དམ་པ་རྟག་པ་དངོས་གྲུབ་ཆེན་པོ་རབ་ཏུ་སྒྲུབས་ལ་སྟོན། །ཛཿཧཱུཾ་བཾ་ཧོཿཀྱེ་མ་མཆོག་བདེ་བ་འདྲོངས་རྣམ་པར་སྤྲུལ། །སྣང་བ་མཛོད་ལ་ཨ་ལ་ལ་ལ་ཧོཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱིས། །སློབ་མ་དག་ནི་གཟུང་དུ་གསོལ། །འདི་ནི་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་བདེ་བ་བསྐུལ་བའོ། །གཡས་དང་གཡོན་གྱི་ལག་པ་ཡིས། །འགྱིང་བའི་ཚུལ་གྱིས་གར་བྱས་ཏེ། །གཡོན་གྱི་སྲིན་ལག་མཐེ་བོ་སྦྱར། །གཡས་ཀྱི་བ་དན་གསུམ་པ་ཡིས། །ཕྱག་རྒྱ་འདི་ཡིས་བཏབ་པ་ན། །སངས་རྒྱས་ཀུན་དང་ཡང་དག་འགྲོགས། །ཐམས་ཅད་མཆོག་གི་དངོས་གྲུབ་ཆེ། །དབང་ཕྱུག་ཆེན་པོ་རབ་ཏུ་གྲུབ། །དེ་ཉིད་དོར་བའི་ཚུལ་གྱིས་སུ། །སླ་རུ་སྡུད་པ་ཆེར་བྱས་ཏེ། །བསྒྱུར་ནས་གཡས་ཀྱི་འགྲམ་པ་དང་། །སྤྱི་གཙུག་མཚམས་སུ་བཞག་པ་ལས། །སླ་རུགར་གྱི་དབབ་ཚུལ་གྱིས། །ཆ་ལུགས་ཀུན་གྱིས་རབ་བསྒྱུར་ཞིང་། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ལ་ལར་ཟླ་བ་དྲི་མེད་སྟོང་པས་མཛེས་པའི་གཟུགས་སུ་རྣམ་པར་སྣང་། །ལ་ལར་རབ་ཏུ་འཇིག་པའི་ཉི་མ་བྱེ་བ་ཕྲག་དགུའི་འོད་ཟེར་མཆོག་པས་འཇིགས། །ལ་ལར་མདངས་བཟང་གཟི་ཆེན་བདེ་ཞིང་ཞི་བར་ལྡན་པ་རྒྱལ་བའི་གཟུགས་སུ་སྣང་། །ལ་ལར་འགྲོ་བ་ཐམས་ཅད་མཉམ་པར་འཇོག་པའི་གཟུགས་ལྡན་གསུང་མཆོག་ལྡན་པར་སྟོན། །རྡོ་རྗེ་སེམས་དཔའ་གྲུབ་ཕྱིར་འདུལ་མཁས་མ་ལུས་བདེ་བའི་མཆོག་རྣམས་ལས། །ཨ་རལ་ཐམས་ཅད་མཉམ་སྦྱོར་གྲུབ་པར་མཛོད། རུ་ཊ་མ་ཊ་ཨ་ལ་ལ་ལ་ཧོཿ རྣམ་པ་མང་པོ་འདུལ་བའི་ཚུལ་ལ་གར་མཁས་མཆོག་གིས་གར་མཛད་པ། དམ་ཚིག་གར་གྱི་དབང་ཕྱུག་སངས་རྒྱས་གར་མཁན་མཛོད་ཨ་ལ་ལ་ལ་ཧོཿ རྣམ་མང་བདེ་མཆོག་རབ་ཏུ་གར་མཛད་པ་ཡིས་ཐར་པའི་བདེ་བ་གྲུབ་པར་མཛོད། འདི་ཡིས་བ་དན་གསུམ་དང་ལྡན་པས་གར་དུ་བྱའོ། །རབ་ཏུ་དགའདང་རྗེས་སུ་ཆགས་པར་དགའ་བའི་མདའ་གཞུ་རབ་ཏུ་ཕྲ་བས་རྒྱས་བཏབ་པས། རབ་ཏུ་དགའ་བ་སྦྱོར་བའི་བདེ་བས་མྱོས་པའི་བདེ་བ་ཐམས་ཅད་བདག་ལ་གྲུབ་པར་མཛོད། རབ་ཏུ་བདེ་བ་རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེང་བའི་ལོངས་སྤྱོད་དང་། རབ་ཏུ་དགའ་བའི་དབང་ཕྱུག་ཆེ་མཆོག་གྲུབ་པ་དེ་བཞིན་གཤེགས་པ་བཞུགས། ཧོ་རྟ་མཆོག་ཧོཿ ཀྱེ་རབ་ཏུ་བདེ་བའི་རྣམ་པ་སྣ་ཚོགས་རོལ་ཅིག་ཧོཿདེ་བས་སློང་རྣམ་པར་རོལ། ཧཱུཾ་སྣང་བར་མཛོད། དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མ་རྣམ་པ་སྣ་ཚོགས་ཀྱིས་སློབ་མ་གཟུང་དུ་གསོལ། ཀྱེ་བདེ་བའི་མཆོག་གྲུབ་པར་མཛོད། །ཀྱེ་མའོ་བདེ་བས་བདེ་བ་གསོལ། དམ་པ་རབ་ཏུ་ཞུགས་པར་མཛོད། བདག་ལ་རབ་ཏུ་བདེ་བར་གྱུར། ཨ་ལ་ལ་ལ་ཧོཿ ཨེ་མའོ་ཤི་ཤི་ཞུགས་ཤིག་མཁའ་འགྲོ་བདེ་བའི་མཆོག། །ཡོངས་སུ་སྐོར། ཀུན་དུ་ཞུགས། དེ་ནས་གར་དང་ལྡན་པ་ཡིས། །དབྱངས་འདི་རྣམས་ཀྱིས་གླུ་བླངས་ཤིང་། །དཔལ་ལྡན་གཡོན་དུ་འདུད་པ་ཡིས། །གཡས་ཀྱི་བ་དན་གསུམ་དུ་བྱ། །དེ་ལྟར་གཡས་དང་གཡོན་ཚུལ་གྱིས། །སེམས་དཔའི་སྐྱིལ་ཀྲུང་བསྙེམས་བྱས་ཏེ། །རྣལ་འབྱོར་བདེ་བྱེད་བདག་ཉིད་ཀྱིས། །བདེ་བ་རྣམས་ནི་ཡང་དག་དབུལ། །དེ་ནས་འདི་ཡིས་མཆོད་བྱ་བ། །གཡས་དང་གཡོན་གྱི་ལག་པ་ཡིས། །འགྱིང་བའི་མཆོག་གི་གར་བྱས་ཏེ། །སྟེང་དུ་དོར་དང་འོག་ཏུ་དོར། །བསྐོར་དང་དེ་བཞིན་བྱུག་བྱ་སྟེ། །མེ་ཏོག་བདུག་པ་མར་མེ་མཆོག །དྲི་ཡི་མཆོད་པས་བསྐོར་བ་ཡིན། །ལྷག་མ་གར་གྱི་ཚུལ་གྱིས་སུ། །གླིང་བུ་པི་ཝང་རྫ་རྔ་མཆོག །དེ་བཞིན་ཅང་ཏེའུ་རྣམ་དག་ཀྱང་། །གཡོན་གྱི་ཁུ་ཚུར་རབ་བསྡམས་ཏེ། །ལག་པ་གཡས་པས་བརྡུང་བྱ་ཤིང་། །རང་གི་མིག་གིས་བསྐུལ་བཅས་པས། །སྔགས་པས་མཆོད་པ་དབུལ་བར་བྱ། །ཞི་བའི་ཐལ་མོ་བདེ་མཆོག་གིས། །ཐལ་མོ་སྦྱར་བས་དགྱེས་པ་བསྐྱེད། །གཡོན་དུ་འདུད་པས་ཕྱག་བྱ་ཞིང་། །འཛུམ་དང་བཅས་པའི་ལྟ་བའི་མིག །སྨིན་མ་མིག་དང་མཆུ་གདོང་བ། །ཁ་དང་ལུས་ཀྱི་གདོན་པ་ཡིས། །ཆ་ལུགས་ཇི་བཞིན་གར་བྱས་ཏེ། །ཕྱག་རྒྱ་ཐམས་ཅད་དབུལ་བར་བྱ། །ན་མོ་སྟུ་སརྦ་བུངྔྷ་བྷྱཿ ཞེས་བྱ་བའི་ཕྱག་རྒྱར་རབ་གནས་ཏེ། །མཆོད་པ་མཆོག་གི་དངོས་གྲུབ་རྣམས། །མ་ལུས་ལུས་མེད་གྲུབ་པར་འགྱུར། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ། ཕྱག་རྒྱ་འདི་རྣམས་ཀྱིས་བཏབ་ན། །བདག་ཉིད་དང་ནི་ཡང་ན་གཞན། །སྒྲུབ་པ་པོ་ནི་མྱུར་འགྲུབ་ཏེ། །རྡོ་རྗེ་སེམས་དཔར་མཆོག་འདྲ་འགྱུར། །ལངས་པའི་ཚེ་ཡང་དེ་བཞིན་དུ་དབང་བསྐུར་བ་དང་བསྲུང་བ་ལ་སོགས་པ་བྱས་ཏེ། བདེ་བས་ཐལ་མོས་དགྱེས་པ་བསྐྱེད་ནས་ཅི་དགའ་བར་གནས་པར་བྱའོ། །གལ་ཏེ་ཚོགས་ཀྱི་དཀྱིལ་འཁོར་འདི་ལྟ་བུར་སློབ་མ་འཇུག་པར་འདོད་ན་ཡང་འདི་ཉིད་ལས་གསུངས་པ་བཞིན་དུ་དབང་བསྐུར་བ་དང་དམ་ཚིག་བྱིན་པར་བྱའོ། །འདི་ལྟ་བུའི་ཆོ་གས་ཇི་ལྟར་དམ་བཅས་པ་བཞིན་བསྒྲུབ་ནས། ཐ་མར་དངོས་གྲུབ་ཀྱི་རྫས་རྣམས་གྲུབ་པའི་མཚན་མ་ཐོབ་བམ་མ་ཐོབ་ཀྱང་རུང་སྟེ་དངོས་གྲུབ་བླང་བར་བྱའོ། །དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཚོགས་ཀྱི་དཀྱིལ་འཁོར་དུ། །བསྒྲུབ་པའི་ཆོ་ག་རྫོགས་སོ། །གང་ཡང་དཀྱིལ་འཁོར་ཆེན་པོ་ལ་སྤྲོ་བ་མེད་ཅིང་ཆོ་ག་མང་པོ་ལ་མི་དགའ་བ་རྣམས་སྤྲོས་པ་མེད་པའི་སྤྱོད་པས་ལེའུ་གཉིས་པ་ལས་གསུངས་པ་བཞིན་དུ། དཔལ་རྡོ་རྗེ་སེམས་དཔའ་འབའ་ཞིག་གི་ཕྱག་རྒྱ་བསྒྲུབ་པར་འདོད་པ་རྣམས་ཀྱིས་བསྒྲུབ་པའི་ཆོ་ག་ནི། དང་པོར་རྡོ་རྗེ་སློབ་དཔོན་ལས་གསང་བའི་དབང་དང་ལུང་ཐོབ་པར་བྱ་སྟེ། ཇི་ལྟར་བདེ་བའི་གནས་སུ་ཕྱི་ནང་གི་མཆོད་པ་ཅི་འབྱོར་བ་དང་། མེ་ཏོག་ལ་སོགས་པའི་རྒྱན་གྱིས་བཀྲམ་ཞིང་བརྒྱན་ནས། ལུས་སེམས་བསྲང་སྟེ་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །དེ་ལ་དང་པོར་སྲིད་པ་གསུམ་པོ་ཐམས་ཅད་མི་དམིགས་པའི་ཡེ་ཤེས་ཀྱིས་རྣམ་པར་དག་པ་བསྒོམ་མོ། །དེ་ནས་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་དེ། སྐུ་གསུང་ཐུགས་ཀྱི་གནས་སུ་རིམ་པ་བཞིན་བསྒོམས་པས་སྣོད་དུ་རུང་བར་བྱིན་གྱིས་བརླབས་ནས། ཡང་སྙིང་གར་ཡི་གེ་ཨ་དཀར་པོ་བསྒོམས་ཏེ། དེའི་འོད་ཟེར་གྱི་འཕྲོ་འདུ་ཐམས་ཅད་བྱས་ཏེ། སངས་རྒྱས་རྣམས་ལ་བསྐུལ་བ་དང་། སེམས་ཅན་གྱི་དོན་བྱས་ཏེ་སླར་འདུས་པ་ལས་སྟོན་ཀའི་ཟླ་བ་ལྟར་གསལ་བའི་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་མོ། དེའི་སྟེང་དུ་དུག་གསུམ་སྐུ་གསུང་ཐུགས་སུ་དག་པའི་བདག་ཉིད་ཡི་གེ་ཧཱུཾ་བསམ་མོ། དེ་ལས་འཕྲོ་འདུ་སྔ་མ་བཞིན་དུ་བྱས་པས་སེམས་ཉིད་ཡེ་ནས་རྡོ་རྗེའི་རང་བཞིན་གྱི་ཡེ་ཤེས་ཀྱི་རྡོ་རྗེ་བསྒོམ་མོ། །དེ་ལས་སྔགས་ཀྱི་སྐུ་རྫོགས་པར་བསྐྱེད་དོ། །ཡི་གེ་གསུམ་གྱིས་སྔ་མ་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱ་སྙིང་གར་བཅིངས་ཏེ། སུ་ར་ཏ་སྟྭཾ་ཞེས་བརྗོད་པས་ཕྱག་རྒྱའི་རྩེ་མོ་ལས་རྡོ་རྗེ་རབ་ཏུ་དགའ་བ་བཅོམ་ལྡན་འདས་དང་མཐུན་པར་བསྐྱེད་དེ། ཨོཾ་ཨཱཿཧཱུཾ་ཞེས་པས་སྔ་མ་དང་འདྲ་བར་བྱིན་གྱིས་བརླབ་བོ། །དེ་ནས་ཡི་གེ་ཧཱུཾ་དང་དྷྲི་ཡིས་གནས་རྣམ་པ་གཉིས་བྱིན་གྱིས་བརླབས་ནས། མཆོད་པ་དམ་པ་དབུལ་བར་བྱའོ། །ཕྱོགས་བཅུ་སངས་རྒྱས་ཐམས་ཅད་མངོན་སུམ་དུ་སྤྱན་དྲངས་ཏེ། ཕྱི་ནང་གི་མཆོད་པ་ཅི་འབྱོར་པ་ཡང་སྟབ་བོ། །དེ་ནས་ཛབ་བསྒོམ་ཅི་ནུས་ཚད་དུ་བྱའོ། །དེ་ལ་གསང་སྔགས་ནི། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ། ཞེས་པའམ། ཨོཾ་མ་ཧཱ་སུ་ཁ་ཧཱུཾ། ཞེས་བྱའོ། །སྐུའི་ངེས་པ་ནི་ཟླ་བ་ཉ་བའི་ཁ་དོག་ལྟར་ཅུང་ཟད་ཙམ་དམར་བ་སྣ་ཚོགས་པདྨའི་སྟན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་དཀྱིལ་འཁོར་གྱི་རྒྱབ་རྟེན་ཅན། སངས་རྒྱས་ལྔ་ཡིས་དབུ་བརྒྱན་པ། རྡོ་རྗེ་དྲིལ་བུ་ཅུང་ཟད་བསྒྱིངས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་ཐུགས་ཀར་ཡང་ཡེ་ཤེས་སེམས་དཔའ་དང་ཧཱུཾ་གིས་བརྒྱན་པའོ། །དེ་ལྟར་ཅི་ནུས་སུ་བསྒོམ་སྟེ་གཏོང་བར་འདོད་པ་ན་ཡུམ་ཡང་ཡེ་ཤེས་སེམས་དཔར་བསྡུ། དེ་ཡང་རྡོ་རྗེ། དེ་ནས་ཧཱུཾ་ཧཱུཾ་གི་ཞབས་སྐྱེད་ཧ་ལ་ཐིམ། ཧ་ལས་འདོད་ཆགས་ཟླ་ཚེས་ཏེ། །ཟླ་ཚེས་ཉིད་ཀྱང་ཐིག་ལེའོ། །ཐིག་ལེ་ཉིད་ཀྱང་དེ་བཞིན་ཉིད། །དེ་ལྟར་བསྡུས་ནས་ལྡང་པ་ན། །ལུས་ཀྱང་སྐུ་གསུང་ཐུགས་ཀྱིས་བསྲུང་། །སེམས་ལ་རྟག་ཏུ་གནས་པར་བྱ། །འདི་ལྟར་རྟག་ཏུ་ཡི་དམ་བྱེད་པའི་ཚེ། དམ་བཅས་པ་རྫོགས་ནས་བསྒྲུབ་པ་ལས། དངོས་གྲུབ་ལེན་པའི་ཚེ་ཡུམ་དང་གཉིས་སུ་མེད་པ་ལས་དངོས་གྲུབ་བླང་ངོ་། །དཔལ་རྡོ་རྗེ་སེམས་དཔའ་ཀུན་ཏུ་སྦྱོར་བའི་ཕྱག་རྒྱ་ཉི་ཚེ་བ་རྫོགས་སོ། །ད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཚོགས་ཀྱི་དཀྱིལ་འཁོར་དུ་བསྒྲུབ་པ་བཤད་དེ། དེའི་ཕྱིར། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཐར་པ་ཐམས་ཅད་རྣམ་སྦྱང་ཕྱིར། །འགྲོ་བའི་མཁའ་འགྲོ་འབྱུང་བར་འགྱུར། །རང་གི་ལྷ་དང་འདྲ་བ་ཡི། །རང་གི་བྱིན་བརླབས་བསྒྲུབ་པའི་རྒྱས། །ཕྱག་རྒྱ་ཇི་བཞིན་རྗེས་མཐུན་པའི། །སངས་རྒྱས་སྤྲུལ་པ་བསྒྲུབ་པར་བྱ། །ཞེས་གསུངས་ཏེ། འདི་ཡང་། བསྒྲུབ་པའི་གནས་ནི། འདི་ཉིད་ལས། །རྟེན་དང་དགོན་པ་གཙུག་ལག་ཁང་། །རི་ཡི་རྩེ་རྣམས་ཐམས་ཅད་དུ། །རྣམ་པ་དུ་མ་སྣ་ཚོགས་པའི། །སངས་རྒྱས་དགོངས་པ་བསྒྲུབ་པར་བྱ། །ཞེས་གསུངས་པ་དག་ཏུ་བྱའོ། །ཡོ་བྱད་ནི་ཁྱད་པར་དུ་མེ་ཏོག་དམར་པོ་དང་། ཙན་དན་གྱི་བདུག་པ་དང་། མར་མེ་གསུམ་ལྔ་ཡན་ཆད་ཀྱི་ཕྲེང་བ་དང་། ཙན་དན་གྱི་བྱུག་པ་དང་། ལྷ་བཤོས་ཀྱང་འདི་སྐད་དུ། སངས་རྒྱས་རྣམས་ལ་བཤོས་འབུལ་བ། །ཤ་དང་ཆང་ནི་རྣམ་པར་སྤངས། །ཞེས་གསུངས་པ་ལྟ་བུ་ཁྱད་པར་གྱི་རྫས་དང་། སྤྱིར་དེ་བཞིན་གཤེགས་པའི་རིགས་ལ་མི་འགལ་བའི་རྫས་རྣམས་བསོག །ཚོགས་ཀྱི་དཀྱིལ་འཁོར་གྱི་དབྱིབས་ནི། ཟླུམ་པོ་ལ་རེ་མིག་དགུ་པ་སྒོ་དང་ལྡན་པར་བྱ། ཕྱག་རྒྱ་ནི་རང་གི་རིགས་ཀྱི་ལྷའི་སྐུ་གཟུགས་ལ་སོགས་པ་དགོད་པའམ། སྔ་མ་བཞིན་དུ་བྱིན་གྱིས་བརླབས་པའི་ཚོམ་བུ་མའི་དཀྱིལ་འཁོར་དགོད་དོ། །སྒྲུབ་པ་པོ་རྣམས་ཀྱི་རྒྱན་དང་གོས་རང་གི་ལྷའི་ཁ་དོག་དང་ཆ་ལུགས་སུ་བྱས་ཏེ་འཇུག་པར་བྱའོ། །དེ་ལ་འདིར་ཡང་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་རིམ་པ་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་སྐབས་སུ་གསུངས་པ་དང་རྗེས་སུ་མཐུན་པར་ཡན་ལག་བདུན་པ་དང་ལྡན་པའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྒྲིབ་པ་བྲལ་ཞིང་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོ་དབབ་པ་རྣམས་དེ་བཞིན་དུ་བྱའོ། །ཅུང་ཟད་མི་འདྲ་བ་ནི་སྐུ་རིམ་གྱིས་བསྐྱེད་ནས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཁཾ་བསམས་ཏེ། དེ་འཕྲོ་བ་དང་འདུ་བའི་སྦྱོར་བས་དམ་པ་ཆོས་ཀྱི་འཁོར་ལོའམ། གླེགས་བམ་དུ་གྱུར་པར་བྱའོ། །དེ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་གྱུར་པར་བྱ་བ་ནི། དོན་དམ་རྣམ་པར་དག་པའི་ཕྱིར། །བཙོ་མ་གསེར་གྱི་ཁ་དོག་བཞིན། །ཆགས་མེད་ལ་སོགས་ཆགས་ཅན་ཕྱིར། །དཀར་ཞིང་སྣ་ཚོགས་གསལ་བའི་མདངས། །ཆོས་ཀྱི་རྒྱལ་སྲིད་རབ་བསྒྲུབ་པ། །རིན་ཆེན་ཆོས་ལས་ལྷག་པ་མེད། །དེ་བས་ཐེག་ཆེན་བྱང་ཆུབ་སེམས། །རྒྱལ་བ་རྡོ་རྗེ་རིན་ཆེན་ཅན། །གཡས་པའི་མཐེ་བོ་གུང་མོ་གཉིས། །གཡོན་པའི་ཁུ་ཚུར་བཅང་བ་ཡི། །སོར་མོ་ཀུན་ལ་རེག་པ་ནི། །རྩ་བའི་ཕྱག་རྒྱ་ཡིན་པར་གྲགས། །གཡས་པའི་ཡན་ལག་གནོན་པ་ཡིས། །གཡོན་པའི་ཡན་ལག་ཀུན་ལས་རྒྱལ། །སེམས་དཔའ་སྐྱིལ་མོ་ཀྲུང་བཅས་ན། །བདུད་རྣམས་ཐམས་ཅད་རབ་ཏུ་འཇོམས། །ཞེས་གསུངས་པའི་མཚན་ཉིད་དོ། །དེ་ནསབྱིན་གྱིས་བརླབ་པ་ནི། ཐོག་མ་ཉིད་དུ་རང་གི་རིགས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱ་སྟེ། རྡོ་རྗེ་ཕྱག་རྒྱ་བཅིངས་པ་ལས། །སྦྱོར་ལྡན་ཐལ་མོ་ཁོང་སྟོང་སྦྱར། །ཁམས་གསུམ་དག་ནི་མ་ལུས་པ། །དེ་མ་ཐག་ཏུ་འབེབས་པར་བྱེད། །ཅེས་བྱ་བ་འདིས་དང་པོར་རང་གི་གནས་བྱིན་གྱིས་བརླབས་སོ། །དགའ་ཆེན་དཔལ་གྱི་ཕྱག་རྒྱ་དང་རྡོ་རྗེའི་ཕྱག་རྒྱས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །དབང་བསྐུར་བའི་དང་པོ་ཉིད་དུ་རང་གི་རིགས་ཀྱི་ཕྱག་རྒྱ་ཆེན་པོས་དབང་བསྐུར་བར་བྱ་སྟེ། རྡོ་རྗེ་ཐལ་མོ་མཉམ་སྦྱར་ཏེ། །ལག་གཉིས་ནོར་བུ་རིན་ཆེན་དུ། །ཇི་ལྟར་རིགས་པར་མཉམ་སྦྱར་ནས། །མཛུབ་མོ་མཐེ་བོ་རྩེ་མོ་བཞི། །ཡོངས་སུ་བསྒྱུར་ཏེ་བཏེག་ནས་སུ། །དཔྲལ་བར་ལེགས་པར་བཞག་པ་ན། །ཁམས་གསུམ་བདག་པོ་རྒྱལ་བ་བདག །མ་ལུས་ལུས་པ་མེད་པར་འགྲུབ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིངྔྷི་ལོ་ཙ་ནི་སརྦ་ཨརྠསཱ་དྷ་ནི་ཨ་བྷི་ཥིཉྩ་མཱཾ་སྭཱ་ཧཱ། ཞེས་བརྗོད་དོ། །རིགས་གཞན་གྱི་སྔགས་དང་ཕྱག་རྒྱ་ནི། དཔལ་རྡོ་རྗེ་སེམས་དཔའི་སྐབས་སུ་གསུངས་པ་བཞིན་འདིར་ཡང་སྦྱར་རོ། །ལྷ་མོ་རྣམས་བྱིན་གྱིས་བརླབ་པ་ནི། སྤྱི་གཙོ་བོ་དང་མཐུན་པའི་རིམ་པ་ལས་ཅུང་ཟད་མི་འདྲ་བར་རང་རང་གི་ས་བོན་གྱི་སྙིང་པོ་དང་ཐུགས་མཚན་དང་གསང་སྔགས་དང་སྐུའི་ཚུལ་རྣམས་སོ་སོར་བསྟན་པ་ནི། དེ་ནས་གསང་བའི་ཡུམ་བཞི་ལ་ཤར་ཕྱོགས་ཀྱི་རེ་ཆ་ལ་སངས་རྒྱས་ཀུན་བརྗོད་མ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཤམ་ལས་ལྕེའི་ཕྱག་རྒྱར་གྱུར། དེ་ལས་སྐུར་གྱུར་པ་ནི། སྐུ་མདོག་དཀར་མོ་རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་ན་ལྕེ་བསྣམས་པའོ། །གསང་སྔགས་ནི་ཨོཾ་བཛྲ་ས་ཏྭ་ཤཾ་ཞེས་བྱ་བ་སྦྱར་རོ། །དེ་བཞིན་ལྷོ་ཕྱོགས་སུ་ཤིན་ཏུ་རྒྱལ་མོ། །ནུབ་ཕྱོགས་སུ་ཀུན་ཏུ་བཟང་མོ། །བྱང་དུ་མི་བཟད་པའི་ཟ་མ་ཏོག་གོ །དེ་རྣམས་ཀྱི་ས་བོན་ནི། རཾ་ཀྵཾ་ཐཾ་རྣམས་སོ། །ཐུགས་མཚན་ནི། ཆ་ལང་དང་། རྡོ་རྗེ་དང་། ཟ་མ་ཏོག་རྣམས་སོ། །སྐུའི་མཚན་ཉིད་ནི་ཁ་དོག་ཕྱོགས་དང་མཐུན་པ་ལ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་མཚན་གོང་དུ་སྨོས་པ་རྣམས་རིམ་པ་བཞིན་བསྣམས་པའོ། །གསང་སྔགས་ནི། ཨོཾ་བཛྲ་རཏྣ་རཾ། ཨོཾ་བཛྲ་ངྷརྨ་ཀྵཾ། ཨོཾ་བཛྲ་ཀརྨ་ཐམ་རྣམས་སོ། །ཕྱོགས་བཞིའི་རེའུ་ཆ་བཞི་ལ་རིགས་ཀྱི་ཡུམ་བཞི། ཤར་ཕྱོགས་ཀྱི་རེ་ཆ་ལ། སངས་རྒྱས་ཀུན་གྱི་ཡན་ལག་དང་ལྡན་མའོ། །ལྷོའི་རེའུ་ཆ་ལ་ཞལ་བཟང་མོ། །ནུབ་ཀྱི་རེའུ་ཆ་ལ་སྤྲིན་ཆེན་མོའོ། །བྱང་གི་རེའུ་ཆ་ལ་ནམ་མཁའི་སྤྱན་ནོ། །དེ་རྣམས་ཀྱི་སྙིང་པོ་ནི། ཧཾ་ཚེཾ་ཏྲཾ་ངྷཾ་རྣམས་སོ། །ཐུགས་མཚན་ནི་སངས་རྒྱས་སྐུའི་གཟུགས་བརྙན་དང་མེ་ལོང་དང་། སེར་བ་སྤྲིན་དང་བཅས་པ་དང་། མིག་གི་ཕྱག་རྒྱ་དང་བཅས་པ་རྣམས་སོ། །སྐུའི་ཚུལ་ནི་ཁ་དོག་ཕྱོགས་དང་མཐུན་པ་ལ་རྒྱན་ཐམས་ཅ ད་ཀྱི་བརྒྱན་པ། ཇི་སྐད་དུ་སྨོས་པའི་མཚན་མ་ཕྱག་ན་བསྣམས་པའོ། །གསང་སྔགས་ནི། ཧཾ་སཏྭ་བཛྲེ། ཚེཾ་བཛྲ་རནྟེ། ཏྲཾ་བཛྲ་པདྨེ། ངྷཾ་བི་ཤྭ་བཛྲ་རྣམས་ཀྱི་སྦྱར་བར་བྱའོ། །ཕྱི་ནང་གི་མཆོད་པའི་ལྷ་མོ་རྣམས་དང་སྒོ་མ་བཞིའི་ཕྱག་རྒྱ་ནི། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པ་ལྟར་འདི་ཡང་སྦྱར་རོ། །སྤྲོས་པམེད་པ་ལ་དགའ་བ་རྣམས་ཀྱིས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འབའ་ཞིག་གཙོ་བོ་དང་མཐུན་པར་བསྐྱེད་དེ་བསྒྲུབ་པར་བྱའོ། །དེ་ནས་ཕྱི་ནང་གི་ཕྱག་རྒྱ་བཞིས་བསྒྲུབ་པར་བྱ་བ་ནི་གོང་དུ་གསུངས་པ་བཞིན་འདིར་ཡང་སྦྱར་བར་བྱའོ། །དེ་ནས་སངས་རྒྱས་ཐམས་ཅད་བདག་ལ་བཅུག་སྟེ་ལྷ་མོའི་ཚོགས་ཀྱི་མཆོད་པར་བྱ་བ་ནི། བུད་མེད་བཞིའམ་བརྒྱད་ཀྱིས་མེ་ཏོག་ལ་སོགས་པའི་མཆོད་པ་དང་གླུ་དང་གར་དང་རོལ་མོའི་ཕྱག་རྒྱ་རྣམས་དབུལ་བར་བྱ་སྟེ། ལག་པ་གཡས་གཡོན་གཉིས་དག་གི ། མཛུབ་མོ་མཐེའུ་ཆུང་མཛེས་པར་བསྒྱུར། །དཔལ་ལྡན་གཡོན་པ་འགྱིང་བའི་ཐབས། །གཡས་པ་བ་དན་གསུམ་པར་བྱ། །རྡོ་རྗེ་དཔལ་གྱི་ཐལ་མོ་བསྒྱུར། །བསམ་པ་གཡོས་པས་ཕྱག་བྱས་པའི། །སངས་རྒྱས་མཆོད་པ་ལེགས་བྱས་ན། །མ་ལུས་ལུས་པ་མེད་པ་འགྲུབ། །ཕྱག་བཙལ་བའི་ཕྱག་རྒྱ་ཤེས་པའོ། །ལག་པ་གཡས་གཡོན་གཉིས་དག་གིས། །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་བའི། །རྡོ་རྗེ་ཐལ་མོ་སྦྱར་ནས་སུ། །དེ་བཞིན་གཡོན་དུ་བསྒྱུར་བར་བྱ། །དེ་ནི་སྦྱར་བ་བཏེག་ནས་ནི། །སྤྱི་བོའི་མཚམས་སུ་བཞག་པར་བྱ། །སྐལ་བཟང་ཨོཾ་ཞེས་བྱ་བའི་གླུས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །གྱེན་དུ་མཐོར་ཞིང་ཐུར་དུ་འབེབས། །སྐོར་ཞིང་དེ་བཞིན་ཉུག་པ་དག །མེ་ཏོག་བདུག་པ་མར་མེ་མཆོག །དྲི་ཡི་མཆོད་པ་དབུལ་བར་བྱ། །གང་ངམ་འོན་ཏེ་སྟོང་ཡང་རུང་། །ཡང་ན་ཅི་འབྱོར་པ་ཡིས་ཀྱང་། །དམ་ཚིག་མཉམ་པར་བསྒྲུབ་པ་ཡིས། །མཆོད་པ་ཐམས་ཅད་འགྲུབ་པར་འགྱུར། །ཨོཾ་གྱི་གླུ་ཡི་ཕྱག་རྒྱ་ནི། །ཚངས་པའི་དབྱངས་ཀྱིས་ཅི་དགར་བླང་། །མ་ལུས་ལུས་པ་མེད་པ་ཡི། །སེམས་ཅན་ཐམས་ཅད་ཐར་བར་བྱེད། །གླིང་བུ་དང་ནི་རྒྱུད་གཅིག་དང་། །དེ་བཞིན་རྒྱུད་མང་རྒྱུད་སྟུག་དང་། །སིལསྙན་ཕྱག་རྒྱར་བཤད་པ་རྣམས། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པོ། །ཆ་ལུགས་ཇི་བཞིན་གར་བྱེད་པས། །མ་བརྡུང་བར་ཡང་རབ་ཏུ་གྲུབ། །ལས་རྣམས་ཀུན་ལ་མཆོག་ཏུ་ནི། །རྡུངས་པས་དཔལ་ནི་བཞི་འགྱུར་འགྲུབ། །ཛཿཧཱུཾ་བཾ་ཧོཿརུ་ཊ་མ་ཊ་སྨ་ར་ར་ཊ། ཧུ་ལུ་ཧུ་ལུ། པྲ་སིདྡྷྱ་ཊཀྐི་ཧཱུཾ་ཛཿ ཨ་ལ་ལ་ལ་ཧོ། །ཤུདྡྷྱསིདྡྷི་ད་རི་ཤ་ཡ་སརྦ། ཊ་གྷན་གྷེ། ཊ་གྷེན་གྷེ། ཊ་གྷེན་ཊ་གྷེན། གྷེན་གྷེནགྷེན་ཏོ། །གྷེན་ཧེན་དོན། ཊཀྐི་ཧཱུཾ་ཛཿ གྷེན་དེ་གྷེ་དོ། །ཊཀྐི་ཧཱུཾ། ག་རུཾ། ཨ་ལ་ལ་ལ་ཧོཿ རུ་རྒྱ་མ་ཏེ། ཐལ་མོ་བརྡབ་པ་བརྟག་པའོ། །ཊ་གྷེན་གྷེན། ཊ་གྷེན་ཊ་གྷེན་གྷེ་གྷེན་གྷེ་ཊ་གྷེ། རྒྱུན་གྱི་རྔའོ། །ཨང་ཨང་ཨང་། ཧཾ་ཧཾ་ཧཾ། བང་བང་བང་། དྷང་དྷང་དྷང་། དམ་ཚིག་གསུམ་གྱི་རྔའོ། །དེ་ལྟར་རོལ་མོ་དང་གར་དང་གླུའི་མཆོད་པ་དབུལ་ཏེ། འཇིག་རྟེན་ཁམས་མང་རྡུལ་ཕྲན་གྲངས་མེད་ཁྱབ་པར་སྤྲོས་པ་ཡི། །རྒྱལ་བའི་དོན་རྣམས་རབ་ཏུ་ཕྲ་བའི་རྡུལ་གྱི་གྲངས་རྙེད་པ། །སྤྲུལ་པའི་སྐུ་རྣམས་རབ་ཏུ་ཕྲ་བའི་རྡུལ་གྱི་གྲངས་སྙེད་ཀྱི། །སྲིད་པ་བདེ་ཆེན་དེ་བཞིན་གཤེགས་ཀུན་རྣམ་འཕྲུལ་སྣ་ཚོགས་ཀྱིས། །རྡུལ་ཕྲན་གྲངས་སྙེད་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་བ་མཛོད། །དེ་ནས་གར་གྱི་གླུས་མཆོད་དེ། གར་གྱི་ཕྱག་རྒྱ་ཐམས་ཅད་བསྒྱུར་ཞིང་། ལ་ལར་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟོང་པས་མཛེས་པའི་གཟུགས་སུ་རྣམ་པར་སྣང་། །ལ་ལར་རབ་ཏུ་འཇིགས་པའི་ཉི་མ་བྱེ་བ་ཕྲག་དགུའི་འོད་ཟེར་མཆོག་པས་འཇིགས། །ལ་ལར་མདངས་བཟང་གཟི་ཆེན་བདེ་དང་ཞི་བར་ལྡན་པ་རྒྱལ་བའི་གཟུགས་སུ་སྣང་། །ལ་ལར་འགྲོ་བ་ཐམས་ཅད་མཉམ་པར་འཇོག་པའི་གཟུགས་ལྡན་གསུངས་མཆོག་ལྡན་པར་སྟོན། །རྡོ་རྗེ་སེམས་དཔའ་གྲུབ་ཕྱིར་འདུལ་ལ་མཁས་པ་མ་ལུས་བདེ་བའི་མཆོག་རྣམས་ལས། །ཨ་རལ་ཐམས་ཅད་མཉམ་སྦྱོར་གྲུབ་པར་མཛོད། །རུ་ཊ་མ་ཊ་ཨ་ལ་ལ་ལ་ཧོཿརྣམ་པ་མང་པོ་འདུལ་བར་མཛད་པའི་ཚུལ་ལ་གར་མཁན་མཆོག་གིས་གར་མཛད་པ། དམ་ཚིག་གར་གྱི་དབང་ཕྱུག་སངས་རྒྱས་གར་མཁན་གར་མཛོད་ཨ་ལ་ལ་ལ་ཧོཿ རྣམ་མང་བདེ་མཆོག་རབ་ཏུ་གར་མཛད་པཡིས་ཐར་པའི་བདེ་བ་ཐོབ་པར་མཛོད། །འདི་ཡིས་བ་དན་གསུམ་དང་ལྡན་པས་གང་དུ་བྱའོ། །རབ་ཏུ་དགའ་དང་རྗེས་སུ་ཆགས་པར་དགའ་བའི་མདའ་གཞུ་རབ་ཏུ་ཕྲ་བས་རྒྱས་བཏབ་པས། །རབ་ཏུ་དགའ་བར་སྤྱོད་པའི་བདེ་བས་མྱོས་པ་བདེ་བ་ཐམས་ཅད་བདག་ལ་གྲུབ་པར་མཛོད། །རབ་ཏུ་བདེ་བ་རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེང་བའི་ལོངས་སྤྱོད་དང་། །རབ་ཏུ་དགའ་བའི་དབང་ཕྱུག་ཆེ་མཆོག་གྲུབ་པ་དེ་བཞིན་གཤེགས་པ་བཞུགས། །ཧེ་རྟ་མཆོག་ཧོཿ ཀྱེ་རབ་ཏུ་བདེ་བའི་རྣམ་པ་སྣ་ཚོགས་རོལ་ཅིག་ཧོ། བདེ་བས་སློང་། རྣམ་པར་རོལ། ཧཱུཾ་སྣང་བར་མཛོད། དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མ་རྣམ་པ་སྣ་ཚོགས་ཀྱིས། སློབ་མ་གཟུང་དུ་གསོལ། ཀྱེ་བདེ་བའི་མཆོག་གྲུབ་པར་མཛོད། ཀྱེ་མའོ་བདེ་བས་བདེ་བ་གསོལ། དམ་པ་རབ་ཏུ་ཞུགས་པར་མཛོད། བདག་ལ་རབ་ཏུ་བདེ་བར་འགྱུར། ཨ་ལ་ལ་ལ་ཧོཿ ། ཨེ་མའོ་ཤི་ཤི་ཞུགས་ཤིག་ཞུགས་ཤིག །མཁའ་འགྲོ་བདེ་བའི་མཆོག །ཡོངས་སུ་བསྐོར། ཀུན་དུ་ཞུགས། དེ་ནས་གར་དང་ལྡན་པ་ཡིས། །དབྱངས་འདི་རྣམས་ཀྱི་གླུ་བླངས་ཤིང་། །དཔལ་ལྡན་གཡོན་དུ་འདུད་པ་ཡིས། །གཡས་ཀྱི་བ་དན་གསུམ་དུ་བྱ། །དེ་ལྟར་གཡས་དང་གཡོན་ཚུལ་གྱིས། །སེམས་དཔའི་སྐྱིལ་ཀྲུང་བསྙེམས་བྱས་ཏེ། །རྣལ་འབྱོར་བདེ་བྱེད་བདག་ཉིད་ཀྱིས། །བདེ་བ་རྣམས་ནི་ཡང་དག་དབུལ། །དེ་ནས་འདི་ཡིས་མཆོད་བྱ་བ། །གཡས་དང་གཡོན་གྱི་ལག་པ་ཡིས། །འགྱིང་བའི་མཆོག་གི་གང་བྱས་ཏེ། །སྟེང་དུ་དོར་དང་འོག་ཏུ་དོར། །བསྐོར་དང་དེ་བཞིན་བྱུག་བྱ་སྟེ། །མེ་ཏོག་བདུག་པ་མར་མེ་མཆོག །དྲི་ཡིས་མཆོད་པས་བསྐོར་བ་ཡིན། །ལྷག་མ་གར་གྱི་ཚུལ་གྱིས་སུ། །གླིང་བུ་པི་ཝང་རྫ་རྔ་མཆོག །དེ་བཞིན་ཅང་ཏེའུ་རྣམ་དག་ཀྱང་། །གཡོན་གྱི་ཁུ་ཚུར་རབ་བསྡམས་ཏེ། །ལག་པ་གཡས་པས་བརྡུངས་བྱས་ཤིང་། །རང་གི་མིང་གི་བསྐུལ་བྱས་པས། །སྔགས་པས་མཆོད་པ་དབུལ་བར་བྱ། །ཞི་བའི་ཐལ་མོ་བདེ་མཆོག་གིས། །ཐལ་མོ་སྦྱར་བས་དགྱེས་པ་བསྐྱེད། །སངས་རྒྱས་གསང་བའི་མཉམ་སྦྱོར་བ། །ལྟ་བ་རབ་ཞི་བདེ་བར་གནས། །སྦྱོར་བ་ཀུན་གྱི་བདེ་བའི་མཆོག །མཛེས་པའི་མ་མཆུ་གཡོ་བར་བྱེད། །སངས་རྒྱས་བྱང་ཆུབ་མཉམ་སྦྱོར་བ། །རབ་ཏུ་དགའ་བར་ལྟ་ཞིང་འཛུམ། །ཤིན་ཏུ་སྲིད་པ་ཡང་དག་བསྒྲུབ། །སྨིན་མ་མིག་དང་སོ་དང་མཆུ། །ཁ་དང་ལུས་དང་རྐང་ལག་གིས། །ཆ་ལུགས་བཞིན་དུ་གར་བྱས་ཏེ། །ཕྱག་རྒྱ་ཀུན་གྱི་མཆོད་པ་དབུལ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྠ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་ངྷ་ནེ་སྭཱ་ཧྭ། ཆོས་ཀྱི་ཕྱག་རྒྱ་མཆོག་འདི་ནི། །སེམས་ཅན་ཐམས་ཅད་དབང་བྱེད་པ། །སྟོབས་ཀྱིས་མྱུར་དུ་བཀུག་ནས་ནི། །རང་བཞིན་དུ་ནི་བྱེད་དུ་འཇུག །དེ་ལ་དཔལ་རྣམ་པར་སྣང་མཛད་ཀྱི་གསང་སྔགས་ནི་ཨོཾ་བྷུ་ཝཾ། འདིས་རང་གི་ལས་ལ་སྦྱར་ཏེ་བཟླས་པ་དང་བསྒོམ་པ་ཅི་ནུས་པ་བྱས་ཏེ། དཀྱིལ་འཁོར་བསྡུ་བར་བྱའོ། །དེའི་ཚེའང་དབང་བསྐུར་བ་དང་བསྲུང་བ་ལ་སོགས་པ་བྱས་ཏེ། རྡོ་རྗེ་ཐལ་མོས་དགྱེས་པ་བསྐྱེད་ནས་ཅི་དགའ་བར་གནས་པར་བྱའོ། །གལ་ཏེ་ཚོགས་ཀྱི་དཀྱིལ་འཁོར་འདི་ལྟ་བུར་སློབ་མ་འཇུག་པར་འདོད་ན་ཡང་འདི་ཉིད་ལས་གསུངས་པ་བཞིན་དུ་དབང་བསྐུར་བ་དང་དམ་ཚིག་སྦྱིན་པར་བྱའོ། །འདི་ལྟ་བུའི་ཆོ་གས་ཇི་ལྟར་དམ་བཅས་པ་བཞིན་སྒྲུབ་ནས་ཐ་མར་དངོས་གྲུབ་ཀྱི་རྫས་རྣམས་གྲུབ་པའི་མཚན་མ་ཐོབ་བམ་མ་ཐོབ་ཀྱང་རུང་སྟེ། དངོས་གྲུབ་བླང་བར་བྱའོ། །དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཚོགས་ཀྱི་དཀྱིལ་འཁོར་དུ་བསྒྲུབ་པའི་ཆོ་ག་རྫོགས་སོ། །ད་ནི་དཔལ་ཧེ་རུ་ཀཱའི་ཚོགས་ཀྱི་དཀྱིལ་འཁོར་དུ་བསྒྲུབ་པའི་ཆོ་ག་བཤད་དེ། དེའི་ཕྱིར། གཞན་ཡང་རྣལ་འབྱོར་བཅོམ་ལྡན་འདས། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །ཐམས་ཅད་རྣལ་འབྱོར་དབང་ཕྱུག་མཆོག །རྡོ་རྗེ་མཁའ་འགྲོ་བྱུང་བར་གྱུར། །ཞེས་གསུངས་པ་དང་། རང་གི་ལྷ་དང་འདྲ་བ་ཡི། །རང་གི་བྱིན་རླབས་སྒྲུབ་པའི་ཕྱིར། །གཟུགས་བརྙན་ངོ་བོར་སྦྱོར་བ་ཡི། །ཕྱག་རྒྱའི་སྦྱོར་བས་གར་བྱའོ། །ཞེས་གསུངས་པ་སྟེ། དེ་ལ་དཔལ་ཧེ་རུ་ཀའི་ཚོགས་ཀྱི་དཀྱིལ་འཁོར་དུ་དངོས་གྲུབ་སྒྲུབ་པར་འདོད་པས་ཐོག་མར་རྡོ་རྗེ་སློབ་དཔོན་ཡོངས་སུ་བཟུང་བ་ལ་སོགས་པ་སྔོན་དུ་བྱ་བའི་ཆོ་ག་ཡན་ལག་ཇི་སྐད་བསྟན་པ་རྫོགས་པར་བྱས་ཏེ། སྒྲུབ་པ་རྩོམ་པར་བྱེད་པ་ན་གཟུངས་མ་དང་ཡོ་བྱད་ཕུན་སུམ་ཚོགས་པ་ཉེར་བསྡོགས་སུ་གནས་པ་རྣམས་ཀྱིས། དུས་ཀྱང་ཉིན་རེའམ་ཡང་ན་ཟླ་རེའམ། ཡང་ན་དེ་བཞིན་ལོ་རེར་ནི། ཞེས་གསུངས་པ་བཞིན་དུ་བསྒྲུབ་པར་བྱའོ། །ཁྱད་པར་གྱི་དུས་ཀྱང་། བཅུ་བཞི་དང་ནི་བཅོ་ལྔ་དང་། །ཁྱད་པར་དུ་ནི་ཚེས་བརྒྱད་ལའོ། །ཞེས་གསུངས་པའོ། །གནས་ཀྱང་། དུར་ཁྲོད་དང་ནི་ལྷ་རྟེན་དང་། །མ་མོའི་གནས་ལ་སོགས་འདུག་ན། །རྡོ་རྗེ་འཛིན་པའི་དགོས་པ་དག །རྣམ་པར་དུ་མར་འགྲུབ་པར་འགྱུར། །ཞེས་གསུངས་པའོ། །ཁང་ཁྱིམ་ཡང་གོང་དུ་དཔལ་རྡོ་རྗེ་སེམས་དཔའི་སྐབས་སུ་བསྟན་པ་བཞིན་ཇི་ལྟར་འབྱོར་བ་བྱས་ཏེ། དེ་ཐུན་མོང་གི་ཡོ་བྱད་རྣམས་དང་། ཁྱད་པར་གྱི་ཡོ་བྱད་ཀྱང་། མེ་ཏོག་ནི། རྡོ་རྗེ་ཅན་ལ་སྣ་ཚོགས་པ། །ཞེས་སོ། །བདུག་པ་ནི། རྡོ་རྗེ་ཅན་ལ་རུ་རུ་སྐ། །ཞེས་སོ། །མར་མེ་ནི། རྡོ་རྗེ་ཅན་ལ་མར་མེ་བདུན། །ཞེས་སོ། །བཤོས་དང་གཏོར་མ་ཡང་། བདག་གི་ཕྱུར་ཆེན་སྐལ་བཟང་པོ། །རྡོ་རྗེ་ལས་ནི་དཔལ་འགྲུབ་པའོ། །ཞེས་གསུངས་པ་དང་། ཕྱིའི་མཆོད་པ་དང་གཏོར་མའི་ཡོ་བྱད་ནི་འདི་སྐད་དུ། སྒེག་མོ་དང་ནི་ན་ཆུང་དང་། །མྱོས་དང་དེ་བཞིན་བདུད་རྩི་དང་། །གཅིག་པུ་ཁ་དང་འདོད་ཆགས་སྡང་། །གཡོན་བན་བྲན་མོ་དེ་བཞིན་ཏེ། །ལན་ཚ་ལ་སོགས་རོ་ཀུན་དང་། །ཁ་ར་ལ་སོགས་བདུད་རྩི་བཞིན། །ཞེས་གསུངས་པ་དང་། ཤ་དང་ཆང་དུ་ལྡན་པ་ཡི། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །དགའ་བའི་ལོངས་སྤྱོད་སྐལ་མཆོག་སྟེ། །ཚེའི་དམ་པ་གྲུབ་ར་འགྱུར། །ཨ་མྲ་སྨིན་དང་རྒུན་འབྲུམ་དང་། །པ་ན་སེ་དང་ན་ལེ་ཀེར། །ཨ་དུ་ཀ་ལ་སོགས་པ་ཡིས། །འབྲས་བུའི་ཕྱག་རྒྱའི་མཆོག་འདི་རྣམས། །དངོས་གྲུབ་འབྲས་བུ་ཐམས་ཅད་འཐོབ། །ཅེས་གསུངས་པ་ལྟ་བུ་བཏུང་བ་དང་བཟའ་བ་དང་བཅའ་བའི་ཡོ་བྱད་ཇི་ལྟར་འབྱོར་བ་དང་། བླ་རེ་ལ་སོགས་པའི་རྒྱན་གྱི་ཁྱད་པར་ཇི་ལྟར་འབྱོར་བ་བཞིན་བྱས་ཏེ། སའི་ཆ་ཡང་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་རྡོ་རྗེའི་ཐིག་གིས་བཏབ་སྟེ་བྱའོ། །དབྱིབས་ནི། རྡོ་རྗེ་ཅན་གྱི་ཟླ་ཁམ་བཞིན། །ཞེས་གསུངས་པའི་ཕྱིར། ཟླ་ཁམ་ལ་རེ་མིག་དགུ་པར་བྱས་ཏེ། ཕྱི་རོལ་ཁྱམས་དང་སྒོར་ལྡན་པ་བྱའོ། །སྔོན་གྱི་སློབ་དཔོན་ཁ་ཅིག །རྡུལ་ཚོན་གྱི་དཀྱིལ་འཁོར་གུད་དུ་བྱེད་ན་ཕོ་བྲང་ཟླུམ་པོ་ཤར་ནུབ་ཏུ་ཟླ་ཁམ་དུ་བཅད་དེ། ནུབ་ཕྱོགས་རེའུ་མིག་དགུ་པར་བྱ། ཤར་ཕྱོགས་སུ་དངོས་གྲུབ་ཀྱི་རྫས་དང་དངོས་གྲུབ་ཀྱི་རྩོལ་བ་བཞག །བར་དུ་སྒོ་ཁ་སྤྲོད་བྱ་བར་བཞེད་དོ། །སྤྱིར་ནི་ཚོགས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་རྡུལ་ཚོན་མི་དགྱེ་བར་སའི་ཆ་རྡོ་རྗེའི་ཐིག་གིས་བཏབ་སྟེ། དེར་རང་རང་གི་ལྷའི་སྟན་བཏིང་སྟེ། དེར་ཕྱག་རྒྱ་རྣམ་པ་གཉིས་དགོད་པར་བཞེད་དོ། །དེ་ལ་ཕྱག་རྒྱ་གཉིས་ནི་ལུགས་མ་ལ་སོགས་པའི་ཕྱག་རྒྱ་བསྒྲུབ་པའི་ཕྱག་རྒྱ་རྣམས་དང་། བྱིན་གྱི་རླབས་བསྒྲུབ་པ་རྗེས་སུ་མཐུན་པའི་ཕྱག་རྒྱ་བུད་མེད་རྣམས་དགོད་པའོ། །དེ་ལ་བསྒྲུབ་པའི་ཕྱག་རྒྱ་ནི། འདི་སྐད་དུ། ཁམས་ཀྱི་ངོ་བོ་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩ་ལས་བྱུང་། །རང་གི་ལྷའི་ཆ་ལུགས་སུ། །བསྒྲུབ་པའི་ཕྱག་རྒྱ་རབ་ཏུ་བྱ། །ཞེསགསུངས་པའོ། །བྱིན་གྱི་རླབས་སྒྲུབ་པ་རྗེས་སུ་མཐུན་པའི་ཕྱག་རྒྱ་ནི་འདི་སྐད་དུ། རང་གི་ལྷ་དང་འདྲ་བ་ཡི། །བུད་མེད་དག་ནི་ལེགས་བསྒྲུབ་པ། །སྐལ་བཟང་རང་གི་ཕྱག་རྒྱ་མཚན། །ཚོགས་ཀྱི་དཀྱིལ་འཁོར་བརྟགས་པར་བྱ། །ཞེས་གསུངས་པ་དང་། ཇི་བཞིན་བྱིན་གྱིས་བརླབས་བྱས་ནས། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་གསུངས་པའོ། །ཕྱག་རྒྱ་འདི་རྣམས་དགོད་པའི་དུས་དང་ཚུལ་ཡང་། ཉིན་གྱི་ཐ་མར་བཞག་པར་བྱ། །ཞེས་གསུངས་པ་བཞིན་དགོང་ཀའི་དུས་སུ་སྐུ་གཟུགས་དང་རྣལ་འབྱོར་མ་རྣམས་གཙོ་བོ་དང་བཅས་པར་བྱི་དོར་དང་ཁྲུས་དང་བྱུག་པ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། ཇི་ལྟར་རང་གི་ལྷ་དང་མཐུན་པའི་གོས་བཟང་པོ་དང་། རང་རང་གི་མཚན་མསམཚན་ཅིང་བཞག་པ་རྣམས། ཕྱི་རོལ་གྱིས་ཕྱོགས་གཅིག་ཏུ་བཞུགས་ནས། དེ་ནས་རྡོ་རྗེ་ལྕམ་དྲལ་ཕལ་པ་རྣམས་ཀྱིས་གླུ་དང་རོལ་མོའི་ཆ་བྱད་རྣམས་ཀྱིས་སྤྱན་དྲངས་ཏེ། སྔགས་ཀྱིས་ཁང་པར་སོ་སོའི་གདན་སྟེངས་སུ་གཤེགས་ཤིང་བཞུགས་སུ་གསོལ། དེ་ནས་སྒོ་བའམ་ལས་བྱེད་རྣམས་ཀྱིས་ཕྱི་ནས་འབྲེངས་པའི་བགེགས་བསྐྲད་པར་བགྱི། དེ་ནས་བརྡ་ཕྱག་བགྱི་སྟེ། རྣལ་འབྱོར་ཕལ་པ་རྣམས་དང་དཀྱིལ་འཁོར་གྱི་ལྷ་མོའི་ཚོགས་ཀྱིས་ལག་པ་སྤྱི་བོར་བྱུག་སྟེ། ཨོཾ་ཨ་ཏི་པུ་ཞེས་བརྗོད་དོ། །སློབ་དཔོན་གྱིས་དེ་བཞིན་དུ་དཔྲལ་བར་རེག་སྟེ་པྲ་ཏི་པུ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་རྣལ་འབྱོར་མཆེད་ལྕམ་དྲལ་ཐམས་ཅད་ཀྱང་སོ་སོ་རང་རང་གིས་བཀུར་རིམ་བཞིན་དུ་ཕྱག་དང་ལན་གྱིས་བརྡ་ཕྱག་བགྱི་སྟེ། རང་རང་གི་གནས་སུ་འཁོད་དོ། །བུད་མེད་ཚང་བར་མེད་ན་དེའི་གནས་སུ་ལུགས་མ་ལ་སོགས་པ་རང་རང་གི་སྐུ་གཟུགས་བཞག་གོ །ཡོད་པ་རྣམས་ནི་སྐུ་གཟུགས་དང་འབྲེལ་བར་བཞག་གོ ། དེ་ནས་རང་བྱིན་གྱིས་བརླབས་པ་བསྒྲུབ་པའི་ཆོ་ག་བྱ་བ་ནི། མན་ངག་གི་ཚུལ་རྣམ་པ་གཉིས་སུ་འཆད་དེ། དེ་ལ་གཅིག་ནི་སློབ་དཔོན་རྡོ་རྗེ་བཞད་པའི་ཞལ་སྔ་ནས་སྒྲུབ་པའི་ཆོ་ག་དེ་ཉིད་བཅུའི་སྒོ་ནས་བསྒྲུབ་པར་གསུངས་སོ། །གཉིས་པ་ནི་སློབ་དཔོན་ཧཱུཾ་ཀ་རའི་ཞལ་སྔ་ནས་འབར་བའི་དཀྱིལ་འཁོར་བསྐྱེད་པ་མཆོད་པའི་ཆོ་ག་ཡན་ལག་བཅུ་དང་བཅས་པའི་བསྒྲུབ་པར་གསུངས་པའོ། །དེ་ལ་སློབ་དཔོན་རྡོ་རྗེ་བཞད་པའི་ཞལ་སྔ་ནས་བསྒྲུབ་པའི་ཆོ་ག་དེ་ཁོ་ན་ཉིད་བཅུ་གསུངས་པ་ནི། ཆོ་འཕྲུལ་བཞིའི་སྦྱོར་བ་རྣམ་པ་བཞི་སྟེ་བརྒྱད་ལ་རྫས་སུ་བཅུ་སྟེ་མཆོད་པའི་ཆོ་འཕྲུལ་ལ་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་བཞི་བྱིན་གྱིས་བརླབ་པ་དང་དབང་བསྐུར་བའི་ཆོ་འཕྲུལ་གཉིས་ཏེ་དྲུག །ཏིང་ངེ་འཛིན་གྱི་ཆོ་འཕྲུལ་སྤྱིའི་ཆོས་དང་ལྡན་པ་བྱ་སྟེ། རྫས་གུད་དུ་བགྲང་དུ་མེད་པས་དེ་ལྟར་དྲུག་གི་སྟེང་དུ་སྦྱོར་བ་རྣམ་པ་བཞི་སྟེ་བཅུའི་ཚུལ་གྱིས་བསྒྲུབ་བོ། །འདི་ལྟར། སློབ་དཔོན་རྡོ་རྗེ་བཞད་པའི་ཞལ་སྔ་ནས་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ཀྱི་གཞིར་གྱུར་པ། ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཆོ་གའང་དེ་ཉིད་བཅུའི་ཚུལ་གྱིས་བསྒྲུབ་པར་གསུངས་ཏེ། འདི་སྐད་དུ། རྡོ་རྗེའི་བྱིན་རླབས་ཚུལ་གྱིས་སུ། །ཏིང་ངེ་འཛིན་ནི་བདག་དབང་བསྐུར། །སྙིང་པོ་ཕྱག་རྒྱ་སྔགས་རིག་གིས། །གསང་བའི་མཆོད་པ་མཆོག་གིས་བསྐུལ། །སྦྱོར་དང་རབ་སྦྱོར་སྦྱོར་ཆེ་བ། །རྣལ་འབྱོར་ཐམས་ཅད་བསྒྲུབ་པ་བྱས། །དེ་ཉིད་བཅུ་ལ་སོགས་ཚུལ་གྱིས། །ཐམས་ཅད་སྐྱེ་འགྱུར་བསྒྲུབ་པར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་དང་། །དེ་བཞིན་དཔའ་བོ་ཐམས་ཅད་དག །ཅི་བདེར་ཡུལ་ལ་ལོངས་སྤྱོད་པས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་གསུངས་པ་སྟེ། འདིའི་རིམ་པ་ནི་དང་པོར་བདག་ཉིད་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བའི་ཚུལ་གྱིས་དཔལ་ཧེ་རུ་ཀའི་རྣལ་འབྱོར་བསྒྲུབ་པར་བྱ་སྟེ། དེ་ཡང་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་བརྟེན་ནས་བསྒྲུབ་པར་བྱའོ། །དེ་ནས་ལྷ་མོ་རྣམས་ཀྱང་བདག་དང་མཐུན་པར་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བའི་ཚུལ་གྱིས་རང་རང་གི་ལྷ་མོ་རྣམས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་ཏེ། དེ་ནས་གསང་བའི་མཆོད་པ་བསྐུལ་ལོ། །དེ་ཉིད་སྦྱོར་བ་བཞིའི་ཚུལ་གྱིས་ཏེ། དེ་ལ་སྦྱོར་བ་ནི་བདག་གི་རྣལ་འབྱོར་རོ། །རབ་ཏུ་སྦྱོར་བ་ནི་ལྷ་མོ་རྣམས་ཀྱི་རྣལ་འབྱོར་རོ། །སྦྱོར་བ་ཆེན་པོ་ནི་དེ་གཉིས་ཀའི་སྒོ་ནས་གསང་བའི་མཆོད་པ་བསྐུལ་བའོ། །ཐམས་ཅད་སྦྱོར་བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་རྙེད་པ་སྟེ། འདིའི་ཚུལ་གྱིས་བསྒྲུབ་པར་བྱའོ། །དེ་ཡང་དང་པོ་ཉིད་དུ་སྟན་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་བཛྲ་པདྨ་ཨཱ་པ་ན་མ་ཧཱ་ཡོ་ག་བི་ཐམ་ཧཱུཾ། ཞེས་བྱ་བར་བྱིན་གྱིས་བརླབས་ཏེ། སོ་སོ་རང་རང་གི་སྟན་ཐམས་ཅད་ཀྱང་བྱིན་གྱིས་བརླབས་པར་བྱའོ། །དེ་ནས་ཡན་ལག་བདུན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་སྟེ། དང་པོར་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་དཔུང་པ་གཉིས་རྡོ་རྗེ་བཅིངས་ཏེ། རྡོ་རྗེ་སེ་གོལ་གཏོགས་པས། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་སངས་རྒྱས་ཐམས་ཅད་ནམ་མཁའ་ལ་བསྡུ་བར་བྱ། དེ་ནས་གཡོན་པས་སེ་གོལ་བརྡབས་ལ། གཡས་པའི་ཐལ་མོ་དལ་གྱིས་བརྡབས་ཏེ། དེ་བཞིན་དུ་ཐལ་མོ་ལན་གསུམ་དལ་གྱིས་བརྡབས་པ་འདི་ནི་མཉེས་པར་བྱེད་པ་བཞིའི་ཐལ་མོའོ། །དེ་ནས། ཕྱག་གི་ཕྱག་རྒྱས་ཕྱག་བྱས་ཏེ། །ལག་པ་གཡས་གཡོན་གཉིས་དག་གི །མཛུབ་མོ་མཐེའུ་ཆུང་མཛེས་པར་བསྒྱུར། །དཔལ་ལྡན་གཡོན་པ་འགྱིང་བའི་ཐབས། །གཡས་པ་བ་དན་གསུམ་པར་བྱ། །སྨིན་མ་གཡོན་པ་འདེགས་ཚུལ་གྱིས། །རུ་ལུ་རུ་ལུར་བཅས་བརྒད་ན། །ཚངས་པ་ཉེ་དབང་དྲག་པོར་བཅས། །ཁམས་གསུམ་པ་རྣམས་ཕྱག་བྱེད་འགྱུར། །ཚུལ་འདི་ཉིད་ཀྱིས་ཕྱག་བཙལ་བར་བྱ་སྟེ། འདི་ནི་ཡན་ལག་དང་པོའོ། །མཆོད་པ་ནི། འདོད་པའི་ཡོན་ཏན་ལྔ་པོ་རྣམས། །དབང་པོ་ཀུན་ལས་སྤྲོ་བྱ་སྟེ། །ལག་པ་གཡས་གཡོན་གཉིས་དག་གིས། མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་ཏེ། །རྡོ་རྗེ་ཐལ་མོ་གྱེན་དུ་དགྲོལ། །མཆོད་པའི་གཏོར་མ་ཀུན་གྱི་ཚུལ། །དུར་ཁྲོད་ཆ་ལུགས་གར་བྱེད་པས། །ཕྱག་རྒྱ་འདི་ཡིས་གར་བྱེད་ཅིང་། །སྐལ་བཟང་རྡོ་རྗེ་དྲག་པོར་རྒོད། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ཞི་བའི་ཐལ་མོ་སྦྱོར་བ་ཡིས། །ཤ་རྫ་གན་རྡར་ཚུལ་གྱིས་སུ། །རྡོ་རྗེ་དབྱངས་ཀྱི་བསྟོད་པར་བྱ། །རྡོ་རྗེ་དབྱངས་ཀྱི་ཚིག་ཀྱང་། མཉམ་མེད་མི་གཡོ་ཞེས་བྱ་བ་ལ་སོགས་པ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་སྐབས་སུ་བསྟོད་པ་དང་། བ་ཧུ་བི་བི་ཏའི་སྒོ་ནས་བསྟོད་དེ། འདི་ནི་མཆོད་པའི་ཆོ་གའོ། །དེ་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་གསོལ་བ་གདབ་པ་དང་། དགེ་བ་ཡོངས་སུ་བསྔོ་བ་རྣམས་ཅི་དགའ་བ་བྱས་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་སྟེ། འདི་ལྟར། བརྩོན་འགྲུས་ཆེན་པོས་གོ་བགོས་པ། སྙིང་རྗེ་ཆེན་པོས་བརླན་པའི་སེམས་གཞན་ལ་ཕན་པ་གཅིག་པུ་མཐར་གྱུར་པའི་མཆོག་མ་ལུས་ལུས་པ་མེད་པའི་འཇིག་རྟེན་ན་གནས་པའི་སེམས་ཅན་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་བདག་གིས་བསྒྲལ་བར་བྱ་བའི་ཕྱིར་དཔལ་ཧེ་རུ་ཀ་བསྒྲུབ་པར་བྱའོ་སྙམ་དུ་བསམས་ཏེ། བདག་བྱིན་གྱིས་བརླབ་པ་ལ་སོགས་པ་བསྒྲུབ་པའི་ཆོ་ག་ལ་འཇུག་པར་བྱའོ། །འདིའི་ཚུལ་དང་རིམ་པ་ཡང་འདི་ཉིད་ཀྱི་གཏམ་གྱི་ཕྱག་རྒྱ་ལས། འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་གཏུམ་གདུག་པར་གྱུར། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །རྡོ་རྗེ་སེ་གོལ་ཕྱག་རྒྱས་ནི། །སངས་རྒྱས་ཐམས་ཅད་བསྡུ་བར་མཛད། །དེ་ཡི་བཀའ་ཙམ་གྱིས་བསྒྲགས་ནས། །འཇིག་རྟེན་ཁམས་ནི་མ་ལུས་པར། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་ཏིལ་འབྲུ་བཞིན་དུ་རྒྱས། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ཡི། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །དེ་ནས་སྣ་ཡི་རྩེ་མོ་ལ། །ཡིད་ནི་བརྟན་པར་ཡང་དག་གཟུང་། །སྣ་ཡི་དབུགས་རིང་དྲོ་བ་ལས། །རྒྱལ་བའི་ཕྱག་རྒྱའི་སྦྱོར་བ་ཕྱུང་། །བཅོམ་ལྡན་དེ་ཉིད་རྣལ་འབྱོར་པ། །རྡོ་རྗེ་ཁྲོ་བོར་གྱུར་ནས་ཕྱུང་། །ཞེས་གསུངས་པས་ན། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལས་དཔལ་ཧེ་རུ་ཀའི་རྣལ་འབྱོར་དུ་བསྒྲུབ་པར་བྱའོ། །དེའི་རིམ་པའང་དང་པོར་ཕྱག་རྒྱའི་ཡེ་ཤེས་ཕབ་པས་སྒྲིབ་པ་བྲལ་ཞིང་ཡེ་ཤེས་ཕབ་སྟེ། བདག་ཉིད་ཤིན་ཏུ་རྣམ་པར་དག་པར་གནས་པ་ལས་སངས་རྒྱས་རྣམས་ཀྱིས་བསྐུལ་ཏེ། བདག་ཉིད་བྱིན་གྱིས་བརླབས་པའི་ཆོ་ག་རིམ་པ་བཞིན་བསྒྲུབ་སྟེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་དུ་གནས་པ་ལས་ཐུགས་རྗེ་ཆེན་པོའི་དབང་གིས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པ་ལས། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གནས་པའི་གདུག་པ་ཅན་ཐམས་ཅད་འདུལ་བར་དགོངས་ཏེ། དེ་ཡང་སངས་རྒྱས་ཐམས་ཅད་དང་བཀའ་བློད་ཅིང་བྱིན་གྱི་རླབས་པ་སྒྲུབ་པའི་ཕྱིར། རྡོ་རྗེ་སེ་གོལ་གྱི་ཕྱག་རྒྱས་བསྐུལ་ཞིང་། ཛཿཧཱུཾ་བཾ་ཧོཿཞིས་བརྗོད་པས། དམ་ཚིག་བཀའི་ཕྱག་རྒྱས་དམ་ལས་འདའ་བ་བསྒྲགས་ཏེ། སངས་རྒྱས་རྣམས་ཀྱིས་འཇིག་རྟེན་མ་ལུས་པ་ཐམས་ཅད་ཏིལ་འབྲུ་བཞིན་དུ་རྒྱས་པར་བྱའོ། །དེ་ནས་བཀའ་བློད་ན་ཞི་བས་འདུལ་བའི་དུས་ལ་མ་བབ་སྟེ། ཁྲོ་བོས་འདུལ་བར་དགོངས་ནས། དེ་ནས་དཔལ་རྡོ་རྗེ་སེམས་དཔའ་རྣལ་འབྱོར་དེ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་ཏིང་ངེ་འཛིན་ཏམ། ཡང་ན་དབྱེར་མེད་པར་གྱུར་པ་ཉིད་ཀྱིས་ཀྱང་རུང་སྟེ། དེའི་རྣལ་འབྱོར་གྱིས་རང་གི་ཤངས་ཀྱི་རླུང་སྒྲོམ་ནས་ཧཱུཾ་གི་དབུགས་རིང་ལས་དཔལ་ཧེ་རུ་ཀའི་སྐུ་དབྱུང་བར་བྱའོ། །དེ་ལྟར་ཕྱུང་བའི་ཚེ་དཔེར་ན་ལུས་མི་སྣང་བར་ནུས་ཤིང་སྤྲུལ་པའི་རྫུ་འཕྲུལ་ཐོབ་པ་རྣམས་ལུས་གཞན་དུ་འཕྲུལ་བར་བྱ་བའི་ཕྱིར་རང་གི་སྣའི་དབུགས་ལ་བརྟེན་ཏེ། རང་གི་སེམས་ལུས་གཞན་དུ་སྤྲུལ་པ་བྱུང་ན། རང་གི་ལུས་སྔ་མ་མི་སྣང་བར་སྤྲུལ་པའི་ལུས་སུ་གྱུར་པ་བཞིན་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱི་ཧཱུཾ་གི་དབུགས་རིང་ལས་དཔལ་ཧེ་རུ་ཀ་ཕྱུང་བའི་ཚེ་དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་རྡོ་རྗེ་ཁྲོ་བོར་གྱུར་ནས་བྱུང་བར་ཤེས་པར་བྱའོ། །ཆོ་ག་མང་པོ་ལ་སྦྱོར་བ་མི་ནུས་པ་རྣམས་ཀྱིས་ནི་ཇི་སྐད་བསྟན་པའི་སྒྲིབ་པ་བྲལ་བ་ལ་སོགས་པ་མེད་པར་སྐད་ཅིག་ཙམ་གྱིས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དུ་གནས་ཏེ། དེ་ལ་འདས་པའི་དུས་ན་སྔོན་བྱུང་བ་ཞེས་བྱ་བ་ལ་སོགས་པའི་དམིགས་པས་བསྐུལ་ཏེ། སྔ་མ་བཞིན་དུ་དཔལ་ཧེ་རུ་ཀ་བསྐྱེད་པར་བྱའོ། །དེའི་སྐུའི་ཚུལ་ནི་འདི་ལྟར། དཔལ་ཆེན་རྡོ་རྗེ་ཧེ་རུ་ཀ །འབར་བའི་ཐལ་བ་རབ་ཏུ་འཇིགས། །སེམས་དཔའ་སྔོན་པོ་འབར་བའི་མདངས། །འོད་ཀྱི་དཀྱིལ་འཁོར་དམར་པོ་འབར། །འཇིགས་པ་ཆེན་པོའི་དུས་ལྟར་གྲགས། །དུར་ཁྲོད་ཀྱི་ནི་མེ་དང་འདྲ། །འབར་བ་ཆེན་པོ་སྐྲ་འབར་བ། །ཐོད་པ་མང་པོའི་དབུ་རྒྱན་ཅན། །དུར་ཁྲོད་བཞིན་དུ་རབ་ཏུ་འཇིགས། །ཁྲོ་ལ་སོགས་པའི་ཚུལ་ལྡན་པ། །ཞབས་རྣམས་སྣ་ཚོགས་འགྱུར་བ་དང་། །སྨིན་མ་ཁྲོ་གཉེར་བཅས་པར་བསྒྱུར། །ཞེས་གསུངས་པ་དང་། ཕྱག་རྒྱའང་། རྡོ་རྗེ་འབར་དང་ཁ་ཊྭཱཾ་ག །ཐོད་པ་ཁམ་ཕོར་དེ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་བསྐྱེད་པར་བྱའོ། །དེ་ནས་བྱིན་གྱིས་རླབས་པར་བྱ་སྟེ། རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ་སྙིང་ག་དང་སྨིན་མཚམས་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་བྱིན་གྱིས་བརླབ་པས་དགའ་བའི་རྡོ་རྗེ་ཉིད་དུ་བྱིན་གྱིས་རློབ་པར་བྱེད་དོ། །དེ་ལ་ཕྱག་རྒྱ་ནི། འདི་སྐད་དུ། རྡོ་རྗེ་བསྡམས་པར་བྱས་ནས་སུ། །མཛུབ་མོ་མཐེ་བོའི་མདལ་དག་ཏུ། །གཡས་པའི་མཐེ་བོ་མཚན་མ་ཡི། །རྩེ་མོ་བཅུག་ལ་བསྡམ་པར་བྱ། །དགའ་ཆེན་དཔལ་གྱི་རྡོ་རྗེ་སྟེ། །ཞེས་གསུངས་པ་ཉིད་དོ། །ཕྱག་རྒྱ་དེ་ཡང་རྡོ་རྗེ་གར་དང་བཅས་པས་བྱའོ། །དེ་ནས་ཡང་རྡོ་རྗེའི་ཕྱག་རྒྱ་རྡོ་རྗེ་འཛིན་པར་བྱིན་གྱིས་བརླབས་ཏེ། དེ་ལ་ཕྱག་རྒྱ་ནི། དགའ་བའི་རྡོ་རྗེ་རབ་བཅིངས་ནས། །གུང་མོ་བཅིངས་པའི་ནང་དུ་གཞུག །མཐེ་བོང་མཐེའུ་ཆུང་རྩེ་མོ་ཅན། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བསྒྱུར། །ཞེས་གསུངས་པ་འདི་ཉིད་དེ། འདི་ནི་རིགས་ཀྱི་སྤྱིའི་ཕྱག་རྒྱས་བྱིན་གྱིས་བརླབས་པའོ། །རང་གི་རིགས་ཀྱི་རྡོ་རྗེ་ཕྱག་རྒྱས་བྱིན་གྱིས་རླབས་པ་ནི། འདི་སྐད་དུ། རྡོ་ཕྱག་རྒྱ་བཅིངས་པ་ལས། །གུང་མོ་དེ་བཞིན་བཀུག་ནས་ནི། །རྡོ་རྗེ་རྡོ་རྗེ་ཞེས་བརྗོད་དེ། །གུང་མོ་ནམ་མཁའ་རྡོ་རྗེ་མཆོག །ཅེས་གསུངས་ཕའདི་མ་དཔེ་འགའ་ན་མི་སྣང་ཡང་ཆད་པ་ཡིན་མིན་དཔྱད་མཆནབཔ་སྟེ་རྡོ་རྗེ་ཕྱག་རྒྱ་དེའི་གུང་མོ་ནམ་མཁའ་ལ་བསྟན་ཏེ། བཛྲ་བཛྲ་ཞེས་བརྗོད་པས་དཔལ་ཧེ་རུ་ཀ་ཉིད་དུ་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ནས་ཕྱག་རྒྱ་དེ་འགྱིང་བ་དང་བཅས་པས་མཐའ་ནས་བཀྲོལ་ཏེ་སྤྱི་བོའི་མཚམས་སུ་བཞག་ནས་དར་དཔྱངས་འདྲ་བའི་ཚུལ་དུ་བྱས་ཏེ། ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་དེ་ཐལ་མོས་བརྟན་པར་བྱའོ། །འདི་ནི་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་ནས་རིན་པོ་ཆེ་རྣམ་པ་ལྔའི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱས་རིགས་རྣམ་པ་ལྔའི་དབུ་བརྒྱན་གྱི་དབང་བསྐུར་བར་བྱ་སྟེ། དེ་ལ་སངས་རྒྱས་རིན་ཆེན་གྱི་ཕྱག་རྒྱ་ནི། མཐེ་བོ་སེམས་དཔའ་སྐྱིལ་མོ་ཀྲུང་། །མཛུབ་མོ་གཉིས་ནི་རྩེ་མོ་དགུག །གུང་མོ་གཉིས་ནི་མཉམ་པར་སྦྱར། །ལྷག་མ་རྡོ་རྗེ་ཐལ་མོའོ། །སྤྱི་བོ་དང་ནི་དཔྲལ་བ་དང་། །མདན་པ་གཉིས་དང་ལྟག་པར་ནི། །སངས་རྒྱས་ཀུན་གྱི་རིན་ཆེན་མཆོག །དབུ་རྒྱན་ཀུན་ཏུ་བརྒྱན་པར་བྱ། །དབུ་རྒྱན་བཅིངས་པས་བཅིངས་ནས་ནི། །འགྱིང་ཞིང་མཐའ་ནས་དགྲོལ་བར་བྱ། །དར་གྱི་མཐའ་མ་དཔྱངས་པ་ལྟར། །བྱས་ནས་ཐལ་མོ་བརྟན་པར་བྱ། །ཨོཾ་བུངྔྷ་རཏྣ་ཨ་བྷི་ཥེ་ཀེ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ། བུངྔྷ་ལོ་ཙ་ན་སརྦ་ཨརྠ་སཱ་ངྷ་ན་ཨ་བྷི་ཥིཉྩ་མཱཾ་སྭཱ་ཧཱ། སངས་རྒྱས་རིན་ཆེན་གྱི་དབང་བསྐུར་བའོ། །རྡོ་རྗེ་རིན་ཆེན་རིགས་ཀྱི་ནི་རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱསསྔ་མ་བཞིན་དུ་དབང་བསྐུར་རོ། །ཨོཾ་བཛྲ་རཏྣ་ཨ་བྷི་ཥེ་ཀེ་ཏ་རེ་ཏུཏྟ་རེ་ཨ་བྷི་ཥེ་ཀེ་ཧེ་བི་མི་རི་ཏི་རི་ནི་ཤྲི་ཡེ་ཨ་བྷི་ཥིཉྩ་མཱཾ་སྭཱ་ཧཱ། རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བའོ། །པདྨོ་རིན་ཆེན་གྱི་ཕྱག་རྒྱ་ནི་སངས་རྒྱས་རིན་ཆེན་ལས་གུང་མོའི་རྩེ་ཕབ་པའོ། །ཨོཾ་པདྨ་རཏྣ་ཨ་བྷི་ཥེ་ཀེ་ཏཱ་རེ་ཏུཏྟཱ་རེ་ཨ་བྷི་ཥིཉྩ་མཱཾ་སྭཱ་ཧཱ། །པདྨོ་རིན་ཆེན་གྱི་དབང་བསྐུར་བའོ། །རིན་ཆེན་རིན་ཆེན་གྱི་ནི། རྡོ་རྗེ་ཐལ་མོ་མཉམ་སྦྱར་ཏེ། །ལག་གཉིས་ནོར་བུ་རིན་ཆེན་དུ། །ཇི་ལྟར་རིགས་པར་སྦྱར་བྱས་ཏེ། །མཐེ་བོ་མཛུབ་མོ་རྩེ་མོ་བཞི། །ཨོཾ་རཏྣ་རཏྣ་ཨ་བྷི་ཥི་ཀེ་ཏྲཾ་ཏྲཾ་བ་བ་ཊ་ཊ་ཊ་ཊ་ཏ་ཏ་ཨ་བྷི་ཥིཉྩ་མཱཾ་སྭཱ་ཧཱ། རིན་ཆེན་རིན་ཆེན་གྱི་དབང་བསྐུར་བའོ། །ལས་ཀྱི་རིན་ཆེན་གྱི་ནི། །རྡོ་རྗེ་ཐལ་མོ་རབ་བསྡམས་ཏེ། །མཛུབ་མོའི་རྩེ་མོ་ཡིད་ཙམ་དགུག །མཐེ་བོ་དཔའ་བོའི་སྐྱིལ་མོ་ཀྲུང་། །ལྷག་མ་རྣམས་ནི་འོད་བཞིན་བཏང་། །ཨོཾ་ཀརྨ་རཏྣ་ཨ་བྷི་ཥེ་ཀེ་ཧི་ཧི་ཧི་ཧི་ཤྲཱི་བཛྲ་པདྨ་བ་ཌ་བ་མུ་ཥེ་ཨ་བྷི་ཥིཉྩ་མཱཾ་སྭཱ་ཧཱ། ལས་ཀྱི་རིན་ཆེན་གྱི་དབང་བསྐུར་བའོ། །ཕྱག་རྒྱ་འདི་དག་ནི་སྐབས་འདིར། རྡོ་རྗེའི་ཕྱག་རྒྱ་དཔྲལ་བར། རིན་པོ་ཆེ་མདན་པ་གཡས་སུ། པདྨ་ལྟག་པར། ལས་ཀྱི་མདན་པ་གཡོན་དུ་བཞག་སྟེ་དབང་བསྐུར་རོ། །དེ་ནས་ཐོད་པའི་ཕྲེང་བའི་དབུ་རྒྱན་གྱི་དབང་བསྐུར་བར་ཐོད་ཕྲེང་གི་ཕྱག་རྒྱ་མགོའི་གནས་ལྔར་གཏུག་ལ། ཐོད་པའི་དབུ་རྒྱན་དུ་བསམ་སྟེ། ཕྱག་རྒྱ་ནི་འདི་སྐད་དུ། །སོར་མོ་ཐམས་ཅད་ནང་དུ་བསྣོལ། །སོར་མོའི་རྩེ་མོ་ཀུན་སྤྲད་ནས། །མཐེ་བོང་རྡོ་རྗེ་མནན་པ་ནི། །སྣ་དང་མིག་སྦུགས་ལྟ་བུ་སྟེ། །པད་མོ་རིན་ཆེན་ཕྱག་རྒྱ་འདི། །བདག་ཉིད་ཆེན་པོ་དབང་སྐུར་བ། །རྒྱལ་སྲིད་ཐམས་ཅད་མ་ལུས་པ། །ལུས་པ་མེད་པ་མྱུར་དུ་འགྲུབ། །སྤྱི་བོ་དང་ནི་དཔྲལ་བ་དང་། །མདན་པ་གཉིས་དང་ལྟག་པར་སྦྱར། །ཐོད་པའི་ཕྲེང་བས་དབུ་བརྒྱན་ཏེ། །སངས་རྒྱས་གཙུག་ན་ནོར་བུ་འབར། །དབུ་རྒྱན་བཅིང་བ་བཅིངས་ནས་ནི། །འགྱིང་བས་མཐའ་ནས་དགྲོལ་བར་བྱ། །དར་གྱི་མཐའ་མ་དཔྱངས་པ་ལྟར། །བྱས་ནས་ཐལ་མོ་བརྡབ་པར་བྱ། །ཞེས་བྱ་བ་དང་སྦྱར་བར་བྱའོ། །དེ་ནས་དཔལ་ཧེ་རུ་ཀའི་རང་གི་རིགས་ཀྱི་ཕྱག་རྒྱ་སྨིན་མཚམས་སུ་བཞག་སྟེ། དབང་བསྐུར་ཞིང་བསྲུང་བ་དང་མཁའ་འགྲོ་མ་དང་དུར་ཁྲོད་ཀྱི་བདག་པོ་ཐམས་ཅད་དབང་དུ་བསྡུ་བར་བྱ་སྟེ། ཕྱག་རྒྱ་ནི་འདི་སྐད་དུ། ལག་པ་ཤིན་ཏུ་བརྐྱང་བ་ནི། །མཛུབ་མོ་གཉིས་ནི་མདུད་པར་བཅིང་། །གུང་མོ་མཐེ་བོང་རྩེ་མོ་ཅན། །རྡོ་རྗེ་ཕྱག་རྒྱ་ཡོངས་སུ་བསྒྱུར། །ཡོངས་སུ་བསྒྱུར་ཏེ་བཏེགས་ནས་ཀྱང་། །ཁྲོགཉེར་དུ་ནི་ལེགས་བཞག་ན། །རྒྱལ་སྲིད་ཐམས་ཅད་རབ་གྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །འདི་ཡིས་བསྲུང་བར་བྱས་ནས་ནི། །རྡོ་རྗེ་ལས་ནི་དཔལ་དང་འདྲ། །རྣལ་འབྱོར་དབང་ཕྱུག་རབ་གྲུབ་པ། །མ་ལུས་ལུས་པ་མེད་པ་འགྲུབ། །མ་མོ་དང་ནི་བྱད་མ་དང་། །མཁའ་འགྲོ་མ་ཡང་ལྷག་པར་འགྲུབ། །དུར་ཁྲོད་དངོས་གྲུབ་ཐམས་ཅད་དང་། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །ཞེས་གསུངས་པས་སྦྱར་བར་བྱའོ། །དེ་ལྟར་བདག་ཉིད་དབང་བསྐུར་བ་བྱས་ནས་གོ་བགོ་བར་བྱ་སྟེ། རྡོ་རྗེ་བསྡམས་པ་བརྐྱང་བ་མགྲིན་པར་བཞག་སྟེ། ཨོཾ་བཛྲ་ཀི་བ་ཙ་ཡ་ཨཾ་ཧཾ་བཾ་ཨཱཾ་ཞེས་བརྗོད་ནས། བཅིངས་པ་དེ་ལས་གཉིས་སུ་བྱས་ནས་མཛུབ་མོ་བརྐྱང་སྟེ། སོ་སོ་ནས་གདོང་སྤྲད་པ་མདུད་པའི་ཚུལ་གྱིས་སྙིང་ག་ནས་བརྩམས་ནས་སྤྱི་གཙུག་གི་བར་དུ་འདོར་ཞིང་། ཨོཾ་ཧཱུཾ་ཀ་བ་ཙ་ཡ་མཾ་ཏུཾ་ཞེས་སྔགས་འདི་ལན་གསུམ་གསུམ་བྱས་ན་འདིས་ཅིས་ཀྱང་མི་ཕྱེད་པར་འགྱུར་རོ། །དེ་ལ་དཔལ་ཧེ་རུ་ཀའི་སྐུ་མདོག་དང་ཕྱག་མཚན་གྱི་ཚུལ་ནི་ཞལ་གཅིག་ཕྱག་བཞིར་བསྟན་པ་ནི་གོང་དུ་དཀྱུས་ལས་གསུངས་པ་སྟེ། སྐུ་མདོག་མཐིང་ནག་ཕྱག་ན་རྡོ་རྗེ་འབར་བ་དང་རྡོ་རྗེ་ཁ་ཊྭཱཾ་ག་དྲིལ་བུ་འཁྲོལ་བ་དང་། དམར་གྱི་ཐོད་པ་དང་། སྙིང་ཆེན་ལ་སོགས་པ་ཤ་ཆེན་གྱི་ཁམ་ཕོར་ཐོགས་པའོ། །ཞལ་བཞི་ཕྱག་བརྒྱད་ཞབས་བཞིར་འཕྲུལ་བའི་ཚེ་ཞལ་གཡས་དཀར། གཡོན་དམར། དབུས་མཐིང་། རྒྱབ་སེར་པོའོ། །ཕྱག་གཡས་གཡོན་དང་པོ་སྔ་མ་དང་འདྲ། འོག་གཉིས་ཀྱིས་གོས་ཆེན་པོ་གསོལ་ལོ། །ཕྱག་ཐ་ལྟག་གཉིས་ཀྱིས་མདའ་གཞུ་འགེངས། ཐ་མ་གཉིས་སྔ་མ་དང་འདྲ། །ཞབས་བཞིས་དྲེག་པ་ཆེན་པོ་ཁྱོ་ཤུགས་བརྐྱང་བསྐུམ་གྱི་ཚུལ་གྱིས་བརྫིས་པར་བྱའོ། །གཞན་ཡང་། དུར་ཁྲོད་ཀུན་གྱི་འབྱུང་པོ་ཡི། །ཕྱག་རྒྱ་དཔལ་ལྡན་ཕུན་སུམ་ཚོགས། །ཞེས་གསུངས་པས་དུར་ཁྲོད་ཀྱི་རྒྱན་སྤྱིར་གྲགས་པ་རྣམས་ཀྱིས་བརྒྱན་ཀྱང་ཉེས་པ་མེད་དོ། །བདག་བྱིན་གྱིས་བརླབས་པ་བསྒྲུབ་པའི་རིམ་པའོ། །གཞན་ཡང་དཔལ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལས་དཔལ་ཧེ་རུ་ཀ་འབྱུང་བ་མི་བྱེད་པར་རྡོ་རྗེ་སེམས་དཔའི་རང་བཞིན་བྱང་ཆུབ་ཀྱི་སེམས་ལས་དཔལ་ཧེ་རུ་ཀ་བསྐྱེད་པར་འདོད་ན་ནི་ཆོས་དབྱིངས་རྣམ་པར་དག་པའི་ངང་ལས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རང་བཞིན་ཉི་མའི་དཀྱིལ་འཁོར་དུ་བསྒོམ་སྟེ། དེའི་སྟེང་དུ་ཀུན་གཞི་རྣམ་པར་ཤེས་པ་ས་བོན་ཧཱིཿཞེས་བྱ་བར་གྱུར་པར་བསམས་ལ། དེ་ལས་འོད་ཟེར་འཕྲོ་བ་དང་འདུ་བའི་སྦྱོར་བའི་རྡོ་རྗེར་གྱུར་པར་བྱའོ། །ཡེ་ཤེས་ཀྱི་རྡོ་རྗེ་དེ་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་བྱུང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱ་སྟེ། སླར་རྡོ་རྗེ་ལ་འདུས་པ་ལས་དཔལ་ཧེ་རུ་ཀའི་ཕྱག་རྒྱ་ཆེན་པོའི་ཚུལ་དུ་གྱུར་པར་བསམས་ཤིང་། གསང་སྔགས་འདིས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཧེ་རུ་ཀཿབཛྲ་ས་མ་ཡ་ཧཱིཿསརྦ་དུཥྚ་ས་མ་ཡ་མུ་དྲ་པྲ་བྷཾ་ཛ་ཀ་ཧཱུཾ་ཕཊ། ཅེས་བརྗོད་དེ། དེ་ལྟར་སྐུ་བསྐྱེད་ནས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་གོ་བགོ་བ་སྔ་མ་བཞིན་དུ་བྱའོ། །འདི་ནི་བདག་ཕྱག་རྒྱ་ཆེན་པོར་བསྒྲུབ་པའི་རིམ་པ་གཞན་ཡིན་ཏེ། ཆོ་ག་བསྡུས་པའི་ཚུལ་ཡིན་ནོ། །ད་ནི་ཡུམ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་བཤད་དེ། དེ་ཡང་གཟུངས་མ་རྣམས་རང་རང་གིས་བྱིན་གྱིས་བརླབ་པར་ནུས་ན་ནི། གོང་དུ་རང་རང་གི་གནས་སུ་འཁོད་པ་བཞིན་དུ་ལྷ་སོ་སོ་རང་རང་གི་སྐུར་བསྐྱེད་ཅིང་བསྒྲུབ་པར་བྱའོ། །རང་རང་གིས་བྱིན་གྱིས་བརླབ་པར་མི་ནུས་ན་ནི་གཙོ་བོས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་དཔལ་ཧེ་རུ་ཀའི་འཁོར་གྱི་ལྷ་མོ་ནི་ཀེའུ་རི་ལ་སོགས་པ་བརྒྱད་ཁྱད་པར་དུ་བསྟན་ནས། མཆོད་པའི་ལྷ་མོ་དང་སྒོ་མ་རྣམས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་མཐུན་པར་སྤྱིར་གྲགས་སོ། །སྔོན་གྱི་སློབ་དཔོན་ཁ་ཅིག་གིས་ནི་མཆོད་པའི་ལྷ་མོ་རྣམས་ཕྲ་མེན་མར་བསྒྱུར་ཞེས་བཤད། འདི་ཉིད་ཀྱི་རྒྱུད་ཕྱི་མའི་ཕྱི་མ་ལས་ལྷ་མོ་བཅུ་གཉིས་སུ་བཤད་དེ། ཀེའུ་རི་ལ་སོགས་པ་བརྒྱད་དང་། དཔལ་རྡོ་རྗེ་མདའ་འཛིན་མ་དང་། དེ་བཞིན་དུ་ཁ་ཊྭཱཾ་འཛིན་མ་དང་། འཁོར་ལོ་འཛིན་མ་དང་། སྣ་ཚོགས་འཛིན་མ་རྣམས་སུ་གསུངས་ཏེ། འདི་བཞི་ནི་ཕྱིའི་གྲྭ་ལ་དགོད་པ་ཡིན་ནོ། །དེ་ལ་ལྷ་རྣམས་རང་རང་གིས་བྱིན་གྱིས་རློབ་ན་ནི་རང་རང་གི་གནས་སུ་རང་རང་གི་ས་བོན་ལས་རང་རང་གི་སྐུར་བསྐྱེད་པར་བྱའོ། །དེ་ཡང་ཆོ་ག་གསུམ་གྱི་ཚུལ་གྱིས་བསྐྱེད་པར་བྱ་སྟེ། འདི་ལྟར་ས་བོན་ལས་ཐུགས་མཚན་དུ་བསྐྱེད་དེ། དེ་ལ་རང་རང་གི་སྔགས་ཀྱིས་ཕྱག་རྒྱ་ཆེན་པོ་བསྒྲུབ་བོ། །གལ་ཏེ་གཙོ་བོས་བྱིན་གྱིས་རློབ་པར་བྱེད་ན་ནི་གཙོ་བོའི་ཐུགས་ཀ་ནས་ལྷ་མོ་རྣམས་ཀྱི་ས་བོན་སྤྲུལ་ཏེ། དེ་ལས་སོ་སོའི་སྔགས་ཀྱིས་བསྐུལ་བས་ལྷ་མོ་རྣམས་ཀྱི་སྐུ་བསྐྱེད་དེ་དཀྱིལ་འཁོར་དུ་དགོད་པར་བྱའོ། །དེ་ལྟར་གང་ཡང་རུང་བས་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ་སྟེ། མཆོད་པ་བརྩམས་པར་བྱའོ། །དེ་ལ་ལྷ་མོ་རྣམས་ཀྱི་ས་བོན་ནི། ཀེ་རི་ལ་སོགས་གསང་བའི་ཡུམ་བཞིའི་ནི། ཧྲཱིཿཧཱི་ཛྫིཿཛི་རྣམས་སོ། །པུཀྐ་སི་ལ་སོགས་པ་རིགས་ཀྱི་ཡུམ་བཞིའི་ས་བོན་ནི། ཧཱུཾ་མཏྟ་ཞེས་བྱ་བ་ལན་བཞིའོ། །རྡོ་རྗེ་མདའ་འཛིན་མ་ལ་སོགས་པ་བཞིའི་ས་བོན་ནི། ཀྵཾ་བཾ་ཡཾ་རཾ་རྣམས་སོ། །མཚན་མ་ནི་འདི་སྐད་དུ། རྣོན་པོ་མདའ་དང་དེ་བཞིན་འདྲེན། །ཆང་དང་ཆུ་དང་ལྕུག་མ་དང་། །རས་དང་དེ་བཞིན་མེ་དག་ནི། །ཞེས་གསུངས་པའི་མ་མོ་བདུན་དང་། བརྒྱད་པ་ལས་ཀྱི་ཕྱག་རྒྱར་གསུངས་པའོ། །རྡོ་རྗེ་མདའ་འཛིན་མ་ལ་སོགས་པ་ནི་མིང་ཉིད་ལས་ཤེས་པར་བྱའོ། །ལྷ་མོ་འདི་རྣམས་ཀྱི་སྔགས་ནི། ཧཱུཾ་བཛྲ་གུ་ཧྱ་སིདྡྷི་ས་རམ་ཡོ་གཱི་ཤྭ་རི་ཧྲཱིཿཧཱུཾ་ཧཱུཾ་བཛྲ་ཙནྡ་ཌེ་ཤྭ་རི་ཁ་ཊྭཱཾ་གི་མ་ཧཱ་བཛྲ་ཀ་པཱ་ལ་མུ་ཀུ་ཊི་རུ་ལུ་རུ་ལུཧྣི། ཧཱུཾ་བཛྲ་ན་ར་ཡ་ནི་ཛྫིཿ ཧཱུཾ་བཛྲ་པཱ་ཏ་ཀེ་ཛི། འདི་བཞི་ནི་རྒྱས་འདེབས་མ་དང་། སྙིང་འདྲེན་མ་དང་། རྨོངས་བྱེད་མ་དང་། འདེགས་བྱེད་མ་བཞིའི་གསང་སྔགས་ཏེ། ཀེ་རི་ལ་སོགས་པ་གསང་བའི་ཡུམ་བཞིའོ། །ཧཱུཾ་བཛྲ་པྲ་ཧ་ར་ནི་མཊ། ཧཱུཾ་བཛྲ་ཤུ་ལཱ་གྲི་བྷིནྡ་མཊ། ཧཱུཾ་བཛྲ་ཀོ་ཤེ་ཙྪིནྡ་མཊ། ཧཱུཾ་བཛྲ་མཱ་ལཱ་པཱ་ཤེ་མཊ། འདི་བཞི་ནི་གར་བྱེད་མ་དང་། གསོད་མ་དང་། ཟ་བ་མོ་དང་། རྡོ་རྗེ་ལས་མ་རྣམས་ཀྱི་གསང་སྔགས་ཏེ། པུཀྐ་སི་ལ་སོགས་པ་རིགས་ཀྱི་ཡུམ་བཞིའོ། །གཞན་ཡང་ལྷ་མོ་བཅུ་གཉིས་སུ་སྒྲུབ་པར་བྱེད་པ་ན། དཔལ་རྡོ་རྗེ་མདའ་འཛིན་མ་ལ་སོགས་པ་བཞིའི་གསང་སྔགས་ཏེ། ཧེ་བཛྲ་ར་ཏི་བཾ། བཾ་མ་ཧཱ་ར་ཏ་བཛྲེ་ཧོ། ཨོཾ་བཛྲ་ལོ་ཙ་ནེ་ཡཾ། རཾ་མ་ཧཱ་ཤྲཱི་བཛྲི། འདི་བཞི་ནི་རྒྱུད་ཕྱི་མའི་ཕྱི་མའི་དབང་དུ་གསུངས་པ་སྟེ། རྟོག་པ་འདིར་ལྷག་པར་མ་གསུངས་པས་མ་བཀོད་ཀྱང་ཉེས་པ་མེད་དོ། །སྒོ་བཞིའི་ཕྱག་རྒྱ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་སྨོས་པ་བཞིན་དུ་འདིར་ཡང་སྦྱར་རོ། །ལྷ་མོ་མང་པོ་སྒྲུབ་པར་མི་ནུས་ན་བུད་མེད་གཅིག་ལྷ་མོ་སྨ་ཤ་ནིའི་རང་བཞིན་ཡུམ་ཀྲོ་དྷཱི་ཤྭ་རིར་བྱིན་གྱིས་བརླབས་ལ་བསྒྲུབ་པར་བྱའོ། །གལ་ཏེ་མོས་པ་དང་ནུས་པའི་དབང་གིས་ཕྱི་རོལ་གྱི་ཕྱག་རྒྱ་མེད་ན་གཙོ་བོའི་ཐུགས་ཀ་ནས་ལྷ་མོ་སྨ་ཤ་ནི་གཡས་པ་གཙོ་བོ་ལ་མཁྱུད་པ་གཡོན་པ་བྷནྡྷ་བསྣམས་པ་ཁ་ཏྲཱཾ་ག་ལ་རྒྱབ་རྟེན་བཅས་པ་བསྐྱེད་དེ། དེ་དང་རོལ་པ་ལས་ལྷ་མོ་བདུན་བསྐྱེད་པ་བཞེད་དོ། །ལྷ་མོ་འདི་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་དང་ཚུལ་ནི་གོ་སླ་བའི་ཕྱིར་སྤྱིར་གྲགས་པའི་མིང་གིས་བཤད་དོ། །དེ་ལ་ཀེ་རི་ནི་ཞི་བའི་ཞལ་ཏེ་གཟིགས་ཐབས་ཀྱང་ཞི་བར་གཟིགས། མདོག་དཀར་སེར་དུ་འདུག་པ། མདའ་བཞི་དུས་གཅིག་ཏུ་འཕངས་པས་ཚངས་པ་ཆེན་པོའི་མགོ་བཞི་བཅད་ནས་མདའ་རྩེ་ལ་འཕྱང་བ། ཞིང་གི་སྟན་བརྐྱང་བའི་སྟེང་ན་སྣ་ཚོགས་པདྨ་དང་ཉི་མའི་སྟན་ལ་གཡོན་བརྐྱང་གིས་བཞུགས་པའོ། །ཙོའུ་རི་ནི་དྲག་པོའི་ཞལ་གཟིགས་ཐབས་ཁྲོ་བག་ཏུ་གཟིགས། མདོག་དམར་བ་གཡས་གཡོན་གྱི་དཔུང་པ་ལ་ཁ་ཏྲཱཾ་ག་སེ་རལ་ཁར་བཀལ་ནས་ཁྲོས་པའི་ཚུལ་གྱིས་སྙིང་གར་ལྕགས་ཀྱུ་འཛིན་པ། གཡས་པའི་གུང་མོས་རྩིབ་བརྒྱད་པའི་འཁོར་ལོ་འཕངས་བསྟོད་ནས་འཛིན་པའོ། །རྐང་པ་གཡས་པ་གྱེན་དུ་བཏེག་ནས་གནོན་པའི་ཚུལ་གྱིས་བཞུགས་པའོ། །པྲ་མོ་ཧ་ནི་ཞལ་གཉིས་ལ་གོང་མ་ནི་ཕག་ཆེན་པོའི་དབུ། འོག་མ་ནི་སྐུ་མདོག་དམར་བའི་ཞལ་རྨོངས་པའི་ཚུལ་དུ་གཟིགས། ཕྱག་བཞིའི་གཡས་དང་པོ་རྡོ་རྗེ་རྩེ་གསུམ་པ། གཡོན་དང་པོ་ཁམ་ཕོར་ཆང་གིས་བཀང་བ། གཡས་གཡོན་གཉིས་ན་ཁུ་ཚུར་སོ་སོར་བཅིངས་ནས་གཡས་པས་འཁོར་ལོ་གཟུང་བ། གཡོན་པས་བརྟེན་ནས་འདེགས་པའི་ཚུལ་དུ་འཛིན་པ། གཡས་བརྐྱང་བའི་ཚུལ་དུ་བཞུགས་པའོ། །བེ་ཏ་ལི་ནི་དགའ་བ་རྟོག་པའི་ཚུལ་དུ་ལྡན་པ། ཤི་བ་སློང་བའི་ཚུལ་དུ་གཟིགས་པ་སྐུ་མདོག་དཀར་མོ་ཕྱག་གཡས་པ་ཁམ་ཕོར་ཟླ་བ་ལྟ་བུ་འོད་དང་ལྡན་པ་ཤ་ཆེན་པོ་དང་ཁྲག་དང་བཅས་པའི་བདུད་རྩིས་བཀང་བ། གཡོན་པ་རྡོ་རྗེ་བ་དན་འཛིན་པ་སྟེ། འདིའི་ཕྱག་རྒྱ་ནི་ལག་པ་གཡས་པའི་མཐེ་བོང་མཛུབ་མོ་ལ་བཅར་ཏེ། སྲིན་ལག་མཐུར་དུ་བཀུག་ལ། སོར་མོ་ལྷག་མ་གསུམ་བརྐྱང་བ་ནི་བ་དན་གསུམ་པའི་ཕྱག་རྒྱ་སྟེ། ཇི་ལྟར་འདོད་པའི་སྟོབས་ཀྱིས་བཞུགས་པའོ། །པུཀྐ་སི་ནི་དྲག་པོ་གར་བྱེད་པའི་ཞལ་ལ་རྣམ་པ་འགྱུར་བའི་ཚུལ་དུ་གཟིགས་པ། མདོག་སྣ་ཚོགས་པ་སྟེ། ཕྱག་གི་མགོ་གཉིས་དང་། ཞབས་ཀྱི་མགོ་གཉིས་ཞལ་དང་ལྔ་ནི་དཀར་ལ། སྐུ་ལུས་དངོས་ནི་དམར་བའོ། །ཉ་བཞི་ནི་དམར་བ་སྟེ། ཕྱག་མཆོག་ལོ་མ་སྔོན་པོ་འདྲ། །ཞེས་གསུངས་སོ། །ལག་པ་གཡས་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་འབར་བ་འཛིན་པ། གཡོན་པ་དཔག་བསམ་གྱི་ཤིང་གི་ལྕུག་མ་རླུང་གིས་བསྐྱོད་པ་འཛིན་པ། ཐོད་པའི་ཕྲེང་བས་བརྒྱན་ཞིང་གར་གྱི་གཟིགས་ཐབས་འགྱུར་བ་དང་བཅས་པས་དུར་ཁྲོད་ཀྱི་དབུས་སུ་གར་བྱེད་ཅིང་བཞུགས་པའོ། །ཙནྜ་ལི་ནི་གྱེན་དུ་དབུགས་འབྱིན་པ་ལྟ་བུར་གཟིགས་པས་གཞན་གྱི་སྲོག་འཕྲོག་པར་བྱེད་པའི་སྦྱོར་བ་ལ་གནས་པ། མདོག་ནག་པོ་གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་དར་དཀར་གྱི་སྒྱེའུ་རླུང་གིས་བཀང་སྟེ་རྡོ་རྗེས་མཚན་པ་གཟུང་ནས་རླུང་གི་དཀྱིལ་འཁོར་འཐོར་བས་བསྒྲུབ་བྱའི་སྲོག་བླངས་ཏེ་གྱེན་དུ་འཐོར་བ། གཡོན་པ་ཏྲི་ཤུལ་བསྣམས་ནས་དུར་ཁྲོད་ཀྱི་ནང་ན་གར་བྱེད་ཅིང་བཞུགས་པའོ། །གྷསྨ་རི་ནི་ཤི་བའི་རོ་ལྡད་པའི་སྦྱོར་བ་དང་ལྡན་པས་གཟིགས་པ་མདོག་སེར་ནག་ལག་པ་གཡས་པས་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རལ་གྲི་འཛིན་པ། གཡོན་པ་འབར་བའི་མེ་སྣོད་འཛིན་པ། གཡོན་བརྐྱང་གིས་བཞུགས་པའོ། །སྨ་ཤ་ནི་མཁའ་འགྲོ་མ་བདུན་གྱི་ཕྲིན་ལས་ཀུན་བྱེད་པའི་ངོ་བོ་སྟེ་དཔལ་ཁྲག་འཐུང་དང་འདྲའོ། །ཞེས་བཤད་དེ། དཔལ་ཆེན་པོ་ཉིད་ལྟར་རྡོ་རྗེ་དང་བཅས་པས་ཁྲག་གསོལ་བ། ལག་པ་གཡོན་པས་ཐོད་པ་དང་ཞགས་པ་གཟུངས་ནས་དཔུང་པ་ལ་ཁ་ཊྭཱཾ་ག་སེ་རལ་ཁའི་ཚུལ་དུ་བཀན་ནས་འཛིན་པའོ། །ལྷ་མོ་འདི་དག་ཀྱང་སྟན་ཞིང་བརྐྱང་བའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་བཞུགས་ཤིང་། ཞིང་རས་དང་སྤྲུལ་དང་ཐོད་པ་རྐྱང་བའི་དབུ་རྒྱན་གྱིས་བརྒྱན་པའོ་ཞེས་སྤྱིར་འདོད་དོ། །དེ་ནས་མཆོད་པ་བརྩམ་པར་བྱ་སྟེ། ལྷ་མོའི་ཚོགས་དེ་དག་གིས་དཔལ་ཧེ་རུ་ཀ་ལ་གླུ་འདི་དག་གིས་བསྐུལ་ཏེ། ལྷ་མོ་དང་ནི་གཉིས་སུ་མེད་པར་རོལ་པའི་བདེ་བ་ཆེན་པོའི་མཆོད་པ་རྣམ་པར་དག་པས། སངས་རྒྱས་ཐམས་ཅད་མཆོད་པ་དང་། དཀྱིལ་འཁོར་རྣམ་པར་འཕྲུལ་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་དང་། གསང་བ་བྱང་ཆུབ་སེམས་ཀྱི་རྫས་ལ་བརྟེན་ནས་རྡོ་རྗེ་རྣལ་འབྱོར་ལྕམ་དྲལ་རྣམས་དངོས་གྲུབ་སྣ་ཚོགས་སྒྲུབ་པ་དང་། སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བའི་ཕྱིར་ལྷམོས་གླུ་འདི་དག་གིས་བསྐུལ་ལོ། །རྗེས་སུ་ཆགས་པ་རྣམ་མང་དགའ་བའི་པད་མོ་རྣམ་དག་པའི། མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་པ། མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། ཀྱེ་མཆོག་ཏུ་བདེ་བའི་དམ་ཚིག་རང་གི་ངོ་བོ་ཉིད། མཆོག་ཏུ་བདེ་བའི་ཤིན་ཏུ་རྣལ་འབྱོར་སྐལ་བཟང་མཆོག་བརྙེས་པ། རང་གི་དམ་ཚིག་སྐྱོན་མེད་དག་ལ་རོལ་ཅིག་རོལ་ཅིག་ཧོ། ཀྱེ་མའོ་མཆོག་ཏུ་གསང་བའི་བདག་པོ་རང་གི་དམ་ཚིག་ཡིན་པའི་ཕྱིར་རབ་ཏུ་གསང་བའི་ལྷ་མོ་མཆོག་རྣམས་སོ། །འགྲོ་བའི་རྒྱུད་ནི་རྣམ་པ་སྣ་ཚོགས་འདུལ་བ་གསལ་བར་མཁྱེན། དམ་ཚིག་ཐམས་ཅད་དངོས་པོ་བརྟན་གཡོ་ཀུན་གྱི་ངོ་བོར་འགྱུར། རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་སྒྱུ་མ་མཁའ་འགྲོ་སྒྱུ་མ་ཧོ། ཀྱེ་རྟག་པ་པད་མའི་དངོས་གྲུབ་ཆེན་པོ་རབ་ཏུ་བསྒྲུབ་ལ་སྟོན། ཛཿཧཱུཾ་བཾ་ཧོཿ ཨེ་མའོ་བདེ་མཆོག་བདེ་བ་དྲོངས། །རྣམ་པར་སྤྲུལ་ཧཱུཾ་སྣང་བར་མཛད། །ཨ་ལ་ལ་ལ་ཧོཿཞེས་བསྐུལ་ཏེ། འདི་ནི་དཔལ་ཧེ་རུ་ཀ་ལ་བདེ་བས་བདེ་བ་བསྒྲུབ་པའི་ཕྱིར་གཉིས་སུ་མེད་པར་རོལ་པར་བསྐུལ་བ་དང་། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་རོལ་པར་བསྐུལ་བའོ། །དེ་ནས་ཡང་བ་ཧུ་བི་བི་ཏ་རྣམ་པ་བཞིའི་སྒོ་ནས་ལས་རྣམ་པ་བཞི་སྤྲུལ་པ་སྤྲོ་བས་སེམས་ཅན་རྣམས་གདུལ་བར་བསྐུལ་བ་དང་། དེ་ལྟ་བུའི་དངོས་གྲུབ་སྒྲུབ་པ་པོ་ལ་གསོལ་ཅིག་པར་བསྐུལ་ཏེ། བ་ཧུ་བིབི་ཏ་རོ་དུ་ཏྲ་སནྟ་ཏི་ཨ་ཤེ་ཥ་ནི་ཤེ་ཥ་སཏྭ་བི་ན་ཡ་སརྦ་ཏ་ཐཱ་ག་ཏ། ཛ་ལེ་པྲ་ཛ་ལེ་ཀུརྦ་བི་ཀུརྦ་སརྦ་ཤམྦ་རེ་ཏེ་ན་ཏེ་ཏེ་ཧཱུཾ། བ་ཧུ་བི་བི་ཏ་ར་ཏི་སནྟ་ཏི་ཨ་ཤེ་ཥ་ནི་ཤེ་ཥ་ས་ཏྭ་བི་ན་ཡ་སཪྦ་ཏ་ཐ་ག་ཏ། ཛ་ལེ་པྲ་ཛ་ལེ། ཀུརྦ་སརྦ་ཤཾ་བ་རེ་ཧཱུཾ་ཧཱུཾ་ཧཱུཾ་བ་ཧཱུཾ་བི་བི་ཏ་རོ་དུ་ཏྲ་སནྟ་ཏི་ཨ་ཤེ་ཥ་ནི་ཤེ་ཥ་སརྦ་བི་ན་བརྦ་ཏ་ཐ་ག་ཏ། ཛ་ལེ་པྲ་ཛ་ལེ་ཀུརྦ་བི་ཀུརྦ་སརྦ་ཤཾ་བ་རེ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བ་ཧུ་བི་བི་ཏ་ཛཱི་བཾ་སནྟ་ཏི་ཨ་ཤེ་ཥ་ནི་ཤེ་ཥ་སཏྭ་བི་ན་ཡ་སརྦ་ཏ་ཐཱ་ག་ཏ་ཛ་ལེ་པྲ་ཛ་ལེ་ཀུརྦ་བི་ཀུརྦ་སརྦ་ཤཾ་བ་རི་ཧཱུཾ་ཤི་ཥྱ་བི་ཤ་ཧཱུཾ། ཞེས་བསྐུལ་བར་བྱའོ། །གླུ་འདི་དག་རེ་རེའི་སྒོ་ནས་ཀྱང་དཀྱིལའཁོར་བསྐྱེད་པ་དང་སྤྱན་དྲངས་པ་དང་མཆོད་པ་དབུལ་བ་དང་། བསྙེན་པ་བྱ་བ་དང་སྒྲུབ་དང་ལས་ལ་སྦྱར་བ་ཐམས་ཅད་བྱ་རུ་རུང་བའི་ཕྱིར་ལས་ཐམས་ཅད་པའི་གླུའི་ཕྱག་རྒྱར་བཤད་པས་ན་དེ་བས་ན་སྐབས་འདིར་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ཡིན་པས། བ་ཧུ་བི་བི་ཏ་རོའུ་དྲ་སནྟ་ཏི་ཞེས་བྱ་བ་གསུམ་པ་འདི་ཉིད་ཀྱིས་བྱ་བ་ཐམས་ཅད་ལ་སྦྱར་བ་ཡིན་པས་ན། རྒྱ་ཆེན་པོ་མི་ནུས་པའི་གང་ཟག་རྣམས་ཀྱིས་འདི་ཙམ་གྱི་བྱ་བ་ཐམས་ཅད་བསྒྲུབ་པ་ཡིན་ནོ། །དེ་ནས་ཡང་མཆོད་པ་ཀུན་ནས་བསྡུས་པས་གཙོ་བོ་མཉེས་པས་བྱ་ཞིང་མཆོད་པའི་ཕྱིར་མེ་ཏོག་དང་བདུག་པ་དང་མར་མེ་དང་དྲི་དང་ལྡན་པའི་བུད་མེད་བཞིས་གར་དང་དབྱངས་ཀྱིས་མཆོད་དེ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། ཨོཾ་ཧཱུཾ། དམ་ཚིག་དམཔ་གྲུབ་པར་མཛད་དུ་གསོལ། མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། ཨོཾ་ཧཱུཾ། མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། དེ་ནས་དེ་དག་གིས་བསྐུལ་བར་རིག་ནས། བདག་གི་མིག་གཉིས་ཡི་གེ་མ་དང་ཊ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དུ་གྱུར་པས་ནམ་མཁའི་ངོས་ལ་བལྟས་པས་བདེ་བར་གཤེགས་པ་རྣམས་ཀྱིས་ནམ་མཁའི་ཁམས་ཏིལ་གྱི་གོང་བུ་བཞིན་གང་བར་བརྟགས་ཏེ། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ནས། བ་ཧུ་བི་བི་ཏ་རོའུ་དྲ་སནྟ་ཏཱི། ཨ་ཤེ་ཥ་ནི་ཤེ་ཥ་སཏྭ་བི་ན་ཡ་སརྦ་ཏ་ཐཱ་ག་ཏ། ཛ་ལེ་པྲ་ཛ་ལེ་ཀུརྦ་བི་ཀུརྦ་སརྦ་ཤམྦ་རེ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་ཅིང་རང་གི་ལྷ་ལ་མཆོད་པའི་ཕྱིར་དེ་ནས་རང་གི་སྙིང་ཁར་ཞུགས་པར་བྱའོ། །འཁོར་གྱི་ལྷ་མོའིཚོགས་རྣམས་ནི་ལྷ་མོ་ལ་ཞུགས་པར་བྱའོ། །དེ་ནས་མཆོད་པ་བརྩམ་པའི་ཕྱིར་ཐབས་དང་ཤེས་རབ་ཀྱི་རང་བཞིན་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ཏེ། གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཞི་དང་སྦྱར་ཞིང་མཆོད་པ་བརྩམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་བདུད་རྩི་རྣམ་པ་ལྔ་དང་སྦྱར་ཏེ་པདྨ་བྷནྡྷའི་ནང་དུ་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། དངོས་གྲུབ་ཀྱི་རྫས་དང་གསང་བའི་དབང་གི་རྫས་སུ་བྱའོ། །དེ་ལྟར་སྦྱོར་བ་བཞི་དང་ལྡན་པའི་ཏིང་ངེ་འཛིན་གྱིས་བསྒྲུབ་པའི་ཚེའང་རྒྱུད་འདིར་སྣ་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱའི་མཆོད་པའི་སྒོ་ནས་བསྒྲུབ་པར་གསུངས་པ་ཡིན་པས་དེ་ལ་སྦྱར་བར་བྱའོ། །དེ་ལ་སྣ་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱའི་མཆོད་པ་རྣམས་དབུལ་བའི་གོ་རིམ་ནི། སློབ་དཔོན་རྡོ་རྗེ་བཞད་པའི་ཞལ་སྔ་ནས་གསང་བའི་མཆོད་པ་དང་པོར་བྱས་ལ། དེ་ནས་གླུ་དང་གར་དང་ལྡན་པས་རོལ་མོའི་ཕྱག་རྒྱ་རྣམས་དབུལ་ཞིང་ལྟ་བ་དང་འཛུམ་པ་དང་ཞལ་ལ་སོགས་པ་ལུས་ཀྱི་འགྱུར་བ་ཐམས་ཅད་ཀྱི་སྒོ་ནས་ལྷའི་ཕྱག་རྒྱར་ལྡན་པ་དང་། ཆོས་ཀྱི་ཕྱག་རྒྱ་ལ་གནས་པས་བསྒྲུབ་པར་གསུངས་པས་དེ་བཞིན་དུ་བྱའོ། །ཡང་ན་མཆོད་པ་ཐམས་ཅད་ནི་དབང་པོ་དྲུག་གི་མཆོད་པ་ཡིན་ལ། དབང་པོ་དྲུག་ཡུལ་ལ་སྤྱོད་པ་ནི་འཇིག་རྟེན་གྱི་ཆོས་ལུགས་དང་མཐུན་པར་བསྟན་བཅོས་ལས་ཀྱང་གྲགས་ལ། དེ་བཞིན་དུ་གསང་སྔགས་ཀྱི་གཞུང་དུ་ཚོགས་ཀྱི་དཀྱིལ་འཁོར་མཆོད་པ་ཆེན་པོ་བྱེད་པའི་ཚེའང་གོ་རིམ་དེ་བཞིན་དུ་དབུལ་བར་བྱ་སྟེ། དེ་བས་ན་དང་པོ་ཉིད་དུ་མིག་གི་ཡུལ་གཟུགས་ཀྱི་མཆོད་པ་དགྲམ་སྟེ། ས་གཞི་ལ་བྱི་དོར་བྱ་བ་དང་། བླ་རེ་ལ་སོགས་པའི་རྒྱན་དགྲམ་པ་དང་། མར་མེ་གཏམས་པ་དང་། མེ་ཏོག་ལ་སོགས་པ་ཉེ་བའི་མཆོད་པ་རྣམས་དང་། གཞན་ཡང་ཕྱི་ནང་གི་མཆོད་པར་གྱུར་པ་ཐམས་ཅད་མིག་གི་ཡུལ་དུ་སྣང་བར་བཀོད་དེ་དབུལ་ལོ། །དེ་ནས་རྡོ་རྗེ་གར་དང་ལྡན་པས་རྡོ་རྗེ་གླུ་དང་རོལ་མོ་སྣ་ཚོགས་ཀྱི་སྒོ་ནས་གཟུགས་དང་སྒྲ་རུ་ལྡན་པའི་མཆོད་པ་དབུལ་ལོ། །དེ་ནས་ཚོགས་ཀྱི་ཞལ་ཟས་སྣ་ཚོགས་ཀྱི་ཁ་གོང་དུ་བཅད་པ་རྣམས་ཕྱེ་སྟེ་དྲི་སྣ་ཚོགས་ལྡང་བར་བྱས་ལ། བདུག་པ་ལས་དྲི་ཞིམ་པོ་རྣམས་ཀྱི་བདུག་པ་སྦྱར་བ་དང་། རྣལ་འབྱོར་པ་རྣམས་ལ་ཁ་སྤོས་རྣམས་ཀྱང་ཕུལ་ཏེ་དྲིའི་མཆོད་པ་རྣམས་དབུལ་ལོ། །དེ་ནས་ཞལ་ཟས་སྣ་ཚོགས་ལ་རོལ་ཏེ་རོའི་མཆོད་པ་དབུལ་ལོ། །དེ་ནས་རྗེས་ཆད་པ་དང་ལྷག་མའི་མཆོད་སྦྱིན་བགྱིའོ། །དེ་ལྟར་རོའི་མཆོད་པ་ཟིན་ནས་སྐུ་ཁྲུས་གསོལ་ཏེ་བྱུག་སྤོས་ཕུལ་ལ་ན་བཟའ་རྣམས་དབུལ་ལོ། །དེ་ནས་རབ་ཏུ་རེག་པའི་མཆོད་པ་དབུལ་ཏེ། ལྷ་མོ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། ཕྱག་རྒྱ་བཞིའི་ཚུལ་གྱིས་གཟུང་བ་དང་། ཕྲད་པ་དང་། མཁྱུད་པ་དང་། བསྡམས་པ་དང་། མཐངས་སྦྱར་བ་ལ་སོགས་པའི་སྒོ་ནས་རེག་པའི་བདེ་བ་ཉམས་སུ་མྱོང་བའི་ཚུལ་གྱིས་རབ་ཏུ་རེག་པའི་མཆོད་པ་དབུལ་ལོ། །དེ་ནས་ཆོས་ཀྱི་མཆོད་པ་དབུལ་ཏེ། བྱང་ཆུབ་ཀྱི་སེམས་སྐྱེ་བ་ནས་སྤྲུལ་པ་མང་པོ་སྤྲུལ་ཞིང་ལས་རྣམ་པ་བཞི་བརྩམ། བདེ་བ་ཉམས་སུ་མྱོང་བའི་དུས་ན་མ་སྐྱེས་པའི་ཏིང་ངེ་འཛིན་བསྒོམ་ཞིང་བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པའི་ངང་ལ་ལྷུན་གྱིས་གནས་པར་བསྒོམ་མོ། །དེ་ལྟར་མཆོད་པ་ཟིན་ནས་དཀྱིལ་འཁོར་བསྡུས་ཏེ་ལུས་བསྲུང་ནས་སྤྱོད་ལམ་ཅི་རིགས་སུ་བྱའོ། །དེ་ལྟར་སྒྲུབ་པའི་རིམ་པ་གང་ཡང་རུང་མོད་ཀྱི། རེ་ཞིག་འདིར་མན་ངག་གི་ཚུལ་གོང་གི་དཀྱིལ་འཁོར་རྣམས་དང་མཐུན་པར་ཅུང་ཟད་དགོད་པར་བྱ་སྟེ། བུད་མེད་བཞིའམ་བརྒྱད་ཀྱིས་མེ་ཏོག་ལ་སོགས་པའི་མཆོད་པ་དང་གླུ་དང་གར་དང་རོལ་མོའི་ཕྱག་རྒྱ་རྣམས་དབུལ་ཏེ། དེ་ཡང་དང་པོར་ཕྱག་རྒྱ་དང་གར་གྱིས་དྲངས་ལ་གླུ་དང་རོལ་མོ་དང་སྦྱར་ཏེ། རྡོ་རྗེ་གར་བསྒྱུར་ཞིང་རྡོ་རྗེ་ཚིག་གིས་བསྐུལ་ཏེ་ཕྱག་རྒྱའི་མཆོད་པ་ཐམས་ཅད་དབུལ་ལོ། །དེ་ལ་ཕྱག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཡས་གཡོན་གཉིས་དག་གི །མཛུབ་མོ་མཐེའུ་ཆུང་མཛེས་པར་བསྒྱུར། །དཔལ་ལྡན་གཡོན་པ་འགྱིང་བའི་ཐབས། །གཡས་པ་བ་དན་གསུམ་པར་བྱ། །སྨིན་ལ་གཡོན་པ་འདེགས་ཚུལ་གྱིས། །རུ་ལུ་རུ་ལུར་བཅས་བརྒད་ན། །ཚངས་པ་ཉེ་དབང་དྲག་པོར་བཅས། །ཁམས་གསུམ་པ་རྣམས་ཕྱག་བྱེད་འགྱུར། །དཔལ་ཧེ་རུ་ཀའི་ཕྱག་བཙལ་བའི་ཕྱག་རྒྱའོ། །མཆོད་པ་དབུལ་བའི་གར་གྱི་ཕྱག་རྒྱ་ནི། ལག་པ་གཡས་གཡོན་གཉིས་དག་གི །མཛུབ་མོ་མཐེ་ཆུང་མཛེས་བསྒྱུར་ཏེ། །རྡོ་རྗེ་ཐལ་མོ་གྱེན་དུ་དགྲོལ། །མཆོད་པའི་གཏོར་མ་ཀུན་གྱི་ཚུལ། །དུར་ཁྲོད་ཆ་ལུགས་གར་བྱེད་པས། །ཕྱག་རྒྱ་འདི་ཡིས་གར་བྱེད་ཅིང་། །སྐལ་བཟང་རྡོ་རྗེ་དྲག་པོ་དགོད། །མཆོད་པ་ཐམས་ཅད་དབུལ་བར་བྱ། །དཔལ་ཧེ་རུ་ཀའི་ཐོད་པའི་ཐལ་མོ་སྟེ། མཆོད་པའི་གཏོར་མ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། འདི་དང་ལྡན་པས་འབར་བའི་གར་དགུ་བསྒྱུར་ཞིང་ཧ་ཧ་རུ་ལུ་རུ་ལུ་ཞེས་སྟབ་བོ། །གྱེན་དུ་འཐོར་ཞིང་ཐུར་དུ་འབེབས། །སྐོར་ཞིང་དེ་བཞིན་ཉུག་པ་དག །མེ་ཏོག་བདུག་པ་མར་མེ་མཆོག །དྲི་ཡི་མཆོད་པ་དབྱུང་བར་བྱ། །གང་ངམ་འོན་ཏེ་སྟོང་ཡང་རུང་། །ཡང་ན་ཅི་འབྱོར་པ་ཡིས་ཀྱང་། །དམ་ཚིག་མཉམ་པར་བསྒྲུབ་པ་ཡི། །མཆོད་པ་ཐམས་ཅད་གྲུབ་པར་འགྱུར། །དེ་ལྟར་ཕྱག་དང་གར་དུ་ལྡན་པས་དཔལ་ཧེ་རུ་ཀའི་གླུའི་ཕྱག་རྒྱ་དང་ལྡན་པའི་སིལ་སྙན་ལ་སོགས་པས་མཆོད་པ་དབུལ་ཏེ། དེ་ལ་གླུའི་ཕྱག་རྒྱ་ནི། རྡོ་རྗེ་དྲག་པོ་གད་མོ་ཆེ། །མཁུར་བའི་དབུགས་ཀྱི་རླུང་འབྱིན་ཞིང་། །འབྲུག་གི་སྒྲ་ལྟར་ཟབ་པ་ཡི། །རུ་ལུ་རུ་ལུའི་སྒྲ་ཕྱུང་ན། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །ཁམས་གསུམ་དག་ཀྱང་རྒྱས་འདེབས་ཤིང་། །ཐར་པར་བྱེད་ཅིང་གསོད་པར་བྱེད། །ཤི་བའང་མོད་ལ་འཚོ་བར་བྱེད། །སིལ་སྙན་གྱི་ཕྱག་རྒྱ་ནི། གླིང་བུ་དང་ནི་རྒྱུད་གཅིག་དང་། །དེ་བཞིན་རྒྱུད་མངས་རྒྱུད་སྟུག་དང་། །སིལ་སྙན་ཕྱག་རྒྱར་བཤད་པ་རྣམས། །ལས་རྣམས་ཐམས་ཅད་རབ་བསྒྲུབ་བོ། །ཆ་ལུགས་ཇི་བཞིན་གར་བྱེད་པས། །མ་བརྡུངས་པར་ཡང་རང་བཞིན་འགྲུབ། །ལས་རྣམས་ཀུན་ལ་མཆོག་ཏུ་ནི། །བརྡུངས་པའི་དཔལ་ནི་བཞི་འགྱུར་འགྲུབ། །ཛཿཧཱུཾ་བཾ་ཧོཿ རུ་ཊ་པ། ཊ་སྨ་ར་ར་ཧུ་ལུ་ཧུ་ལུ་པྲ་སིངྷྱ། ཊཱཀྐི་ཧཱུཾ་ཛཿ ཀ་ནི་དུ་ནི་ཧཱུཾ། ག་རུ་ཊཱཀྐི་ཧཱུཾ་ཛ་ཧུ་ལུ་ཧུ་ལུ་ཨ་ལ་ལ་ལ་ཧོཿ ཤུངྔྷྱ་སིངྔྷྱ་ད་རི་ཤ་ཡ་སརྦཱན། ཊ་གྷེ་ན་གྷེ། ཊ་གྷེ་གྷེ། ཊ་གྷེན་ཊ་གྷེན། གྷེན་གྷེན་གྷེན་ཏེ། གྷེན་ཧེན་དོ། །ཊཱཀྐི་ཧཱུཾ་ཛཿགྷེན་ཏེ་གྷེན་ཏོ། ཊཱཀྐི་ཧཱུཾ། ག་རུ་ཨ་ལ་ལ་ལ་ཧོཿ རུ་ཊྱ་མ་ཏི། ཐལ་མོ་བརྡབ་པ་བརྟགས་པའོ། །ངྷེ་ཀོའུ་ཀོའུ་ཀོའུ་ཀོའུ་ཀོའུ། ངྷེ་བཛྲབཛྲ། ངྷེང་ཀོའུ་ཀོའུ་ཀོའུ་ཀོའུ་ཀོའུ། ངྷེ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཀོའུ་ཀོའུ་ཀོའུ་ཀོའུ་ཀོའུ། ངྷེང་ཀོའུ་ཀོའུ་ཀོའུ་ཀོའུ་ཀོའུ། དཔལ་ཧེ་རུ་ཀའི་རྔའི་ཕྱག་རྒྱའོ། །དེ་ལྟར་རོལ་མོ་དང་གར་དང་ལྡན་པས་གླུའི་མཆོད་པ་དབུལ། གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་མཁྱུད་པས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོད་སྟོན་ཀུན་གསོལ་བ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །རྒྱས་བཏབ་རྨོངས་བྱས་མནབས་སུ་གསོལ། །བདེ་མཆོག་ངོ་མཚར་བདེ་ལ་བཞུགས། ཧཱུཾ་ཨ་ལ་ལ་ལ་ཧོཿསྣང་བར་མཛོད། རྣལ་འབྱོར་བདེ་མཆོག་སྒྱུ་མའི་སྤྲུལ། །དམ་ཚིག་དག་ལ་འཇུག་ཏུ་གསོལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །མ་ལུས་པ་དག་མནབས་སུ་གསོལ། །ཉོན་མོངས་ཐམས་ཅད་བསལ་བར་མཛོད། །དེ་ནས་གར་གྱི་གླུས་མཆོད་དེ། གར་གྱི་ཕྱག་རྒྱ་ཐམས་ཅད་བསྒྱུར་ཞིང་ལ་ལར་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟོང་བས་མཛེས་པའི་གཟུགས་སུ་རྣམ་པར་སྣང་། ལ་ལར་རབ་ཏུ་འཇིགས་པའི་ཉི་མ་བྱེ་བ་ཕྲག་དགུའི་འོད་ཟེར་མཆོག་པས་འཇིགས། ལ་ལར་མདངས་བཟང་གཟི་ཆེན་བདེ་དང་ཞི་བར་ལྡན་པ་རྒྱལ་བའི་གཟུགས་སུ་སྣང་། ལ་ལར་འགྲོ་བ་ཐམས་ཅད་མཉམ་པར་འཇོག་པའི་གཟུགས་ལྡན་གསུང་མཆོག་ལྡན་པར་སྟོན། རྡོ་རྗེ་སེམས་དཔའ་གྲུབ་ཕྱིར་འདུལ་ལ་མཁས་པ་མ་ལུས་བདེ་བའི་མཆོག་རྣམས་ལ། ཨ་རལ་ཐམས་ཅད་མཉམ་སྦྱོར་གྲུབ་པར་མཛོད། རུཊ་མཊ་ཨ་ལ་ལ་ལ་ཧོཿ རྣམ་པ་མང་པོས་འདུལ་བ་མཛད་པའི་ཚུལ་ལ་གར་མཁན་མཆོག་གི་གར་མཛད་པ། དམ་ཚིག་གར་གྱི་དབང་ཕྱུག་སངས་རྒྱས་གར་མཁན་མཛོད། ཨ་ལ་ལ་ལ་ཧོཿ རྣམ་མང་བདེ་མཆོག་རབ་ཏུ་གར་མཛད་པའི་ཐར་པའི་བདེ་བ་ཐོབ་པར་མཛོད། འདི་ཡིས་བ་དན་གསུམ་དང་ལྡན་པས་གར་དུ་བྱའོ། །རབ་ཏུ་དགའ་དང་རྗེས་སུ་ཆགས་པར་དགའ་བའི་མདའ་གཞུ་རབ་ཏུ་ཕྲ་བའི་རྒྱས་བཏབ་པས། རབ་ཏུ་དགའ་བ་སྦྱོར་བའི་བདེ་བས་མྱོས་པ་བདེ་བ་ཐམས་ཅད་བདག་ལ་གྲུབ་པར་མཛོད། །རབ་ཏུ་བདེ་མཆོག་རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེང་བའི་ལོངས་སྤྱོད་དང་། རབ་ཏུ་དགའ་བའི་དབང་ཕྱུག་ཆེ་མཆོག་གྲུབ་པ་དེ་བཞིན་གཤེགས་པ་ཧོ་རྟ་མཆོག་ཧོཿརབ་ཏུ་སྣ་ཚོགས་བདེ་བའི་མཆོག་ལ་རོལ་ཅིག་ཧོཿ བདེ་བས་སློང་བ་རྣམ་པར་རོལ་ཧཱུཾ་སྣང་བར་མཛོད་ཨ་ལ་ལ་ལ་ཧོཿ དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱིས། སློབ་མ་ཐམས་ཅད་བཟུང་དུ་གསོལ། ཀྱེ་བདེ་བའི་མཆོག་གྲུབ་པར་མཛོད། ཨེ་མའོ་བདེ་བ་བདེ་བ་གསོལ། །དམ་པ་རབ་ཏུ་བཞུགས་པར་མཛོད། །བདག་ལ་རབ་ཏུ་བདེ་བར་འགྱུར། །ཨ་ལ་ལ་ལ་ཧོཿ ཨེ་མའོ་ཤི་ཤི་ཞུགས་ཤིག་ཞུགས་ཤིག །མཁའ་འགྲོ་བདེ་བའི་མཆོག །ཡོངས་སུ་བསྐོར་ཀུན་ཏུ་ཞུགས། །རྡོ་རྗེ་སེམས་དཔའ་སྡུད་པ་དང་། །རྡོ་རྗེ་རིན་ཆེན་བླ་མེད་པ། །རྡོ་རྗེ་ཆོས་ནི་གསུང་བ་དང་། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཧཱུཾ། རྡོ་རྗེ་ལས་ཀྱི་མདའ་གཞུ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ཆགས་པའི་དམ་ཚིག་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁ་ཊྭཱཾ་ག་རབ་ཏུ་འཇིགས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དྲིལ་བུ་དཀྲོལ་བ་ལ་ཕྱག་འཚལ་ལོ། །ལ་ལ་རབ་ཏུ་དྲག་ཅིང་སྐྱེ་བོ་དྲག་ལ་དྲག་པའི་བུད་མེད་སྐུ་ལྟར་རབ་ཏུ་སྣང་། །འགྲོ་བ་ཐམས་ཅད་འདུལ་ཕྱིར་ལ་ལར་རབ་ཏུ་རྣོ་བའི་འཁོར་ལོ་ཕྱག་ན་བསྣམས་པའི་སྐུ། །ལ་ལར་རབ་ཏུ་དེས་ཤིང་ཞི་བ་མི་འགྱུར་སྦྱིན་པ་ཚངས་པའི་སྐུ་ཡང་སྟོན་པར་མཛོད། །ལ་ལར་རབ་ཏུ་འབར་བའི་ཆགས་པ་པདྨའི་རྒྱལ་པོའི་དམ་ཚིག་བདག་ལ་གྲུབ་པར་མཛོད། །ཐམས་ཅད་དབང་བསྐུར་དབང་ཕྱུག་དམ་པ་མི་ཟད་གཏེར་མཆོག་བདག་ལ་གྲུབ་པར་མཛད་དུ་གསོལ། །ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་བསྒྲེང་བ་རྡོ་རྗེ་རིན་ཆེན་ཤིན་ཏུ་ཆེ་བ་བདག་ལ་མཛོད། །ལ་ལར་མཁས་པའི་གཟུགས་ཀྱང་འཛིན། །ལ་ལར་དུས་མཐའི་དུས་ལྟར་དྲག །ལ་ལར་རྒྱལ་བའི་དབང་པོ་བཞིན་དུ་ཞི། །ལ་ལར་རྟ་མཆོག་འདོད་སྦྱོར་འདོད་པ་སྒྲུབ། །དེ་ནས་གར་དང་ལྡན་པ་ཡིས། །དབྱངས་འདི་རྣམས་ཀྱིས་གླུ་བླངས་ཤིང་། །དཔལ་ལྡན་གཡོན་དུ་འདུད་པ་ཡིས། །གཡས་ཀྱི་བ་དན་གསུམ་དུ་བྱ། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །བདེ་བ་དབབ་པའི་གར་བྱེད་པས། །སྐྱིལ་མོ་ཀྲུང་ནི་ཕྱེད་བཅས་ལ། །རྐང་པ་རང་གི་བརླ་མནན་ནས། །དེ་ཉིད་ཀྱི་ནི་སྦྱོར་བ་ཡིས། །དེ་ནས་བདེ་བར་བླངས་བསྡམས་ནས། །ལེགས་པར་བསྡམས་ཏེ་ཕྱེར་བཏགས་ནས། རབ་ཏུ་བཀྲམ་སྟེ་བཏུང་བར་བྱ། །བདེ་བར་རེག་པར་མཉམ་སྦྱོར་བའི། །མཆོད་པ་རྣམས་ནི་ཡང་དག་དབུལ། །དེ་ནས་འདི་ཡིས་མཆོད་བྱ་བ། །གཡས་དང་གཡོན་གྱི་ལག་པ་ཡིས། །འགྱིང་བ་མཆོག་གི་གར་བྱས་ཏེ། །སྟེང་དུ་དོར་དང་འོག་ཏུ་དོར། །བསྐོར་དང་དེ་བཞིན་བྱུག་བྱས་ཏེ། །མེ་ཏོག་བདུག་པ་མར་མེ་མཆོག། །དྲིའི་མཆོད་པ་དབུལ་བར་བྱ། །ལྷག་མ་གར་གྱི་ཚུལ་གྱིས་སུ། །གླིང་བུ་པི་ཝང་རྫ་རྔ་མཆོག །དེ་བཞིན་ཅང་ཏེའུ་རྣམས་དག་ཀྱང་། །གཡོན་གྱི་ཁུ་ཚུར་རབ་བསྡམས་ཏེ། །ལག་པ་གཡས་པས་བརྡུང་བྱ་ཞིང་། །རང་གི་མིང་གིས་བསྐུལ་བྱས་པས། །སྔགས་པས་མཆོད་པ་དབུལ་བར་བྱ། །ཞི་བའི་ཐལ་མོ་དགྱེས་པ་བསྐྱེད། །སྨིན་མཚམས་ཁྲོ་གཉེར་འགྱུར་བ་བཅས། །ལྟ་བ་རབ་འབར་རྣམ་པར་འགྱུར། །ལྟ་བའི་ཕྱག་རྒྱ་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་འབར་བར་བྱེད། །ཤ་ཆེན་གྱིས་ནི་རོ་མྱོང་ཞིང་། །མ་མཆུ་སོ་ཡིས་མནན་པ་ཡིས། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་ཟ་བར་བྱེད། །སྟེགས་ལ་སོགས་པའི་ཉམས་དང་ལྡན། །མཛེས་པའི་བཞིན་ནི་རྣམ་བསྒྱུར་ཞིང་། །རིམ་གྲོར་བཅས་ཤིང་སྟེག་པའི་མཆོག། །སྟེག་པའི་ལྟ་བའི་གར་བྱེད་ཅིང་། །མཛེས་པའི་ཚུལ་དང་གར་ཐབས་ཀྱིས། །བཞིན་གྱི་ཕྱག་རྒྱ་ལྡན་པར་བྱ། །སྨིན་མ་མིག་དང་སོ་དང་མཆུ། །ཁ་དང་ལུས་དང་རྐང་ལག་གིས། །ཆ་ལུགས་བཞིན་དུ་གར་བྱས་ཏེ། །ཕྱག་རྒྱ་ཀུན་གྱི་མཆོད་པ་འབུལ། །སུ་བྷ་ག་སྟྭཾ་མ་ཧཱ་དེ་བི་ཧི་རི་མི་དི་ར་ནི་ཤྲི་ཡེ། ཆོས་ཀྱི་ཕྱག་རྒྱ་དམ་པ་འདི། །འདོད་པའི་བདེ་བ་ཀུན་སྦྱིན་པའོ། །ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཧི། སརྦ་དུཥྚ་ས་མ་ཡ་མུ་དྲ་པྲ་བྷཾ་ཛ་ཀ་ཧཱུཾ་ཕཊ། འདི་ཡང་དཔལ་ཧེ་རུ་ཀའི་གསུང་གི་ཕྱག་རྒྱའོ། །རུ་ལུ་རུ་ལུ་བྷྱོ་ཞེས་བྱ་བའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་འདི་ཡང་དཔལ་ཧེ་རུ་ཀའི་གསུང་གི་ཕྱག་རྒྱ་སྟེ། ལས་དང་དངོས་གྲུབ་སྣ་ཚོགས་པའོ། །བ་ཧུ་བི་བི་ཏ་རོའུ་དྲ་སནྟ་ཏི་ཨ་ཤེ་ཥ་ནི་ཤེ་ཥ་སཏྭ་བི་ན་ཡ་སརྦ་ཏཐཱ་ག་ཏ། ཛ་ལེ་པྲ་ཛ་ལེ་ཀུརྦ་བི་ཀུརྦ་སརྦ་ཤམྦ་རེ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། འདི་ཡང་དཔལ་ཧེ་རུ་ཀའི་གསུང་གི་ཕྱག་རྒྱ་སྟེ། ལས་དང་དངོས་གྲུབ་སྣ་ཚོགས་པའོ། །དེ་ནས་བཟླས་པ་དང་བསྒོམ་པ་ཅི་ནུས་པ་བྱས་ཏེ་དཀྱིལ་འཁོར་བསྡུ་བར་བྱའོ། །དེ་ནས་དཔལ་ཧེ་རུ་ཀའི་ཕྱག་རྒྱས་བསྲུང་བ་བྱས་ཏེ། ཅི་དགའ་བར་གནས་པར་བྱའོ། །དེ་ལ་བསྲུང་བའི་ཕྱག་རྒྱ་ནི་འདི་ཡིན་ཏེ རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཧེ་རུ་དཔལ་གྱི་རྣམ་འཕྲུལ་བས། །ཇི་ལྟའི་ཚུལ་བཞིན་བྱེད་པ་ཡིས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངསནས། །གོ་ཆ་བགོ་བའི་ཐབས་སུ་བྱ། །སྤྱི་བོ་དང་ནི་དཔྲལ་བ་གཉིས། །གློ་རུ་གཉིས་དང་རྒྱབ་ཏུ་གཉིས། །རྡོ་རྗེ་ཕྲེང་བས་བཅིངས་པ་དང་། །སངས་རྒྱས་གཙུག་གི་ནོར་བུ་དག །དར་བཅིངས་ཐབས་སུ་བཅིངས་ནས་ནི། །འགྱིང་དང་བཅས་པའི་མཐའ་ནས་འགྲོལ། །ད་ར་དཔྱངས་པའི་ཐབས་བྱས་ནས། །ཐལ་མོ་བརྡབ་པས་བརྟན་པར་བྱ། །འདི་ཡིས་བསྲུང་བ་བྱས་ན་ནི། །རྡོ་རྗེ་སེམས་དཔའ་དཔལ་དང་འདྲ། །མི་ཆོད་པ་དང་མི་ཕྱེད་པའི། །རྡོ་རྗེ་སྐུ་ནི་རབ་ཏུ་འགྲུབ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོས་གཙོས་དང་གདོན་རྣམས་དང་། །ཡན་ལག་མ་རུང་བྱེད་པ་ཀུན། །འདི་ཡིས་བསྲུང་ན་ཡོང་མི་ཚུག །དཔལ་རྡོ་རྗེ་གོ་ཆ་ཞེས་བྱ་བའི་ཕྱག་རྒྱའོ། །དེ་ལ་དཔལ་ཧེ་རུ་ཀའི་དངོས་གྲུབ་ཐམས་ཅད་ཀྱི་ཕྱག་རྒྱ་ནི། གཡོན་པ་དྲིལ་བུ་སྒྲ་སྒྲོགས་ཤིང་། །གཡས་པ་ཡི་ནི་ལག་པ་ཡིས། །རྡོ་རྗེ་གྱེན་དུ་གསོར་ཞིང་བསྐོར། །སྒྱུ་མ་ཐམས་ཅད་འབྱུང་བར་བྱ། །ཞེས་པ་འདི་དངོས་གྲུབ་ལ་སྦྱར་བར་བྱའོ། །དེ་ལ་དཔལ་རྡོ་རྗེ་ཧེ་རུ་ཀའི་ལས་ཐམས་ཅད་པའི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་བཅིངས་པ་ལས། །མཐེའུ་གཉིས་ནི་རབ་བརྐྱང་ན། །མཁའ་འགྲོ་ལས་རྣམས་ཐམས་ཅད་ནི། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་བྱ་བའི་དཔལ་རྡོ་རྗེ་ཧེ་རུ་ཀའི་ཁུ་ཚུར་གྱི་ཕྱག་རྒྱ་འདིས་ཧེ་རུ་ཀའི་ལས་ཐམས་ཅད་ལ་སྦྱོར་རོ། །གལ་ཏེ་སློབ་མ་དཀྱིལ་འཁོར་དུ་གཞུག་པར་འདོད་ན་ནི་འདི་ཉིད་ལས་གསུངས་པ་བཞིན་དབང་དང་དམ་ཚིག་སྦྱིན་པར་བྱའོ། །འདི་ལྟ་བུའི་ཆོ་གས་ཇི་ལྟར་དམ་བཅས་པ་བཞིན་བསྒྲུབས་ནས། ཐ་མར་དངོས་གྲུབ་ལེན་པའི་ཚེ་གཉིས་སུ་མེད་པར་རོལ་པ་ལས་བྱང་ཆུབ་ཀྱི་སེམས་བླངས་ཏེ། སྔར་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཞག་པའི་བདུད་རྩི་དང་སྦྱར་བའི་དངོས་གྲུབ་བླང་བར་བྱའོ། །འདི་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཚོགས་ཀྱི་དཀྱིལ་འཁོར་དུ་བསྒྲུབ་པའི་ཆོ་ག་སྟེ་མན་ངག་གི་ཕྱོགས་གཅིག་གོ ། ཡང་། མན་ངག་གི་ཕྱོགས་གཉིས་པ་ནི་འབར་བའི་དཀྱིལ་འཁོར་བསྐྱེད་ནས་མཆོད་པའི་ཆོ་ག་ཡན་ལག་བཅུ་དང་བཅས་པས་བསྒྲུབ་པར་གསུངས་པ་སྟེ། དེ་ཡང་ཚུལ་སྔ་མ་ནི་ཚོམ་བུ་མིའི་དཀྱིལ་འཁོར་དུ་དངོས་གྲུབ་ཆེན་པོ་བསྒྲུབ་པ་གཙོར་གསུངས་ལ། ཚུལ་གཉིས་པ་ནི་གདུག་པ་ཅན་གདུལ་བའི་ལས་གྲུབ་པ་གཙོར་གསུངས་སོ། །དེ་ལ་འདིའི་རིམ་པ་ནི། དང་པོར་དཔལ་ཧེ་རུ་ཀའི་འབར་བའི་དཀྱིལ་འཁོར་བསྐྱེད་པའི་རིམ་གྱིས་སམ། ཅིག་ཅར་ཅི་དགའ་བར་བསྐྱེད་པར་བྱ་སྟེ། དེ་ལ་རིམ་གྱིས་བསྐྱེད་པར་འདོད་ན་ནི་ཆོ་ག་སྔ་མའི་ཚུལ་དུ་འདིར་ཡང་སྦྱར་རོ། །ཅིག་ཅར་བསྐྱེད་པར་འདོད་ན་ནི་དང་པོ་རྣམ་པར་མི་རྟོག་པ་ལས་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དུ་གནས་ཏེ། ཚིག་འདིས་བསྐུལ་ལོ། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་གཏུམ་གདུག་པར་གྱུར། །ཞེས་བརྗོད་པས་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་དེ་ཉིད་ཀྱིས་གདུག་པ་ཅན་གདུལ་བའི་ཕྱིར། སངས་རྒྱས་ཐམས་ཅད་བཀའ་གློད་པར་དགོངས་ནས། དཔུང་པ་གཡས་གཡོན་རྡོ་རྗེ་བཅིངས་ཏེ། རྡོ་རྗེ་སེ་གོལ་གྱི་སྒྲས་སངས་རྒྱས་ཐམས་ཅད་བསྡུ་བ་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་འབྲུ་བཞིན་དུ་རྒྱས་པར་བཏགས་ཏེ། སངས་རྒྱས་རྣམས་ཀྱི་བཀའ་གློད་པ། །ཤིན་ཏུ་གདུག་ཅིང་གཏུམ་པོ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ཡི། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་གློད་དེ་དྲག་པོས་གདུལ་བར་དགོངས་ནས་བྲུཾ་ཞེས་བརྗོད་པས་བྲུཾ་སྨུག་ནག་ལས་འོད་ཟེར་གྱི་འཕྲོ་འདུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་བོ། །དེ་ནས་འབར་བའི་སྐུ་བསྐྱེད་པའི་ཕྱིར། དེ་ནས་སྣ་ཡི་རྩེ་མོ་ལ། །ཡིད་ནི་བརྟན་པ་ཡང་དག་གཟུང་། །སྣ་ཡི་དབུགས་རིང་དྲོ་བ་ལས། །རྒྱལ་བས་ཕྱག་རྒྱའི་སྦྱོར་བ་ཕྱུང་། །བཅོམ་ལྡན་རྣལ་འབྱོར་དེ་ཉིད་ནི། །རྡོ་རྗེ་ཁྲོ་བོར་གྱུར་ནས་བྱུང་། །ཐོད་ཕྲེང་གི་ཕྱག་རྒྱ་སྨིན་མཚམས་སུ་བཅས་ཏེ། ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ས་མ་ཡ་ཧི་སརྦ་དུཥྚ་ས་མ་ཡ་མུ་དྲ་པྲ་བྷནྫ་ཀ་ཧཱུཾ་ཕཊ། ཅེས་བརྗོད་པས་དཔལ་རྡོ་རྗེ་སེམས་དཔའི་ཤངས་ཀྱི་རླུང་སྒྲོམ་ནས་དཔལ་ཧེ་རུ་ཀ་བྱུང་བས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཧེ་རུ་ཀར་གྱུར་པར་བྱའོ། །དེ་ནས་བྱིན་གྱིས་རླབས་པའི་ཆོ་ག་ཚུལ་སྔ་མ་ལྟར་འདིར་བྱས་ཀྱང་རུང་། ཕྲིན་ལས་གཙོར་གཉེར་བས་མ་བྱས་ཀྱང་རུང་སྟེ། དེ་ལ་མཁའ་འགྲོ་མའི་དཀྱིལ་འཁོར་གདོན་པར་བྱ་སྟེ། དེ་ཡང་ལྷ་མོ་སྨ་ཤ་ནི་ཡུམ་ཀྲོ་དྷཱི་ཤྭ་རིར་བྱིན་གྱིས་བརླབས་ཏེ། དེ་དང་རོལ་པ་ལས་མཁའ་འགྲོ་མའི་དཀྱིལ་འཁོར་བསྐྱེད་པའམ། ཡང་ན་གཙོ་བོ་ཉིད་ཀྱི་སྐུའི་འོད་ཟེར་ལས་སོ་སོའི་སྙིང་པོ་བརྗོད་པ་ཙམ་གྱིས་བསྐྱེད་པར་བྱའོ། །སྔོན་གྱི་སློབ་དཔོན་ཁ་ཅིག་ནི། སྙིང་པོ་རེ་རེ་ལ་ཡང་ལན་བཞི་བཞི་བརྗོད་པར་གསུངས་ཏེ། དེ་ཡང་བསྐུལ་བ་དང་བསྐྱེད་པ་དང་རྫོགས་པ་དང་མཐར་ཕྱིན་པར་བྱ་བའི་ཕྱིར་རོ་ཞེས་སོ། །དེ་ལྟར་སྐུ་བསྐྱེད་ནས་མཆོད་པའི་ཆོ་ག་ཡན་ལག་བཅུའི་སྒོ་ནས་གསུངས་པ་ཡང་། སློབ་དཔོན་ཧཱུཾ་ཀ་རའི་ཞལ་སྔ་ནས་དཔལ་ཡང་དག་གྲུབ་པ་ལས། འདི་སྐད་དུ། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །གཞུག་དང་བརྟན་དང་མི་གཡོ་དང་། །དམ་ཚིག་ཟིལ་གནོན་ཕྱག་བྱེད་དང་། །མཆོད་དང་སྟོབ་དང་བཟའ་བ་དག །ཚུལ་རིགས་གོམས་པའི་བློ་དག་གིས། །ཅི་རིགས་སུ་ནི་ལས་རྣམས་བྱ། །ཞེས་གསུངས་པ་ཡིན་ཏེ། དེ་ཡང་དང་པོར་སྙན་གསན་དབབ། དེ་ནས་སྤྱན་དྲང་། དེ་ནས་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་ཅིང་བསྟིམ། དེ་ནས་བཞུགས་པ་རྣམས་བརྟན་པར་བྱ། དེ་ནས་བརྟན་པ་རྣམས་མི་གཡོ་ཞིང་དབང་དུ་བྱ། དེ་ནས་ཐུགས་དམ་བསྐུལ། དེ་ནས་གདུག་པ་ཟིལ་གྱིས་མནན། དེ་ནས་ཕྱག་བྱ། དེ་ནས་མཆོད། དེ་ནས་སྟོབ། དེ་ནས་བཟའ་སྟེ། དེ་ལྟར་ཡན་ལག་དེ་དག་གིས་དྲག་པོའི་ཕྲིན་ལས་སྒྲུབ་བོ། །དེ་ཡང་བསྡུ་ན་རྣམ་པ་བཞི་ཡིན་ཏེ། སྤྱན་དྲང་བ་དང་། ཕྱག་བཙལ་བ་དང་། མཆོད་པ་དང་། ལས་བསྒྲུབ་པའོ། །དེ་ཡང་དང་པོར་སྙན་གསན་ཕབ། དེ་ནས་སྤྱན་དྲང་བ་ནི་ལྕགས་ཀྱུའི་དོན། གཞུག་པ་ནི་ཞགས་པའི་དོན། བརྟན་པ་ནི་ལྕགས་སྒྲོག་གི་དོན། མི་གཡོ་བ་ནི་དྲིལ་བུའི་དོན། དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པའི་དམ་ཚིག་ནི་དམ་ཚིག་བསྐུལ་བའི་དོན། ཟིལ་གནོན་ནི་ཕྲིན་ལས་བསྐུལ་བའི་དོན་ཏེ། དེ་བས་ན་ཐམས་ཅད་སྤྱན་དྲང་བའི་ཆོ་གའི་ཡན་ལག་ཙམ་མོ། །ཕྱག་དང་མཆོད་པ་ནི། དངོས་སུ་སྨོས་པར་ཟད། བསྟབ་པ་དང་བཟའ་བ་ནི་གདུག་པ་ཅན་འདུལ་བའི་ལས་གྲུབ་པའི་མཚན་ཉིད་དོ། །མདོར་བསྡུ་ན་སྤྱན་དྲང་བ་དང་ཕྱག་བཙལ་བ་ཡང་མཆོད་པའི་ཆོ་ག་ཡིན་ཏེ། འབར་བའི་དཀྱིལ་འཁོར་མཆོད་ནས་ལས་བསྒྲུབ་པ་ཙམ་དུ་ཟད་དོ། །དེ་ལ་སྙན་གསན་གསོལ་བ་ནས་ཕྱག་བྱ་བ་ལ་ཐུག་གི་བར་ནི་མཆོད་པའི་ཡི་གེ་གཞན་ནས་གསལ་བར་འབྱུང་བ་ལྟར་བྱའོ། །མཆོད་པའི་སྐབས་སུ་ནི་མན་ངག་གི་ཚུལ་སྔ་མ་ནས་འབྱུང་བ་ལྟ་བུར་ཅི་ཙམ་འབྱོར་བས་བྱའོ། །བསྟབ་པ་དང་བཟའ་བ་ཡང་གཞན་བཞིན་བྱ། དཀྱིལ་འཁོར་བསྡུ་བ་ལ་སོགས་པ་སྤྱིའི་ཡན་ལག་རྣམས་ཀྱང་སྤྱི་དང་མཐུན་པར་བྱའོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་བསྒྲུབ་པའི་ཆོ་ག་རྫོགས་སོ། །ད་ནི་དཔལ་པད་མ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་ལ་སོགས་པར་བསྒྲུབ་པའི་ཆོ་ག་བཤད་དེ། དེའི་ཕྱིར། གཞན་ཡང་ཤིན་ཏུ་རྣལ་འབྱོར་པ། །མ་ལུས་པད་མོ་རྣམ་སྦྱང་ཕྱིར། །སྐལ་བཟང་དམ་པ་མི་འགྱུར་བ། །པད་མོ་སྒྱུ་མ་དབང་ཕྱུག་གྱུར། །ཞེས་བྱ་བ་ལ་སོགས་པ་རིགས་སོ་སོའི་དཀྱིལ་འཁོར་དུ་བསྒྲུབ་པ་གསུངས་ཏེ། དེ་ལ་དཀྱིལ་འཁོར་འདི་རྣམས་ཀྱི་ཆོ་ག་ཡང་གོང་དུ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་སྤྱིའི་ཆོ་ག་རྒྱས་པར་བསྟན་པ་དང་། དཔལ་རྣམ་པར་སྣང་མཛད་དང་ཧེ་རུ་ཀའི་དཀྱིལ་འཁོར་དུ་བྱེ་བྲག་གི་ཆོ་ག་བསྟན་པས་དེ་བཞིན་དུ་རིགས་གཞན་ལ་ཡང་རང་རང་གི་རིགས་ཀྱི་ཕྱག་རྒྱ་རྒྱུད་ལས་སོ་སོར་གསུངས་པ་རྣམས་དེ་བཞིན་དུ་སྦྱར་ཏེ་ཤེས་པར་བྱའོ། །དེ་ལ་རིགས་སོ་སོའི་ཕྱག་རྒྱ་གང་ཡིན་ངོ་མི་ཤེས་པ་རྣམས་ཀྱང་འོག་ནས་ཕྱག་རྒྱ་སོ་སོའི་སྐབས་སུ་བབ་པའི་དུས་སུ་རིགས་གང་གི་ཕྱག་རྒྱ་ཡིན་པ་དང་། རང་གི་ངོ་བོ་གང་ཡིན་པ་དང་། དགོས་པ་གང་དུ་སྦྱར་བ་རྣམས་ཀྱིས་སྟོན་པར་འགྱུར་བས་ཤེས་པར་འགྱུར་རོ། །དེ་བས་ན་འདིར་རྒྱུད་འདི་ཉིད་དུ་གསལ་བར་མ་གསུངས་པའི་སྙིང་པོ་གསང་སྔགས་ལྟ་བུ་དང་། ཕྱག་རྒྱའི་ཚུལ་ཤེས་ཙམ་བརྗོད་པར་བྱའོ། །དེ་ལ་དཔལ་པད་མ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་ནི། སྙིང་པོ་པད་མའི་དབྱིབས་ལ་ཕྱི་རོལ་སྔ་མ་དང་མཐུན་པར་བྱའོ། །སྙིང་པོ་ནི་ཧྲཱིཿཞེས་བྱ་བ་མདོག་དཀར་པོ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལས་བསྐྱེད་དེ། སྐུ་མདོག་ཤེལ་སྒོང་ལྟར་དཀར་བ་འོད་ཟེར་དམར་པོ་ལ་སོགས་པ་འབར་བ་སྣ་ཚོགས་ཀྱི་ཕྲེང་བ་འཁྲིགས་པས་སངས་རྒྱས་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པ། རྒྱནཐམས་ཅད་ཀྱིས་བརྒྱན་པ། ཕྱག་གྲངས་ངེས་པ་མེད་དེ། བརྒྱ་པ་ལ་སོགས་པས་གར་ཐབས་ཀྱི་ཚུལ་གྱིས་སྣ་ཚོགས་པད་མ་བསྣམས་ཤིང་པད་མའི་ཕྱག་རྒྱ་ཅན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་པདྨའི་གདན་ལ་བཞུགས་པའོ། །གསང་སྔགས་ནི། ཨོཾ་སྭ་བྷཱ་བ་བི་ཤུདྡྷ་པདྨ་ནརྟེ་ཤྭ་ར་ཧྲཱིཿཞེས་བྱའོ། །ལྷ་མོ་རྣམས་ནི་གསང་བའི་ཡུམ་བཞི་ལ། ཤར་ཕྱོགས་སུ་རྣམ་པར་གཟིགས། ཕྱག་གཡོན་པས་པདྨ་དམར་པོ་འཛིན། གཡས་མཐེབ་མཛུབ་སྦྱར་ཏེ་སྙིང་གར་འདྲེན་པའི་ཚུལ་གྱིས་ཁ་འབྱེད་པ་ས་བོན་ཛཿལས་བསྐྱེད། གསང་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨི་ཛཿཞེས་བྱའོ། །ལྷོར་སྒྲོལ་མ་བྱང་ཆུབ་མ་གཡོན་ན་པད་མ་ལྗང་གུ་གཡས་ཁུ་ཚུར་སྙིང་གར་བཅིངས་པ་ཧཱུཾ་ལས་བསྐྱེད། ཧཱུཾ་བཛྲ་པདྨི། གསང་སྔགས་སོ། །ནུབ་ཕྱོགས་སུ་རྒྱ་ཅན་མ་གཡོན་པད་མ་དཀར་པོ་གཡས་འཁོར་ལོ་བསྣམས་པ་སྙིང་པོ་བཾ་ལས་བསྐྱེད། ཧེ་པདྨི་པདྨི་བཾ། གསང་སྔགས་སོ། །བྱང་དུ་ཁྲོ་གཉེར་མ་གཡོན་པད་མ་མཐིང་ག་གཡས་གསལ་ཞིང་བསྣམས་པ་ཧོ་ལས་བསྐྱེད། ཧོ་པདྨ་ཎི་ར་ཛཾ། གསང་སྔགས་སོ། །རིགས་ཀྱི་ཡུམ་བཞི་ལ་ཤར་ཕྱོགས་སུ་ཁྲོ་མོ་དབང་ཕྱུག་མ་ཕྱག་མཚན་རྣམ་པར་གཟིགས་དང་འདྲ་བ་ཧཱུཾ་ལས་བསྐྱེད། ཧཱུཾ་པདྨ་ཙཎྜི་ཤྭ་རི་ཧཱུཾ་ཕཊ། གསང་སྔགས་སོ། །ལྷོར་པདྨ་མཐུ་ཆེན་མ་ཕྱག་མཚན་སྒྲོལ་མ་བྱང་ཆུབ་མ་དང་མཐུན་པ་ཧེ་ལས་བསྐྱེད། ཧེ་མ་མ་ཧཱ་བི་ཤྭ་པདྨ་མུ་དྲེ་ཌྱེ་ཧཱུཾ་ཕཊ། གསང་སྔགས་སོ། །ནུབ་ཏུ་པདྨ་དཔལ་ཆེན་མ་གཡོན་པདྨ་སེར་པོ་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པ་ས་བོན་ཨ་ལས་བསྐྱེད། ཧྲཱིཿཔདྨི་པདྨི་ཧཱུཾ་ཨ། གསང་སྔགས་སོ། །བྱང་དུ་འདོད་པའི་དབང་མོ་གཡོན་པདྨ་ལེ་བརྒན་གཡས་རྡོ་རྗེ་རྩེ་གསུམ་བསྣམས་པ་ཧོཿལས་བསྐྱེད། ཧོ་པདྨི་བི་ཤྭ་ཀྲ་མ་ཧཱུཾ་ཧཱུཾ་ཛཿ གསང་སྔགས་སོ། །མཆོད་པའི་ལྷ་མོ་སྒོ་མ་བཞིའི་ཕྱག་རྒྱ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་ཤེས་པར་བྱའོ། །དཔལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་གྱི་སྙིང་པོ་རིན་པོ་ཆེ་ཟུར་བརྒྱད་ཀྱི་དབྱིབས་སུ་བྱའོ། །དེ་ལ་དཔལ་རྡོ་རྗེ་ཉི་མ་སྐུའི་དཀྱིལ་འཁོར་གྱི་མདངས་འདྲ་བ་ཕྱག་གཡས་གཡོན་དང་པོ་གཉིས་ཀྱི་མདའ་གཞུ་འགེངས་པ། འོག་མ་གཉིས་ན་རལ་གྲི་དང་མེ་ལྟར་འབར་བའི་རྡོ་རྗེ་ཉི་མ་བསྣམས་ཏེ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་སྙིང་པོ་ཏྲཾ་ལས་བསྐྱེད། གསང་སྔགས་ནི། །ཨོཾ་སིངྔྷཱ་བྷུ་སིངྔྷཱ་བྷུ། སིངྔྷཱ་ས་མ་ས་མ་ཡ་སིངྔྷཱ་མ་ཧཱ་བཛྲ་རཏྣ་བཱ་བ་ཊ་ཊ་ཏྲཾ། ཞེས་བྱའོ། །གསང་བའི་ཡུམ་བཞི་ལ། ཤར་ཕྱོགས་སུ་དབང་བསྐུར་ལྡན་དབང་བསྐུར་བའི་བུམ་པ་བསྣམས་པ་ཛཿལས་བསྐྱེད། བཛྲ་སཏྭ་ཛཿ གསང་སྔགས་སོ། །ལྷོ་ཕྱོགས་སུ་གཏེར་འཛིན་མ་གཏེར་གྱི་བུམ་པ་འཛིན། ཡང་ན་གསེརགྱི་ཞོང་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ་འཛིན་པ་ཧཱུཾ་ལས་བསྐྱེད། བཛྲ་རཏྣ་ཧཱུཾ། གསང་སྔགས་སོ། །ནུབ་ཕྱོགས་སུ་རྒྱལ་མཚན་མཆོག་ལྡན་མ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྣམས་པ་བཾ་ལས་བསྐྱེད། བཛྲ་ངྷརྨ་བཾ། གསང་སྔགས་སོ། །བྱང་ཕྱོགས་སུ་མཆོད་པ་ཆེན་མོ་རིན་པོ་ཆེ་མེ་ཏོག་གི་ཞོང་པ་བསྣམས་པ་ཧོཿལས་བསྐྱེད། བཛྲ་ཀརྨ་ཧོཿགསང་སྔགས་སོ། །རིགས་ཀྱི་ཡུམ་བཞི་ལ་ཤར་ཕྱོགས་སུ་མདའ་འཛིན་མ་ཕྱག་ན་མདའ་གཞུ་འགེངས་པ་ཨ་ལས་བསྐྱེད་དེ། ཨོཾ་བྲྀངྔྷ་བཛྲེ་ཎ་མཊ། གསང་སྔགས་སོ། །ལྷོ་ཕྱོགས་སུ་རལ་གྲི་འཛིན་མ་རལ་གྲི་བསྣམས་པ་ཧྲཱིཿལས་བསྐྱེད། ཨོཾ་པྲ་ཏི་ཧྲཱིཿ གསང་སྔགས་སོ། །ནུབ་ཕྱོགས་སུ་རྡོ་རྗེ་གཟི་བརྗིད་མ་ཕྱག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཉིམའི་སྙིང་པོ་ཅན་བསྣམས་པ་ཧོ་ལས་བསྐྱེད། ཨོཾ་ཙནྟི་མ་ཎི་ཧོ། གསང་སྔགས་སོ། །བྱང་ཕྱོགས་སུ་བསྲེག་ཟ་ཕྱག་ན་མེ་འབར་བ་བསྣམས་པ་ཧཾ་ལས་བསྐྱེད། ཨོཾ་བཛྲ་མ་ཤ་མ་ཧཾ། གསང་སྔགས་སོ། །གཞན་ཡང་སྔ་མ་བཞིན་དུ་སྦྱར། དཔལ་རྟ་མཆོག་གི་དཀྱིལ་འཁོར་ནི་དཀྱིལ་འཁོར་གྱི་དབྱིབས་དང་འཁོར་གྱི་ལྷ་མོ་ལ་གཅིག་ཏུ་ཆད་པ་མེད་དེ། གོང་གི་དཀྱིལ་འཁོར་གང་ཡང་རུང་བར་སྦྱར། སྐུའི་ཚུལ་ནི། ཞལ་བཞི་ཕྱག་བཞི་ཞབས་བཞིའི་རྨིག་པ་བཞི་སྐུ་མདོག་དམར་པོ། ཞལ་དབུས་དམར་པོ། ཆགས་པའི་ཞལ། གཡས་མཐིང་ག་ཁྲོས་པའི་ཞལ་གཡོན་དཀར་པོ་ཞི་བའི་ཞལ། སྤྱི་བོ་རྟ་མགོ་ལྗང་གུ་དྲག་ཤུལ་གྱི་ཞལ་ལོ། །ཕྱག་བཞི་ལ་གཡས་གཡོན་དང་པོ་གཉིས་ན་རྡོ་རྗེ་རྒྱ་གྲམ་དང་སྣ་ཚོགས་པད་མ་བསྣམས་པ། གཡས་འོག་མ་བ་དན་ལྕེ་གསུམ་འཕྱར། གཡོན་འོག་མ་མཐའ་རྣམ་པ་གཉིས་སུ་ཤི་བ་སློང་བའི་ཚུལ་དུ་བཞུགས། ཞབས་བཞི་རྨིག་པ་བཞི་གྱད་ཀྱི་དོར་སྟབས་ཀྱིས་མ་ཧཱ་དེ་བ་དང་གཤིན་རྗེ་དང་ཚངས་པ་དང་ཁྱབ་འཇུག་རྣམས་བརྫིས་ནས་དེའི་ཆུང་མ་རྣམས་ཕྲོག་ནས་སྦྱོར་རོ། །སྙིང་པོ་ནི། ཧཱུཾ་བཛྲི་ཧ། ཞེས་བྱའོ། །གསང་སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཨོཾ་བི་ཤྭ་བཛྲ་ངྷརྨ་བཛྲོ། ཨོཾ་བི་ཤྭ་བཛྲ་སཏྭ་ཧ། ཞེས་བྱ་བའི་སྔགས་ཀྱི་སྦྱར་རོ། །དཀྱིལ་འཁོར་འདི་དག་ཐམས་ཅད་དུའང་སློབ་མ་དབང་བསྐུར་བ་དང་དམ་ཚིག་སྦྱིན་པ་དང་མན་ངག་སྦྱིན་པ་དང་ཡོན་དབུལ་བ་དང་ཆོས་ལེགས་པར་བསྟན་པ་རྣམས་ཀྱི་ཆོ་ག་རྣམས་དཔལ་རྡོ་རྗེ་སེམས་དཔའི་སྐབས་ནས་གསུངས་པ་དང་། རིགས་སོ་སོའི་ཕྱག་རྒྱ་སོ་སོ་ལས་གསུངས་པ་བཞིན་ཚང་བར་བསྒྲུབ་པར་བྱའོ། །དམ་ཚིག་རྣམ་པ་སྣ་ཚོགས་ཀྱིས། དེ་ལྟར་རྣམ་པ་སྤྱད་ན་ནི། །ཞེས་བྱ་བ་ལ་སོགས་པ་མན་ཆད་ནི་དཀྱིལ་འཁོར་སོ་སོའི་ཡོན་ཏན་གྱི་བྱེ་བྲག་སྟོན་པར་བྱེད་པའོ། །ལེའུ་འདི་ནི་སྒྲུབ་ཐབས་ཀྱི་ཆོ་ག་ཐམས་ཅད་ཀྱི་དངོས་གཞིར་གྱུར་པ་མཁའ་འགྲོ་མ་སྒྱུ་མ་རྣམ་པར་འཕྲུལ་པ་ཞེས་བྱ་བ་བྱིན་བརླབས་བསྒྲུབ་པ་རྗེས་སུ་མཐུན་པའི་ཕྱག་རྒྱ་བསྟན་པ་ཡིན་པས་མཁའ་འགྲོ་མའི་ཕྱག་རྒྱའི་རྟོག་པ་ཞེས་བྱ་སྟེ་རྟོག་པ་དྲུག་པའོ། །ཅི་རིག་རྣམ་པར་འཕྲུལ་བ་དེ་དག་ཇི་ལྟར་བསྒྲུབ་པའི་ཐབས་ཀྱི་ཆོ་ག་ལ། ཐབས་ཀྱི་དངོས་གཞིར་གྱུར་པ་མཁའ་འགྲོ་མ་སྒྱུ་མ་རྣམ་པར་འཕྲུལ་བ་བཤད་ནས། ད་ནི་དེའི་ཡན་ལག་དང་གྲོགས་སུ་གྱུར་པ་རྣམ་པར་འཕྲུལ་བ་བཞི་སྟོན་པ་ལ། འདི་ལྟར་འཁོར་ལོ་རྣམ་པར་འཕྲུལ་བ་དང་། དེ་བཞིན་དུ་མཆོད་པ་དང་ཕྱག་རྒྱ་དང་ཕྱག་རྒྱ་ཀུན་ནས་བསྡུས་པའོ། །དེ་ལས་འདིར་འཁོར་ལོ་རྣམ་པར་འཕྲུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་མཚན་མ་སྟོན་པ་སྟེ། དེ་ཡང་འཁོར་ལོར་འཇུག་པའི་ཡན་ལག་ཆོ་ག་རྣམ་པ་ལྔས་བསྡུས་པ་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷའི། །རྣམ་པ་སྣ་ཚོགས་ཀུན་གྱི་མཆོག །འཁོར་ལོ་ཐམས་ཅད་རྣམ་སྤྲུལ་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདིར་དངོས་གྲུབ་བསྒྲུབ་པའི་རྒྱུ་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་ཆོ་ག་ལྔ་གསུངས་པ་ནི། འདིར་དགག་པའི་སྒོ་ནས་བཤད་པ། དཀྱིལ་འཁོར་ཀུན་ཏུ་མ་ཞུགས་ཤིང་། །དམ་ཚིག་རྣམ་པ་སྤངས་པ་དང་། །གསང་བ་ཡང་དག་མི་ཤེས་པས། །སྒྲུབ་པ་ཅི་ཡང་མི་འགྲུབ་བོ། །ཞེས་གསུངས་སོ། །དེ་ལས་བཟློག་ནསབསྒྲུབ་པའི་ཚུལ་ནས་བཤད་པ། དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས། དེ་བཞིན་དུ་ནི་ཡོན་ཕུལ་ཏེ། །གསང་བའི་ཆོ་ག་ཉིད་ཤེས་པས། །མི་འགྱུར་བའི་མཆོག་ཀྱང་འགྲུབ་བོ། །ཞེས་གསུངས་ཏེ། དེ་ལ་ཆོ་ག་ལྔ་ནི་དང་པོ་ཐེག་པ་ཆེན་པོ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ཡོངས་སུ་གཟུང་བ་དང་། དེས་བསྟན་པའི་གསང་བའི་དཀྱིལ་འཁོར་དུ་ཞུགས་ཏེ། དབང་ཐོབ་པར་བྱ་བ་དང་། དེའི་ཚེ་ཐེག་པ་ཆེན་པོའི་དམ་ཚིག་གི་སྡོམ་པ་མནོས་ཏེ་དམ་ཚིག་ཅན་དུ་བྱ་བ་དང་། ཐབས་གང་གིས་དངོས་གྲུབ་ཐོབ་པར་འགྱུར་བའི་མན་ངག་གསང་བའི་དེ་ཁོ་ན་ཉིད་ཤེས་པར་བྱ་བ་དང་། དེ་ནས་ཀྱང་བརྩོན་པས་བཀའ་བཞིན་དུ་སྒྲུབ་པའི་མཚན་ཉིད་དེ། དེ་ལྟར་ལྔའི་སྒོ་ནས་དངོས་གྲུབ་འགྲུབ་པརབཤད་པ་ལས། དང་པོ་དཀྱིལ་འཁོར་བྲི་བའི་གནས་བསྟན་པའི་ཕྱིར། གསང་བ་མཆོག་གི་དགྱེས་པར་ནི། །ཐམས་ཅད་བདག་ཉིད་རྗེས་སུ་བསྒྲུབ། །ཅེས་གསུངས་ཏེ། འདི་ནི་སྔོན་དུ་བསྟན་པ་བཞིན་དུ་གནས་ཀྱི་རང་བཞིན་དུ་གསུངས་སོ། །རིགས་སོ་སོའི་གནས་གསུངས་པ་ལ། དབེན་པ་ཡི་ནི་གནས་དག་གི ། ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་གནས་སོ། །དེ་བཞིན་དུ་རྟེན་དང་དགོན་པ་ཞེས་བྱ་བ་ལ་སོགས་པ་ནི། དཔལ་རྣམ་པར་སྣང་མཛད་ཀྱིའོ། །དུར་ཁྲོད་དང་ཞེས་བྱ་བ་ལ་སོགས་པ་ནི་དཔལ་ཧེ་རུ་ཀའི་འོ། །པདྨོ་སྐྱེད་མོས་ཚལ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་པད་མ་གར་དབང་གིའོ། །རྒྱལ་པོའི་ཕོ་བྲང་ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྡོ་རྗེ་ཉི་མའི་འོ། །མཁར་ནི་རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྟ་མཆོག་གི་གནས་སོ། །ཆ་ལུགས་རྣམ་པ་སྣ་ཚོགས་དང་། །ཞེས་བྱ་བ་ལ་སོགས་པས་ནི་རིགས་སོ་སོའི་དཀྱིལ་འཁོར་གྱི་ལྷ་དང་སྔགས་པ་དང་མཆོད་པའི་ཡོ་བྱད་རྣམས་ཀྱི་ཆ་ལུགས་སམ་མཚན་ཉིད་བསྟན་པའོ། །གནས་དང་འཁོར་རྣམས་ཅིའདྲ་དང་། །ཞེས་བྱ་བ་ལ་སོགས་པས་ནི་གདུལ་བྱའི་འགྲོ་བ་ཇི་ལྟར་འདུལ་བ་ཅི་འདྲ་བར་དེ་ལྟར་དཔལ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་སྣ་ཚོགས་འཕྲུལ་བར་མཛད་ལ། འཕྲུལ་བ་དེ་ཅི་འདྲ་བར་བསྒྲུབ་པ་པོ་རྣམས་ཀྱིས་འདྲིས་༼མཆན། འདི་བྲིས་ཀྱི་དཀྱིལ་འཁོར་ཡིན་ནམ་དཔྱད།༽ཀྱི་དཀྱིལ་འཁོར་བྱ་བར་བསྟན་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལྷ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་བསྟན་ཏོ། །དཀྱིལ་འཁོར་ཐིག་གདབ་ཤེས་རབ་ཅན། །ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་སྤྱིའི་ཐིག་གདབ་པའི་ཚུལ་བསྟན་ཏོ། །དཀྱིལ་འཁོར་ཡང་དག་ཇི་ལྟར་བར། །ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་བྲི་བའི་ཆོ་ག་བསྟན་ཏོ། །ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །ཞེས་བྱ་བ་ལ་སོགས་པ་ནི་རིགས་སོ་སོའི་དཀྱིལ་འཁོར་གྱི་དབྱིབས་བསྟན་ཏེ། ཚོགས་ཀྱི་དཀྱིལ་འཁོར་དུ་བཤད་པ་བཞིན་ཤེས་པར་བྱའོ། །དཀྱིལ་འཁོར་ཀུན་ཏུ་མ་ཞུགས་ཤིང་། །དམ་ཚིག་རྣམ་པ་སྤང་བ་དང་། །གསང་བ་ཡང་དག་མི་ཤེས་པས། །བསྒྲུབ་པ་ཅི་ཡང་མི་འགྲུབ་བོ། །ཞེས་བྱ་བ་འདིས་དངོས་གྲུབ་མི་ཐོབ་པའི་རྒྱུ་བསྟན་པའི་སྒོ་ནས་དངོས་གྲུབ་ཀྱི་རྒྱུ་སྔོན་དུ་བྱ་བའི་ཆོ་ག་ཡན་ལག་ལྔ་དང་ལྡན་པས་བསྒྲུབ་པར་གསུངས་ཏེ། ལེའུ་འདིའི་དོན་ཡང་ཚིག་འདིས་བསྡུས་སོ། །དེ་ལ་དང་པོར་དམ་ཚིག་བསྟན་པའི་ཕྱིར། སྲོག་ཆགས་བསད་པར་མི་བྱ་ཞིང་། །དཀོན་མཆོག་གསུམ་ནི་ཡོང་མི་སྤང་། །བྱང་ཆུབ་སེམས་ཀྱང་མི་བཏང་སྟེ། །སློབ་དཔོན་སྐལ་བཟང་ཡོང་མི་བཏང་། ཞེས་གསུངས་ཏེ། དམ་ཚིག་གི་སྡོམ་པ་འདི་བཞི་ནི་གསང་བའི་ཐེག་པ་སྤྱི་དང་ཁྱད་པར་གྱི་རྩ་བའི་སྡོམ་པ་མདོར་བསྡུས་པ་སྟེ། དེ་ཡང་གསང་བའི་ཐེག་པ་ལ་གནས་པ་རྣམས་ཀྱིས་སོ་སོར་ཐར་པའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་སྤྱིར་བྱས་ནས་རང་གི་སྡོམ་པ་ཁྱད་པར་དུ་བསྲུང་བར་བྱ་བ་ཡིན་པ་ལས་སོ་སོར་ཐར་པའི་སྡོམ་པའི་སྐབས་རྩ་བའི་ལྟུང་བ་ཕས་ཕམ་པ་བཞི་ཡིན་པ་ལས། དེ་ལས་ཤིན་ཏུ་ལྕི་བ་ནི་སྲོག་གཅོད་པ་ཡིན་ཏེ། དེ་བས་ན་འདི་ཐེག་པ་ཐུན་མོང་གི་བསླབས་པའི་གཞི་རྣམས་ཀྱི་སྙིང་པོ་ཡིན་པས་དེ་བསྟན་ཏོ། །དཀོན་མཆོག་གསུམ་མི་སྤང་བ་དང་བྱང་ཆུབ་ཀྱི་སེམས་མི་བཏང་བ་གཉིས་ནི་ཐེག་པ་ཆེན་པོ་ཐམས་ཅད་ཀྱི་ཐུན་མོང་དུ་རྩ་བའི་ལྟུང་བར་གསུངས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་དེ་བསྟན་ཏོ། །སློབ་དཔོན་སྐལ་བཟང་མི་བཏང་བ་ནི་གསང་སྔགས་ཀྱི་ཁྱད་པར་གྱི་དམ་ཚིག་ཏུ་རྩ་བའི་ལྟུང་བ་གསུངས་པ་རྣམས་ཀྱི་ནང་ནའང་སྙིང་པོ་ཡིན་ཏེ། དེ་བས་ན་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་ཀྱི་རྩ་བ་རྣམས་ཀྱི་སྙིང་པོར་གསུངས་པའོ། །ཀུན་ཏུ་སྣ་ཚོགས་སྐལ་བཟང་པོར། །ཞེས་བྱ་བ་ལ་སོགས་པས་རིགས་སོ་སོའི་སྐལ་བ་བཟང་ངན་བྱེ་བྲག་བསྟན་པ། གསང་སྔགས་ཀྱི་མཐུའི་ཆེ་བ་སྟོན་པ་འདི་དག་ནི། གསང་བ་ཡང་དག་མི་ཤེས་པས་མི་འགྲུབ་ཅིང་དེ་བསལ་༼གསལ། ཞེས་རྨུགས་སངས་པར་མར་བཅོས་འདུག་མོད་མ་ངེས་སྙམ། རྫོགས་ཆེན་པར་མར་བསལ་ཡིན།༽བར་ཤེས་པས་བསྒྲུབ་པ་གསུངས་པ་སྟེ། ཇི་ལྟར་སྒྲུབ་པའི་ཐབས་ཀྱི་ཆོ་གའི་མན་ངག་ཤེས་པ་ཞེས་བྱ་བ་ཆོ་ག་ཡན་ལག་གཅིག་གོ །དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ནི། བྱང་ཆུབ་སེམས་ཀྱི་བདག་ཉིད་ཀྱི་ཆགས་པ་མི་གཏོང་བས་སྐལ་བ་བཟང་ངོ་། །བྱང་ཆུབ་སེམས་ཀྱི་བདག་ཉིད་སྤངས་པས་དམ་ཚིག་ལ་སྡང་བ་སྟེ། དེ་ལྟ་བུའི་འགྲོ་བ་ཐམས་ཅད་སྐལ་བ་ངན་པའོ། །དཔལ་རྣམ་པར་སྣང་མཛད་ནི་འགྲོ་བ་ཐམས་ཅད་སྐྱབས་པའི་ཕྱིར་སྲིད་པའི་མྱུ་གུར་མངོན་པར་བསྒྲུབ་པས་སྐལ་བ་བཟང་ངོ་། །ཉན་ཐོས་ནི་སྲིད་པའི་མྱུ་གུ་བཀག་པས་སྐལ་བ་ངན་ནོ། །དཔལ་ཧེ་རུ་ཀ་ནི་ཐབས་ཐམས་ཅད་ལ་སྦྱོར་བས་སྐལ་བ་བཟང་ངོ་། །རང་རྒྱལ་བ་རྣམས་ནི་ཚིག་གི་དོན་མེད་པར་རྟོགས་ཏེ་ཡུལ་ཐམས་ཅད་སྟོང་པ་ཉིད་དུ་མཐོང་སྟེ། ངག་ཤིན་ཏུ་འགོག་པའི་ཏིང་ངེ་འཛིན་ཙམ་ལ་གནས་པས་སྐལ་བ་ངན་ནོ། །དཔལ་པད་མ་གར་དབང་ནི་རྣམ་པར་དག་པའི་ཆོས་གཟིགས་པས་སྐལ་བ་བཟང་ངོ་། །མུ་སྟེགས་ཅན་ནི་ལོག་པར་ལྟ་བ་དང་ལྡན་པ་སྟེ། དག་པའི་ཆོས་མ་མཐོང་བས་སྐལ་བ་ངན་ནོ། །དཔལ་རྡོ་རྗེ་ཉི་མ་ནི་སངས་རྒྱས་ཀྱི་རྒྱལ་སྲིད་བསྒྲུབ་སྟེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བས་སྐལ་བ་བཟང་ངོ་། །དཀའ་ཐུབ་སྤྱོད་པ་རྣམས་ནི་བདག་གི་བུ་ཡོངས་སུ་བསྐྱང་བའི་སྙིང་རྗེའང་མེད་ན་གཞན་ལྟ་ཅི་སྨོས་ཏེ་སྐལ་བ་ངན་ནོ། །དཔལ་རྟ་མཆོག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱལ་སྲིད་ཐམས་ཅད་བསྡུས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་སྐལ་བ་བཟང་ངོ་། །ཐུབ་པ་དྲང་སྲོང་རྣམས་ནི་འདོད་པའི་ལོངས་སྤྱོད་ཐ་ན་རྩ་བཅུད་ཅན་ཡང་འཛིན་པར་མི་བྱེད་དེ། རྒྱུ་དང་འབྲས་བུའི་སྐལ་བ་ཐམས་ཅད་དམན་པས་སྐལ་བ་ངན་ནོ། །དེ་ལྟར་རིགས་སོ་སོའི་སྐལ་བ་བསྟན་ནས་བྱང་ཆུབ་སེམས་ཀྱི་སྒོ་ནས་སྤྱིར་གསུངས་པ། བདེ་བ་ཐམས་ཅད་བདག་སྒྲུབ་ཕྱིར། །ཀུན་གྱི་སློབ་དཔོན་སྐལ་བ་བཟང་། །ལྟ་ངན་དམ་ཚིག་ལ་སྡང་བའི། །སློབ་མ་ཐམས་ཅད་སྐལ་བ་ངན། །ཞེས་གསུངས་ཏེ་དེ་ལྟར་སྐལ་བ་བཟང་ངན་གྱི་བྱེ་བྲག་གསང་བའི་དོན་འདི་ཉིད་ཤེས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དེ་བས་ན་གང་ཞིག་དཀྱིལ་འཁོར་དུ་འཇུག་པའི་དུས་ན་ཡང་ཐོག་མར་སློབ་དཔོན་གྱིས་ཁྱོད་ཅི་ལ་དགའ་ཞེས་དྲིས་ཏེ། སློབ་མས་ཀྱང་བདག་སྐལ་བ་བཟང་པོ་ལ་དགའ་ཞེས་གསོལ་ནས་འཇུག་པར་གསུངས་སོ། །དེ་ལྟར་གསང་བའི་དོན་འདི་དག་མི་ཤེས་པ་རྣམས་ནི། གཡས་པ་ཡིས་ནི་གཞུག་པར་བྱ། །ཞེས་གསུངས་ཏེ། དེ་ལ་གཡས་པ་ཞེས་བྱ་བ་ནི་དཀྵི་ཎ་ཞེས་བྱ་བའི་དོན་རྣམ་པ་གསུམ་ལ་འཇུག་སྟེ། ཕྱོགས་གཡས་སམ་ལྷོ་ལ་འཇུག །ཡོན་དབུལ་བ་ལ་ཡང་འཇུག །པྲ་དཀྵི་ཎ་ཞེས་བྱ་སྟེ་ཕྱི་རོལ་ནས་བསྐོར་བ་ལ་ཡང་འཇུག་གོ །དེ་ལྟ་བུའི་སྒྲའི་དོན་དང་སྦྱར་ནས་སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་པ་འདི་ནི་ཕྱོགས་ཀྱི་དོན་ཡིན་ཏེ། ཕྱོགས་གཡས་པ་ནི་ཐབས་ཀྱི་བརྡར་བཏགས་པས་ཐབས་ཀྱིས་དྲང་བའི་དོན་ཏེ། ཐེག་པ་ཆེན་པོའི་སྡོམ་པ་དང་དབང་དག་མི་སྤྱིན་པར་གཞུག་པ་ཙམ་འབའ་ཞིག་བྱ་བའི་དོན་དུ་བཤད་དོ། །ཁ་ཅིག་གིས་ཡོན་དབུལ་བའི་དོན་དུ་བཤད་དེ། གདུལ་བྱ་སྐལ་བ་དང་ལྡན་པ་ལེགས་པར་བྱང་༼འདི་ཤིང་པར་ན། བྱ་ཡིན་མོད། ཚིག་ཕྱི་མར་མ་བྱང་བ་རྣམས་ནི་ཞེས་འབྱུང་བས་བྱང་ཡིན་ངེས་སྙམ།༽བ་རྣམས་ནི་བརྡས་བསྲེ་བ་ཡིན་ལ། མ་བྱང་བ་རྣམས་ནི་ཡོན་གྱིས་བསྲེ་བ་ཡིན་པས། འདིར་གསང་བའི་བརྡར་མ་ཤེས་ན་ཡོན་གྱིས་བསྲེ་བ་ཡིན་ནོ་ཞེས་བཤད་དོ། །ཁ་ཅིག་གིས་ཕྱི་རོལ་ནས་བསྐོར་བའི་དོན་དུ་བཤད་དེ། སྐལ་བ་བཟང་པོ་ལ་དགའ་བ་མ་ཤེས་ན་ཐོག་མར་ཕྱིའི་སྡོམ་པ་དང་དབང་བསྐུར་ཏེ། དེ་ནས་བློ་རིམས་ཀྱིས་སྦྱང་ནས་སྐལ་བ་བཟང་པོ་ལ་སྦྱར་རོ་ཞེས་བཤད་དོ། །ཚུལ་རྣམ་པ་གསུམ་པོ་དེ་དག་ཀུན་ཀྱང་སྒྲ་དང་དོན་གཉིས་ཀས་ཟིན་པར་འདྲ་བས་གཞུང་བཟང་ངན་གྱི་བྱེ་བྲག་ནི་མེད་དོ། །དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས་ཞེས་བྱ་བ་ལ་སོགས་པ་ནི་གཞུག་པའི་བསྡུས་པའི་དོན་ཏེ། ཀུན་ཏུ་སྣ་ཚོགས་བླ་མ་ལ། །ཡོན་མཆོག་དག་ནི་དབུལ་བར་ངེས། །ཞེས་བྱ་བ་ལ་སོགས་པས་ནི་རིགས་སོ་སོའི་དཀྱིལ་འཁོར་གྱི་ཡོན་དབུལ་བ་བསྟན་ཏོ། །ཁམས་ཀྱི་རང་བཞིན་ཐམས་ཅད་དང་། །ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བ་བསྟན་ཏེ། དེ་ཡང་རྒྱུད་འདི་ལས་དབང་རྣམ་པ་བཞི་གསུངས་ཏེ། དེ་ལ་གསང་བའི་དབང་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་གསུངས་སོ། །མིང་གི་དབང་ནི་ཡིག་འབྲུ་དགོད་པའི་ཕྱག་རྒྱ་ལས་གསུངས་སོ། །ཕྱག་རྒྱའི་དབང་ནི་དབང་བསྐུར་བའི་ཕྱག་རྒྱ་ལས་གསུངས་སོ། །འདིར་ནི་དབུ་རྒྱན་གྱི་དབང་གསུངས་པ་སྟེ། དེ་ཡང་རྒྱུད་འདི་རྣམས་ལས་དབུ་རྒྱན་བྱས་ཏེ། མགོའི་གནས་ལྔར་བཞག་གོ་ཞེས་སྤྱིར་བསྟན་ཏེ། དེ་ཡང་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་དང་། རྡོ་རྗེ་སློབ་མར་དབང་བསྐུར་བ་གཉིས་ཏེ། དེ་ལ་ཆོས་ཀྱི་རྒྱལ་པོ་ཉིད་དུ་དབང་བསྐུར་བ་ལ་ནི་རྒྱུད་འདི་རྣམས་ལས་བྱས་པའི་ཐོད་པ་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བའམ། ཡང་ན་དེ་ལས་བྱས་པའི་སངས་རྒྱས་ཀྱི་དབུ་རྒྱན་གྱིས་དབང་བསྐུར་རོ། །སློབ་དཔོན་ཆེན་པོའི་གོ་འཕང་བསྒོ་བ་མ་ཡིན་པ་རྣམས་ལ་ནི་རིན་པོ་ཆེ་ལས་བྱས་པའི་དབུ་རྒྱན་ཅིག་གིས་དབང་བསྐུར་རོ། །རྣམ་པར་སྣངམཛད་ལ་སོགས་པ་ནི་ཇི་ལྟར་སྨོས་པ་བཞིན་དུ་དབང་བསྐུར་བར་བྱའོ། །ད་ནི་གོང་དུ་སྨོས་པའི་དཀྱིལ་འཁོར་དུ་དགོད་པའི་མཚན་མའི་ཕྱག་རྒྱ་བསྟན་པའི་ཕྱིར། བླུག་པ་འམ་ནི་བྱས་པ་འམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་དྲུག་གི་དཀྱིལ་འཁོར་གྱི་གཙོ་བོ་དང་ལྷ་མོ་རྣམས་ཀྱི་ཕྱག་མཚན་འདི་རྣམས། ལྷ་གང་དང་གང་ཡིན་པ་སོ་སོ་ངོ་སྤྲད་པ་ནི་གོང་དུ་ཚོགས་ཀྱི་དཀྱིལ་འཁོར་དུ་ལེཊ་པར་བསྟན་པས་དེས་གོ་ལ། འདིར་ཡང་བསྟན་ན་ཟློས་པར་འགྱུར་ཞིང་ཡི་གེ་མང་བས་འཇིགས་པས་མ་བཤད་དོ། །ཅུང་ཟད་མི་གསལ་བ་ཤས་ཙམ་བཤད་པ། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ། རྡོ་རྗེ་འབར་བ་ཁ་ཊྭཱཾ་ག །ཐོད་པ་ཁམ་ཕོར་དེ་བཞིན་ནོ། །དམར་ཆེན་དང་ནི་སྙིང་ཆེན་དང་། །ཤ་ཆེན་པོའང་དེ་བཞིན་ཏེ། །ཞེས་གསུངས་པ་ནི། དཔལ་ཧེ་རུ་ཀའི་ཕྱག་རྒྱ་ཕྱག་བཞིར་བསྟན་པ་སྟེ། དེ་ལ་རྡོ་རྗེ་འབར་བ་དང་། རྡོ་རྗེ་ཁ་ཊྭཱཾ་ག་གཉིས་ནི། ཧེ་རུ་ཀའི་ཕྱག་གཡས་གཡོན་དང་པོ་གཉིས་སོ། །ཐོད་པ་དམར་གྱིས་བཀང་བ་དང་། ཁམ་ཕོར་སྙིང་ཆེན་དང་ཤ་ཆེན་གྱིས་བཀང་བ་ནི་ཕྱག་འོག་མ་གཉིས་སོ། །ཡུམ་ཀྲོ་དྷཱི་ཤྭ་རི་ཡང་གཡོན་ཐོད་པ་ཐོགས། ཁ་ཊྭཱཾ་ག་ལ་རྒྱབ་རྟེན་བཅས་ཏེ་ལག་པ་གཡས་བ་དན་གྱི་ཕྱག་རྒྱ་བཅས་ཏེ་གཙོ་བོ་ལ་མཁྱུད་པའོ། །ལྷ་མོ་སྨ་ཤ་ནི་ཡུམ་ཀྲོ་དྷཱི་ཤྭ་རིར་བསྟན་པའང་དེར་འདུས་པར་བཞེད་དོ། །ལྷག་མ་ལྷ་མོ་བདུན་གྱི་ཕྱག་རྒྱ་ལས་མ་གསུངས་པའང་དགོངས་པ་འདི་ཉིད་ཡིན་པར་བཞེད་དོ། །དཔལ་པད་མ་གར་དབང་གི་དཀྱིལ་འཁོར་ལ་ཁྲོ་མོ་དབང་ཕྱུག་མ་དང་པད་མ་མཐུ་ཆེན་མའི་ཕྱག་རྒྱ་མ་སྨོས་པ་གསང་བའི་ཡུམ་ལ་ལྟོས་སོ། །ཡུལ་གཞན་གྱི་དཔེ་ལས་ཕྱག་རྒྱ་ཚང་བར་སྨོས་པ་དག་ཀྱང་ཡོད་དོ། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་རིགས་ཀྱི་ཡུམ་གྱི་ཕྱག་རྒྱ་མ་སྨོས་པ་ནི་གཙོ་བོའི་ཕྱག་རྒྱ་ལ་ལྟོས་སོ། །འབར་བའི་མེ་ཞེས་སྨོས་པ་ནི། འབར་བ་དང་མེ་འབར་བ་ཞེསཕྱོགས་གཅིག་འདྲ་བ་ལས་འདུས་པར་སྦྱར། དཔལ་རྟ་མཆོག་གི་ཕྱག་རྒྱ་ལ། །མཚན་མའི་ཕྱག་རྒྱ་གྲུབ་པ་གཉིས། །ཞེས་གསུངས་པ་ནི་གོང་དུ་སྨོས་པ་གཉིས་སམ་ཡང་ན་མ་སྨོས་པའི་སློང་བ་དང་བ་དན་གཉིས་སོ། །རྟོག་པ་བདུན་པའོ། །ད་ནི་མཆོད་པ་རྣམ་པར་འཕྲུལ་པ་ཞེས་བྱ་བ། ཕྱག་བཙལ་བ་དང་གང་གི་ཕྱག་རྒྱ་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་པ་ནི། རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷའི། །རྣམ་པ་ཀུན་ཏུ་སྣ་ཚོགས་མཆོག །མཆོད་པ་ཐམས་ཅད་རྣམ་འཕྲུལ་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་བསྟན་པའི་ཕྱིར། ལག་པ་གཡས་གཡོན་གཉིས་དག་གི །མཛུབ་མོ་མཐེའུ་ཆུང་མཛེས་པར་བསྒྱུར། །ཞེས་བྱ་བ་ལ་སོགས་པ་ཕྱག་བཙལ་བའི་ཕྱག་རྒྱ་གསུངས་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོ་འདི་ནི་རིགས་སོ་སོའི་ཕྱག་རྒྱ་ཐམས་ཅད་ལ་དང་པོ་སྦྱར་བར་བྱ་སྟེ། འདི་ལྟར་རྡོ་རྗེ་ཁུ་ཚུར་གཡོན་གྱི་སྟེང་དུ་གཡས་བཞག་ཏེ་དཀུ་གཡོན་དུ་བསྟན་ནས། དེ་ནས་གཡས་ཀྱི་མཛུབ་མོ་དང་གཡོན་གྱི་མཐེའུ་ཆུང་ནས་བཀྲོལ་ནས་རྡོ་རྗེ་གར་དུ་བསྒྱུར་བ་ལས། གཡོན་ཕབ་སྟེ་དཀུར་དྲིལ་བུ་འཛིན་པ་ལྟར་བྱ། གཡས་བཏེག་སྟེ་མཐེ་བོ་དང་སྲིན་ལག་རྩེ་སྤྲད་ནས་བ་དན་གྱི་ཐབས་སུ་བསྒྲེང་བ་སྤྱིར་བྱས་ནས། དེ་ནས་རིགས་སོ་སོའི་ཕྱག་རྒྱ་ཇི་སྐད་སྨོས་པ་རྣམས་ལ་སྦྱར་བར་བྱའོ། །དེ་ལ་ཕྱག་རྒྱ་འདི་རྣམས་ཀྱང་རང་གི་ངོ་བོ་གང་ཞིག་ཡིན་པ་ནི་མིང་ཉིད་ཀྱི་ཤེས་སོ། །གང་གི་ཡིན་པ་ནི་རིགས་རྣམ་པ་དྲུག་པ་སྟེ། འདི་ལྟར་ཇི་སྐད་དུ་སྨོས་པ་དེ་ལས། སྲི་ཞུ་བཅས་ཤིང་སྟེགས་པའི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་འོ། །རྡོ་རྗེ་དཔལ་གྱི་ཐལ་མོ་བསྒྱུར། །ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྣམ་པར་སྣང་མཛད་ཀྱིའོ། །སྨིན་མ་གཡོན་པ་འདེགས་ཚུལ་གྱིས། །ཞེས་བྱ་བ་ལ་སོགས་པ་ནི་དཔལ་ཧེ་རུ་ཀའི་འོ། །ཐལ་མོ་པད་མོ་ཁ་འབུས་བཞིན། །ཞེས་བྱ་བ་ལ་སོགས་པ་ནི་དཔལ་པདྨ་གར་གྱི་དབང་ཕྱུག་གིའོ། །ལུས་ཀྱི་ཡན་ལག་ཐམས་ཅད་ནི། །ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྡོ་རྗེ་ཉི་མའི་འོ། །དཔལ་ལྡན་རྡོ་རྗེ་འགྱིང་བའི་ཐབས། །ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྟ་མཆོག་གིའོ། །ཕྱག་རྒྱ་དེ་དག་གང་དུ་སྦྱར་བར་བྱ་ཞེ་ན། ཇི་སྐད་དུ་བསྟན་པའི་དཀྱིལ་འཁོར་རྣམས་སུ་མཆོད་པ་སྣ་ཚོགས་འབུལ་བར་བྱེད་པ་ན། དང་པོར་ཕྱག་འཚལ་བའི་ཕྱག་རྒྱ་སྦྱར་བར་བྱའོ། །དེའི་རྗེས་སུ་གར་གྱི་ཕྱག་རྒྱ་སྦྱར་བར་བྱ་བའི་ཕྱིར། གར་གྱི་རྒྱུད་རྣམས་ཇི་སྙེད་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ཀྱང་རང་གི་ངོ་བོ་གང་ཞིག་ཡིན་པ་མིང་འདི་ཉིད་ཀྱིས་ཤེས་སོ། །གང་གི་ཡིན་པ་ནི་རིགས་རྣམ་པ་དྲུག་གི་སྟེ། འདི་ལྟར་ཇི་སྐད་སྨོས་པ་ཉིད་ནས། སྐལ་བཟང་ཧཱུཾ་ཞེས་བྱ་བའི་གླུས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ཞེས་བྱ་བ་ལ་ཐུག་གི་བར་དུ་དཔལ་རྡོ་རྗེ་སེམས་དཔའི་འོ། །ལག་པ་གཡས་གཡོན་གཉིས་དག་གི །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་བའི། །རྡོ་རྗེ་ཐལ་མོ་སྦྱར་ནས་སུ། །ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྣམ་པར་སྣང་མཛད་ཀྱིའོ། །ལག་པ་གཡས་གཡོན་ཞེས་པ་ནས་ཧེ་རུ་ཀའི་ཐོད་པའི་ཐལ་མོ་ཞེས་པའི་བར་དུ་ཧེ་རུ་ཀའི་འོ། །དེ་བཞིན་དུ་དཔལ་པད་མ་གར་གྱི་དབང་ཕྱུག་གི་ཐལ་མོ་དང་། དཔལ་རྡོ་རྗེ་རིན་ཆེན་གྱི་ཐལ་མོ་ཡང་སྦྱར་རོ། །དཔལ་རྟ་མཆོག་གི་གར་ནི་གུད་དུ་མ་གསུངས་ཏེ། སྤྱིར་སྦྱར་རོ། །གྱེན་དུ་འཐོར་ཞིང་ཐུར་དུ་འབེབས། །ཞེས་བྱ་བ་ལ་སོགས་པ་མེ་ཏོག་ལ་སོགས་པའི་མཆོད་པ་དབུལ་བའི་གར་འདི་དག་ཀྱང་རིགས་སྤྱིའི་གར་དུ་་ཤེས་པར་བྱའོ། །གར་གྱི་ཕྱག་རྒྱ་འདི་དག་གང་དུ་སྦྱར་བར་བྱ་ཞེ་ན། ཇི་སྐད་དུ་སྨོས་པའི་དཀྱིལ་འཁོར་རྣམས་སུ་མེ་ཏོག་ལ་སོགས་པའི་མཆོད་པ་སྣ་ཚོགས་འབུལ་བ་ན། དང་པོར་ཕྱག་བཙལ་བའི་ཕྱག་རྒྱས་སྦྱར་ནས། དེའི་རྗེས་སུ་གར་གྱི་ཕྱག་རྒྱ་དང་ལྡན་པས་མཆོད་པ་དབུལ་བར་བྱའོ། །དེ་ལ་འདི་སྐད་དུ་ལེའུ་དགུ་པ་ལས་གསུངས་པའི་སྒྱུར་བྱེད་ཀྱི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་པོ་ཐམས་ཅད་ཀྱང་མཆོད་པའི་ཡང་ཡིན་ལ། ལེའུ་བརྒྱད་པ་འདིར་གསུངས་པའི་ཕྱག་དང་གར་གྱི་ཕྱག་རྒྱའང་ཕྱག་རྒྱ་ཡིན་ན་འདི་དག་ཙམ་གང་གི་ཕྱིར་མཆོད་པ་རྣམ་པར་འཕྲུལ་པར་བཞག་ཅེ་ན། འདི་ལྟར་འདི་གཉིས་ནི་མཆོད་པ་ཙམ་དུ་གསུངས་པ་ཡིན་ལ། ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ནི་འདེབས་བྱེད་ཀྱི་ཕྱག་རྒྱ་ཡིན་པའི་ཕྱིར་རོ། །ཞེས་ཤེས་པར་བྱའོ། །རྣམ་པ་གཅིག་ཏུ་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ནི་རྒྱུད་ཕྱི་མའི་ཚུལ་ཏེ། ཕྱག་རྒྱ་རྣམ་པར་སྤྲོས་པའི་ཚུལ་གྱིས་རྒྱུད་སྔ་མའི་ཁ་སྐོང་ཡིན་ལ། ལེའུ་བཅུ་པ་ལས་གསུངས་པའི་ཕྱག་རྒྱ་དགྲོལ་བ་དང་། དཔལ་རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་གཉིས་ནི་རྒྱུད་ཕྱི་མའི་ཡང་ཕྱི་མའི་ཚུལ་གྱིས་ཕྱག་རྒྱ་སྤྲོས་པ་དེ་དག་ཐམས་ཅད་ཀྱང་བསྡུས་པར་གསུངས་ཏེ། དེའི་ཕྱིར་ཇི་སྐད་དུ་གསུངས་པ་དེ་དག་ཀྱང་དགོས་པ་འདྲ་བ་མ་ཡིན་ནོ། །དཔལ་སྐལ་བ་བཟང་པོ་དམ་ཚིག་གི་རྟོག་པ་ཞེས་བྱ་བ་ནི་འདིར་དམ་ཚིག་གི་སྒྲ་ནི་བསྟེན་པའི་དོན་ཏེ་དེ་བས་ན་མཆོད་པ་ཉིད་དམ་ཚིག་གི་སྒྲར་བཤད་དོ། །རྟོག་པ་བརྒྱད་པའོ། །ད་ནི་ཕྱག་རྒྱ་རྣམ་པར་འཕྲུལ་པ་ཞེས་བྱ་བ་རྣམ་པར་སྒྱུར་བྱེད་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་པ་ནི། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །ཀུན་ཏུ་སྣ་ཚོགས་མཆོག་རྣམས་ཀྱི། །ཕྱག་རྒྱ་ཐམས་ཅད་རྣམས་སྤྲུལ་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྒྱུར་བྱེད་ཀྱི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་པོ་འདི་དག་ནི་ཐབས་ཀྱི་དངོས་པོ་ཡིན་ཏེ། འདེབས་བྱེད་ཀྱི་ཕྱག་རྒྱ་ཡིན་པས་དེ་བས་སྒྱུར་བྱེད་ཀྱི་ཕྱག་རྒྱ་ཞེས་མིང་ལྷག་པར་གདགས་པར་ལོ་རྒྱུས་ཀྱིས་བཤད་དོ། །དེ་ལ་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ནི། །ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། སྦྱོར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། སྦྱོར་བ་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཞལ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། འཛུམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ལྟ་བ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཆོས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། གླུ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། རོལ་མོ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། གར་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། གླུའི་མཆོད་པ་རྒྱན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། མཆོད་པ་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། མཆོད་པའི་གཏོར་མ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱས་དབང་བསྐུར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། རྡོ་རྗེའི་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། བསྟོད་པ་བཅས་པའི་མིང་གི་ཕྱག་རྒྱ་ཞེས་བྱ་བ་ཡིག་འབྲུ་དགོད་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། བརྡའ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ངག་བརྟག་༼རྫོགས་ཆེན་པར་མ་ན། ངག་བརྟ། ཞེས་འབྱུང་། ངག་གི་བརྡ་ཡིན་ནམ་ཅི།༽ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། རྣམ་པར་ཤེས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། བསྲུང་བ་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། གསོ་བ་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དགྲ་ཆ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ལས་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་རྣོན་པོའི་ལས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་སོ། །དེ་ལ་གྲངས་ཉི་ཤུ་རྩ་བརྒྱད་དུ་ཁ་སྐོང་བ་ནི། རྡོ་རྗེའི་ཕྱག་རྒྱ་ཐམས་ཅད་ཤེས་པ་ལས་མཆོག་དང་བཅས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་གུད་དུ་བྱས་ནས་ཉི་ཤུ་རྩ་བརྒྱད་དུ་འབྱེད་པར་གྲགས་སོ། །བརྡའི་སྐབས་སུའང་། ཁྲག་ནི་མེ་ཏོག་ཡིན་པར་བཤད། །ཅེས་བྱ་བ་ལ་སོགས་པ་སྦས་པའི་བརྡ་ཞེས་གུད་དུ་གྲགས་སོ། །ཕྱག་རྒྱ་འདི་རྣམས། རང་གི་ངོ་བོ་གང་ཡིན་པ་དང་། བདག་པོ་ལྷ་གང་དང་གང་ཡིན་པ་དང་། དགོས་པ་གང་ལ་སྦྱར་བར་བྱ་བ་ཡིན་པ་རྣམས་ནི་རང་རང་གི་སྐབས་སུ་བསྟན་པར་བྱའོ། །དེ་ལ་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ཀྱི་དང་པོ་ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། ཕྱག་རྒྱ་ཐམས་ཅད་ཀྱི་གཞིར་གྱུར་པས་དེ་སྐད་ཅེས་བྱ་སྟེ། དེ་ཡང་རང་གི་ངོ་བོ་ནི་རིགས་སོ་སོའི་སྐུའི་དོན་གྱི་ཚུལ་དང་། དབུ་རྒྱན་གྱི་དོན་དང་། སྐྱིལ་མོ་ཀྲུང་གི་མཚན་ཉིད་དང་། འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་དང་། རིགས་སོ་སོའི་གླུ་རྣམས་སྟོན་ཏོ། །ཕྱག་རྒྱ་འདི་རྣམས་གང་གི་ཡིན་པ་ནི། རིགས་ཀྱི་གཙོ་བོ་དྲུག་ལྷ་མོ་སོ་སོ་དང་བཅས་པ་རྣམས་ཀྱི་ཕྱག་རྒྱ་ཡིན་ཏེ། དེ་ལ་ལྷ་མོ་རང་རང་གི་ཕྱག་རྒྱའང་རང་རང་གི་སྐབས་སུ་སྦྱར་རོ། །དགོས་པ་གང་དུ་སྦྱར་བ་ནི། ཚོགས་ཀྱི་དཀྱིལ་འཁོར་དུ་དངོས་གྲུབ་སྒྲུབ་པར་བྱེད་པའི་ཚེ་ཚུལ་འདི་ལྟ་བུར་སྒོ་གསུམ་ནས་བསྒྱུར་ཏེ་ཕྱག་རྒྱས་བཏབ་ལ་བསྒྲུབ་པའི་དོན་ཏོ། །དེ་ལ་དང་པོར་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐམས་ཅད་འབྱུང་བྱེད་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདི་དག་དང་པོ་ཉིད་དུ་ཡང་སྨོས་བཞིན་དུ་འདིར་ཡང་སྨོས་པའི་དགོས་པ་ནི། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་སྟོན་པའི་སྐབས་ཡིན་པས། དེ་ཉིད་གང་ཞིག་ཇི་ལྟར་བཞུགས་པར་བསྟན་པ་དགོས་པ་ཉིད་དོ། །དེ་ལ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཟླ་བ་ཉ་ལྟར་དག་ཅིང་བརྩན་དམར་བ་བཞུགས་པའི་དོན་བསྟན་པ་ནི། བདེ་བ་ཀུན་ལ་ཞེན་པ་དང་། །ཞེས་བྱ་བ་ལ་སོགས་པའོ། །སྐུ་ལས་འོད་མདངས་དམར་བ་ལས་འོད་ཟེར་གྱི་དྲྭ་བ་ཁ་དོག་སྣ་ཚོགས་པ་འཕྲོ་བའི་དོན་ནི། འདོད་ཆགས་ཀུན་ལ་ཆགས་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པའོ། །དབུ་རྒྱན་སངས་རྒྱས་ཀྱི་རིན་པོ་ཆེ་བྱང་ཆུབ་སེམས་ཀྱི་ཆུས་དག་པས་རང་བཞིན་གྱིས་གྲུབ་པ་འདི་ལྟར་ཐོད་པས་ཕྲེང་བ་ལ་སངས་རྒྱས་ལྔའི་དབུ་རྒྱན་གྱིས་བརྒྱན་པ་མངའ་བའི་དོན་བསྟན་པ། ཁམས་གསུམ་དག་ནི་རིན་ཆེན་གཞན། །ཞེས་པ་ལ་སོགས་པའོ། །སྐྱིལ་མོ་ཀྲུང་གི་མཚན་ཉིད་བསྟན་པ་ནི། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པའོ། །འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་སྟོན་པ་ལ། ལྷ་མོ་ཐམས་ཅད་ཀྱི་ཕྱག་རྒྱ་སྤྱིར་སྟོན་པའང་ཡིན་ལ། གཙོར་ལྷ་མོ་བདེ་མཆོག་མ་སྟེ་རྒྱས་འདེབས་མའི་ཕྱག་རྒྱས་སྟོན་པ་ནི། ཟླ་བའི་ཁ་དོག་འཛུམ་པའི་ཞལ། །ཞེས་པ་ནས། དཔལ་རྡོ་རྗེ་མདའ་བདེ་བའི་མཆོག་རོལ་པའི་ཕྱག་རྒྱ་ཞེས་པའི་བར་ཏེ། དེ་ལ་བརླ་ཡི་དབུས་ནི་དམར་ལ་དཀར་ཞེས་པ་དང་། དཀར་ཞིང་སེར་བའི་བརླ་དང་ལྡན། །ཞེས་གསུངས་པ་ནི་མདངས་དང་ལྡན་པའི་དོན་ཏེ། སྤྱིར་སྐུ་མདོག་ཟླ་བ་དང་འདྲ་བ་ལས། དམར་ལ་དཀར་ཞེས་བྱ་བ་ནི། ན་ཆུང་སྨུག་རྩིས་བརྒྱན་པ་ལྟ་བུའོ། །དཀར་ཞིང་སེར་བ་ཞེས་བྱ་བ་ནི་བ་སོ་སྦྱངས་པ་ལྟ་བུའོ། །ཕྱག་མཆོག་ལོ་མ་སྔོན་པོ་འདྲ་ཞེས་པ་ནི། ཨ་གྲ་ཞེས་བྱ་བའི་སྒྲ་དམ་པ་དང་རྩེ་མོ་ལ་འཇུག་སྟེ། འདིར་རྩེ་མོའི་དོན་དུ་སྦྱར་ཏེ་ཕྱག་གི་རྩེ་མོ་དཀར་བ་ལས་ཀྱང་ཅུང་ཟད་སེར་ལ་དེ་ལས་ཀྱང་ཅུང་ཟད་ལྗང་བའི་མདངས་དང་ལྡན་ཏེ། དཔེར་ན་འབྲས་ཀྱི་ལྗང་བ་ལ་འཇའ་ཚོན་གྱི་མདངས་འཕྲོག་པ་ལྟ་བུའོ། །གང་ཡང་འདི་སྐད་སྐུའི་མཚན་ཉིད་ཐམས་ཅད་མི་སྨོས་པར་ཞལ་དང་བརླ་དང་ཕྱག་རྩེ་ཙམ་ཞིག་སྨོས་པ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ནི་ཆགས་པ་ཆེན་པོར་བསྟན་པ་ཡིན་ལ། ཆགས་པའི་ལོངས་སྤྱོད་ཀྱི་གཞིའང་བུད་མེད་ཀྱི་ལུས་ཡིན་པས་དེ་ལྟར་བསྟན་ཏོ། །བུད་མེད་ལུས་ཀྱི་ཡན་ལག་ལས་ཀྱང་བཞིན་རྒྱས་ཤིང་མཛེས་པ་འཛུམ་པའི་མདངས་དང་ལྡན་པ་དང་། བརླ་རྒྱས་ཤིང་མདངས་དང་ལྡན་པ་དང་། ཕྱག་རྒྱས་ཤིང་མདངས་དང་ལྡན་པ་སྟེ། འདི་རྣམས་ལ་ཆགས་པའི་གཞིར་འགྱུར་པ་དེ་རྣམས་བསྟན་ཏོ། །རྣམ་པ་གཅིག་ཏུ་བརླ་ཞེས་བྱ་བ་ནི་ཨུ་རུ་ཞེས་བྱ་བའི་སྒྲའི་མདོ་ལ་བྱ་སྟེ། སྨད་ཀྱི་ཆ་ཐམས་ཅད་ཨུ་རུའི་སྒྲས་ཁྱབ་པས་ལྟེ་བའི་དཀྱིལ་འཁོར་མན་ཆད་ནས་པུས་མོ་ཡན་ཆད་ཤ་རྒྱས་ཤིང་མདངས་་དང་ལྡན་པས་ཤིན་ཏུ་མཛེས་པས་ཆགས་པའི་གཞིར་འགྱུར་ཏེ། དེ་བས་ན་འདིར་ཡང་དེ་བསྟན་ཏོ། །རྣམ་པ་གཅིག་ཏུ། གང་དུ་ཐུན་མོང་མ་ཡིན་པའི་མཚན་ཡོད་པ་དེ་གཙོར་སྨོས་དགོས་ཏེ། དེ་བས་ན་ཇི་སྐད་དུ་བསྟན་པ་དེ་དག་ནི་ཐུན་མོང་མ་ཡིན་པའི་མཚན་ཉིད་དེ། མཚན་དེ་དག་ཀྱང་ཆགས་པ་ཆེན་པོའི་གནས་སུ་གྱུར་པའི་ཕྱིར་དེ་དག་བསྟན་ཏོ། །ཞེས་སྦྱར་རོ། །ལྷ་རྫས་སྣ་ཚོགས་འཁྲིགས་པའི་མཆོག །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །ཅེས་པ་ནི། མིའི་རྫས་ཀྱི་ཁ་དོག་ལས་ནི་ལྷ་རྫས་ཀྱི་ཁ་དོག་ཁྱད་པར་དུ་འཕགས་པ་དེ་ལས་ཀྱང་ལྷའི་ལྷ་སངས་རྒྱས་ཀྱི་འོད་ཟེར་ཁྱད་པར་དུ་འཕགས་པས་དེ་ལྟ་བུའི་འོད་ཟེར་སྣ་ཚོགས་ཀྱི་དྲྭ་བས་བརྒྱན་པའོ། །པདྨ་སྣ་ཚོགས་ལ་གནས་པ། །ཐམས་ཅད་དག་པ་རབ་ཏུ་གནས། །ཞེས་པ་ནི་སྟན་སྣ་ཚོགས་པད་མ་ལ་བཞུགས་པའོ། །སངས་རྒྱས་པདྨོ་ལ་སོགས་མཆོག །རིན་ཆེན་སྣ་ཚོགས་རྒྱན་དང་གོས། །སངས་རྒྱས་ཐམས་ཅད་འདུས་པ་ཡིས། །མི་མཇེད་ལ་སོགས་བརྒྱན་པ་བཞིན། །ཞེས་བྱ་བ་ནི། སྐུའི་རྒྱན་དཔེ་དང་བཅས་པར་བསྟན་པ་སྟེ། དེ་ལ་སངས་རྒྱས་པདྨོ་ཞེས་བྱ་བ་ནི། རྒྱན་ཐམས་ཅད་ཀྱི་མཆོག་མེ་ཏོག་གི་རྒྱན་ཡིན་ཏེ་ཐམས་ཅད་ཀྱི་སྟེང་དུ་འབྱིན་པའི་ཕྱིར་རོ། །ཞེས་འཇིག་རྟེན་གྱི་གཙུག་ལག་ལས་གྲགས་པ་བཞིན་འདིར་པད་མ་དང་ཨུཏྤལ་ལ་སོགས་ཏེ་མེ་ཏོག་གི་རྒྱན་དང་། རྡོ་རྗེ་རིན་པོ་ཆེ་དང་། གསེར་དང་དངུལ་དང་ཤེལ་དང་བཻཌཱུརྱ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དབུ་རྒྱན་དང་སྙན་ཆ་དང་མགུར་ཆུ་དང་དོ་ཤལ་དང་སེ་མོ་དོ་དང་་དཔུང་རྒྱན་དང་། ཕྱག་དང་ཞབས་ཀྱི་སོར་མོའི་གདུ་བུ་དང་། ལྷ་རྫས་ཀྱི་གོས་རྣམས་བརྒྱན་ཅིང་བཞག་པའང་ལྷ་དང་མིའི་རྒྱན་ལྟར་ལས་ལས་གྲུབ་པའི་རྒྱན་མ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་ཉིད་རྒྱན་དུ་འཕྲུལ་པར་མཛད་པས་དེ་བས་ན་སངས་རྒྱས་ཀྱིས་བརྒྱན་པ་ཡིན་ཏེ། དེའི་ཕྱིར། སངས་རྒྱས་ཐམས་ཅད་འདུས་པ་ཡིས། །མི་མཇེད་ལ་སོགས་བརྒྱན་པ་བཞིན། །ཞེས་གསུངས་ཏེ། དཔེར་ན་སངས་རྒྱས་ཀྱི་ཞིང་མིམཇེད་འདི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་ཀྱི་འཁོར་དང་བཅས་པས་སངས་རྒྱས་ཀྱི་ཞིང་འདི་བརྒྱན་ཅིང་མཛེས་ཏེ་བྱིན་གྱིས་བརླབས་ནས་དབང་ཕྱུག་ཐམས་ཅད་ཟིལ་གྱིས་མནན་ཏེ་ལྷམ་མེ་ལྷན་ནེ་ལྷང་ངེར་གསལ་བ་དང་། གཞན་ཡང་། མངོན་པར་དགའ་བ་དང་བདེ་བ་ཅན་གྱི་ཞིང་ཁམས་དག་ནས་སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱི་སྐུའི་བཀོད་པས་སངས་རྒྱས་ཀྱི་ཞིང་བརྒྱན་པ་དང་། འདིར་ལྷ་མོ་རྣམས་ཀྱི་སྐུ་ལ་རིན་པོ་ཆེའི་རྒྱན་དང་གོས་ཀྱིས་བརྒྱན་པ་ནི་འདྲའོ་ཞེས་བྱ་བའི་དོན་ཏོ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་བདེ་བའི་སྒོ་ནས་མི་གཉིས་པའི་ཡེ་ཤེས་ལ་སྦྱར་རོ། །སྐལ་བ་བཟང་པོ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུ་གཉིས་ཀར་བདེ་བས་ཡོན་ཏན་གྱི་གནས་གོང་ན་སྨོན་དུ་མེད་པའོ། །དཔལ་རྡོ་རྗེ་མདའ་བདེ་བའི་མཆོག་རོལ་བ། །ཞེས་བྱ་བ་ནི། དཔལ་རྡོ་རྗེ་ནི་ཐམས་ཅད་ཀྱང་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཡིན་པའི་དོན་ཏོ། །མདའ་བདེ་བའི་མཆོག་ཅེས་བྱ་བ་ནི། ལྷ་མོ་རྒྱས་འདེབས་མ་ནི་ཆགས་པ་བསྐུལ་བའི་བདེ་བའི་ཡུལ་ཏེ་ཆ་ལུགས་སྔ་མ་ལྟ་བུས་ཤར་ཕྱོགས་ན་བཞུགས་ཤིང་མེ་ཏོག་གི་མདའ་གཞུ་བསྣམས་ཏེ་བསྐུལ་བས་རྩེན་པར་མཛད་པས་རོལ་པ་ཞེས་བྱ་སྟེ་དེའི་ཕྱག་རྒྱའོ། །སྔོན་གྱི་སློབ་དཔོན་ཁ་ཅིག་ནི། བདེ་བ་བསྐུལ་བའི་ཕྱག་རྒྱ་འདི་ནི་གཙོ་བོའི་གཡས་ནས་སྐུལ་བར་བྱེད་ལ། རྟག་ཏུ་སྦྱོར་ཞིང་བྱང་ཆུབ་སེམས་འབེབས་པའི་བདེ་བ་དང་མི་འབྲལ་བ་ནི་མདུན་ན་པང་ནས་མཁྱུད་ནས་བཞུགས་ཞེས་ཀྱང་འདོད་དེ། འདིར་མདའ་སྔོན་ལ་སྨོས་པ་ནི་ཆགས་པ་བསྐུལ་བ་ལས་ཆགས་པའི་དམ་ཚིག་འབྱུང་བའི་ཕྱིར་རིམ་པ་དེ་ལྟར་བསྟན་ཏོ། །ཞེས་ཟེར་རོ། །ད་ནི་ལྷ་མོ་རྨོངས་བྱེད་མའི་ཕྱག་རྒྱ་བསྟན་པའི་ཕྱིར། རྣམ་པ་སྣ་ཚོགས་དམ་ཚིག་ཆགས། །ཞེས་བྱ་བ་ནས་དཔལ་རྡོ་རྗེ་དམ་ཚིག་བདེ་བའི་མཆོག་རོལ་པ། །ཞེས་བྱ་བའི་བར་དག་སྟེ། དེ་ལ་ལྷ་མོ་འདི་ལ་ཆགས་པའི་དམ་ཚིག་གཙོར་སྨོས་པ་ནི། འདི་ལྟར་ལྷ་མོ་བཞིའི་སྒོ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་བའི་གླུ་བསྟན་པའི་སྐབས་ནས། དཔལ་རྡོ་རྗེ་ལས་ཀྱི་མདའ་གཞུ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ཆགས་པའི་དམ་ཚིག་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ཁ་ཊྭཱཾ་ག་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་དྲིལ་བུ་རབ་ཏུ་འཁྲོལ་བ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟ་བུ་སྟེ། ལྷ་མོ་འདི་ནི་གཙོར་ཆགས་པའི་དམ་ཚིག་ལ་གནས་ཏེ། དྲན་པ་གཞན་ཉམས་པས་རྨོངས་བྱེད་མ་ཞེས་བྱའོ། །དབུས་ཀྱི་ལྷ་མཆོག་ཆེན་པོའོ། །ཞེས་གསུངས་པ་ནི། བདག་དབུས་ཀྱི་ལྷ་མཆོག་ཆེན་པོའི་ཕྱག་རྒྱར་གནས་པ་ལ་མཁྱུད་པའི་ཕྱག་རྒྱའོ་ཞེས་པའི་ཚིག་ཏུ་སྦྱར། ཁ་ཅིག་ན་རེ། ལྷ་མོའི་དང་ཕྱག་རྒྱ་དབུས་ཀྱི་གཙོ་བོ་དང་མཐུན་པས་ཚིག་འདི་སྨོས་སོ། །ཞེས་ཟེར་ན། ཕྱག་རྒྱ་དབུས་ཀྱི་གཙོ་བོ་དང་མཐུན་པས་དེ་ལ་ལྟོས་པ་ནི་བདེན་མོད་ཀྱི། ཚིག་འདི་དག་ནི་འོག་ནས་ཕྱག་རྒྱ་མི་མཐུན་པའི་ལྷ་མོ་ལ་ཡང་འབྱུང་ངོ་། །ལྷ་མོ་ཟ་བྱེད་མའི་ཕྱག་རྒྱ་བསྟན་པ་ནི། སེ་རལ་ཁ་ཡི་ཚུལ་དག་ཏུ། །ཞེས་པ་ནས། རྣལ་འབྱོར་བདེ་བའི་མཆོག་རོལ་པ། །ཞེས་བྱ་བའི་བར་དག་སྟེ། དེ་ལ། རྣལ་འབྱོར་བདེ་བའི་མཆོག །ཅེས་བྱ་བ་ནི། བདེ་བ་ཆེན་པོའི་ཏིང་ངེ་འཛིན་བརྙེས་པ་སྟེ། མཚན་མའི་རྣམ་རྟོག་ཟད་པའི་ཕྱིར་ཟ་བྱེད་མ་ཞེས་བྱའོ། །དེ་བས་ན་དོན་འདི་འགྱུར་ཏེ། དང་པོར་ཆགས་པའི་བདེ་བ་བསྐུལ་བ་ལས་བདེ་བ་བབས་པའི་བདག་ཉིད་ལ་གནས་པ་འབྱུང་ངོ་། །ལུས་དང་སེམས་ཀྱི་བདེ་བ་རྙེད་པ་དེ་ལས་མཚན་མ་མེད་པའི་ཏིང་ངེ་འཛིན་རྣལ་འབྱོར་གྱི་བདེ་བ་འཐོབ་བོ། །དེ་ལས་འབྲས་བུའི་ཆོས་ཀྱི་སྐུ་སྐྱེ་ཤི་མེད་པ་ཐོབ་པས། འོག་ནས་སྟོན་པའི་ལྷ་མོ་ཚེ་འཕེལ་མའི་དོན་ཡིན་ནོ། །དེ་ལ་ལྷ་མོ་ཟ་བྱེད་མ་རྡོ་རྗེ་ཁ་ཊྭཱཾ་ག་དང་བ་དན་དང་རྡོ་རྗེ་རྒྱ་གྲམ་གྱིས་བཀབ་པ་བསྣམས་པ་ནི་མཚན་མ་འཇོམས་པའི་ཕྱག་རྒྱ་དྲག་པོའི་ཚུལ་དུ་བསྟན་པའོ། །ལྷ་མོ་ཚེ་འཕེལ་མའི་ཕྱག་རྒྱ་ནི། རྫོགས་སངས་རྒྱས་པའི་ཁམ་ཕོར་གྲུབ། །ཅེས་བྱ་བ་ནས། ཚེ་བདེ་བའི་མཆོག །ཅེས་པའི་བར་དག་སྟེ། ཕྱག་རྒྱ་ནི་པདྨ་བྷནྡྷའི་ནང་ནས་ཚེ་དཔག་མེད་ཀྱི་སྐུ་གཟུགས་བྱུང་བའོ། །ཚེ་བདེ་བ་ཞེས་བྱ་བའི་དོན་གོང་དུ་ནི་སྦྱར་བ་ཉིད་དོ། །རྩ་བའི་ཕྱག་རྒྱའི་ཚོགས་སོ། །ཞེས་བྱ་བ་ནི། སྙིང་པོའི་ཕྱག་རྒྱའོ། །ཞེས་བྱ་བའི་དོན་ཏེ། འདི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ནི་མི་གཉིས་པའི་ཡེ་ཤེས་ཆེན་པོ་གདོད་མ་ནས་དག་པའི་བྱང་ཆུབ་ཀྱི་སེམས་ཡིན་པས་བདེ་བ་ཆེན་པོ་ཞེས་བྱ་ལ། བདེ་བའི་ཡེ་ཤེས་དེ་ནི་ཆ་རྣམ་པ་བཞི་རྫོགས་ཏེ། ཆ་བཞི་ནི་གསང་བའི་ལྷ་མོ་བཞིའི་བདེ་བའོ། །དེ་བས་ན་ཐམས་ཅད་ཀྱི་སྙིང་པོའི་རྩ་བར་གྱུར་པའི་ཕྱག་རྒྱའི་ཚོགས་ཞེས་གསུངས་སོ། །ད་ནི་རིགས་ཀྱི་ཡུམ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་ལ་སངས་རྒྱས་བྱང་ཆུབ་མའི་ཕྱག་རྒྱ་བསྟན་པ་ནི། གཙུག་ལག་ཇི་ལྟའི་རྗེས་མཐུན་པར། །ཞེས་བྱ་བ་ནས། དཔལ་རྡོ་རྗེ་མདའ་ཞེས་བྱ་བའི་ཕྱག་རྒྱའོ། །ཞེས་བྱ་བ་སྟེ། འདི་ནི་ཤར་ཕྱོགས་ཀྱི་རེའུ་ཆ་ལ་བཞུགས་ཤིང་ཚངས་པའི་ཞལ་བཞི་ལ་མདའ་བཞིས་ཕུག་པ་བསྣམས་ཏེ། འདིའི་གར་མདའའཕང་བའི་གཙུག་ལག་དང་མཐུན་པར་མདའ་བཞི་འཕེན་པ་ལྟར་བྱེད་པའོ། །རྐང་པ་བཏེག་ཅིང་ཕབ་པ་དང་། །ཞེས་བྱ་བ་ནས། དཔལ་མཐུ་བོ་ཆེའི་ཕྱག་རྒྱ། །ཞེས་བྱ་བའི་བར་ནི། ཆོས་ཀྱི་འཁོར་ལོ་མའི་ཕྱག་རྒྱ་སྟེ། འདི་ནི་ལྷོ་ཕྱོགས་ཀྱི་རེའུ་ཆ་ལ་བཞུགས་ཤིང་འཁོར་ལོ་བསྣམས། འདིའི་གར་ནི། རྐང་པ་གཡས་གཡོན་གྱེན་དུ་འདེགས་ཤིང་ས་ལ་རྟོབ་པ་དང་། གཤིབས་ནས་ཀྱང་མཆོང་ཞིང་ལག་པས་འཁོར་ལོ་བསྟོད་ནས་འཛིན་པ་ལྟར་བྱེད་པའོ། །བྱ་བ་དང་ནི་ཟློག་པ་དང་། །ཞེས་བྱ་བ་ནས། དཔལ་རྡོ་རྗེ་གར་གྱི་དབང་ཕྱུག་བྱ་བའི་བར་ནི། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་སྟེ། འདི་ནི་ནུབ་ཕྱོགས་ཀྱི་རེའུ་ཆ་ལ་བཞུགས་ཏེ། རྡོ་རྗེ་ཏྲི་ཤཱུ་ལ་བསྣམས། འདིའི་གར་ནི། མདུན་དུ་གྱུར་པ་དང་ཕྱིར་འགྱེད་པ་ལ་སོགས་པའི་སྟོབས་ཀྱིས་གཡུལ་འགྱེད་པ་ལྟར་བྱེད་པའོ། །ལྕུག་མ་གང་ཡང་རུང་གཟུང་ནས། །ཞེས་བྱ་བ་ནས། དཔལ་རྡོ་རྗེ་འདོད་པའི་ལྷ་མོ། །ཞེས་བྱ་བའི་བར་ནི། འདོད་པའི་དབང་མོའི་ཕྱག་རྒྱ་སྟེ། འདི་ནི་བྱང་ཕྱོགས་ཀྱི་རེའུ་ཆ་ལ་བཞུགས་ཏེ། དཔག་བསམ་ཤིང་གི་ལྕུག་མ་བསྣམས། འདིའི་གར་ནི། བུད་མེད་གང་ཡང་རུང་བ་གཟུང་ནས་མཁྱུད་ཅིང་བརྩེན་པར་བྱེད་པའོ། །ད་ནི་སྒོ་བཞིའི་ཕྱག་རྒྱ་འཆད་དེ། དེ་ལ། མྱང་བ་རྔུབ་པ་ལྟར་བྱས་ནས། །ཞེས་པ་ནས། དཔལ་རྡོ་རྗེ་རྟ་གདོང་ཞེས་བྱས་བའི་བར་ནི། རྟ་གདོང་གི་ཕྱག་རྒྱ་སྟེ། འདི་ནི་ཤར་ཕྱོགས་ཀྱི་སྒོ་ན་བཞུགས་ཤིང་གཡས་ན་རྡོ་རྗེ་ལྕགས་ཀྱོ་ཐོགས། གཡོན་ན་པདྨ་བྷནྡྷ་རཀྟས་བཀང་བའི་ནང་ནས་རྟ་མགོ་ལྗང་གུ་བྱུང་བ་འཕངས་བསྟོད་དེ་རྟ་སྐད་འབྱིན་པ་བསྣམས། འདིའི་གར་ནི། བདུད་རྩིའི་ཟས་ལ་སོགས་པ་ལ་གདུག་པ་ཅན་གྱི་ཚོགས་སུ་བརྟགས་ཏེ་རོ་བཅུད་རྔུབ་པ་ལྟར་བྱས་པས་གདུག་པ་ཅན་རྣམས་སྐེམས་པར་བྱེད་པའོ། །སྣ་ཡིས་མྱང་ཞིང་རྔུབ་པ་ཡིས། །ཞེས་བྱ་བ་ནས། རྡོ་རྗེ་ཕག་གདོང་ཞེས་བྱ་བའི་བར་ནི་ཕག་གདོང་གི་ཕྱག་རྒྱ་སྟེ། འདི་ནི་ལྷོ་སྒོ་ན་བཞུགས་ཏེ་གཡས་ན་ཞགས་པ་གཡོན་ན་ཕག་གི་མཆེ་བ་བསྣམས། འདིའི་གར་ནི་སྔ་མ་བཞིན་དུ་དྲི་རྣམས་མྱང་ཞིང་རྔུབ་པ་ལྟར་བྱེད་པ་ཁམས་གསུམ་དབང་དུ་སྡུད་པར་བྱེད་པའོ། །མིག་ཚུགས་ཞེན་པར་བལྟ་བ་ཡིས། །ཞེས་པ་ནས། དཔལ་རྡོ་རྗེ་ཅན་ཉི་ཟླ་མ། ཞེས་བྱ་བའི་བར་ནི། ཉི་ཟླའི་སྤྱན་གྱི་ཕྱག་རྒྱ་སྟེ། ནུབ་སྒོ་ན་བཞུགས་ཏེ། ཕྱག་ན་ལྕགས་སྒྲོག་གི་ཡང་མིག་ཉི་ཟླ་འོད་འབར་བ་བསྣམས། འདིའི་གར་ནི་མིག་གཡས་གཡོན་ཉི་མ་དང་ཟླ་བའི་འོད་འབར་བས་མིག་ཚུགས་ཀྱིས་གདུག་པ་ཅན་ལ་ཞེན་པར་བལྟ་བས་སྲེག་ཅིང་ཟ་བར་བྱེད་པའོ། །ཐམས་ཅད་བདག་ཉིད་མྱང་པ་ཡིས། །ཞེས་པ་ནས། ཁམས་གསུམ་སླར་འཚོ་ཞེས་པའི་བར་ནི་རོ་ལངས་མའི་ཕྱག་རྒྱ་སྟེ། འདི་ནི་བྱང་ཕྱོགས་ཀྱི་སྒོ་ན་བཞུགས་པ་ཕྱག་གཡས་ན་དྲིལ་བུ། གཡོན་ན་བྷནྡྷ་རཀྟས་བཀང་བའི་ཁ་ཊྭཱཾ་རྡོ་རྗེ་རྒྱ་གྲམ་གྱིས་བཀབ་སྟེ། དེའི་སྟེང་ན་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་ཕྱུང་བ་བསྣམས། འདིའི་གར་ནི་དབང་པོ་དྲུག་གི་ཡུལ་ཐམས་ཅད་ལ་རོ་མྱང་བ་ལྟར་བྱེད་པས་ཐམས་ཅད་ཐལ་བར་བརླག་པ་སྟེ། སླར་གསོས་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱེད་པའོ། །ད་ནི་དཔལ་གླིང་བུ་དབང་བྱེད་ལ་སོགས་པ་མཆོད་པའི་ལྷ་མོ་བཞིའི་ཕྱག་རྒྱ་སྟོན་ཏེ། དེ་ལ་གླིང་བུ་ལེན་པའི་ཚུལ་སྟོན་ཅིང་ཞེས་བྱ་བ་ལ་སོགས་པ་ནི་གླིང་བུ་དབང་བྱེད་མའི་ཕྱག་རྒྱ་སྟེ། འདི་ནི་ཤར་ལྷོ་མཚམས་ཀྱི་རེའུ་ཆ་ལ་བཞུགས་ཏེ་ཕྱག་ན་གླིང་བུ་བསྣམས། རྒྱུད་གཞན་ལས་རྡོ་རྗེ་སྒེག་མོ་ཞེས་བསྟན་པའི་གོ་ཡིན་པར་ཤེས་པར་བྱའོ། །འདིའི་གར་ནི་གླིང་བུ་ལེན་པ་ལྟར་བྱེད་ཅིང་བདེ་བ་དབབ་པའི་གར་བྱེད་པས་འགྲོ་བ་དབང་དུ་བྱེད་པའོ། །པི་ཝང་ལེན་པའི་ཚུལ་སྟོན་ཅིང་། །ཞེས་པ་ལ་སོགས་པ་ནི་པི་ཝང་རྨོངས་བྱེད་མའི་ཕྱག་རྒྱ་སྟེ། འདི་ནི་ལྷོ་ནུབ་མཚམས་ཀྱི་རེའུ་ཆ་ལ་བཞུགས་ཏེ་པི་ཝང་བསྣམས། གཞན་ལས་ཕྲེང་བ་མ་ཞེས་བྱ་བའི་གོར་སྦྱར། འདིའི་གར་ནི་པི་ཝང་ལེན་པ་ལྟར་བྱེད་ཅིང་བདེ་བས་རྨོངས་པར་བྱེད་པའོ། །ཅང་ཏེའུ་ཚུལ་སྟོན་རྣལ་འབྱོར་པ། །ཞེས་བྱ་བ་ལ་སོགས་པ་ནི་ཅང་ཏེའུ་སྡུག་བསྔལ་སེལ་བའི་ཕྱག་རྒྱ་སྟེ། ནུབ་བྱང་མཚམས་ཀྱི་རེའུ་ཆ་ལ་བཞུགས་ཏེ་ཅང་ཏེའུ་བསྣམས། རྡོ་རྗེ་དབྱངས་མ་ཞེས་པའི་གོར་སྦྱར། འདིའི་གར་ནི། ཅང་ཏེའུ་འཁྲོལ་པ་ལྟར་བྱེད་པས་སྡུག་བསྔལ་སེལ་བའོ། །རྫ་རྔའི་ཚུལ་སྟོན་རྣལ་འབྱོར་པ། །ཞེས་བྱ་བ་ལ་སོགས་པ་ནི་རྫ་རྔ་མྱོས་བྱེད་མའི་ཕྱག་རྒྱ་སྟེ། འདི་ནི་བྱང་ཤར་མཚམས་ཀྱི་རེའུ་ཆ་ལ་བཞུགས་ཏེ་རྫ་རྔ་བསྣམས། རྡོ་རྗེ་གར་ཞེས་འབྱུང་བའི་གོར་སྦྱར། འདིའི་གར་ནི། རྫ་རྔ་བརྡུང་བ་ལྟར་བྱེད་པས་འབེབས་ཤིང་མྱོས་པ་ལྟར་བྱེད་པའོ། །ཕྱག་རྒྱ་གར་གྱི་མཆོད་པ་ཡིས། །ཞེས་པ་ལ་སོགས་པ་ནི་ཡོན་ཏན་སྟོན་པའོ། །སྐབས་འདིར་མེ་ཏོག་ལ་སོགས་པའི་མཆོད་པའི་ལྷ་མོ་བཞིའི་གར་འབྱུང་བ་ལས། འདིར་མ་སྨོས་པའི་དགོངས་པ་ནི་འདི་རྣམས་གླིང་བུ་ལ་སོགས་པ་དག་འབྲེལ་བར་བསྟན་པས་ནི། གོང་དུ་མཚན་མའི་ཕྱག་རྒྱ་དགོད་པའི་སྐབས་ནས། འདི་ལྟར། གླིང་བུ་དང་ནི་པི་ཝང་ཀུན། །ཀུ་མུ་ད་དང་མུཉྫ་ར། །མེ་ཏོག་བདུག་པ་མར་མེ་དང་། །སྣ་ཚོགས་དྲི་རྣམས་དེ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུ་གསལ་བར་གསུངས་པ་འདི་རྣམས་ཀྱི་གར་གྱི་ཕྱག་རྒྱ་སྤྱིའི་གར་གྱི་མཆོད་པའི་སྐབས་ནས། གྱེན་དུ་འཐོར་ཞིང་ཐུར་དུ་འབེབས། །བསྐོར་ཞིང་དེ་བཞིན་ཉུག་པ་དག །མེ་ཏོག་བདུག་པ་མར་མེ་མཆོག །དྲི་ཡི་མཆོད་པ་འབྱུང་བའོ། །ཞེས་པ་ལྟ་བུ་གོང་དུ་གསལ་བར་གསུངས་པས་དེ་བས་ན་དེ་ལྟ་བུ་ལ་དགོངས་པར་མངོན་ནོ། །ད་ནི་གར་གྱི་ཕྱག་རྒྱ་དེའི་གླུ་སྟོན་ཏེ། དེ་བས་ན། དེ་ནས་ཕྱག་རྒྱ་ཡེ་ཤེས་འདི། །དཔལ་ལྡན་རྡོ་རྗེ་མཆོག་གི་གླུ། །ལས་རྣམས་ཐམས་ཅད་རབ་གྲུབ་ཅིང་། །སྲིད་པ་ཤིན་ཏུ་བསྒྲུབ་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡེ་ཤེས་ཉིད་ཕྱག་རྒྱར་བྱིན་གྱིས་བརླབས་པས་ཕྱག་རྒྱ་ཡེ་ཤེས་ཏེ་དེ་ཡང་རྡོ་རྗེའི་གླུ་ཉིད་དོ། །དེ་ལས་ཐམས་ཅད་གྲུབ་ཅིང་རྟག་ཏུ་མྱ་ངན་ལས་མི་འདའ་བར་སྲིད་པ་ཇི་སྲིད་པ་དེ་སྲིད་དུ་སྲིད་པའི་མྱུ་གུའི་འཕྲུལ་པ་སྟོན་ཅིང་དོན་སྒྲུབ་པའོ་ཞེས་སྦྱར་རོ། །རྡོ་རྗེ་སེམས་དཔའ་བདེ་ཆེན་སྐལ་བཟང་དཔལ་ཁྱོད་བདག་ལགས་བསྒྲུབ་ལ་རྟོགས་པར་མཛད་དུ་གསོལ། །ཞེས་པ་ལ་སོགས་པའི་གླུ་འདི་དག་ནི་ཚོགས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་ཀྱི་ལྷ་མོ་མངོན་དུ་བལྟ་བར་བྱ་བའི་ཕྱིར་ལྷ་རྣམས་བསྐུལ་བའི་གླུའོ། །ཞེས་གོང་དུ་བསྟན་པ་ལྟར་སྦྱར། གར་ཡེ་ཤེས་ཀྱི་ཕྱག་རྒྱའི་སྐབས་སུ་ནི་ལྷ་མོ་འདི་རྣམས་ཀྱིས་གར་བསྒྱུར་བའི་རྗེས་སུ་གླུ་འདི་དག་ཀྱང་བླང་བར་བྱའོ། །གླུ་འདིའི་དོན་ནི་རྣལ་འབྱོར་ཕ་དང་མ་གང་གིས་བླངས་ཀྱང་རུང་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་མི་གཉིས་པའི་སྒོ་ནས་དངོས་གྲུབ་གསོལ་བར་བསྐུལ་ཞིང་འགྲོ་བའི་དོན་མཛད་པར་བསྐུལ་བ་སྟེ། དེ་ཡང་། བདེ་ཆེན་རྡོ་རྗེ་སེམས་དཔའ་ནི། གསང་བའི་ལྷ་མོ་བཞིའི་རང་བཞིན་ཡིན་པས་དེའི་སྒོ་ནས་བསྐུལ་ཏེ། དེ་ལ་རྡོ་རྗེ་སེམས་དཔའ་བདེ་ཆེན་སྐལ་བ་བཟང་དཔལ་ཁྱོད་ཅེས་བྱ་བ་ནི་བོད་པའོ། །བདག་ལགས་ཞེས་བྱ་བ་ནི། རང་བཞིན་མི་གཉིས་པས་སྣོད་དུ་རུང་བར་བསྐུལ་བའོ། །བསྒྲུབ་ལ་རྟོགས་པར་མཛད་དུ་གསོལ། །ཞེས་བྱ་བ་ནི། དེ་ལྟར་ལགས་ཀྱང་བདག་ཅག་གིས་མ་རྟོགས་ཤིང་ མ་གྲུབ་པས་དེ་རྟོགས་ཤིང་གྲུབ་པར་མཛད་དུ་གསོལ། །ཞེས་པའི་དོན་ཏོ། །ཀྱེ་དེ་བཞིན་གཤེགས་པ་ཀུན་གྱི་བདེ་བ་མཁའ་འགྲོ་སྒྱུ་མ་སྣ་ཚོགས་བདེ་བའི་མཆོག །ཅེས་པ་ནི་བོད་པའོ། །འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ་བ་མཆོག་འགྲུབ་པ་ཞེས་པའི་དོན་ཏོ་ཞེས་པ་ནི་དངོས་གྲུབ་བོ། །དེ་བདག་ལ་གྲུབ་པར་མཛད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །ཨ་ལ་ལ་ལ་ཧོ། ཞེས་བྱ་བ་ནི་དངོས་གྲུབ་བླང་བའི་དབྱངས་ཏེ། ཇི་སྐད་དུ། ཨེ་མའོ་བདེ་མཆོག་ངོ་མཚར་ནི། ཨ་ལ་ལ་ལ་ཧོཿ ཞེས་བཤད་དོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་སྦྱོར་བ་རྣམ་པ་སྣ་ཚོགས་གར་རྣམས་བསྟན་དུ་གསོལ། ཞེས་བཤད་པ་ནི། འགྲོ་བའི་དོན་མཛད་པར་བསྐུལ་བའོ། །ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་ནི། དཔལ་རྡོ་རྗེ་སེམས་དཔའ་ཉིད་གསང་བའི་ཡུམ་བཞིའི་རང་བཞིན་པས་དེའི་སྒོ་ནས་དངོས་གྲུབ་བསྐུལ་བ་སྟེ། འདི་སྐད་དུ། དྲངས་ཏེ་བཅུག་ནས་བཅིངས་པ་དང་། །ཞུགས་ནས་དབང་དུ་གྱུར་པ་ནི། །ཛཿཧཱུཾ་བཾ་ཧོཿབཤད་པ་སྟེ། །ཞེས་གསུངས་པར་སྦྱར་རོ། །ཀྱེ་བདེ་མཆོག་ཅེས་བྱ་བ་ནི་རྒྱས་འདེབས་མའི་སྒོ་ནས་བསྐུལ་བའོ། །བདེ་བས་གཟུང་རྣམ་པར་སྤྲུལ་ཞེས་པ་ནི་རྨོངས་བྱེད་མའི་འོ། །ཧཱུཾ་སྣང་བ་མཛད་དུ་གསོལ། །ཞེས་བྱ་བ་ནི་ཟ་བྱེད་མའོ། །དེ་བཞིན་དུ་སྦྱར་ཏེ། སློབ་མ་གཟུང་དུ་གསོལ་ཞེས་བྱ་བ་ནི་ཚེ་འཕེལ་མའི་སྒོ་ནས་བསྐུལ་བ་སྟེ། མདོར་ན་ལྷ་མོ་བཞིའི་ཡོན་ཏན་སྨོས་པའི་སྒོ་ནས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ལ་བསྐུལ་བའོ་ཞེས་བྱ་བའི་དོན་ཏོ། །དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་རྫོགས་སོ། །ད་ནི་དཔལ་རྣམ་པར་སྣང་མཛད་ཀྱི་ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་གོང་དུ་བསྟན་པ་བཞིན་དུ་སྐུའི་ཚུལ་གྱི་དོན་དང་། དབུ་རྒྱན་གྱི་དོན་དང་། སྐྱིལ་མོ་ཀྲུང་གི་མཚན་ཉིད་དང་། འཁོར་རྣམས་ཀྱི་ལྷ་མོ་རྣམས་ཀྱི་ཕྱག་རྒྱའི་གར་དང་། རང་གི་རིགས་ཀྱི་གླུ་རྣམས་སྟོན་ཏེ། དཀྱིལ་འཁོར་གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་དཔལ་རྣམ་པར་སྣང་མཛད་ཀྱི་སྐུ་གསེར་བཙོ་མའི་ཁ་དོག་འདྲ་བའི་དོན་ནི། དོན་དམ་པ་རྣམ་པར་དག་པ་མཚོན་པའོ། །འོད་ཟེར་དཀར་ཞིང་དམར་མདངས་ཅན་བྱུང་བ་ནི་ཤེས་རབ་དང་ཐབས་ཀྱི་སྒོ་ནས་མ་ཆགས་པའི་ཐུགས་རྗེ་མངའ་བའོ། །དབུ་རྒྱན་གྱི་དོན་གསུངས་པ། ཆོས་ཀྱི་རྒྱལ་སྲིད་རབ་བསྒྲུབ་པ། །རིན་ཆེན་ཆོས་ལས་ལྷག་པ་མེད། །དེ་བས་ཐེག་ཆེན་བྱང་ཆུབ་སེམས། །རྒྱལ་བ་རིན་ཆེན་རྡོ་རྗེ་ཅན། །ཞེས་བྱ་བ་སྟེ། འདིར་རྒྱལ་སྲིད་ཀྱི་མཆོག་ཀྱང་ཆོས་ཀྱི་རྒྱལ་སྲིད་ཡིན་ལ། རིན་པོ་ཆེའི་མཆོག་ཀྱང་ཆོས་རིན་པོ་ཆེ་ཡིན་ཏེ། དེ་བས་ན་ཐེག་པ་ཆེན་པོའི་ཆོས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པ་ལ་མངའ་བརྙེས་པའི་ཕྱིར་རིན་པོ་ཆེའི་དབུ་རྒྱན་རྡོ་རྗེ་ཕྱེད་པས་མཚན་པས་དབུ་བརྒྱན་ཏོ། །ཞེས་བྱ་བའི་དོན་ཏོ། །འདིའི་ཕྱག་རྒྱ་བསྟན་པའི་ཕྱིར། གཡས་པས་མཐེ་བོང་གུང་མོ་གཉིས། །ཞེས་པ་ལ་སོགས་པ་སྨོས་ཏེ། འདི་ནི་ཆོས་འཆད་ཀྱི་ཕྱག་རྒྱ་སྟེ། འདིས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་མཐའ་གཉིས་ལས་མི་གནས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། དེའི་ཕྱིར་རྩ་བའི་ཕྱག་རྒྱ་འདིས་བཏབ་པའི་ཡོན་ཏན་སྨོས་པ་རྣམས་ཀྱང་དེ་ཉིད་ཀྱིས་རྟོགས་པར་འགྱུར་རོ། །གཡས་ཀྱི་ཡན་ལག་གནོན་པཡིས། །ཞེས་བྱ་བ་ལ་སོགས་པ་ནི་སྐྱིལ་མོ་ཀྲུང་བསྟན་པའོ། །ད་ནི་ལྷ་མོ་རྣམས་ཀྱི་གར་གྱི་ཕྱག་རྒྱ་སྟོན་ཏེ། དེ་ཡང་ལྷ་མོ་འདི་བརྒྱད་ཀྱི་ཕྱག་རྒྱའི་ཚུལ་ནི། སངས་རྒྱས་ཀུན་བརྗོད་མ་ལ་སོགས་པ་གསང་བའི་ཡུམ་བཞི་ནི། དབུས་ཀྱི་རེའུ་ཆ་ལ་ཕྱོགས་བཞི་ནས་གཙོ་ལ་མཁྱུད་པའི་ཚུལ་གྱིས་བཞུགས། ཕྱག་མཚན་ནི། སངས་རྒྱས་ཀུན་བརྗོད་མའི་ལྕེའོ། །ཤིན་ཏུ་རྒྱལ་མོའམ་དཔའ་མོའི་ཆ་ལང་དང་རྔའོ། །ཀུན་དུ་བཟང་མོའི་རྡོ་རྗེའོ། །མི་བཟད་པའི་ཟ་མ་ཏོག་གི་རིན་པོ་ཆེའི་སྣོད་དོ། །རིགས་ཀྱི་ཡུམ་བཞི་ནི་ཕྱོགས་བཞིའི་རེའུ་ཆ་ལ་བཞུགས་ཏེ། ཕྱག་མཚན་ནི། སངས་རྒྱས་ཀུན་གྱི་ཡན་ལག་དང་ལྡན་མ་ནི་སངས་རྒྱས་ཀྱི་སྐུ་གཟུགས་སོ། །ཞལ་བཟང་མའི་མེ་ལོང་དང་རླུང་ཡབ་བོ། །སྤྲིན་ཆེན་མོའི་སྤྲིན་རྡོ་རྗེ་སེར་བ་དང་བཅས་པའོ། །ནམ་མཁའི་སྤྱན་གྱི་ཕྱག་རྒྱའོ། །ལྷ་མོའདི་རྣམས་ཀྱི་གར་ནི་ལག་པ་གཡས་པ་རྣམས་ཀྱིས་ཇི་སྐད་དུ་སྨོས་པའི་རང་རང་གི་ཁུ་ཚུར་རྣམས་བཅིངས་ཏེ། ལག་པ་གཡོན་པ་རྣམས་ཀྱི་ཁུ་ཚུར་རྣམས་འགེབས་པར་བྱེད་པའོ། །དེ་ལ་ཁུ་ཚུར་འདི་རྣམས་ཀྱི་ངོ་བོ་བསྟན་པ་ནི། རིགས་སོ་སོའི་ཁུ་ཚུར་དྲུག་ནི་ལས་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་འབྱུང་ངོ་། །བུད་མེད་ཕྱག་རྒྱ་ནི་ཐ་མ་དངོས་གྲུབ་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་འབྱུང་ངོ་། །དཔལ་འགྲུབ་སྤྱན་གྱི་ཁུ་ཚུར་ནི་གཉིས་པ་དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་འབྱུང་ངོ་། །དེ་ལ་རྡོ་རྗེ་ཁུ་ཚུར་ནི་ཁུ་ཚུར་ཐམས་ཅད་ཀྱི་གཞི་ཡིན་ཏེ། དེ་བཅའ་བ་ཡང་འདི་སྐད་དུ། སྲིན་ལག་མཐེའུ་ཆུང་ཡན་ལག་དབུས། །མཐེ་བོ་ལེགས་པར་བཞག་པར་བྱ། །དེ་ནས་ཁུ་ཚུར་བཅས་ནས་ནི། །མཛུབ་མོ་ལེགས་པར་དགུག་པར་བྱ། །རྡོ་རྗེ་དཔལ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །ཞེསགསུངས་པ་ཡིན་ཏེ། སྲིན་ལག་དང་མཐེའུ་ཆུང་གི་བར་དུ་མཐེ་བོའི་རྩེ་མོས་སླེབ་པར་བྱས་ཏེ། ཁུ་ཚུར་བཅངས་ནས་མཛུབ་མོ་བཀུག་སྟེ་ཅུང་ཟད་བཀྱེད་ནས་བཞག་པའོ། །དཔལ་ཧེ་རུ་ཀའི་ཁུ་ཚུར་ནི། རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །མཐེའུ་ཆུང་གཉིས་ནི་རབ་བརྐྱང་ན། །ཞེས་གསུངས་པ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེའུ་ཆུང་བརྐྱང་བའོ། །པད་མོ་བུད་མེད་ཁུ་ཚུར་ནི། །བཏེག་པའི་ཁུ་ཚུར་བཅངས་པ་ལས། །མཐེ་བོང་དག་ལ་གུང་མོ་བཞག །པད་མོ་ཁུ་ཚུར་གྲུབ་པ་སྟེ། །ཞེས་གསུངས་པ་སྟེ། དེ་ལ་བཏེག་པའི་ཁུ་ཚུར་ནི། མཛུབ་མོའི་སེན་མོ་མཐེ་བོང་གི་ཚིགས་ཀྱིས་ཅུང་ཟད་མནན་པ་ལ་གྲགས་སོ། །དེ་ལ་ཅུང་ཟད་མཐེ་བོང་སེན་མོའི་སྟེང་དུ་གུང་མོའི་རྩེ་མོ་བཙུགས་པ་ནི་པདྨའི་ཁུ་ཚུར་་རོ། །རིན་ཆེན་འཛིན་པའི་ཁུ་ཚུར་ནི། །ཁུ་ཚུར་རྡོ་རྗེ་རིན་ཆེན་མཆོག །ཅེས་གསུངས་ཏེ། ཇི་ལྟར་བཅའ་བ་མ་གསུངས་པས་ཁུ་ཚུར་གོང་མ་ཉིད་ལས་མཐེ་བོང་དང་གུང་མོ་རྩེ་སྤྲད་དེ་རིན་པོ་ཆེ་འདྲ་བར་བྱ། ཞེས་ཀྱང་བཤད། རྡོ་རྗེ་ཁུ་ཚུར་ཉིད་ལས་གཉིས་པའོ། །ཞེས་སློབ་དཔོན་དག་གིས་བཤད་དོ། །སངས་རྒྱས་ཁུ་ཚུར་ནི། འདི་སྐད་དུ། རྡོ་རྗེ་ཁུ་ཚུར་ལེགས་བཅངས་ལ། །བདག་གི་མཐེ་བོང་ནང་དུ་གཞུག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་རོ། །ཞེས་གསུངས་པ་སྟེ། རྡོ་རྗེ་ཁུ་ཚུར་ཉིད་ལས་མཐེ་བོ་ཅུང་ཟད་བསྣུར་ཏེ། རྩེ་མོ་ནང་དུ་ཆུད་པ་ཙམ་དུ་བྱས་པའོ། །བུད་མེད་ཕྱག་རྒྱ་ནི། འདི་སྐད་དུ། ཁུ་ཚུར་སྙིང་གར་བཅངས་པ་ནི། །བུད་མེད་ཕྱག་རྒྱར་དེ་བཤད་དེ། །ཞེས་གསུངསཔ་སྟེ། ཁུ་ཚུར་འདི་ལ་མཐེབ་མོས་མཛུབ་མོའི་ཚིག་དབུ་མ་མནན་ནོ། །ཞེས་བླ་མའི་བཀའོ། །རྟ་མཆོག་དཔལ་གྱི་ཁུ་ཚུར་ནི། འདི་སྐད་དུ། རྡོ་རྗེ་ཁུ་ཚུར་དཔལ་བཅངས་ལ། །སོར་མོ་ཐམས་ཅད་ཡོངས་སུ་བཟུང་། །བརྟུལ་ཕོད་ལས་རྣམས་ཐམས་ཅད་ནི། །མ་ལུས་ལུས་པ་མེད་པ་འགྲུབ། །ཅེས་གསུངས་པ་སྟེ། འདི་ལ་མཐེ་བོས་སོར་མོ་ཐམས་ཅད་གཟུང་བའོ། །ཞེས་བཤད་དོ། །དཔལ་འགྲུབ་སྤྱན་གྱི་ཁུ་ཚུར་ནི། འདི་སྐད་དུ། མཛུབ་མོས་མཐེ་བོ་མནན་ནས་ནི། །རང་གི་མཐེ་བོ་མཛུབ་མོས་མནན། །དཔལ་འགྲུབ་སྤྱན་གྱི་ཕྱག་རྒྱ་དེ། །མཛུབ་མོ་མིག་གི་འབྲས་བུར་བྱ། །ཞེས་གསུངས་པ་སྟེ། ལག་པ་གཡས་པ་ཁུ་ཚུར་བཅས་ཏེ་མཛུབ་མོས་མཐེ་བོ་མནན་ནས་དེ་ནས་གཡས་པའི་མཐེ་བོང་དེ་ཉིད་ཀྱིས་ཕྱིར་མཛུབ་མོའི་རྩ་བ་མནན་ཏེ། མཛུབ་མོའི་རྩེ་མོ་མིག་གི་འབྲས་བུ་ལྟར་བྱས་པའོ། །དེ་ལྟར་ལྷ་མོ་རྣམས་ཀྱི་ཕྱག་རྒྱའི་གར་བསྟན་ནས། ད་ནི་གྲུབ་པའི་གླུ་བསྟན་པའི་ཕྱིར། ཕྱག་རྒྱ་ཤེས་པ་འདི་དག་གི །སངས་རྒྱས་སྤྲུལ་པའི་གླུ་མཆོག་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློང་བར་བྱེད་པ་བརྟན་གྲུབ་པ། །ཞེས་པ་ནི། བརྟན་པ་གྲུབ་པ་མྱ་ངན་ལས་འདས་པ་རྣམས་ཀྱང་སློང་བར་བྱེད་པ་ཞེས་བྱ་བ་ཡང་སྦྱར་རོ། །གླུའི་ཡན་ལག་ཤརྫ་བ་དང་། དེ་བ་ཏ། དེའུ་ཕྲ་སྦོམ་གྱི་བྱེ་བྲག་གོ ། འཇིག་རྟེན་ཁམས་མང་རྡུལ་ཕྲན་གྲངས་མེད་ཁྱབ་པར་སྤྲོས་པ་ཡི། །ཞེས་པ་ལ་སོགས་པའི་གླུ་ནི། རྒྱལ་བ་རྣམས་མྱ་ངན་ལས་འདས་པའི་མཐའ་ལས་བསླངས་ནས་སངས་རྒྱས་ཀྱི་སྤྲུལ་པ་ཞིང་གི་རྡུལ་རྙེད་འཕྲུལ་བས་སེམས་ཅན་གྱི་དོན་མཛོད་ཅིག་ཅེས་བསྐུལ་བ་དང་། དེ་ལྟ་བུའི་སྦྱོར་བ་བདག་ལ་གྲུབ་པར་མཛོད་ཅིག་ཅེས་བསྐུལ་བའོ། །ནམ་མཁའ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་བྱ་བ་ནི། རིགས་སོ་སོའི་ཁྱད་པར་གྱི་མཚན་ཡིན་ཏེ། འདི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ལ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཞེས་བྱ་བ་སྟེ། སངས་རྒྱས་ཀུན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་རིགས་ལ་ནི། ནམ་མཁའ་ཐམས་ཅད་མཉམ་པར་སྦྱོར་བ། །ཞེས་བྱ་སྟེ། སྤངས་པ་ཕུན་སུམ་ཚོགས་པ་དང་། དེ་བཞིན་ཉིད་རྟོགས་པ་ཕུན་སུམ་ཚོགས་པ་གཙོར་བསྟན་པའི་ཕྱིར་རོ། །རྡོ་རྗེ་རིགས་ལ་ནི། རྡོ་རྗེ་ཐམས་ཅད་མཉམ་སྦྱོར་བ། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཐོག་མ་དང་ཐ་མར་འགྱུར་བ་མེད་པ་གཙོར་བསྟན་པའི་ཕྱིར་རོ། །པདྨའི་རིགས་ལ་ནི། སྣ་ཚོགས་པདྨོ་མཉམ་སྦྱོར་བ། །ཞེས་བྱ་སྟེ། རྣམ་པར་དག་པའི་ཆོས་དང་དེ་ཁོང་དུ་ཆུད་པ་གཙོར་བསྟན་པའི་ཕྱིར་རོ། །རིན་པོ་ཆེའི་རིགས་ལ་ནི། རྒྱལ་སྲིད་ཐམས་ཅད་མཉམ་སྦྱོར་བ། །ཞེས་གསུངས་ཏེ། ཡོན་ཏན་རིན་པོ་ཆེ་ལ་མངའ་བརྙེས་པ་དང་། དབང་བསྐུར་བ་ལ་སོགས་པ་སྦྱིན་པ་གཙོར་བསྟན་པའི་ཕྱིར་རོ། །ལས་ཀྱི་རིགས་ལ་ནི། རྟམཆོག་མཉམ་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག །ཅེས་གསུངས་ཏེ། བརྟུལ་ཕོད་ཀྱི་ལས་གཙོ་བོ་བསྟན་པའི་ཕྱིར་རོ། །ཐམས་ཅད་ལ་ཡང་། མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག །སྨོས་པ་ནི། བུད་མེད་ཀྱི་སྒྱུ་འཕྲུལ་གྱི་བདེ་བ་དང་བདེ་བ་ཆེན་པོ་ལ་མངའ་བརྙེས་པའི་ཕྱིར་རོ། །དེ་ནས་བུད་མེད་གཞི་རྣམས་དང་། །ཞེས་བྱ་བ་ལ་སོགས་པ་ནི། རང་གི་དཀྱིལ་འཁོར་དུ་དེ་ལྟ་བུ་གར་དང་གླུ་དང་ལྡན་པས་མེ་ཏོག་ལ་སོགས་པའི་མཆོད་པ་རྒྱས་པར་བྱའོ། །ཞེས་པའི་དོན་ཏོ། །དཔལ་རྣམ་པར་སྣང་མཛད་ཀྱི་ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་རྫོགས་སོ། །ད་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་བསྐུལ་བའི་ཚུལ་ནི། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བའི་ཕན་པར་མི་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །གཞན་གྱི་མ་ཡིན་མི་འཕྲོག་པ། །ལྷ་རྫས་ཆུ་ཡིས་དག་པ་སྟེ། །དེ་བཞིན་རང་བཞིན་ཉིད་དག་དང་། །མཐུ་དང་ངོ་བོ་ཉིད་ཀྱིས་གྲུབ། །ཅེས་བྱ་བ་ནི། དབུ་རྒྱན་གྱི་དོན་གསུངས་པ་སྟེ། དེ་ཡང་དཔལ་རྡོ་རྗེ་སེམས་དཔའ་ལ་ནི་སངས་རྒྱས་རིན་པོ་ཆེའི་དབུ་རྒྱན་གསུངས་སོ། །དཔལ་རྣམ་པར་སྣང་མཛད་ལ་ནི་ཆོས་རིན་པོ་ཆེའི་དབུ་རྒྱན་གསུངས་སོ། །དཔལ་ཧེ་རུ་ཀ་ལ་ནི་བྱང་ཆུབ་སེམས་ཀྱི་དབུ་རྒྱན་གསུངས་ཏེ། དེ་བས་ན་ཚིགའདི་དག་ཀྱང་འོག་ནས་སྟོན་པའི་དབུ་རྒྱན་དོན་གྱི་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པའོ། །གོས་ཆེན་པོ་དང་ཀླུབས་པ་ཆེ། །ཤ་ཆེན་པོ་དང་སྦྲང་རྩི་ཆེ། །དུར་ཁྲོད་ཀུན་གྱི་འབྱུང་པོ་ཡི། །ཕྱག་རྒྱ་དཔལ་ལྡན་དབང་ཕྱུག་མཆོག །ཅེས་བྱ་བ་ནི། དཔལ་ཧེ་རུ་ཀའི་ཕྱག་རྒྱའི་ཚུལ་ནི་འབྱུང་པོ་ཐམས་ཅད་ཀྱི་གཙོ་བོ་དུར་ཁྲོད་ཀྱི་བདག་པོ་དང་མཐུན་པར་གོས་ཆེན་པོ་མནབས་ཤིང་སྣོད་ཆེན་པོ་དང་སྦྲང་རྩི་ཆེན་པོས་བཀང་སྟེ་རོལ་པའོ། །ཕྱག་རྒྱ་གཞན་ཡང་གསུངས་པ། རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེ་བཅས། །དྲིལ་བུ་དཀྲོལ་བའི་སྒྲར་བཅས་པ། །དཔལ་ལྡན་ཧེ་རུ་ཀ་འབབས་པའི། །ཕྱག་རྒྱ་སྣ་ཚོགས་རྣམས་འཕྲུལ་པས། །ཞེས་གསུངས་ཏེ། དཔལ་ཧེ་རུ་ཀ་ཕྱག་བཞིར་བསྟན་པའི་ཚེ། རྡོ་རྗེ་འབར་བ་དང་རྡོ་རྗེ་ཁ་ཊྭཱཾ་ག་དྲིལ་བུས་བརྒྱན་པ་དང་། ཕྱག་གཉིས་ནི་སྣོད་ཆེན་པོར་བཏུང་བ་ཆེན་པོདང་། བཟའ་བ་ཆེན་པོས་བཀང་བ་བསྣམས་ཏེ་རོལ་ཏོ། །ཕྱག་བརྒྱད་དུ་བསྟན་པའི་ཚེ། གོས་ཆེན་པོ་ཕྱག་གཉིས་ཀྱིས་གཟུང་སྟེ་རླུང་གི་དཀྱིལ་འཁོར་ལྟར་བསྐོར་ནས་གསོལ་ལོ། །གཉིས་པ་མདའ་གཞུ་འགེངས་ཞེས་བཤད། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སངས་རྒྱས་གཙུག་གི་ནོར་བུ་དག །ཅེས་གསུངས་པ་ནི་དཔལ་ཧེ་རུ་ཀའི་དབུ་རྒྱན་དང་རྡོ་རྗེ་སེམས་དཔའི་དབུ་རྒྱན་འདྲ་སྟེ། ཐོད་པ་དང་སངས་རྒྱས་གཙུག་གི་ནོར་བུས་བརྒྱན་ཏོ། །དེ་ལ་ཐོད་པའི་དབུ་རྒྱན་ནི། བྱང་ཆུབ་ཀྱི་སེམས་གཙོ་བོར་བསྟན་པའི་ཕྱིར་ཏེ། དབུ་རྒྱན་ཀུན་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རྟགས་ཡིན་མོད་ཀྱི་གང་དུ་གང་གཙོར་གསུངས་པ་དེ་ཁྱད་པར་དུ་སྦྱར་བར་རིགས་སོ། །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཁ་ཊྭཱཾ་ག་ལ་རྒྱབ་རྟེན་བྱས། །ལག་པ་གཡོན་པ་ཐོད་པ་ཐོགས། །གཡས་པ་བ་དན་གསུམ་པར་བྱ། །ནམ་མཁའི་ཕྱག་རྒྱ་རྣལ་འབྱོར་པ། །ཞེས་པ་ལ་སོགས་པ་གསུངས་པ་ནི། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་འདིར་རྡོ་རྗེ་མཁའ་འགྲོམ་བརྒྱད་གསུངས་པ་ལས། ལྷ་མོ་སྨ་ཤ་ན་ནི་རིགས་ཐམས་ཅད་འབྱུང་བའི་གཞི་ཐམས་ཅད་ཀྱི་ལས་ཀྱི་བདག་ཉིད་ཡིན་པས་དེ་བས་ན་འདིར་ཡུམ་ཀྲོ་དྷཱི་ཤྭ་རཱི་བསྟན་ཏེ། ཁ་ཊྭཱཾ་ག་སེ་རལ་ཁར་བཙུགས་ཏེ་རྒྱབ་བསྟན་ནས་ལག་པ་གཡོན་ཐོད་པ་ཐོགས་ཏེ་གཡས་པ་བ་དན་གསུམ་པས་གཙོ་ལ་འཁྱུད་པའི་ཚུལ་གྱིས་རྟག་ཏུ་སྦྱོར་བ་དང་མི་བྲལ་བ་བསྟན་པའོ། །དེ་ཡང་གང་གི་ཕྱིར་དཔལ་ཧེ་རུ་ཀ་ནི་དུར་ཁྲོད་ཆེན་པོ་ན་ཏ་ན་དང་ག་ནའི་ཕྲིན་ལས་ལ་རྟག་ཏུ་རོལ་པར་བསྟན་པའི་ཕྱིར་རོ། །ནམ་མཁའ་ཐམས་ཅད་མཉམ་སྦྱོར་བ་སྐལ་བ་བཟང་པོ་དཔལ་རྡོ་རྗེ་མཁའ་འགྲོ་མ་བདེ་བའི་མཆོག་ཅེས་བྱ་བའི་ཕྱག་རྒྱའོ། །ཞེས་གསུངས་པ་དང་། ལྷ་མོའི་ཕྱག་རྒྱའོ། །ཞེས་བྱ་བའི་དོན་ཏོ། །ད་ནི་དཔལ་ཧེ་རུ་ཀའི་སྐྱིལ་མོ་ཀྲུང་བསྟན་པའི་ཕྱིར། གཡས་དང་གཡོན་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐྱིལ་མོ་ཀྲུང་ཡང་གཟུངས་དང་རོལ་པ་ལས་བྱང་ཆུབ་ཀྱི་སེམས་ལེན་པས་འདུལ་བར་མཛད་པའོ། །ད་ནིའཁོར་གྱི་མཁའ་འགྲོ་མ་རྣམས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། དེ་ནས་གཞན་ཡང་རབ་བཤད་པ། །སངས་རྒྱས་མཁའ་འགྲོའི་དཀྱིལ་འཁོར་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་མཁའ་འགྲོ་མ་འདི་རྣམས་ཀྱི་ཕྱག་རྒྱའི་གར་གྱི་མཚན་ཉིད་ཀྱང་འདིར་རིམ་པ་བདུན་དུ་སྟོན་ཏོ། །དེ་ལ་དང་པོ་ནི་འདུག་ཚུལ་གྱི་གར་སྟོན་ཏོ། །གཉིས་པ་ནི་ལྟ་སྟངས་ཀྱི་གར་སྟོན་ཏོ། །གསུམ་པ་ནི་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་རྒྱས་འདེབས་ཤིང་དབང་དུ་བྱེད་པའི་གར་སྟོན་ཏོ། །བཞི་པ་ནི་གར་གྱི་ལས་དང་ཡོན་ཏན་སྟོན་ཏོ། །ལྔ་པ་ནི་གར་གྱི་ཐབས་ཚུལ་སྟོན་ཏོ། །དྲུག་པ་ནི་ལས་ཀྱི་སྒོ་ནས་ལས་ཀྱི་ཕྱག་རྒྱ་སྟོན་ཏོ། །བདུན་པ་ནི་མཁའ་འགྲོ་མ་རྣམས་ཀྱི་མིང་དང་གྲངས་རིམ་སྟོན་ཏོ། །དེ་ལ་དང་པོར་གནས་ཚུལ་གྱི་གར་བསྟན་པ་ནི། ཞི་དང་དྲག་པོ་རྨོངས་པའི་མཆོག །དགའ་བའི་གར་བྱེད་འགྱུར་བ་བཅས། །ཤི་བ་ལྡང་བའི་སྦྱོར་བ་ ཡིས། །བདེ་བའི་ཕྱག་རྒྱ་རབ་ཏུ་གནས། །ཞེས་གསུངས་ཏེ། དེ་ལ་ཞི་བ་ནི་རྒྱས་འདེབས་མའི་ཕྱག་རྒྱ་སྟེ། ཀེ་རི་ནི་ཞི་བའི་ཚུལ་དུ་གནས་ཤིང་བཞུགས་སོ། །དེ་བཞིན་ཏུ་སྙིང་འདྲེན་མ་སྟེཙོའུ་ནི་དྲག་པོའི་ཚུལ་དུ་བཞུགས་སོ། །རྨོངས་བྱེད་མ་སྟེ་པྲ་མོ་ཧ་ནི་རྨོངས་པའི་ཚུལ་དུ་བཞུགས་སོ། །འདེགས་བྱེད་མ་སྟེ་བཻ་ཏ་ལི་ནི་དགའ་བའི་ཚུལ་དུ་བཞུགས་སོ། །གར་བྱེད་མ་སྟེ་པུཀྐ་སི་ནི་གར་བྱེད་པའི་ཚུལ་དུ་བཞུགས་སོ། །གསོད་བྱེད་མ་སྟེ་ཙཎྜ་ལཱི་ནི་གཡེང་ཞིང་འགྱུར་བའི་ཚུལ་དུ་བཞུགས་སོ། །ཟ་བ་མོ་སྟེ་གྷསྨ་རཱི་ནི་ཤི་བ་ལྡང་བའི་ཚུལ་དུ་བཞུགས་སོ། །བདེ་བའི་ཕྱག་རྒྱ་རབ་ཏུ་གནས། །ཞེས་གསུངས་པ་ནི། མཇུག་བསྡུས་པའི་ཚིག་སྟེ། འདི་རྣམས་ནི་མཁའ་འགྲོ་མ་རྣམས་ཀྱི་བདེ་བར་གནས་པའི་ཕྱག་རྒྱ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ལྷ་མོ་སྨ་ཤ་ནི་མ་སྨོས་པ་ནི་ཀུན་གྱི་སྤྱིར་བསྟན་པས་ལྷག་པར་ནི་སྨོས་ཀྱང་མི་དགོས་ལ། གོང་དུ་ཡུམ་ཀྲོ་ངྷི་ཤྭ་རི་ཉིད་དུ་བསྟན་པས་གཙོ་བོ་དང་སྦྱོར་བའི་ཚུལ་དུ་བཞུགས་པ་ཉིད་དུ་ཟད་དོ། །འོན་ཀྱང་ལྷ་མོ་འདི་དག་ཀུན་ཀྱང་ཇི་སྐད་དུ་བསྟན་པའི་རང་རང་གི་ཚུལ་འདི་དག་དང་ལྡན་པའི་དཔལ་ཆེན་པོའིསྐུ་ལ་སྦྱར་ཏེ་བདེ་བ་གནས་པའི་ཕྱག་རྒྱ་ཅན་ནོ། །ཞེས་ཤེས་པར་བྱའོ། །དེ་ནི་གནས་ཚུལ་གྱི་གར་བསྟན་པས་སྦྱོར་བའི་བདེ་བ་ལ་གནས་པའི་གར་དུ་གསུངས་པར་ཤེས་པར་བྱའོ། །ད་ནི་གཉིས་པ་ལྟ་སྟངས་ཀྱི་གར་སྟོན་པའི་ཕྱིར། ཞི་དང་དྲག་པོ་རྨོངས་བྱེད་དང་། །གྱེན་དུ་དབུགས་འབྱིན་གར་བྱེད་ལུས། །ལྟ་བའི་ཕྱག་རྒྱ་གྲུབ་པའི་མཆོག །ཅེས་གསུངས་ཏེ། དེ་ལ་གོའུ་རི་ནི་ཞི་བར་གཟིགས་ཏེ་ཟམ་ཟིམ་དུ་བལྟ་བའོ། །ཙོའུ་རི་ནི་དྲག་པོར་གཟིགས་ཏེ་རྣམ་པར་བཟློག་ཏེ་བལྟ་བའོ། །པྲ་མོ་ཧ་ནི་རྨོངས་པར་གཟིགས་ཏེ་འབྲུ་ཚུགས་སུ་བལྟ་བའོ། །བཻ་ཏ་ལི་ནི་ཤི་བ་སོས་པའི་ཚུལ་དུ་གཟིགས་ཏེ་དལ་བུས་ཅུང་ཟད་གྱེན་དུ་བལྟ་བའོ། །པུསྐ་སཱི་ནི་གར་བྱེད་པའི་ཚུལ་དུ་གཟིགས་ཏེ་སྣ་ཚོགས་སུ་བལྟ་བའོ། །ཙཎྜ་ལཱི་ནི་རྣམ་པར་གཡེངས་པར་གཟིགས་ཏེ་དབུགས་འཐོར་བའི་ཚུལ་གྱིས་སོ། །གྷསྨ་རཱི་ནི་རོ་ཟ་བའི་ཚུལ་དུ་གཟིགས་ཏེ་འདིར་ཡང་ལུས་ཞེས་གསུངས་པ་དང་སྦྱར། བལྟ་བའི་ཕྱག་རྒྱ་གྲུབ་པའི་མཆོག །ཅེས་བྱ་བ་ནི། མཇུག་བསྡུ་བའི་ཚིག་སྟེ། ལྟ་སྟངས་ཀྱི་གར་གྱི་ཕྱག་རྒྱ་རང་བཞིན་གྱིས་གྲུབ་པའི་མཐུ་ཅན་ནོ། །ཞེས་པའི་དོན་ཏོ། །ད་ནི་གསུམ་པ་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་རྒྱས་འདེབས་ཤིང་དབང་དུ་བྱེད་པའི་གར་བསྟན་པའི་ཕྱིར། གསང་བ་སྦྱོར་བ་བདེ་མཆོག་གིས། །མེ་ཏོག་བདུག་པ་སྦྱར་བའི་མཆོག །ཆང་དང་ཆུ་དང་ལྕུག་མ་དང་། །རས་དང་མེ་གཏོང་གྲུབ་པ་ཡིས། །ཁྱད་པར་དུ་ཡང་རྒྱས་འདེབས་སོ། །ཞེས་གསུངས་ཏེ། དེ་ལ། གསང་བའི་སྦྱོར་བ་བདེ་མཆོག་གིས། །ཞེས་བྱ་བ་ནི། ལྷ་མོ་ཐམས་ཅད་ཀྱང་དཔལ་ཆེན་པོ་དང་སྦྱོར་བའི་སྒོ་ནས་རྒྱས་འདེབས་པར་བྱེད་པ་ལས་མི་འདའ་བས་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །དེ་ལ་མེ་ཏོག་ནི། དང་པོར་ཆགས་པསདབང་དུ་བྱེད་པས་རྒྱས་འདེབས་པར་བྱེད་པ་སྟེ། རྒྱས་འདེབས་མའི་ཕྱག་རྒྱའོ། །མེ་ཏོག་དང་མདའ་ཡང་དོན་གཅིག་སྟེ་དབང་དུ་བྱེད་པའི་མདའ་ཐམས་ཅད་ནི་མེ་ཏོག་གི་མདའ་ཞེས་གྲགས་ཏེ། འཇིག་རྟེན་ན་བདུད་ཀཱ་མ་དེ་བ་མེ་ཏོག་མདའ་ཅན་ཞེས་བྱ་བས་ཀྱང་འདོད་པའི་ཡོན་ཏན་ལྔའི་ཕྱག་རྒྱ་མེ་ཏོག་གི་མདའ་ལྔ་གང་ལ་འཕངས་པ་དེ་རང་དབང་མེད་པར་ཆགས་པ་སྐྱེས་ཏེ་དབང་དུ་འགྱུར་རོ། །ཡེ་ཤེས་ཀྱི་ལྷ་དག་ཀྱང་ལྷ་མོ་སྒྲོལ་མ་ལྟ་བུ་དབང་གི་ཕྲིན་ལས་མཛད་པ་ན་མེ་ཏོག་གི་མདས་བྱེད་པ་ལྟ་བུའོ། །བདུག་པ་སྦྱར་བ་ཞེས་བྱ་བ་ནི་སྙིང་འདྲེན་མའི་ཕྱག་རྒྱ་སྟེ། དེ་བས་ན་བདུག་པ་དང་ལྕགས་ཀྱུའང་དོན་གཅིག་སྟེ། སྡུད་པར་བྱེད་པའི་ཚུལ་གྱིས་རྒྱས་འདེབས་པར་བྱེད་དོ། །ཆང་ནི་རྨོངས་མའི་ཕྱག་རྒྱ་སྟེ། ཕྱག་ན་ཐོད་པ་ཆང་གིས་བཀང་བ་ཐོགས་ཏེ། རྨོངས་པར་བྱེད་པའི་ཚུལ་གྱིས་རྒྱས་འདེབས་སོ། །ཆུ་ནི་འདེབས་བྱེད་མའི་ཕྱག་རྒྱ་སྟེ། ཕྱག་ན་བདུད་རྩིའི་ཆུ་བསྣམས་ཏེ་གསོ་བའི་ཚུལ་གྱིས་རྒྱས་འདེབས་སོ། །ལྕུག་མ་ནི་གར་བྱེད་མའི་ཕྱག་རྒྱ་སྟེ་དཔག་བསམ་ཤིང་གི་ལྕུག་མ་བསྣམས་ཏེ་གར་བྱེད་པའི་ཚུལ་གྱིས་རྒྱས་འདེབས་སོ། །ཞིང་གི་རྒལ་ཚིགས་ཐོད་པ་ལྕང་ལོ་དང་མ་བྲལ་བ་ཡང་དཔག་བསམ་ཤིང་གི་ལྕུགས་མ་ཞེས་བྱའོ། །རས་དང་ཞེས་བྱ་བ་ནི་གསོད་མའི་ཕྱག་རྒྱ་སྟེ། ཕྱག་ན་རས་ཀྱི་རླུང་སྒྱེའུ་བསྣམས་པས་འཇིག་རྟེན་འཁོར་བར་བྱེད་པས་རྒྱས་འདེབས་མའོ། །མེ་གཏོང་ཞེས་བྱ་བ་ནི། ཟ་བ་མོའི་ཕྱག་རྒྱ་སྟེ་ཕྱག་ན་མེ་འབར་བས་འཇིག་རྟེན་སྲེག་པར་བྱེད་པས་རྒྱས་འདེབས་མའོ། །གྲུབ་པ་ཡིས་ཞེས་བྱ་བ་ནི། ཕྱག་རྒྱ་དེ་དག་ཐམས་ཅད་ཀྱང་རང་གྲུབ་པའི་ཕྱག་རྒྱ་སྟེ། དེ་ལྟ་བུ་རྣམས་ཀྱིས་ཁྱད་པར་དུ་ཡང་རྒྱས་འདེབས་སོ། །ཞེས་མཇུག་བསྡུས་སོ། །སྐབས་འདིར་ཡང་ལྷ་མོ་སྨ་ཤ་ནི་རྒྱས་འདེབས་པའི་ཕྱག་རྒྱ་སྤྱིར་སྦྱར་རོ། །ད་ནི་བཞི་པ་ཕྱག་རྒྱ་གར་གྱི་ལས་དང་ཡོན་ཏན་གྱི་འབྲས་བུ་ཇི་ལྟ་བུ་ཞིག་སྦྱིན་པར་བྱེད་པ་བསྟན་པའི་ཕྱིར། རྩེ་གཅིག་མཉམ་པར་སྦྱོར་བ་ཡིས། །སྦྱོར་བའི་གཉེར་བ་བདེ་བ་སྦྱིན། །ཞེས་གསུངས་ཏེ། དེ་ལ་རྒྱས་འདེབས་མ་སྟེ། གཽ་རཱིའི་ཕྱག་རྒྱ་རྩེ་གཅིག་ཏུ་མཉམ་པར་སྦྱོར་བས་སྦྱོར་བའི་ལས་ཀྱིས་དོན་དུ་གཉེར་བ་དངོས་གྲུབ་ཞི་ཞིང་རྒྱས་འདེབས་པ་སྦྱིན་པར་བྱེད་དོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་ཏེ། འདྲེན་བྱེད་པ་སྟེ་ཙཽ་རཱིས་དྲག་པོས་སྙིང་ནས་འབྱིན་པར་ནུས་པ་སྦྱིན་པར་བྱེད་དོ། །རྨོངས་བྱེད་མ་སྟེ་པྲ་མོ་ཧས་རྨོངས་པར་བྱེད་པ་སྦྱིན་པར་བྱེད་དོ། །འདེགས་བྱེད་མ་སྟེ་བཻ་ཏ་ལིས་གསོ་བར་ནུས་པ་སྦྱིན་པར་བྱེད་དོ། །གར་བྱེད་མ་སྟེ་པུཀྐ་སཱིས་དྲག་ཤུལ་གྱི་ལས་དང་དབང་གིས་ལས་གྲུབ་པ་སྦྱིན་པར་བྱེད་དོ། །གསོད་མ་སྟེ་ཙཎྜ་ལཱིས་གཡེང་བ་དང་གསོད་པའི་གྲུབ་པ་སྦྱིན་པར་བྱེད་དོ། །ཟ་བ་མོ་སྟེ་གྷསྨ་རཱིས་སྲེག་ཅིང་གདུག་པ་ཟ་བའི་གྲུབ་པ་སྦྱིན་པར་བྱེད་དོ། །སྨ་ཤ་ནི་དངོས་གྲུབ་ཐམས་ཅད་པའོ། །ད་ནི་ལྔ་པ་སྟབས་ཚུལ་གྱི་གར་བསྟན་པའི་ཕྱིར། མངོན་པར་འཐོར་ཞིང་སེ་གོལ་རྡོབ། །ཅེས་བྱ་བ་ནས། ཟས་དང་གསང་བའི་ལུས་དག་དང། །ཞེས་བྱ་བའི་བར་དག་གསུངས་ཏེ། དེ་ལ་མངོན་པར་མཐོར་ཞིང་སེ་གོལ་རྡོབ། ཅེས་བྱ་བ་ནི། ཙཎྜ་ལཱིའི་གར་སྟབས་སོ། །དལ་བུས་གྱེན་དུ་དབུགས་འབྱིན་པས། །ཞེས་པ་ནི་བཻ་ཏ་ལིའི་སྟབས་སོ། །གཡོན་དུ་བལྟ་ཞིང་། ཞེས་བྱ་བ་ནི། གཽའུ་རིའི་གར་སྟབས་སོ། །ལག་པས་དྲང་། ཞེས་བྱ་བ་ནི། ཙོའུ་རིའི་སྙིང་འདྲེན་པའི་གར་སྟབས་སོ། །འོ་བྱེད་མཁྱུད་པ་དེ་བཞིན་ཏེ། །ཞེས་བྱ་བ་ནི། པྲ་མོ་ཧ་ཆགས་པས་རྨོངས་པར་བྱེད་པའི་གར་སྟབས་སོ། །གར་བྱེད་རབ་ཏུ་རྨོངས་པ་དང་། །ཞེས་བྱ་བ་ནི། པུཀྐ་སིའི་གར་གྱིས་རྨོངས་པ་བྱེད་པའི་གར་སྟབས་སོ། །ཟ་བྱེད་དང་། ཞེས་བྱ་བ་ནི། གྷསྨ་རིས་རོ་ཟ་བའི་གར་སྟབས་སོ། །གསང་བའི་ལུས། ཞེས་བྱ་བ་རོ་ཉིད་དེ། རོ་ཟ་བའི་སྐབས་ཞེས་སྦྱར། ཡང་ན་། གསང་བའི་ལུས་ནི། ལྷ་མོ་སྨ་ཤ་ནའི་ཕྱག་རྒྱ་ཡིན་ནོ། །ཞེས་སློབ་དཔོན་ཁ་ཅིག་གིས་བཤད་དོ། །ཞེས་གྲགས་སོ། །ད་ནི་དྲུག་པ་ལས་ཀྱི་ཕྱག་རྒྱའི་སྒོ་ནས་གར་གྱི་མཚན་ཉིད་བསྟན་པའི་ཕྱིར། ཚངས་པ་ཆེན་པོའི་མགོ་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཚངས་པ་ཆེན་པོའི་མགོ་ནི་གོའུ་རི་སྟེ་མདའ་བཞི་དུས་གཅིག་འཕངས་ནས་ཚངས་པའི་མགོ་བཞི་གཅོད་པར་བྱེད་པའོ། །དེ་བཞིན་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་བྱ་བ་ནི། ཙོའུ་རིའི་ཕྱག་རྒྱ་སྟེ། འཇིག་རྟེན་གསུམ་ལས་རྒྱལ་བར་བྱེད་དོ། །ཞེས་སྦྱར། །རྣམ་པ་གཅིག་ཏུ། ཚིག་འདི་གཉིས་རིམ་པ་བསྣོལ་ཏེ། ས་ལས་འདྲེན་པ་ནི། འདྲེན་བྱེད་ཙཽ་རི་མའི་ཕྱག་རྒྱ་ཡིན་ལ། འཇིག་རྟེན་གསུམ་ལས་རྒྱལ་བ་ནི། རྒྱལ་བྱེད་པྲ་མོ་ཧའི་ཕྱག་རྒྱའོ། །ཞེས་ཀྱང་བཤད་དོ། །རང་གི་ཕྱག་རྒྱའི་ཚུལ་སྟོན་ནི། ཤུགས་ཀྱིས་བསྟན་པའི་ཚིག་སྟེ་བཻ་ཏ་ལཱི་དང་སྦྱར། དུར་ཁྲོད་དག་གིས་གར་བྱེད་ནི། པུཀྐ་སཱིའོ། །དེ་བཞིན་རླུང་གི་དཀྱིལ་འཁོར་ནི། ཙཎྜ་ལཱིའོ། །རབ་ཏུ་འཇིགས་པར་སྲེག་པ་ནི། གྷསྨ་རཱིའོ། །ལས་ཀྱི་ཕྱག་རྒྱར་རབ་ཏུ་གནས། །ཞེས་བྱ་བ་ནི། སྨ་ཤ་ནི་ཡང་ལས་ཀྱི་ཕྱག་རྒྱ་ཡིན་ལ། མཇུག་བསྡུ་བའི་ཚུལ་ཡང་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །དོན་བདུན་པ་ནི། དང་པོ་རྒྱས་འདེབས་མའི་ཕྱག་རྒྱ། །ཞེས་བྱ་བ་ལ་སོགས་པ་རྣམས་སོ། །དེ་ལ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་འདིར་མཁའ་འགྲོ་མ་རྣམས་ཀྱི་གར་ལྷག་པར་རྒྱས་པར་བསྟན་ཅིང་། དཀྱིལ་འཁོར་གཞན་དུ་དེ་ལྟར་མ་བསྟན་པ་ནི། དཔལ་ཧེ་རུ་ཀ་ནི་དཀྱིལ་འཁོར་གྱི་དབང་ཕྱུག་ཡིན་ཏེ། དུར་ཁྲོད་ཆེན་པོ་ན་འབར་བ་ཆེན་པོའི་གར་དགུས་སོ། །དེ་དང་ལྷན་ཅིག་རོལ་པའི་མཁའ་འགྲོ་མ་རྣམས་ཀྱང་འབར་བའི་གར་སྣ་ཚོགས་ཀྱིས་རོལ་ཏེ་ཐ་མལ་པའི་ཚུལ་གཅིག་ཏུ་མི་གནས་པས་དེ་བས་ན་རང་བཞིན་གྱིས་གར་སྣ་ཚོགས་བསྟན་དགོས་པ་ཉིད་དོ། །དེ་ནས་ཕྱག་རྒྱ་འདི་ཀུན་གྱི། །ཕྱག་རྒྱའི་ལན་རྣམས་བླ་ན་མེད། །ཕྱག་རྒྱའི་བདག་ཉིད་ཀུན་འཇོམས་པ། །ཞེས་བྱ་བ་ནི་གར་གྱི་ཕྱག་རྒྱ་དེ་དག་གི་ཡོན་ཏན་ཏེ། འདི་དག་ནི་ལས་ཀྱི་ཕྱག་རྒྱ་དང་འཇོམས་པའི་ཕྱག་རྒྱ་སྟེ། གཞན་གྱི་ཕྱག་རྒྱ་ཐམས་ཅད་ཟློག་ཅིང་འཇོམས་པར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །དཔལ་རྡོ་རྗེ་པད་མོ་སློང་ཞེས་བྱ་བ་ནི། སྦྱོར་བའི་གར་གྱི་སྒོ་ནས་སོ། །དེའི་གླུ་བསྟན་པའི་ཕྱིར། དེ་ནས་ཕྱག་རྒྱ་ཤེས་པ་འདི། །དཔལ་ལྡན་རྡོ་རྗེའི་སྦྱོར་བའི་གླུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་པད་མོ་སློང་བའི་གླུ་ཡང་འདི་ཉིད་དོ། །དེ་ལ། གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། ཞེས་བྱ་བ་ནི། རྒྱས་འདེབས་མའི་སྒོ་ནས་ཏེ་གཟིགས་ཐབས་ཀྱི་གར་གྱིས་སོ། །རྣམ་པ་སྣ་ཚོགས་འོ་བྱེད་མཁྱུད་པས་རྨོངས་མཛད་དེ། ཞེས་བྱ་བ་ནི་རྨོངས་བྱེད་མའི་སྒོ་ནས་ཏེ། མཁྱུད་པའི་གར་གྱིས་སོ། །རྣམ་པ་སྣ་ཚོགས་བདེ་བའི་མཆོད་སྟོན་ཀུན་གསོལ་ལ། །ཞེས་བྱ་བ་ནི་ཟ་བྱེད་མའི་སྒོ་ནས་ཏེ་རོལ་བའི་གར་གྱིས་སོ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་ཏུ་གསོལ། །ཞེས་བྱ་བ་ནི། ཚེ་འཕེལ་མའི་སྒོ་ནས་ཏེ་བདེ་བ་ཆེན་པོ་དངོས་གྲུབ་ལ་གནས་པའི་གར་གྱིས་སོ། །ཕྱག་རྒྱ་བཞི་པོ་འདི་དག་མདོར་བསྡུས་པ་ནི། རྒྱས་བཏབ་རྨོངས་བྱེད་མནབས་སུ་གསོལ། །བདེ་མཆོག་ངོ་མཚར་བདེ་ལ་བཞུགས། །ཞེས་པ་དང་རིམ་པ་བཞིན་ནོ། །ཧཱུཾ་ཨ་ལ་ལ་ལ་ཧོཿ སྣང་བར་མཛོད། །ཅེས་པ་ནི། དངོས་གྲུབ་གསོལ་བར་བསྐུལ་བའོ། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །ཞེས་བྱ་བ་ནི་འགྲོ་བའི་དོན་ལ་བསྐུལ་བའོ། །དམ་ཚིག་དག་ལ་འཇུག་ཏུ་གསོལ། །ཞེས་པ་ནི་རང་གི་དམ་ཚིག་གི་ལྷ་མོ་དང་དམ་ཚིག་གི་རྫས་ལ་རོལ་བར་བསྐུལ་བའོ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད་ཅེས་བྱ་བ་ནི་ཐབས་དེའི་སྒོ་ནས་ཁམས་གསུམ་ལས་རྒྱལ་བར་མཛོད་ཅིག་པའོ། །མ་ལུས་པ་དག་མནབས་སུ་གསོལ། །ཅེས་བྱ་བ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མཚན་མ་ཐམས་ཅད་ཟད་པར་མཛད་པའི་ཕྱིར་ཐམས་ཅད་གསོལ་ཅིག་ཅེས་བསྐུལ་བའོ། །ཉོན་མོངས་པ་ཐམས་ཅད་བསལ་བར་མཛོད། ཅེས་བྱ་བ་ནི་དེའི་ལས་སོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་རྫོགས་སོ། །ད་ནི་དཔལ་པད་མ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་སྐུའི་ཚུལ་ནི་ཤེལ་གོང་བཞིན་དུ་དག་པ་ལ་འདོད་ཆགས་བསྲེག་པའི་འོད་ཟེར་གྱིས་འཁྲིགས་པའོ། །དབུ་རྒྱན་བསྟན་པའི་ཕྱིར། སངས་རྒྱས་ཚེ་ཡི་རིན་ཆེན་སྤྲས། །གོས་དང་སྣ་ཚོགས་རྒྱན་གྱིས་བརྒྱན། །སངས་རྒྱས་ཐམས་ཅད་འདུས་པ་ཡིས། །བདེ་བ་ཅན་བཞིན་དམ་པར་གྱུར། །ཞེས་གསུངས་ཏེ། དབུ་རྒྱན་ཚེ་དཔག་མེད་ཀྱིས་བརྒྱན་ཅིང་ཡེ་ཤེས་ལས་འཕྲུལ་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པས་ཤིན་ཏུ་མཛེས་པ་ནི། དཔེར་ན་སངས་རྒྱས་ཚེ་དཔག་མེད་ཀྱི་ཞིང་ཁམས་བདེ་བ་ཅན་ན་སངས་རྒྱས་སྲས་བཅས་པས་མཛེས་པར་བྱས་ཤིང་དམ་པར་བསྔགས་པ་ཐོབ་པ་བཞིན། འདིར་དབུ་རྒྱན་སྣ་ཚོགས་ཡང་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་དེ་འདྲའོ། །ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་བསྟན་པའི་ཕྱིར། གར་ཐབས་རྣམ་པ་སྣ་ཚོགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པད་མའི་ཕྱག་རྒྱས་པད་མའི་མཚན་མ་བསྣམས་པ་བརྒྱ་སྙེད་ལ་སོགས་པས་སྤྲུལ་བའི་གར་མཛད་ཅིང་ཐམས་ཅད་སྦྱོར་བར་མཛད་དོ། །ཞེས་བྱ་བའི་དོན་ཏོ། །སྐྱིལ་མོ་ཀྲུང་བསྟན་པའི་ཕྱིར། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྒྱལ་པོའི་སྐྱིལ་མོ་ཀྲུང་ནི། སེམས་དཔའི་སྐྱིལ་མོ་ཀྲུང་ཉིད་ལས་རྐང་པ་གཡས་པ་ཕབ་སྟེ་བག་གློད་པའོ། །ད་ནི་འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་རྒྱའི་གར་བསྟན་པའི་ཕྱིར། བསྙེམས་པའི་ལག་པ་གཡོན་པ་ཡིས། །པད་མོ་དམར་པོ་ཅི་བདེར་བཟུང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་འདི་རྣམས་ཀྱང་ཕྱག་གཡོན་པ་རྣམས་ཀྱིས་འགྱིང་བག་གིས་པད་མ་རྣམས་བག་ཡངས་སུ་འཛིན། གཡས་པ་རྣམས་ཀྱིས་སོ་སོའི་ཕྱག་རྒྱའི་གར་དང་ལྡན་པའོ། །དེ་ལ་རྣམ་པར་གཟིགས་མ་ནི་གཡོན་པད་མོ་དམར་པོ་བག་ཡངས་སུ་འཛིན། གཡས་མཐེབ་མཛུབ་རྩེ་སྤྲོད་དེ་པད་མ་སྨྱུང་པོའི་ཕྱག་རྒྱ་བཅས་ནས་པད་མ་ཁ་འབྱེད་པའི་ཚུལ་གྱིས་སྙིང་ཁ་འདྲེན་པ་ལྟར་བྱེད་པའོ། །སྒྲོལ་མ་བྱང་ཆུབ་མ་ནི། གཡོན་པད་མ་སྔོན་པོ་འཛིན། གཡས་བུད་མེད་ཀྱི་ཕྱག་རྒྱ་སྟེ། ཁུ་ཚུར་སྙིང་གར་འདྲེན་པའི་ཚུལ་གྱིས་འཆིང་ངོ་། །རྒྱ་ཅན་མ་ནི་གཡོན་པདྨ་དཀར་པོ་འཛིན། གཡས་འཁོར་ལོའི་ཕྱག་རྒྱ་བསྟོད་དེ་འཆིང་ངོ་། །ཁྲོ་གཉེར་མ་ནི་གཡོན་པདྨ་མཐིང་ག་འཛིན། གཡས་གར་བྱེད་ཅིང་བ་དན་གསུམ་པའི་ཕྱག་རྒྱ་འཆིང་ངོ་། །པདྨ་དཔལ་ཆེན་མ་ནི་གཡོན་པདྨོ་སེར་པོ་འཛིན། གཡས་པ་གར་བྱེད་ཅིང་ཆུ་སྲིན་གྱི་རྒྱལ་མཚན་གྱི་ཕྱག་རྒྱ་འཆིང་ངོ་། །འདོད་པའི་དབང་མོ་ནི་གཡོན་པདྨ་ལེ་བརྒན་འཛིན། གཡས་གར་བྱེད་ཅིང་རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་འཆིང་ངོ་། །འདིར་ལྷ་མོ་དྲུག་ལས་མ་གསུངས་པ་ནི། རིགས་ཀྱི་ཡུམ་བཞི་ལས། ཤར་ཁྲོ་མོ་དབང་ཕྱུག་མ་ནི་རྣམ་པར་གཟིགས་མ་དང་ཕྱག་རྒྱ་མཐུན་ལ། ལྷའི་པདྨ་མཐུཆེན་མ་ནི་སྒྲོལ་མ་བྱང་ཆུབ་མ་དང་མཐུན་ཏེ། དེ་བས་ན་འདི་ཡང་མ་དཔེ་འགའ་རེ་ན་ཡོད་པས་དཔྱད་བཤད་དོ། ཡུལ་ཁ་ཅིག་གི་ཡི་གེ་ལས་ནི་ལྷ་མོ་བརྒྱད་ཚང་བར་བསྐངས་པ་དག་ཀྱང་ཡོད་དོ། །ལྷ་མོ་འདི་དག་གི་གྲངས་སྟོན་པ་ལས། རྣམ་པར་གཟིགས་མ་རྣམ་དག་དཔལ། །ཞེས་གསུངས་པ་ནི་རྣམ་པརདག་པའི་ཕྱག་རྒྱའི་དོན་ཏོ། །སྒྲོལ་མ་བྱང་ཆུབ་མཆོག་ཡིན་ནོ། །ཞེས་བྱ་བ་ནི་ཁུ་ཚུར་སྙིང་གར་བཅངས་པ་ཉིད་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །རྒྱ་ཅན་མ་ནི་འཁོར་ལོ་བསྐོར། །ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པའོ། །ཁྲོ་གཉེར་མ་ཡི་ཕྱག་རྒྱ་ལེན། །ཞེས་བྱ་བ་ནི་བ་དན་གསུམ་པའི་ཕྱག་རྒྱ་གཞན་གྱི་ཕྱག་རྒྱ་སླར་བཟློག་པའོ། །པད་མོར་གནས་པ་དཔལ་ཆེན་ཡིན། །ཞེས་བྱ་བ་ནི་ཆུ་སྲིན་གྱི་རྒྱལ་མཚན་ཉིད་དཔལ་བསྐྱེད་ཀྱི་ཕྱག་རྒྱ་ཡིན་པས་སོ། །འདོད་པའི་དབང་མོར་འགྲོ་བ་གསུམ། །ཞེས་བྱ་བ་ནི་རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་འགྲོ་བ་གསུམ་དབང་དུ་བྱེད་པའོ། །ད་ནི་དེའི་གླུ་བསྟན་པའི་ཕྱིར། དེ་ནས་ཕྱག་རྒྱ་ཤེས་པ་འདི། །པདྨའི་རྒྱལ་པོ་དཔལ་གྱི་གླུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླུ་འདིའི་དོན་ཡང་པདྨོ་སྒྱུ་འཕྲུལ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པར་བསྐུལ་བ་དང་། དེ་ལྟ་བུ་དག་བདག་ལ་ཡང་བསྟན་དུ་གསོལ་ཞེས་བསྐུལ་བ་སྟེ། དེ་ཡང་། བོད་པ་དང་བསྐུལ་བ་གཉིས་ཀྱི་ཚུལ་ལོ། །དེ་ལ་བོད་པ་ནི། ཉིད་ཀྱི་ཡོན་ཏན་གྱི་སྒོ་ནས་ཡོན་ཏན་ཅན་དུ་བོས་ནས་དེ་ལྟ་བུའི་ཚུལ་དེ་བསྟན་དུ་གསོལ་མཛད་དུ་གསོལ། ཞེས་བསྐུལ་ལོ། །དེ་ཡང་། འདི་ལྟར་དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནས། ཀྱེ་སེམས་དཔའ་པད་མོ་དག་པ་མཆོག །ཅེས་བོས་ནས། དེ་ལྟ་བུའི་སྒྱུ་མའི་དགའ་བ་གདུལ་བྱ་ལ་བསྟན་དུ་གསོལ། །ཞེས་བསྐུལ་བ་དང་། ཀྱེ་གར་དབང་། ཞེས་བོས་ནས། ཐར་དགའ་གར་མཛོད་ཅིག །ཅེས་བསྐུལ་བའོ། །སངས་རྒྱས་རྡོ་རྗེ་འཛིན་པ་བདག །ཅེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ལ་སོགས་པ་འཕྲུལ་པ་ཅིར་སྣང་བ་ཐམས་ཅད་ཁྱོད་ཀྱི་བདག་ཉིད་ལགས་པས་དེ་ལྟ་བུའི་འཕྲུལ་པ་མཛོད་ཅིག །ཅེས་བསྐུལ་བའོ། །པད་མོ་འཛིན་པ་དེའི་སྤྱན་སྔར་གར་མཁན་གར་མཛོད་ཅིག །ཅེས་བྱ་བ་ནི་དཔལ་པད་མ་གར་གྱི་དབང་ཕྱུག་གི་བདག་པོ་ནི་རྡོ་རྗེ་ཆོས་ཡིན་ཏེ། འདི་ལྟར་རྡོ་རྗེ་ཆོས་ལས་སྤྱན་རས་གཟིགས་ཀྱི་དབང་པོ་སྤྲུལ་ཏེ་དེ་ལས་དཔལ་པད་མ་གར་གྱི་དབང་ཕྱུག་སྤྲུལ་ནས་དེས་པད་མའི་སྒྱུ་འཕྲུལ་སྣ་ཚོགས་ཀྱི་འཕྲུལ་པའི་གར་ཐབས་འགྱེད་པར་མཛད་དོ། །དེ་བས་ན་པདྨོ་འཛིན་པ་སྟེ་རྡོ་རྗེ་ཆོས་རིགས་ཀྱི་བདག་པོ་དེས་དབང་པོ་མཛད་དེ་དེའི་སྤྱན་སྔར་གར་མཁན་གྱིས་སྤྲུལ་པའི་གར་མཛོད་ཅིག །ཅེས་བསྐུལ་བའོ། །དཔལ་པད་མ་གར་གྱི་དབང་ཕྱུག་གི་ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་རྫོགས་སོ། །ད་ནི་དཔལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྐུའི་ཚུལ་ནི། རྒྱལ་པོའི་ཆ་བྱད་དེ་ཁྲོ་ཞིང་འཛུམ་པ་དང་བཅས་པའི་ཚུལ་ཉི་མའི་དཀྱིལ་འཁོར་ལྟར་ཀུན་གྱིས་གཟི་བྱིན་མི་བཟོད་པའོ། །འདིར་དབུ་རྒྱན་གྱི་དོན་གསལ་བར་མ་གསུངས་ཀྱང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་དབུ་རྒྱན་མཛད་དེ་ནམ་མཁའ་ལས་ནི་རིན་པོ་ཆེ་ཐམས་ཅད་ཕབ་ནས་ཐམས་ཅད་ཀྱི་རེ་བ་རྫོགས་པར་མཛོད་ཅེས་སྦྱར་རོ། །རྡོ་རྗེ་གཞུ་དང་མདའ་མཆོག་དག །ཅེས་བྱ་བ་ནི་ཕྱག་མཚན་ཏེ་ཕྱག་བཞི་ལ་གཞུ་དང་མདའ་དང་རལ་གྲི་དང་མེ་ཉི་མ་བསྣམས་ཏེ་རྒྱལ་པོའི་མཚན་མའོ། །སྐྱིལ་མོ་ཀྲུང་བསྟན་པའི་ཕྱིར། རྡོ་རྗེ་པུས་མོ་གཉིས་བཅིངས་ཏེ། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ནས། །བདག་གི་སྟན་ལའདུག་ནས་ནི། །ཞེས་གསུངས་ཏེ། རྐང་པ་གཉིས་འཁྲིག་མ་བསྣོལ་ནས་པུས་མོ་གཉིས་བཀུག་ལ་རྡོ་རྗེ་ལྟར་བཅིངས་ཏེ་གནས་པ་འདི་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་སྟེ་དེ་ཉིད་བདག་གི་སྟན་ཞེས་ཀྱང་བྱ་སྟེ། རང་གི་རྐང་པ་རྡོ་རྗེ་གདན་གྱི་ཕྱག་རྒྱར་གནས་པའི་ཕྱིར་རོ། །ལྷ་མོ་རྣམས་ཀྱི་གར་བསྟན་པའི་ཕྱིར། དབང་བསྐུར་བ་དང་གཏེར་དག་དང་། །རྒྱལ་མཚན་མཆོག་ལྡན་མཆོད་པ་ཆེ། །ཇི་ལྟའི་ཚུལ་དག་སྟོན་པ་དག །རང་གི་དོན་རྣམས་རབ་བསྒྲུབ་པའོ། །ཞེས་གསུངས་ཏེ་འདིར་གར་ཇི་ལྟར་བྱ་བ་མ་གསུངས་པར། ཇི་ལྟའི་ཚུལ་དག་སྟོན་པ་དག །ཅེས་གསུངས་པས་དབང་བསྐུར་བ་ལྟར་བྱ་བའི་གར་དང་། གཏེར་འབྱིན་པ་ལྟར་བྱས་པའི་གར་དང་། རྒྱལ་མཚན་བསྒྲེང་བ་ལྟར་བྱས་པའི་གར་དང་། མེ་ཏོག་འཐོར་བ་ལྟར་བྱས་པའི་གར་རྣམས་དང་སྦྱར་རོ། །དེ་ལ་དབངབསྐུར་བ་དང་གཏེར་འབྱིན་པ་ནི་བུམ་པའི་ཕྱག་རྒྱ་སྤྱི་བོ་ནས་གཏུགས་པ་ལྟར་བྱེད་པ་དང་། ས་ལས་འབྱིན་པ་ལྟར་བྱེད་པ་དང་སྦྱར་རོ། །དེ་ལ་བུམ་པའི་ཕྱག་རྒྱ་ནི། ཐལ་མོ་སྦྱར་བ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་གུང་མོའི་ཚིགས་དང་པོར་བཙུགས་པའོ། །དེ་ནས་གར་དེའི་གླུ་བསྟན་པའི་ཕྱིར། དེ་ནས་ཕྱག་རྒྱ་ཤེས་པ་འདི། །རྒྱལ་པོའི་སྒྱུ་མ་མཆོག་གི་གླུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླུ་འདིའི་དོན་ཡང་དཔལ་རྡོ་རྗེ་ཉི་མའི་ཡོན་ཏན་རིན་པོ་ཆེའི་ཁྱད་པར་དེ་བདག་ལ་གསོལ་ཅིག་པར་བསྐུལ་བའོ། །ཁྱད་པར་འདི་དག་ཐམས་ཅད་བུད་མེད་རིན་ཆེན་རྣམས་ཀྱི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི། རིན་པོ་ཆེ་ཐམས་ཅད་ཀྱི་ནང་ན་བུད་མེད་རིན་ཆེན་བསྔགས་པའི་ཚིག་སྟེ། དེའི་དོན་ནི་རིན་པོ་ཆེ་རིགསཡིན་པས་ཡོན་ཏན་གྱི་ཆེ་བ་བསྔགས་ཤིང་གསོལ་བ་འདེབས་པ་སྟེ། དེ་བས་ན་འདིར་རིན་པོ་ཆེའི་དམ་པ་བུད་མེད་ཀྱི་དམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་མ། ཕྱག་རྒྱའི་དམ་པ་ཆོས་ཀྱི་སྐུ་སྟེ། དེ་བས་ན་རིན་པོ་ཆེའི་དམ་པ་བདག་ལ་གསོལ་ཅིག ཅེས་བྱ་བའི་དོན་ཏོ། །དཔལ་རྡོ་རྗེ་ཉི་མའི་ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་རྫོགས་སོ། །ད་ནི་དཔལ་རྟ་མཆོག་གི་དཀྱིལ་འཁོར་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདིར་དཔལ་རྟ་མཆོག་སྐུ་མདོག་དམར་པོ་ཞལ་བཞི་ཕྱག་བཞི་ཞབས་བཞི་རྟའི་རྨིག་པ་བཞིས་ལྷ་ཆེན་པོ་ཐམས་ཅད་ངོ་མཐོན་སྟོབས་ཀྱིས་གནོན་པ་སྟེ། དེ་ལ་ཞལ་བཞི་ནི། འདོད་ཆགས་ཅན་ལ་གཡེམ་པ་སྟོན། །ཞེས་བྱ་བ་མ་ཧཱ་དེ་བ་ལ་སོགས་པ་འདོད་ཆགས་ཅན་གདུལ་བའི་ཕྱིར་ཞལ་དབུ་མ་དམར་པོ་ཆགས་པའི་ཞལ་དུ་སྟོན་པའོ། །གདུག་པ་རྣམས་ལ་གདུག་པར་འགྱུར། །ཞེས་བྱ་བ་ནི། གཤིན་རྗེ་ལ་སོགས་པ་གདུག་པ་ཅན་གདུལ་བའི་ཕྱིར་ཞལ་གཡས་མཐིང་ག་ཤིན་ཏུ་འཁྲུག་པའི་ཞལ་དུ་བསྟན་པའོ། །ཞི་བ་རྣམས་ལ་ཞི་བར་འགྱུར། །ཞེས་བྱ་བ་ནི། ཚངས་པ་ལ་སོགས་པའི་ཞི་བ་རྣམས་གདུལ་བའི་ཕྱིར་ཞལ་གཡོན་དཀར་པོ་ཤིན་ཏུ་གཟི་ཆེ་བར་སྟོན་པའོ། །དྲག་ཤུལ་ཅན་ལ་དྲག་ཤུལ་སྦྱོར། །ཞེས་བྱ་བ་ནི། ཁྱབ་འཇུག་ལ་སོགས་པ་དྲག་ཤུལ་ཅན་གདུལ་བའི་ཕྱིར་དབུ་ལ་རྟ་མགོ་ལྗང་གུ་བྱུང་བའོ། །ཕྱག་བཞི་ལ། གཡོན་པའི་ཁུ་ཚུར་མཛུབ་མོ་ཡིས། །དཔལ་ལྡན་པད་མོ་སྣ་ཚོགས་འཛིན། །རྡོ་རྗེར་བཅས་ཤིང་སློང་བ་བསྒྲུབ། །གཡས་པ་བ་དན་གསུམ་པར་བྱ། །ཞེས་གསུངས་པ་ཏེ། ཕྱག་གཡོན་དང་པོ་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོས་སྣ་ཚོགས་པདྨ་འཛིན། གཡས་དང་པོ་རྡོ་རྗེ་རྒྱ་གྲམ་འཛིན། གཡོན་འོག་མ་མཐའ་རྣམ་གཉིས་སུ་ཤི་བ་སློང་བར་མཛད། གཡས་འོག་མ་བ་དན་ལྕེ་གསུམ་པ་བསྣམས་ཏེ་ཁམས་གསུམ་གྱི་བྱ་སྦྲོན་མཛད་དོ། །ཞེས་གྲགས་སོ། །ཞབས་བཞིའི་རྨིག་པ་བཞིའི་གང་གནོན་པ་ནི། གླུའི་སྐབས་ནས་འབྱུང་ངོ་། །དབུ་རྒྱན་ནི་འདིར་གསལ་བར་མ་གསུངས་ཏེ། ལྷ་མོ་གང་གི་དཀྱིལ་འཁོར་ན་བཞུགས་པ་དེའི་ཚེ་དེའི་རིགས་ཀྱི་དབུ་རྒྱན་དང་ལྡན་པར་སྦྱར། །སྐྱིལ་མོ་ཀྲུང་ནི་ཁྲོ་བོའི་སྐྱིལ་མོ་ཀྲུང་ཞེས་བྱ་སྟེ། ཞབས་གཡས་གཉིས་བརྐྱང་གཡོན་གཉིས་བསྐུམ་པའི་ཚུལ་གྱིས་ལྷ་ཆེན་པོ་རྣམས་གནོན་ཏོ། །འཁོར་གྱི་ལྷ་མོ་རྣམས་མ་སྨོས་པ་ནི། །ལས་ཐམས་ཅད་པ་ཡིན་པ་ལས་གང་དང་འཚམ་པའི་གོང་དུ་སྨོས་པའི་ལྷ་མོ་རྣམས་ཅི་རིགས་སུ་སྦྱར་རོ། །ཞེས་སོ། །ད་ནི་གླུ་བསྟན་པའི་ཕྱིར། དེ་ནས་ཕྱག་རྒྱ་ཤེས་པ་འདི། །རྟ་མཆོག་དཔལ་ལྡན་གནས་པའི་གླུ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་གླུ་འདིའི་དོན་ནི་ཞལ་བཞི་དང་ཞབས་བཞི་སྒོ་ནས་དངོས་གྲུབ་གསོལ་བ་བསྐུལ་བ་དང་། དེ་ལྟ་བུའི་དངོས་གྲུབ་གསོལ་མི་གསོལ་གྱི་ཐེ་ཚོམ་མ་མཛད་པར་ཐུགས་གནད་ནས་བསྐུལ་བར་སྟོན་ཏེ། དེ་ལ། མྱོས་བྱེད་སྟོང་བས་ལྷག་པར་བདེ་བའི་གཟུགས་སྟོན་པ། །ཞེས་བྱ་བ་ནི། འདོད་ཆགས་ཅན་ལ་གཡེམ་པའི་དོན་ཏེ། ཞལ་དབུ་མའི་སྒོ་ནས་སོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་ཏེ། གཤིན་རྗེ་སྟོང་བས་འཇིགས་པ་ནི་ཞལ་གཡས་ཀྱི་སྒོ་ནས་སོ། །ཚངས་པ་སྟོང་བས་ལྷག་པར་ཞི་ཞིང་གཟི་ཆེ་བ་ནི་ཞལ་གཡོན་གྱི་སྒོ་ནས་སོ། །དེ་ཡང་དུག་གསུམ་སྐུ་གསུང་ཐུགས་ཀྱི་བདག་ཉིད་འདིར། དཀྱིལ་འཁོར་ཐམས་ཅད་ཀྱང་འདུས་པས། དཀྱིལ་འཁོར་ཀུན་གྱི་མཆོག་ཏུ་དེ་བཞིན་གཤེགས་པ་ཀུན་གྲུབ་མཛོད། །ཅེས་སྤྱིར་བསྐུལ་བའོ། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ནི་རྟའི་ཞལ་ཡིན་ཏེ། དེའི་སྒོ་ནས་བསྐུལ་བ་ནི། ཐམས་ཅད་དག་པར་མོས་པས་ཞེས་བྱ་བའི་ཚིག་གཉིས་ཡིན་ཏེ། དྲག་ཤུལ་གྱི་རྩལ་གྱིས་ཐུལ་ཅིག་ཅེས་པའི་དོན་ཏོ། །ཧི་ཧེ་ཧེ་ཧེ་ཞེས་བྱ་བ་ནི། །དབང་གི་རྟ་སྐད་དོ། །ད་ནི་ཞབས་ཀྱི་སྒོ་ནས་བསྐུལ་བ་བསྟན་པའི་ཕྱིར། རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱིས་ངོ་མཐོན་དབང་ཕྱུག་གནོན། །སྦྱོར་ཆེ་ཧུ་ལུ་ཧུ་ལུ་མིག་གསུམ་པ་ལས་གསུམ་གྲུབ་དྲོངས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ལྷ་ཆེན་པོ་བཞི་ཞབས་བཞིས་གནོན་ལ་དེའི་ཆུང་མ་བཞི་ཕྲོགས་ཤིང་ཞེས་པའི་དོན་ཏེ། དེ་ལ་དང་པོ་ནི་དབང་ཕྱུག་གནོན་ཞེས་ཏེ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ནི་གནོན་ཅིག་པའོ། །སྦྱོར་ཆེན་ཞེས་བྱ་བ་ནི་བོད་པ་སྟེ་དཔལ་རྟ་མཆོག་ཀྱང་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་སོ། །ཧུ་ལུ་ཧུ་ལུ། ཞེས་བྱ་བ་ནི་བསྐུལ་བ་སྟེ་སྲིན་སྐད་དོ། །མིག་གསུམ་པ་ནི་མ་ཧཱ་དེ་བའི་མིང་གི་བྱེ་བྲག་གོ ། གསུམ་གྲུབ་ནི་དེའི་ཆུང་མ་སྟེ་ཨུ་མའོ། །དེ་དྲོངས་ཤིག་ཅེས་ཐམས་ཅད་དུ་ཡང་སྦྱར་རོ། །གཉིས་པ་མཐུ་ཆེན་ནོན། ཞེས་པ་སྟེ། དེ་ལ་མཐུ་ཆེ་བ་ནི་ར་ཡ་ན་སྟེ་ཁྱབ་འཇུག་གོ །མཉམ་སྦྱོར་ནི་བོད་པའོ། །རུ་ཊ་མ་ཊ་ནི་བསྐུལ་བ་སྟེ་སྲིན་སྐད་དོ། །དཔལ་མོ་ནི་དེའི་ཆུང་མ་སྟེ་བཀྲ་ཤིས་བརྟན་ཏོ། །གསུམ་པ་ནི་ཚངས་པ་ནོན་ཞེས་པ་སྟེ། སྦྱོར་ཆེན་ནི་བོད་པའོ། །གྲོལ་བ་ནི་ཚངས་པའི་ཆུང་མའོ། །སྨ་ར་ར་ཊ་ཞེས་པ་ནི་བསྐུལ་བ་སྟེ་སྲིན་སྐད་དོ། །བཞི་པ་ནི་དགའ་དབང་ནོན་ཞེས་པ་སྟེ་འདོད་ལྷའོ། །དགའ་དབང་དྲོངས་ཞེས་པ་ནི། ཆུང་མ་དགའ་སྡུག་མིའི་དབང་ཕྱུག་མ་སྟེ་དྲོངས་ཤིག་པའོ། །ཨ་ལ་ལ་ལ་ཧོཿཞེས་བྱ་བ་ནི་དངོས་གྲུབ་བླང་བའི་ཚིག་གོ །དེ་ལ་སྲིན་སྐད་ཀྱི་ཡི་གེ་རུ་ཊ་མ་ཊ་སྨ་ར་ར་ཊ་ཞེས་བྱ་བ་ཡི་གེ་བརྒྱད་པོ་འདིའི་ལོ་རྒྱུས་ནི་སྔོན་ལས་ཀྱི་སྲིན་པོ་ཆེན་པོ་མཊྚཾ་ཀ་རུ་དྲ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ་འཇིག་རྟེན་དབང་དུ་བསྡུས་པའི་ཚེ་སྲིན་པོ་དེའི་ང་རྒྱལ་གྱི་གཏུམ་སྐད་ཕྱུང་བ་གྲུབ་པའི་སྙིང་པོར་གྱུར་པ་ཡིན་ཏེ། དེ་ནས་སྲིན་པོ་དེས་དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ་མ་མོ་ཆེན་མོ་བརྒྱད་ཡི་གེ་འབྲུ་འདི་བརྒྱད་ལས་སྤྲུལ་ཏེ་བཞག་པས་དེ་ཕྱིན་ཆད་མ་མོ་བརྒྱད་ཀྱི་སྲོག་གི་སྙིང་པོར་གྱུར་ཏོ། །དེ་ནས་དཔལ་ཧེ་རུ་ཀས་རུ་དྲ་བརྟུལ་ཏེ་རུ་དྲའི་ངག་གི་བདེན་པ་ཕྲོགས་ནས་རྒྱལ་བའི་གསང་སྔགས་སུ་བྱིན་གྱིས་བརླབས། ཡེ་ཤེས་ཀྱི་མ་མོ་བརྒྱད་སྤྲུལ་ཏེ། དུར་ཁྲོད་བརྒྱད་ཀྱི་སྲུང་མར་བཞག་ནས། ལས་ཀྱི་མ་མོ་བརྒྱད་དེའི་བྲན་མོར་བྱས་སོ་ཞེས་འབྱུང་ངོ་། །གདུག་ཅིང་ཁྲོ་ལ་ཞེས་བྱ་བ་ལ་སོགས་པ་ནི་དངོས་གྲུབ་བསྐུལ་བའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བྱ་བ་ནི་མནན་པའི་སྔགས་ཏེ། དེ་ཡང་སུམྦྷ་ནི་མནན་པའི་ཚིག་ནི་སུམྦྷ་ཞེས་པ་ནི་ངེས་པར་གནོན་པའི་ཚིག་སྟེ། ནི་ཞེས་བྱ་བ་ངེས་པ་ལ་སྦྱོར་བའོ། །ད་ནི་ལྷ་ལ་དངོས་གྲུབ་མི་གཡོ་བར་བླང་བའི་ཕྱིར་ལྷ་གནད་ལ་བསྐུལ་བའི་གླུ་སྟོན་པའི་ཕྱིར། མཛའ་བོ་མི་ལ་བྱའམ་མི་བྱའི་ཡོངས་རྟོག་དེ་དག་མེད་ཀྱང་བླ། །དེ་འདྲའི་མཛའ་བོ་སྒྱུ་མ་ཡིན་པས་དེ་ལ་མཛའ་ཞེས་སུ་ཞིག་ཟེར། །ཞེས་བྱ་བའི་ཚིག་རྐང་བཞི་སྨོས་ཏེ། དེ་ལ་གླུ་ཐམས་ཅད་ཀྱང་ཨ་བ་བྷྲཾ་ཤ་ཏའི་སྐད་ཀྱིས་སྟོན་མོད་ཀྱི། འདི་ནི་ཁྱད་པར་ཡང་། ཨ་བ་བྷྲཾ་ཤ་དང་། བི་ཤ་ཙའི་སྐད་བསྲེས་པ་ཡིན་ནོ་ཞེས་གྲགས་སོ། །གླུ་འདིའི་ལོ་རྒྱུས་ནི་སྔོན་ལས་ཀྱི་སྲིན་པོ་མ་ཊཱཾ་ཀ་རུ་དྲ་གཞན་ལ་བསྐུལ་བའི་ཚེ་སྲིན་སྐད་འདིས་བསྐུལ་བས་ལས་གཡོ་བ་མེད་པ་གྲུབ་པ་ལས། དེ་ལ་དཔལ་ཧེ་རུ་ཀས་བརྟུལ་བའི་ཚེ་ཁོའི་ངག་གི་བདེན་པ་ཡང་ཕྲོགས་ཏེ་ལས་གྲུབ་པ་མེད་པར་བྱས་ནས། དཔལ་ཆེན་པོའིགྲུབ་པའི་གླུར་བསྒྱུར་བ་ཡིན་པས་ལྷ་གནད་ལ་བསྐུལ་བའི་གླུ་འདི་བཟང་ངོ་། །ཞེས་གྲགས་སོ། །གླུ་འདིའི་དོན་ནི་དཔེ་དང་ཟུར་གྱི་སྒོ་ནས་བསྐུལ་བ་སྟེ། འདི་ལྟར་ལྷ་མི་མཛའ་བོ་རྣམས་ལ་ཕན་གདགས་པར་བྱའམ་མི་བྱ་ཞེས་པའི་ཡོངས་སུ་རྟོག་པའི་ཐེ་ཚོམ་ནི་གཞི་ནས་མེད་ན་སླ་་བ་ཡིན་ཏེ། གལ་ཏེ་མཛའ་བོར་ཁས་འཆེས་པ་ཞིག་ལ་ཕན་གདགས་པར་བྱ་བའམ་མི་བྱའི་ཐེ་ཚོམ་ཡོད་ན་དེ་འདྲ་བའི་མཛའ་བོ་ནི་སྒྱུ་མའི་མཛའ་བོ་ལྟར་སྣང་བ་ཡིན། མཛའ་བོའི་གཟུགས་བརྙན་ཡིན་པས་དེ་འདྲ་བ་ལ་མཛའ་བོའི་མིང་ཡང་གདགས་པར་མི་རིགས་ཏེ་སུ་ཞིག་མཛའ་བོ་ཞེས་མི་བརྗོད་དོ། །ཞེས་བྱ་བའི་དོན་ཏོ། །ཚིག་འདིའི་ཟུར་གྱིས་འདོད་པའི་དོན་འདི་ལྟར་སྨྲ་བ་ཡིན་ཏེ། ལྷ་ཁྱོད་ནི་བདག་གི་ལྷ་ལགས་པས་བདག་ལ་དངོས་གྲུབ་གསོལ་མི་གསོལ་ཐེ་ཚོམ་མི་མངའ་གྲགས། གལ་ཏེ་མངའ་སྲིད་ན་ལྷ་ལྟར་སྣང་བ་ཁྱོད་ལྟ་བུ་ལ་ལྷ་ཞེས་སུ་ཞིག་འདོགས་པར་བྱེད་ཅེས་སྟོན་པ་ཡིན་ནོ། །རྒོལ་བ་གང་ལ་བྱའམ་མི་བྱ་བའི་ཚིག་འདི་ཡང་ཚིག་སྔ་མའི་ཟླའི་སྒོ་ནས་བསྐུལ་བ་ཡིན་ཏེ། འདི་ལྟར་དཔའ་བོ་ཞེས་བྱ་བ་ནི། རྒོལ་བ་ཕྱུང་ནས་དེ་ལ་ཕྱིར་རྒོལ་བ་ལ་ཡིད་མི་ཞུམ་ཞིང་ཐེ་ཚོམ་མི་ཟ་བ་ཡིན་ན། གལ་ཏེ་དཔའ་བོ་ཁས་འཆེས་པ་ཞིག་ལ་རྒོལ་བ་ལ་སླར་བརྒལ་མི་བརྒལ་གྱི་ཐེ་ཚོམ་ཡོད་ན། དེ་འདྲའི་རྒོལ་བ་སྒྱུ་མ་དང་གཟུགས་བརྙན་ལྟ་བུའི་དོན་གྱིས་དགོས་པ་མི་འགྲུབ་པ་དེ་ལྟ་བུ་ལ་དཔའ་བོ་ཞེས་སུ་ཞིག་འདོགས་པར་བྱེད། །ཅེས་བྱ་བའི་དོན་ཏོ། །དཔལ་རྟ་མཆོག་གི་ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་སྒྱུར་བྱེད་ཀྱི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ཐོག་མར་བསྟན་པ་དེ་ཉིད་རང་གི་ངོ་བོ་གང་ཞིག་ཡིན་པ་དང་། ལྷ་གང་དང་གང་གི་ཕྱག་རྒྱ་ཡིན་པ་དང་། དགོས་པ་གང་གི་སྐབས་སུ་སྦྱར་བ་ཡིན་པ་དང་བཅས་ཏེ་བཤད་ཟིན་ཏོ། །ད་ནི་གཉིས་པ་དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏོ། དེ་ལ་ཕྱག་རྒྱ་འདིའི་རང་གི་ངོ་བོ་ནི། ལྷ་རྣམས་ཀྱི་ཐུགས་དམ་ཚིག་གི་མཚན་མར་གྱུར་པ་ལག་གིས་བཅས་པའི་ཕྱག་རྒྱའོ། །ལྷ་གང་དང་གང་ཡིན་པ་ནི་རིགས་ཀྱི་གཙོ་བོ་དྲུག་གི་རང་རང་གི་ཕྱག་རྒྱའོ། །དགོས་པ་གང་གི་སྐབས་སུ་སྦྱར་བ་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་སྒྲུབ་པའི་སྐབས་སུའང་དམ་ཚིག་གི་ཕྱག་རྒྱ་འདི་དག་གིས་བཏབ་ནས་ལྷ་རྣམས་དམ་ཚིག་ལས་མི་འདའ་བར་འགྱུར་བ་དང་། གཞན་ཡང་གདུལ་བྱའི་དབང་གིས་ལས་སོ་སོར་བསྒྲུབ་པར་བྱ་བ་ལ་ཇི་སྐད་གསུངས་པ་བཞིན་སྦྱར་བར་བྱ་བ་དང་། གར་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒྱུར་བའི་ཚེ་ཚོགས་ཀྱི་དཀྱིལ་འཁོར་གཅིག་ཏུ་རྣལ་འབྱོར་པ་གཉིས་ཀྱིས་རྒོལ་བ་དང་ཕྱིར་རྒོལ་བའི་ཚུལ་གྱིས་རིགས་སོ་སོའི་ཕྱག་རྒྱ་ཀུན་ཀྱང་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་སྒྱུར་བར་བྱེད་པའི་ཚེ་སྦྱར་ཏེ། འདི་དག་ཀྱང་ཕྱག་རྒྱ་རང་རང་གི་བྱ་བ་མགཏོགས་པར་སྤྱིར་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོར་སྦྱར་བ་དང་། གར་ཡེ་ཤེས་ཀྱི་ཕྱག་རྒྱར་སྦྱར་བ་ནི་ཕལ་ཆེར་མཐུན་པར་སྦྱར་རོ། །དེ་ལ་དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱ་འདིའི་རིགས་གང་དང་གང་ཡིན་པ་སོ་སོར་བསྟན་པ་ནི། མཛུབ་མོ་མཐེ་བོང་མནན་ནས་ནི། །ཞེས་བྱ་བ་ལ་སོགས་པ་དཔལ་གྲུབ་སྤྱན་གྱི་ཕྱག་རྒྱ་ནི་དཔལ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་སྟེ། དེའི་ཁྱད་པར་གྱི་བྱ་བ་གང་ལ་སྦྱར་བ་ནི་ལས་དང་དངོས་གྲུབ་ཐམས་ཅད་པའོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །ཞེས་བྱ་བ་ལ་སོགས་པ་སེམས་དཔའི་གཙུག་ཏོར་གྱི་ཕྱག་རྒྱ་ནི། དཔལ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། འདིའི་རང་གི་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རྟགས་གཙུག་གཏོར་གྱི་ཕྱག་རྒྱས་བསྲུང་བའོ། །རྡོ་རྗེ་ཐལ་མོ་གྱེན་དུ་དབྱེ། །ཞེས་བྱ་བ་ལ་སོགས་པ་དཔལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ནི་དཔལ་ཧེ་རུ་ཀའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདིའི་རང་གི་བྱ་བ་ནི་གདུག་པ་འདུལ་བ་དང་ནོར་ལ་སོགས་པའི་བྱ་བ་བསྒྲུབ་པའོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །ཞེས་བྱ་བ་ལ་སོགས་དཔལ་པདྨའི་ཕྱག་རྒྱ་ནི་དཔལ་པདྨ་གར་གྱི་དབང་ཕྱུག་མའི་དམ་ཚིག་གི་ཕྱག་རྒྱ་སྟེ། རང་གི་བྱ་བ་ནི་སྡིག་པ་སྦྱང་བའོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ལ། །ཞེས་བྱ་བ་ལ་སོགས་པ་དཔལ་ནོར་བུའི་ཕྱག་རྒྱ་ནི་དཔལ་རྡོ་རྗེ་ཉི་མའི་དམ་ཚིག་གི་ཕྱག་རྒྱ་སྟེ། རྒྱལ་སྲིད་ཀྱི་བྱ་བ་ལ་སྦྱར་རོ། །དེ་བཞིན་དུ། རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །ཞེས་བྱ་བ་ལ་སོགས་པ་དཔལ་རྟ་མཆོག་གི་དམ་ཚིག་གི་ཕྱག་རྒྱས་ཀྱང་དངོས་གྲུབ་ལ་སྦྱོར་བ་བྱེད་དོ། །དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་དམ་ཚིག་ཆེན་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། ལུས་དང་ངག་སེམས་རྡོ་རྗེ་ཡི། །མཚན་མའི་ཕྱག་རྒྱར་ལྡན་བྱས་ཏེ། །ཐམས་ཅད་འ བྱུང་བའི་སྦྱོར་བ་ཡིས། །བདག་གི་ལྷ་ནི་བདག་ཉིད་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་འདིའི་རང་གི་ངོ་བོ་ནི། རང་གི་ལུས་ངག་ཡིད་གསུམ་རང་གི་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་བཏབ་ཏེ། ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་ནས་འབྱུང་བ་བཞིན་སྐུའི་ཚུལ་དང་ཕྱག་རྒྱ་དང་བཞུགས་ཐབས་དང་། དབུ་རྒྱན་ལ་སོགས་པ་ཇི་ལྟར་བསྒོམ་ཞིང་བཅའ་བའི་མཚན་ཉིད་དོ། །འདི་ལྟ་བུ་ལ་གཞུང་གཞན་ལས་ཕྱག་རྒྱ་ཆེན་པོ་ཞེས་གྲགས་སོ། །འདི་ལྷ་གང་ཡིན་པ་ནི་རིགས་རྣམ་པ་དྲུག་གི་ཕྱིར་སྦྱར་རོ། །དེའི་བྱ་བ་གང་ལ་སྦྱོར་བ་ནི་ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་སྐབས་འགའ་ཞིག་ཏུ་སྦྱར་བ་མ་ཟད་ཀྱི། ཇི་ལྟར་ནུས་པ་བཞིན་དུ་རྟག་ཏུ་སྦྱར་བར་བྱ་བ་ཡང་ཡིན་ནོ། །དམ་ཚིག་ཆེན་པོའི་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །སྦྱོར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཇི་ལྟར་གཟུགས་དང་དབྱིབས་སུ་ལྡན། །བདེ་བ་ཉིད་ཀྱིས་ཀུན་ཏུ་བདག །ཀུན་གྱིས་བདག་ལ་གཞུག་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་འདིའི་རང་གི་ངོ་བོ་ནི། དམ་ཚིག་ཆེན་པོའི་ཕྱག་རྒྱ་ལྟ་བུར་ལྡན་པ་དེ་ལ། ཡེ་ཤེས་ཀྱི་ལྷ་བཀུག་ཅིང་བཅུག་སྟེ། དབྱེར་མེད་པ་བྱས་པའི་མཚན་ཉིད་དོ། །འདི་ལྷ་གང་གི་ཡིན་པ་ནི་རིགས་དྲུག་ལྷ་མོ་དང་བདུན་གྱི་ཕྱག་རྒྱའོ། །དགོས་པ་གང་དུ་སྦྱར་བ་ནི་ཚོགས་ཀྱི་དཀྱིལ་འཁོར་གྱི་ཚེ་ནི་ལྷ་སྤྱན་དྲངས་པའི་སྐབས་སུ་སྦྱར་བ་ཡིན་ལ། གར་གྱི་ཚེ་ནི། གོ་རིམ་བཞིན་དུ་སྦྱར་རོ། །རིགས་སོ་སོའི་ངོ་བསྟན་ན། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་པ་ནས། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཞེས་པའི་བར་ནི། དཔལ་རྡོ་རྗེ་སེམས་དཔའ་འོ། །ཆགས་པ་མེད་ཅིང་། ཞེས་བྱ་བ་ནས། ལྷ་མོའི་ཕྱག་རྒྱ་ཤེས་པ་ཞེས་བྱ་བའི་བར་ནི་ལྷ་མོ་རྣམས་ཀྱིའོ། །དེ་བཞིན་དུ། ཡོད་པ་མ་ཡིན་མེད་པ་མིན། །ཞེས་པ་ལ་སོགས་པ་ནི་དཔལ་རྣམ་པར་སྣང་མཛད་ཀྱིའོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ཞེས་བྱ་བ་ལ་སོགས་པ་ནི་དཔལ་ཧེ་རུ་ཀའི་འོ། །བུད་མེད་ལ་སོགས་རིན་ཆེན་མཆོག །ཅེས་བྱ་བ་ལ་སོགས་པ་ནི། དཔལ་རྡོ་རྗེ་ཉི་མའི་འོ། །ཇི་ལྟར་པདྨོ་དམར་པོ་འདི། །ཞེས་བྱ་བ་ལ་སོགས་པ་ནི། དཔལ་པདྨ་གར་དབང་གིའོ། །ཤིན་ཏུ་གདུག་ཅིང་དྲག་པོ་ལ། །ཞེས་བྱ་བ་ལ་སོགས་ནི་དཔལ་རྟ་མཆོག་གིའོ། །སྦྱོར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་ཐམས་ཅད་སྦྱོར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། སྦྱོར་བ་ཇི་སྙེད་ཡོད་ཀུན་དང་། །བྱེད་པ་རྣམ་པ་སྣ་ཚོགས་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདིའི་རང་གི་ངོ་བོ་ནི། ལུས་ངག་གི་བྱ་བ་སྣ་ཚོགས་དང་ཐ་སྙད་སྣ་ཚོགས་ལ་རང་གི་ལྷའི་ཕྱག་རྒྱས་བཏབ་སྟེ་བྱས་ནས་རང་གི་དངོས་གྲུབ་ལ་སྦྱོར་བར་འགྱུར་བའི་མཚན་ཉིད་དོ། །འོན་ཀྱང་རིགས་སོ་སོ་རང་རང་གི་བྱེད་པ་སོ་སོ་ཡང་ཡོད་པ་ཤེས་པར་བྱའོ། །འདི་གང་གི་ཡིན་པ་ནི་རིགས་རྣམ་པ་དྲུག་གིའོ། །བྱ་བ་གང་ལ་སྦྱར་བ་ནི་སྔ་མ་བཞིན་དུ་ཚོགས་བསྒྲུབ་པ་དང་། གར་གྱི་ཕྱག་རྒྱ་དང་། ཁྱད་པར་དུ་རིགས་སོ་སོའི་རང་གི་ལས་དང་དངོས་གྲུབ་ལ་རང་གི་ལུས་ལ་སོགས་པ་བྱེད་པའི་སྤྱོད་པ་སོ་སོས་སྦྱར་བའོ། །དེ་ལ་སྦྱོར་བཅི་སྙེད་ཅེས་བྱ་བ་ནས། དཔལ་དམ་ཚིག་ཅེས་བྱ་བའི་ཕྱག་རྒྱའོ། །ཞེས་བྱ་བའི་བར་ནི་སྤྱོད་པ་སྣ་ཚོགས་ཀྱི་སྒོ་སྟེ། དཔལ་རྡོ་རྗེ་སེམས་དཔའ་འོ། །བྱ་བ་ནི་བཟློག་པ་དང་ཞེས་བྱ་བ་ལ་སོགས་པ་ནི་རྒྱལ་པོའི་བྱེད་སྤྱོད་དེ་དཔལ་རྡོ་རྗེ་ཉི་མའོ། །འོ་བྱེད་མཁྱུད་པ་ལ་སོགས་པ་ནི་འདོད་ཆགས་ཀྱི་བྱེད་སྤྱོད་དེ་དཔལ་པད་མ་གར་གྱི་དབང་ཕྱུག་གིའོ། །ཐར་བར་བྱེད་ཅིང་གསོད་པར་བྱེད། །ཅེས་བྱ་བ་དང་། གར་བྱས་ནས་ནི་ཟ་བར་བྱེད། །ཅེས་པའི་ཚིག་འདི་གཉིས་ཀ་དྲག་པོའི་བྱེད་སྤྱོད་དུ་སྣང་སྟེ། དེ་བཞིན་གཤེགས་པའི་བྱེད་སྤྱོད་དུ་ལྷག་པར་གསལ་བ་མེད་པས། སྔོན་ཆད་ཀྱང་རིགས་ཀྱི་སྦྱོར་བ་ཅུང་ཟད་མི་མཐུན་པར་སྨྲ་ན། ཡང་དོན་དང་སྦྱར་ན་དེ་བཞིན་གཤེགས་པའི་རིགས་ནི་ཤེས་རབ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་རྟག་ཆད་ཀྱི་མཐའ་ལས་གྲོལ་ཞིང་ཐར་པའི་གཉི་གའི་དོན་མཛད་པ་ཡིན་པས། དེ་བས་ན། ཐར་བར་བྱེད་ཅིང་གསོད་པར་བྱེད། །ཤི་བའང་མོད་ལ་སོས་པར་བྱེད། །ཅེས་བྱ་བ་འདི་གཉིས་དེ་བཞིན་གཤེགས་པས་མཛད་པ་སྟེ། སེམས་ཅན་འཁོར་བ་ལས་མ་ཐར་བ་རྣམས་ཐར་བར་བྱ་བ་དང་། མྱ་ངན་ལས་འདས་པའི་མཐར་ཤི་བ་རྣམས་སླར་སྲིད་པའི་མྱུ་གུ་བསྐྱེད་དེ་གསོ་བ་ཡང་སྙིང་རྗེའི་སྤྱོད་པ་ཡིན་ལ། ཐར་བ་ཐམས་ཅད་མཁྱེན་པའི་གེགས་སུ་གྱུར་པ་བདག་ཏུ་ལྟ་བའི་རྟོག་པ་དང་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་ཆོས་ཀྱི་རྟོག་པ་འཇོམས་པར་བྱེད། གསོད་པར་བྱེད་པའང་ཤེས་རབ་ཀྱི་སྤྱོད་པ་ཡིན་པས་དེ་བས་ན་འདི་ནི་སངས་རྒྱས་ཀྱི་བྱེད་སྤྱོད་དུ་སྦྱར་རོ། །རྡོ་རྗེ་འཛིན་ནི་ཐམས་ཅད་ལ་བཀག་པ་མེད་པར་ལོངས་སྤྱོད་པའི་མཚན་ཉིད་འབར་བ་ཆེན་པོ་གར་གྱིས་རོལ་པ་ཐམས་ཅད་ཟ་བར་བྱེད་པ་སྟེ། དེ་བས་ན་སྦྱོར་བའི་ལོངས་སྤྱོད་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་དཔལ་རྡོ་རྗེ་འཛིན་པ་ཧེ་རུ་ཀའི་བྱེད་སྤྱོད་དོ། །དཔལ་རྟ་མཆོག་ནི་ལས་ཐམས་ཅད་ཀྱི་བདག་ཉིད་པས། སྦྱོར་བ་ཀུན་གྱིས་བདེ་མྱོང་བ། །ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྟ་མཆོག་གི་བྱེད་སྤྱོད་དོ། །ཐམས་ཅད་སྦྱོར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་ཞལ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏོ། དེ་ལ་ཕྱག་རྒྱ་འདིའི་རང་གི་ངོ་བོ་ནི་ལྷ་རྣམས་ཀྱི་བཞིན་གྱི་མཚན་ཉིད་དོ། །གང་གི་ཡིན་པ་ནི་རིགས་རྣམ་པ་དྲུག་ལྷ་མོ་རྣམས་དང་བདུན་གྱིའོ། །དགོས་པ་གང་དུ་སྦྱར་བ་ནི། ཇི་སྲིད་དུ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་འདེབས་པར་བྱེད་པ་དེ་སྲིད་འདི་སྦྱར་བར་བྱའོ། །དེ་ལྷ་མོ་ཀུན་གྱི་བདེ་བའི་མཆོག་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའི་ཞལ་གྱི་གར་ནི་ཇི་ལྟར་མཛེས་པའི་འགྱུར་བག་གོ ། ལྷ་མོ་རྣམས་ཀྱི་ཞལ་གྱི་ཕྱག་རྒྱ་ནི། བུད་མེད་མཁས་པ་སྒྱུ་མ་ཆེ། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་བུད་མེད་ཀྱི་སྒྱུ་འཕྲུལ་གྱི་ཚུལ་འཇོ་བ་དང་སྒེག་པ་དང་འགྱིང་བ་དང་། སྟེགས་པ་དང་འཛུམ་པ་དང་ཟུར་གྱིས་བལྟ་བ་དང་སྲིད་ཞུར་ཆས་པ་ལ་སོགས་པ་བཞིན་གྱི་ཕྱག་རྒྱའོ། །དཔལ་རྣམ་པར་སྣང་མཛད་ཀྱི་བཞིན་གྱི་ཕྱག་རྒྱ་ནི། སངས་རྒྱས་བྱང་ཆུབ་མཉམ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་སྟེ། རབ་ཏུ་དགའ་བའི་བཞིན་ནོ། །གསང་བར་བལྟ་ལ་གནས་ན་ནི། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་རིགས་བྱང་ཆུབ་ཐུགས་སུ་ཆུད་པའི་མཚན་ཉིད་པས་ཞི་བར་བལྟ་སྟེ། མདོར་ན་ཆོས་ཉིད་ལ་གཟིགས་པའི་བཞིན་ཞེས་བྱ་བའི་ཐ་ཚིག་གོ །དཔལ་ཧེ་རུ་ཀའི་ནི། སྟེགས་ལ་སོགས་པའི་ཉམས་དང་ལྡན། །ཞེས་བྱ་བ་ལ་སོགས་པ་སྟེ། འབར་བའི་གར་དགུའི་མཚན་ཉིད་དོ། །དཔལ་རྡོ་རྗེ་ཉི་མ་ནི། མཆེ་བ་ཅུང་ཟད་བཙིགས་པའི་ཞལ། །ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་པོའི་བཞིན་གྱི་མཚན་ཉིད་དོ། །དཔལ་པདྨ་གར་གྱི་དབང་ཕྱུག་གི་ནི། འདོད་ཆགས་མྱོས་པས་གཡེན་སྤྱོ་བ། །ཞེས་བྱ་བ་ལ་སོགས་པ་སྟེ། ཆགས་པས་མཛེས་པའི་བཞིན་ནོ། །དཔལ་རྟ་མཆོག་གི་ནི། དྲག་པོ་མཆེ་བ་རྣོན་པོ་བཙིགས། །ཞེས་བྱ་བ་ལ་སོགས་པ་སྟེ། འདིར་དཔལ་རྟ་མཆོག་གི་ཞལ་གསུམ་གྱི་ཕྱག་རྒྱ་བསྟན་ནས། རྩ་བའི་ཞལ་གྱི་བཞིན་གྱི་ཕྱག་རྒྱས་མ་བསྟན་པ་ནི་ལས་ཐམས་ཅད་པ་ཡིན་པས་ལས་གང་ལ་སྦྱོར་བའི་ཚེ་རིགས་སོ་སོའི་བཞིན་གྱི་ཕྱག་རྒྱ་དང་སྦྱར་རོ། །ཞེས་སོ། །ཞལ་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་འཛུམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏོ། འདིའི་རང་གི་ངོ་བོ་ནི་ལྷ་རྣམས་ཀྱི་སྤྱིའི་ཞལ་གྱི་ཕྱག་རྒྱ་ལས་ཀྱང་འཛུམ་པའི་ཁྱད་པར་དུ་བྱས་པ་སྟེ། དེ་ལ་འཛུམ་པའི་གནས་ནི་མཆུ་དང་མིག་ཡིན་མོད་ཀྱི་དེ་ཡང་གཙོ་བོར་མཆུའི་སྒྲོས་གཡོ་བའི་ཚུལ་ཡིན་ལ། ལྟ་བ་ནི་གུད་དུ་ཡང་བསྟན་པས་དེ་བས་ན་འདིར་མཆུ་གཡོ་བའི་མཚན་ཉིད་འཛུམ་པའི་ཕྱིར་བསྟན་ཏོ། །དེ་ལ་འདི་གང་གི་ཡིན་པ་ནི་སྤྱིར་རིགས་དྲུག་པོ་ཐམས་ཅད་ཀྱི་ཡིན་ཡང་དཔལ་རྟ་མཆོག་ནི་ཞལ་གསུམ་གྱི་མཆུ་གཡོ་བ་ནི་གོང་དུ་ཞལ་གྱི་སྐབས་སུ་བསྟན་ཟིན་ལ། ཞལ་དབུ་མ་ནི་རིགས་མ་ངེས་པས་འདིར་མ་བཤད་དེ། དེ་བས་ན་འདིར་ལྷ་ལྔའི་ཕྱག་རྒྱ་བསྟན་ཏོ། །གང་དུ་སྦྱར་བ་ནི། ཞལ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་འདྲའོ། །དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ཡི་ནི། ལྷ་མོ་ཀུན་གྱི་ཞེས་པ་ལ་སོགས་པའོ། །གཞན་ཡང་། འདོད་ཆགས་བདེ་བ་ཞེས་བྱ་བ་ལ་སོགས་པས་ནི་པདྨའི་རིགས་ཀྱིའོ། །སྦྱོར་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ཀྱིའོ། །ཤ་ཆེན་གྱི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀའི་འོ། །བདེ་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཉི་མའི་འོ། །འཛུམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་ལྟ་བ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏོ། དེ་ལ་འདིའི་རང་གི་ངོ་བོ་ནི་སྤྱིའི་བཞིན་གྱི་ཕྱག་རྒྱ་ལས་གཟིགས་ཐབས་ཁྱད་པར་དུ་བྱས་པའོ། །གང་གི་ཡིན་པ་ནི་སྤྱིར་རིགས་ཀུན་གྱི་ཡིན་ཡང་རྟ་མཆོག་སྔ་མ་བཞིན་སྦྱར་ཏེ། གཞན་རིགས་ལྔ་དང་ལྷ་མོ་རྣམས་གཅིག་ཏུ་བྱས་ཏེ་ལྷ་རྣམ་པ་དྲུག་གི་ཕྱག་རྒྱ་ཡིན་ནོ། །གང་དུ་སྦྱར་བ་ནི་ཞལ་གྱི་ཕྱག་རྒྱ་དང་འདྲའོ། །དེ་ལ་བདེ་བ་མྱང་ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་འོ། །བུད་མེད་མཁས་པའི་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་རྣམས་ཀྱིའོ། །སངས་རྒྱས་གསང་བའི་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ཀྱིའོ། །སྨིན་མཚམས་ཁྲོ་གཉེར་ཞེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀའི་འོ། །ཁྲོ་ཞིང་འགྱུར་དང་ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྡོ་རྗེ་ཉི་མའི་འོ། །སྟེགས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་ནི་པདྨ་རིགས་ཀྱིའོ། །ལྟ་བ་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་ཆོས་ཀྱི་ཕྱག་རྒྱ་སྟོན་ཏོ། །དེ་ལ་ཆོས་ནི་གསང་སྔགས་འདི་དག་ཉིད་ཆོས་ཏེ་ལུང་གི་བདག་ཉིད་དོ། །དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་པས་དེ་སྐད་ཅེས་བྱ་སྟེ། གོང་གི་ཕྱག་རྒྱ་རྣམས་དང་ཚུལ་མཐུན་པར་འགྱུར་རོ། །ཡང་ན་གཞུང་གཞན་ལས་གྲགས་པ་དང་ཚུལ་མཐུན་པར་ཆོས་ནི་ཕན་པ་དང་བདེ་བ་སྟོན་པའི་བདག་ཉིད་ལུང་གི་ཆོས་རྣམས་ཡིན་ལ། དེའི་ཕྱག་རྒྱར་གྱུར་པ་ནི་གསང་སྔགས་འདི་དག་ཅེས་སྦྱར་རོ། །དེ་ནི་འདིའི་རང་གི་ངོ་བོའོ། །འདི་གང་གི་ཡིན་པ་ནི་རིགས་རྣམ་པ་དྲུག་གི་སྟེ། དེ་ལ་སངས་རྒྱས་ཀུན་ལ་སྟོན་པའི་སྔགས་ནི་དཔལ་རྡོ་རྗེ་སེམས་དཔའི་འོ། །གྲུབ་པ་སྤྱན་གྱི་སྔགས་ནི། སངས་རྒྱས་ཀྱིའོ། །སྐལ་པ་བཟང་པོ་བདག་ཉིད་མའི་སྔགས་ནི་ཧེ་རུ་ཀའོ། །སྒྲོལ་མའི་སྔགས་ནི་གཞུང་ལ་ལ་ལས་ལས་ཀྱི་རིགས་སུ་སྟོན། བྱ་བའི་རྒྱུད་ལ་སོགས་པ་སྤྱིའི་གཞུང་ལས་པདྨའི་རིགས་ཀྱི་ཡུམ་དུ་སྟོན་ཏེ། འདིར་པདྨའི་རིགས་སུ་སྦྱར། ཏྲཾ་བ་བ་ཞེས་བྱ་བའི་སྔགས་ནི་རིན་པོ་ཆེའི་རིགས་ཀྱི་ལྷ་མོ་བཞིའི་སྙིང་པོ་སྟེ་རྡོ་རྗེ་ཉི་མའི་འོ། །ཤྲཱི་བཛྲ་པདྨའི་སྔགས་ནི་རྟ་གདོང་གི་པདྨོ་རྒོད་པའི་ཞལ་གྱི་སྔགས་ཏེ། འདི་ཡང་སྤྱིའི་རྒྱུད་ལས་པདྨའི་རིགས་སུ་གསུངས། རྒྱུད་འདིར་ལས་ཀྱི་རིགས་སུ་གསུངས་སོ། །འདི་དག་གང་དུ་སྦྱར་བར་བྱ་བ་ནི་ལས་དང་མཆོད་པ་ཐམས་ཅད་ཀྱི་སྐབས་སུ་སྦྱར་བ་སྟེ། རྒྱུད་འདིར་ལྷ་སོ་སོའི་གསང་སྔགས་མང་པོ་མ་གསུངས་ཏེ། དེའི་ཕྱིར་འདི་དག་ནི་གསང་སྔགས་ཀུན་ནས་བསྡུས་པ་ལས་ཐམས་ཅད་ པ་ཡིན་པར་ཤེས་པར་བྱའོ། །དེ་བས་ན་རྒྱུད་ཕྱི་མ་ལས། ལྷ་ཐམས་ཅད་ཀྱི་ཡིག་འབྲུ་དང་གསང་སྔགས་རྒྱས་པར་གསུངས་ཏེ། དེའི་ཚུལ་ནི་གོང་དུ་བསྒྲུབ་པའི་སྐབས་སུ་ཇི་ལྟར་སྦྱར་བ་བཤད་པ་རྣམས་སོ། །ཆོས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་གླུ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། འདིའི་རང་གི་ངོ་བོ་ནི་གླུ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ནོ། །གང་གི་ཡིན་པ་ནི། རིགས་རྣམ་པ་དྲུག་གིའོ། །གང་དུ་སྦྱར་བ་ནི་གླུའི་མཆོད་པའི་ཚེ་སྦྱར་བར་བྱའོ། །དེ་ལ་ཧཱུཾ་གིས་དྲང་བའི་གླུ་ནི་དཔལ་རྡོ་རྗེ་སེམས་དཔའི་སྟེ། དེ་ལ་གླུ་དང་གླུའི་མཁན་པོ་དང་གླུའི་དབྱངས་དང་གླུའི་ཚིག་དང་གླུའི་རྒྱན་དང་གླུ་བྱིན་གྱིས་རློབ་པར་བྱེད་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་གླུའི་མཁན་པོ་ནི། སངས་རྒྱས་ཉིད་ཡིན་ཏེ། དེ་ལ་ལྷ་དང་གཉིས་སུ་མེད་པར་སྦྱོར་བའི་རྣལ་འབྱོར་པའང་ཡིན་ནོ། །གླུའི་དབྱངས་ནི་སྐད་ཀྱི་གསང་མཐོ་དམན་དང་དྲག་དལ་དང་དེའུ་ཁུག་ལ་སོགས་པས་ཕྱེ་བས་བཤད་པ་དང་། གརྡ་བ་ཤརྫ་དང་། དེ་བ་ཏ་ཞེས་བྱ་བ་ལ་སོགས་པ་གླུའི་ལམ་བཞི་འགྱུར་དང་དྲུག་འགྱུར་ལ་སོགས་པ་རྣམས་སོ། །གླུའི་ཚིག་ནི་དོན་དང་ལྡན་པའི་ཚིག་འབྲུ་རྣམས་སོ། །གླུའི་རྒྱན་ནི་དོན་ལྷག་པོར་སྟོན་པ་མེད་ཀྱང་གླུ་མཛེས་པའི་ཡིག་འབྲུའི་གདངས་འབྱུང་བ་རྣམས་སོ། །གླུ་བྱིན་གྱིས་རློབས་པ་ནི་དམིགས་པ་དག་པའི་ཏིང་ངེ་འཛིན་དང་། གྲུབ་པའི་སྔགས་ཀྱི་ཡིག་འབྲུ་རྣམས་ཡིན་ནོ། །དེ་ལ་ཡི་གེ་ཧཱུཾ་ནི་དོན་དེ་དག་ཀུན་དང་ལྡན་པ་སྟེ་འདི་ལྟར་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པས་གླུའི་མཁན་པོའོ། །ཧཱུཾ་རིངས་སྣ་གླུའི་སྒྲ་དབྱངས་ཡིན་པས་གླུའི་དབྱངས་སོ། །དོན་ཆེན་པོ་དང་ལྡན་པའི་ཚིག་འབྲུ་ཡིན་པས་གླུའི་ཚིག་གོ །གླུའི་དེའུ་ཁུགས་གསལ་ཞིང་རྒྱས་པར་བྱེད་པས་གླུའི་རྒྱན་ནོ། །ཧཱུཾ་གིས་བྱིན་གྱིས་བརླབ་པའི་གླུ་ནི་ཐམས་ཅད་ཆོས་ཀྱི་ཕྱག་རྒྱར་གྱུར་ཏེ་དོན་དང་བྱིན་རླབས་དང་དགོས་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་གནས་སུ་གྱུར་པས་གླུ་བྱིན་གྱིས་རླབས་པ་ཡིན་ནོ། །འདི་ནི་གཙོར་བསྟན་པ་སྟེ། ཨོཾ་ལ་སོགས་པ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་དཔལ་རྡོ་རྗེ་སེམས་དཔའི་གླུའི་དབྱངས་ནི། ཀ་ཀ་ལ་ཤ་ད་པ་ལ་སོགས་ཞེས་གསུངས་པ་སྟེ། དེ་ལ་ཀ་ཀ་ལའི་གླུ་ནི་ཕ་རོལ་གྱི་གདངས་སྐད་དེ་ལྟངས་ལྟངས་༼ཝ་ཟུར་ཡོད་མོད་ནན་ཐབས་བྲལ།༽ལེན་ཞིང་འདོན་པའོ། །ཤ་ད་པ་ནི་གླུའི་རིང་ཐུང་ཆ་མཉམ་པ་སྟེ་དེ་ལ་སོགས་པ་གླུ་ཐམས་ཅད་ལ་སྦྱར་རོ། །སངས་རྒྱས་ཀྱི་གླུ་ནི། ཨོཾ་གྱི་གླུ་ཡི་ཕྱག་རྒྱ་ནི། །ཚངས་པ་དབྱངས་ཀྱི་ཅི་དགར་བླང་། །ཞེས་པ་སྟེ། དེ་ལ་ཨཱཾ་གི་དོན་ནི་ཧཱུཾ་བཞིན་ནོ། །ཨོཾ་གྱི་སྒྲ་ནི་ཚངས་པ་དབྱངས་ཉིད་ཡིན་ཏེ་འཇིག་རྟེན་དང་པོར་བྱུང་བ་ནི་ཚངས་པ་དབང་ཕྱུག་ཁྱབ་འཇུག་སྟེ། ལྷ་གསུམ་མོ། །དེ་གསུམ་གྱིས་འཇིག་རྟེན་ཐམས་ཅད་བསྡུས་པར་རིག་བྱེད་ཀྱི་གཙུག་ལག་ལས་འབྱུང་སྟེ། དེ་གསུམ་གྱི་སྙིང་པོ་ནི། ཨ་ཨུ་མ་གསུམ་མོ། །དེ་གསུམ་གཅིག་ཏུ་སྦྱར་བ་ནི་ཨོཾ་ཡིན་ཏེ་དེ་ནི་དང་པོར་ཚངས་པས་སྨྲས་སོ། །སངས་རྒྱས་འཇིག་རྟེན་དུ་བྱུང་ནས་ནི་རྒྱལ་བ་རྣམས་ཀྱི་སྙིང་པོར་བྱིན་གྱིས་བརླབ་པ་མཛད་དེ། དེ་བས་ན་འདི་ནི་སྔགས་ཐམས་ཅད་དང་མཐུན་པར་ཕྱག་འཚལ་བའི་ཕྱག་རྒྱར་བསྟན་ཏོ། །སྤྱིར་ཚངས་པའི་དབྱངས་ཞེས་བྱ་བ་ནི་ཚངས་པ་ནི་ངག་ལ་དབང་ཐོབ་པས་དབྱངས་ཀྱི་ཡན་ལག་དྲུག་ཅུ་ལ་སོགས་པ་རྣམས་ལ་དབང་བསྒྱུར་ཏེ་འཇིག་རྟེན་ན་མཆོག་ཏུ་གྱུར་ཏོ། །དེ་བཞིན་དུ་སྙན་པར་བླང་ཞིང་ཨོཾ་གྱིས་དྲང་ངོ་ཞེས་བྱ་བའི་དོན་ཏོ། །དཔལ་ཧེ་རུ་ཀའི་གླུ་ནི། རྡོ་རྗེ་དྲག་པོ་གད་མོ་ཆེ། །ཁུར་བའི་དབུགས་ཀྱི་རླུང་འབྱིན་ཞིང་། །འབྲུག་གི་སྒྲ་ལྟར་ཟབ་པ་ཡི། །རུ་ལུ་རུ་ལུའི་སྒྲ་བྱུང་ན། །ཞེས་པ་སྟེ། དེ་ལ་རུ་ལུ་རུ་ལུ་ཞེས་བྱ་བ་ནི། སྲིན་པོ་མ་རུངས་ཁྲོས་པའི་གད་མོ་སྟེ་འདིས་ཐམས་ཅད་བརླག་པར་བྱེད་དོ། །དེ་ཉིད་དཔལ་ཧེ་རུ་ཀས་འདུལ་བར་མཛད་དེ། སྲིན་སྐད་འདི་ཡང་ཧེ་རུ་ཀའི་གསང་སྔགས་སུ་བྱིན་གྱིས་བརླབས་སོ། །དབྱངས་འདི་གསུམ་ཡང་སྲིན་སྐད་དང་དཔལ་གྱི་གླུ་ཐུན་མོང་དུ་གྱུར་པ་ཡིན་ནོ། །པདྨ་རིགས་ཀྱི་གླུ་ནི་ཏེ་ཞེས་བྱ་བ་དག་པ་ཆོས་ཀྱི་སྒྲའོ། །རྡོ་རྗེ་ཉི་མ་ཡི་ནི་ཧི་ཞེས་བྱ་བ་རྣམ་པར་རྒྱལ་བའི་སྒྲའོ། །དཔལ་རྟ་མཆོག་གི་ཀ་ཀ་ལ་ལ་དང་ཙོ་རའི་དབྱངས་ཞེས་ཏེ་ཙོ་རའི་དབྱངས་ནི་ཆོམ་རྐུན་གྱི་དབྱངས་ཏེ་སྤྱུགས་གླུ་ཕྲ་མོ་སེམས་ཅན་དུ་མི་སྟོན་པའི་སྒྲའོ། །རབ་ཏུ་གདངས་སྙན་ནི་སླུ་ཞིང་འདྲིད་པའི་གླུའོ། །ཀ་ཧ་ལ་ནི། ཁ་གདངས་ནས་དེའུ་བསྟོད་པ་སྟེ་ཐམས་ཅད་ཀྱང་གཞན་གྱི་ཕྲུ་མ་འཇོམས་པའི་གླུའོ། །གླུ་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་རོལ་མོ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་ཡང་གླིང་བུ་ལ་སོགས་པ་སིལ་སྙན་གྱི་སྒྲ་དང་དེ་དག་བརྡུང་བའི་སྟོབས་དང་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིགས་སྔགས་ལ་སོགས་པ་རྣམས་ཀྱི་བྱ་བ་སོ་སོ་དང་ཐབས་ཀྱི་སྒྲ་རྣམས་ཅི་རིགས་སུ་སྦྱར་ཞིང་བྱའོ་ཞེས་བཤད་དེ། འདི་ནི་རང་གི་ངོ་བོའོ། །འདི་གང་གི་ཡིན་པ་ནི་རིགས་རྣམ་པ་དྲུག་གིའོ། །གང་དུ་སྦྱར་བ་ནི་མཆོད་པའི་ཚེའོ། །སྔོན་གྱི་སློབ་དཔོན་དག་གིས་རོལ་མོའི་སྒྲ་ནི་མཚན་མ་དང་བྲལ་བ་ཞེས་ཀྱང་བཤད་དོ། །དེ་ལ་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ནི་སྐུ་ལ་སོགས་པའི་བྱེ་བྲག་གིས་རིགས་རྣམ་པ་བཞིར་གྲགས་པའི་ལྷ་དག་གོ ། ཛཿཧཱུཾ་བཾ་ཧོཿལ་སོགས་པ་ནི་རོལ་མོའི་ཐབས་དང་སྦྱར་བའི་ཚིག་དང་། ཐབས་ཀྱི་སྒྲའོ། །རིགས་དང་སྦྱར་བ་ནི་ཐལ་མོ་བརྡབ་པ་བརྟག་པ་ནི་དཔལ་རྡོ་རྗེ་སེམས་དཔའ་འོ། །རྒྱུན་གྱི་རྔ་དང་དམ་ཚིག་གསུམ་གྱི་རྔ་ནི་སངས་རྒྱས་དང་ཐུན་མོང་དུ་སྦྱར་རོ། །གཞན་ནི་ཇི་སྐད་སྨོས་པ་བཞིན་ནོ། །རོལ་མོ་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་གར་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་ཡང་དང་པོར་རྡོ་རྗེ་སེ་གོལ་གྱི་སྒྲ་དང་། རྡོ་རྗེ་ཐལ་མོའི་སྒྲ་འདིས་སངས་རྒྱས་ཐམས་ཅད་བསྡུས་ཏེ་གླུ་དང་རོལ་མོ་དང་སྦྱར་ཞིང་གར་བྱའོ་ཞེས་སོ། །དེ་ལ། གཡོན་པའི་སེ་གོལ་བརྡབ་པ་དང་། །ཐལ་མོ་དལ་བུས་བརྡབས་པས་འགྲུབ། །གཉི་གའང་ཀུན་ཏུ་སྡུད་པ་ཡིན། །ཞེས་བྱ་བ་ནི། སེ་གོལ་དང་ཐལ་མོ་གཉིས་ཀའང་སངས་རྒྱས་ཐམས་ཅད་སྡུད་པ་འདྲ་བ་དང་། སེ་གོལ་ཡང་ལན་གསུམ་དུ་བརྡབ་ཅིང་ཐལ་མོ་ཡང་ལན་གསུམ་དུ་དལ་བུས་བརྡབ་པར་བྱ་བ་ཡིན་པ་ལས། སེ་གོལ་ནི། ཤམ་པ་རྒྱ་སྟེ་ཤེས་རབ་ཀྱི་རང་བཞིན། ཐལ་མོ་ནི། ཏ་ལ་ཧོ་ཞེས་བྱ་སྟེ་ཐབས་ཀྱི་རང་བཞིན། ཐབས་དང་ཤེས་རབ་ཀྱི་སྒྲ་ནི་སངས་རྒྱས་ཐམས་ཅད་ཀྱི་མཚན་ཉིད་དོ། །ཞེས་སྦྱར་རོ། །ཚུལ་དེ་ཉིད་ལ། སེ་གོལ་གཡོན་གྱིས་བསྐུལ། ཐལ་མོ་གཡས་ཀྱིས་བསྐུལ། ཞེས་ཀྱང་བཤད་དོ། །གར་དགུའི་རང་བཞིན་ལྷ་དགུར་བཤད་པ་ནི། རྡོ་རྗེ་སེམས་དཔའ་ནི་ཆགས་པ་ཆེན་པོའི་རང་བཞིན་པས་སྟེགས་པའོ། །སངས་རྒྱས་ནི་སྤང་དཀའ་བའི་འདོད་པ་སྤངས་ཤིང་ཐུབ་པར་དཀའ་བའི་བདུད་བཞི་བཅོམ་པར་སྟོན་པས་དཔའ་བོའོ། །རྡོ་རྗེ་འཛིན་པ་ནི་ཐུགས་རྗེ་ལྷུན་གྱིས་གྲུབ་པས་གདུལ་བྱ་དམུ་རྒོད་རྣམས་ལ་ཡང་བཏང་སྙོམས་མི་མཛད་དེ་མྱུར་དུ་སྐྱོབ་པས་སྙིང་རྗེའོ། །འཇིག་རྟེན་དབང་ཕྱུག་ནི་ཆོས་ཟབ་མོ་སྟོན་པས་རྒོད་པའོ། །རྡོ་རྗེ་ཉི་མ་ནི་རྒྱལ་པོའི་ཚུལ་བས་༼ཐམས་ཅད་ཀྱི་རེ་བ་སྐོང་ཤིང་ཡི་རང་བར་བྱེད་པའོ། ༽ ཁྲོ་བོ་རྡོ་རྗེ་རྟ་མཆོག་༼ནི་གདུག་པ་ཅན། ༽༼འདི་གཉིས་ཀྱང་མཆན་ཡིན་པ་ཤིང་པར་ཞིག་ལས་ཤེས། ༽འཇོམས་པས་འཇིགས་པའོ། །ཤཱཀྱ་ཐུབ་པ་ནི་དཀའ་ཐུབ་ལ་གནས་ཏེ་རྒྱན་སྤངས་པས་མི་ཐུབ་པའོ། །མཁའ་འགྲོ་མ་རྣམས་ནི་ཅི་ཡང་འགྱུར་ཞིང་འཕྲུལ་བའི་བདག་ཉིད་པས་ངོ་མཚར་རོ། །བྱང་ཆུབ་ཀྱི་སེམས་ནི་དུས་གསུམ་དུ་འགྱུར་བ་དང་སྤྲོས་པའི་མཚན་མ་མེད་པས་ཞི་བའོ། །ལྷ་དགུ་རིགས་དྲུག་ཏུ་བསྡུ་བ་ནི་ཤཱཀྱ་ཐུབ་པ་ནི་རྣམ་པར་སྣང་མཛད་དང་འདྲ་སྟེ་དེ་བཞིན་གཤེགས་པའི་རིགས་སོ། །ཅུང་ཟད་དུ་ན་ཞིང་དག་མ་དག་གི་བྱེ་བྲག་དང་མི་དང་ལྷ་གདུལ་བའི་བྱེ་བྲག་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དུ་ཐེག་པ་སྣ་ཚོགས་དང་ཐེག་པ་ཆེན་པོའི་ཆོས་སྟོན་པའི་བྱེ་བྲག་གི་ཕྱེ་བ་ཙམ་དུ་ཟད་པས་རིགས་ལ་ཐ་དད་མེད་དེ། སྤངས་པ་ཕུན་སུམ་ཚོགས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་གཙོར་བསྟན་པས་དེ་བཞིན་གཤེགས་པའི་རིགས་སོ། །བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །འདི་ཡང་རང་བཞིན་དང་སྐུའི་ཚུལ་ཙམ་གྱིས་ཕྱེ་བར་ཟད་དོ། །མཁའ་འགྲོ་མ་ནི་རིགས་ཐམས་ཅད་ཀྱི་འཁོར་གྱི་ལྷ་མོ་རྣམས་སོ། །འདི་ནི་གར་གྱི་སྤྱིའི་དོན་བཤད་པ་སྟེ། གར་འདི་ཇི་ལྟར་བསྒྱུར་བ་ནི་ཚོགསཀྱི་དཀྱིལ་འཁོར་དུ་ལེགས་པར་བསླབས་པའི་རྣལ་འབྱོར་པ་གཉིས་ཀྱིས་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་མཆེད་རྣམས་ཀྱི་སྤྱན་སྔར་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་གར་བྱས་ཏེ། དེ་ཡང་དང་པོར་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གར་ཐམས་ཅད་འབྱུང་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་ནས་མགོ་གཟུང་སྟེ་བསྒྱུར་བར་བྱའོ། །དེ་རྫོགས་པར་གྱུར་པ་དང་། དེ་ནས་རྒོལ་པས་དཔལ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་གར་བསྒྱུར་བར་བྱའོ། །དེ་ནས་ཕྱིར་རྒོལ་བས་དཔལ་ཧེ་རུ་ཀའི་གར་བསྒྱུར་རོ། །དེ་ནས་རྒོལ་བས་པད་མ་གར་དབང་གི་གར་བསྒྱུར་རོ། །དེ་ནས་ཕྱིར་རྒོལ་བས་རྡོ་རྗེ་ཉི་མར་བསྒྱུར་རོ། །དེ་ནས་རྒོལ་བས་དཔལ་རྟ་མཆོག་ཏུ་བསྒྱུར་རོ། །དེ་ནས་ཡང་རྒོལ་བས་དཔལ་རྡོ་རྗེ་སེམས་དཔར་བསྒྱུར་ཏེ། སྔ་མ་བཞིན་དུ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་སྦྱར་རོ། །གར་གྱི་གླུ་ནི་སྤྲུལ་པ་སྤྲོ་བར་བསྐུལ་བའོ། །དེ་ལས་གང་ཞིག་འཕམ་པརགྱུར་པ་དེས་ཚོགས་ཀྱི་དཀྱིལ་འཁོར་དེར་ཚོགས་ཀྱི་ཟས་ཡོན་དང་བཅས་པ་ཞིག་དབུལ་བར་བྱའོ། །ཚུལ་འདིས་ནི་དཀྱིལ་འཁོར་ཆེན་པོ་དྲུག་གི་ཕྱག་རྒྱ་ཐམས་ཅད་ཚོགས་ཀྱི་མཆོད་པ་གཅིག་ཏུ་སྦྱར་བ་ཡིན་ནོ། །གར་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་གླུ་རྒྱན་གྱི་ཕྱག་རྒྱ་ཞེས་གྲགས་པ་རྡོ་རྗེ་གླུའི་མཆོད་པའི་ཕྱག་རྒྱ་སྟོན་ཏེ། གང་ལ་རྡོ་རྗེ་ཐེག་པའི་དོན་གྱིས་བརྒྱན་པའི་མཆོད་པའི་གླུ་དེ་ནི་དེ་སྐད་ཅེས་བྱའོ། །དེ་ལ་གླུ་འདིའི་དོན་ནི། གསང་བའི་ལྷ་མོ་བཞིའི་སྒོ་ནས་ལན་གསུམ་དུ་བལྡབས་ཏེ་བྱུང་བ་ལས། དེ་ལ་དང་པོ་ནི་ལྷ་མོ་བཞིའི་སྒོ་ནས་བསྟོད་དེ་དངོས་གྲུབ་གསོལ་བར་སྤྱིར་བསྐུལ་བའོ། །གཉིས་པ་ནི། ལྷ་མོ་བཞིའི་སྒོ་ནས་འགྲོ་བའི་དོན་ལ་རོལ་ཅིང་སྤྲུལ་པར་བསྐུལ་བའོ། །གསུམ་པ་ནི་ལྷ་མོ་བཞིའི་སྒོ་ནས་དེ་ལྟ་བུའི་དངོས་གྲུབ་བདག་ལ་གསོལ་ཅིག་པར་བསྐུལ་བའོ། །དེ་ལ་དོན་དང་པོའི་ཚིག་དང་པོ་རབ་ཏུ་དགའ་བ་རྗེས་སུ་ཆགས་པ་ཞེས་བྱ་བ་ནི་རྒྱས་འདེབས་མའི་སྒོ་་ནས་སོ། །ཚིག་གཉིས་པ་རབ་ཏུ་དགའ་བར་སྦྱོར་བ་ཞེས་བྱ་བ་ནི་རྨོངས་བྱེད་མའི་སྒོ་ནས་སོ། །ཚིག་གསུམ་པ་རབ་ཏུ་བདེ་མཆོག་ཅེས་བྱ་བ་ནི། ཟ་བྱེད་མའི་སྒོ་ནས་སོ། །ཚིག་བཞི་པ་རབ་ཏུ་དགའ་བའི་དབང་ཕྱུགཅེས་བྱ་བ་ཚེ་འཕེལ་མའི་སྒོ་ནས་སོ། །ཧོཿཞེས་བྱ་བ་ནི་རོལ་པ་ཐམས་ཅད་ཀྱི་ཕྱག་བརྡའོ། །རྟ་མཆོག་ཧོ་ཞེས་པ་ནི་སྣ་ཚོགས་སུ་རོལ་པའི་བརྡའོ། །དོན་གཉིས་པའི་ཚིག་དང་པོ་རབ་ཏུ་སྣ་ཚོགས་བདེ་བའི་མཆོག་ཅེས་བྱ་བ་ནི་རྒྱས་འདེབས་མའི་སྒོ་ནས་སོ། །དེ་བཞིན་དུ་གཉིས་པ་བདེ་བ་སློང་ཞེས་བྱ་བ་ནི་རྨོངས་བྱེད་མའི་འོ། །ཧཱུཾ་སྣང་བར་མཛོད་ཅེས་བྱ་བ་ནི་ཟ་བྱེད་མའི་འོ། །དེ་བཞིན་གཤེགས་པ་ཀུན་གྱི་སློབ་མ་གཟུང་དུ་གསོལ་ཞེས་བྱ་བ་ནི་ཚེ་འཕེལ་མའི་འོ། །དོན་གསུམ་པའི་དང་པོ་ཀྱེ་བདེ་བའི་མཆོག་ནི་རྒྱས་འདེབས་མའོ། །དེ་བཞིན་དུ། ཨེ་མའོ་བདེ་བ་རྨོངས་བྱེད་མ། དམ་པ་རབ་ཏུ་ཞུགས་པ། ཟ་བྱེད་མ། ཨེ་མའོ་ཤི་ཤི། ཚེ་འཕེལ་མའོ། །དེ་ལྟར་གསུངས་པའི་ཡུམ་བཞིའི་སྒོ་ནསདོན་གསུམ་གྱི་ཚུལ་དུ་སྦྱར་བའི་གླུ་བསྟན་ནས། ད་ནི་རིགས་བཞིའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའི་གླུ་སྟོན་ཏེ། དེ་ལ། རྡོ་རྗེ་སེམས་དཔའ་བསྡུས་པ་དང་། །རྡོ་རྗེ་རིན་ཆེན་བླ་མེད་པ། །རྡོ་རྗེ་ཆོས་ནི་གསུང་བ་དང་། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བ་རྣམ་པ་བཞི་པོ་འདིའི་དོན་ཚིག་ཕྱི་མ་ཕྱི་མ་ཚིག་སྔ་མ་རྣམས་ཀྱི་རྒྱུའམ་གཏན་ཚིགས་སུ་འགྱུར་ཏེ། འདི་ལྟར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྡོ་རྗེ་ལྟར་མི་ཕྱེད་པས་བཛྲ་སཏྭ་ཞེས་བྱ་སྟེ། སཏྭའི་སྒྲ་དོན་དུ་མ་ལ་འཇུག་པ་ལས་འདིར་སྡུད་པ་ལ་བྱ་སྟེ། མཚན་ཉིད་དབྱེར་མེད་པར་སྡུད་པའོ། །རྡོ་རྗེ་རིན་ཆེན་ནི་བླ་ན་མེད་པས་རྡོ་རྗེ་རིན་ཆེན་ཞེས་བྱའོ། །རྡོ་རྗེ་ཆོས་ནི་བསྟན་པའི་ཆོས་གསུང་བས་རྡོ་རྗེ་ཆོས་ཞེས་བྱའོ། །རྡོ་རྗེ་ལས་ནི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་ཐམས་ཅད་བྱེད་པར་འགྱུར་བས་རྡོ་རྗེ་ལས་ཞེས་བྱའོ། །ཚིག་ཕྱི་མ་འདི་རྣམས་རྒྱུའམ་གཏན་ཚིགས་སུ་འགྱུར་བ་ནི། དོན་གྱིས་མངོན་པ་ཙམ་དུ་མ་ཟད་ཀྱི། སྒྲའི་སྒོ་ནས་ཀྱང་བསྟན་ཏེ། འདི་ལྟར་བཛྲ་སཏྭ་སཾ་གྲ་ཧཱ་ད་ཅེས་བྱ་བ་ནི་ལྔ་པ་ཡིན་ལ། བཛྲ་རཏྣ་མ་ནུཏྟ་རཾ་ཞེས་བྱ་བ་ནི་གསུམ་པ་ཡིན་ཏེ། སྒྱུར་གསལ་བར་བསྟན་ཏོ། །ད་ནི་གསང་བ་ཡུམ་བཞིའི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ཕྱག་འཚལ་བའི་གླུ་སྟོན་ཏེ། ཧཱུཾ་རྡོ་རྗེ་ལས་ཀྱི་མདའ་གཞུ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི། རྒྱས་འདེབས་མའི་སྒོ་ནས་ཏེ། འདིའི་དོན་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་ཆགས་པ་ཆེན་པོས་ཞེན་པའི་མཚན་ཉིད་དེ། དེ་ལྟ་བུ་ལ་ཕྱག་འཚལ་བ་ཉིད་རྒྱས་འདེབས་མའི་སྒོ་ནས་བཙལ་ཞེས་སྦྱར་ཏེ་འོག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་ཆགས་པའི་དམ་ཚིག་ནི་བདེ་བ་ཆེན་པོ་ལས་རྟག་ཏུ་མི་འདའ་བའོ། །ཁ་ཊྭཱཾ་ག་རབ་ཏུ་འཇིག་པ་ནི། དེའི་ལས་ཏེ། མཚན་མ་འཇོམས་པའོ། །དྲིལ་བུ་འཁྲོལ་བ་ནི། དེའི་ཡོན་ཏན་ཏེ། དབང་ཕྱུག་ཆེ་མཆོག་གྲུབ་པའོ། །དེ་བས་ན་ལྷ་ཐམས་ཅད་རྟག་ཏུ་དོན་འདི་བཞིའི་རང་བཞིན་དུ་བཞུགས་སོ། །དེ་མཚོན་པའི་སྒོ་ནི་གསང་བའི་ལྷ་མོ་བཞིའི་སྒོ་ནས་སོ། །ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་གྱིས་རིགས་དྲུག་གི་སྒོ་ནས་བསྟོད་དེ། དེ་ལ་འཇིག་རྟེན་པའི་རིགས་གསུམ་ནི་དྲག་པོ་ཆེན་པོ་མ་ཧཱ་དེ་བ་དང་། འཁོར་ལོ་ཅན་ཁྱབ་འཇུག་དང་ཚངས་པ་རྣམས་སོ། །དེ་ལ་འཇིག་རྟེན་ལས་འདས་པའི་སྐབས་སུ་ནི་འདོད་ཆགས་ཀྱི་བདག་པོ་དབང་ཕྱུག་ཆེན་པོ་དེ་ནི་དཔལ་རྡོ་རྗེ་སེམས་དཔའི་རིགས་སོ། །ཞེ་སྡང་གི་བདག་པོ་གསོད་བྱེད་རྐྱེན་ཞེས་བྱ་བ་ཁྱབ་འཇུག་ནི་རྡོ་རྗེ་ཧེ་རུ་ཀའི་རིགས་སོ། །གཏི་མུག་གི་བདག་པོ་གཏི་མུག་སེལ་བར་བྱེད་པ་རིག་བྱེད་ཐམས་ཅད་ཀྱི་སློབ་དཔོན་ཚངས་པ་ནི་དེ་བཞིན་གཤེགས་པའི་རིགས་སོ། །དེ་ལྟར་རིགས་གསུམ་པོ་དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་ཀྱི་ཚུལ་ཐུན་མོང་དུ་བསྟན་ཏོ། །ལ་ལར་རབ་ཏུ་འབར་བའི་ཆགས་པ་ཞེས་བྱ་བ་ནི་པདྨའི་རིགས་སོ། །ཐམས་ཅད་དབང་བསྐུར་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་སོ། །ལ་ལར་མཁས་པའི་ཞེས་བྱ་བ་ནི་ལས་ཀྱི་རིགས་སོ། །གླུ་རྒྱན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་མཆོད་པ་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་ཡང་མེ་ཏོག་དང་བདུག་པ་དང་མར་མེ་དང་བྱུག་སྤོས་རྣམས་ཀྱི་ཕྱག་རྒྱ་ཚོམས་གཅིག་ཏུ་བསྟན་ལ། བཤོས་དང་གཏོར་མའི་བྱེ་བྲག་ཁ་ཟས་ཀྱི་མཆོད་པ་ནི་ཚོམས་གཅིག་ཏུ་བསྟན་ཏོ། །རིགས་སོ་སོ་ནི་གསལ་བར་སྟོན་པས་སྨོས་མི་དགོས་སོ། །སྒེག་མོ་དང་ནི་ན་ཆུང་ལ་སོགས་པ་ནི་བརྡའི་སྐབས་ནས་བསྟན་ཏོ། །འདིར་རྣལ་འབྱོར་ཆེན་པོའི་གཞུང་ལས། གཙང་རྨེ་ལྷག་པར་དབྱེ་བ་མི་བཞེད་པ་ལས། འདིར་འདི་སྐད་དུ། སངས་རྒྱས་རྣམས་ལ་བཤོས་དབུལ་བ། །ཤ་དང་ཆང་ནི་རྣམ་པར་སྤངས། །ཞེས་གསུངས་པ་ནི་རིགས་ཀྱིས་ཕྱེ་བ་སྟེ། སྤྱིར་གསང་སྔགས་ཀྱི་རྒྱུད་ལས་གཙང་སྨེའི་སྤང་བླང་གི་སྒོ་རྣམ་པ་གཉིས་གསུངས་ཏེ། གཞུང་སོ་སོའི་སྒོ་ནས་རིག་སྔགས་དང་གསང་སྔགས་རྣམས་མཆོད་པ་གང་ལ་དགྱེས་པའོ། །དེ་ལ་གསང་སྔགས་པའི་སྤྱོད་པ་ལ་ནི་བྱ་བའི་རྒྱུད་དུ་གཙང་བར་བསྟན་ལ། རྣལ་འབྱོར་གྱི་རྒྱུད་དུ་དེ་ལྟར་མ་བསྟན་ཏོ། །ལྷའི་སྒོ་ནས་ནི་རྡོ་རྗེ་ཁྲོ་བོའི་རིགས་ལྟ་བུ་སྨེ་བའི་རྫས་ཀྱིས་ཕལ་ཆེར་དགྱེས་པར་བཤད་ལ། དཔལ་ཤཱཀྱ་ཐུབ་པ་ལྟ་བུ་དེ་བཞིན་གཤེགས་པའི་རིགས་ལ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་དུའང་གཙང་བ་ལ་དགྱེས་པར་བཤད་དོ། །གཞན་ནི་གོ་སླའོ། །ད་ནི་ཕྱག་རྒྱ་དབང་བསྐུར་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། འདི་དག་ཇི་ལྟར་གང་དུ་སྦྱར་བ་ནི། གོང་དུ་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་སྐབས་སུ་ལྷ་དབང་བསྐུར་བའི་སྐབས་སུ་རིན་པོ་ཆེ་རྣམ་པ་ལྔའི་ཕྱག་རྒྱས་སྦྱར་བར་བྱའོ། །དེ་ལ་ཅུང་ཟད་མ་སྨོས་པ་རྣམས་བསྟན་པ་ནི། སངས་རྒྱས་རིན་ཆེན་གྱི་ཕྱག་རྒྱ་དང་། ཐོད་པའི་ཕྲེང་བའི་དབུ་རྒྱན་གྱི་ཕྱག་རྒྱ་ནི་དཔལ་རྡོ་རྗེ་སེམས་དཔའི་འོ། །ལྷག་མ་རྣམས་ནི་གོ་རིམ་བཞིན་ནོ། །ཐམས་ཅད་རྡོ་རྗེའི་ཕྱག་རྒྱ་ནི་བྱིན་གྱིས་བརླབས་པ་ལ་སྦྱར་བ་སྟེ། དེ་ལ་དགའ་ཆེན་དཔལ་གྱི་ཕྱག་རྒྱ་དང་། སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་ནི་རིགས་ཐམས་ཅད་ལ་སྤྱིར་བྱིན་གྱིས་བརླབ་པར་ཤེས་པར་བྱའོ། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ནི་ལྷག་པར་བྱིན་གྱིས་བརླབ་པར་སྨོས་པ་མེད་དེ། དགུག་པ་ལ་སོགས་པ་ལས་སྣ་ཚོགས་ལ་སྦྱར་བར་བྱའོ། །ལྷག་མ་རྡོ་རྗེའི་ཕྱག་རྒྱ་རྣམས་ནི་རིགས་སོ་སོའི་བྱིན་གྱིས་བརླབ་པ་ལ་སྦྱར་བར་བྱ་སྟེ། དེ་ལ་དཔལ་རྡོ་རྗེ་སེམས་དཔའི་རྡོ་རྗེའི་ཕྱག་རྒྱ་ནི་གོང་གི་རྡོ་རྗེའི་ཕྱག་རྒྱ་ཉིད་དང་འདྲའོ། །ལྷག་མ་རྣམས་ནི་ཇི་སྐད་སྨོས་པའི་རིམ་པ་བཞིན་ནོ། །རྡོ་རྗེའི་ཕྱག་རྒྱ་འདི་རྣམས་ལས་སྤྱིའི་ཕྱག་རྒྱ་གསུམ་ནི་མཆོག་དང་བཅས་པའི་ཕྱག་རྒྱ་ཞེས་ཀྱང་གྲགས་སོ། །དེ་ལ་རྡོ་རྗེའི་ཕྱག་རྒྱ་འདི་དག་གི་རང་གི་ངོ་བོ་ནི་སངས་རྒྱས་ལྔ་པོ་ཐམས་ཅད་ཀྱང་དཔལ་རྡོ་རྗེ་སེམས་དཔའི་རིགས་ཡིན་པས་ཐམས་ཅད་ཀྱང་རྡོ་རྗེའི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱ་བ་ཡིན་ནོ། །ད་ནི་ཡིག་འབྲུ་དགོད་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་མཉམ་སྦྱར་ནས། །ཁ་ཡི་ཐད་ཀར་འདུད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ལྷ་རྣམས་ཀྱི་ཡི་གེའི་ཕྱག་རྒྱ་བཀོད་ནས་དེར་སློབ་མ་བཅུག་སྟེ། རྡོ་རྗེའི་མིང་གིས་དབང་བསྐུར་ན་སངས་རྒྱས་སུ་ལུང་བསྟན་པར་འགྱུར་རོ། །ཞེས་གཙོར་བསྟན་ཏོ། །འོན་ཀྱང་བྲི་བ་གཅིག་པུར་མ་ཟད་ཀྱི་བརྗོད་པར་ཡང་བསྟན་ཏེ། དེ་ལ་གང་བརྗོད་པར་བསྟན་པ་དེ་ནི་གར་ཡེ་ཤེས་ཀྱི་ཕྱག་རྒྱའི་སྐབས་སུ་སྦྱར་བར་བྱ་བ་ཡིན་ནོ། །དེ་ལ་ཡིག་འབྲུ་ཇི་ལྟར་དགོད་ཅེ་ན། འདི་ཉིད་ཀྱི་ཕྱི་མ་ཕྱི་མའི་རྒྱུད་ལས། ཡི་གེ་ཀ་སོགས་ད་ཡིག་མཐའ། །ང་ཉ་བསལ་ནས་དགོད་པར་བྱ། །ཡི་གེ་ངྷཱ་སོགས་ཀྵ་ཡིག་མཐའ། །དེ་ཡི་རྗེས་སུ་བྲི་བར་བྱ། །དབུས་གནས་པ་ནི་ཨ་ཡི་ཕྲེང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ལེའུ་བདུན་པ་ལས་གསུངས་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཐིག་བཏབ་ནས། དབུས་ཀྱི་རེ་ཆ་ལ་ཟླ་བའི་དཀྱིལ་འཁོར་བཅས་ཏེ་དེའི་སྟེང་དུ་ཨཱ་ལི་བཅུ་དྲུག་དང་། ཀཱ་ལི་སུམ་ཅུ་རྩ་བཞི་ལ་ང་ཉ་བསལ་བ་སུམ་ཅུ་རྩ་གཉིས་བཅུ་དྲུག་རིམ་གཉིས་སུ་ཕྱེ་སྟེ། དེ་ལྟར་བཅུ་དྲུག་ཕྲག་གསུམ་དུ་ཡི་གེ་གྲངས་མཉམ་པར་བྱས་ནས་ཁའི་ཐད་ཀར་འདུད་པར་བྱ་ཞེས་ཏེ། ཤར་ཕྱོགས་སུ་མགོ་གཟུགས་ཏེ་ཕྲེང་བའི་ཚུལ་དུ་འདུད་ཅིང་བསྐོར་ཞེས་བྱ་བའི་དོན་ཏོ། །དེ་ཡི་འོག་ཏུ་རི་མོ་རྣམས། །ཡི་གེ་ཐམས་ཅད་དགོད་པར་བྱ། །ཞེས་པ་ནི། དེ་ནས་ཕྱི་ནང་གི་ཡི་གེ་ཐམས་ཅད་ལེགས་པར་དགོད་དོ་ཞེས་བྱ་བའི་དོན་ཏེ། དེ་ལ་དབུས་ཀྱི་ཡི་གེ་དགོད་པ་ནི། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་ཞེས། །རབ་ཏུ་ཆགས་པའི་མཚན་བྲིས་ན། །ཞེས་བྱ་བ་འདི་ཡིན་ཏེ། དེ་ཡང་དབུས་ཉིད་དུ་ཤྲཱིཿཞེས་བྱ་བ་བྲིས་ཏེ། དེའི་མཐའ་སྐོར་དུ། བཛྲ་སཏྭ་ཡོ་གི་ཞེས་བྱ་བས་བསྐོར་རོ། །དེ་ལ་དབུས་ཀྱི་དཔལ་གྱི་ཡི་གེ་ཇི་ལྟར་བྲི་བ་ནི། གུག་སྒྱེད་དག་གིས་ལྕུག་མར་བྱ། །ཞེས་བྱ་བ་མ་དྲ་ཞེས་བྱ་བ་སྤྱི་དང་ཡན་ལག་གཉིས་ཀའི་མིང་ཡིན་པས་དཔལ་གྱི་གུ་གུ་ལྕུག་མ་ལྟར་དྲང་བའོ། །ཡི་གེར་ནི་མྱུ་གུར་བྱས་ཞེས་བྱ་བ་ནི་དཔལ་གྱི་མྱུ་གུ་ལྟར་རྩེ་མོ་ཅན་དུ་བྱ་བའོ། །གླད་སྐོརཟླ་བ་ཁམས་པ་དང་ཞེས་བྱ་བ་ནི་འདིར་སྒྲ་ལ་དགོས་པ་མེད་ཀྱང་ས་བོན་གྱི་ཡི་གེ་ཡིན་པས་ཐིག་ལེ་ཟླ་ཚེས་ཀྱིས་རྒྱན་དེ་ཟླ་ཁམ་དུ་གྱུར་པའོ། །ཚེས་གཉིས་ཟླ་བ་གཉིས་སུ་བྱ། །ཞེས་པ་ནི། དབང་ཕྱུག་ཆེན་པོའི་མིག་འདྲ་བས་བརྒྱན་པའོ། །དཔལ་གྱི་རི་མོ་འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན་པའི་ཕྱིར། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་རྒྱ་མི་འགྱུར་དམ་པ་སྟེ། །སངས་རྒྱས་དཔལ་གྱི་རི་མོར་བཤད། །ཅེས་གསུངས་སོ། །ཡི་གེ་དེ་དག་མི་འགྱུར་མཆོག །ཅེས་བྱ་བ་ནི་ཡི་གེ་ཐམས་ཅད་ཀྱང་ཨ་ཡིག་མི་འགྱུར་བའི་རང་བཞིན་པས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱའོ། །ཞེས་སྟོན་པའོ། །ཇི་ལྟར་གཙོ་བོ་ལ་སྦྱར་བ་དེ་ལྟར་ལྷ་མོ་ཐམས་ཅད་ལ་ཡང་དབུས་སུ་དཔལ་གྱི་རི་མོ་བྲིས་ཏེ། དེའི་ཁོར་ཡུག་ཏུ་རང་གི་མིང་གི་ཕྲེང་བས་བསྐོར་ཏེ་ཨཱ་ལི་དང་ཀཱ་ལི་སྔ་མ་བཞིན་དུ་བྱས་ནས་གཞི་རྣམས་ཟླ་བའི་དཀྱིལ་འཁོར་ལ་བཀོད་དེ། དེར་སློབ་མ་གཟུད་དོ་ཞེས་ ཤེས་པར་བྱའོ། །ལྷག་མ་རིགས་སོ་སོའི་དཀྱིལ་འཁོརརྣམས་ཀྱང་འདི་བཞིན་དུ་སྦྱར་ཏེ། དེ་ལས་རང་རང་གི་མིང་གི་ཕྱག་རྒྱ་ཅུང་ཟད་མི་མཐུན་པ་ནི་དཀྱུས་ལས་གསལ་བར་གསུངས་པར་ཟད་དོ། །ཡིག་འབྲུ་དགོད་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་བརྡའ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་ཡང་འདི་གང་དུ་སྦྱར་བར་བྱ་བ་ནི། ཚོགས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་རྣལ་འབྱོར་པ་རྣམས་བརྡ་འདི་ལྟ་བུའི་སྒོ་ནས་བརྡ་སྤྲོད་དགོས་པས་དེར་སྦྱར་བའི་ཕྱིར་དང་། སྤྱིར་ཡང་གོང་དུ་རྒྱུད་ཀྱི་གཞུང་བསྟན་པའི་སྐབས་སུ་བརྡ་བསྟན་པ་རྣམས་རྟོགས་པར་བྱ་བའི་ཕྱིར་བསྟན་ཏོ། །དེ་ལ་རིགས་སོ་སོ་གང་གི་ཡིན་པ་སྦྱར་བ་ནི་རིགས་ཀྱི་སྤྱིར་སྦྱར་བ་དང་། རིགས་སོ་སོར་སྦྱར་བ་གཉིས་ཉིད་ལས་གསལ་བར་འབྱུང་ངོ་། །དེ་ལ་ལུས་ཀྱི་བརྡ་རྣམས་ནི་སྤྱིར་བསྟན་ཏོ། །ངག་གི་བརྡ་རྣམས་ནི་སྤྱི་དང་བྱེ་བྲག་ཏུ་སྟོན་ཏོ། །དེ་ལ་བརྡ་འདི་དག་ལས་དཀྱིལ་འཁོར་གྱི་ལྷའི་བརྡ་ལ་སོགས་པ་གཞུང་གི་ཡི་གེ་དེ་ཉིད་ལས་ཤེས་སུ་རུང་བ་རྣམས་ནི་མ་བཤད་དོ། །ཅུང་ཟད་མི་གསལ་བ་རྣམས་བསྟན་པ་ནི། དབུ་རྒྱན་གྱི་སྐབས་ནས། སངས་རྒྱས་ཐམས་ཅད་རིན་ཆེན་མཆོག །དབུ་རྒྱན་མི་འགྱུར་དམ་པ་ནི། །སངས་རྒྱས་ཀུན་གྱི་རྒྱལ་སྲིད་མཆོག །ཡིན་པར་རང་བྱུང་རྣམས་ཀྱིས་གསུངས། །ཐོད་པའི་ཕྲེང་བའི་དབུ་རྒྱན་དང་། །སངས་རྒྱས་གཙུག་གི་ནོར་བུ་དག །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིན། །དཔལ་གྱི་པདྨོའི་ཚུལ་དུ་བཤད། །ཅེས་བྱ་བ་ནི་རིགས་ཀྱི་སྤྱི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་གང་གི་ཚེ་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ལ་སྦྱོར་བའི་དབང་བསྐུར་བ་དེའི་ཚེ་ཐོད་པའི་ཕྲེང་བ་དང་། སངས་རྒྱས་གཙུག་གཏོར་གྱི་ནོར་བུ་གཉིས་སྦྱར་བར་བྱ་བ་ཡིན་ཏེ། ཇི་སྐད་རྟོག་པ་བདུན་པའི་དབང་བསྐུར་བའི་སྐབས་ནས། ཐོད་པ་རིན་ཆེན་དབུ་རྒྱན་ནམ། །སངས་རྒྱས་གཙུག་གི་ནོར་བུ་དག །ཀུན་ཏུ་སྣ་ཚོགས་བླ་མར་ནི། །ཀུན་གྱི་སློབ་དཔོན་ཀུན་ལ་བྱ། །རྒྱལ་སྲིད་ཐམས་ཅད་རྣམ་དག་པ། །མ་ལུས་ལུས་པ་མེད་པ་འགྲུབ། །ཅེས་གསུངས་པ་འདིའི་དོན་དང་བརྡ་བསྟན་པར་སྦྱར་རོ། །སངས་རྒྱས་རང་བཞིན་གྲུབ་གཅིག་དང་། །དེ་བཞིན་པདྨོ་རང་བཞིན་གཅིག །ཐམས་ཅད་དབང་བསྐུར་དབང་བསྐུར་ཆེ། །ཡིན་པར་དོན་ཀུན་གྲུབ་པ་གསུངས། །ཞེས་བྱ་བ་ནི། གང་གི་ཚེ་ཆོས་ཀྱི་རྒྱལ་པོ་རྒྱལ་སྲིད་ཐམས་ཅད་ལ་མངའ་བརྙེས་པ་ཉིད་དུ་དབང་བསྐུར་བར་བྱེད་པ་མ་ཡིན་པ་སློབ་མ་གཞན་མཆོག་དང་འབྲིང་དང་ཐ་མ་གང་རུང་བ་ཐམས་ཅད་དབང་བསྐུར་བ་ལ་སངས་རྒྱས་ཀྱི་ཕྱག་རྒྱ་དང་པདྨའི་ཕྱག་རྒྱས་དབང་བསྐུར་བར་བྱ་བ་ཡིན་ཏེ། ཇི་སྐདདུ་རྟོག་པ་བདུན་པར་སློབ་མ་ཐ་མལ་པ་ཐམས་ཅད་དབང་བསྐུར་བར་བསྟན་པའི་སྐབས་ནས། རིན་ཆེན་ངོ་མཚར་ཅི་ལ་བྱ། །དེ་བཞིན་སྣ་ཚོགས་རྒྱན་གྱིས་སྤྲས། །སངས་རྒྱས་པདྨོའི་དབང་བསྐུར་བས། །སློབ་མ་ཐམས་ཅད་དབང་བསྐུར་རོ། །ཞེས་གསུངས་པ་འདི་ཉིད་ཀྱིས་བརྡ་སྦྱར་བར་བྱའོ། །དེ་ལ་རང་བཞིན་གྲུབ་གཅིག་ཅེས་བྱ་བ་དང་། དེ་བཞིན་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་འདི་དག་གི་དོན་དེ་ཉིད་ཀྱི་རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱ་གཅིག་པུ་ཡིན་པ་དེའི་ཕྱིར་རོ། །ཞེའོ། །ཕྱག་རྒྱ་དམ་ཚིག་ཡིན་པར་བཤད། །ཕྱག་རྒྱའང་སྦྱོར་བ་ཡིན་པར་བཤད། །སྦྱོར་བའང་ཕྱག་རྒྱ་ཡིན་པར་བཤད། །ཅེས་བྱ་བ་ནི། དེ་ལ་དམ་ཚིག་ནི་མི་འདའ་བའི་མཚན་ཉིད་ཡིན་ལ། ཕྱག་རྒྱ་ཞེས་བྱ་བའང་མི་འདའ་བའི་མཚན་ཉིད་ཡིན་ཏེ། དེ་བས་ན་འདིར་བདགཉིད་གཅིག་སྟེ། ཕྱག་རྒྱ་ཉིད་དམ་ཚིག་ཡིན་པས་ཕྱག་རྒྱ་ལ་དམ་ཚིག་ཅེས་བཤད་དོ། །ཕྱག་རྒྱ་སྦྱོར་བ་ཡིན་པ་ནི་འདི་ལྟར་ཕྱག་རྒྱ་རྣམས་ལ་ཡིད་འབྱོར་བ་རྣལ་འབྱོར་ཞེས་ཀྱང་བཤད་ན། འདི་གཉིས་ཀྱང་རང་བཞིན་ཐ་དད་པ་མེད་དེ་གང་དུ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གནས་པ་དེ་ཉིད་རྣལ་འབྱོར་ཅེས་བྱ་བ་ཡིན་ལ། དེ་བཞིན་དུ་རྣལ་འབྱོར་གང་ཡིན་པ་དེའང་ཕྱག་རྒྱ་ཡིན་ནོ། །དེ་ལ་སྦྱོར་བའི་བྱེ་བྲག་འདི་དག་ཀྱང་གོང་དུ་རྟོག་པ་གཉིས་པར་བཤད་པ་བཞིན་སྦྱོར་བ་དང་ཉེ་བར་སྦྱོར་བ་དང་རབ་ཏུ་སྦྱོར་བ་དང་རྗེས་སུ་སྦྱོར་བ་དང་ཤིན་ཏུ་སྦྱོར་བ་རྣམས་སུ་བསྟན་པའི་བྱེ་བྲག་དང་། དེ་ལ་ཡང་རབ་ཏུ་སྦྱོར་བ་དང་རྗེས་སུ་སྦྱོར་བ་དང་ཤིན་ཏུ་སྦྱོར་བ་རྣམས་ནི་ཉེ་བར་སྦྱོར་བའི་ཡན་ལག་ཏུ་གྱུར་པ་ཡིན་པར་བཤད་དེ། གཞན་ཡང་གཞུང་འདི་དང་ཆ་མཐུན་པའི་རྣལ་འབྱོར་གྱི་རྒྱུད་གཞན་ལས། སྒྲུབ་པ་དང་རྗེས་སུ་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་དང་ཉེ་བར་སྒྲུབ་པ་དང་། ཤིན་ཏུ་སྒྲུབ་པ་དང་ལྔ་གསུངས་པ་ལ་སོགས་པ་གོང་དུ་རྒྱས་པར་བཤད་པས་དེ་ཉིད་འདིར་ཡང་སྦྱར་བར་བྱའོ། །ཁྲག་ནི་མེ་ཏོག་ཡིན་པར་བཤད། །ཅེས་བྱ་བ་ལ་སོགས་པ་ནི་སྦས་པའི་བརྡ་ཞེས་ཀྱང་གྲགས་སྟེ། བརྡ་ཐམས་ཅད་ཀྱང་སྦས་པ་ཡིན་མོད་ཀྱི་གསང་བའི་རྫས་རྣམས་ཁྱད་པར་དུ་གསང་བར་བྱ་བར་བསྟན་པའོ། །བདུད་རྩི་ལམ་གྱི་ཡན་ལག་བརྒྱད། །ཅེས་བྱ་བ་ནི་རྫས་བརྒྱད་པོ་འདི་ཉིད་ལ་བྱ་སྟེ། པདྨ་རཀྟ་དང་། མདངས་ལ་སོགས་པ་ར་ས་ཡ་ནའི་རྫས་འདི་རྣམས་ཛ་གད་དཔའ་བོ་དང་སྦྱར་བ་ནི་དམ་ཚིག་གི་རྫས་བདུད་རྩིའི་ལམ་དང་སྒོར་གྱུར་པའི་ཡན་ལག་བརྒྱད་ཡིན་ནོ། །དེ་ལ་ཛ་གད་དཔའ་བོ་ལ་ཡང་རྒྱུ་རང་ཆས་སུ་གྲུབ་པ་རྣམས་ལ་གཅིག་པུ་དཔའ་བོ་ཞེས་བྱའོ། །འབྲས་བུ་ཆེན་པོ་ལྔའི་བརྡ་བསྟན་པ་ལས་འདིར་ཆོས་ཀྱི་འབྲས་བུ་ལྔར་བཤད་དེ། ཨ་མྲ་སྨིན་པ་གྲོལ་བར་བཤད། །དེ་བཞིན་བདེ་བར་ཉལ་བ་དང་། །བདེ་བས་རབ་ཏུ་རྨོངས་པ་དག །ཅེས་བྱ་བ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལ་གནས་ཏེ། རྣམ་པར་མི་རྟོག་པ་ནི་གྲོལ་བ་སྟེ་ཨ་མྲའོ། །འབྲས་བུ་ཆེན་པོ་ས་ན་ཡ། །ཞེས་པ་ནི། དེའི་འབྲས་བུ་ཆེན་པོ་ནི་ཆོས་ཀྱི་སྐུའོ། །རྒུན་འབྲུམ་ཁུ་བ་ཁུ་བའི་མཆོག །ཅེས་པ་ནི། བཅུད་ཐམས་ཅད་ཀྱི་མཆོག་ནི་བྱང་ཆུབ་ཀྱི་སེམས་གདོད་མ་ནས་དག་པ་སྟེ། དེ་ནི་ཆོས་ཀུན་གྱི་བཅུད་དམ་པའོ། །ན་ལེ་གེ་རེ་དངོས་གྲུབ་ཆེ། །ཞེས་བྱ་བ་ནི་དངོས་གྲུབ་ཆེན་པོའི་བྱེ་བྲག་ཐམས་ཅད་དོ། །དམ་ཆོས་འབྲས་བུ་ཨ་རུ་ཀ། །ཞེས་བྱ་བ་ནི། དམ་པའི་ཆོས་ལ་མངའ་བརྙེས་པའི་དངོས་གྲུབ་བོ། དེ་ལྟར་ན་འབྲས་བུ་ལྔ་པོ་འདི་ནི་བདུད་རྩིའི་འབྲས་བུར་བསྟན་པ་ཡིན་ལ། ཡན་ལག་བརྒྱད་ནི་བདུད་རྩིའི་ལམ་དང་རྒྱུ་བསྟན་པ་ཡིན་ཏེ། དེ་བས་ན་ཡན་ལག་བརྒྱད་ཀྱི་རྫས་ལ་བརྟེན་ཏེ་བསྒྲུབ་པས་འབྲས་བུ་རྣམ་པ་ལྔ་འཐོབ་ཅེས་ཤེས་པར་བྱའོ། །དེ་ཞེས་བྱ་བ་མཁའ་འགྲོ་ཡི། །ཁམས་གསུམ་འདི་ནི་རྣམ་པར་བརྟགས། །ནམ་མཁར་འགྲོ་བའི་ཕྱག་རྒྱ་དག །མཁའ་འགྲོ་ཞེས་ནི་རབ་ཏུ་གྲགས། །ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བསྟན་པ་བཞིན་དུ་ཡི་གེ་ཌ་དང་དེའི་སྒྲ་དག་མཁའ་འགྲོའི་སྒྲར་འཇིག་རྟེན་དུ་གྲགས་ཏེ། ནམ་མཁར་འགྲོ་བའི་ཕྱག་རྒྱ་གང་ཡིན་པ་དེ་མཁའ་འགྲོ་ཞེས་གྲགས་སོ། །དེ་ལས་འདིར། ཀུན་ཏུ་སྣ་ཚོགས་ཕྱག་རྒྱ་ནི། །ཐམས་ཅད་ནམ་མཁའ་འགྲོ་བ་སྟེ། །ཞེས་ཏེ། ཀུན་ཏུ་སྣ་ཚོགས་ནི་དཔལ་རྡོ་རྗེ་སེམས་དཔའོ། །དེའི་ཕྱགརྒྱ་ཐམས་ཅད་མཁའ་འགྲོ་ཡིན་ཏེ། དེ་ལ་འདི་སྐད་དུ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་ཞེས་བྱའོ། །སྒྱུ་མའི་གར་དབང་གྲུབ་པ་ནི། །ཨརལླི་ཞེས་མིང་དུ་བཏགས། །ཞེས་བྱ་བ་ནི། ཆོས་སྒྱུ་མ་ལ་མངའ་བརྙེས་ཏེ་གཞི་མེད་པ་སྤྲུལ་པ་དང་། ཡོད་པ་གཞན་དུ་སྒྱུར་བ་དང་། སྣང་བ་དག་མི་སྣང་བ་བྱ་བ་དང་། མི་སྣང་བ་སྣང་བར་སྟོན་པ་དང་། རྟེན་མེད་པར་གཟུགས་མི་ལྷུང་བ་དང་། གཟུགས་ཀྱིས་གཟུགས་མི་ཟིན་པ་དང་། དུས་གཅིག་ཏུ་གནས་ཀུན་ཏུ་ཕྱིན་པ་ལ་སོགས་པ་གྲུབ་པ་ལ་ཨ་རལླི་ཞེས་བཏགས་སོ། །མཁའ་འགྲོ་མ་ཡང་ཨ་རལླི། །ཞེས་བྱ་བ་ནི། ཌཱ་ཀི་ནི་ཞེས་བྱ་བ་དང་། ཨ་རལླི་ཞེས་བྱ་བ་འདྲ་སྟེ། ཌཱ་ཀི་ནི་ཞེས་བྱ་བ་ཡང་ཨ་རལླིའི་དོན་དེ་ལྟ་བུ་གྲུབ་པའོ། །དེ་བས་ན་སྒྱུ་མ་ཐམས་ཅད་ལ་མངའ་བརྙེས་པ་སྣ་ཚོགས་ཐམས་ཅད་ཀྱི་གར་གྱི་དབང་ཕྱུག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཡང་རྡོ་རྗེ་ཨ་རལ་ཞེས་བཤད་དོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག །དམ་ཚིག་གསུམ་གྱི་དམ་པ་ཡིན། །ཞེས་པ་ནི། དམ་ཚིག་གསུམ་ནི་སྐུ་གསུངས་ཐུགས་ཏེ། དེའི་ཕྱག་རྒྱ་ནི་རྡོ་རྗེ་དྲིལ་བུའོ། །དམ་ཚིག་གསུམ་གྱི་སྙིང་པོ་ནི་ཨོཾ་བྷུ་ཁཾ་རྣམས་སོ། །ཐམས་ཅད་མཁྱེན་པར་གྱུར་པ་དང་། །དེ་བཞིན་བདེ་བར་མཁྱེན་པ་ནི། །ཨོཾ་སརྦ་བིད་ཅེས་བཤད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བརྡ་སྟོན་པ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ཡུལ་ཅན་གྱི་སྒོ་ནས་ཀུན་རིག་ཅེས་བསྟན་པའོ། །ཀོ་ཊ་ཀྵ་ཀོ་ཊ་བ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་འཛིན་པ་ཧེ་རུ་ཀའི་བརྡ་སྟེ། དེ་ལ་འདི་ནི་མིང་བཅུ་པ་ཞེས་བྱ་བ་དཔལ་ཕྱག་ན་རྡོ་རྗེ་ལ་གནོད་སྦྱིན་གྱི་སྐད་ཀྱིས་བསྟོད་པ་སྟེ། ཡི་གེ་འདི་དག་གི་སྒྲ་ནི་འཇིག་རྟེན་ཐ་མལ་པའི་སྒྲ་དང་ཐུན་མོང་མ་ཡིན་ཞིང་། ཀུན་གྱིས་རིག་པར་དཀའ་བ། དོན་ཟབ་པ། དོན་རྒྱ་ཆེ་བ། སྒྲ་ཡན་ལག་མང་བ་ལ་འཇུག་པ་སྟེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ཏནྟྲ་ལས་གསུངས་པའི་མིང་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་དང་། རླུང་བཅུ་ལ་སོགས་པ་བརྡ་ཐ་དད་དུ་བསྟན་པ་རྣམས་ཀྱི་གཞི་གྱུར་པའོ། །མཚན་འདི་བརྗོད་པའི་ཡོན་ཏན་ནི། ཡུལ་དང་དབང་པོར་བཅས་པའང་ཕྱག་ན་རྡོ་རྗེའི་རང་བཞིན་དུ་གྱུར་ལ། རྡོ་རྗེ་མཚོན་ཆ་བོ་དི་དང་། །དགྲ་བོ་དག་ཏུ་རབ་གྲགས་པ། །དེ་ཡི་ཕྱག་རྒྱ་རྡོ་རྗེར་འགྱུར། །ཞེས་ཏེ། དགྲ་བོ་ཉིད་ཀྱང་རང་གི་ཕྱག་རྒྱ་རྡོ་རྗེར་འགྱུར་ལ། འཇིག་རྟེན་དག་ན་རྡོ་རྗེའི་མཚོན་ཆ་གང་དག་ཡོད་པར་དེ་དག་ཐམས་ཅད་ཀྱང་དེའི་རང་གི་ཕྱག་རྒྱ་རྡོ་རྗེར་འགྱུར། །ཞེས་བྱ་བའི་དོན་ཏོ། །ལག་ན་རྡོ་རྗེ་ཞེས་ཀྱང་བྱ། །ཞེས་པ་ནི་མིང་གི་རྣམ་གྲངས་ཏེ། འདི་ལྟར། བཛྲ་པཱ་ཎི་ཞེས་བྱ་བར་མ་ཟད་ཀྱི་བ་ཏི་ར་བ་ན་ཞེས་ཀྱང་བྱ། ཡཀྵ་ཞེས་ཀྱང་བྱའོ། །དེ་ལ་ཡཀྵ་ནི་ཡ་ད་ཀིཉྩ་ཏྐཱ་ཡ་ཡཀྵ་ཞེས་བྱ་སྟེ། གང་སུ་ཡང་རུང་བ་ཟད་པས་གང་ཟད་ཅེས་བྱ་སྟེ། དེ་ལས་འདིར་ཉོན་མོངས་པ་གང་སུ་ཡང་རུང་བ་དང་། དགྲ་གང་སུ་ཡང་རུང་བ་ཟད་པས་ཡཀྵ་ཞེས་བྱའོ། །ཡཀྵའི་སྒྲ་གཞན་དུ་བཤད་པ་ནི། གནོད་པ་བྱེད་པ་དང་སྦྱིན་པ་བྱེད་པས་གནོད་སྦྱིན་ཞེས་བྱ་སྟེ། རྒྱུད་ཁྲོ་བ་དང་ནོར་ལ་དབང་ཐོབ་པའོ། །ཧེ་རུ་དཔལ་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པ་ནི། ཕྱག་ན་རྡོ་རྗེ་དེ་ཉིད་དཔལ་ཧེ་རུ་ཀར་སྤྲུལ་པ་སྟེ། དེ་ཡང་རྡོ་རྗེ་འབར་བ་རབ་ཏུ་འཇིགས། །ཁ་ཊྭཱཾ་ག་ཡང་རྒྱལ་མཚན་ཆེ། །ཐོད་པ་ཁམ་ཕོར་པདྨོ་སྣོད། །ཁྲག་ཆེན་དང་ནི་སྦྲང་རྩི་ཆེ། །ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་ཕྱག་བཞིའི་ཕྱག་མཚན་བཞིའོ། །དཀར་མོ་རྐུན་བྱེད་རབ་རྨོངས་དང་། །ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རྒྱས་འདེབས་མ་དང་སྙིང་འདྲེན་མ་ལ་སོགས་པའི་མིང་དུ་གྲགས་པ་དེ་འདིར་གོའུ་རི་དང་ཙོའུ་རི་ལ་སོགས་པར་བསྟན་ཏོ། །ལྷ་མོ་བདུན་དུ་བསྟན་པ་ནི། ལྷ་མོ་སྨ་ཤ་ནི་ཡུམ་ཀྲོ་དྷཱི་ཤྭ་རཱིར་བསྟན་པའོ། །སྲུངས་ཤིག་ཅེས་བྱ་བ་ལ་སོགས་པ་ནི་ལྷ་མོ་རྣམས་ཀྱི་ལས་སོ། །རྒྱལ་པོ་སྤྱན་རས་གཟིགས་དབང་ཕྱུག །ཅེས་བྱ་བ་ལ་སོགས་པ་ནི་པདྨ་རིགས་ལྷ་མོ་དང་བཅས་པའི་བརྡའོ། །ནམ་མཁའི་སྙིང་པོ་ཐམས་ཅད་ཕྱོགས། །ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་རྡོ་རྗེ་ཉི་མའི་འོ། །སྣ་ཚོགས་པདྨོ་ཐམས་ཅད་སྤྱན ། ཞེས་བྱ་བ་ལ་སོགས་པ་ནི་རྟ་མཆོག་གིའོ། །བརྡའི་ཕྱག་རྒྱ་འདི་རྣམས་ཞེས་བྱ་བ་ལ་སོགས་པ་ནི་བརྡའི་ཡོན་ཏན་ནོ། །བརྡ་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་ཡེ་ཤེས་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་ལ་རྗེས་སུ་ཆགས་པར་བྱའོ་ཞེས་ཆ་ལུགས་ཤེས་པ་བཞིན་བྱེད་ཅིང་། །ཞེས་བྱ་བ་ལ་སོགས་པ་རྗེས་སུ་བྱ་བ་དྲུག་གི་སྒོ་ནས་རང་གི་ལྷའི་དོན་དང་མཐུན་པར་དམ་བཅས་ཏེ། རང་གི་ལྷའི་ཆ་ལུགས་སྐུ་གསུང་ཐུགས་ཀྱི་མཚན་ཉིད་རྣམས་ཇི་ལྟར་རྟོགས་ཤིང་ཤེས་པ་དེ་བཞིན་དུ་རྗེས་སུ་བྱེད་ཅིང་བསྒྲུབ་པ་འདི་ནི་འདིའི་རང་གི་ངོ་བོ་སྟེ། ཇི་ལྟར་ཤེས་བཞིན་དམ་བཅའ་བ་དང་། ཤེས་བཞིན་བྱེད་པས་ཡེ་ཤེས་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བཤད་དོ། །གང་གི་ཡིན་པ་ནི་རིགས་དྲུག་གིའོ། །གང་དུ་སྦྱར་བར་བྱ་བ་ནི་རང་གི་ལྷ་བསྒྲུབ་པར་བྱ་བ་ཐམས་ཅད་ལ་ཡང་ལྷ་ཇི་ལྟ་བ་དེ་བཞིན་དུ་བྱ་བར་དམ་བཅའ་བའི་སྙིང་སྟོབས་ཆེན་པོ་བཅས་ཏེ། དེ་ནས་དེ་བཞིན་དུ་སྒྲུབ་པར་བྱེད་པས་གྲུབ་པར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། བླ་མེད་བྱང་ཆུབ་བསྒྲུབ་པ་ནི། །དམ་བཅས་རྣམས་དང་སེམས་ཀྱིས་སོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་རིགས་དྲུག་པོ་སོ་སོའི་ཡེ་ཤེས་ནི་དཔལ་རྡོ་རྗེ་སེམས་དཔའ་ནི་རྗེས་སུ་ཆགས་པར་བྱའོ་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའི་ཡེ་ཤེས་ནི་ཆགས་པ་ཆེན་པོའོ། །དེ་ཇི་ལྟ་བ་བཞིན་དུ། བདག་གིས་རྗེས་སུ་ཆགས་པར་བྱའོ་ཞེས་དམ་བཅས་ནས་དེ་བཞིན་དུ་རྗེས་སུ་བྱེད་པ་ནི་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་ཏེ། དེ་ལ་རྗེས་སུ་ཆུད་པར་བྱའོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་ནི་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའི་མཚན་ཉིད་དེ། དེ་བཞིན་དུ་བདག་གིས་ཀྱང་རྗེས་སུ་ཆུད་པར་བྱའོ། །ཞེས་དམ་བཅའ་སྟེ་རྗེས་སུ་བསྒྲུབ་པ་ནི་དེའི་ཕྱག་རྒྱའོ། །རྗེས་སུ་སྦྱོར་བར་བྱའོ་ཞེས་བྱ་བ་ནི་ཧེ་རུ་ཀའི་སྟེ། ཧེ་རུ་ཀའི་ཡེ་ཤེས་ནི་སྤྱོད་པའི་མཆོག་གི་མཚན་ཉིད་དེ། ཐབས་དང་ཤེས་རབ་མི་གཉིས་པའི་རྣལ་འབྱོར་རོ། །དེ་བས་ན་དཔལ་ཧེ་རུ་ཀ་ནི་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་ཞེས་གསུངས་པའི་ཕྱིར། རྗེས་སུ་སྦྱོར་བའི་ཡེ་ཤེས་སོ། །དེ་བཞིན་དུ་བདག་གིས་ཀྱང་རྗེས་སུ་སྦྱར་བར་བྱའོ། །ཞེས་དམ་བཅའ་སྟེ་རྗེས་སུ་བསྒྲུབ་པ་དེའི་ཕྱག་རྒྱའོ། །རྗེས་སུ་སྦྱར་བར་བྱའོ་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་སྟེ། རྡོ་རྗེ་ཆོས་ཀྱི་ཡེ་ཤེས་ནི་དག་པའི་ཆོས་ཀྱི་མཚན་ཉིད་དོ། །དེ་བཞིན་དུ་བདག་གིས་ཀྱང་རྗེས་སུ་སྦྱར་བར་བྱའོ་ཞེས་དམ་བཅས་ཏེ་དེ་བཞིན་ཏུ་བསྒྲུབ་པ་ནི་དེའི་ཕྱག་རྒྱའོ། །རྗེས་སུ་ཡི་རང་བྱའོ། །ཞེས་པ་ནི། རྡོ་རྗེ་ཉི་མའི་སྟེ་རིན་པོ་ཆེའི་རིགས་ཀྱི་ཡེ་ཤེས་ནི་འབྱོར་པ་ཕུན་སུམ་ཚོགས་པས་ཐམས་ཅད་ཀྱི་རེ་བ་སྐོངས་ཤིང་ཡི་རང་བར་བྱེད་པ་སྟེ། དེ་བཞིན་བདག་གིས་ཀྱང་རྗེས་སུ་ཡི་རང་བར་བྱའོ་ཞེས་དམ་བཅས་ཏེ་སྒྲུབ་པར་བྱེད་པ་ནི་དེའི་ཕྱག་རྒྱའོ། །རྗེས་སུ་གཞོམ་པར་བྱའོ་ཞེས་པ་ནི་དཔལ་རྟ་མཆོག་གི་སྟེ། རྟ་མཆོག་གི་ཡེ་ཤེས་ནི་བརྟུལ་ཕོད་པའི་ལས་ཀྱིས་འཇོམས་པར་བྱེད་པ་སྟེ། དེ་བཞིན་དུ་བདག་གིས་ཀྱང་རྗེས་སུ་གཞོམ་པར་བྱའོ་ཞེས་དམ་བཅས་ནས་་དཔལ་རྟ་མཆོག་གི་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་དེ་བཞིན་དུ་རྗེས་སུ་བྱ་སྟེ། བསྒྲུབ་ནས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་རྣམ་པར་ཤེས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏོ། དེ་ལ་འདིའི་རང་གི་ངོ་བོ་ནི། པྲ་སེ་ནའི་དངོས་གྲུབ་བོ། །འདིའི་རིགས་གང་གི་ཡིན་པ་ནི་དཔལ་རྡོ་རྗེ་སེམས་དཔའི་སྟེ། འདིར་རིགས་ཐམས་ཅད་ཀྱི་རྣམ་པར་ཤེས་པའི་ཕྱག་རྒྱ་ནི་མ་བཤད་ཀྱི་དཔལ་རྡོ་རྗེ་སེམས་དཔའ་ཉིད་དང་དེའི་ཁྱད་པར་ལས་རྡོ་རྗེ་ཆོས་ལྡན་པའི་ཆོས་ལ་མངའ་བརྙེས་པ་ཡིན་པས། །དེའི་ཕྱག་རྒྱ་པྲ་སེ་ན་མཐོང་བར་བཤད་དོ། །འདིར་གང་དུ་སྦྱར་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་དགོས་དོན་ཆེ་ཕྲ་ཐམས་ཅད་མཐོང་བར་འདོད་པ་ལ་སྦྱར་རོ། །ད་ནི་ཐམས་ཅད་བསྲུང་བ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། འདི་ནི་སངས་རྒྱས་ཀྱི་མཛད་པའི་ཕྲིན་ལས་ཀྱི་བདག་ཉིད་དངོས་གྲུབ་ཕྲན་ཚེགས་ལ་སྦྱར་བའོ། །འདི་ཡང་རིགས་དྲུག་གི་བསྲུང་བ་སྟེ་དེ་ལ་རྡོ་རྗེ་ཐལ་ཆེན་གྱི་བསྲུང་བ་དང་། བདུད་རྩི་ཆུའི་བསྲུང་བ་དང་། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་ཉུང་དཀར་རྒྱལ་པོའི་བསྲུང་བ་དང་། ཕྱག་རྒྱའི་ལྟ་སྟངས་ཀྱི་བསྲུང་བ་དང་། གསང་བའི་སྦྱོར་བའི་བསྲུང་བ་རྣམས་ནི་དཔལ་རྡོ་རྗེ་སེམས་དཔའི་བསྲུང་བར་གསུངས་ཏེ། འདི་ནི་སྤྱི་དང་ས་འཛིན་ཙམ་སྟེ་རིགས་ཐམས་ཅད་ལ་ཡང་ཚང་བར་སྦྱར་བར་བྱའོ། །རིགས་སོ་སོ་རང་རང་གི་ཕྱག་རྒྱའི་བསྲུང་བ་རྣམས་ནི་དཀྱུས་ཉིད་ལས་གསལ་བར་སྨོས་ཏེ་སོ་སོར་སྦྱར་མི་དགོས་སོ། །ད་ནི་ཐམས་ཅད་གསོ་བྱེད་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། འདི་ཡང་སྔ་མ་བཞིན་ཏེ། ཁྱད་པར་ནི་གསོ་བའི་ཆོ་ག་གཙོར་བྱས་པའོ། །གང་གི་ཡིན་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཕྱག་རྒྱ་སྟེ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་དང་། ཧེ་རུ་ཀའི་ཁྲོ་གཉེར་གྱི་ཕྱག་རྒྱ་འབྱུང་བའང་རིགས་ཀྱི་དབང་དུ་གསུངས་པ་མ་ཡིན་ཏེ། བསྲུང་བའི་ཕྱག་རྒྱ་ཙམ་དུ་སྨོས་པར་ཟད་དོ། །དེ་ལ་དུག་གསོ་བའི་སྐབས་སུ། འབར་དང་འདུལ་དང་བཅིང་བ་དང་། །བཟའ་བས་དུག་རྣམས་མེད་པར་བྱེད། །ཅེས་བྱ་བ་ནི་དུག་གི་ལས་བཞི་སྟེ། འདི་ལྟར་འབར་བས་དུག་མེད་པརབྱ་བ་དང་། འདུལ་བས་དུག་མེད་པར་བྱ་བ་དང་། འཆིང་བས་དུག་མེད་པར་བྱ་བ་དང་། ཟ་བས་དུག་མེད་པར་བྱ་བའོ། །དེ་ལ་འབར་བས་དུག་འཇིལ་བ་ནི་བལྟ་བ་ཙམ་གྱིས་སོ། །འདུལ་བས་དུག་འཇིལ་བ་ནི་རིགས་སྔགས་སྨྲས་པ་ཙམ་གྱིས་སོ། །འཆིང་བས་དུག་འཇིལ་བ་ནི། ཕྱག་རྒྱས་བྱབ་བས་སོ། །ཟོས་པས་དུག་འཇིལ་བ་ནི། ཟོས་པས་མེད་པར་བྱེད་པའོ། །དུག་གི་རིགས་ཀྱང་འདི་བཞི་སྟེ། དུག་ཁ་ཅིག་ནི་བདག་གཞན་གྱིས་མཐོང་བས་འཛིན་ཏོ། །ཁ་ཅིག་ནི་ཁ་རླུངས་ཕོག་པས་འཛིན་ཏོ། །ཁ་ཅིག་ནི་རེག་པས་འཛིན་ཏོ། །ཁ་ཅིག་ནི་མཆེ་བས་ཕུག་ཅིང་རྨ་སྲོལ་དོད་པས་འཛིན་ཏོ། །དུག་རྣམ་པ་བཞི་པོ་འདི་ནི་འདི་དག་ལ་དབང་བྱེད་པའི་ཀླུ་ཆེན་པོ་རྣམས་ཀྱི་མཚན་ཉིད་ཀྱང་ཡིན་ནོ་ཞེས་འབྱུང་ངོ་། །གཞན་ཡང་ཐབས་ཀྱི་ཚུལ་ཡང་ཡིན་ཏེ་འབར་བས་སྲེག་གོ །འདུལ་བས་རྣམ་པ་གཞན་དུ་འགྱུར་རོ། །འཆིང་བས་མཐུ་མེད་པར་གནོན་ཏོ། །ཟ་བས་མི་སྣང་བར་བྱེད་དོ། །དུག་གི་ལས་བཞི་པོ་དེ་དག་ཀྱང་གང་གིས་བྱེད་ཅེ་ན། འབར་བའི་ཚུལ་སྟོན་འབེབས་བཅས་པས། །ཞེས་གསུངས་ཏེ། དེ་ལ་འོད་ཟེར་འབར་བ་དང་བདུད་རྩི་འབེབས་པ་གཉིས་སུ་བཅས་པས་དུག་དབྱུང་བར་བྱའོ་ཞེས་པའི་དོན་ཏོ། །དེ་གང་ལས་ཤེ་ན། གཡས་པ་ཡི་ནི་ལག་པ་ཡིས། །ཀླུ་ཡི་གདེངས་ཀ་ལྟ་བུར་བྱ། །ཞེས་ཏེ། གདེངས་ཀའི་ཕྱག་རྒྱ་ལས་འོད་ཟེར་འབར་བ་བྱུང་བས་དུག་བསྲེག་ཅིང་བདུད་རྩི་བབས་པས་གསོ་ཞེས་བྱ་བའི་དོན་ཏོ། །ད་ནི་མཚོན་ཆ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། འདི་ཡང་མཚོན་ཆའི་ཐབས་དེ་དག་ཉིད་མནན་པ་དང་བཟློག་པ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་སྟེ། རང་གི་ལྷའི་ཏིང་ངེ་འཛིན་དུ་གནས་ནས་ཕྱག་རྒྱ་འདི་དག་གཟུང་ཡང་རུང་མ་གཟུང་ཡང་རུང་སྟེ། ཐབས་འདི་ལྟར་བྱེད་པས་ཇི་ལྟར་འདོད་པ་བཞིན་དུ་བཟློག་པ་དང་མནན་པ་དང་དབྲོག་པ་ལ་སོགས་པའི་བྱ་བ་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །དེ་ལ། ཕྱག་རྒྱ་ལྔ་ལ་རབ་ཏུ་གནས། །ཞེས་བྱ་བ་ནི་དགྲ་ཆ་ལྔ་ཉིད་ཕྱག་རྒྱ་ཡིན་པའི་དོན་ཏོ། །འབིགས་པ་བཅུ་ཡི་རྒྱ་མཆོག་གིས། །ཞེས་བྱ་བ་ནི་མདའི་ཐབས་ཀྱི་ཕྱག་རྒྱ་བཅུ་སྟེ། དེ་ཡང་། དབྱིབས་དང་བདེ་བླག་སྦྱོར་བ་དང་། །ཀུན་ཏུ་སྦྱོར་དང་འདྲེན་དང་མྱུར། །འགེངས་དང་འཕེན་དང་གསལ་བའོ། །ཞེས་སྨོས་པ། རང་གི་ཐབས་དགུ་དང་སྤྱིའི་སྟབས། གྲུ་བཞི་པ་ལ་རྣོ་བ་དང་། དེ་བཞིན་ཀུན་ནས་བསྐོར་བར་བྱ། །གཡས་ཕྱོགས་ནས་ནི་མདའ་བསྐོར་ནས། །སྨད་དེ་དེ་བཞིན་བསྟོད་པ་དང་། །རྐང་པས་མནན་པ་མིན་པས་གནས། །ཞེས་བྱ་བ་ནི་གོང་མ་ལྟ་བུའི་ཕྱག་རྒྱ་རེ་རེའང་ཀུན་ནས་བསྐོར་བའི་སྟབས་དང་ལྡན་པར་བྱ་སྟེ། དེ་ལྟར་བཅུའི་སྒོ་ནས་སྦྱོར་བར་བྱའོ། །མཚོན་ཆ་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །ད་ནི་ལས་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། འདི་ཡང་རིགས་རྣམ་དྲུག་གི་ལས་ཀྱི་ཕྱག་རྒྱའི་བདག་ཉིད་ཁུ་ཚུར་རྣམ་པ་དྲུག་ཡིན་ནོ། །གང་དུ་སྦྱར་བ་ནི་རིགས་སོ་སོ་རང་རང་གི་ལས་ཀྱི་དངོས་གྲུབ་ལ་སྦྱར་རོ། །འདི་རྣམས་ཀྱི་ངོ་བསྟན་པ་ནི་གོང་དུའང་དྲངས་ཏེ་བཤད་ཟིན་ཏོ། །ད་ནི་དཔལ་རྡོ་རྗེ་རྣོན་པོའི་ཕྱག་རྒྱ་ཞེས་བྱ་བ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་སྟོན་ཏེ། འདིའང་རང་གི་རིགས་ཀྱི་ཕྱག་རྒྱར་གནས་ནས། རྐང་པ་གཡས་གཡོན་བརྐྱང་བསྐུམ་དང་། འདེགས་གནོན་གྱི་སྟབས་ཀྱིས་གང་ནན་པར་འདོད་པའི་གཟུགས་བརྙན་མནན་པའམ། བསམས་ཀྱང་རུང་སྟེ། མནན་ན་ཐམས་ཅད་མནན་པར་འགྱུར། བདག་གི་ལོངས་སྤྱོད་དུ་ཉེ་བར་སྤྱོད་དོ། །ཞེས་པའི་དོན་ཏོ། །དེ་ལ་འདིར་དཔལ་རྡོ་རྗོ་སེམས་དཔའི་སྦྱོར་བས་རིགས་ལྔའི་སངས་རྒྱས་མནན་ནས་དེའི་ཡུམ་རྣམས་ཕྲོགས་ཏེ་སྤྱད་པར་གསུང་པའང་ཡོན་ཏན་གྱི་ཆེ་བ་སྤྱོས་པའང་ཡིན་ལ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མཚན་ཉིད་ཀྱང་ཡིན་ནོ། །བྱང་ཆུབ་ཕ་རོལ་ཕྱིན་པ་དང་། །གྲུབ་དང་གཟུངས་དང་ས་རྣམས་དང་། །རིགས་དང་ཕྱག་རྒྱ་རྣམས་མནན་ནས། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡུམ་ཐམས་ཅད་ལ་སྤྱོད་པ་སྟེ། དེ་ལ་བྱང་ཆུབ་ནི་ཆོས་ཀྱི་སྐུ་མྱ་ངན་ལས་འདས་པའི་མཚན་ཉིད་དོ། །དེ་ཡང་མོའི་རྟགས་ཀྱིས་བསྟན་ལ། དེ་ཉིད་ཐབས་ལ་མཁས་པའི་རྒྱལ་བས་མཚན་མའི་ཕྱག་རྒྱར་བསྟན་པའང་ཡུམ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་ལྷ་མོའི་སྐུར་བསྟན་ཏེ་དེ་དག་ཀྱང་རྩལ་གྱིས་མནན་ཏེ་བདག་གི་ལོངས་སྤྱོད་དུ་སྤྱོད་དོ། །ཞེས་སྦྱར་རོ། །ཕ་རོལ་ཕྱིན་པ་དང་ཞེས་བྱ་བ་ནི་ཤེས་རབ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་ནི་ལམ་དང་འབྲས་བུའི་ཆོས་ཀྱི་མཚན་ཉིད་དེ། འདིའང་མོའི་རྟགས་ཀྱིས་བསྟན་ལ། དེ་ཉིད་ཐབས་ལ་མཁས་པས་མཚན་མའི་ཕྱག་རྒྱར་བསྟན་པའང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ལྷ་མོ་རྣམས་སུ་བསྟན་ཏོ། །གྲུབ་དང་ཞེས་བྱ་བ་ནིདངོས་གྲུབ་ནི་ཐོབ་པར་བྱ་བའི་ཆོས་འབྲས་བུའི་མཚན་ཉིད་དེ་དེ་ཡང་མོའི་རྟགས་ཀྱིས་བསྟན་ལ། དེའི་མཚན་མའི་ཕྱག་རྒྱ་ལ་ལྷ་མོའི་སྐུར་འབྱུང་སྟེ། གཞུང་སོ་སོ་དག་ནས་གྲགས་པའི་གྲུབ་པའི་ལྷ་མོ་རྣམས་སོ། །གཟུངས་དང་ཞེས་བྱ་བ་ནི་ཚིག་གི་གཟུངས་དང་དོན་གྱི་གཟུངས་ལ་སོགས་པ་ལམ་དང་འབྲས་བུའི་ཆོས་ཏེ། དེ་དག་ཀྱང་མོའི་རྟགས་ཀྱིས་སྟོན་ཅིང་ལྷ་མོའི་སྐུར་བསྟན་པ་གཟུངས་ཀྱི་ལྷ་མོ་རྣམས་སོ། །ས་རྣམས་ཞེས་བྱ་བ་ནི་རབ་ཏུ་དགའ་བ་དང་དྲི་མ་མེད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ས་ནས་སངས་རྒྱས་ཀྱི་སའི་བར་དག་སྟེ། དེ་དག་ཀྱང་མོའི་རྟགས་ཀྱིས་བསྟན་ཅིང་དེ་ཉིད་ཐབས་ལ་མཁས་པས་མཚན་མའི་གཟུགས་སུ་བསྟན་པའང་ཡུམ་ཆེན་མོ་རབ་ཏུ་དགའ་མ་དང་། དྲི་མ་མེད་མ་ལ་སོགས་པ་རྣམས་ཀྱི་ལྷ་མོ་རྣམས་སོ། །རིག་དང་ཞེས་བྱ་བ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་མཚན་ཉིད་རིག་སྔགས་ཏེ། དེའང་མོའི་རྟགསཀྱིས་བསྟན་ཅིང་ལྷ་མོའི་སྐུར་སྣང་བའི་རིག་སྔགས་ཀྱི་ལྷ་མོ་རྣམས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི་རྒྱས་འདེབས་པ་དང་མཉེས་པར་བྱེད་པའི་བདག་་ཉིད་དེ་དེའང་མོའི་རྟགས་ཀྱིས་བསྟན་ཅིང་ལྷ་མོའི་སྐུར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་ལ་སོགས་པའོ། །དེ་དག་ལ་སོགས་པའི་ལྷ་མོ་རྣམས་ལའང་སྤྱོད་ཅིང་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་ལ་སོགས་པ་མནན་ནས་དེ་དག་གི་ལོངས་སྤྱོད་རྣམས་འཕྲོག་ཏེ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ཐ་མ་དངོས་གྲུབ་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོན་ཏེ། འདིའང་རིགས་སོ་སོའི་དམ་ཚིག་གི་ཕྱག་རྒྱའི་ཚུལ་གྱིས་རང་གི་དངོས་གྲུབ་ལ་སྦྱར་བའོ། །དེ་ཡང་རིགས་དྲུག་གི་ཕྱག་རྒྱ་སྟེ། དེ་ལ། ཁུ་ཚུར་སྙིང་གར་བཅངས་པ་ནི། །བུད་མེད་ཕྱག་རྒྱར་དེ་བཤད་དེ། །ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆགས་པ་ཆེན་པོའི་དངོས་གྲུབ་ལ་སྦྱོར་བའི་ཕྱག་རྒྱའོ། །དཔལ་ལྡན་པདྨ་སྣ་ཚོགས་འཛིན། །ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ཀྱི་དངོས་གྲུབ་ཀྱི་ཕྱག་རྒྱ་སྟེ། གཡོན་པ་བཏེག་པའི་ཁུ་ཚུར་གྱིས་སྣ་ཚོགས་པདྨོ་གཟུང་སྟེ། ཁུ་ཚུར་གཡས་པ་བསྒྲེང་བའོ། །གཡོན་པ་དྲིལ་བུ་སྒྲ་སྒྲོགས་ཤིང་། །ཞེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀའི་སྒྱུ་མའི་དབང་ཕྱུག་གི་ཕྱག་རྒྱའོ། །ལག་པ་གཡོན་པ་བརླ་ལ་བཞག །ཅེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཆོས་ཀྱི་དྲི་མ་ཐམས་ཅད་སེལ་བའི་ཕྱག་རྒྱའོ། །བདག་གི་སྙིང་གར་འདྲེན་ཚུལ་དུ། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཉི་མའི་རེ་བ་སྐོང་བའི་ཕྱག་རྒྱའོ། །བདག་གི་སྙིང་ཁར་འདྲེན་ཚུལ་དུ། །པད་མོ་སྣ་ཚོགས་དམ་པ་འཛིན། །ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྟ་མཆོག་གི་དབང་ཕྱུག་དམ་པའི་ཕྱག་རྒྱའོ། །སངས་རྒྱས་རྣམ་པར་འཕྲུལ་པ་ཞེས་བྱ་བ། ཀུན་ཏུ་སྣ་ཚོགས་དམ་ཚིག་གི་རྟོག་པ་སྟེ་དགུ་པའོ། །ད་ནི་ཕྱག་རྒྱ་རྣམ་པར་འཕྲུལ་པ་ཀུན་ནས་བསྡུས་པ་བསྟན་པ་རྒྱུད་དེའི་ཕྱི་མ་ལྟ་བུ་ཕྱག་རྒྱ་དགྲོལ་བ་སྒྲུབ་པའི་ཕྱག་རྒྱ་བསྟན་པ་སྟེ། ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་བསྡུས་པ་ཡིན་ཏེ། དེ་ལ་ཕྱག་རྒྱ་དགྲོལ་བ་ཞེས་བྱ་བའང་ཕྱག་རྒྱ་ཆེན་པོ་ཐམས་ཅད་བཅས་པ་བསྡུས་པ་ཡིན་ལ། སྒྲུབ་པའི་ཕྱག་རྒྱའང་དེ་ཉིད་དང་དམ་ཚིག་གི་ཕྱག་རྒྱ་བསྡུས་པ་ཡིན་ནོ། །དེ་བས་ན་འདི་ནི་གང་དག་ཟབ་ཅིང་རྒྱ་ཆེ་བ་ལ་མི་མོས་ཤིང་ཁོ་རེ་ཆུང་བ་རྣམས་ཕྱག་རྒྱ་འདི་ཙམ་ཞིག་ལ་བརྟེན་ཏེ་དཔལ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ་བའི་ཕྱིར་རྟོག་པ་བཅུ་པ་འདི་བསྟན་ཞེས་ཤེས་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། དེ་ནས་ཀུན་ཏུ་སྣ་ཚོགས་འདི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལེའུ་འདིར་གོང་གི་ཕྱག་རྒྱ་ཐམས་ཅད་བསྡུས་པ་གཉིས་གསུངས་པ་ལ། ཕྱག་རྒྱ་ཆེན་པོ་ཐམས་ཅད་བསྡུས་པ་ཕྱག་རྒྱ་ཡོངས་སུ་དགྲོལ་བ་ཞེས་བྱ་བ་དང་། དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་བསྡུས་པ་དཔལ་རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་གཉིས་སོ། །དེ་ལ་ཕྱག་རྒྱ་ཆེན་པོ་བསྡུས་པ་ཕྱག་རྒྱ་དགྲོལ་བ་ནི། སྨིན་མ་མིག་དང་སོ་དང་མཆུ། །ཁ་དང་ལུས་དང་རྐང་ལག་གིས། །ཆ་ལུགས་བཞིན་དུ་གར་བྱེད་པས། །ཕྱག་རྒྱ་ཐམས་ཅད་ཡོངས་སུ་དགྲོལ། །ཞེས་གསུངས་པ་སྟེ། ཡན་ལག་ཐམས་ཅད་ཀྱི་སྒོ་ནས་དཔལ་རྡོ་རྗེ་སེམས་དཔའི་ཆ་ལུགས་ཇི་ལྟ་བ་བཞིན་དུ་བསྒྱུར་བས་དེ་ཉིད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བའོ། །དེ་ལ་ཕྱག་རྒྱ་ཐམས་ཅད་ཡོངས་སུ་དགྲོལ་ཞེས་བྱ་བ་ནི་རྣལ་འབྱོར་སྤྱིའི་རྒྱུད་ཁ་ཅིག་ལས་ཕྱག་རྒྱ་དགྲོལ་བ་རྣལ་འབྱོར་པའི་ཁྲུས་ཀྱི་ཆོ་གར་བཤད་དེ། དང་པོར་རྣམ་པར་སྨིན་པའི་ལུས་ལ་ལྷའི་མཚན་ཉིད་ཀྱི་ཕྱག་རྒྱས་བཏབ་སྟེ་རང་གི་བྱ་བ་ལ་སྦྱར་ནས། དེ་ནས་བག་མེད་པ་ལ་སོགས་པའི་དྲི་མས་མི་གོས་པར་བྱ་བའི་ཕྱིར་ཕྱག་རྒྱ་དེ་རྣམས་རང་རང་གི་འབྱུང་གནས་སུ་དགྲོལ་བ་བཤད་པའང་ཡོད་ན་འདིར་དེ་ལྟ་བུའི་དགོས་པ་མ་ཡིན་ཏེ། དེ་བས་ན་འདིར་ཡོངས་སུ་དགྲོལ་བ་ཞེས་པ་ནི་ཕྱག་རྒྱའི་ལས་ཉིད་བསྟན་པ་སྟེ། འདི་ལྟར་ཕྱག་རྒྱའི་ལས་ཀྱི་སྒོ་ནས་ངེས་པའི་ཚིག་སྟོན་པ་ན། མུ་དྲ་ཞེས་བྱ་བའི་ཡི་གེའི་སྒྲ་ལས་འདེབས་པར་བྱེད་པས་ཕྱག་རྒྱ་ཞེའམ། བཅིངས་པ་ལས་གྲོལ་བར་བྱེད་པས་ཕྱག་རྒྱ་ཞེའམ། མགུ་བས་ཕྱག་རྒྱ་ཞེའམ། འཇོམས་པས་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལས་ཀྱི་སྒོ་དུ་མ་ལ་འཇུག་པས་དེ་བས་ན་འདིར་ནི་ཡོངས་སུ་དགྲོལ་བ་ཞེས་བྱ་བ་ཕྱག་རྒྱའི་ལས་ཉིད་ཡིན་ཏེ། ཕྱག་རྒྱ་དང་བྲལ་བར་བྱ་བ་ནི་མ་ཡིན་ནོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་པས་ན། །སངས་རྒྱས་ཐམས་ཅད་རབ་ཏུ་འགྲུབ། །ཅེས་བྱ་བ་ནི། ཐབས་གང་གིས་བསྒྲུབ་པ་དང་། ཐབས་དེ་ཅིའི་ཕྱིར་གྲུབ་པའི་གཏན་ཚིགས་བསྟན་པ་སྟེ། དེ་ལ་ཐབས་གང་གིས་བསྒྲུབ་པ་ནི། སངས་རྒྱས་ཀུན་དང་མཉམ་པར་སྦྱར་ཞིང་བསྒོམས་པས། སངས་རྒྱས་ཀུན་དང་མཉམ་པར་འགྱུར། འགྲུབ་པར་འགྱུར། ཞེས་བྱ་བའི་དོན་ཏོ། དེ་ལ་འདི་སྐད་དུ། སངས་རྒྱས་དང་མཉམ་པར་སྒོམ་པས་སངས་རྒྱས་སུ་ཇི་ལྟར་འགྱུར། བྲན་མོ་དབུལ་མོས་རྒྱལ་པོ་དང་འདྲ་བར་ང་རྒྱལ་བྱས་པས་ཅི་ཞིག་ཐོབ་པར་འགྱུར། ཞེས་བརྩད་པའི་གནས་ལ། སངས་རྒྱས་ཀུན་དང་མཉམ་པས་ན། །ཞེས་གཏན་ཚིགས་བརྗོད་པ་སྟེ། འདིར་མི་མཉམ་པ་དང་མཉམ་པར་བསྒོམ་པས་འཐོབ་པ་ནི་མ་ཡིན་གྱི། མཉམ་པ་ཉིད་དུ་དེ་ལྟར་མ་ཤེས་ཤིང་མི་སྣང་བ་ལ། ཤེས་ཤིང་རྟོགས་པར་བྱས། རྟོགས་པས་གོམས་པར་བྱས། གོམས་པས་ཀློང་དུ་གྱུར་པར་བྱས་ན་མཉམ་པར་འགྱུར་ཏེ། དེ་བས་ན་འདིའི་གཏན་ཚིགས་ནི། སངས་རྒྱས་དང་མཉམ་པ་རང་ཡིན་ནོ། །ཚུལ་འདི་ནི་འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང་། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་སྟེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། བདག་དང་སངས་རྒྱས་ཁྱད་པར་མེད་པ་རྟོགས་ནས་དེ་ལྟ་བ་ཉིད་དུ་གནས་པ་ཉིད་ལམ་གྱི་དམ་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་བསྡུས་པ་དཔལ་རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ནི། དཔལ་ལྡན་གཡོན་པ་འགྱིང་དང་བཅས། །དཔལ་ལྡན་ལག་པ་གཡས་པ་ཡི། །པདྨོ་ཁུ་ཚུར་དཔྲལ་བར་བཞག །བདག་གི་མིག་ནི་གྱེན་དུ་བལྟ། །འདི་ནི་རྡོ་རྗེ་སེམས་དཔའ་ཡི། །སངས་རྒྱས་ཐམས་ཅད་སྒྲུབ་པའོ། །ཞེས་བྱ་བ་སྟེ། དེ་ལ་ལག་པ་གཡོན་པ་དཀུར་བརྟེན་ཏེ། གཡས་པ་ཁུ་ཚུར་ཕྱག་རྒྱ་བཅས་ཏེ་དཔྲལ་བར་བཞག་གོ །པདྨོའི་ཁུ་ཚུར་ནི། བཏེག་པའི་ཁུ་ཚུར་བཅངས་པ་ལས། །མཐེ་བོང་དག་ལ་གུང་མོ་བཞག །པདྨའི་ཁུ་ཚུར་གྲུབ་པ་སྟེ། །ཞེས་གསུངས་པ་སྟེ། གོང་དུ་བསྟན་པ་བཞིན་ཁུ་ཚུར་ལས་མཛུབ་མོ་ཅུང་ཟད་བཀྱེད་དེ་མཐེ་བོས་སེན་མོ་ལ་གུང་མོའི་རྩེ་མོ་བཞག་སྟེ་དཔྲལ་བར་བཞག་ནས་མིག་གྱེན་དུ་བལྟས་ཏེ་གོ་འཕང་གི་དངོས་གྲུབ་ལ་སོགས་པ་ལས་དངོས་གྲུབ་ཐམས་ཅད་བསྒྲུབ་བོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་སྟེ་ཡིད་བརྟན་པའི་ཚད་མ་སྨོས་པའོ། །རྣམ་པ་སྣ་ཚོགས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཤེས་པ་ཞེས་བྱ་བ་ནི། ཕྱག་རྒྱ་ཐམས་ཅད་བསྡུས་པ་ཡིན་པས་ཕྱག་རྒྱ་ཤེས་པ་ཡིན་ལ་ཕྱག་རྒྱ་ཐམས་ཅད་བཟློག་པར་ནུས་པས་ལན་ཤེས་པ་ཡིན་ནོ། །དེ་ཡན་ཆད་དུ་རྒྱུད་ཀྱི་དངོས་པོ་བསྟན་པ་རྫོགས་ནས། ད་ནི་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་དང་ཕྱག་རྒྱར་གྱུར་པ་རྟོག་པ་འདིའི་མཐུ་དང་རང་བཞིན་ལ་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བསྔགས་པ་གསུངས་པ་དང་། དཔལ་རྡོ་རྗེ་སེམས་དཔས་གསུངས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད་པ་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་འདུས་པ་ཡིས། །རྟག་ཏུ་དཔག་མེད་ཚེ་དང་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཡིན་པས། རྟག་ཏུ་མྱ་ངན་ལས་མི་འདའ་བ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་རྒྱུད་འདིའང་ནུབ་པའི་དུས་མེད་དེ། དཔག་མེད་ཚེ་དང་ལྡན་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །བདེན་པའི་ཚིག་ནི་རབ་ཏུ་སྨྲ། །ཞེས་བྱ་བ་ནི་ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ་ཐམས་ཅད་དུ་ཁྱབ་སྟེ། བདེན་པའི་ཚིག་སྣ་ཚོགས་ཀྱིས་ཆོས་སྟོན་པར་བྱེད་པ་དེ་བཞིན་དུ། ཕྱག་རྒྱའི་རྒྱུད་འདིས་ཀྱང་ཐམས་ཅད་ཁྱབ་བོ་ཞེས་བྱ་བའི་དོན་ཏོ། །མཐའ་ཡས་པ་དང་མུ་མེད་པའི། །རྟོག་པ་ཀུན་དང་འདི་ཡི་ནི། །མཐུ་དང་ཡོན་ཏན་བསྔགས་པའི་མཐའ། །བརྗོད་པ་དག་ཏུ་ཡོངས་མི་ནུས། །ཞེས་བྱ་བ་ནི་མཐའ་ཡས་མུ་མེད་པའི་རྒྱུད་ཀུན་དང་རྒྱུད་འདི་ནི་ཡོན་ཏན་མཚུངས་ཏེ། འདི་དག་གི་མཐུ་དང་ཡོན་ཏན་གྱི་བསྔགས་པ་ནི་མཐར་ཐུག་པར་བརྗོད་པར་ནུས་པ་མ་ཡིན་ཏེ། དེ་བས་ན་གོང་དུ་བསྟན་པའི་ཡོན་ཏན་རྣམ་པ་གཉིས་པོ་དུས་མཐའ་ཐུག་པ་མེད་པར་གནས་པ་དང་། ཕྱོགས་མཐའ་ཐུག་པ་མེད་པར་གནས་པ་གཉིས་ནི་མདོར་བསྡུས་ཏེ་བསྟན་པར་ཟད་དོ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་དེ་ལྟ་བུ་འགྲུབ་པ་ཅིའི་ཕྱིར་ཞེ་ན། མཐུ་དང་རང་བཞིན་དག་གིས་འགྲུབ། །ངོ་བོ་ཉིད་ཀྱིས་རྟག་ཏུ་འགྲུབ། །སོ་སོའི་རྗེས་གྲུབ་བདེ་བ་སྟེར། །ཞེས་གསུངས་ཏེ། དེ་ལ་མཐུ་ནི། ནུས་པའི་བྱེ་བྲག་སྟེ་ལས་སོ། །རང་བཞིན་ནི། ཆོས་སོ། །ངོ་བོ་ཉིད་ནི། བདག་ཉིད་ཐོབ་པ་སྟེ། དཔེར་ན་མེའི་མཐུ་ནི་སྲེག་པར་ནུས་པའི་བྱེ་བྲག་ལས་སོ། །རང་བཞིན་ནི་ཚ་བའི་མཚན་ཉིད་ཀྱི་ཆོས་སོ། །ངོ་བོ་ཉིད་ནི་དེ་ལྟ་བུའི་བདག་ཉིད་ཐོབ་པ་འབྱུང་བ་ཆེན་པོའི་རྡུལ་ཕྲན་གྱི་བདག་ཉིད་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་སྟེ། སྲེག་པ་དང་ཚ་བའང་ངོ་བོ་ཉིད་བྱེ་བྲག་མེད་དོ། །དེ་ལ་འདི་སྐད་དུ། མེས་འཚེད་དོ་ཞེས་བྱ། ཅིས་འཚེད་རྒོལ་བ་ལ། འདི་སྐད་དུ། མཐུས་འཚེད་དོ། །རང་བཞིན་གྱིས་འཚེད་དོ། །ངོ་བོ་ཉིད་ཀྱིས་འཚེད་དོ། །ཞེས་བརྗོད་པ་ལྟ་བུའོ། །སོ་སོའི་རྗེས་གྲུབ་ཅེས་བྱ་བ་ནི། ཇི་ལྟར་མེ་ཡིས་འབྲས་ཆན་ཅིག་འཚེད་པར་བྱེད་པ་དེ་བཞིན་དུ། གཞན་ཡང་འཚེད་པར་རྗེས་སུ་སྒྲུབ་བོ། །ཞེས་བྱ་བ་ལྟ་བུའོ། །འདི་ནི་གསང་བ་མཆོག་གི་མཆོག །ཅེས་བྱ་བ་ནི་དེ་ལྟ་བུའི་རྟོག་པ་ནི་ཀུན་གྱི་སྤྱོད་ཡུལ་མ་ཡིན་ནོ། །ཞེས་པ་སྟེ། ཐབས་ཀྱི་གསང་བར་གདམས་པ་ཡང་སྦྱར་རོ། །ད་ནི་རྒྱུད་དང་སྟོན་པའི་རང་བཞིན་སྟོན་ཏེ། དེ་ཡང་སྤྱིར་རྒྱལ་བ་རྣམས་དང་དེའི་གསུང་གི་ཕྱག་རྒྱ་རྒྱུད་དང་ཀལྤ་རྣམས་ཀྱི་མཛད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པའི་ཕྱིར་ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱང་བ་དང་ཉོན་མོངས་པ་དང་མི་ཤེས་པའི་དྲི་མ་ཐམས་ཅད་དག་པར་མཛད་པ་དང་། ལམ་གང་གིས་ངེས་པར་འབྱུང་བ་ལ་བར་དུ་གཅོད་པའི་བགེགས་རྣམས་དེ་བཞིན་དུ་སྟོན་ཅིང་གསལ་བར་བྱ་བ་དང་། བདུད་རྣམ་པ་བཞི་གཞོམ་པ་དང་། བློ་རིམས་ཀྱིས་བརྟན་ཞིང་རྒྱས་པར་བྱ་བ་དང་། མི་བརྟན་པའི་གང་ཟག་རྣམས་ལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་བྱ་ཞིང་གདམས་ངག་གིས་ཉེ་བར་གདམས་པ་དང་། སྔོན་ཆད་རང་གི་ཆོས་ལུགས་མ་ཡིན་པ་དགེ་བའི་བཤེས་གཉེན་དམ་པ་ལས་བྱུང་བའི་ཐབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མཛད་ཅིང་སྟོན་མོད་ཀྱི། རྒྱུད་འདིར་ནི་དེ་དག་ཐམས་ཅད་དེ་ལྟར་མཛད་པ་མ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའ་ནི་གདོད་མ་ནས་སངས་རྒྱས་པ་ཕྱི་མའི་མཐའི་མུར་ཐུག་པ་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི་བརྟན་པ་དང་གཡོ་བ་ཐམས་ཅད་ཀྱི་རང་བཞིན་བོགས་དབྱུང་དུ་མེད་པ་བགྲོད་ཅིང་སྦྱང་བར་བྱ་བ་མ་ཡིན་པ། བདུད་དང་བགེགས་མེད་པ། ཐབས་བསྟན་དུ་མེད་ཅིང་འབྲས་བུ་ཐོབ་རྒྱུ་མེད་པ་སྟེ། དེ་ལྟར་བསྟན་པའི་ཕྱིར། སེམས་ཅན་དོན་ཕྱིར་ལས་རྣམས་སྦྱོང་བ་དང་། །རྣམ་པར་དག་པར་རྒྱལ་བ་ཡོང་མི་མཛད། །འདི་ལ་བགེགས་མེད་བདུད་ཀྱང་ཡོད་མ་ཡིན། །རྟོག་པས་མི་འགྱུར་དར་བར་ཡོང་མི་འགྱུར། །མི་བརྟན་པ་དང་བདུད་དུའང་ང་མི་འགྱུར། །བརྟན་པར་བྱ་བའི་ཕྱིར་ཡང་ང་མི་འདོམས། །གང་ཞིག་རང་གི་བདེ་བས་བདེ་སྒྲུབ་པ། །དངོས་གྲུབ་མཆོག་གིས་ང་ནི་བརྟན་པར་མཛད། །ཀུན་ཏུ་སྣ་ཚོགས་པས་ནི་དེ་སྐད་གསུངས། །ཞེས་གསུངས་པ་ཡིན་ཏེ། དེ་ལ་སངས་རྒྱས་ཀྱི་མཛད་པ་ནི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་བྱང་ཆུབ་ཀྱི་མཛད་པ་ཐམས་ཅད་བསྟན་ནས་བདེ་འགྲོ་ཕུན་སུམ་ཚོགས་པའི་གེགས་སུ་གྱུར་པ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བ་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སུ་གྱུར་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་མཛད་པ་ནི་སངས་རྒྱས་ཀྱི་མཛད་པའོ། །ཞེས་བཀའ་ཕལ་པོ་ཆེ་ལས་གྲགས་པ་ནི་གདུལ་བྱ་མ་རབ་རྣམས་ཀྱི་སྤྱོད་ཡུལ་ཏེ། རྡོ་རྗེ་སེམས་དཔའ་ནི་ཡེ་ནས་སངས་རྒྱས་པས་ལས་སྦྱོང་ཞིང་དྲི་མ་དག་པར་མི་མཛད་དེ། དེ་བས་ན། སེམས་ཅན་དོན་ཕྱིར་ལས་རྣམས་སྦྱོང་བ་དང་། །རྣམ་པར་དག་པར་རྒྱལ་བ་ཡོང་མི་མཛད། །ཅེས་གསུངས་པ་ཡིན་ནོ། །གང་གི་ཕྱིར་ཞེ་ན། འདི་ལ་བགེགས་མེད་བདུད་ཀྱང་ཡོད་མ་ཡིན། །རྟོག་པས་མི་འགྱུར་དར་བར་ཡོང་མི་འགྱུར། །ཞེས་གསུངས་པ་སྟེ། གལ་ཏེ་བསྒྲུབ་པར་བྱ་བའི་འབྲས་བུ་ཞིག་དང་། དེ་བསྒྲུབ་པའི་གང་ཟག་ཞིག་དང་། འབྲས་བུ་དེ་བསྒྲུབ་པ་ལ་སྦྱོར་བ་དང་། སྦྱོར་བ་དང་མི་མཐུན་པའི་ཆོས་ཞིག་ཡོད་ན་ནི། བགེགས་དང་བདུད་ཀྱང་ཡོད་དུ་རུང་བ་ཞིག་ན། དཔལ་རྡོ་རྗེ་སེམས་དཔའ་འདི་ལ་ནི། རང་གི་བདག་ཉིད་ཀྱི་ཆོས་མ་ཡིན་པ་དེ་ལས་གཞན་པའི་བདག་ཉིད་ཀྱི་ཆོས་མེད་དེ། དེ་བས་ན་བགེགས་དང་བདུད་ཀྱང་མེད་དོ། །ཐབས་སམ་ཐ་མལ་པའི་རྟོག་པས་ཀྱང་སེམས་ལ་བསྒྱུར་དུ་མེད་ཅིང་ཤེས་རབ་འཕེལ་བའི་ཐབས་ཀྱི་ཡེ་ཤེས་དར་ཞིང་རྒྱས་པར་བྱར་ཡང་མེད་དེ། རྡོ་རྗེ་སེམས་དཔའ་ལས་མ་གཏོགས་པ་མེད་པའི་ཕྱིར་རོ། །དེ་ཉིད་གང་གི་ཕྱིར་ཞེ་ན། །མི་བརྟན་པ་དང་བདུད་དུ་ང་མི་འགྱུར། །ཞེས་གསུངས་ཏེ། ཇི་ལྟར་སྨིག་སྒྱུའི་ཆུ་བོས་ནམ་མཁའི་ལུས་གཡེངས་པ་མེད་དེ། སྨིག་སྒྱུ་ལ་ཆུ་མེད་ཅིང་ནམ་མཁའ་ལ་ལུས་མེད་པའི་ཕྱིར་རོ། །ནམ་མཁའ་སྨིག་སྒྱུར་འགྱུར་བའང་མ་ཡིན་ཏེ། ནམ་མཁའ་ལ་བདག་ཉིད་མེད་ཅིང་སྨིག་སྒྱུ་ལ་རྟེན་གྱི་འབྱུང་བ་ཆེན་པོ་མེད་དེ། རྫས་མེད་པའི་ཕྱིར་ནམ་མཁའ་སྨིག་སྒྱུར་འགྱུར་དུ་མི་རུང་ངོ་། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་ལ་སྨིག་སྒྱུ་གནས་པའང་མ་ཡིན་ནོ། །དེ་བས་ན་སྨིག་སྒྱུའི་རང་བཞིན་ཉིད་ནམ་མཁའ་ཡིན་ཏེ། གང་དུའང་འགྱུར་བ་མེད་པ་བཞིན་དུ་རྡོ་རྗེ་སེམས་དཔའ་ནི་བདག་ཏུ་ལྟ་བ་དང་། གཟུང་བ་དང་། འཛིན་པའི་རྟོག་པས་གཡེང་བ་དང་། བར་དུ་གཅོད་པའི་ཆོས་ཀྱིས་ཀུན་ནས་དཀྲུགས་པ་མ་ཡིན། རྡོ་རྗེ་སེམས་དཔའ་དེ་ཉིད་མི་བརྟན་པ་དང་བདུད་དུ་འགྱུར་བ་མ་ཡིན། རྡོ་རྗེ་སེམས་དཔའ་ལ་མི་བརྟན་པ་དང་བདུད་ཡོད་པ་མ་ཡིན་ཏེ། མི་བརྟན་པ་དང་བདུད་ཀྱི་རང་བཞིན་ཉིད་རྡོ་རྗེ་སེམས་དཔའ་ཡིན་པའི་ཕྱིར། སྤང་བ་དང་བསྒྲུབ་པའི་ཆོས་མེད་དོ། །འོ་ན་རྒྱལ་བ་རྣམས་ཀྱི་གདམས་ངག་ཅི་ལ་འདེབས་པར་བྱེད་ཅེ་ན། བརྟན་པར་བྱ་བའི་ཕྱིར་ཡང་ང་མི་འདོམས། །ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ལྟ་བུར་བརྟན་པས་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། དེ་ཡང་གང་ཞིག་རྡོ་རྗེ་ལྟ་བུར་བརྟན་ཅེ་ན། འདི་སྐད་དུ། སེམས་ཅན་ཀུན་གྱི་སེམས་གང་ནི། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །བརྟན་པའི་ཕྱིར་ན་སེམས་དཔར་བརྗོད། །ཅེས་གསུངས་པ་ལྟ་བུ་དང་། སེམས་དཔའ་སྔོན་དང་མཐའ་མེད་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཞེའམ། སེམས་དཔའ་བརྟན་པར་རང་འབྱུང་བ། །གདོད་མ་ཐ་མ་མེད་ཕྱིར་ཡང་། །དམ་པའི་དང་པོ་ཞེས་འདོད་དོ། །ཞེས་གསུངས་པ་ལྟ་བུ་སྟེ། སེམས་ཉིད་ཐེག་པ་སྤྱི་ལས་གྲགས་པའི་དང་པོ་རིགས་ཀྱི་སེམས་ཀྱི་བདག་ཉིད་དང་། རིགས་དང་བཤེས་གཉེན་གྱི་སྟོབས་ལ་བརྟེན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་གཟུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་པའི་རྒྱུ་ཡི་གནས་སྐབས་ཀྱི་སེམས་དང་འབྲས་བུའི་ངོ་བོ་བླ་ན་མེད་པ་སངས་རྒྱས་ཀྱིས་བསྡུས་པ་རྣམས་གནས་ཡོངས་སུ་བསྒྱུར་བ་མེད་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། དེ་བས་ན་སངས་རྒྱས་ཀྱི་བསྟན་པ་རྒྱ་མཚོ་རྣམས་སུ་གདམས་ངག་རྒྱ་མཚོ་གསུངས་པའང་སེམས་བརྟན་པར་བྱ་བའི་ཕྱིར་གདམས་ངག་མ་མཛད་དོ། །ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདི་ལྟར་འགྱུར་ཏེ། གང་དུ་སྤངས་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་གཙོར་སྟོན་ཅིང་བྱང་ཆུབ་ཀྱི་རིགས་དང་རྒྱུ་ལས་བྱང་ཆུབ་ཀྱི་འབྲས་བུ་བསྒྲུབ་པར་འདོད་པར་སྟོན་པ་དེའི་ཚེ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་གཙོར་སྟོན་ཅིང་། རྡོ་རྗེ་འཛིན་པ་ཞབས་འབྲིང་དུ་སྟོན་པ་མཛད་པ་དེའི་ཚེ་ནི། སེམས་ཅན་མི་བརྟན་པ་བརྟན་པར་བྱ་བའི་ཕྱིར་རྒྱལ་བ་རྣམས་ཀྱི་གདམས་ངག་འདོམས་པ་ཡང་སྟོན་པར་མཛད་དོ། །གང་གི་ཚེ་གདོད་མ་ནས་དག་པ་ཐ་མའི་མཐར་བོགས་དབྱུང་དུ་མེད་པ། རིམ་དང་རིམས་ཀྱིས་སྟོན་པར་མཛད་པ་དེའི་ཚེ། རྡོ་རྗེ་འཛིན་པ་རིམ་དང་རིམ་གྱིས་འཕགས་ཤིང་གཙོར་སྟོན་པར་མཛད་དོ། །དེའི་ཚེ་ན་ནི་བདག་ཉིད་རྡོ་རྗེ་སེམས་དཔའ་ཡིན་པས་མི་བརྟན་པ་བརྟན་པར་བྱ་བའི་ཕྱིར་ནི་གདམས་ངག་མི་མཛད་དེ། གསང་བའི་ཐེག་པ་སྣ་ཚོགས་གསུངས་པའང་རང་གི་རྡོ་རྗེ་སེམས་དཔའ་ངོ་ཤེས་ཤིང་མཐོང་བར་བྱ་བ་ཙམ་ལ་གདམས་ངག་མཛད་པ་དེ་བས་ན། གང་ཞིག་རང་གི་བདེ་བས་ང་སྒྲུབ་པ། །དངོས་གྲུབ་མཆོག་གི་ང་ནི་བརྟན་པར་མཛད། །ཅེས་གསུངས་ཏེ། ང་ནི་རྡོ་རྗེ་སེམས་དཔའ་འོ། །རྡོ་རྗེ་སེམས་དཔའ་ནི་རང་གི་བདེ་བའོ། །རང་གི་བདེ་བ་ནི་སེམས་ཀྱི་མཚན་ཉིད་དོ། །སེམས་ཀྱི་མཚན་ཉིད་ནི་སེམས་ཅན་དང་སངས་རྒྱས་གཉིས་མེད་པའོ། །གཉིས་སུ་མེད་པས་ན་བརྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་འོ། །དེ་བས་ན་རང་གི་བདེ་བ་ལ་གནས་པས་རྡོ་རྗེ་སེམས་དཔའ་འགྲུབ་པ་ཞེས་ཀྱང་བྱ་སྟེ། དེ་མངོན་དུ་གྱུར་པས་ན་རྡོ་རྗེ་སེམས་དཔའ་གཉིས་པ་ཞེས་ཀྱང་བྱ་སྟེ། དེ་ཙམ་ལ་བརྟན་པར་མཛད་ཅེས་ཀྱང་བྱའོ། །དེ་སྐད་ཅེས་དཔལ་རྡོ་རྗེ་སེམས་དཔས་གསུངས་པ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་ཏེ། དཔལ་རྡོ་རྗེ་སེམས་དཔས་ལེགས་པར་གསུངས་པ་ལ་མངོན་པར་བསྟོད་ཅིང་རབ་ཏུ་དགྱེས་པར་གྱུར་ཏོ།། །།དམ་ཚིག་བདག་པོས་གསུངས་པའི་བཀའ། །གང་ཟག་ཕལ་པའི་ཡུལ་མིན་ཞིང་། །མཁས་པས་བཤད་པའང་མང་བཞུགས་པར། །བདག་གིས་དེ་ལྟར་ཤེས་མོད་ཀྱི། །རྒྱུད་འདིའི་ཐུན་མོང་ཡི་གེའི་དོན། །ཕྱོགས་གཅིག་བདག་གིས་མཐོང་ངོ་ཞེས། །བླུན་པའི་ང་རྒྱལ་རྒྱུད་ལ་སྐྱེས། །དེ་སྒྱུ་གསོལ་བ་བཏབ་རྐྱེན་གྱིས། །འདི་བསྡུས་དོན་དང་དེ་འཇུག་པའི། །མདོ་ཙམ་དགྲོལ་ལ་འདི་བྱས་སོ། །བླུན་པའི་ང་རྒྱལ་ཅི་སྐྱེས་དང་། །བཀའ་དོན་ལོག་པར་གྱུར་པའམ། །གནང་བ་མེད་པའི་སྒྲིབ་པ་རྣམས། །རྨི་ལམ་བརྟེན་ནས་གོས་མ་གྱུར། །གང་གིས་གླེགས་བམ་འདི་མཐོང་ན། །གང་ཟག་དབང་གི་འཕྱ་བྱེད་པ། །མ་བྱུང་དེ་དག་ཐམས་ཅད་ཀྱང་། །བདག་བརྟེན་སྡིག་བསོག་མ་གྱུར་ཅིག །ལ་ལར་བདག་རྗེས་འབྲང་འབྱུང་བ། །འདི་བརྟེན་གཞུང་གི་དོན་རྟོགས་ཏེ། །རྒྱུད་འདི་ཉིད་ལས་ལུང་བསྟན་བཞིན། །ནུབ་མེད་ཕྱོགས་དུས་ཀུན་གནས་ཤོག །བདག་ཀྱང་སྐལ་བཟང་བདེ་ཆེན་དེའི། །ཕྱག་རྒྱས་ཡོངས་སུ་བཏབ་གྱུར་ནས། །བཤེས་གཉེན་ཀུན་དང་ལྷན་ཅིག་ཏུ། །རྡོ་རྗེ་འཆང་འདྲར་འགྱུར་བར་ཤོག །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྟོག་པ། རྟོག་པ་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ཆེན་པོ་བདེ་བ་ཆེན་པོ་ཞེས་བྱ་བའི་འགྲེལ་པ་གཞུང་གི་དོན་བསྡུས་པ་དང་དོན་ལ་འཇུག་པ་ཙམ་གྱི་སྒོར་བཀྲལ་བ་རྫོགས་སོ།། །།འདི་ནི་ལོ་ཙཱ་བ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པའོ། །

ལུས་སྦྱིན་བསྡུས་པ།

༄༅། །ལུས་སྦྱིན་བསྡུས་པ་བཞུགས་སོ། །

༄༅། །ཕཊ༔ ན་མོ། རང་རིག་ཆོས་སྐུའི་བླ་མ་ལ། །རང་ངོ་ཤེས་པས་སྐྱབས་སུ་མཆི། །འགྲོ་ཀུན་ཡུམ་ཆེན་གོ་འཕང་ལ། །འགོད་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ། །ཕཊ༔ བདག་མེད་རྟོག་པའི་རྣལ་འབྱོར་མས། །བདག་འཛིན་བསྒྲལ་བའི་བམ་རོ་དེ། །རྣམ་པ་བཅུད་ལྡན་རོ་བརྒྱའི་ཟས། །ངོ་བོ་ཟག་མེད་བདུད་རྩིར་གྱུར། །ཕཊ༔ མཆོད་ཡུལ་རྒྱལ་བ་སྲས་བཅས་ཀུན། །མཁའ་དབྱིངས་ཁྱབ་པར་བཞུགས་པ་ལ། །ཟག་མེད་བདུད་རྩི་འདི་འབུལ་བས། །ཚོགས་རྫོགས་སྒྲིབ་པ་གཉིས་དག་ནས། །ཚེ་འདིར་ཡུམ་ཆེན་ཆོས་སྐུ་ཡི། །གཏན་སྲིད་ཟིན་པར་བྱིན་གྱིས་རློབས། །ཕཊ སྦྱིན་ཡུལ་རིགས་དྲུག་སྙིང་རྗེའི་མགྲོན། །ས་གཞིའི་ཁྱོན་ཀུན་གང་བ་ལ། །འདོད་དགུར་འཆར་བའི་སྒྱུ་ལུས་འདི། །ལྟོས་མེད་ཅི་དགར་བྱིན་པའི་དགེས། །ལན་ཆགས་འཁོར་ཞིང་བུ་ལོན་བྱང་། །ཐམས་ཅད་བདེ་ལྡན་སྡུག་བསྔལ་བྲལ། ། བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཕཊ ཁྱད་པར་གདུག་སེམས་གོམས་པ་ཡིས། །གཞན་ལ་འཚེ་བའི་འབྱུང་པོ་རྣམས། །བདག་གི་ཤ་ཁྲག་རུས་པ་འདིས། །ཚིམ་ནས་གནོད་པའི་སེམས་སྤངས་ཏེ། །གཞན་ལ་ཕན་པའི་ལྷག་བསམ་གྱིས། །བླ་མེད་བྱང་ཆུབ་མཆོག་གི་སེམས། །དེ་རིང་ཉིད་ན་ཡོངས་བསྐྱེད་དེ། །མཐའ་ཡས་འགྲོ་དོན་བྱེད་པར་ཤོག །ཕཊ མཆོད་སྦྱིན་ཡུལ་དང་མཆོད་སྦྱིན་གྱི། །བྱེད་པོ་ཐམས་ཅད་རང་བཞིན་གྱིས། །སྟོང་པའི་དགེ་བ་བླ་མེད་འདི། །སྒྱུ་མ་ལྟ་བུའི་འགྲོ་ལ་བསྔོ། །འགྲོ་ཀུན་སྒྱུ་མའི་རྟོགས་པ་ལ། །གནས་པས་བྱམས་གཅིག་ཡོངས་གྲོལ་ཤོག །ཅེས་པའང་མི་དབང་ཆེན་པོའི་མདུན་ན་འདོན་གྱི་རིགས་ལས་འཁྲུངས་པའི་བློ་ལྡན་ཨོ་རྒྱན་མགོན་པོའི་བཞེད་སྐོང་དུ་བཙུན་པ་གཞན་ཕན་པས་སྨྲས་པ་དགེ།། །།དགེའོ། །

ཞྭ་ཆོས་བཞུགས།

༄༅། །ཞྭ་ཆོས་བཞུགས་སོ། །

༄༅། །རྟག་ཏུ་བདེ་ཆེན་འཁོར་ལོ་གང་། མཛེས་པའི་རྒྱན་དུ་བཞུགས་པ་དེ། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །མཚུངས་པ་མེད་པའི་མགོན་དེ་ལགས། །དེ་ཉིད་ཕྱི་ལྟར་མཚོན་བྱེད་པ། །རྒྱ་གར་པཎ་ཞུ་མཛེས་པ་ལ། །སྡེ་སྣོད་རིན་ཆེན་གསུམ་འཛིན་པའི། །བརྡ་རུ་རིམ་པ་གསུམ་དུ་བྱས། །ཆོས་ཉིད་འགྱུར་མེད་མཚོན་པའི་ཕྱིར། །མཐིང་ནག་དར་གྱི་ཆུ་སྒྲིལ་དང་། །ཐུགས་རྗེ་འགྲོ་ལ་ཆགས་པའི་བརྡར། །ཞྭ་ཉིད་ཁ་དོག་དམར་པོ་བྱས། །རྩེ་མོ་ཤེས་རབ་རང་བཞིན་ཏེ། །ལྟ་བ་ལས་ནས་འབེབས་ཕྱིར་རྣོ། །བར་རིམ་བདེ་སྟོང་ཏིང་འཛིན་ལ། །རྒྱུན་ཆད་མེད་ཕྱིར་འཁྱུད་མོར་འཁོར། །འོག་རིམ་ཚུལ་ཁྲིམས་བསླབ་པ་ལ། །ཉེས་སྐྱོན་མེད་ཕྱིར་པདྨས་མཚོན། །དེ་ལྟའི་བསྟན་པའི་རིན་ཆེན་གང་། །ལྷད་མེད་གསེར་དང་འདྲ་བས་ནི། །གསེར་གྱི་ཐ་གུའི་རེ་ཁ་དང་། །རྣམ་འགྱུར་དག་གིས་མཛེས་པར་བྱས། །གང་ལ་བརྟེན་ནས་གྲུབ་བརྙེས་པ། །ཟམ་མ་ཆད་ཕྱིར་སྲུབ་ཐག་སྤེལ། །དེས་ན་ལམ་དང་འབྲས་བུའི་ཆོས། །མ་ལུས་མཚོན་པའི་ཞྭ་མོ་འདི། །སྔ་འགྱུར་ལུགས་བཟང་འཛིན་རྣམས་ཀྱི། ། ཅོད་པཎ་ཡིན་པར་གཞུང་ལས་བཤད། །ད་ལྟ་ཁོ་བོའི་སྐལ་བར་ཐོབ། །དེས་ན་མཚོན་བྱེད་རྟགས་ཀྱི་རྫས། །གང་འདི་ཁྱོད་ལ་སྦྱིན་བྱས་པས། །མཚོན་དོན་རྣམས་ཀྱང་འཛིན་པར་མཛོད། །ཅེས་པའང་བཙུན་པ་གཞན་ཕན་པས་སྤྲིང་བ་དགེ། ། །

རོང་ཟོམ་ཆོས་བཟང་ལ་གསོལ་བ་འདེབས་པ་དད་པའི་རྦབ་རླབས་མངོན་པར་གཡོ་བ།

༄༅། །རོང་ཟོམ་ཆོས་ཀྱི་བཟང་པོ་ལ་གསོལ་བ་འདེབས་པ་དད་པའི་རྦ་རླབས་མངོན་པར་གཡོ་བ་ཞེས་བྱ་བ་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། མ་ཧཱ་པཎྜི་ཏ་དྷརྨ་བྷ་དེ་རྦ་དྷེ་ཥ་ཎཱ་ཐ་དྡྷ་ནི་སོ་རྨི་གཱ་བྷི་ཙ་ལ་ནཱ་མ བོད་སྐད་དུ། མཁས་པ་ཆེན་པོ་ཆོས་ཀྱི་བཟང་པོ་ལ་གསོལ་བ་འདེབས་པ་དད་པའི་རྦ་རླབས་མངོན་པར་གཡོ་བ་ཞེས་བྱ་བ། དཔལ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དགེ་ལེགས་རྟག་པ་དམ་པའི་ཡེ་ཤེས་རྣམ་མེད་འོད་གསལ་སྟོང་པ་ཉིད། །རྣམ་བཅས་སྒྱུ་མའི་ཕྱག་རྒྱར་བཞེངས་ལས་ཁ་སྦྱོར་བདུན་གྱི་དཔལ་འབར་བ། །དང་པོའི་མགོན་པོ་རྒྱལ་སྲས་ཟོལ་གྱིས་འཇིག་རྟེན་གསུམ་ན་རབ་གྲགས་པ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༡ །གང་ཁྱོད་གཟོད་ནས་རབ་ཞི་བརྙེས་ཀྱང་སྲིད་དང་མཐུན་པར་འཇུག་པ་ན། །བསིལ་ལྡན་གཅོང་རོང་གྲུབ་པའི་སྨན་ལྗོངས་འཆི་མེད་འདུན་སའི་རྒྱན་གཅིག་པུར། །དཔལ་ལྡན་གྲུབ་རིགས་ཐིག་ལེར་ཆས་ཚེ་བསྔགས་འོས་རྒྱ་མཚོའི་གཞིར་གྱུར་པ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༢ །ཐོག་མ་ཉིད་ནས་སྙིང་རྗེ་ཆེ་དང་བློ་མཆོག་སྣང་བ་མ་སྨད་པས། །ལན་རེ་ཟུང་རེས་གཞུང་ལུགས་ཀུན་མཁྱེན་ཐམས་ཅད་གཟིགས་པའི་གྲགས་སྙན་གྱིས། །འཕགས་བོད་མཁས་ཀུན་སྤོབས་པ་འཕྲོག་མཛད་ལག་ན་རལ་གྲིའི་སྙེམས་འཆང་བ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༣ །ཕྱོགས་ཀྱི་གླང་པོའི་ཤེས་རབ་མཚན་ཅན་དབྱིག་གཉེན་ཞབས་ཀྱི་ཐོས་པས་བརྒྱན། །ཙནྡྲ་གོ་མཱིའི་བརྗོད་པ་ཡོངས་བཟང་ཆོས་ཀྱི་གྲགས་པའི་བརྒལ་བརྟག་དང་། །དཔལ་ལྡན་དཔའ་བོའི་རྩོམ་པ་ལ་འཇུག་འགྲན་ཟླ་མེད་པའི་པཎྜི་ཏ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། །བསླབ་གཞིའི་སྐྱེད་ཚལ་ཉམས་དགར་ལེགས་འཁྲུངས་ཐུགས་བསྐྱེད་ཡལ་ག་ཁྱོན་ཡངས་ཤིང་། །ཐ་མལ་དངོས་ཀུན་བདེ་བ་ཆེར་བསྡམ་ལྷ་སྔགས་ཡེ་ཤེས་འབྲས་བུས་ཕྱུག །རང་གཞན་དོན་གཉིས་འབྱོར་བས་ཚིམ་མཛད་དཔག་བསམ་དབང་པོའི་གཟུགས་ཀྱི་ཟླ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༥།མཁས་ཚུལ་གསུམ་གྱི་གཟི་བརྗིད་རྨད་བྱུང་གངས་ཅན་བསྟན་པའི་ཤིང་རྟ་ཆེ། །གྲུབ་པ་མཆོག་གི་བརྟུལ་ཞུགས་མཐར་ཕྱིན་རིག་འཛིན་བྱེ་བའི་རྒྱན་གཅིག་པུ། །བསྔགས་འོས་སྣང་བས་ས་གསུམ་ཀུན་ཁྱབ་རྒྱལ་བའི་མྱུ་གུའི་ཉིན་མོར་བྱེད། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༦ །རྒྱུད་ལུང་མན་ངག་ཆ་ཤས་ཡོངས་གང་གཙུག་ལག་རྒྱ་མཚོའི་རི་དྭགས་གཡོ། །ཆེར་རློམས་ཁེངས་པའི་པདྨོ་ཟུམ་ཞིང་གཟུར་གནས་ཀུན་དགའི་ཆུ་གཏེར་སྤེལ། །གྲགས་པའི་འོད་དཀར་སྲིད་ན་མཚུངས་བྲལ་སྔོན་མེད་སྨྲ་བའི་ཟླ་བ་ཆེ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༧ །སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་འཕྲུལ་ལྷ་གཅིག་དཱི་པཾ་ཀཱ་ར་དང་། །འབྲེལ་བའི་གཏམ་གྱི་སྦྱོར་བར་ཞུགས་ཚེ་ཁེངས་པའི་འཁྲི་ཤིང་ཉེར་དུར་བས། །སྤྱོད་འཆང་དབང་པོའི་རྣམ་འཕྲུལ་ཉིད་ཅེས་བསྔགས་པའི་མེ་ཏོག་རབ་འཐོར་བ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༨ །འཆི་མེད་མཆོག་གི་དགེ་མཚན་བརྙེས་པས་གསང་ཆེན་བསྟན་པ་ཡུན་དུ་བསྐྱངས། །དེ་ཡིས་བསྟན་འཛིན་འབུམ་ཕྲག་འདུ་བས་གངས་རིའི་ཁྲོད་ཀུན་མཛེས་པར་བྱས། །དེས་ཀྱང་བསྟན་འགྲོའི་ཕན་བདེ་ཡོངས་སྤེལ་འགྲན་ཟླ་ཀུན་བྲལ་སྤྲུལ་པའི་སྐུ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༩ །མདོར་ན་མགོན་པོ་ཁྱོད་ཀྱི་རྣམ་ཐར་རྒྱལ་བ་ཀུན་དང་མི་ཕྱེད་པས། །འཕགས་ཆེན་གྱིས་ཀྱང་གཞལ་བར་དཀའ་ན་བྱིས་པའི་བློ་ཡིས་ཅི་ཞིག་ཅེས། །སྙིང་ནས་མོས་གུས་གདུང་ཤུགས་དྲག་པོས་དུས་གསུམ་ཀུན་ཏུ་གསོལ་འདེབས་ན། །རིགས་དང་བརྩེ་བའི་ཡེ་ཤེས་གཟིགས་པས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༡༠ །གང་ཞིག་འཁོར་བའི་རྒྱ་མཚོ་ལས་བརྒལ་ཐར་པའི་གྲོང་དུ་འཇུག་འདོད་པས། །འགྲོ་འདི་ཉོན་མོངས་ཕུང་པོ་མེད་སྣང་སྒྱུ་མ་ལྟ་བུའི་རིམས་ནད་ཀྱིས། །ཆེས་ཆེར་མནར་བའི་ངང་ཚུལ་དྲན་བཞིན་ཤིན་ཏུ་ཞི་བའི་ནགས་ཀླུང་དུ། །གཉེན་པོར་གྱུར་པའི་ལམ་མཆོག་བདུད་རྩི་འབད་པས་བསྒྲུབ་པར་བྱིན་གྱིས་རློབས། ༡༡ །ཕུང་སོགས་ཆོས་ཀུན་རྒྱུ་རྐྱེན་གཞན་དང་གཞན་གྱི་དབང་གིས་རང་སྣང་ཕྱིར། །ཡང་དག་མ་ཡིན་སླུ་བའི་ཆོས་ཅན་དངོས་ཀུན་སྒྱུ་འདྲར་རོ་མཉམ་པ། །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་འཇིགས་མེད་སེང་གེའི་སྒྲ་བསྒྲགས་པས། །དངོས་སྨྲའི་རི་དྭགས་བརྟན་པ་འཕྲོག་པའི་བརྟུལ་ཞུགས་གྲུབ་པར་བྱིན་གྱིས་རློབས། ༡༢ །སྣང་ཙམ་མི་འགོག་དེར་འཛིན་ཀུན་ཞིག་དངོས་པོའི་གནས་ལུགས་མཐོང་བའི་བློས། །ཀུན་རྫོབ་འཁྲུལ་བ་རྗེས་སུ་བལྟ་དང་དོན་བྱེད་ནུས་པར་སྨྲ་ལ་སོགས། །ཕྱོགས་རེར་ཞེན་པའི་རྟོག་པས་མ་བཅིངས་བདེན་གཉིས་གཟོད་ནས་ཟུང་འཇུག་པའི། །མི་མཐུན་དང་ནི་གཉེན་པོ་དབྱེར་མེད་ཟབ་དོན་རྟོགས་པར་བྱིན་གྱིས་རློབས། ༡༣ །དམིགས་པར་འཛིན་པའི་འདུ་ཤེས་ལ་བརྟེན་སྒྲོ་འདོགས་སྐུར་འདེབས་ཕྱོགས་ལྷུང་བ། །ཡང་དག་སྣ་བས་ལེགས་པར་དཔྱད་དེ་ངོ་བོ་ཉིད་ཀྱི་ཚུལ་རིག་པ། །དྲི་མ་མེད་པའི་ཤེས་རབ་མཆོག་གིས་རིག་ཚུལ་དུ་མའི་མཚོན་ལྷུང་བ། རྟོག་གེས་རློམས་པའི་རི་བོ་བསྙིལ་ནས་ལམ་བཟང་བསྒྲུབ་པར་བྱིན་གྱིས་རློབས། ༡༤།དེ་ལྟར་འཕགས་པའི་ཡེ་ཤེས་ལམ་བྱེད་རང་བཞིན་རྫོགས་པ་ཆེན་པོའི་ཚུལ། །གཉིས་མེད་བྱང་ཆུབ་སེམས་སུ་རོ་མཉམ་ཐམས་ཅད་ཀུན་བཟང་རོལ་པའི་རྒྱན། །མ་རྟོགས་ལོག་རྟོག་གོལ་སྒྲིབ་ལས་འདས་བཏང་སྙོམས་ཆེན་པོའི་ངང་གནས་པས། །སྤངས་དང་རྟོགས་པའི་ཡོན་ཏན་ལྷུན་རྫོགས་མཆོག་དངོས་འགྲུབ་པར་བྱིན་གྱིས་རློབས། ༡༥ །གཅིག་ཅར་རྟོགས་པའི་སྐལ་བས་དབེན་ན་ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །ཚུལ་བཞིན་བསྟེན་པས་སེམས་གནས་རབ་བསྒྲུབ་ལྷ་སྔགས་ཡེ་ཤེས་སྦྱོར་བ་ཡིས། །ཀུན་རྟོག་གཉིས་འཐུང་སྡེར་བཅས་ཟིལ་མནན་སྟོང་ཆེན་ཡེ་ཤེས་སྒྱུ་མ་དང་། །ཕྱག་རྒྱ་གཅིག་སྤྲོས་ཕྲ་རགས་མཐར་ཕྱིན་བསམ་གཏན་འགྲུབ་པར་བྱིན་གྱིས་རློབས། ༡༦ །ཚོགས་ཀྱི་འདུ་བའི་ཉེ་རྒྱུ་ལ་བརྟེན་ཟབ་མོའི་ཤེས་རབ་མངོན་དུ་གྱུར། །རྣམ་སྨིན་ཚེ་དབང་ཕྱག་རྒྱར་རབ་བཞེངས་ལྷུན་གྱིས་གྲུབ་པའི་སྒྱུ་མ་ཡིས། །སྒྲིབ་གསུམ་བག་ཆགས་ཆ་བཅས་མཐར་ཕྱིན་སྐུ་དང་ཡེ་ཤེས་དབྱེར་མེད་པའི། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་སྣང་བས་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། ༡༧ །གཞན་ཡང་གནས་སྐབས་མི་མཐུན་ཀུན་ཞི་ཆོས་བཞིན་སྤྱོད་པའི་དུ་བ་འཕེལ། །སྣོད་བཅུད་རྒུད་པའི་གདུང་བ་རབ་འཕྲོག་བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས། །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་རྟག་ཏུ་བསྐོར་བ་ཡི། །བཀྲ་ཤིས་སྣང་བ་ནུབ་པ་མེད་པས་ས་གསུམ་ཁྱབ་པར་བྱིན་གྱིས་རློབས། ༡༨ །ཞེས་གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་མ་ཧཱ་པཎྜི་ཏ་རྣམ་སྣང་མཆོག་གི་སྤྲུལ་པའི་སྐུ་རོང་ཟོམ་ཆེན་པོ་ཆོས་ཀྱི་བཟང་པོའི་རྣམ་པར་ཐར་པ་ཡི་གེ་རྙིང་པ་ལས་ཇི་ལྟར་འབྱུང་བ་ཆ་ཙམ་གཞིར་བཀོད་དེ་གསོལ་བ་འདེབས་པ་དང་། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་དང་། སྙིང་པོའི་ལམ་རིམ་ཟུང་འབྲེལ་གྱི་ཚུལ་སྨོན་ལམ་དུ་བགྱིས་པའི་ཚིགས་སུ་བཅད་པ་ཉུང་ངུ་འདིའང་སྙེ་མོ་བྱེ་མཁར་གྱི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏ་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་བ་རྒྱལ་སྲས་རྡོ་རྗེ་འཆང་གཞན་ཕན་མཐའ་ཡས་འོད་ཟེར་གྱི་ཐུགས་དགོངས་རྫོགས་པའི་ཆེད་དང་བསླབ་གསུམ་རིན་པོ་ཆེའི་མཛོད་འཛིན་དགེ་སློང་དགེ་བའི་བཤེས་གཉེན་མཉྫ་ཤྲཱི་སཱ་ག་རས་ལྕང་ར་ལྷ་ཀླུ་འཆི་མེད་དགའ་ཚལ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ནན་ཏན་ཆེན་པོས་བསྐུལ་བ་ལྟར། བྱ་བྲལ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རབ་ཡིད་ལྕགས་སྤྲེལ་ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་བྲིས་ཏེ་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།མངྒལཾ། །

དཔལ་རོང་ཟོམ་པཎྚི་ཏ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས།

༄༅། །དཔལ་རོང་ཟོམ་པཎྜི་ཏ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བཞུགས། །

༄༅། །རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །སྤྱི་བོར་འདབ་སྟོང་ཉི་ཟླའི་དཀྱིལ་འཁོར་དབུས། །རྒྱལ་ཀུན་མཁྱེན་རབ་ངོ་བོ་འཇམ་པའི་དབྱངས། །རྣམ་པ་སྐྱབས་གནས་ཀུན་འདུས་བླ་མའི་ཚུལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ། །སྨྲ་བའི་སེང་གེ་རོང་ཟོམ་ཆོས་ཀྱི་བཟང་། །སྔགས་པའི་ཆ་ལུགས་གསང་གོས་བེར་ཕྱམས་ཅན། །མཐོན་མཐིང་རལ་པ་སིལ་བུ་སྐུ་རྒྱབ་གྲོལ། །དགྱེས་འཛུམ་མཚན་དཔེ་གཟི་བྱིན་ལམ་མེ་བ། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་ཨུཏྤ་ལའི། །ལྟེ་བར་སྔོ་བསང་རལ་གྲིས་མཚན་པ་འཛིན། །ཕྱག་གཡོན་མཉམ་བཞག་རྒྱུད་ཀྱི་གླེགས་བམ་བསྣམས། །ཞབས་ཟུང་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་གིས། །ཡེ་ཤེས་འོད་ལྔ་འབར་བའི་ཀློང་ན་བཞུགས། །གནས་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ལས། །འོད་འཕྲོས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན། །རྗེ་བཙུན་བླ་མ་མཆོག་གི་རྣམ་པ་རུ། །སྤྱན་དྲངས་དམ་ཡེ་གཉིས་སུ་མེད་པར་གྱུར། །རིགས་རྣམས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་། །དཔལ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཐོག་མེད་ནས་བསགས་སྡིག་ལྟུང་ཉེས་ཀུན་བཤགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རངས། །འགྲོ་ཁམས་རྒྱ་མཚོར་རྡོ་རྗེ་ལྟ་བུའི་སྐུས། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །བདག་གིས་དུས་གསུམ་དགེ་བ་ཅི་བསགས་པ། །མ་ལུས་གཅིག་ཏུ་བློ་ཡིས་ཡོངས་བསྡམ་ནས། །མཁའ་ཁྱབ་འགྲོ་བའི་དོན་དུ་ཟུང་འཇུག་སྐུ། །དཔལ་ལྡན་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དཔལ་མགོན་བླ་མ་ཁྱེད་དང་མི་འབྲལ་ཞིང་། །བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོ་རུ། །བཞུགས་ནས་འབྲལ་བ་མེད་པར་བྱིན་གྱིས་རློབས། །འཇམ་དཔལ་མཁྱེན་པའི་ཉི་མ་སྙིང་ལ་ཤར། །སྙིང་རྗེའི་གཏེར་ཆེན་ཡིད་ཀྱི་མཚོ་འཕེལ་ཞིང་། །མཐུ་སྟོབས་རྡོ་རྗེ་འཛིན་པས་དབང་བསྒྱུར་ནས། །རིག་འཛིན་གོ་འཕང་གྲུབ་པར་བྱིན་གྱིས་རློབས། །མདོ་རྒྱུད་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །རྒྱུད་ལུང་མན་ངག་ཟབ་མོའི་དགོངས་པའི་དོན། །ཡིད་ལ་རྩོལ་མེད་ངང་གིས་འཆར་བ་ཡི། །བྱིན་རླབས་དབང་བསྐུར་སྩོལ་ཅིག་པཎྜི་ཏ། །རིགས་གསུམ་དབྱེར་མེད་དཔལ་ལྡན་ཆོས་ཀྱི་རྗེ། །ཁྱོད་ལ་གསོལ་བ་བཏབ་པ་ཙམ་གྱིས་ཀྱང་། །བྱིན་རླབས་སྣང་བ་མངོན་སུམ་མཐོང་ཞེས་གྲགས། །ཐུགས་དམ་དགོངས་པས་གཟིགས་ཤིག་རིན་པོ་ཆེ། །དེང་སང་སྙིགས་མ་ལྔ་བདོའི་མཐུས་མནར་བས། །བསྟན་པ་གནས་ཀྱང་རྟོན་པ་བཞི་དང་བྲལ། །བདེ་གཤེགས་དགོངས་པའི་ཟབ་དོན་རྙེད་དཀའ་བས། །དོན་བརྒྱུད་བྱིན་རླབས་བདག་ལ་འཕོ་བར་མཛོད། །བདག་ཀྱང་སྐྱེ་བ་ཀུན་ཏུ་མགོན་ཁྱོད་ཀྱི། །རླབས་ཆེན་ཕྲིན་ལས་སྤེལ་བའི་བྲན་གྱུར་ནས། །བསྟན་དང་བསྟན་པའི་སྙིང་པོ་ནང་རྒྱུད་གསུམ། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་གྱུར་ཅིག །ཅེས་གསོལ་བ་དྲག་ཏུ་བཏབ་ལ། བླ་མའི་ཐུགས་ཀར་ཟླ་སྟེང་དྷཱི༔ཡིག་མཐར། །གསང་སྔགས་སྙིང་པོས་བསྐོར་བའི་འོད་ཟེར་གྱིས། །རྩ་གསུམ་རྒྱལ་བ་ཀུན་གྱི་བྱིན་རླབས་བཅུད། །སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམ་པ་རུ། །ཆར་ལྟར་བབ་པ་བླ་མའི་སྐུ་ལ་ཐིམ། །དེ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབ་པས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར། །ཅེས་དམིགས་པ་དང་མོས་གུས་དྲག་པོས། ཨོཾ་ཨཱབཛྲ་མ་ཧཱ་གུ་རུ་དྷརྨཱ་བྷ་དྲ་སརྦ་སིདྡྷི་ཧཱུྃ༔ ཞེས་དང་བླ་མ་ཡི་དམ་སྒྲུག་སྒྲུབ་ལ། ཨོཾ་ཧཱུྃ་བཛྲ་མ་ཧཱ་གུ་རུ་དྷརྨ་བྷ་དྲ་ཨ་ར་པ་ཙ་ན་དྷཱི་སརྦ་སིདྡྷི་ཧཱུཾ་ཧཱུཾ་རིག་འཛིན་ཡོངས་ཀྱི་སྲོག་སྔགས་ལ། །བླ་མའི་མཚན་སྔགས་བསྒྱུར་བ་འདི། །རྒྱུད་དང་སྒྲུབ་ཆེན་དགོངས་པ་ཡིན། །དངོས་གྲུབ་ཐོབ་ལ་སོམ་ཉི་མེད། །ཤུན་མཐར་དབང་བཞི་ལེན་ཞིང་ཐུགས་ཡིད་བསྲེས་པའི་ངང་རང་གི་སེམས་ཉིད་བཟོ་བཅོས་མེད་པ་གཉུག་མ་བྱང་ཆུབ་སེམས་ཀྱི་དོན་ལ་མཉམ་པར་བཞག་ཅིང་། དེ་ལས་ལྡང་བ་དང་དགེ་བ་བསྔོ་སྟེ་བཀྲ་ཤིས་བརྗོད་ཅིང་། དུས་རྒྱུན་དུའང་བླ་མའི་སྣང་བ་དང་རང་སེམས་འདྲེས་པའི་ཉམས་མྱོང་ལ་ཉམས་ལེན་སྙིང་པོར་བྱའོ། ༧ །ཚུལ་འདི་ལ་མཆོག་ཏུ་མོས་པ་ལུང་དང་རིགས་པ་སྨྲ་ཞིང་སྒྲུབ་པ་ལ་བརྩོན་པ་མདོ་སྔགས་ཀྱིས་བསྐུལ་ངོར། མཚུངས་མེད་མ་ཧཱ་པཎྜི་ཏ་ཆེན་པོའི་རྗེས་སུ་འཇུག་པར་ཁས་འཆེ་བ་མི་ཕམ་རྣམ་པར་རྒྱལ་བས་ཟླ་ཚེས་བཟང་པོ་ལ་བྲིས་པ་དགེའོ།། །།མངྒལཾ། །

སྤར་བྱང་སྨོན་ཚིག

༄༅། །ཨོཾ་སྭཱ་སྟི། སྔོན་དུས་གངས་ཅན་རི་སུལ་འདི། །ཆོས་དང་རྒྱལ་བས་སྟོང་པ་ཡི། །བདུད་ཡུལ་མུན་པའི་གླིང་དགུར་གྲགས། །དམར་ཕྱོགས་མཚན་མུན་འཁྲིགས་དང་མཚུངས། ༡ །དེ་ཚེ་འཕགས་ཆེན་རྒྱལ་སྲས་ཚོགས། །དམན་འགྲོར་ལྷག་བརྩེའི་ཐུགས་རྗེ་ཡིས། །ས་སྐྱོང་རྒྱལ་བློན་བཙུན་མོར་བཅས། །སྤྲུལ་པ་ཉི་ཟེར་རྡུལ་ལྟར་ལྷགས། ༢ །ཁྱད་པར་བདེ་གཤེགས་སྣང་མཐའ་ཡས། །འཇིག་རྟེན་དབང་ཕྱུག་པད་འབྱུང་སོགས། །པདྨའི་རིགས་ཀྱིས་གདུལ་གཟིགས་ཏེ། །རྫུས་སྐྱེས་སྤྲུལ་པའི་སྐུར་ཡང་བསྟན། ༣ །དང་པོའི་ལས་ཅན་བྱིས་པའི་ངོར། །བོན་སྒྲུང་མོ་རྩིས་ཕྱྭ་གཡང་སོགས། །རྒྱལ་བའི་ཕྲིན་ལས་སྣ་ཚོགས་པས། །འགྲོ་རྣམས་ངལ་གསོའི་དབུགས་དབྱུང་ཐོབ། ༤།ཀུན་བཟང་ལྷ་མཆོག་ཐོ་ར་འདུས། །དམ་ཆོས་རྟེན་གསུམ་སྐྱ་རེངས་ཤར། །མུན་གླིང་སྣང་བའི་སྒོ་ཆེན་ཕྱེས། །མཆོག་གསུམ་བསྟན་པའི་ཞིང་དུ་གྱུར། །༥ རིགས་གསུམ་ཆོས་རྒྱལ་མེས་དབོན་དང་། །སྤྲུལ་པའི་ལོ་པཎ་མཁན་སློབ་འཛོམས། །རྒྱལ་བསྟན་ཉིན་བྱེད་འདྲེན་པའི་ཚེ། །འོག་མིན་ཞིང་ཁམས་ལྗོངས་འདིར་ས་ས་འཕོས། ༦ །དེ་འདྲའི་མདོ་སྔགས་རྫོགས་ལྡན་དཔྱིད། །འཕགས་པའི་ཡུལ་དུའང་མ་བྱུང་ཞེས། །དཔལ་ལྡན་དཱི་པཾ་ཀཱ་ར་ཡིས། །ཞལ་བཞེས་གནང་སྟེ་དན་དཔང་མཛད། ༧ །ཁྱད་པར་རྒྱལ་དབང་མཚོ་སྐྱེས་རྗེས། །ལྷ་འདྲེ་དམ་བཏགས་སྲོག་སྙིང་བླངས། །ས་གཞི་བྱིན་བརླབས་གཏེར་གྱིས་གཏམས། །མདོ་སྔགས་ཆོས་འཁོར་བསྐོར་བ་བཅས། ༨ །མཛད་ཆེན་ཕྲིན་ལས་མ་སྐྱོང་ན། །ཕྱི་རབས་བསྟན་འགྲོའི་བདེ་སྐྱིད་ཀུན། །ནམ་མཁར་བྲིས་པའི་རི་མོ་བཞིན། །བརྟན་པའི་གོ་སྐབས་ག་ལ་སྲིད། ༩ །འོན་ཀྱང་མི་བསུན་བྱིས་པ་འགས། །དྲིན་ལྡན་ཕ་མ་ལ་འཁུ་ལྟར། །ཁྱོད་ཀྱི་ཆོས་བསྟན་གཤུང་རྣམས་ལ། །སྲས་བཅས་རྒྱལ་བས་དབྱིངས་ནས་ཁྲེལ། ༡༠ །བདག་ཅག་དད་པས་རྗེས་འབྲང་བས། །ལྟ་དགོངས་ཟབ་དོན་མ་རྟོགས་ཀྱང་། །ལོག་ལྟས་ཆོས་སྤོང་མ་བསགས་ཙམ། །ཚེ་རབས་ཀུན་ཏུ་སྙིང་ནས་སྨོན། ༡༡ །སྔ་དར་རྒྱ་ཆེན་བཀའ་ཡི་མཛོད། །གཉགས་གནུབས་ཟུར་གསུམ་ལ་བབས་པའི། །རྒྱུན་འཛིན་མཁས་གྲུབ་གཟའ་སྐར་བཞིན། །གྲངས་ལས་འདས་པ་བྱོན་མོད་ཀྱང་། ༡༢ །འགལ་རྐྱེན་དམ་སྲིའི་འཚེ་བ་ཡིས། །རྒྱལ་བསྟན་འགག་ལ་གཏུགས་པའི་ཚེ། །མེ་རོ་སླར་གསོའི་སྲོག་སྤར་བྱུང་། འཛིན་མཁན། །འཕགས་ཆེན་མཛད་རྗེས་ངོ་མཚར་ཅན། ༡༣ །སྔོན་དུས་རོང་ཟོམ་ཀློང་ཆེན་རྗེ། །བར་དུ་སྨིན་གཏེར་སྐུ་མཆེད་ཀྱིས། །རྙིང་བསྟན་གསོས་པའི་བཀའ་དྲིན་ལ། །ཕྱི་བྱོན་མཁས་གྲུབ་དུ་མས་བསྔགས། ༡༤ །དེ་ལ་འདིར་སྐབས་སུ་བབ་པ། སྔ་འགྱུར་བཀའ་མའི་བསྟན་སྲོག་འཛིན་པའི་ཤིང་རྟ་ཆེན་པོ། མཁས་ཤིང་གྲུབ་པའི་དབང་ཕྱུག སྤྲུལ་པའི་ལོ་ཙཱ་བ་མ་ཧཱ་པཎྜི་ཏ། དཔལ་རོང་ཟོམ་ཆོས་ཀྱི་བཟང་པོ་ནི། སྔ་འགྱུར་ལོ་ཙཱ་བ་རྣམས་ཀྱི་ཕྱི་ཤོས་ཡིན་པས། རབ་བྱུང་དང་པོའི་ལྕགས་འབྲུག་ལོར་གཙང་རོང་སྣར་ལུང་དུ་སྐུ་འཁྲུངས་ནས། སྐྱེས་སྦྱངས་མཁྱེན་རབ་ཀྱི་ཡོན་ཏན་གངས་རིའི་ཁྲོད་ན་འགྲན་ཟླ་བྲལ་ཞིང་། །གཞན་ཕན་ཕྲིན་ལས་ཀྱིས་རྒྱལ་བསྟན་ཇི་ལྟར་བསྐྱང་ཚུལ་རྣམ་ཐར་ཇི་སྙེད་ཅིག་སྔོན་གྱི་ཆོས་འབྱུང་དེབ་ཐེར་རྣམས་དང་། འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་བཀའ་འབུམ་པར་རྙིང་གི་དཀར་ཆག་ཏུ་གསལ། འདིར་ཕྱིས་བྱོན་མཁས་གྲུབ་དུ་མས་ཇི་ལྟར་བསྔགས་ཚུལ་ཟུར་ཙམ་བརྗོད་ན། ཀུན་མཁྱེན་འཇིགས་མེད་གླིང་པས། ཇི་སྐད་དུ། གངས་རིའི་ཁྲོད་ན་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་པ་རོང་ཟོམ་པཎྜི་ཏ་ཆེན་པོ། རྒྱལ་བ་ཀློང་ཆེན་རབ་འབྱམས། གཡུང་སྟོན་རྡོ་རྗེ་དཔལ། པཎྜི་ཏ་ཡེ་ཤེས་རོལ་པ་ལ་སོགས་ངོ་མཚར་བརྒྱུད་པའི་བླ་མ། ཞེས་དང་། དབང་ལུང་རྒྱུན་ལ་མདོ་སྒྱུ་སེམས། །རྒྱུད་འབུམ་ལ་སོགས་བཀའ་མའི་རྒྱུན། །སྙིང་ཐིག་ཡ་བཞི་སྒྲུབ་སྡེ་བརྒྱད། །ཡོད་ན་སྔ་འགྱུར་བསྟན་པ་ཡོད། །མེད་ན་དེ་ཉིད་ཉམས་པའི་རྟགས། །ཡིན་པས་རང་སྡེའི་སྲོལ་འབྱེད་ལ། །ཀུན་མཁྱེན་རྗེ་དང་རོང་ཟོམ་ཞབས། །མངའ་རིས་པཎ་ཆེན་ཤེས་རབ་འོད་། །འགྲན་ཟླ་བྲལ་བའི་མཁས་གྲུབ་ཡིན། །དེ་དག་གཞུང་ལ་གུས་པ་བསྐྱེད། །ཞེས་གསུངས་པ་དང་། ཟེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་ཀྱང་། ཟུར་པ་ཡབ་སྲས་བཤད་སྒྲུབ་རྩ་བ་བཙུགས། །རོང་ཀློང་སྒྲོལ་གཡུང་བཤད་སྒྲུབ་ཡན་ལག་བརྐྱངས། །མྱོས་སྟོན་སྐུ་མཆེད་བཤད་སྒྲུབ་མེ་འབྲས་བསྐྱེད། །དེང་ཡང་སྤྱོད་ཡོད་བཀའ་དྲིན་འཁོར་མཐའ་ཅི། །སྲིད་འབྱོར་བྱེ་བས་ཁུག་མིན་རཏྣའི་མཛོད། །ཟླ་བྲལ་བ་ཡི་ནོར་སྐལ་འདི་ཡོད་བཞིན། །གཞན་ལུགས་འཆིང་བུའི་རྡོ་ལ་རིན་ཆེན་དུ། །རེ་བས་རྒྱུག་རྣམས་སྐལ་བ་དམན་པར་ཤེས། །ཞེས་གསུངས་པ་ལྟར་ཡིད་ཆེས་བྱ་བའི་གནས་སོ། །སླར་སྨྲས་པ། ས་ཆེན་འཕགས་པ་རོང་ཟོམ་བཀའ་ཡི་མཛོད། །བཛྲ་དྷ་རའི་རྒྱུད་དང་དབྱེར་མེད་པས། །རྟོན་པ་བཞི་ལྡན་ངེས་དོན་གཞུང་འདི་འདྲ། །སྲིད་གསུམ་འཇིག་རྟེན་བཙལ་ཀྱང་རྙེད་པར་དཀའ། ༡ །དེ་ཕྱིར་སྔ་འགྱུར་ཆོས་ལ་དད་ཅིང་གུས། །གཞུང་ལུགས་རབ་འབྱམས་དྲང་ངེས་མ་ནོར་བ། །སོ་སོར་འབྱེད་ལ་དོན་གཉེར་བློ་ལྡན་ཚོས། །གཞུང་བཟང་འདི་དག་ཐོས་བསམ་བྱ་བར་རིགས། ༢ ། ཕུན་ཚོགས་ལྔ་ལྡན་སྔོན་དུས་ལས་ཅན་ངོར། །གསུང་རབ་པུསྟི་དབྱངས་གསལ་གྲངས་བརྒལ་ཡང་། །སྙིགས་དུས་གདུལ་བྱའི་བསོད་ནམས་བགོ་སྐལ་དུ། །སྐུ་གསུམ་མཚོན་པར་བཞུགས་འདིར་གཟིགས་བརྩོན་འཚལ། ༣ །གྲངས་མེད་རིག་འཛིན་འོད་སྐུར་གཤེགས་པའི་ལམ། །ཨུ་དུམ་ཝཱ་རའི་གཙུག་རྒྱན་སྐལ་ཐོབ་བཞིན། །ཆུ་སྐྱེས་སེར་པོར་གསེར་གྱི་ཅོད་པན་དུ། མངོན་རློམ་རེ་འཚོལ་ངལ་བ་ཅི་ཞིག་དགོས།༤ །ཆོས་ཚུལ་འདི་ལ་རྣམ་དཀར་འབྲེལ་མཚོན་དགེས། །སྙིང་པོའི་བསྟན་པ་མི་ནུབ་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་ཕྲིན་ལས་སྲིད་གསུམ་ཁྱབ། །བདག་དང་འབྲེལ་ཐོགས་མངོན་སངས་རྒྱས་གྱུར་ཅིག །ཅེས་པའང་སྔ་འགྱུར་བཀའ་མ་ནང་རྒྱུད་སྡེ་གསུམ་གྱི་དགོངས་འགྲེལ་རྒྱབ་ཆོས་སུ་གཏོགས་པ་མ་ཧཱ་པཎྜི་ཏ་རོང་ཟོམ་ཆོས་ཀྱི་བཟང་པོའི་གསུང་རབ་པུསྟི་ཀ་བཅུ་ཕྲག་ཁ་ཤས་སྔར་དུས་སུ་བཞུགས་པར་གྲགས་ཀྱང་། ཕལ་ཆེར་རིམ་གྱིས་ནུབ་སྟེ་མི་མིན་གྱི་བསོད་ནམས་ལས་སྐལ་དུ་གྱུར། ཕྱིས་སུ་ལོ་ཆེན་བཻ་རོའི་རྣམ་འཕྲུལ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་དབུས་གཙང་ཁམས་གསུམ་ནས་བཀའ་བསྡུ་གནང་བ་རྩ་པོད་གཉིས་དང་། རྗེས་བསྡུས་པོད་གཅིག་བཅས་སྐུ་གསུམ་གྲངས་ལྡན་རྫོགས་ཆེན་ཤྲཱི་སེང་དུ་པར་བཞུགས་པ་དུས་འགྱུར་སྐབས་སྤྱན་མའི་ཀློང་དུ་ཐིམ་སྟེ་དཔེ་རྒྱུན་ནུབ་ཉེར་གྱུར་ཚེ་རྒྱལ་བསྟན་བསྐྱར་གསོར་ཆ་ཙམ་ཕན་བློས་བཀའ་འབུམ་པོད་གསུམ་ཤིང་པར་བསྐྱར་སྐྲུན་བྱེད་པོ་དགེ་སྦྱོང་ཐ་ཤལ་བ་རྒན་བུ་པདྨ་ཀུན་གྲོལ་མིང་ཅན་དེས་སྨོན་ཚིག་ཏུ་བྲིས་པ་འདིས་མཚོན་དུས་གསུམ་བསགས་དགེས་སྙིང་པོའི་བསྟན་པ་མི་ནུབ་ཡུན་གནས་ཡོང་བའི་རྒྱུར་གྱུར་ཅིག། ། ། སརྦ་མངྒལཾ།