cover

སྔ་འགྱུར་རྙིང་མའི་ཞལ་འདོན་ཕྱོགས་བསྒྲིགས།

ཕྱོགས་བསྒྲིགས་པ། བླ་མ་ཀུན་བཟང་བསོད་མཆོག།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འགྱུར་སྔགས།

འགྱུར་སྔགས་ནི། ཨོཾ་སམྦྷ་ར་སམྦྷ་ར་བྷི་མ་ན་ས་ར་མ་ཧཱ་ཛམ་བྷ་བ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སྨ་ར་སྨ་ར་བི་མཱ་ན་སྐ་ར་མ་ཧཱ་ཛ་བ་ཧཱུྃ། ཞེས་སྤེལ་མར་ལན་བདུན་བཟླས་པས་དེ་ཉིན་བཟླས་བརྗོད་བྱས་ཚད་གྲངས་མེད་དུ་འགྱུར་རོ། །

ཕྲེང་སྔགས།

ཕྲེང་སྔགས་ནི། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ནཱ་ཡེ་སྭཱ་ཧཱ།

ཐོག་མར་ངག་བྱིན་བརླབ།

ཐོག་མར་ངག་བྱིན་བརླབ་ནི། ཨོཾ་ཨཱཿཧཱུྃ །ལྕེ་དབང་རྃ་ཡིག་ལས་བྱུང་མེས་བསྲེགས་ནས། །འོད་དམར་རྣམ་པའི་རྡོ་རྗེ་རྩེ་གསུམ་སྦུབས། །ཨཱ་ལི་ཀཱ་ལིའི་མཐའ་སྐོར་རྟེན་འབྲེལ་སྙིང་། །མུ་ཏིག་ཕྲེང་བ་ལྟ་བུའི་ཡིག་འབྲུ་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད་པས་མཉེས། །སླར་འདུས་ངག་སྒྲིབ་དག་ནས་གསུང་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཨ་ཨཱ ཨི་ཨཱི ཨུ་ཨཱུ རྀ་རཱྀ ལྀ་ལཱྀ ཨེ་ཨཱཻ ཨོ་ཨཱཽ ཨཾ་ཨཱཿ ལན་གསུམ། ཀ་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵཿ ལན་གསུམ། ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥནྟ་ཐཱ་ག་ཏོ་ཧྱ་ཝ་དཏཿ ཏེ་ཥཱཉྩ་ཡོཿ ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎ་སྭཱ་ཧཱཿ ལན་གསུམ།

ཀློང་ཆེན་སྙིང་ཐིག་སྔོན་འགྲོ།

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབས་པ་རྣམ་མཁྱེན་ལམ་བཟང་ཞེས་བྱ་བ་བཞུགས་སོ། །གདོད་ནས་མངོན་སངས་རྒྱས་ཀྱང་གང་ལ་གང་འདུལ་གཟུགས་སྐུ་འགགས་པ་མེད། །སྣ་ཚོགས་སྒྱུ་འཕྲུལ་ངོམ་ཡང་ཕུང་ཁམས་སྐྱེ་མཆེད་གཟུང་དང་འཛིན་པ་བྲལ། །མི་ཡི་གཟུགས་སུ་སྣང་ཡང་མཁྱེན་བརྩེའི་འོད་ཟེར་སྟོང་འབར་རྒྱལ་བ་དངོས། །ཚེ་འདི་ཙམ་དུ་མ་ཡིན་གཏམ་གྱི་སྐྱབས་སུ་ཁྱོད་བསྟེན་བྱིན་གྱིས་རློབས། །དེ་ལ་འདིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་དུ་འགྲོ་བའི་ངག་འདོན་ཁྲིགས་སུ་སྡེབས་པར། །དང་པོ་དཔལ་ལྡན་བླ་མའི་ཐུགས་རྒྱུད་བསྐུལ་ཕྱིར་གསོལ་བ་གདབ་པ་ནི། བླ་མ་མཁྱེན། ལན་གསུམ་གྱིས་གདུང་བ་དྲག་པོས་བོས་ནས། སྙིང་དབུས་དད་པའི་གེ་སར་བཞད་པ་ནས། །སྐྱབས་གཅིག་དྲིན་ཅན་བླ་མ་ཡར་ལ་བཞེངས། །ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི། །སྐལ་བ་ངན་པ་བདག་ལ་སྐྱོབ་པའི་ཕྱིར། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ། །ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཚེ་རིང་ལྷ་དང་ཀླ་ཀློ་ལོག་ལྟ་ཅན། །སངས་རྒྱས་མ་བྱོན་ཞིང་དང་ལྐུགས་པ་སྟེ། །མི་ཁོམ་བརྒྱད་ལས་ཐར་བའི་དལ་བ་ཐོབ། །མིར་གྱུར་དབང་པོ་ཚང་དང་ཡུལ་དབུས་སྐྱེས། །ལས་མཐའ་མ་ལོག་བསྟན་ལ་དད་པ་སྟེ། །རང་ཉིད་འབྱོར་པ་ལྔ་ཚང་སངས་རྒྱས་བྱོན། །ཆོས་གསུངས་བསྟན་པ་གནས་དང་དེ་ལ་ཞུགས། །བཤེས་གཉེན་དམ་པས་ཟིན་དང་གཞན་འབྱོར་ལྔ། །ཐམས་ཅད་རང་ལ་ཚང་བའི་གནས་ཐོབ་ཀྱང༌། །རྐྱེན་མང་ངེས་པ་མེད་པའི་ཚེས་སྤངས་ནས། །འཇིག་རྟེན་ཕ་རོལ་ཉིད་དུ་སོན་པར་འགྱུར། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ད་རེས་དལ་རྟེན་དོན་ཡོད་མ་བྱས་ན། །ཕྱི་ནས་ཐར་པ་བསྒྲུབ་པའི་རྟེན་མི་རྙེད། །བདེ་འགྲོའི་རྟེན་ལ་བསོད་ནམས་ཟད་གྱུར་ན། །ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་འཁྱམས། །དགེ་སྡིག་མི་ཤེས་ཆོས་ཀྱི་སྒྲ་མི་ཐོས། །དགེ་བའི་བཤེས་དང་མི་མཇལ་མཚང་རེ་ཆེ། །སེམས་ཅན་ཙམ་གྱི་གྲངས་དང་རིམ་པ་ལ། །བསམས་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ། །མི་ཡང་ཆོས་མེད་སྡིག་ལ་སྤྱོད་མཐོང་ན། །ཆོས་བཞིན་སྤྱོད་པ་ཉིད་མོའི་སྐར་མ་ཙམ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང༌། །ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་སེམས། །ཐར་པ་བསྒྲུབ་པའི་རྟེན་དུ་མི་རུང་ཞིང༌། །ཁྱད་པར་བདུད་ཀྱིས་ཟིན་དང་དུག་ལྔ་འཁྲུགས། །ལས་ངན་ཐོག་ཏུ་བབས་དང་ལེ་ལོས་གཡེང། །གཞན་ཁོལ་བྲན་གཡོག་འཇིགས་སྐྱོབ་ཆོས་ལྟར་བཅོས། །རྨོངས་སོགས་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །སྐྱོ་ཤས་ཆུང་ཞིང་དད་པའི་ནོར་དང་བྲལ། །འདོད་སྲེད་ཞགས་པས་བཅིངས་དང་ཀུན་སྤྱོད་རྩུབ། །མི་དགེ་སྡིག་ལ་མི་འཛེམ་ལས་མཐའ་ལོག །སྡོམ་པ་ཉམས་ཤིང་དམ་ཚིག་རལ་བ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ད་ལྟ་ནད་དང་སྡུག་བསྔལ་གྱིས་མ་གཟིར། །བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་པས། །རང་དབང་ཐོབ་པའི་རྟེན་འབྲེལ་འགྲིགས་དུས་འདིར། །སྙོམས་ལས་ངང་དུ་དལ་འབྱོར་ཆུད་གསོན་ན། །འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་ལྟ། །ལྟ་ཅི་གཅེས་པར་བཟུང་བའི་ལུས་འདི་ཡང༌། །མལ་གྱི་ནང་ནས་ས་ཕྱོགས་སྟོང་པར་བསྐྱལ། །ཝ་དང་བྱ་རྒོད་ཁྱི་ཡིས་འདྲད་པའི་དུས། །བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང༌། །ཁྱད་པར་དམྱལ་བའི་འཇིག་རྟེན་ཉིད་སོན་ན། །ལྕགས་བསྲེགས་ས་གཞིར་མཚོན་གྱིས་མགོ་ལུས་འདྲལ། །སོག་ལེས་གཤོགས་དང་ཐོ་ལུམ་འབར་བས་འཚིར། །སྒོ་མེད་ལྕགས་ཁྱིམ་འཐུམས་པར་འོ་དོད་འབོད། །འབར་བའི་གསལ་ཤིང་གིས་འབུགས་ཁྲོ་ཆུར་འཚོད། །ཀུན་ནས་ཚ་བའི་མེས་བསྲེགས་བརྒྱད་ཚན་གཅིག །གངས་རི་སྟུག་པོའི་འདབས་དང་ཆུ་འཁྱགས་ཀྱི། །གཅོང་རོང་ཡ་ངའི་གནས་སུ་བུ་ཡུག་སྦྲེབས། །གྲང་རེག་རླུང་གིས་བཏབ་པའི་ལང་ཚོ་ནི། །ཆུ་བུར་ཅན་དང་ལྷག་པར་བརྡོལ་བ་ཅན། །སྨྲེ་སྔགས་རྒྱུན་མི་འཆད་པར་འདོན་པ་ཡང༌། །ཚོར་བའི་སྡུག་བསྔལ་བརྣག་པར་དཀའ་བ་ཡིས། །ཟུངས་ཀྱིས་རབ་བཏང་འཆི་ཁའི་ནད་པ་བཞིན། །ཤུགས་རིང་འདོན་ཅིང་སོ་འཐམ་པགས་པ་འགས། །ཤ་འུ་ཐོན་ནས་ལྷག་པར་འགས་ཏེ་བརྒྱད། །དེ་བཞིན་སྤུ་གྲིའི་ཐང་ལ་རྐང་པ་གཤོག །རལ་གྲིའི་ཚལ་དུ་ལུས་ལ་བཅད་གཏུབས་བྱེད། །རོ་མྱགས་འདམ་ཚུད་ཐལ་ཚན་རབ་མེད་ཀློང༌། །མནར་བའི་ཉེ་འཁོར་བ་དང་འགྱུར་བ་ཅན། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །རྟག་ཏུ་བཀོལ་ཞིང་སྤྱོད་པའི་ཉི་ཚེ་བ། །རྣམ་གྲགས་བཅོ་བརྒྱད་གང་ལས་འབྱུང་བའི་རྒྱུ། །ཞེ་སྡང་དྲག་པོའི་ཀུན་སློང་སྐྱེས་པའི་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །དེ་བཞིན་ཕོངས་ལ་ཉམས་མི་དགའ་བའི་ཡུལ། །བཟའ་བཏུང་ལོངས་སྤྱོད་མིང་ཡང་མི་གྲགས་པར། །ཟས་སྐོམ་ལོ་ཟླར་མི་རྙེད་ཡི་དྭགས་ལུས། །རིད་ཅིང་ལྡང་བའི་སྟོབས་ཉམས་རྣམ་པ་གསུམ། །གང་ལས་འབྱུང་བའི་རྒྱུ་ནི་སེར་སྣ་ཡིན། །གཅིག་ལ་གཅིག་ཟ་གསོད་པའི་འཇིགས་པ་ཆེ། །བཀོལ་ཞིང་སྤྱོད་པས་ཉམ་ཐག་བླང་དོར་རྨོངས། །ཕ་མཐའ་མེད་པའི་སྡུག་བསྔལ་གྱིས་གཟིར་བའི། །ས་བོན་གཏི་མུག་མུན་པར་འཁྱམས་པ་བདག །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ཆོས་ལམ་ཞུགས་ཀྱང་ཉེས་སྤྱོད་མི་སྡོམ་ཞིང༌། །ཐེག་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ། །དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་སྒོམ་པའི། །ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ། །ལྟ་བ་མ་རྟོགས་ཐོ་ཅོའི་སྤྱོད་པ་ཅན། །སྒོམ་པ་ཡེངས་ཀྱང་གོ་ཡུལ་འུད་གོག་འཐག །སྤྱོད་པ་ནོར་ཀྱང་རང་སྐྱོན་མི་སེམས་པའི། །ཆོས་དྲེད་འདི་ལས་བླ་མས་བསྒྲལ་དུ་གསོལ། །ནངས་པར་འཆི་ཡང་གནས་གོས་ནོར་ལ་སྲེད། །ན་ཚོད་ཡོལ་ཡང་ངེས་འབྱུང་སྐྱོ་ཤས་བྲལ། །ཐོས་པ་ཆུང་ཡང་ཡོན་ཏན་ཅན་དུ་རློམ། །མ་རིག་འདི་ལས་བླ་མས་བསྒྲལ་དུ་གསོལ། །རྐྱེན་ཁར་འཆོར་ཡང་འདུ་འཛི་གནས་སྐོར་སེམས། །དབེན་པ་བརྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་པའི། །ཆོས་བརྒྱད་འདི་ལས་བླ་མས་བསྒྲལ་དུ་གསོལ། །གཉིད་འཐུག་འདི་ལས་མྱུར་དུ་སད་དུ་གསོལ། །ཁྲི་མུན་འདི་ལས་མྱུར་དུ་དབྱུང་དུ་གསོལ། །ཞེས་འབོད་པ་དྲག་པོས་ཐུགས་རྗེ་ལྷོངས་པར་བྱའོ། །གཉིས་པ་སྐྱབས་སུ་འགྲོ་བ་ནི། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ༔ རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས༔ ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ ལན་གསུམ༔ ཧོ༔ སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱི༔ འཁོར་བ་ལུ་གུ་བརྒྱུད་དུ་འཁྱམས་པའི་འགྲོ༔ རང་རིག་འོད་གསལ་དབྱིངས་སུ་ངལ་བསོའི་ཕྱིར༔ ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོ༔ ལན་གསུམ༔ བཞི་པ་རྡོར་སེམས་སྒོམ་བཟླས་ནི། ཨཱཿ བདག་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་གདན་གྱི་དབུས༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ༔ ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོང༔ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ༔ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང་༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ག་བུར་རྡུལ་ལྟར་འཛག་པ་ཡིས༔ བདག་དང་ཁམས་གསུམ་སེམས་ཅན་གྱི༔ ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ༔ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ༔ མ་ལུས་བྱང་བར་མཛད་དུ་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྠ། དྲི་ཌྷོམེ་བྷ་ཝ། སུ་ཏོཥྱོ་མེ་བྷཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ༔ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ༔ ཅེས་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ༔ སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ ཅེས་བརྗོད་པས་རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་པའི་ཐུགས་སྲོག་ཧཱུྃ་གི་མཐའ་མར་འབྲུ་བཞི་པོ་གསལ་བ་ལས་འོད་ཟེར་འཕྲོས་ཁམས་གསུམ་སྣོད་བཅུད་དང་བཅས་པ་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར་བསམས་ལ། ཨོཾ་བཛྲ་ས་ཏྭ་ཧཱུྃ༔ ཅི་ནུས་བཟླས་མཐར་མཉམ་པར་བཞག་གོ །ལྔ་པ་མཎྜལ་ནི། ཨོཾ་ཨཱཿཧཱུྃ། སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་༔ རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པས་གཏམས༔ བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱིས༔ ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྲིད་ཐོབ་ཤོག༔ འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་༔ ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པ༔ ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུ༔ ཐུགས་རྗེ་མ་འགགས་ཆོས་ཉིད་རོལ་པའི་རྒྱན༔ སྐུ་དང་ཐིག་ལེའི་འཛིན་པ་རྣམ་དག་ཞིང་༔ ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ དྲུག་པ་ཀུ་སུ་ལུའི་ཚོགས་གསོག་ནི། ཕཊ༔ ལུས་གཅེས་འཛིན་བོར་བས་ལྷ་བདུད་ཆོམ༔ སེམས་ཚངས་པའི་སྒོ་ནས་དབྱིངས་ལ་ཐོན༔ འཆི་བདག་གི་བདུད་བཅོམ་ཁྲོས་མར་གྱུར༔ གཡས་ཉོན་མོངས་བདུད་འཇོམས་གྲི་གུག་གིས༔ གཟུགས་ཕུང་པོའི་བདུད་བཅོམ་ཐོད་པ་བྲེགས༔ གཡོན་ལས་བྱེད་ཚུལ་གྱིས་བྷནྡྷ་ཐོགས༔ སྐུ་གསུམ་གྱི་མི་མགོའི་སྒྱེད་པུར་བཞག༔ ནང་སྟོང་གསུམ་གང་བའི་བམ་རོ་དེ༔ ཨ་ཐུང་དང་ཧཾ་ཡིག་གིས་བདུད་རྩིར་བཞུ༔ འབྲུ་གསུམ་གྱི་ནུས་པས་སྦྱང་སྤེལ་བསྒྱུར༔ ཨོཾ་ཨཱཿཧཱུྃ། ཅི་ནུས་བཟླས་མཐར། ཕཊ༔ ཡར་མཆོད་ཡུལ་མགྲོན་གྱི་ཐུགས་དམ་བསྐང་༔ ཚོགས་རྫོགས་ནས་མཆོག་ཐུན་དངོས་གྲུབ་ཐོབ༔ མར་འཁོར་བའི་མགྲོན་མཉེས་ལན་ཆགས་བྱང་༔ ཁྱད་པར་དུ་གནོད་བྱེད་བགེགས་རིགས་ཚིམ༔ ནད་གདོན་དང་བར་ཆད་དབྱིངས་སུ་ཞི༔ རྐྱེན་ངན་དང་བདག་འཛིན་རྡུལ་དུ་བརླགས༔ མཐར་མཆོད་བྱ་དང་མཆོད་ཡུལ་མ་ལུས་ཀུན༔ གཤིས་རྫོགས་པ་ཆེན་པོར་མ་བཅོས་ཨཱ༔ བདུན་པ་བླ་མའི་རྣལ་འབྱོར་ནི། ཨེ་མ་ཧོ༔ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་༔ བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་དབུས༔ རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔ ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན༔ ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས༔ སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་༔ སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་༔ དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ༔ དཀར་དམར་མདངས་ལྡན་གཞོན་ནུའི་ཤ་ཚུགས་ཅན༔ ཕོད་ཁ་ཆོས་གོས་ཟ་བེར་འདུང་མ་གསོལ༔ ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་པའི་སྟབས༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ དབུ་ལ་འདབ་ལྡན་པདྨའི་མཉེན་ཞུ་གསོལ༔ མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མ༔ སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་རྩེ་གསུམ་བསྣམས༔ འཇའ་ཟེར་ཐིག་ལེའི་འོད་ཕུང་ཀློང་ན་བཞུགས༔ ཕྱི་འཁོར་འོད་ལྔའི་དྲ་བས་མཛེས་པའི་ཀློང་༔ སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་༔ རྒྱ་བོད་པཎ་གྲུབ་རིག་འཛིན་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབས༔ གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧྲཱི༔ བདག་ལུས་ཞིང་གི་རྡུལ་སྙེད་དུ༔ རྣམ་པར་འཕྲུལ་པས་ཕྱག་འཚལ་ལོ༔ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུས༔ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ འོད་གསལ་ཆོས་སྐུའི་ངང་དུ་བཤགས༔ བདེན་པ་གཉིས་ཀྱིས་བསྡུས་པ་ཡི༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ༔ ༈ རྗེ་བཙུན་གུ་རུ་རིན་པོ་ཆེ༔ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ༔ སེམས་ཅན་ཡོངས་ཀྱི་མགོན་གཅིག་པུ༔ ལུས་དང་ལོངས་སྤྱོད་བློ་སྙིང་བྲང་༔ ལྟོས་པ་མེད་པར་ཁྱེད་ལ་འབུལ༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན༔ རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན༔ ༈ བདག་ལ་རེ་ས་གཞན་ན་མེད༔ ད་ལྟའི་དུས་ངན་སྙིགས་མའི་འགྲོ༔ མི་བཟད་སྡུག་བསྔལ་འདམ་དུ་བྱིང་༔ འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ༔ དབང་བཞི་བསྐུར་ཅིག་བྱིན་རླབས་ཅན༔ རྟོགས་པ་སྤོར་ཅིག་ཐུགས་རྗེ་ཅན༔ སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔༈ བརྒྱད་པ་བརྒྱུད་པའི་གསོལ་འདེབས་ནི། ཨེ་མ་ཧོ༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས༔ དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་༔ ལོངས་སྐུ་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམས༔ སྤྲུལ་སྐུར་མཚན་རྫོགས་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ༔ ཤྲཱི་སིདྷ་དོན་དམ་ཆོས་ཀྱི་མཛོད༔ འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་སྒྱུར༔ ཛྙཱ་ན་སཱུ་ཏྲ་པཎ་ཆེན་བི་མ་ལར༔ གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན༔ འཛམ་བུའི་གླིང་གི་རྒྱན་གཅིག་པདྨ་འབྱུང་༔ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགས༔ ཐུགས་གཏེར་རྒྱ་མཚོའི་བརྡ་འགྲོལ་ཀློང་ཆེན་ཞབས༔ མཁའ་འགྲོའི་དབྱིངས་མཛོད་བཀའ་བབས་འཇིགས་མེད་གླིང་༔ གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལ༔ ཁ་སྐོང༌། ཆོས་ཀྱི་བདག་པོ་བྱང་ཆུབ་རྡོ་རྗེའི་ཞབས། །གྲུབ་བརྙེས་འཇིགས་མེད་རྒྱལ་བའི་མྱུ་གུ་དང༌། །སྤྲུལ་པའི་སྐུ་མཆོག་མི་འའགྱུར་ནམ་མཁའི་མཚན། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ། །གསོལ་བ་འདེབས་སོ་གནས་ལུགས་རང་ཞལ་སྟོན། །ཧེ་རུ་ཀ་དཔལ་ཡེ་ཤེས་རྡོ་རྗེ་དང༌། །ཨོ་རྒྱན་འཇིགས་བྲལ་ཆོས་ཀྱི་དབང་པོའི་ཞབས། །གྲུབ་པའི་དབང་ཕྱུག་པདྨ་བཛྲ་པ། །མཚོ་སྐྱེས་བླ་མ་མཁྱེན་བརྩེའི་དབང་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །༈ སྲིད་ལས་ངེས་པར་འབྱུང་བའི་ཞེན་ལོག་གིས༔ རྡོ་རྗེ་བླ་མ་དོན་ལྡན་མིག་བཞིན་བསྟེན༔ ཅི་གསུང་བཀའ་བསྒྲུབ་ཟབ་མོའི་ཉམས་ལེན་ལ༔ ལྟེམ་རྐྱང་མེད་པའི་སྒྲུབ་ཚུགས་ཞེ་རུས་ཀྱིས༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བར་ཤོག༔ སྣང་སྲིད་འཁོར་འདས་ཡེ་ནས་འོག་མིན་ཞིང་༔ ལྷ་སྔགས་ཆོས་སྐུར་དག་རྫོགས་སྨིན་པའི་འབྲས༔ སྤང་བླང་བྱ་རྩོལ་མེད་པའི་རྫོགས་པ་ཆེ༔ ཤེས་ཉམས་ཡིད་དཔྱོད་ལས་འདས་རིག་པའི་གདངས༔ ཆོས་ཉིད་མངོན་སུམ་རྗེན་པར་མཐོང་བར་ཤོག༔ མཚན་མའི་རྟོག་པ་རྣམ་གྲོལ་འཇའ་ཟེར་སྦུབས༔ སྐུ་དང་ཐིག་ལེའི་ཉམས་སྣང་གོང་དུ་འཕེལ༔ རིག་རྩལ་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབས༔ ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱས་ཏེ༔ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག༔ ཤིན་ཏུ་རྣལ་འབྱོར་ཉམས་འོག་མ་ཆུད་དེ༔ རགས་ལུས་དྭགས་མའི་དབྱིངས་སུ་མ་གྲོལ་ན༔ ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུང་བའི་ཚེ༔ འཆི་བ་འོད་གསལ་ཀ་དག་ཆོས་སྐུར་ཤར༔ བར་དོའི་སྣང་ཆ་ལོངས་སྤྱོད་རྫོགས་སྐུར་གྲོལ༔ ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ནས༔ མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག༔ གསང་ཆེན་འོད་གསལ་ཐེག་པ་མཆོག་གི་རྩེ༔ སངས་རྒྱས་གཞན་ནས་མི་ཚོལ་ཆོས་སྐུའི་ཞལ༔ མངོན་གྱུར་གདོད་མའི་ས་ལ་མ་གྲོལ་ན༔ མ་བསྒོམ་སངས་རྒྱས་ཆོས་ལྔའི་ལམ་མཆོག་ལ༔ བརྟེན་ནས་རང་བཞིན་སྤྲུལ་པའི་ཞིང་ལྔ་དང་༔ ཁྱད་པར་པདྨ་འོད་ཀྱི་ཕོ་བྲང་དུ༔ རིག་འཛིན་རྒྱ་མཚོའི་གཙོ་མཆོག་ཨོ་རྒྱན་རྗེས༔ གསང་ཆེན་ཆོས་ཀྱི་དགའ་སྟོན་འགྱེད་པའི་སར༔ སྲས་ཀྱི་ཐུ་བོར་སྐྱེས་ནས་དབྱུགས་དབྱུང་སྟེ༔ མཐའ་ཡས་འགྲོ་བའི་ཉེར་འཚོར་བདག་འགྱུར་ཤོག༔ རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་༔ ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་པ་ཡིས༔ དལ་འབྱོར་སྟེན་ལ་རྫོགས་སྨིན་སྦྱངས་གསུམ་གྱི༔ རྟེན་འབྲེལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག༔ ཅེས་ཁ་ཞེ་མེད་པར་གསོལ་བ་སྙིང་ནས་གདབ་བོ༔ དགུ་པ་དབང་བཞི་བླང་བ་ནི། གུ་རུའི་སྨིན་མཚམས་ནས་ཨོཾ་ཡིག་ཆུ་ཤེལ་ལྟ་བུར་འཚེར་བ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ལས་དང་རྩའི་སྒྲིབ་པ་དག སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱིས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག མགྲིན་པ་ནས་ཨཱཿ ཡིག་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་དང་རླུང་གི་སྒྲིབ་པ་དག་གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་དུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག །དེ་ལྟར་འདོན་བསྒོམ་ཟུང་དུ་འཇུག་པ་ལས་དབང་བཞི་བླངས་མཐར། ༈ ནམ་ཞིག་ཚེ་ཡི་དུས་བྱས་ཚེ༔ རང་སྣང་རྔ་ཡབ་དཔལ་རིའི་ཞིང་༔ ཟུང་འཇུག་སྤྲུལ་པའི་ཞིང་ཁམས་སུ༔ གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔ གསལ་འཚེར་འོད་ཀྱི་གོང་བུ་རུ༔ གྱུར་ནས་རྗེ་བཙུན་པད་འབྱུང་དང་༔ དབྱེར་མེད་ཆེན་པོར་སངས་རྒྱས་ཏེ༔ བདེ་དང་སྟོང་པའི་ཆོ་འཕྲུལ་གྱི༔ ཡེ་ཤེས་ཆེན་པོའི་རོལ་པ་ལས༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ འདྲེན་པའི་དེད་དཔོན་དམ་པ་རུ༔ རྗེ་བཙུན་པདྨས་དབུགས་དབྱུང་གསོལ༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ ཁ་ཙམ་ཚིག་ཙམ་མ་ཡིན་ནོ༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ༔ བསམ་དོན་འགྲུབ་པར་མཛད་དུ་གསོལ༔༈ བླ་མའི་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་དང་བཅས་པ་ཞིག་ཝལ་གྱིས་བྱུང་བ་བདག་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་ཁར་རེག་པ་ཙམ་གྱིས་འོད་དམར་གྱི་གོང་བུ་ཞིག་ཏུ་གྱུར་ནས་གུ་རུ་རིན་པོ་ཆེའི་ཐུགས་ཀར་ཐིམ་པས་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསྒོམ་ཞིང་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་ལ་མཉམ་པར་བཞག་གོ །དེ་ལས་ལྡང་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུངས་ཏེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །བཅུ་པ་བསྔོ་བ་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེག་གྱུར་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་བ་དེ། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བཅུ་གཅིག་པ་སྨོན་ལམ་ཁྱད་པར་བ་ནི། གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ཅིང༌། །ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག །དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཆོས་རྟོགས་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ། །ཚེ་དེར་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང༌། །གཞན་ཕན་བསྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །ཅེས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་སྡེབས་པ་རྣམ་མཁྱེན་ལམ་བཟང་འདི་ཉིད་རིག་འཛིན་འཇིགས་མེད་གླིང་པ་སོགས་དམ་པ་དུ་མས་བཀའ་དྲིན་གྱིས་བསྐྱངས་ཤིང་དམ་ཚིག་ལ་མོས་པ་ཐོབ་པའི་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བྲིས་པའི་དགེ་བས་རྗེས་འཇུག་རྣམས་ཀྱིས་བླ་མ་སངས་རྒྱས་སུ་མཐོང་འབྲས་ཀྱིས་རང་རིག་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་གྱུར་ནས་འགྲོ་ཁམས་རྒྱ་མཚོར་ཕན་པ་རྒྱུན་ཆད་མེད་པའི་རྒྱུར་གྱུར་ཅིག །

བདུད་འཇོམས་གཏེར་གསར་སྔོན་འགྲོ།

༄༅། །བདུད་འཇོམས་གཏེར་གསར་སྔོན་འགྲོའི་ངག་འདོན་བསྡུས་པ་བཞུགས་སོ། །དང་པོ་སྦྱོར་བ་བློ་ལྡོག་རྣམ་བཞིའི་ངག་འདོན་ནི། ན་མོཿ བསླུ་མེད་གཏན་གྱི་མགོན་པོ་བླ་མ་མཁྱེནཿ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའཿ སྐྱེས་ཚད་མི་རྟག་འཆི་བའི་ཆོས་ཅན་ཡིནཿ དགེ་སྡིག་ལས་ཀྱི་རྒྱུ་འབྲས་བསླུ་བ་མེདཿ ཁམས་གསུམ་འཁོར་བ་སྡུག་བསྔལ་རྒྱ་མཚོའི་ངངཿ དྲན་ནས་བདག་བློ་ཆོས་ལ་འགྱུར་བར་ཤོགཿ ཅེས་ལན་གང་མང་བརྗོད་ལ་བློ་སྦྱངཿ གཉིས་པ་སྔོན་འགྲོ་དངོས་ལཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ མདུན་གྱི་ནམ་མཁར་སྐྱབས་ཡུལ་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཉིད་གུ་རུ་རིན་པོ་ཆེའི་རྣམ་པར་མངོན་སུམ་དུ་བཞུགས་པར་མོས་ལཿ འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བརཿ བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིཿ ཞེས་ཕྱག་དང་སྦྲགས་ཏེ་ཅི་ནུས་སུ་བརྗོདཿ གཉིས་པ་སེམས་བསྐྱེད་པ་ནིཿ སྐྱབས་ཡུལ་དཔང་པོར་གསོལ་ཏེཿ ད་ནས་བཟུང་སྟེ་འཁོར་བ་མ་སྟོང་བརཿ མར་གྱུར་སེམས་ཅན་ཀུན་གྱི་ཕན་བདེ་བསྒྲུབཿ ཅེས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངཿ གསུམ་པ་ཚོགས་བསགས་མཎྜལ་འབུལ་བ་ནིཿ མཎྜལ་ཚོམ་བུ་དངོས་སུ་བཤམས་པ་དཔེར་མཚོན་ནསཿ ཚེ་རབས་ཀུན་གྱི་ལུས་དང་ལོངས་སྤྱོད་དཔལཿ ཚོགས་གཉིས་རྫོགས་ཕྱིར་དཀོན་མཆོག་གསུམ་ལ་འབུལཿ ཞེས་མཎྜལ་གང་མང་འབུལཿ བཞི་བ་སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནིཿ རང་ཉིད་ཐ་མར་གནས་པའི་ངང་ནསཿ སྤྱི་བོར་བླ་མ་རྡོར་སེམས་དབྱེར་མེད་པའིཿ སྐུ་ལས་བདུད་རྩིའི་རྒྱུན་བབས་སྒྲིབ་སྦྱངས་གྱུརཿ ཨོཾ་བཛྲ་སཏྭ་ས་མ་ཡཿ མ་ནུ་པཱ་ལ་ཡཿ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛཿ དྲ໏་ཌྷོ་མེ་བྷ་ཝཿ སུ་ཏོཥྱོ་མེ་བྷ་ཝཿ སུ་པོཥྱོ་མེ་བྷ་ཝཿ ཨ་ནུ་རཀྟོ་མེ་བྷ་ཝཿ སརྦ་སིངྔྷིམྨེ་པྲ་ཡཙྪཿ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃཿ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱནཿ སརྦ་ཏ་ཐཱ་ག་ཏཱ༔བཛྲ་མཱ་མེ་མུཉྩཿ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་བདུད་རྩི་འབེབ་སྦྱོང་གི་དམིགས་པ་དང་བཅས་ཡིག་བརྒྱ་དངཿ ཨོ་བཛྲ་ས་ཏྭ་ཧཱུྃཿ ཞེས་ཡིག་དྲུག་ཅི་ནུས་སུ་བཟླས་མཐརཿ འོད་ཞུ་བདག་སྣང་དང་འདྲེས་རོ་གཅིག་གྱུརཿ ཞེས་རྡོར་སེམས་རང་ལ་བསྡུས་ཏེ་མཉམ་པར་བཞགཿ ལྔ་པ་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་ནིཿ རང་ཉིད་རྡོ་རྗེ་རྣལ་འབྱོར་མདུན་མཁའ་རུཿ རྩ་བའི་བླ་མ་པདྨའི་སྐུ་བཞེངས་གྱུརཿ དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་སྐུཿ རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབསཿ འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངསཿ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབསཿ ཨ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ སྐུ་གསུང་ཐུགས་ཀྱི་དབང་བྱིན་ཡོངས་རྫོགས་ཐོབཿ བཛྲ་གུ་རུ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃཿ བླ་མ་འོད་ཞུ་རང་ཐིམ་དབྱེར་མེད་ངངཿ རིག་སྟོང་དོན་གྱི་བླ་མའི་རང་ཞལ་བལྟཿ དྲུག་པ་འཕོ་བ་ནིཿ མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབསཿ ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབསཿ ཞེས་ལན་གང་མང་བརྗོད་ལ་འཕོ་བའི་འདུན་པ་བྱཿ བདུན་པ་ལུས་སྦྱིན་དགེ་བསྔོ་ནིཿ ད་ནི་ལུས་དང་ལོངས་སྤྱོད་དགེ་རྩར་བཅསཿ མར་གྱུར་འགྲོ་ལ་ཕངས་པ་མེད་པར་བཏངཿ འགྲོ་དོན་རླབས་ཆེན་གེགས་མེད་འགྲུབ་པར་ཤོགཿ ཅེས་སོགས་སྨོན་ལམ་ནན་ཏན་དུ་གདབ་བོཿ ཞེས་གཏེར་གསར་སྔོན་འགྲོའི་ངག་འདོན་རྒྱས་པ་མི་ཤེས་ཤིང་མི་ལྕོགས་པའི་རིགས་ལ་ཕན་ཕྱིར་སྔོན་འགྲོའི་ངག་འདོན་བསྡུས་པ་འདིའི་གནད་དོན་གོ་བདེའི་གསལ་འདེབས་ས་བཅད་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།

ཐུབ་ཆོག་བྱིན་རླབས་གཏེར་མཛོད།

༄༅། །ཐུབ་ཆོག་བྱིན་རླབས་གཏེར་མཛོད་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། དེ་ཡང་མདོ་ཏིང་འཛིན་རྒྱལ་པོ་ལས། འཆག་དང་འདུག་དང་འགྲེང་དང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེན་མྱ་ངན་འདའ་བར་འགྱུར། །ཞེས་དང་། སྐུ་ལུས་དག་ནི་གསེར་གྱི་མདོག་འདྲ་བས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། །དམིགས་པ་འདི་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་བཞག་ཡིན། །ཞེས་གསུངས་པ་བཞིན་དུ། བདག་ཅག་རྣམས་ཀྱི་སྟོན་པ་མཚུངས་པ་མེད་པ་ཐུབ་པའི་དབང་པོ་རྗེས་སུ་དྲན་པའི་རྣལ་འབྱོར་དུ་བྱ་བ་ནི། འདི་ལྟ་སྟེ། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་དང་། ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ། ཆོས་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པའི་དོན་ཡིད་ལ་དྲན་པའི་ངང་ནས། ཨཿ སྐྱེ་མེད་སྟོང་པ་ཉིད་དང་རྟེན་འབྱུང་གི །སྣང་བ་འགག་མེད་ཟུང་འཇུག་སྒྱུ་མའི་ཚུལ། །རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །རིན་ཆེན་སེང་ཁྲི་པད་ཉི་ཟླ་བའི་སྟེང་། །སྟོན་པ་མཚུངས་མེད་ཤཱཀྱ་སེང་གེ་ནི། །གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ལྡན། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་ས་གནོན་ཕྱག་རྒྱ་ལེགས་བརྐྱངས་ཤིང་། །ཕྱག་གཡོན་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། །གསེར་གྱི་རི་ལྟར་གཟི་བརྗིད་དཔལ་འབར་བ། །ཡེ་ཤེས་འོད་ཟེར་དྲྭ་བས་མཁའ་དབྱིངས་ཁྱབ། །ཉེ་བའི་སྲས་བརྒྱད་གནས་བརྟན་བཅུ་དྲུག་སོགས། །འཕགས་ཚོགས་རྒྱ་མཚོའི་འཁོར་གྱིས་ཡོངས་བསྐོར་ཞིང་། །དྲན་པ་ཙམ་གྱིས་སྲིད་ཞིའི་མཐའ་གཉིས་ལས། །རྣམ་གྲོལ་བདེ་བ་མཆོག་གི་དཔལ་སྩོལ་བ། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་གསལ། །ཞེས་དེ་ལྟར་སངས་རྒྱས་ཀྱི་སྐུ་ལ་དམིགས་ཏེ་དེ་ན་དངོས་སུ་བཞུགས་ཡོད་སྙམ་པའི་སེམས་བསྐྱེད་མ་ཐག་ཏུ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ཕྱོགས་དང་དུས་གང་དུའང་ཉེ་རིང་མི་མངའ་བའི་ཕྱིར། གང་དུ་དམིགས་པ་དེ་ཉིད་དུ་ངེས་པར་བཞུགས་པར་འགྱུར་ཏེ། མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་ཤིང་། རྒྱལ་བ་ཉིད་ལ་དམིགས་ནས་ཚོགས་བསགས་པའང་མི་ཟད་པའི་དགེ་རྩ་ཆུད་མི་ཟ་བ་ཡིན་ཏེ། ཕལ་པོ་ཆེ་ལས། རྒྱལ་བ་དེ་དག་ཐོས་མཐོང་མཆོད་པ་བྱས་པས་ཀྱང་། །ཚད་མེད་པ་ཡི་བསོད་ནམས་ཕུང་པོ་འཕེལ་བར་འགྱུར། །ཉོན་མོངས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤང་འགྱུར་དུ། །འདུས་བྱས་འདི་ནང་བར་མ་དོར་ནི་ཟད་མི་འགྱུར། །ཞེས་དང་། དེའི་མདུན་དུ་སྨོན་ལམ་ཇི་ལྟར་བཏབ་པ་ཡང་དེ་བཞིན་དུ་འགྲུབ་སྟེ། འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཚུལ་རྣམས་ལ་ངེས་པ་བརྟན་པོ་བསྐྱེད་དེ། སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་། །བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་པ། །སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །འཕགས་དང་སོ་སོའི་སྐྱེ་བོའི་དགེ་བ་ནི། །དུས་གསུམ་བསགས་ལ་རྗེས་སུ་ཡི་རང་ངོ་། །ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་འཁོར་ལོའི་ཚུལ། །ཕྱོགས་བཅུར་རྒྱུན་མི་འཆད་པར་བསྐོར་དུ་གསོལ། །ཁྱོད་ནི་ནམ་མཁའ་ལྟ་བུའི་ཡེ་ཤེས་སྐུ། །དུས་གསུམ་འཕོ་འགྱུར་མེད་པར་བཞུགས་མོད་ཀྱི། །གདུལ་བྱའི་སྣང་ངོར་སྐྱེ་འཇིག་ཚུལ་སྟོན་ཀྱང་། །སྤྲུལ་པའི་གཟུགས་སྐུ་རྟག་ཏུ་སྣང་བར་མཛོད། །བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །མཁའ་ཁྱབ་འགྲོ་བ་ཀུན་ལ་ཕན་སླད་དུ། །ཆོས་ཀྱི་རྒྱལ་པོ་རྟག་པར་མཉེས་བྱེད་ཅིང་། །ཆོས་ཀྱི་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་རྣམས། །ཐུགས་རྗེས་ལྷག་པར་བཟུང་བའི་བཀའ་དྲིན་ལས། །ཞིང་དང་དུས་འདིར་རིན་ཆེན་རྣམ་གསུམ་གྱི། །སྣང་བ་ཇི་སྙེད་ཁྱེད་ཀྱི་ཕྲིན་ལས་ཉིད། །དེ་ཕྱིར་སྐྱབས་མཆོག་མཚུངས་མེད་གཅིག་པུ་རུ། །ཡིད་ཆེས་དད་པས་སྙིང་ནས་གསོལ་འདེབས་ན། །སྔོན་གྱི་དམ་བཅའ་ཆེན་པོ་མ་བསྙེལ་བར། །བྱང་ཆུབ་བར་དུ་ཐུགས་རྗེས་རྗེས་འཛིན་མཛོད། །ཅེས་ཡིད་ཆེས་ཀྱི་དད་པ་དྲག་པོས་སྟོན་པ་དངོས་སུ་བཞུགས་ཡོད་སྙམ་པས་སྐུ་ལ་རྩེ་གཅིག་ཏུ་དམིགས་ཏེ། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་ཅི་འགྲུབ་དང་།ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་ཤེར་ཕྱིན་ཡི་གེ་ཉུང་ངུ་ལས་གསུངས་པའི་གཟུངས་ནི། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཞེས་ཅི་རིགས་དང། ཨོཾ་མན་ཆད་ཅི་འགྲུབ་ཏུ་བཟླའོ། །འདི་དག་གི་སྐབས་སུ་སྟོན་པའི་ཡོན་ཏན་རྗེས་སུ་དྲན་ཏེ་དད་པའི་སེམས་ཀྱིས་རྩེ་གཅིག་ཏུ་སྐུ་ཡི་གསལ་སྣང་ལ་དམིགས་ནས། མཚན་བརྗོད་པ་དང་། གཟུངས་བཟླས་པའི་རྐྱེན་གྱིས་སྟོན་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པའི་སྣང་བ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་ཞིང་། ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཚུལ་བཞིན་དུ་སྐྱེས་ཏེ་ཕྱིར་མི་ལྡོག་པའི་ས་ནོན་པར་བསམས་ལ་དེ་ལྟར་ཅི་ནུས་སུ་བརྩོན་པར་བྱའོ། །ཐུན་མཚམས་རྣམས་སུ་མཎྜལ་སོགས་མཆོད་པ་དང་། ཐུབ་བསྟོད་ཀྱི་རིགས་དང་། སྙིང་རྗེ་པད་དཀར། རྒྱ་ཆེར་རོལ་པ། སྐྱེས་རབས་སྣ་ཚོགས། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ་སོགས་མདོ་གང་འདོད་ཅི་ལྟར་ནུས་པར་བཀླག །དགེ་བའི་རྩ་བ་རྣམས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །སྤྱིར་འགྲོ་འཆག་ཉལ་འདུག་གི་སྐབས་ཀུན་ཏུ་སྟོན་པ་ཉིད་མ་བརྗེད་པར་དྲན་པ་དང་། མཚན་མོ་ཡང་སྟོན་པ་དངོས་སུ་བཞུགས་པའི་སྐུ་ཡི་འོད་ཀྱིས་ཕྱོགས་ཐམས་ཅད་ཉིན་མོ་ཤིན་ཏུ་དྭངས་པའི་དུས་ལྟ་བུར་སྣང་བའི་འདུ་ཤེས་ཀྱི་ངང་དུ་གཉིད་ལོག་པར་བྱ། དུས་རྒྱུན་དུ་སྟོན་པ་ཉིད་ཀྱིས་སྔོན་ཇི་ལྟར་ཐུགས་བསྐྱེད་པའི་ཚུལ་ལས་བརྩམས་ཏེ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ལ་རྗེས་སུ་གཞོལ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་དམ་བཅའ་ལྷོད་པ་མེད་པའི་ངང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱི་དང་ཁྱད་པར་དུ་ཞི་ལྷག་གི་རྣལ་འབྱོར་ལ་ཅི་ནུས་སུ་བརྩོན་པས་དལ་འབྱོར་ཐོབ་པ་དོན་ལྡན་དུ་འགྱུར་ཏེ། བདག་ཅག་གི་སྟོན་པ་འདི་ཉིད་ཀྱི་མཚན་ཐོས་པ་ཙམ་ཞིག་གིས་རིམ་གྱིས་བྱང་ཆུབ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པར་འགྱུར་བ་མདོ་དུ་མ་ལས་གསུངས་ལ། གོང་དུ་བསྟན་པའི་གཟུངས་འདི་ལས་སངས་རྒྱས་ཐམས་ཅད་འབྱུང་ཞིང་། གཟུངས་འདི་རྙེད་པའི་མཐུས་ཤཱཀྱའི་རྒྱལ་པོ་ཉིད་སངས་རྒྱས་ཤིང་། སྤྱན་རས་གཟིགས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག་ཏུ་གྱུར་པ་དང་། གཟུངས་འདི་ཐོས་པ་ཙམ་གྱིས་བསོད་ནམས་རྒྱ་ཆེན་པོ་ཚེགས་མེད་པར་འཐོབ་ཅིང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བ་དང་།སྔགས་བསྒྲུབ་པ་ན་བགེགས་མ་མཆིས་པར་འགྲུབ་པར་འགྱུར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་པ་དེ་ཉིད་ལས་གསུངས་ཤིང་། བཀའ་གཞན་ལས་ཀྱང་གཟུངས་འདི་ལན་གཅིག་བཟླས་པས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཁྲིའི་བར་དུ་བྱས་པའི་སྡིག་པ་ཐམས་ཅད་བྱང་བར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་ཞིང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྙིང་པོ་དམ་པ་ཉིད་དུ་གསུངས་སོ། །དད་པ་བསྐྱེད་པ་དང་ཞི་ལྷག་གི་རྣལ་འབྱོར་ལ་ཇི་ལྟར་བརྩོན་པའི་ཚུལ་ཟུར་དུ་བཤད་པར་བྱའོ། །ཞེས་པ་འདི་ནི་བསླབ་གསུམ་ནོར་བུའི་མཛོད་མངའ་དབོན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་ནོར་བུ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་ནན་ཏན་དུ་བསྐུལ་པ་ཡིད་ལ་འཇགས་པའི་སྟེང་དུ་ཉེ་ཆར་ཡང་དབོན་རིན་པོ་ཆེ་ཉིད་ནས་སྤྲུལ་པའི་སྐུ་འཇིགས་མེད་པདྨ་བདེ་ཆེན་ལ་སྦྲན་ཏེ། རིན་ཆེན་དང་པོ་སོགས་བཀྲ་ཤིས་པའི་ལྷ་རྫས་ཀྱི་སྐྱེས་དང་བཅས་མྱུར་དུ་གྲུབ་པར་གྱིས་ཞེས་དམ་པ་ཟུང་གི་བཀས་བསྐུལ་བ་ལ་བརྟེན་ནས། སྟོན་པ་མཆོག་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་། དུས་མཐར་ཆོས་སྨྲ་བའི་མིང་ཙམ་འཛིན་པ། ཤཱཀྱའི་རྗེས་འཇུག་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་ཕུན་ཚོགས་ནོར་བུའི་གླིང་དུ། ཀུན་ལྡན་ལྕགས་བྱི་གསར་ཚེས་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་བརྒྱད་ལ་གྲུབ་པར་བགྱིས་པ་འདིས་ཀྱང་བསྟན་འགྲོ་ལ་ཕན་པ་རྨད་དུ་བྱུང་བ་རྒྱུན་མི་འཆད་པར་བྱེད་པ་དང་། ཚུལ་འདི་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་ཀྱི་རྒྱུད་ལ་སྟོན་པ་ཐུབ་པའི་དབང་པོའི་བྱིན་རླབས་མཚུངས་པ་མེད་པ་མངོན་དུ་འཇུག་པ་གྱུར་ཅིག །༈ བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །མི་ཕམ་པས་སོ། །༈ ཚིགས་སུ་བཅད་པ་གཅིག་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན། རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །ཚིགས་སུ་བཅད་པ་གཅིག་པ་རྫོགས་སོ། །

ཚིགས་སུ་བཅད་པ་བཞི་བ།

༈ ཚིགས་སུ་བཅད་པ་བཞི་པ་ནི། སྐུར་གྱུར་པ་ནི་ཐམས་ཅད་ལའང་། །མཚན་མཆོག་སུམ་ཅུ་གཉིས་མངའ་བའི། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་པ་དང་། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །ཚིགས་སུ་བཅད་པ་བཞི་པ་རྫོགས་སོ། །

མཛད་པ་བཅུ་གཉིས་ལས་བརྩམས་པའི་ཐུབ་བསྟོད།

༄༅། །མཛད་པ་བཅུ་གཉིས་ལས་བརྩམས་པའི་ཐུབ་བསྟོད་བཞུགས་སོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཤིང་། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་མའི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ། །གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །ཨངྒ་མ་ག་དྷར་ནི་སྒྱུ་རྩལ་བསྟན། །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། །ཁ་ན་མ་ཐོ་སྤོང་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །བརྩོན་པས་བྱང་ཆུབ་སྒྲུབ་པར་དགོངས་ནས་ནི། །ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་པས། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །ཝ་ར་ཎཱ་སི་ལ་སོགས་གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །གཞན་གྱི་རྒོལ་བ་ངན་པ་ཚར་གཅོད་ཕྱིར། །མུ་སྟེགས་སྟོན་པ་དྲུག་དང་ལྷས་སྦྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པས། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བྱའི་ཕྱིར། །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །འཆི་མེད་རྡོ་རྗེ་ལྟ་བུའི་སྐུར་བཞེངས་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང་། །མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། །༈ གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། །ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །གཞལ་ཡས་ཁང་དུ་མ་མ་བརྒྱད་བཞིས་མཆོད། །ཤཱཀྱའི་དྲུང་དུ་གཞོན་ནུས་རོལ་རྩེད་མཛད། །སེར་སྐྱའི་གནས་སུ་ས་འཚོ་ཁབ་ཏུ་བཞེས། །སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས། །མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། །ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། །མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། །མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །ཝ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར། །ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །རྩ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། །ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་ཀྱི། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག །ཅེས་བདག་ཅག་གི་སྟོན་པའི་མཛད་པ་ལ་བསྟོད་པ་ཆེ་བ་འདི་ཉིད་འབྲི་གུང་སྐྱོབ་པས་མཛད་པར་གྲགས་ལ། །ཆུང་བ་འདི་སློབ་དཔོན་དཔའ་བོས་མཛད་དོ་ཞེས་ཁ་ཅིག་ལས་འབྱུང་ངོ་། །༈ བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་པར་ཤོག །

བསམ་པ་ལྷུན་འགྲུབ་མ།

༄༅། །བསམ་པ་ལྷུན་འགྲུབ་མ་བཞུགས་སོ། །ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོང་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ༴ བསམ་པ༴ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་དུག་ལྔ་རང་རྒྱུད་སྤྱོད་པའི་ཚེ༔ དེ་འདྲའི་དུས་ན་གུ་རུས་ཐུགས་རྗེས་སྐྱོབས༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ ཧོར་སོགས་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ ཧོར་སོགས་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན༴ བསམ་པ༴ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས༔ ཡིད་གཉིས༴ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སྦས་ཡུལ་ནགས་ཁྲོད་དབེན་སར་བསྙོག་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས༴ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཡིད་གཉིས་༴ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས༴ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བ་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ ལམ་སྲུང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙོ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད༔ ཨོ་རྒྱན༴ བསམ་པ༴ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན༴ བསམ་པ༴ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨོ་རྒྱན༴ བསམ་པ༴ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས༴ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་པ་རྩད་ནས་གཞིག་པར་བྱེད༔ ཨོ་རྒྱན༴ བསམ་པ༴ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསུངས་ནས༔ ལྷ་སྲས་ལ་ཐུགས་བརྩེ་བས་དགོངས་ཏེ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གནང་ངོ༔ དེ་ནས་ལྷ་སྲས་ཀྱིས་གུས་པས་ཕྱག་དང་བསྐོར་བ་བྱས༔ གུ་རུ་ཨོ་རྒྱན་གྱི་ཡུལ་དུ་ཞལ་གཟིགས་ནས་ཉི་ཟེར་ལ་བཅིབས་ནས་བཞུད་དོ༔ ལྷ་སྲས་མུ་ཁྲི་བཙན་པོས་ཉོན་མོངས་རང་གྲོལ་གྱི་མན་ངག་དང༔ ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་ཞལ་ཆེམས་དང་བཅས་པ་མང་ཡུལ་གྱི་བྲག་རི་རིན་ཆེན་སྤུངས་པ་འདྲ་བ་ལ་གཏེར་དུ་སྦས༔ གཏེར་བདག་བསེའི་ལྷ་མོ་མཆེད་བཞི་ལ་བཅོལ་ལོ༔ ནམ་ཞིག་དུས་ཀྱི་མཐའ་མ་ལ༔ ང་ཡི་གདུང་བརྒྱུད་སྡུག་པའི་དུས༔ རི་བོ་བཀྲ་བཟང་ཤར་འདབས་ན༔ ལས་ཅན་སྐྱེས་བུ་བྱུང་བའི་ཚེ༔ དེ་ཚེ་དེ་ཡིས་རྙེད་གྱུར་ནས༔ བདག་གི་གདུང་བརྒྱུད་སྐྱོབ་པར་ཤོག༔ ཅེས་གསུངས་སོ༔ སཱམཱངྐ༔ ལྷ་སྲས་མུ་ཁྲི་བཙན་པོའི་ཞལ་ནས༔ ང་ཡི་བུ་འབངས་དད་གུས་ལྡན་པ་རྣམས༔ བླ་མ་སྐུ་གསུམ་གྱི་གསོལ་འདེབས་དེ༔ སྐྱབས་བླ་མ་ནམ་དྲན་དུས་སུ་གསོལ་བ་ཐོབ༔ ཡབ་རྒྱལ་པོ་ལ་གསུངས་པ་དེ༔ སྲོད་དྲག་པོའི་དུས་སུ་གསོལ་བ་ཐོབ༔ ཇོ་མོ་མཚོ་རྒྱལ་ལ་གསུངས་པ་དེ༔ ཐོ་རངས་རྒྱས་པའི་དུས་སུ་གསོལ་བ་ཐོབ༔ དགེ་སློང་ནམ་མཁའི་སྙིང་པོ་ལ་གསུངས་པ་དེ༔ ནམ་ལངས་ཞི་བའི་དུས་སུ་གསོལ་བ་ཐོབ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གསུངས་པ་དེ༔ དགོང་མོ་དབང་གི་དུས་སུ་གསོལ་བ་ཐོབ༔ ལྷ་སྲས་མུ་ཁྲི་བཙན་པོ་ལ་གསུངས་པ་དེ༔ ནམ་གུང་མུན་པའི་སྨག་ལ་གསོལ་བ་ཐོབ༔ གུང་ཐང་རྒྱལ་པོ་ལ་གསུངས་པ་དེ༔ ཉིན་གུང་བྲེལ་བ་སྤོངས་ལ་གསོལ་བ་ཐོབ༔ སྤྱིར་སྡུག་བསྔལ་གྱི་ཉེན་དུས་གསོལ་བ་ཐོབ༔ བདག་རྒྱལ་པོའི་གདུང་རྒྱུད་མ་ནོར་ཞིང༔ ཆོས་ཚུལ་བཞིན་སྤྱོད་པའི་ལས་ཅན་ལ༔ སྤྱིར་སངས་རྒྱས་ཐམས་ཅད་བཀའ་དྲིན་ཆེ༔ སྒོས་གུ་རུའི་བཀའ་དྲིན་བསམ་མི་ཁྱབ༔ བདག་ཆོས་སྐྱོང་རྒྱལ་པོའི་ངག་ལ་ཉོན༔ དུས་རྒྱུན་དུ་མོས་པས་གསོལ་བ་ཐོབ༔ ཅེས་གསུངས་སོ༔ གུང་ཐང་རྒྱལ་པོ་ལ་གསུངས་པའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་ཞེས་བྱ་བ་འདི་ནི༔ ལྷ་སྲས་མུ་ཁྲི་བཙན་པོས་རུ་ལག་གྲམ་པ་རྒྱང་གི་ལྷ་ཁང་དུ་སྦས་སོ༔ གཏེར་བདག་ལྷ་མོ་དྲེའུ་ཞོན་མ་ལ་བཅོལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆུ་ཕོ་འབྲུག་གི་ལོར་རུ་ལག་རྒྱང་གི་ལྷ་ཁང་ནས་སྤྲུལ་སྐུ་བཟང་པོ་གྲགས་པས་གཏེར་ནས་བཏོན་ཏེ༔ རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་ལ་གཏད༔ རིག་འཛིན་ཆེན་པོས་ཤོག་སེར་ལས་བསྒྱུར་བའོ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨྀ་ཐི༔ ༈ ཧྲཱིཿ དཀོན་མཆོག་རྩ་གསུམ་བདེ་གཤེགས་ཀུན་འདུས་དཔལ། །མ་ལུས་འགྲོ་བའི་སྐྱབས་མགོན་པདྨ་འབྱུང་། །གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ནད་གདོན་བར་ཆད་ཞི་བར་མཛད་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཅེས་སྔ་མ་ཤླཽ་ཀ་གཅིག་པོ་འདི་རྫོགས་ཆེན་དམ་ཅན་ལྷ་ཁང་གི་ནང་རྟེན་ཨོ་རྒྱན་རིན་པོ་ཆེས་རྗེ་དབོན་ཀུན་གྲོལ་རྣམ་རྒྱལ་ལ་ཞལ་གསུངས་མའོ། །ཕྱི་མའི་ཚིག་རྐང་གཉིས་པོ་འདི་དཔལ་སྤྲུལ་རིན་པོ་ཆེས་ཞལ་སྐོང་མཛད་པའོ། །

བསམ་པ་མྱུར་འགྲུབ་མ།

༄༅། །གསོལ་འདེབས་བསམ་པ་མྱུར་འགྲུབ་མ་བཞུགས་སོ། །༈ ཨེ་མ་ཧོ། མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ། །རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ནི། །མཁའ་འགྲོའི་སྤྲིན་ཕུང་འཁྲིགས་ལ་གསོལ་བ་འདེབས། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ལས་ངན་སྤྱད་པའི་རྣམ་སྨིན་མཐུས་བསྐྱེད་པའི། །ནད་གདོན་བར་ཆད་དམག་འཁྲུགས་མུ་གེ་སོགས། །ཁྱོད་ཞལ་དྲན་པའི་མོད་ལ་ཟད་བྱེད་པའི། །ཞལ་བཞེས་སྙིང་ནས་བསྐུལ་ལོ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང་། །ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས། །ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ། །སེམས་ཅན་ཀུན་གྱི་རྒྱུད་ལ་རང་ཞུགས་ནས། །འཇིག་རྟེན་བདེ་སྐྱིད་ལྡན་པར་དབུགས་འབྱིན་མཛོད། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །གང་ལ་ནད་དང་སྡུག་བསྔལ་མི་འདོད་རྐྱེན། །འབྱུང་པོའི་གདོན་དང་རྒྱལ་པོའི་ཆད་པ་དང་། །མེ་ཆུ་གཅན་གཟན་ལམ་འཕྲང་འཇིགས་པ་ཆེ། །ཚེ་ཡི་ཕ་མཐར་གཏུགས་པའི་གནས་སྐབས་ཀུན། །སྐྱབས་དང་རེ་ས་གཞན་དུ་མ་མཆིས་པས། །ཐུགས་རྗེས་ཟུངས་ཤིག་གུ་རུ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་བོད་ཁམས་ནད་མུག་མཐའ་དག་ཞི་ཞིང་བསྟན་འགྲོའི་བདེ་སྐྱིད་གསོ་བར་ཕན་ནམ་སྙམ་པས་དད་ལྡན་རྣམས་ཀྱི་ཐུགས་ལ་ཞོགས། ཅེས་པ་འདིའི་ཤླཽ་ཀ་དང་པོ་ཀུན་མཁྱེན་ཀློང་ཆེན་པའི་མཁའ་འགྲོ་ཡང་ཏིག་གི་རྒྱབ་ཆོས་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་གི་མཆོད་བརྗོད་ལས་འབྱུང་ཞིང་། དེ་ཕྱིན་ཀུན་མཁྱེན་གཉིས་པ་རིག་འཛིན་འཇིགས་མེད་གླིང་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ། །༈ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འགལ་རྐྱེན་བར་ཆད་མི་འབྱུང་ཞིང་། །མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅེས་པ་འདི་ནི་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་མཁའ་སྤྱོད་དཔལ་གྱི་ཙ་རི་ཏྲར་ཕེབས་སྐབས་སློབ་དཔོན་རིན་པོ་ཆེའི་ཞལ་གཟིགས་པའི་དུས་ཐོལ་བྱུང་དུ་གསུངས་པའི་གསོལ་འདེབས་བྱིན་རླབས་ཅན་ནོ། །

བར་ཆད་ལམ་སེལ།

༄༅། །གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔ ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས༴ དགོངས་པས་བདག་ལ༴ ནུས་པས་བདག་སོགས༴ ཕྱི་ཡི་བར་ཆད༴ ནང་གི་བར་ཆད༴ གསང་བའི་བར་ཆད༴ གུས་པས་ཕྱག་འཚལ༴ ཨོཾ་ཨཱཿ ཧཱུྃ་བཛྲ༴ དམ་ཆོས་རིན་ཆེན་གསན་པའི་ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔ གཡོན་པས་ཕུར་པའི་པུསྟི་བསྣམས༔ ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད༔ ཡང་ལེ་ཤོད་ཀྱི་པཎྜི་ཏ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿ ཧཱུྃ་བཛྲ༴ དམ་ཅན་དམ་ལ་བཏགས་པའི་ཚེ༔ དྲི་མེད་གནས་མཆོག་ཉམས་རེ་དགའ༔ རྒྱ་གར་བོད་ཡུལ་ས་མཚམས་སུ༔ བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔ དྲི་བསུང་སྤོས་ངད་ལྡན་པའི་རི༔ མེ་ཏོག་པདྨ་དགུན་ཡང་སྐྱེ༔ ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔ བདེ་ལྡན་དེ་ཡི་གནས་མཆོག་ཏུ༔ སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ རཀྟ་བདུད་རྩིའི་ནང་དུ་གཏམས༔ མཁའ་འགྲོ་དམ་ཅན་དམ་ལ་བཏགས༔ ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿ ཧཱུྃ་བཛྲ༴ རྒྱལ་བའི་བསྟན་པ་བཙུགས་པའི་ཚེ༔ གཡའ་རིའི་ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕང༔ རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་བསྒྲིལ༔ བསྒྲིལ་ཞིང་ཙནྡན་ནགས་སུ་འཕང༔ མེ་འབར་འཁྲུགས་ཤིང་མཚོ་ཡང་སྐེམ༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྴ་ནག་པོ་རྡུལ་དུ་བརླག༔ འགྲན་གྱི་དོ་མེད་བདུད་ཀྱི་གཤེད༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿ ཧཱུྃ་བཛྲ༴ སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ ཁྱེའུ་ཆུང་སྤྲུལ་སྐུའི་ཆ་ལུགས་ཅན༔ ཡ་མཚན་གཟུགས་བཟང་ཁ་དོག་ལེགས༔ ཚེམས་འགྲིག་དབུ་སྐྲ་སེར་ལ་མཛེས༔ དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔ བདུད་དང་སྲིན་པོའི་ཁ་གནོན་མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམས༔ མོས་པའི་བུ་ལ་སྲུང་སྐྱོབ་མཛད༔ མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿ ཧཱུྃ་བཛྲ༴ འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ༔ མེ་དཔུང་ཤོད་ཀྱི་ས་གཞི་ལ༔ མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་དུ་བསིལ་བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛད༔ མཚན་ཡང་པདྨ་འབྱུང་གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿ ཧཱུྃ་བཛྲ༴ བོད་ཀྱི་ཉི་མ་མཛད་པའི་ཚེ༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདུལ་སྐུར་བསྟན་ནས༔ གཙང་ཁ་ལ་ཡི་ལ་ཐོག་ཏུ༔ དགྲ་ལྷའི་དགེ་བསྙེན་དམ་ལ་བཏགས༔ ཡུལ་ནི་ཚ་བའི་ཚ་ཤོད་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་བཞི་ལ་དངོས་གྲུབ་གནང༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿ ཧཱུྃ་བཛྲ༴ དཔལ་མོ་ཐང་གི་དཔལ་ཐང་དུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བོད་ཡུལ་ཁ་ལའི་ལ་ཐོག་ཏུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ འདམ་ཤོད་ལྷ་བུའི་སྙིང་དྲུང་དུ༔ ཐང་ལྷ་ཡར་བཞུར་དམ་ལ་བཏགས༔ ཧས་པོ་རི་ཡི་ཡང་གོང་དུ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ལ་ལས་སྲོག་གི་སྙིང་པོ་ཕུལ༔ ལ་ལས་བསྟན་པ་བསྲུང་བར་བྱས༔ ལ་ལས་བྲན་དུ་ཁས་བླངས་བྱས༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿ ཧཱུྃ་བཛྲ༴ དམ་པ་ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔ བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སམྦྷ་ཝ༔ གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿ ཧཱུྃ་བཛྲ༴ བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔ རྐྱེན་ངན་བཟློག་ཅིང་དངོས་གྲུབ་གནང༔ རྗེ་བློན་ཐར་པའི་ལམ་ལ་བཀོད༔ གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿ ཧཱུྃ་བཛྲ༴ དེ་ནས་ཨོ་རྒྱན་ཡུལ་དུ་བྱོན༔ ད་ལྟ་སྲིན་པོའི་ཁ་གནོན་མཛད༔ མི་ལས་ལྷག་གྱུར་ཡ་མཚན་ཆེ༔ སྤྱོད་པ་རྨད་བྱུང་ངོ་མཚར་ཅན༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿ ཧཱུྃ་བཛྲ༴ སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན༔ དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ངེས་པར་སེལ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའང་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་པོའི་ཞབས་འོག་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས། ཕྱི་གསོལ་འདེབས་ཀྱི་སྒྲུབ་པ་ཁོལ་དུ་ཕྱུངས་པ་སྟེ། འདིས་ཀྱང་བསྟན་འགྲོའི་བར་ཆད་དང་རྒུད་པ་ཐམས་ཅད་ཉེ་བར་ཞི་ཞིང་དགེ་ལེགས་ཀྱི་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱུར་གྱུར་ཅིག །

བསམ་ལྷུན་བསྡུས་པ།

༄༅། །བསམ་ལྷུན་བསྡུས་པ་ཐུགས་རྗེའི་གློག་ཞགས་བཞུགས་སོ། །ཨེ་མ་ཧོ། དཀོན་མཆོག་རྩ་གསུམ་བདེ་གཤེགས་ཀུན་འདུས་དཔལ། །སྙིགས་དུས་འགྲོ་བ་མགོན་མེད་སྐྱབས་གཅིག་པུ། །ཐུགས་རྗེ་གློག་ལྟར་མྱུར་བའི་ཐོད་ཕྲེང་རྩལ། །མ་ཧཱ་གུ་རུ་པདྨ་ཧེ་རུ་ཀ།།མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དགྲ་གདོན་བགེགས་དང་བར་ཆད་བྱད་ཕུར་བཟློག །མ་རུང་རྒྱལ་བསེན་འབྱུང་པོ་དམ་ལ་ཐོགས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཅེས་པ་འདི་ཡང་དུས་རྟགས་མངོན་འགྱུར་གྱི་སྐབས་སུ་འཕགས་མ་ཡུམ་སྲས་ཀྱི་ཐུགས་བཞེད་ལྟར་ཐུགས་གཏེར་བདག་པོ་འཇའ་ལུས་རྡོ་རྗེས་སྨྲས་སོ། །

བར་ཆད་ལམ་སེལ་བསྡུས་པ།

༄༅། །བར་ཆད་ལམ་སེལ་ཤིན་ཏུ་བསྡུས་པ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པདྨ་འབྱུང་གནས་དྲག་པོ་རྩལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ཤུགས་ཕྱུངས་ལ། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །དུས་ངན་སྙིགས་མའི་འགྲོ་བ་སྡུག་བསྔལ་ཚེ། །ཁྱེད་ལས་རེ་ས་མེད་དོ་སྙིང་ཁོང་ནས། །མོས་གུས་གདུང་བས་ལྷང་ལྷང་གསོལ་བ་འདེབས། །འགལ་རྐྱེན་ཕྱི་ནང་གསང་བའི་བར་ཆད་བཟློག །ཚེ་བསོད་སྤེལ་ལ་རླུང་རྟ་དར་རྒྱས་ཤོག །ཅེས་པའང་གཏེར་མིང་འཛིན་པ་འཇའ་ལུས་རྡོ་རྗེས་སོ། །༈ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སེང་ཆེན་གནམ་བྲག་གི་གཡས་ཟུར་རིན་ཆེན་བརྩེགས་པ་ནས་སྤྱན་དྲངས་པ་དུས་བབ་ཀྱི་གསོལ་འདེབས་འདི་ཉིད་བྱིན་རླབས་ཤིན་ཏུ་ཆེ་བས་ཀུན་གྱི་ཁ་ཏོན་དུ་གཅེས་པར་ཟུངས་ཤིག༔

གསོལ་འདེབས་ལྕགས་ཀྱུ་མ།

༄༅། །གསོལ་འདེབས་ལྕགས་ཀྱུ་མ་བཞུགས་སོ། །ཧཱུྃ་ཧཱུྃ་ཧཱུྃ༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ འགྲོ་བ་ཡོངས་ཀྱི་སྐྱབས་གནས་རིན་པོ་ཆེ༔ ཁྱད་པར་ཐུགས་རྗེས་བོད་ཀྱི་སེམས་ཅན་གཟིགས༔ ལས་ངན་སྤྱད་པའི་རྣམ་སྨིན་གྱིས་མནར་བའི༔ བདག་ཅག་རྗེས་འཇུག་རྗེ་འབངས་སློབ་བུ་རྣམས༔ ཐུགས་ཀྱིས་འདོར་རམ་མ་ཧཱ་གུ་རུ་རྗེ༔ ཐུགས་རྗེ་ཡལ་ཡོལ་བཏང་སྙོམས་མངའ་བ་ན༔ ཡེ་སངས་རྒྱས་པའི་དགོས་པ་ཅི་ཞིག་མཆིས༔ བདག་ཅག་དུས་འདིར་གདུང་བས་མཆི་མ་འཁྲུགས༔ གསོལ་འདེབས་ང་རོས་འབོད་པ་ཅང་གསན་ནམ༔ ཡིད་ནི་རྩེ་གཅིག་ཁྱོད་ཀྱི་ཡོན་ཏན་དྲན༔ ཕ་ཡིས་ཐུགས་རྗེས་གཟིགས་ཤིག་རིན་པོ་ཆེ༔ བུ་ལ་བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ༔ ལུས་ལ་བདེ་བ་སྤོར་ཅིག་མཁའ་འགྲོའི་ཚོགས༔ ངག་ལ་ནུས་པ་སྐྱེད་ཅིག་ཡི་དམ་ལྷ༔ སེམས་ལ་རྟོགས་པ་སྤོར་ཅིག་གུ་རུ་རྗེ༔ འདིར་ཚོགས་མོས་པའི་བུ་ལ་བྱིན་གྱིས་རློབས༔ ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཕོབ་ཅིག༔ ངག་ལ་ཚངས་དབྱངས་གསུང་གི་བྱིན་ཕོབ་ཅིག༔ སེམས་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཕོབ་ཅིག༔ ཡོན་ཏན་འགྲན་ཟླ་བྲལ་བའི་བྱིན་ཕོབ་ཅིག༔ ཕྲིན་ལས་འགྲོ་འདུལ་རྣམ་བཞིའི་བྱིན་ཕོབ་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིག༔ ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛ༔ སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་ཁ་ཞེ་མེད་པར་གསོལ་བ་སྙིང་ནས་བཏབ་ན་ཨོ་རྒྱན་རིན་པོ་ཆེས་ངེས་པར་བྱིན་གྱིས་བརླབ་པར་ཞལ་གྱིས་བཞེས་པ་ཡིན་ནོ༔ འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱིས་བྲག་རི་གནམ་ལྕགས་འབར་བའི་གཏེར་མའོ། །

སྤྲུལ་པའི་གུ་རུ་མཚན་བརྒྱད།

༈ སྤྲུལ་པའི་གུ་རུ་མཚན་བརྒྱད་དང་། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །བྱང་སེམས་ཉེ་བའི་སྲས་བརྒྱད་དང་། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་བར་ཆད་སོལ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གསེར་འཕྱང་མེ་བྱ་སྨིན་ཟླའི་དམར་ཕྱོགས་དགའ་བ་དང་པོའི་ཉི་ཤར་ལ་འཇམ་དཔལ་རྡོ་རྗེའི་ཡིད་མཚོ་ལས་བརྡོལ་བའོ། །

དམ་འགྲུབ་ཉེས་པ་ཀུན་སེལ།

༄༅། །དམ་གྲིབ་ཉེས་པ་ཀུན་སེལ་བཞུགས་སོ། །སྟོང་པའི་ངང་ལས་སྐད་ཅིག་གིས། །སྣ་ཚོགས་པད་ཉིའི་གདན་སྟེང་དུ། །རང་ཉིད་ཁྲོ་ཆེན་སྨེ་བརྩེགས་ནི། །མཐིང་ནག་འོད་ཟེར་ཀུན་འཕྲོ་བ། །ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད། ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ། །གནས་གསུམ་ཡི་གེ་འཕྲོ་འདུ་ལས། །ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་ཐིམ། །ཐུགས་ཀར་པད་ཉི་ཧཱུྃ་མཐིང་མཐར། །བཟླས་སྔགས་མགལ་མེའི་འཁོར་ལོ་བཞིན། །མེ་ཡི་ཚྭ་ཚྭ་འཁྲུགས་ཅིང་འཕྲོ། །གནོད་བྱེད་ཉམས་ཆག་ཀུན་བསྲེགས་གྱུར། ཨོཾ་ཨུ་ཙུཥྨ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧྭཿ ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱཿ མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱཿ ཨ་ཀོ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱཿ ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱཿ ཨུ་ཊ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱཿ ཨེ་ལིང་ཨེ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱཿ ལ་མོན་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱཿ ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱཿ ༀ་བྷུར་ཀུར་མ་ཧཱ་པྲ་མ་ཎ་ཡེ་བྷུར་ཙི་བྷུར་ཀུམ་བྷི་མ་ལེ་ཨུ་ཙུཥྨ་ཀྲོ་ངྷ་ཧཱུྃ་ཧཱུྃ་ཕཊ་ཏོར་ཡ་ཏོར་ཡ་སྭཱ་ཧཱཿ ཞེས་བཟླས་པ་ཅི་ནུས་བྱ། །མཐར་མཆོད་བསྟོད་ནི། ཨོཾ་ཨུ་ཙུཥྨ་ཀྲོ་དྷཱ་ར་ཛ་ས་པ་རི་ཝ་ར་ཨ຋ཾ་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། །བདག་མེད་ལྟ་བུ་ཧེ་རུ་ཀ །བདག་ལྟའི་རུ་ཏྲ་བསྒྲལ་བའི་ཚེ། བསྣམས་ནས་ཁྲོ་བོའི་རྒྱལ་པོ་བྱུང་། །གདུལ་དཀའ་འདུལ་མཛད་ཕྱག་འཚལ་བསྟོད། ཅེས་སོ། ཡི་གེ་བརྒྱ་བས་ནོངས་པ་བཤགས། །བདག་སྐྱེད་མཇུག་གི་བྱ་བ་ཉེར་བསྡུ་ནི། སྣོད་བཅུད་འོད་ཞུ་རང་ཉིད་དང་། །དེ་ཡང་མི་དམིགས་འོད་གསལ་ངང་། ཁྲོ་རྒྱལ་སྣང་སྟོང་ཆེན་པོར་ཤར། །མི་མཐུན་ཕྱོགས་ཀུན་བསྲུང་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །སྨེ་བ་བརྩེགས་པ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དམ་གྲིབ་ཉེས་པ་ཀུན་སེལ་མངའ་བདག་ཉང་གི་གཏེར་མའོ།། །།

གང་བློ་མ།

༄༅། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་བཞུགས་སོ། །བཅོམ་ལྡན་འདས་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད། ཨོཾ་ཨ་ར་པ་ཙ་ན་དྷིཿ ཅི་མང་བཟླས་མཐར། བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་རྨོངས་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པའོ། རྔོག་ལོས་བསྒྱུར།།

བཀྲ་ཤིས་བརྒྱད་པ།

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་བཞུགས་སོ། །ལས་གང་ཞིག་རྩོམ་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་དོན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། །ཨོཾ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་འགྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀཱ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོར་མཐོང་། །གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་གྲགས་དཔལ་འབྱོར་སྤེལ། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པ་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལ་ཟླ་༧པའི་ཚེས་གསུམ་གཟའ་ཉི་མ་དང་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བའི་ནོར་བུའི་དོ་ཤལ་ཆེན་པོའོ། །

དབང་སྡུད་གསོལ་འདེབས།

༄༅། །སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ བདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ། །བདེ་སྟོང་སོ་སོར་རྟོགས་པའི་ཡེ་ཤེས་སྐུ། །མ་ཆགས་བདེ་ལྡན་པདྨའི་རང་བཞིན་ལས། །རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ། །ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རྗེས་ཆགས་གཟུགས། །པདྨ་རྒྱལ་པོས་འཁོར་འདས་མངའ་དབང་བསྒྱུར། །སྣང་སྲིད་ཟིལ་གནོན་དབང་ཆེན་ཧེ་རུ་ཀ།།གསང་བ་ཡེ་ཤེས་བཛྲ་ཝཱ་ར་ཧི། །བདེ་མཆོག་འདོད་པའི་རྒྱལ་པོ་བདེ་ཆེན་གཏེར། །མ་ལུས་སྐྱེ་དགུའི་ཡིད་འཕྲོག་རིག་བྱེད་མ། །མཆོག་ཐུན་ཕྱག་རྒྱའི་དབང་ཕྱུག་བདེ་སྟོང་གར། །དབང་མཛད་རྡོ་རྗེ་དཔའ་བོ་ཌཱཀྐིའི་ཚོགས། །སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ། །རྡོ་རྗེ་སྐུ་ཡི་གར་གྱིས་སྲིད་གསུམ་གཡོ། །འགག་མེད་གསུང་གི་བཞད་སྒྲས་ཁམས་གསུམ་འགུགས། །འོད་ཟེར་དམར་པོས་འཁོར་འདས་ཡོངས་ལ་ཁྱབ། །སྲིད་ཞིའི་དྭངས་བཅུད་གཡོ་ཞིང་སྡུད་པར་བྱེད། །རྡོ་རྗེ་ཆགས་པ་ཆེན་པོའི་ཐུགས་ཀྱིས་ནི། །རྣམ་གཉིས་དངོས་གྲུབ་འདོད་དགུའི་མཆོག་སྩོལ་ཞིང་། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་པོ་ཡིས། །སྣང་སྲིད་བདེ་བ་ཆེན་པོར་སྡོམ་བྱེད་པ། །མཐའ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅན། །ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི། །རབ་འབྱམས་རྩ་གསུམ་དབང་གི་ལྷ་ཚོགས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་འདོད་དགུའི་དཔལ་མཐའ་དག །ཐོགས་མེད་དབང་དུ་བྱེད་པའི་དངོས་གྲུབ་སྩོལ། །ཅེས་པའང་རབ་ཚེས་ས་ཡོས་ཟླ་༧ཚེས་༢ལ་དྷཱི་མིང་པས་སྤེལ། གསོལ་བ་བཏབ་ན་གང་ཟག་སུ་ཡང་རུང་སྟེ། དབང་གི་ལས་ཀུན་ཅི་ལྟར་བསམ་པ་བཞིན་འགྲུབ་པར་གདོན་མི་ཟའོ། །དར་དམར་ལ་བྲིས་ཏེ་ཕྱར་བའམ། མེ་རླུང་ལ་འཁོར་ལོ་བྱས་ཀྱང་འགྲུབ་པོ། །

ཚིག་བདུན་གསོལ་འདེབས།

༈ ཚིག་བདུན་གསོལ་འདེབས་བཞུགས་སོ། །ཧཱུཾ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ༔

སྐུ་གསུམ་གསོལ་འདེབས།

༄༅། །སྐུ་གསུམ་གསོལ་འདེབས་བཞུགས་སོ། །ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང༔ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔ བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོན༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཡིས༔ རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང༔ ཤྲཱི་སིངྷའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ རྫོགས་ཆེན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ སྣང་ཡང་བདག་འཛིན་མེད་པའི་ངང་ལ་ཞོག༔ གཟུང་འཛིན་དག་པ་གསལ་སྟོང་ལྷ་ཡི་སྐུ༔ འདོད་ཆགས་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས༔ འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི༔ སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་ཀུན༔ གྲགས་སྟོང་བསམ་མནོ་བྲལ་བའི་ངང་ལ་ཞོག༔ གྲགས་སྟོང་སྐྱེ་འགགས་མེད་པ་རྒྱལ་བའི་གསུང༔ གྲགས་སྟོང་རྒྱལ་བའི་གསུང་ལ་གསོལ་བ་འདེབས༔ འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ རིག་པ་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས༔ ཕྱི་ལྟར་བཟུང་བའི་ཡུལ་སྣང་དག་པ་དང༔ ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང༔ བར་དུ་འོད་གསལ་རང་ངོ་ཤེས་པ་རུ༔ དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྗེ་ཡིས༔ བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ ལེའུ་བདུན་མ་ལས་ཁོལ་དུ་ཕྱུང་བའོ།། །།

སྙིང་ཐིག་བླ་བརྒྱུད་གསོལ་འདེབས།

༈ བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་། །པདྨ་ཀ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབས་གཉགས་གཏེར་སྟོན་བརྒྱ་རྩ་སོགས། །བཀའ་གཏེར་བླ་མ་རྣམས་ལ་གསོལ་བ་འདེབས། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་རྗེའི། །ཟབ་གཏེར་བདག་པོར་མངའ་གསོལ་འཁོར་ལོས་སྒྱུར། །སངས་རྒྱས་གླིང་པའི་ཡང་སྤྲུལ་སྦས་ཚུལ་འཆང་། །ཀུན་བཟང་གཞན་ཕན་ཞབས་ལ་གསོལ་བ་འདེབས། །འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་གླིང་བསྒྲོད་པའི་དེད་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་པ། །འཇིགས་མེད་རྒྱལ་བའི་མྱུ་གུར་གསོལ་བ་འདེབས། །འཇམ་དཔལ་བྱིན་རླབས་བཱི་མའི་རྣམ་པར་འཕྲུལ། །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པ། །བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་འདེབས། །ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ། །ནང་ལྟར་གྲུབ་པའི་དབང་ཕྱུག་ཤ་བ་རི། །གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །བདག་པས་གཞན་གཅེས་བྱང་ཆུབ་སེམས་གཉིས་འབྱུང་། །བསྐྱེད་རྫོགས་མཐར་ཕྱིན་འཁོར་འདས་དབྱེར་མེད་རྟོགས། །ཆོས་ཟད་ཆོས་སྐུའི་དགོངས་པའི་གྲུབ་མཐའ་སྙོགས། །བསྟན་པའི་ཉི་མའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་ཁྱབ་བདག་རྡོ་རྗེ་སེམས། །ཡེ་ཤེས་སྒྱུ་མའི་གར་རོལ་བཱི་མ་ལ། །དབྱེར་མེད་རིག་འཛིན་ངག་གི་དབང་པོའི་ཞབས། །གསོལ་བ་འདེབས་སོ་དོན་བརྒྱུད་དགོངས་པ་སྩོལ། །མཆོག་གི་བླ་མ་རྣམས་ཀྱི་རྒྱལ་ཚབ་ཏུ། །དབང་སྐུར་ལུང་ཟིན་ཕྱོགས་མེད་གཞན་དོན་སྤྱོད། །སྦས་པའི་རྣལ་འབྱོར་ཀུན་སྤང་རྫོགས་ཆེན་པ། །སངས་རྒྱས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །གནས་ལུགས་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཔལ་མགོན་བླ་མ་རྣམས་ཀྱི་ཐུགས་རྗེ་ཡིས། །རྡོ་རྗེ་ཐེག་པའི་རིང་ལུགས་མ་ནོར་བར། །ཆོས་དང་བླ་མ་དམ་པ་མཇལ་བར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་སྟེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །

ཚིག་བདུན་གསོལ་འདེབས་བླ་མའི་རྣལ་འབྱོར།

༄༅། །ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བཞུགས་སོ། །ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། བདག་དང་འགྲོ་དྲུག་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། ལན་གསུམ། །སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་སངས་རྒྱས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་བ་བསྒྲལ་བར་དམ་བཅའོ། །ལན་གསུམ། བླ་མ་ཡི་དམ་མཁའ་འགྲོ་གཤེགས། ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་འཐོལ་ཞིང་བཤགས། །གསང་སྔགས་སྒྲུབ་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཨཱཿ རང་ལུས་ཐ་མལ་གནས་པའི་མདུན་མཁའ་རུ། །ཨོ་རྒྱན་དྲི་མེད་དྷ་ན་ཀོ་ཤའི་མཚོ། །གཏིང་ཟབ་ཡན་ལག་བརྒྱད་ལྡན་ཆུས་གང་བའི། །དབུས་སུ་རིན་ཆེན་པད་སྡོང་འདབ་རྒྱས་སྟེང་། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །མཚན་དཔེའི་དཔལ་འབར་ལྷ་ལྕམ་ཡུམ་དང་འཁྲིལ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །འོད་ལྔའི་ཀློང་ན་བདེ་ཆེན་གཟི་བྱིན་འབར། །འཁོར་དུ་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས། །བྱིན་རླབས་ཐུགས་རྗེ་ཆར་འབེབས་བདག་ལ་གཟིགས། །རྒྱལ་ཀུན་ངོ་བོ་འཆི་མེད་ཡེ་ཤེས་སྐུར། །གདུང་ཤུགས་དྲག་པོས་དད་ཕྱག་རྟག་ཏུ་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །སྲས་བཅས་རྒྱལ་བ་ཀུན་གྱི་ཡོན་ཏན་གྱི། །ཁྱབ་བདག་གཅིག་པུ་མགོན་པོའི་རྣམ་ཐར་ལ། །སྙིང་ནས་ཡི་རང་དད་པས་གསོལ་འདེབས་ཤིང་། །ཟབ་རྒྱས་ཆོས་ཀྱི་ཆར་པ་འབེབ་པར་བསྐུལ། །རང་གཞན་དགེ་བའི་དངོས་པོ་ཀུན་བསྡོམས་ནས། །འགྲོ་ཁམས་རྒྱ་མཚོ་ཇི་སྲིད་གནས་ཀྱི་བར། །མགོན་པོ་ཁྱེད་ཀྱི་རྣམ་ཐར་རྗེས་བསྙེགས་ཏེ། །མཁའ་ཁྱབ་འགྲོ་བ་འདྲེན་པའི་དོན་དུ་བསྔོ། །སྐྱབས་གནས་ཀུན་འདུས་མཁྱེན་བརྩེའི་གཏེར་ཆེན་པོ། །དུས་ངན་སྙིགས་མའི་སྐྱབས་གཅིག་རིན་པོ་ཆེ། །ལྔ་བདོའི་རྒུད་པས་མནར་བཞིན་གདུང་ཤུགས་ཀྱིས། །གསོལ་འདེབས་བུ་ལ་བརྩེ་བས་མྱུར་དུ་གཟིགས། །དགོངས་པའི་ཀློང་ནས་ཐུགས་རྗེས་རྩལ་ཕྱུང་ལ། །མོས་ལྡན་བདག་གི་སྙིང་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་མྱུར་དུ་བསྟན་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ། ཧཱུཾ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བརྗོད་ལ་ཚིག་བདུན་གསོལ་འདེབས་ཅི་ནུས་འདོན་པ་དང་། མོས་གུས་ཀྱིས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་དང་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་བ་ཐག་ལྟར་བརྐྱངས་ནས་རང་གི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། ཨོཾ་ཨཿཧཱུྃཿབཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཅི་ནུས་བཟླས། ཐུན་མཐར།དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཨོཾ་བཛྲ་ཨ຋ཾ་པཱཏྱཾ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནེ་ཝིདྱ་ཤཔྟ་པྲ་ཏིཙྪ་ཧོཿ ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེཿ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་བའི་སྐུཿ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོདཿ གསོལ་ཀ་དང་བཤགས་པ་སོགས་འདི་ན་འདོགས།། །།

རྩ་གསུམ་ཆོས་སྲུང་རྒྱ་མཚོའི་གཏོར་བསྔོ།

༄༅། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྐོང་བཤགས་དང་གཏོར་བསྔོ་བཅས་ཉེ་བར་བསྡུས་པ་དངོས་གྲུབ་མཆོག་སྦྱིན་ཞེས་བྱ་བཞུགས་སོ།།ན་མོ་གུ་རུ་བྷྱཿ འདིར་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས་པ་དང་། གཏོར་མ་འབུལ་བའི་རིམ་པ་བཅས་མདོར་བསྡུས་ཏེ་ཉམས་སུ་ལེན་པར་འདོད་པས། མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམས་ཤིང་། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། །བདག་ཉིད་དཔལ་ཆེན་ཐུགས་ནས་རྃ་ཡྃ་ཁྃ། འཕྲོས་པས་མཆོད་རྫས་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །དམ་ཚིག་ཡེ་ཤེས་དབྱེར་མེད་བདུད་རྩིའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། རྃ་ཡྃ་ཁྃཿཨོཾ་ཨཱཿཧཱུྃཿ ལན་གསུམ། ཧཱུྃ་ཧྲཱིཿངོ་བོ་འོད་གསལ་ཆོས་སྐུའི་ཡེ་ཤེས་ལས། །རང་བཞིན་མ་འགགས་ཤར་བའི་རྩ་གསུམ་ལྷ། །ཐུགས་རྗེ་གང་འདུལ་སྤྲུལ་སྐུའི་རྣམ་རོལ་གྱིས། །བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་སྐུར་བཞེངས་ཤིག ། ཧཱུྃ་བྷྱོཿ གཞི་དབྱིངས་གདོད་ནས་རྣམ་གྲོལ་ཨེ་ཀ་ཛཿ། གཞི་སྣང་ཡེ་ཤེས་སྙིང་པོ་མ་ནིང་ནག །ཟུག་འཇུག་དབྱིངས་རིག་དབྱེར་མེད་ཐིག་ལེ་རྩལ། །རླུང་སེམས་དབུ་མར་ཐིམ་པའི་རཱ་ཧུ་ལ། །ཚོགས་བརྒྱད་རང་གྲོལ་དུར་ཁྲོད་ལྷ་མོ་དང་། །བདེ་སྟོང་སྒྱུ་འཕྲུལ་ཚེ་རིང་མཆེད་ལྔ་སོགས། །ཡེ་ཤེས་ལས་གྲུབ་ཆོས་སྲུང་རྒྱ་མཚོའི་ཚོགས། །རང་བཞིན་གནས་ནས་སྤྱན་འདྲེན་འདིར་གཤེགས་ཤིག ། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ་ཛཿ ལྷུན་གྲུབ་དུར་ཁྲོད་རོལ་པའི་གནས་འདིར་བཞུགས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །གཟུང་འཛིན་རྟོག་ཚོགས་དབྱིངས་སུ་ཐིམ་པ་ལས། །གང་ཤར་བདེ་སྟོང་རོལ་མོར་འཆར་བའི་དཔྱིད། །སྣོད་བཅུད་རྣམ་དག་རྡོ་རྗེའི་གྲོང་ཁྱེར་དུ། །ཕྱི་ནང་གསང་བའི་མཆོད་རྫས་སྤྲིན་ལྟར་གཏིབས། །སྨན་རཀ་ཕུད་ཀྱི་བཏུང་བ་མཚོ་ལྟར་བསྐྱིལ། །ཟག་མེད་བདུད་རྩིའི་གཏོར་མ་རི་ལྟར་སྤུངས། །མཐུན་རྫས་སྤྱན་གཟིགས་སྐར་ལྟར་བཀྲ་བ་འདིས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །སྔགས་སྲུང་ཨེ་ཀ་ཛ་ཊཱིའི་ཐུགས་དམ་བསྐང་། །དཔལ་མགོན་མ་ནིང་ནག་པོའི་ཐུགས་དམ་བསྐང་། །སྐྱེས་མཆོག་བཛྲ་སཱ་དྷུའི་ཐུགས་དམ་བསྐང་། །དྲང་སྲོང་ཁྱབ་འཇུག་ཆེན་པོའི་ཐུགས་དམ་བསྐང་། །ནོར་སྐྱོང་དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །བཀྲ་ཤིས་ཚེ་རིང་མཆེད་ལྔའི་ཐུགས་དམ་བསྐང་། །དཔལ་མགོན་བདུན་ཅུ་དྲེགས་པ་སྡེ་བརྒྱད་སོགས། །རྡོ་རྗེའི་ཆོས་སྲུང་ཡོངས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ཞིང་ཉམས་ཆག་མཐོལ་བཤགས་ན། །མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་ནས་ཀྱང་། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི། །མཆོག་ཐུན་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་རྩ་གསུམ་ཆོས་སྲུང་སྤྱིར་འབུལ། བྱེ་བྲག་སོ་སོར། མ་མ་ཏྲཀ་རཀྴ་ཨེ་ཀ་ཛ་ཊཱི་ཨི་དཾ་བ་ལ་ཏ་པཱུ་ཛ་ཧོཿ ཁ་རཾ་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཏྲི་ལིང་གིང་ཀ་ར་ཨི་དཾ་བ་ལ་ཏ་པཱུ་ཛ་ཧོཿ ཁ་རཾ་ཁཱ་ཧི། ཏྲི་བཛྲ་སཱ་དྷུ་ས་མ་ཡ་ཨི་དཾ་བ་ལ་ཏ་པཱུ་ཛ་ཧོཿ ཁ་རཾ་ཁཱ་ཧི། ཧྲཱིཿཤག་རུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་ག་ཤ་ལ་ཛཿ ཨི་དཾ་བ་ལ་ཏ་པཱུ་ཛ་ཧོཿ ཁ་རཾ་ཁཱ་ཧི། ཧཱུྃ་ར་ལི་པྲ་མ་ཡ་ཨི་དཾ་བ་ལ་ཏ་པཱུ་ཛ་ཧོཿ ཁ་རཾ་ཁཱ་ཧི། བྃ་ཧ་རི་ནི་ས་བཛྲ་པྲ་མོ་ཧ་ཙིཏྟ་ཧྲཱི་ཧྲཱི་ཛཿཛཿ ཨི་དཾ་བ་ལ་ཏ་པཱུ་ཛ་ཧོཿ ཁ་རཾ་ཁཱ་ཧི། ཨ་ཡ་མ་དུ་རུ་ཙ་ཤ་ན་གིངྐ་ར་ས་མ་ཡ་བ་ལ་ཏ་བྷུཉྫ་ཧོཿ ཞེས་ལན་གསུམ་མམ་བདུན་གྱིས་དབུལ། ཧཱུྃ། དོན་དམ་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་། །ཀུན་རྫོབ་ཞི་ཆགས་ཁྲོ་བོའི་རྣམ་རོལ་ཅན། །རྩ་གསུམ་ཆོས་སྲུང་རྒྱ་མཚོ་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །ཟག་མེད་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ། །གནས་སྐབས་ནད་གདོན་འཇིགས་བརྒྱད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་དབང་བཅུའི་ཡེ་ཤེས་སྦོར། ཁམས་གསུམ་རླུང་སེམས་སྣང་བ་དབང་དུ་བསྡུས། །གཟུང་འཛིན་དགྲ་བགེགས་དབུ་མའི་ཀློང་དུ་སྒྲོལ། །འོད་གསལ་རྡོ་རྗེ་སྙིང་པོའི་བཤད་སྒྲུབ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་སྤེལ། །འགྲོ་ཀུན་ཕན་དང་བདེ་བའི་དཔལ་ལ་སྦྱོར། །མཐར་ཐུག་ཀ་དག་རིག་སྟོང་རྗེན་པའི་གཤིས། །ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་ལ་སྦྱོར་བས། །ཟུང་འཇུག་འཇའ་ལུས་རྡོ་རྗེའི་གྲོང་ཁྱེར་དུ། །ཁམས་གསུམ་འོད་སྐུར་གྲོལ་བའི་ཕྲིན་ལས་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཡི་གེ་བརྒྱ་པས་ནོངས་བ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང། མེད་ན་གཏོར་མགྲོན་རྣམས་གཤེགས། དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་སྦྱར་བ་སརྦ་དཱ་མངྒ་ལཾ།། །།

མ་མགོན་བསྐང་བསྡུས།

འུྂཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ མ་མགོན་བསྐང་བསྡུས། བྷྱོ༔ ཏིང་འཛིན་སྤྲུལ་པའི་གནས་མཆོག་འདིར༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ དངོས་སུ་བཤམས་དང་ཡིད་ལས་བྱུང་༔ བྱང་ཆུབ་སེམས་དང་ཨ་མྲྀ་ཏ༔ མྱོས་བྱེད་དབའ་ཀློང་འཁྲུགས་པ་དང་༔ སྲོགས་ཆགས་མདངས་ཀྱིས་ཐུགས་དམ་བསྐང་༔ སྣ་ཚོགས་ཤ་སྣ་སྙིང་གི་ཁྲག༔ དཀར་གསུམ་མངར་གསུམ་རོ་དྲུག་ཟས༔ ཉེར་སྤྱོད་བ་ལིང་གཏོར་མ་དང་༔ སྤྱན་གཟིགས་མཆོད་པས་ཐུགས་དམ་བསྐང་༔ སྒྲུབ་རྫས་སྦ་དཀར་ཚིགས་གསུམ་དང་༔ དུག་ཁྲག་སྦྱར་བ་ནད་ཀྱི་རྒྱུ༔ གསོན་ཁྲག་རླངས་པ་ཕྱུར་བ་ཡིས༔ འདོད་ཆགས་ཅན་གྱི་ཐུགས་དམ་བསྐང་༔ ཤེས་རབ་མཚལ་དང་སྤྱི་བླུག་ཞྭ༔ ཤ་ཁྲག་སྙིང་སྣ་རུ་མཚོན་དང་༔ རྨ་བྱའི་རྒྱལ་མཚན་ཙིཏྟིའི་ཏོག༔ ལེ་བརྒན་དར་དང་མཐིང་ནག་གུར༔ སྣེལ་མའི་མགོ་དང་གཡང་གཞི་སྙིང་༔ ནལ་བུའི་ཤ་ཁྲག་ལུག་ནག་གསོབ༔ རྐང་གླིང་ཐོད་རྔ་ལྟག་སྤྲོད་སོགས༔ རྟེན་རྫས་རྣམས་ཀྱི་ཐུགས་དམ་བསྐང་༔ བྱ་ནག་ལུག་ནག་ཁྱི་ནག་འབྲི༔ མི་ཁྱི་རྟ་ཡི་བམ་ཆེན་དང་༔ མདོས་དང་འབྲས་བུ་སྣ་ཚོགས་པ༔ བསྐང་རྫས་རྣམས་ཀྱིས་ཐུགས་དམ་བསྐང་༔ རྟ་དང་གཡག་ནག་གྲི་སྙིང་གི༔ དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་༔ ར་ཡི་ཤ་ཁྲག་གསུར་ཆེན་གྱིས༔ སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང་༔ ཤ་ཁྲག་སྙིང་སྣ་རི་མཚོན་གྱིས༔ གཟའ་བདུད་འཁོར་བཅས་ཐུགས་དམ་བསྐང་༔ དཀར་དམར་འོ་ཆོལ་རྟ་བོང་ཤས༔ དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་༔ མདོར་ན་སྣང་སྲིད་སྣོད་བཅུད་ཀུན༔ དབང་པོ་དྲུག་གི་སྤྱོད་ཡུལ་དུ༔ རང་རང་མཐུན་པའི་དམ་རྫས་ཀྱིས༔ སྤྲུལ་འཁོར་ཡོངས་རྫོགས་ཐུགས་དམ་བསྐང་༔ ཁྱད་པར་དུས་ཀྱི་ཐ་མ་ལ༔ སྲིད་པའི་བདེ་སྡུག་མ་མོས་བྱེད༔ འབྱུང་བ་ལྔ་ཡང་ཡུམ་ལྔའི་ཀློང་༔ དེ་ཕྱིར་སྲིད་པ་མ་མོར་གྲགས༔ དབྱིངས་ལ་རྣམ་རྟོག་མི་མངའ་ཡང་༔ རྩལ་ལས་སྤྲུལ་པར་ཤར་བའི་ཚེ༔ ལེགས་ཉེས་སྟངས་འཛིན་མ་མོ་ནི༔ ཀོ་ལོང་རུ་ང་གདུག་རྩུབ་ཆེ༔ རྣལ་འབྱོར་ཐབས་ལ་མི་མཁས་ཤིང་༔ འཇིག་རྟེན་རྨོངས་པའི་དབང་གྱུར་པས༔ ལྷ་མོའི་དམ་ཚིག་གང་དང་གང་༔ དེ་ཀུན་དང་དུ་མ་བླངས་ཤིང་༔ དཀར་དམར་ཐབས་དང་གཞོབ་ལ་སོགས༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ ཁྱོད་ལ་མཐོལ་ལོ་བཟོད་པར་བཞེས༔ དབྱིངས་ནས་བཀའ་ཆད་མ་བཏང་ཅིག༔ ཤྭ་དང་རྡེའུ་མ་འགྲིམས་ཤིག༔ ཁྲམ་དང་དལ་ཁ་མ་སྟོན་ཅིག༔ ཚོན་དྲུ་ནད་རྐྱལ་མ་བརྡེག་ཅིག༔ གོད་ཁ་གནས་འགྱུར་མ་བཏང་ཅིག༔ ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ ཞི་རྒྱས་གཉིས་ཀྱི་གསོ་བ་དང་༔ དབང་དྲག་རོལ་པའི་མངོན་སྤྱོད་ཀྱི༔ ལས་བཞིའི་དངོས་གྲུབ་བདག་ལ་སྩོལ༔

གཟའ་རྒོད་སྲོག་གི་སྤུ་གྲི།

འུྂཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཟའ་རྒོད་སྲོག་གི་སྤུ་གྲི་བཞུགསཿ ཧྲཱིཿ ཤག་རུ་རམ་ནཱ་ག་ཙིཏྟ་ཏྲཾཿ མ་མ་ཡོ་ཛ་གྲམ་ཧ་ཧེ་ཡོ་ཀ་ཤ་ལ་ཛ་ཛཿ ཧྲཱིཿ དུར་ཁྲོད་རབ་འཇིགས་རྩུབ་འགྱུར་ཚལ༔ ཁྲག་ཞགས་རྦ་ཀློང་འཁྲུགས་པའི་དབུས༔ བཀའ་སྲུང་གཟའ་བདུད་ར་ཧུ་ལ༔ སྲོག་གི་སྤུ་གྲི་གཤེགས་སུ་གསོལ༔ སྐུ་མདོག་དུད་ཁ་སྦྲུལ་མཇུག་གཡོ༔ དབུ་དགུ་བྱ་རོག་གདོང་གིས་མཛེས༔ ཕྱག་བཞི་མདའ་གཞུ་ཞགས་པ་དང་༔ ཆུ་སྲིན་རྒྱ་མཚན་རྔམས་སྟབས་འཛིན༔ འཁོར་དུ་གདོང་མོ་རྣམ་བཞི་དང་༔ གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད༔ ལྕེ་སྤྱང་བདུད་བྱ་ཁྱི་ནག་དང་༔ དྲེགས་པ་སྡེ་བརྒྱད་དམག་གིས་བསྐོར༔ འཁོར་དང་བཅས་པ་མ་ལུས་ཀུན༔ ནམ་མཁའ་ཡངས་པའི་ཀློང་ནས་གཤེགས༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ དམར་ཆེན་ཁྲག་གི་ཨ་རྒྷཾ་དང་༔ དབང་ལྔའི་མེ་ཏོག་ཤ་གསུར་ཏྲི༔ ཞུན་ཆེན་མར་མེ་མཁྲིས་པའི་ཆབ༔ ཤ་རུས་ཞལ་ཟས་ཐོད་རྔའི་སྒྲ༔ རྐང་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ དམར་ཆེན་གཏོར་མ་རི་ལྟར་སྤུངས༔ སྨན་རག་བདུད་རྩི་མཚོ་ལྟར་བསྐྱིལ༔ མཐུན་རྫས་སྤྱན་གཟིགས་སྐར་ལྟར་བཀྲམ༔ བཞེད་དགུའི་ལོངས་སྤྱོད་སྤྲིན་ལྟར་འདུ༔ མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས༔ གཟའ་བདུད་ཆེན་པོའི་ཐུགས་དམ་བསྐང་༔ རཱ་ཧུ་ལ་ཡི་ཐུགས་དམ་བསྐང་༔ སྡེ་བརྒྱད་དམག་དཔོན་ཐུགས་དམ་བསྐང་༔ གདོང་མོ་བཞི་ཡི་ཐུགས་དམ་བསྐང་༔ དྲང་སྲོང་ཆེན་པོའི་ཐུགས་དམ་བསྐང་༔ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐང་༔ དྲེགས་པ་སྡེ་བརྒྱད་ཐུགས་དམ་བསྐང་༔ ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་བར་ཆད་སོལ༔ འགལ་འཁྲུལ་ནོངས་པ་དབྱིངས་སུ་བསྐངས༔ བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ ལོག་པར་འདྲེན་པའི་དགྲ་དང་བགེགས༔ ཁ་རླངས་དུག་གི་སྤུ་གྲིས་སོད༔ བརྒྱུད་འཛིན་སློབ་མ་བུ་བཞིན་སྐྱོངས༔ བཀའ་གསང་གཉན་པོའི་བསྟན་པ་སྤེལ༔ བསམ་དོན་ཡིད་བཞིན་འགྲུབ་པར་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་གཤེགསཿ ཨེ་མ་རྒྱལ་དབང་པདྨ་ཐོད་ཕྲེང་གིཿ རྡོ་རྗེ་དམ་ཚིག་སྲུང་མ་འདིཿ མཐུ་རྩལ་རྣོ་མྱུར་ཐོག་དང་འདྲཿ བཀའ་གཉན་འཁུ་ལྡོག་གདུག་རྩུབ་ཆེཿ དེ་ཕྱིར་སྙིང་ལས་གཅེས་པར་ཟུངསཿ ས་མ་ཡཿ

དམ་ཅན་སྐྱེས་བུ་ཆེན་པོའི་འཕྲིན་བཅོལ།

འུྂཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ དམ་ཅན་སྐྱེས་བུ་ཆེན་པོའི་འཕྲིན་བཅོལ། ཧོཿ འཛམ་བུའི་གླིང་གི་སྐྱེས་མཆོག རིག་པ་ཅན་གྱི་རྒྱལ་པོ། ཉི་མ་ནུབ་ཕྱོགས་ཀྱི་སྲོག་བདག རྣལ་འབྱོར་ཡོངས་ཀྱི་སྲུང་མ། རིན་ཆེན་གཏེར་གྱི་བདག་པོ། རྡོ་རྗེ་ལེགས་པ། རྡོ་རྗེ་བདེ་ལྡན། རྡོ་རྗེ་འབར་བ། རྡོ་རྗེ་ཁྱུང་གཤོག་རྩལ། རྡོ་རྗེ་ཐིག་ལེ་རྩལ། སྐུ་མདོག་དམར་ནག་འཇིགས་སུ་རུང་བ། རལ་པའི་རྩེ་ནས་དུ་བ་འཕྱུར་བ། སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས་པ། སྨ་ར་ཨག་ཚོམ་མེ་སྟག་འཕྲོ་བ། མཆེ་བ་ཟང་ཡག་ཧ་ཧ་རྒོད་པ། ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོལ་བ། གཡོན་པས་དགྲ་སྙིང་ཞལ་དུ་གསོལ་བ། སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ་བ། སྐུ་སྨད་སྟག་གི་ཤམ་ཐབས་གསོལ་བ། སྦྲུལ་དང་ཐོད་པ་སེ་རལ་འཕྱང་བ། སེང་གེ་དཀར་མོའམ་ར་སྐྱེས་ཁམ་པ་ལ་ཆིབས་པ། ཐུགས་ཀྱི་དགྱེས་སྡེ་བཙུན་མོས་བསྐོར་བ། བཀའ་བློན་ལྷ་སྲིན་སྡེ་བརྒྱད་དང་བཅས་པ། སྒྲོལ་གིང་བྱེ་བའི་ཚོགས་ཀྱིས་བསྐོར་བ། ཕོ་ཉ་ལྕགས་སྤྱང་དོམ་དྲེད་འགྱེད་པ། རྒྱ་ཡི་ཨ་བསེ་ཆེན་པོ། ཁམས་ཀྱི་གནོད་སྦྱིན་ཆེན་པོ། བོད་ཀྱི་ཨ་ཇོ་ཆེན་པོ། མགར་བ་ནག་པོ། མོན་པ་ནག་པོ། གའུ་ནག་པོ། སེར་སྐྱ་ནག་པོ། མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་གཙོ་བོ། སྐྱེ་བོ་ཡོངས་ཀྱི་དགྲ་ལྷ༑བན་བོན་ཡོངས་ཀྱི་སྲུང་མ། དམག་དཔོན་ཆེན་པོ། ཇག་དཔོན་ཆེན་པོ། ཚོང་དཔོན་ཆེན་པོ། སྟོང་དཔོན་ཆེན་པོ། མཁན་དཔོན་ཆེན་པོ། གྲལ་དཔོན་ཆེན་པོ། ལས་མཁན་ཆེན་པོ། སྒྲོལ་གིང་ཆེན་པོ། ཕོ་ཉ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །ལེགས་པ་ཆོས་ཤིགཉེས་པ་བཟློག་ཅིག བསམ་པ་སྒྲུབས་ཤིགརེ་བ་སྐོངས་ཤིགམི་ལ་ན་ཚ་མ་གཏོང་། ཕྱུགས་ལ་གོད་ཁ་མ་གཏོང་། ཁ་སྨྲས་དང་གླེང་བརྗོད་མ་གཏོང་། མི་ཁ་དང་དལ་ཡམས་མ་གཏོང་། དགྲ་རྐུན་དང་འཚེ་བ་མ་གཏོང་། གཞན་ཡང་གཞི་ལ་འདུག་ན་ལེགས་པར་སྲུངས་ཤིག བྱེས་སུ་འགྲོ་ན་མགོན་སྐྱབས་མཛོད་ཅིག ལམ་འཕྲང་འཇིགས་པར་སྐྱེལ་བསུ་གྱིས་ཤིག ཆུ་ལ་འགྲོ་ན་སྒྲོལ་འདོན་མཛོད་ཅིག ཚོང་ལ་འགྲོ་ན་ཚོང་དཔོན་གྱིས་ཤིག དམག་ལ་འགྲོ་ན་དམག་དཔོན་གྱིས་ཤིག ཇག་ལ་འགྲོ་ན་ཇག་དཔོན་གྱིས་ཤིག དགྲ་དང་རྩོད་ན་ཕ་རོལ་ནོན་ཅིག མི་མཉམ་པ་དང་མཉམ་དུ་ཆུག་ཅིག མཉམ་གཉིས་གོང་དུ་ལེགས་པར་ཐོན་ཅིག བཅོལ་བའི་ཕྲིན་ལས་སྒྲུབས་ཤིག བསྒྲུབ་པའི་རྟགས་ཕྱུངས་ཤིག དགྱེས་པའི་ཞལ་སྟོན་ཅིག མཐུ་དང་རྫུ་འཕྲུལ་བསྐྱེད་ཅིག མངའ་ཐང་དང་འབྱོར་པ་སྤེལ་ཅིག སྙན་པ་དང་གྲགས་པ་སྒྲོགས་ཤིག བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ཅེས་པའང་དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་ལ་ཕྲིན་བཅོལ་ཉུང་ངུ་བསྡུས་པ་འདི་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་པའི་གསུང་བྱིན་རླབས་ཅན་གཞན་བཅོས་ཀྱིས་མ་སླད་པར་དག་པར་ཕབ་པའོ། དགེའོ།། །།

ཙིའུ་དམར་གསོལ་ཀ

༄༅། །གནོད་སྦྱིན་ཆེན་པོ་རོལ་བ་རྐྱ་བདུན་གྱི་གསོལ་མཆོད་བཞུགས་སོ༔ ཧྲཱིཿ པདྨ་ཙནྡྷ་མ་ཧཱ་ཀྲོ་ཏ་ཧ་ཡ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མཆོད་གཏོར་ལེགས་པར་བཤམས་པར་བྱིན་ཀྱིས་བརླབ་ཏེ༔ བདག་ཉིད་རྟ་མགྲིན་དབང་ཆེན་དུ་གསལ་བའི་ཐུགས་ཀའི་ཡི་གེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ་སོ་སོའི་གནས་ནས་སྤྱན་དྲངས་པར་བསམ་ལ། སྤོས་དང་ཕྱེ་མར་བསྲེག་ཅིང་དར་དམར་པོས་གཡབ་ལ་གདུང་བའི་ང་རོས་འབོད་པ་ནི། ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ པདྨ་དབང་གི་བཀའ་ཉན་པ༔ ཆེ་བཙན་རོལ་པ་སྐྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ༔ ཕྱག་ན་བ་དན་ཞག་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་གཤེགས་ཚུར་གཤེགས་གནས་འདིར་བྱོན༔ ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛ༔ བྷྱོཿ བཙན་མཁར་དམར་པོའི་ནང་ཤེད་ན༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འོང་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཀྱཻ༔ སྐྱེ་བུ་རོལ་པ་མཆེད་བདུན་ནི༔ ཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གི་བཀའ་གཉན་པ༔ དམ་ཚིག་གཉེར་གཏད་ཁྱེད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ༔ ཐུགས་རྗེའི་དབང་གིས་ཉེ་བར་བཛོད༔ ཨརྒྷཾ་བི་ཤུདྡྷེ་སྭཱ་ཧཱ༔ གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་ཆབ་དང་༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ རུ་པ་པུཥྤེ༴ ཤབྟ་པུ་ཙ་ཧོ༔ ཀྱཻ༔ སྐྱེས་བུ་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་བ་སྡེ་བདུན་ཚོགས༔ ཁྱེད་ལ་དགྱེས་པའི་ལོངས་སྤྱོད་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཟག་མེད་བདུན་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་བུར་གཏམས༔ སྤྱན་གཟིག་ལོང་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོགས༔ གླུ་དབྱངས་སྙན་པའི་ཚོགས་དང་བཅས༔ དམ་ཅན་མཆེད་བདུན་ཐུགས་དམ་བསྐང་༔ བཙན་འཁོར་འབར་བའི་ཐུགས་དམ་བསྐང་༔ སྡེ་བརྒྱད་སྡོང་ཟླའི་ཐུགས་དམ་བསྐང་༔ དཀོར་བསྲུང་དམ་ཅན་ཐུགས་དམ་བསྐང་༔ ལས་བྱེད་ཕོ་ཉའི་ཐུགས་དམ་བསྐང་༔ བྷྱོཿ བསེ་མཁར་དམར་པོ་ལྡེམས་སེ་ལྡེམས༔ དར་དམར་རུ་མཚོན་པུ་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང་༔ དྲེགས་པའི་མདའ་འཕེན་བྲེངས་སེ་བྲེང་༔ ལས་བྱེད་ཤན་པ་རོལ་ལོ་ལོ༔ བཤུག་པའི་འབོད་སྒྲ་དི་རི་རི༔ ཆེ་བཙན་རྒྱལ་པོའི་ཐུགས་དམ་བསྐང་༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེར་དགོངས་ལ༔ ཁྲི་སྲོང་ལྡེའུ་བཙན་རྗེ་རིགས་དང་༔ རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་ལ༔ སྐུ་ལ་བསྡོ་བའི་རིགས་རྒྱུད་ཆོད༔ ལོག་ལྟའི་སྡེ་དཔུང་ཆམས་ལ་ཕོབ༔ སྔགས་འཆང་རྡོ་རྗེའི་དམ་མ་དྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་བསྐྱེད༔ ཡལ་ཡོལ་བྲི་བཀོལ་མ་མཛད་ཅིག༔ ངོ་སྲུང་ཟས་ཕྱིར་མ་འབྲང་མཛོད༔ ཐུགས་དང་འགལ་བ་སྐོང་བཛོད་ལ༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔ ཞེས་གནོད་སྦྱིན་གསོལ་ཁའི་སྒྲུབ་པ་འདི། མངའ་རིས་པདྨ་དབང་རྒྱལ་རོལ་པ་རྩལ་གྱིས་བསམ་ཡས་དབུ་རྩེའི་གཙུག་ལག་ཁང་དུ་གཏེར་ནས་བཏོན་པའོ།། དགེའོ།། །།

སེང་ཆེན་ནོར་བུའི་གསོལ་མཆོད།

༄༅། །སེང་ཆེན་ནོར་བུའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་བཞུགས་སོ།། ཇ་ཆང་བ་ལིང་སོགས་བཤམས་ཞིང་བྱིན་གྱིས་བརླབས་ནས་འདི་སྐད་དོ།། ཧཱུྃ་ཧྲཱི༔ འཇིགས་རུང་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རི། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་པདྨ་འོད། །མར་ནག་མེ་དཔུང་འཁྲུགས་པ་དྲག་པོའི་ཞིང་། །ནང་ལྟར་རྡོ་རྗེ་ལུས་ཀྱི་ཙིཏྟའི་གྲོང་། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཕོ་བྲང་ནས། །སྲིད་ཞི་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་མཚོ་སྐྱེས་རྗེ། །ཐུགས་རྗེའི་རྩལ་སྣང་སྒྱུ་མར་རོལ་པའི་གཟུགས། །རྣལ་འབྱོར་གྲུབ་པ་ཕོ་མོའི་ཚོགས་དང་བཅས། །མོས་ལྡན་བུ་ལ་བྱིན་གྱིས་བརླབས་པའི་ཕྱིར། །བརྟུལ་ཞུགས་རྡོ་རྗེ་གར་གྱིས་མཁའ་ལམ་ནས། །བདུད་འདུལ་དགྲ་བླ་ཝེར་མའི་སྐུར་བཞེངས་ཏེ། །རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ། །ཤེས་རབ་རལ་གྲི་མདའ་གཞུའི་འཕྲུལ་འཁོར་གྱིས། །སྲིད་པའི་དགྲ་སྡེ་འཇོམས་པའི་མཐུ་བོ་ཆེ། །སྐྱེས་མཆོག་སེང་ཆེན་ནོར་བུ་སྐུ་འཁོར་དཔུང་། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན། །དཔའ་བོའི་ཀི་བསོ་ཆ་སྒྲ་འབྲུག་ལྟར་སྒྲོགས། །དགེ་མཚན་སྙན་པའི་བ་དན་མཁའ་ལ་ཕྱར། །རྡོ་རྗེ་རྟ་མཆོག་བཞོན་པའི་བྲོ་གར་གྱིས། །བར་ཆད་དམ་སྲིས་སྲོག་སྙིང་ཚལ་པར་འགེམ། །བྱིན་རླབས་སྤྲིན་འཁྲིགས་དངོས་གྲུབ་ཆར་རྒྱུན་འབེབས། །སྐལ་ལྡན་བདག་གི་མཆོད་ཅིང་མངའ་གསོལ་ན། །ཐོགས་མེད་ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །བདུད་རྩི་དཔའ་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །བཅུད་ལྡན་ཡིད་བཞིན་གཏོར་མའི་མཆོད་པ་བཞེས། །ཁྲག་ཆང་མྱོས་བྱེད་ཨ་རྒྷཾ་མཆོད་པ་བཞེས། །འོད་གསལ་དྲི་ཞིམ་བསང་གི་མཆོད་པ་བཞེས། །དར་སྣ་བ་དན་རོལ་མོའི་མཆོད་པ་བཞེས། །བདེ་སྟོང་ཉམས་མྱོང་གསང་བའི་མཆོད་པ་བཞེས། །སྣང་སྲིད་གཞིར་བཞེངས་མདོས་ཀྱི་མཆོད་པ་བཞེས། །ཐམས་ཅད་མཉམ་ཉིད་ཡེ་ཤེས་མཆོད་པ་བཞེས། །ཐུགས་རྗེ་དགོངས་ཤིག་སེང་ཆེན་རིན་པོ་ཆེ། །དམ་བཅའ་མ་གཡེལ་རིག་གསུམ་སྤྲུལ་པའི་སྐུ། །དེང་ནས་བྱང་ཆུབ་བར་དུ་མི་འབྲལ་བར། །སྲུང་སྐྱོབ་བྱིན་གྱིས་རློབས་ལ་ཕྲིན་ལས་བསྒྲུབ། །ཁྱོད་ནི་སྙིང་རྗེ་མཆོག་གི་རང་བཞིན་ཏེ། །ཐུགས་རྗེ་ཆེན་པོས་མཚོན་ཆ་རྣམ་པར་འཆང་། །བདུད་ཀྱི་དཔུང་རྣམས་འདུལ་ལ་མཆོག་ཏུ་གྱུར། །བདུད་བཞིའི་འཇིགས་པ་མཐའ་དག་ཁྱོད་ཀྱིས་སོལ། །མཁྱེན་རབ་དགོངས་པའི་ཀློང་ནས་རྩལ་ཕྱུང་ལ། །སྐལ་ལྡན་སྙིང་གི་དབུས་སུ་བྱིན་ཆེན་ཕོབ། །རྩ་རླུང་རིག་ཁམས་ཡེ་ཤེས་རྩེས་ཐོབ་ལ། །གང་བྱང་ཆུབ་ལམ་དུ་བསྒྱུར་བར་མཛོད། །བདུད་འདུལ་དྲག་པོ་སྔགས་ཀྱི་གཟི་འབར་ཞིང་། །སྐྱེ་དགུའི་མོས་སྣང་ཆོས་ལ་བསྒྱུར་བ་ཡི། །ཚར་གཅོད་རྗེས་སུ་བཟུང་བའི་ཕྲིན་ལས་ལ། །དབང་འབྱོར་མཐུ་སྟོབས་ནུས་པའི་དངོས་གྲུབ་སྩོལ། །སྙིང་ག་དཔལ་གྱི་བེའུའི་གསང་མཛོད་ནས། །གཟུངས་སྤོབས་བློ་གྲོས་ནོར་བུའི་གཏེར་སྒོ་ཕྱེས། །གཞན་ཕན་མཁའ་དང་མཉམ་པའི་ཕྲིན་ལས་ཀྱིས། །དོན་གཉིས་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །བྱང་ཆུབ་སེམས་ལྡན་ཀུན་བཟང་སྤྱོད་པ་ཡིས། །ཟབ་མོ་རྡོ་རྗེ་ཐེག་མཆོག་ལ་གནས་ནས། །ས་ལམ་མངོན་པར་རྟོགས་པ་ཆེར་འཕེལ་ཞིང་། །མྱུར་དུ་རྣམ་གྲོལ་རྒྱལ་བའི་དཔང་པོར་མཛོད།། ཞེས་པའང་ལྕགས་འབྲུག་ཟླ་བ་དྲུག་པའི་ཚེས་ཉེར་བཞི་ལ་མི་ཕམ་པས་གང་ཤར་བྲིས་པ་དགེའོ།། ༈ །།གེ་སར་གསོལ་བསྡུས། ཧཱུྃ་ཧཱུྃ། དབྱིངས་ནས་ཐུགས་རྗེ་མ་གཡེལ་སེང་ཆེན་རྗེ། །རྩ་གསུམ་ཀུན་འདུས་ནོར་བུ་དགྲ་འདུལ་རྩལ། །ཆོས་སྐྱོང་དགྲ་བླ་ཝེར་མའི་འཁོར་དང་བཅས། །ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ལ། །དམ་རྫས་བདུད་རྩི་གཏོར་མའི་མཆོད་པ་བཞེས། །སྒྲུབ་པའི་རྟགས་མཚན་དངོས་སུ་བསྟན་པ་དང་། །རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་པར་མཛོད། །ཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ཨོཾ་མ་ཧཱ་སིདྷ་མ་ཎི་རཱ་ཛ་ས་པ་རི་ཝཱ་རི་ཨེ་དམ་བ་ལིངྟ་ཁཱ་ཧི། དྷཱི་མིང་པས་སོ།། ༈ །།ཀྱེ། འདོད་དོན་ཀུན་འགྲུབ་དགྲ་བླ་མཐུ་བོ་ཆེ། །རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྒྱལ། །ནོར་བུ་དགྲ་འདུལ་བཀའ་སྡོད་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བཅོལ་པའི་ཕྲིན་ལས་མཛོད། །

སྙིང་ཐིག་གསོལ་ཁ་བསྡུས་པ།

༄༅། །ཀློང་ཆེན་སྙིང་ཐིག་གི་གསོལ་མཆོད་ཤིན་ཏུ་བསྡུས་པ་བཞུགས་སོ། །རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། སྐད་ཅིག་དྲན་རྫོགས་རང་མདུན་ཐོད་སྒྱེད་སྟེང། །དུམ་གཅིག་ཀཱ་པ་ལ་ཡི་སྣོད་ནང་དུ། །ཤ་ལྔ་བདུད་རྩི་ལྔ་སོགས་སྦྱོར་སྒྲོལ་རྫས། །སྤྲོ་བསྡུས་འཕྲུལ་གྱིས་རྒྱལ་ཀུན་གསང་གསུམ་བཅུད། །སྤྱན་དྲངས་གཏོར་མའི་རྫས་དང་དབྱེར་མེད་གྱུར། །དངོས་འཛིན་དྲི་མས་མ་སྦག་མཆོད་གཏོར་རྫས་། །ཕྱི་ནང་གསང་བའི་དཔལ་ཡོན་རབ་ལྡན་འདི། །མཆོག་གསུམ་རྩ་གསུམ་བཀའ་སྲུང་ཆོས་སྐྱོང་སྤྱི། །ཁྱད་པར་སྔགས་སྲུང་ཨེ་ཀཱ་ཙ་ཏི་དང་། །དཔལ་མགོན་མ་ནིང་མགོན་པོ་ཕོ་རྒྱུད་སོགས། །སྒྲོལ་གིང་རྡོ་རྗེ་ལེགས་པ་མཆེད་འཁོར་བཅས། །གཟའ་བདུད་ཆེན་པོ་གདོང་མོ་སྡེ་བརྒྱད་འཁོར། །དུར་ཁྲོད་ལྷ་མོ་མིང་སྲིང་བརྒྱད་པོ་དང་། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་བརྟན་མར་བཅས། །ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་ཡང་འཁོར་བཅས། །མཆོད་ཅིང་བསྟོད་དོ་བསྐང་ངོ་མངའ་གསོལ་ལོ། །དགྱེས་ཤིང་ཚིམས་པར་མཛོད་ལ་ཉམས་ཆག་བཤགས། །རབ་འབྱམས་ཕྲིན་ལས་གང་བཅོལ་འགྲུབ་པ་དང་། །འཕྲལ་ཕུག་ཡོངས་དགེའི་སངས་རྒྱས་མྱུར་འགྲུབ་ཤོག །ཅེས་པ་འདི་ཡང་པདྨ་ཆོས་འཕེལ་གྱི་ངོར། རྡོ་བླས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།

སྡེ་བརྒྱད་གསེར་སྐྱེམས།

༄༅། །སྡེ་བརྒྱད་གསེར་སྐྱེམས་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གནས་གཙང་མར་ལྷ་བཤོས། རི་རབ། འོ་ཕུད། མེ་ཏོག་སྣ་ཚོགས་རྩི་སྨན། མངར་གསུམ། ཤ་སྣ། སྨན་སྣ། འབྲུ་སྣ། ཟས་སྣ་གང་འབྱོར་བཤམས་ལ། སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས་རང་ཉིད་ཡི་དམ་གང་བྱེད་བསྒོམས་ལ། རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ནས་ཏིང་ངེ་འཛིན་གྱིས་འདི་སྐད་དོ། ཧཱུྃ། སྐུ་གསུམ་བརྒྱུད་གསུམ་བླ་མ་དང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། །སྐྱབས་གནས་དཀོན་མཆོག་གསུམ་པོ་དང་། །མཁའ་འགྲོ་ནོར་ལྷ་ཆོས་སྲུང་སོགས། །མཆོད་ཡུལ་གོང་མ་ཐམས་ཅད་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །ཀླུ་ཡི་དབང་པོ་དགའ་བོ་དང་། །ལྷ་མིན་དབང་པོ་ཐག་བཟང་རིས། །མིའམ་ཅི་ལྗོན་རྟ་མགོ་ཅན། །གནོད་སྦྱིན་གང་བ་བཟང་པོ་དང་། །མཁའ་ལྡིང་གསེར་མིག་འཁྱིལ་བ་དང་། །ཆོས་སྐྱོང་མ་ཧཱ་ཀཱ་ལ་དང་། །དྲི་ཟ་ཟུར་ཕུད་ལྔ་པ་སོགས། །ཕྱི་ཡི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ༴ གསེར་སྐྱེམས༴ བདག་གི་འདོད་དོན༴ ཡབ་གཅིག་བདུད་རྗེ་ནག་པོ་དང་། །བཙན་རྒྱལ་ཡམ་ཤུད་དམར་པོ་དང་། །ཡུལ་ལྷ་ཕྱ་སངས་ཀླུ་སྲས་དང་། །སྲོག་བདག་རྒྱལ་པོ་སྙིང་འབྱིན་དང་། །ཆོས་སྐྱོང་གནོད་སྦྱིན་དམར་པོ་དང་། །ལྷ་མོ་འཇིགས་པའི་གློག་འབྱིན་དང་། །དགེ་བསྙེན་རྡོ་རྗེ་ལེགས་པ་དང་། །དཀར་མོ་ཉི་ཟླའི་ཐོད་ཕྲེང་སོགས། །ནང་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ༴ གསེར་སྐྱེམས༴ བདག་གི༴ བདུད་པོ་ཁ་ཐུན་རཀྴ་དང་། །གཤིན་རྗེ་གཤེད་པོ་དམར་པོ་དང་། །ཀླུ་བདུད་ནཱ་ག་རཱ་ཛ་དང་། །གནོད་སྦྱིན་ཤན་པ་གྲི་ཐོགས་དང་། །མ་མོ་སྲིད་པ་ཁྲམ་འདེབས་དང་། །བཙན་པོ་ཡམ་ཤུད་སྲོག་ལེན་དང་། །བདུད་པོ་རེ་ཏེ་འགོ་ཡག་དང་། །སྲོག་བདག་དུང་གི་ཐོར་ཚུགས་སོགས། །གསང་བའི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ༴ གསེར་སྐྱེམས༴ བདག་གི༴ གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ། །སྐར་མཆོག་ཁྲམ་ཤིང་ཁ་འཐོར་དང་། །བདུད་མཆོག་མ་ནུ་རཀྴ་དང་། །བཙན་མཆོག་གྲི་བཙན་འཐུམ་པོ་དང་། །མ་མཆོག་ལྕེ་སྤྱང་མདུང་འཛིན་དང་། །ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་དང་། །མགོན་མཆོག་ནག་པོ་ལྟེ་དཀར་དང་། །རྒྱལ་མཆོག་ལིི་བྱིན་ཧ་ར་སོགས། །མཆོག་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ༴ གསེར་སྐྱེམས༴ བདག་གི༴ དཔུང་གཡས་དགྲ་ལྷར་སྤྲུལ་པ་དང་། །དཔུང་གཡོན་མ་མོར་སྤྲུལ་པ་དང་། །མཆུ་སོ་བདུད་དུ་སྤྲུལ་པ་དང་། །མགོ་བོ་སྲིན་པོར་སྤྲུལ་པ་དང་། །མཇུག་མ་དམུ་རུ་སྤྲུལ་དང་། །ལག་གཡས་གཤིན་རྗེར་སྤྲུལ་པ་དང་། །ལག་གཡོན་ཀླུ་བཙན་སྤྲུལ་པ་དང་། །མིག་དང་སྙིང་དང་མཆེ་བ་གསུམ། །གཟའ་བདུད་ཉིད་དུ་སྤྲུལ་པ་སོགས། །སྤྲུལ་པའི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ༴ གསེར་སྐྱེམས༴ བདག་གི༴ ས་བདག་ཧལ་ཁྱི་ནག་པོ་དང་། །ཀླུ་བདུད་གདོལ་པ་ནག་པོ་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང་། །མགོན་པོ་བདུན་ཅུ་རྩ་ལྔ་དང་། །ཡུལ་འདིའི་གཞི་བདག་ཐམས་ཅད་དང་། །ཕོ་ལྷ་དགྲ་ལྷ་སྲོག་ལྷ་དང་། །མོ་ལྷ་མོ་སྨན་ལ་སོགས་པའི། །སྣང་སྲིད་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །སེར་བ་བསྲུང་བ། སྲིའུ་གསོ་བ། མདོས་གླུད་བཏང་བ། ཟོར་འཕེན་པ་ལ་སོགས་ལས་གང་བྱེད་ཀྱང་སྔོན་དུ་འགྲོ་བའི་སྡེ་བརྒྱད་མཆོད་པ་འདི་མེད་ན། བྱིས་པས་མཁར་ལས་བྱེད་པ་དང་འདྲ་ཞེས་གསུངས། ལས་གང་གི་ཡང་སྔོན་དུ་འགྲོ་བའི་སྡེ་བརྒྱད་བཅོས་ཐབས་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །༈ ཨོཾ་ཨཱཿཧཱུྃ། གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྩ་གསུམ་ལྷ་དང་སྡེ་བརྒྱད་འབྱུང་པོའི་ཚོགས། །གདོན་བགེགས་ལན་ཆགས་འགོ་བའི་ལྷ་རྣམས་ལ། །གསོལ་ལོ་མཆོད་དོ་བདག་གི་འདོད་དོན་སྒྲུབས། །མཁྱེན་བརྩེ་ལྷས་སོ། །༈ ཀྱཻ། སྡེ་བརྒྱད་སྤྱི་དང་ཕྱོགས་འདི་རུ། །གནས་པའི་ཡུལ་ལྷ་གཞི་བདག་རྣམས། །འདིར་གཤེགས་གསེར་སྐྱེམས་མཆོད་པ་འབུལ། །རྟ་ནོར་ལུག་གི་གོད་ཡམས་དང་། །གག་ལྷོག་སྤྱང་ཀིའི་གནོད་པ་སྲུངས། །མི་མཐུན་བར་ཆད་ཞི་བར་མཛོད། །ཆབ་མདོ་ལྕགས་རས་མཛད་པའོ། །༈ ཀྱཻ། སྡེ་བརྒྱད་སྤྱི་དང་ཀླུ་གཉན་ས་བདག་རིགས། །ཁྱད་པར་ཡུལ་ཕྱོགས་འདིར་གནས་གཞི་བདག་ལ། །ཕོག་ཐུགས་འགྲམ་འཁྲུགས་གྱུར་པ་གང་མཆིས་པ། །དམིགས་མེད་ཆོས་དབྱིངས་ཀློང་དུ་ཞི་གྱུར་ཅིག །ཨོཾ་ཨ་ཀ་ནི་ཎི་ཀ་ནི་ཨ་བྷི་ལ་མཎྚ་ལ་མ་ལེ་སྭཱ་ཧཱ། ཅེས་པའང་ཤིང་གླང་ཟླ་ཚེས་ལ་ཡུལ་ཁམས་སུ་ཁ་བ་ཆེན་པོ་བབ་སྐབས་རྫོགས་སྤྲུལ་ལྔ་པས་བྲིས་པ་དགེའོ། །

གསེར་སྐྱེམས་བསྡུས་པ།

༈ གསེར་སྐྱེམས་བསྡུས་པ་ནི། རྃ་ཡྃ་ཁྃ། ལན་གསུམ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། ཁྱད་པར་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། །མ་མགོན་ལྕམ་དྲལ་གཟའ་བདུད་འཁོར་དང་བཅས། །དམ་ཅན་རྡོར་ལེགས་ཚེ་རིང་མཆེད་ལྔ་དང་། །རྡོ་རྗེ་གཡུ་སྒྲོན་བསྟན་སྐྱོང་གཤོག་རྒོད་མ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། །ཕུར་སྲུང་ལྕམ་དྲལ་ལྷ་མོ་ངན་ནེ་མ། །རྒྱུད་མགོན་ལེགས་ལྡན་དཔལ་མགོན་ཚོགས་ཀྱི་བདག །བདུད་མགོན་ཡབ་ཡུམ་དགེ་བསྙེན་སྨྱོ་ཁ་སོགས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། །བཙན་རྒོད་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། །རོལ་བ་སྐྱ་བདུན་འབར་བ་སྤུན་བདུན་དང་། །རྒྱལ་ཆེན་རྣམ་སྲས་གཉན་ཆེན་སྡེ་བཞི་བཅས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། །འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་རྣམས་དང་། །དྲེགས་པོའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ལ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞིའི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། །མཆོག་གསུམ་ངོ་བོ་དཔལ་མགོན་བླ་མ་དང་། །རྒྱུད་སྡེ་རྒྱ་མཚོ་གནས་གསུམ་མཁའ་འགྲོའི་ཚོགས། །མ་མགོན་གཟའ་རྡོར་ཚེ་རིང་མཆེད་ལྔ་ལ། །མཆོད་གསོལ་བསྟོད་དོ་བསམ་དོན་ལྷུན་འགྲུབ་མཛོད། ཅེས་པའང་རྒྱལ་བ་གོང་མ་རྣམས་ཀྱི་གསུང་ལ་ཁ་བསྐང་ཛྙཱ་ནའི་མིང་ཅན་གྱིས་བགྱིས་པའོ། །

ཟ་ངུ་བསྡུས་པ།

༈ ཟ་ངུ་བསྡུས་པ་ནི། བྱང་ཆུབ་སེམས་དང་ལྡན་པའི་སྐྱེས་བུ་ཡིས། །ཐུགས་བསྐྱེད་དམ་བཅའ་མི་ཉམས་བསྟན་འགྲོའི་དོན། །སྐལ་མེད་ཐར་པའི་ས་བོན་འདེབས་པ་ལ། །དམ་ཅན་རྒྱ་མཚོས་རུ་ང་ཕྲག་དོག་སྤོངས། །ཤིན་ཏུ་གདུལ་དཀའ་ལས་འབྲེལ་མེད་པའི་རིགས། །བཀའ་སྲུང་དྲེགས་པའི་ཟ་ཁ་ཟུག་པ་ལ། །ཕྱི་ཚུལ་འཇམ་པོས་འབྲེལ་བ་བཞག་ན་ཡང༌། །བཀའ་སྡོད་ཕོ་ཉའི་ཚོགས་ཀྱིས་ཟ་ངུ་གྱིས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང༌། །རྒྱལ་བསྟན་དར་རྒྱས་འགྲོ་བའི་བདེ་སྐྱིད་སྤེལ། །དམག་ཇག་ཆོམ་པོའི་ལས་ངན་རྒྱུན་བཅད་དེ། །བསམ་དོན་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །དཔལ་སྤྲུལ་རིན་པོ་ཆེས་མཛད་པའོ། །

འདོད་གསོལ་འཕྲིན་བཅོལ།

༈ འདོད་དོན་གསོལ་ཞིང་ཕྲིན་ལས་བཅོལ་བ་ནི། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། རྣལ་འབྱོར་བ་བདག་ཅག་སྒྲུབ་པ་པོས་ཞི་བའི་ལས་དང་རྒྱས་པའི་ལས་དང་དབང་གི་ལས་དང་། དྲག་པོའི་ལས་དང་ལས་རབ་འབྱམས་གང་བརྩམས་པ་ཐམས་ཅད་ཐོགས་པ་མེད་ཅིང་མྱུར་བ་ཉིད་དུ་འགྲུབ་པའི་སྡོང་གྲོགས་མཛད་དུ་གསོལ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པའི་ནད་གདོན་འགལ་རྐྱེན་བར་ཆད་ཆགས་ཆེ་ཉམ་ང་ལོ་ཀག་ཟླ་གཤེད་ལ་སོགས་པ་མི་འདོད་པའི་ཉེ་བར་འཚེ་བ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་ཞིང་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། མདོར་ན་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་ཞིང་སྡེ་བཞིའི་དཔལ་ཕུན་སུམ་ཚོགས་པ་ལ་རང་དབང་དུ་བསྒྱུར་ནས་རྟག་ཏུ་དགེ་བ་བཅུའི་ཆོས་ཡང་དག་པ་ལ་སྤྱོད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དབུགས་འབྱིན་པའི་ཕྲིན་ལས་དམ་པ་རྒྱ་ཆེན་པོ་ཡོངས་སུ་འགྲུབ་པར་མཛད་དུ་གསོལ། འཇིག་རྟེན་སྐྱེ་བོའི་ཁ་སྨོན་བཞིན། །ཀུན་བཟང་གཞན་ཕན་དེས་བྲིས་དགེས། །འདོན་དོན་འཕྲིན་ལས་ཀུན་འགྲུབ་ནས། །མཁའ་མཉམ་འགྲོ་བའི་དོན་ནུས་ཤོག །།

མཆོད་བསྟོད་སོགས་རྗེས་ཀྱི་རིམ་པ།

༈ འདོད་གསོལ་ནི། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གཏོར་མ་གཙང་སར་གཤེགས། གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འདོད་པའི་དངོས་གྲུབ་སྟེར་བར་མཛད་པ་ཡི། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །བདག་སོགས་བསམ་དོན་མ་ལུས་འགྲུབ་པར་མཛོད། །སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པ་བྱེད་པའི་གང་ཟག་ལ། །མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག །སྐྱབས་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །རྩ་གསུམ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང་། །ཆོས་ཉིད་རྣམ་དག་བདེན་པའི་བྱིན་རླབས་ཀྱིས། །བདག་གིས་ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། །ཀློང་སྙིང་བཀའ་སྲུང་མ་མགོན་མཆོད་བསྟོད་སོགས་རྗེས་ཀྱི་རིམ་པ་བཞུགས་སོ། །ཧཱུྃཿ དངོས་སུ་འབྱོར་པའི་མཆོད་པ་སྣ་ཚོགས་དང་། །ཡིད་སྤྲུལ་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན། །བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བས། །ལྕམ་དྲལ་བཀའ་སྡོད་འཁོར་བཅས་མཉེས་གྱུར་ཅིག །ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨ຋ཾ་སོགས་ཀྱིས་མཆོད། ཧཱུྃཿ དྲག་ཤུལ་རྡོ་རྗེའི་ལང་ཚོར་འབར་བའི་སྐུ། །མི་ཤིགས་བརྗོད་བྲལ་ནཱ་དའི་རང་བཞིན་གསུང་། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། ཅེས་བསྟོད། ནོངས་པ་བཤགས་པ་ནི། ཧཱུྃཿ རྟག་ཏུ་གཟུང་འཛིན་སྤྲོས་པ་ལས་འདས་ཕྱིར། །རང་བཞིན་དབྱིངས་ལ་ཉེས་པའི་སྐྱོན་བྲལ་ཡང་། །གློ་བུར་འཁྲུལ་པའི་མཚན་མས་བཅིངས་པའི་མཐུས། །ནོངས་པ་གང་མཆིས་སྙིང་ནས་བཟོད་པར་གསོལ། །ཡི་གེ་བརྒྱ་པ་བརྗོད། བརྟན་བཞུགས་ནི། འདིར་ནི་གཟུགས་དང་ལྷན་ཅིག་སོགས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། གཙྩ་གཙྪ་སྭ་བྷཱ་ཝ་ནཱཾ། བསྔོ་སྨོན་བྱ་བ་ནི། ཧཱུྃཿ དགེ་བའི་རྩ་བ་འདིས་མཚོན་ལེགས་བྱས་ཀུན། །རྣམ་གྲོལ་ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས། །བདག་གཞན་འགྲོ་ཀུན་ཚོགས་གཉིས་མྱུར་རྫོགས་ནས། །མཆོག་ཐུན་ཕྲིན་ལས་ལྷུན་གྱིས་འགྲུབ་པར་ཤོགཅེས་དགེ་བ་བསྔོ། བཀྲ་ཤིས་བརྗོད་པ་ནི། ཧཱུྃཿ ཀུན་ཁྱབ་འགྱུར་མེད་དོན་དམ་བདེ་བ་ཆེ། །མཐའ་ཀླས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས། །དོན་གཉིས་འདོད་རྒུ་ཡིད་བཞིན་སྩོལ་མཛད་པ། །རྩ་གསུམ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་སོགས་མཐའ་རྒྱས་སུ་བྱའོ།། །།

བརྗོད་མེད་དོན་བཤགས།

༈ ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་གྱུར། བཛྲ་ས་མ་ཛཱཿ བརྗོད་མེད་དོན་གྱི་བཤགས་པ། ཧཱུྃཿ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཞིང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམ་མཛད་པ། །འདིར་བཤེགས་བདག་ལ་དགོངས་བཞིན་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་བའི་ལྷ། །ཞི་ཁྲོ་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་པོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བ་ལ། །གཉིས་མེད་ཐིག་ལེ་ཆེན་པོ་འོད་གསལ་ཞིང་། །མ་གཅོས་སྤྲོས་བྲལ་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པའི་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། མ་ལྟར་བྱམས་ཞིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། ཧཱུྃ། ཐུགས་རྗེའི་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོའི་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་གནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ནི། །སྟོན་པའི་བཀའ་དང་དམ་ལས་འདས་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞིང་། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཞིང་ཉམས་པ་དེ་དག་གིས། །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་འཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་ནོངས་བཟོད་པར་གསོལ། ཞེས་བཤགས་པའི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ལས། ཡེ་ཤེས་ལྷ་དང་འཁོན་གཅུགས་བཤགས་པའི་ལེའུ་བཞི་བ་ལས་ཁོལ་དུ་ཕྱུངས་པའོ།། །།

བདེ་གཤེགས་སྤྱི་བཤགས།

༈ བདེ་གཤེགས་སྤྱི་བཤགས་ནི། ཨོྃཿ དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར༔ ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་༔ གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས༔ དམ་བཅས་བཀའ་ལས་འདའ་བར་མི་བགྱིད་དེ༔ ལས་དང་སྐལ་པས་དམྱལ་བར་སྐྱེ་བར་འགྱུར༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་༔ ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ༔ རྡོ་རྗེ་སློབ་དཔོན་བསྟན་པའི་སྒྲོན་མེ་ལ༔ སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་༔ དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ༔ ངན་སེམས་ལོག་པར་ལྟ་བ་ལ་སོགས་པ༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང༔ སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་༔ དུས་དྲུག་ལས་ཀྱི་མཆོད་པའི་ཁྱད་པར་དུ༔ བསྙེན་སྒྲུབ་བསྐང་བའི་ཆོ་ག་མ་བགྱིས་ཏེ༔ བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་བྱམས་པའི་སྐུ་དྲིན་གྱིས༔ སྙན་ཁུང་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག༔ ཐུགས་ཀྱི་མན་ངག་སྟེར་ནས་དམ་ཚིག་སྨོད༔ གསང་ཚིག་འདས་ནས་འཆོལ་བར་སྨྲ་ལ་སོགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ༔ བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལུས་ངག་ཡིད་ཀྱི་བསྒྲུབ་བྱ་འདས་པ་ཡི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ༔ ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ༔ མངོན་རྟོགས་སྤོང་ལེན་བགྱིས་པ་མཐོལ་ལོ་བཤགས༔ མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ༔ ཁས་བླངས་དམ་བཅའ་ཉམས་པ་མཐོལ་ལོ་བཤགས༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ༔ གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས༔ དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ༔ དྲིན་ལན་ལན་གྱིས་མ་ལོན་མཐོལ་ལོ་བཤགས༔ མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ༔ དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས༔ འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ༔ སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས༔ སོ་སོར་ཐར་བ་རྣམས་ཀྱི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་༔ རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སོགས་པ༔ འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས༔ མི་འཆབ་མི་སྦེད་སླན་ཆད་སྡོམ་པར་བགྱི༔ དུས་གསུམ་བསགས་པའི་སྡིག་སྒྲིབ་མཐོལ་བཤགས་ན༔ ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཞེས་སོགས་ཡི་གེ་བརྒྱ་བ་བཟླ་ཞིང་བཤགས་པ་བྱའོ༔

དྲི་མེད་བཤགས་བསྡུས།

༈ དྲི་མེད་བཤགས་རྒྱུད་བསྡུས་པ་ནི༔ ཨོྃ༔ གཞི་ཐོག་དང་པོའི་སངས་རྒྱས་ཀུན་ཏུ་བཟངཿ རྡོ་རྗེ་སེམས་དཔའ་རྡོ་རྗེ་དེ་བཞིན་གཤེགསཿ དཔའ་བོ་ཆེན་པོ་འགྲོ་བ་སྐྱོབ་པའི་མགོནཿ བདག་ལ་བརྩེར་དགོངས་ཡེ་ཤེས་སྤྱན་གྱིས་གཟིགསཿ ཨཿ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་ཀྱངཿ འཁྲུལ་ངོར་གློ་བུར་ཤར་བའི་ཀུན་རྟོག་ལསཿ མ་རིག་གཟུང་འཛིན་རྐྱེན་སྣང་ཉམས་ཆག་ཀུནཿ དག་ཆེན་ཆོས་དབྱིངས་ཡུམ་གྱི་ཀློང་དུ་བཤགསཿ བཛྲཿ གསང་བའི་བདག་པོ་རྡོ་རྗེའི་དམ་བསྒྲགས་པཿ སྐུ་གསུང་ཐུགས་གསང་ས་མ་ཡ་འབུམ་གྱིཿ དམ་ལས་ཉམས་ཤིང་ཚིག་ལས་འགལ་བ་གངཿ རབ་ཏུ་གནོངས་ཤིང་འགྱོད་པས་མཐོལ་ལོ་བཤགསཿ ས་ཏྭཿ ཉམས་པ་སྐྱོན་དུ་གྱུར་བའི་དུས་འདས་ནསཿ ལས་ཀྱི་གཉེར་འཛིན་རྡོ་རྗེ་མཁའ་འགྲོ་ཡིཿ བཀའ་ཡི་ཆད་པ་དྲག་པོའི་རྒྱུར་གྱུར་པའིཿ འདི་ཕྱིའི་སྒྲིབ་གྱུར་དམྱལ་ཆེན་རྒྱུ་བསགས་བཤགསཿ ཧཱུྃཿ འདོད་པའི་རྒྱལ་པོ་ཡེ་ནས་རྡོ་རྗེ་ཆེཿ དམིགས་སུ་མེད་ཅིང་ཉམས་དང་བཤགས་པ་བྲལཿ ཀུན་ཏུ་བཟང་པོའི་ཡེ་རྫོགས་རིག་པའི་ཀློངཿ འདུ་འབྲལ་མེད་པ་ཆོས་དབྱིངས་ཀློང་དུ་ཨཱཿ བཤགས་པའི་རྒྱལ་པོ་རྡོ་རྗེའི་ཚིག་གསུམ་པཿ འཁོར་བ་དོང་སྤྲུགས་ལྕགས་ཁམས་གསེར་འགྱུར་རྩིསཿ ཐེབས་པ་ཅི་བཞིན་མ་རིག་དམ་ཉམས་པའིཿ དབང་བསྒྱུར་འགྲོ་བ་སྐྱོབ་པའི་གདམས་པ་འདིཿ ཀུན་ཏུ་བཟང་པོ་ཐུགས་ཀྱི་ཀློང་ནས་ཤརཿ པདྨས་ཕྱི་རབས་དོན་དུ་བརྡ་རིས་བཀོདཿ ང་སྤྲུལ་སྙིང་གི་བུ་དང་འཕྲད་པར་ཤོགཿ

ཀརྨ་གླིང་པའི་བཤགས་ཆུང་།

༈ ཀརྨ་གླིང་པའི་བཤགས་ཆུང་ནི། བླ་མ་སངས་རྒྱས་ཡིན་པ་ང་ོམ་ཤེས༔ གདམས་ངག་བདུད་རྩི་ཡིན་པ་དོན་མ་རྟོགས༔ བླ་མར་སྐུར་བ་བཏབ་པ་མཐོལ་ལོ་བཤགས༔ རང་སེམས་སངས་རྒྱས་ཡིན་པ་ངོ་མ་ཤེས༔ རྣམ་རྟོག་ཆོས་སྐུ་ཡིན་པ་དོན་མ་རྟོགས༔ རང་སེམས་ཁོལ་ཏུ་ཕྱུང་བ་མཐོལ་ལོ་བཤགས༔ རང་ལུས་ལྷ་སྐུ་ཡིན་པ་ངོ་མ་ཤེས༔ དཀྱིལ་འཁོར་ལུས་ལ་ཚང་བ་དོན་མ་རྟོགས༔ རང་ལུས་ཐ་མལ་བཞག་པ་མཐོལ་ལོ་བཤགས༔ མཆེད་གྲོགས་སློབ་དཔོན་ཡིན་པ་ངོ་མ་ཤེས༔ དམ་ཚིག་སྒྲོན་མེ་ཡིན་པ་དོན་མ་རྟོགས༔ གྲོགས་ལ་འགྲན་སེམས་བྱས་པ་མཐོལ་ལོ་བཤགས༔ ཟས་ནོར་སྒྱུ་མ་ཡིན་པ་ངོ་མ་ཤེས༔ བསོགས་ནས་ཟད་རྒྱུ་ཡིན་པ་དོན་མ་རྟོགས༔ ནོར་ལ་སེར་སྣ་བྱས་པ་མཐོལ་ལོ་བཤགས༔ གནས་ཁང་གཡར་པོ་ཡིན་པ་ངོ་མ་ཤེས༔ བརྩིགས་ནས་ཞིག་རྒྱུ་ཡིན་པ་དོན་མ་རྟོགས༔ གནས་ལ་བདག་འཛིན་བྱས་པ་མཐོལ་ལོ་བཤགས༔ འགྲོ་འདུག་སྐོར་བ་ཡིན་པ་ངོ་མ་ཤེས༔ ལས་སྒྲིབ་ཞོར་ལ་བྱང་བ་དོན་མ་རྟོགས༔ འགྲོ་འདུག་ལོགས་སུ་སོང་བ་མཐོལ་ལོ་བཤགས༔ འཆི་བ་ཐག་ཆོད་ཡིན་པ་ངོ་མ་ཤེས༔ མི་ཚེ་སྟོང་ཟད་སོང་བ་དོན་མ་རྟོགས༔ ཆོས་ལ་ཕྱིར་བཤོལ་བྱས་པ་མཐོལ་ལོ་བཤགས༔ ༀ༔ རྡོ་རྗེ་སྐུ་ཡི་དམ་ཚིག་ཉམས་པ་བཤགས༔ ཨཱ༔ པདྨ་གསུང་གི་དམ་ཚིག་ཉམས་པ་བཤགས༔ ཧཱུྃ༔ ཡང་དག་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཧྲཱི༔ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཡིག་བརྒྱ་བརྗོད།།

བསྐང་བ་བསྡུས་པ།

བསྐང་བ་བསྡུས་པ་ནི། ཧཱུྃཿ བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །བླ་མ་ཡི་དམ་ལྷ་ཚོགས་ཡོངས་རྫོགས་ལ། །རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཀོང་བུ་རུ། །རིག་པའི་ཡེ་ཤེས་མར་མེ་གཏམས་ཏེ་འབུལ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །སྐུ་ལྔ་ཡེ་ཤེས་ཡོངས་རྫོགས་མཆོད་པར་འབུལ། །གཏོར་གཞོང་རྣམ་དག་དཔལ་གྱི་གཏོར་མས་གཏམས། །འདོད་ཡོན་ཡོངས་སུ་རྫོགས་པའི་མཆོད་པར་འབུལ། །ཁམས་གསུམ་འཁོར་བ་ཡོངས་སྒྲོལ་མཁའ་དབྱིངས་དག །ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ། །འབྲུ་བཅུད་སྟོང་ལ་སྦྱར་བའི་དཔའ་བོའི་རྫས། །གཟི་བྱིན་བསྐྱེད་ཕྱིར་ཛ་གད་མཆོད་པར་འབུལ། །ཨ་ལ་ལ་ཏེ་དགྱེས་པར་བཞེས་སུ་གསོལ། ཞེས་གསུངས་མཆོད་སྐོང་བ་བསྡུས་པའོ། །ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས། །མ་འབད་བཞིན་དུ་སྐུ་གསུམ་མངོན་གྱུར་ཏེ། །ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །ཕྱམ་ཅིག་གདོད་མའི་ས་རུ་ཕྱིན་པར་ཤོག །

རྡོ་རྗེའི་ཚིག་བདུན་དང་འབྲེལ་བའི་ཚོགས་མཆོད།

༄༅། །རྡོ་རྗེའི་ཚིག་བདུན་དང་འབྲེལ་བའི་ཚོགས་མཆོད་དཔལ་གྱི་བུམ་བཟང་བཞུགས་སོ། །ཤ་ཆང་སོགས་ཅི་འབྱོར་བཤམས་ལ། ཧཱུྃ། ཨཱཿལས་ཆོས་དབྱིངས་དང་མཉམ་ཀ་པཱ་ལར། ཨོཾ་ལས་སྣང་སྲིད་འདོད་ཡོན་ཚོགས་སུ་བཤམས། །ཧཱུྃ་གིས་འདོད་ཡོན་ཡེ་ཤེས་རོལ་པར་བསྒྱུར། །ཧྲཱིཿཡིས་རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐང་། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ས་བྱིན་གྱིས་བརླབས། ཚོགས་ཞིང་སྤྱན་འདྲེན་མཆོད་པ་འབུལ་བ་ནི། ཧཱུཾ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་ན། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །ཚོགས་མཆོད་ཡེ་ཤེས་བདུད་རྩིར་བསྒྱུར། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུཾ། བླ་མ་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཡི། །རྩ་གསུམ་ཀུན་འདུས་རྒྱལ་བའི་དཀྱིལ་འཁོར་ལ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །སྣང་སྲིད་འདོད་ཡོན་དགྱེས་དགུ་མ་ཚང་མེད། །ཀུན་བཟང་བདེ་ཆེན་ཚོགས་ཀྱི་འདོད་ཡོན་འབུལ། །ཐུགས་བརྩེས་དགྱེས་བཞེས་ཐུགས་དམ་བསྐང་གྱུར་ཅིག །གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རིག་འཛིན་མཁའ་འགྲོའི་ཚོགས། །མོས་ལྡན་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ། །དམ་ཚིག་ཉམས་ཆགས་ཐམས་ཅད་སྦྱང་དུ་གསོལ། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཅིང་། །ཚེ་བསོད་ཉམས་རྟོགས་ཡར་ངོའི་ཟླ་བཞིན་འཕེལ། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །གསེར་འཕྱང་གི་ལོའི་དབོ་ཟླ༧ཚེས་༡༠ལ་འཇམ་དཔལ་དགྱེས་པའི་ཡིད་མཚོ་ལས་བྱུང་བའི་ནོར་བུ་བསམ་འཕེལ་ཡང་དག་པ་སརྦ་མངྒ་ལཾ། དགེའོ། །

ཚོགས་བསྡུས།

ཚོགས་བསྡུས་ནི། རྃ་ཡྃ་ཁྃཿ ཨོཾ་ཨཱཿཧཱུྃཿ ཚོགས་རྫས་འདོད་ཡོན་ཡེ་ཤེས་རོལ་པའི་རྒྱན། །ཚོགས་རྗེ་ཚོགས་བདག་རིག་འཛིན་བླ་མ་དང་། །གདན་གསུམ་དཀྱིལ་འཁོར་གནས་ཡུལ་ཉེར་བཞིའི་བདག །དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ཚོགས། །འདིར་གཤེགས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་བཞེས། །འགལ་འཁྲུལ་ནོངས་དང་དམ་ཚིག་ཉམས་ཆག་བཤགས། །ཕྱི་ནང་བར་ཆད་ཆོས་ཀྱི་དབྱིངས་སུ་སྒྲོལ། །ལྷག་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནི་ག་ཎ་ཙཀྲ་པཱུ་ཛ་ཧོཿཨུཙྪིཥྚ་བྷ་ལིངྟ་ཁཱ་ཧིཿ། ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལཿ བགྲང་བྱའི་ཐེག་པ་ཐ་དད་མ་གྲུབ་ཀྱངཿ ཀུན་རྟོག་གདུལ་བྱའི་ཁམས་དབང་བསམ་པའི་ཕྱིརཿ ཐེག་པ་རིམ་དགུར་ཤར་བའི་ཐུགས་དམ་བསྐངཿ སྐོང་བཤགས་རྡོ་རྗེའི་ཐོལ་གླུ་ལས་སོ། ༈ །གངས་ཅན་མཚོ་ཡི་ཞིང་ཁམས་སུ༔ ཇི་སྙེད་བཀོད་པའི་གནས་ཡུལ་དང་༔ དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་ནས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ འདིར་བྱོན་ཉེར་སྤྱོད་འདོད་ཡོན་དང༔ ཚོགས་ཀྱི་འཁོར་ལོས་ཐུགས་དམ་བསྐང༔ ཐེག་པ་གསུམ་དང་རིག་འཛིན་གྱི༔ སྡོམ་གསུམ་དམ་ཚིག་ཉམས་པ་བཤགས༔བསྟན་པ་རྒྱ་མཚོའི་སྒྲོན་མེ་ཆེ༔ སེམས་ཅན་ཡོངས་ཀྱི་དཔུང་དང་གཉེན༔ འདི་ན་བཞུགས་པའི་སྐྱེས་མཆོག་གི༔ ཚེ་འཕྲང་བར་ཆད་དབྱིངས་སུ་སོལ༔ དཔའ་བོ་མཁའ་འགྲོའི་སུན་ཁ་ཟློག༔ ཞབས་པད་བརྟན་པའི་བཀྲ་ཤིས་སྩོལ༔ ཡུམ་ཀའི་ཚོགས་བསྡུས་ཀུན་མཁྱེན་འཇིགས་མེད་གླིང་པའི་སུན་ཟློག་ལས་ཁོལ་དུ་ཕྱུང་པའོ། །རྃ་ཡྃ་ཁྃ། ཨོཾ་ཨཿཧཱུྃ། ཟག་མེད་བདུད་རྩིའི་ཚོགས་མཆོད་འདི། །རྩ་གསུམ་ལྷ་ལ་དགྱེས་པར་འབུལ། །ཉམས་ཆག་ཀུན་བཤགས་དགྲ་བགེགས་སྒྲོལ། །ཕྲིན་ལས་མྱུར་འགྲུབ་དངོས་གྲུབ་སྩོལ། །ག་ཎ་ཙཀྲ་པཱུ་ཛ་ཧོ༔ཞེས་པའང་བུདྡྷས་གསུང་ངོར་ཛྙཱ་ནས་སོ། །ཨོཾ་ཨཿཧཱུྃ་ཧ་ཧོ་ཧྲཱི། རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་གཤེགས། །ཚོགས་མཆོད་ཉམས་བཤགས་རུ་ཏྲ་སྒྲོལ། །ལྷག་རོལ་ཚོགས་རྫོགས་བླ་མ་རྗེའི། །ཞབས་པད་བརྟན་པའི་བཀྲ་ཤིས་སྩོལ། །ཞེས་པའང་གྲངས་གསོག་ཆེད་བུདྡྷས་སོ། །ཨོཾ་ཨཿཧཱུྃ་ཧ་ཧོ་ཧྲཱིཿༀ་གུ་རུ་བིདྱ་དྷ་ཝ་ག་ཎ་ས་པཱ་རི་ཝ་ར་བྷྱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བུདྡྷས་སོ། །

ཚོགས་དྲངས་བ།

༈ དངོས་གྲུབ་དམ་རྫས་ཚོགས་ལ་རོལ་བ་ནི། །ལས་སློབ་འདུས་པའི་གཙོ་བོ་ལ་བཏུད་དེ་ཕྱག་བྱས་ནས་རྣམ་ལྔ་འདོད་སྐོར་གྱི་ཕྱག་རྒྱ་དང་སྦྲགས། ཧོཿབླ་མ་དཔའ་བོ་ཆེན་པོ་དགོངས་སུ་གསོལ། །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཡང་། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་པའི་ལན་དུ་སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་ཉིད་བཅས། །བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་འཛིན་རྣམ་པར་བྲལ་བ་ཡི། །དེ་བཞིན་ཉིད་ལ་བདག་ཀྱང་འཚལ། །ཨ་ལ་ལ་ཧོཿཞེས་པས་བླང་ཞིང་། ལག་སོར་གཡས་གཡོན་རིགས་ལྔ་ཡབ་ཡུམ་དུ་མོས་ནས་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་ནང་གི་སྦྱིན་སྲེག་ལྟར་དབུལ་བ་ནི། སློབ་དཔོན་གྱིས་བསྐུལ་ལ་ཚོགས་པ་ཐམས་ཅད་ཀྱིས། །ཧོཿབདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱི་སྒྲིབ་པར་མི་འགྱུར་ཞིང་། །གཏན་པ་མེད་པའི་སྦྱིན་བདག་ཀྱང་། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །བསམ་ལྷུན་དང་བསམ་མྱུར་རྒྱས་བསྡུས་གང་རུང་འདོན། །

ལྷག་མ།

༈ ལྷག་མ་ནི། ཧཱུྃ། ཧེ་རུ་ཀ་པའི་དཀྱིལ་འཁོར་དུ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཨ་ཀ་རོ་མི་ཁཾ་སརྦ་དྷརྨས་བྱིན་གྱིས་བརླབས། ཨོཾ་ཨཱ་ཧཱུྃ། ལྷག་ལ་དབང་བ་དྲེག་པའི་ཚོགས༔ སྤྲིན་ལྟར་གཏིབས་ཅིང་ཧབ་ཤ་རྒྱུག༔ ཤ་ཁྲག་རྗེན་པའི་ཚོགས་ལྷག་བཞེས༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ བསྟན་དགྲ་དམ་ཉམས་ཟས་སུ་ཟོ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ བསྒྲུབ་པའི་བར་ཆད་ཟློག་པ་དང༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཨུཙྪིཥྚ་བྷ་ལིང་ཏ་ཁ་ཧཱི༔ ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱིས། །མི་ཟད་གཏེར་ལ་ལོངས་སྤྱད་ནས། །ཡེ་ཤེས་སྣང་བ་རབ་གསལ་ཏེ། །ཀ་དག་ཆེན་པོའི་ས་ཐོབ་ཤོག །

བསྡུ་རིམ་བླ་མའི་གནས་གསུམ།

༈ བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་སུ། །རང་གི་གནས་གསུམ་ཐིམ་པས་སྒོ་གསུམ་གྱི། །སྒྲིབ་སྦྱངས་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར། །མཐར་ནི་བླ་མ་འཁོར་བཅས་འོད་དུ་ཞུ། །དཀར་དམར་ཐིག་ལེ་ཧཱུཾ་གི་མཚན་པ་རུ། །རང་གི་སྙིང་གར་ཐིམ་པས་བླ་མའི་ཐུགས། །རང་སེམས་དབྱེར་མེད་ལྷན་སྐྱེས་ཆོས་སྐུར་གནས། །ཨ་ཨཿ ཞེས་བརྗོད་ལ་ཡེ་ནས་བཅོས་བསྒྱུར་སྤང་བླངས་ལས་འདས་པ་རང་གི་སེམས་ཉིད་གདོད་མའི་ཆོས་སྐུ་ཆེན་པོའི་རང་ཞལ་བལྟ། སླར་སྒྱུ་མ་ལྟ་བུའི་སྣང་བ་ཐམས་ཅད་བླ་མའི་རང་བཞིན་དུ་བལྟས་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་ཐམས་ཅད་འདུལ་ཞེས་པའི་གྲོ་བཞིན་ཟླ་བའི་ཡར་ཚེས་བརྒྱད་ལ་ཚེ་རབས་ཐམས་ཅད་དུ་གུ་རུ་པདྨའི་བྲན་དུ་སྨོན་ལམ་འདེབས་པའི་མི་ཕམ་རྣམ་པར་རྒྱལ་བའི་ཡིད་ཀྱི་མཚོ་ལས་བྱུང་བ་དགེའོ། །

ཚོགས་གླུ།

༈ རིག་འཛིན་འཇིག་མེད་གླིང་པའི་ཚོགས་གླུ་རྡོ་རྗེའི་གསུང་བྱིན་རླབས་ཅན་བཞུགས་སོ། །ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་ཤིང་གི་སྟེང་དུཿ རྒྱ་གར་ཤར་གྱི་རྨ་བྱ་གཞོན་ནུ་ཡང་ཕེབས་བྱུངཿ རྨ་བྱའི་གདུགས་སྐོར་དམ་པའི་ཆོས་ཕྱོགས་ལ་བསྒྱུར་དངཿ གཞོན་པ་ང་ཚོས་ཐར་པའི་ལམ་སྣ་ཞིག་ཟིན་ཡོངཿ བསོད་ནམས་དཔྱིད་ཀྱི་རྒྱལ་མོའི་ཤིང་རྟ་ལ་ཕེབས་པའིཿ ལྷོ་མོན་ཤིང་ལོའི་ཚལ་གྱི་ཁུ་བྱུག་གི་གསུང་སྙནཿ ཡ་གི་དྲི་ཟའི་བུ་མོའི་གླིང་བུ་ལས་སྙན་པཿ དབྱར་གསུམ་ནམ་ཟླ་བསྲོ་བའི་རྟེན་འབྲེལ་ལ་ཡག་བྱུངཿ འདིར་འདུས་ལས་སྨོན་མཐུན་པའི་རྡོ་རྗེ་ཡི་སྤུན་གྲོགསཿ ང་ཚོའི་བླ་མ་བཞུགས་པའི་ཆོས་ར་ལ་ཕེབས་དངཿ སྨིན་གྲོལ་བདུད་རྩི་འཐུང་བའི་དགའ་སྟོན་གྱི་ངང་ནསཿ ཉམས་དགའ་གླུ་རུ་ལེན་པའི་ཁྱད་ཆོས་ཤིག་ཡོད་དོཿ བདེ་ཆེན་འཕོ་འགྱུར་མེད་པའི་བཞུགས་གྲལ་གྱི་དབུས་ནསཿ ལྷ་དང་བླ་མའི་ཞལ་རས་མ་བསྒོམས་ཀྱང་མཐོང་བྱུངཿ མ་དང་མཁའ་འགྲོའི་སྙིང་ཏིག་འོད་གསལ་གྱི་ཐེག་པསཿ འཇའ་ལུས་ཆོས་སྐུར་འགྲུབ་པའི་དངོས་གྲུབ་ཅིག་ཞུའོཿ

ཚེས་བཅུའི་ཕན་ཡོན།

༄༅། །ཚེས་བཅུའི་ཕན་ཡོན་གསོལ་འདེབས་བཞུགས་སོ། །སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ལ་རྣམ་པ་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བསྐལ་བཟང་འདིར་བྱོན་སངས་རྒྱས་སྟོང་རྩ་ཀུན། །སྤང་རྟོགས་མཉམ་ཞིང་འགྲོ་ལ་ཐུགས་བརྩེ་བ། །གངས་རིའི་ཁྲོད་འདིར་ཁྱོད་དང་མཚུངས་པ་ཡི། །བཀའ་དྲིན་བརྗོད་དུ་མེད་པར་བསམ་ཀྱིན་དད། །ཁ་བ་ཅན་འདི་ལག་ན་པདྨ་ཡིས། །གདུལ་བྱར་རྒྱལ་བས་ལུང་བསྟན་མཛད་པའི་དོན། །མེས་དབོན་གསུམ་དང་ཨོ་རྒྱན་ཆེན་པོ་ཡི། །མཛད་པའི་རྣམ་ཐར་ལས་གཞན་དམིགས་སུ་མེད། །གུ་རུ་ང་སྒོམས་ང་སྒྲུབས་ང་རྗེས་སྙོགས། །ང་མཐོང་སངས་རྒྱས་ཀུན་མཐོང་ང་ཉིད་ནི། །བདེ་གཤེགས་འདུས་པའི་ངོ་བོ་ཉིད་ཡིན་པས། །ཚེས་བཅུ་བྱུང་རེས་བོད་དུ་འབྱོན་ཞེས་གསུངས། །དེ་ཕྱིར་རྣམ་ཐར་དྲན་པས་གསོལ་བ་འདེབས། །ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ། །དྷ་ན་ཀོ་ཤར་པདྨའི་སྦུབས་ལས་བྱོན། །རྒྱལ་ཟླར་ཨིནྡྲ་བོ་དྷིས་སྤྱན་དྲངས་ཏེ། །རྒྱལ་བུར་མངའ་གསོལ་རྡོ་རྗེའི་ལམ་མཆོག་བསྙེན། །མཆུ་ཟླར་རྒྱལ་སྲིད་སྤངས་ནས་བསིལ་ཚལ་དུ། །བརྟུལ་ཞུགས་སྤྱོད་པས་མཁའ་འགྲོ་དབང་དུ་བསྡུས། །དབོ་ཟླར་བསྟན་ལ་རིམ་བཞིན་བཀྲི་བའི་སླད། །སློབ་དཔོན་པྲ་བྷ་ཧསྟིར་རབ་ཏུ་བྱུང་། །ནག་ཟླར་ཟ་ཧོར་རྒྱལ་པོས་གསོན་བསྲེགས་ཚེ། །མེ་ཡང་ཆུར་བསྒྱུར་སུམ་རྩེན་ལྷ་ཡིས་བསྟོད། །ས་ཟླར་ཨོ་རྒྱན་རྒྱལ་པོ་ཡབ་ཡུམ་གཉིས། །ལྷན་ཅིག་མེར་བསྲེགས་ལོག་སྲེད་ཅན་དག་ཀྱང་། །རང་དབང་མེད་པར་དད་པའི་གནས་ལ་བཀོད། །སྣྲོན་ཟླར་ལྷོ་ཕྱོགས་མཐར་སྐྱེས་རྒྱལ་ཁམས་སུ། །བསྟན་ལ་འཁུ་བའི་མུ་སྟེགས་ཐོག་གིས་བསྒྲལ། །གྲོོ་བཞིན་ཟླ་བར་མཐའ་འཁོབ་ཟངས་གླིང་གི། མུ་སྟེགས་རྒྱལ་པོས་ཟངས་ཆེན་ཁ་སྦྱོར་ནང་། །བཅུག་ནས་ཆུ་ཀླུང་བསྐྱུར་ཀྱང་རྫུ་འཕྲུལ་གྱིས། །ནམ་མཁར་གཤེགས་པའི་མོད་ལ་ཆུ་ཀླུང་ཡང་། །གྱེན་ལྡོག་སྡིག་སྤྱོད་རྒྱལ་པོའི་གནས་འཇིག་ལ། །ཉེ་བས་སྤ་བཀོང་བཟོད་གསོལ་སྐྱབས་སུ་བསྟེན། །ཁྲུམས་ཟླར་མུ་སྟེགས་ངན་པའི་ཟས་དུག་གིས། །བཀྲོངས་པར་སེམས་ཀྱང་གནོད་པ་མེད་ཀྱི་སྟེང་། །གཟི་མདངས་ལྷག་པར་རྒྱས་པའི་ངང་ཚུལ་བསྟན། །ཐ་སྐར་ཟླ་བར་ཡང་ལེ་ཤོད་དུ་ཕེབས། །བལ་བོད་གཉིས་ཀའི་ལྷ་འདྲེས་ཐོ་མཚམས་ཀྱང་། །རྡོ་རྗེ་གཞོན་ནུའི་སྐུར་བཞེངས་དམ་ལ་བཞག །སྨིན་དྲུག་ཟླ་བར་བོད་ཡུལ་དབུས་སུ་བྱོན། །ཧས་པོ་རི་རྩེར་ལྷ་སྲིན་དམ་ལ་བཞག །རྒྱལ་བསྟན་བོད་དུ་དར་བ་ཁྱེད་གཅིག་པུའི། །དྲིན་ལ་གཞན་དྲིང་མི་འཇོག་བསམ་ཀྱིན་དད། །མགོ་ཟླར་སྲིན་ཡུལ་གཤེགས་པ་ལ་དགོངས་ནས། །མཆིམས་ཕུར་ཡོན་མཆོད་བཀའ་བགྲོས་བོད་ཡུལ་ཀུན། །གཏེར་གྱིས་གཏམས་པའི་སྟ་གོན་དང་འབྲེལ་བར། །གཞི་བདག་དབང་བསྡུས་གཏེར་གྱི་གཉེར་བྱང་གཏད། །དེ་ཕྱིར་བྱུང་ངོ་ཅོག་གི་ཚེས་བཅུ་རྣམས། །ཁྱོད་ཀྱི་མཛད་པ་ཕྲིན་ལས་དུས་ཆེན་དང་། །མ་དང་མཁའ་འགྲོ་འདུ་བའི་སྐབས་ཡིན་པས། །ནང་དུ་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་། །འདུ་བ་ངོ་མཚར་ཅན་གྱི་རྟེན་འབྲེལ་ལས། །རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཞིང་། །ཆར་ཆུ་འབེབས་ཤིང་མི་ཕྱུགས་ནད་རིམས་ཞི། །སད་སེར་དབུལ་ཕོངས་དམག་འཁྲུགས་གོད་ཁ་སོགས། །འཇིག་རྟེན་དུས་ཀྱི་རྒུད་པ་ཇི་སྙེད་ཀུན། །ཚེས་བཅུའི་དུས་མཆོད་བཟུང་ནས་གསོལ་འདེབས་ཀྱི། །བྱིན་རླབས་ཁོ་ནས་ཞི་བ་མངོན་སུམ་ཕྱིར། །ཞལ་བཞེས་དུས་ལ་བབ་བོ་ཐུགས་རྗེས་གཟིགས། །བོད་འབངས་བསམ་ཡོད་ཐམས་ཅད་ཁྱོད་ལ་དད། །བསམ་མེད་དྲིན་ཅན་ཕ་མ་དག་ལ་ཡང་། །འཁུ་བར་བྱེད་ན་ཁྱེད་ཀྱི་ཐུགས་རྗེ་ལ། །ཉེ་རིང་མ་མཆིས་ཐུགས་དམ་རྒྱུད་བསྐུལ་ལོ། །བོད་འབངས་ནམ་ཡང་ཡལ་བར་མི་འདོར་བའི། །ཞལ་བཞེས་དུས་ལ་བབ་བོ་ཐུགས་རྗེས་གཟིགས། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་བསམ་ཡས་རབ་བྱུང་བ་དབྱངས་ཡིག་དང་པོའི་མིང་ཅན་གྱི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ། །

རྗེ་འབངས་ཉེར་ལྔའི་གསོལ་འདེབས།

༄༅། །རྗེ་འབངས་ཉེར་ལྔའི་གསོལ་འདེབས་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ ཁ་བའི་ལྗོངས་འདིར་དབང་དུས་སུ་རྟོགས་པ་བརྙེས་པའི་སྔགས་འཆང་གྲུབ་ཐོབ་རྣམས་ལ་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་བྱིན་རླབས་དབང་གི་ཆུ་རྒྱུན་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འཛམ་གླིང་དག་པའི་ཞིང་ཁམས་བྲག་དམར། །དཔལ་གྱི་བསམ་ཡས་མཆིམས་ཕུའི་གེའུ་གོང་། །རྡོ་རྗེ་སློབ་དཔོན་གུ་རུ་པདྨར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གང་སྐུ་རྫ་རི་ཀླད་ནས་ཉིལ་བ། །ཧཱུྃ་ཞེས་གསུང་སྒྲས་གྱེན་དུ་ལྡོག་ཅིང་། །འགྱུར་མེད་ཐུགས་ཀྱི་ཡི་གེར་བྱིན་བརླབས། །ཁྱོད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །གནུབས་ཀྱི་རིགས་འཁྲུངས་དགེ་སློང་ཆེན་པོ། །ལྷོ་བྲག་མཁར་ཆུར་ཡང་དག་གྲུབ་བརྙེས། །ཉི་ཟེར་ལ་ཆིབས་ནམ་མཁའི་སྙིང་པོར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གནུབས་ཡུལ་རོང་བྱོན་སངས་རྒྱས་ཡེ་ཤེས། །བསྒྲགས་ཀྱི་ཡོངས་རྫོང་གཤིན་རྗེ་གཤེད་གྲུབ། །མཐུ་སྟོབས་བྲག་ལ་ཕུར་པ་འདེབས་དེར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དབུ་རུར་ངན་ལམ་རིགས་འཁྲུངས་བྷིཀྵུ། །དབེན་རྩར་པདྨ་དབང་ཆེན་གྲུབ་བརྙེས། །རྟ་སྐད་གཙུག་བཏོན་རྒྱལ་མཆོག་དབྱངས་དེར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །བསྒྲགས་མདར་ནུས་ལྡན་མཁར་ཆེན་རྒྱུད་འཁྲུངས། །མོན་ཁ་ནེ་རིང་ཕྲིན་ལས་ཕུར་གྲུབ། །མཚོ་རྒྱལ་བསད་པའི་མི་རོ་སློང་དེར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཡར་སྟོད་ཤམ་པོ་གངས་ཀྱི་ར་བར། །སྲིད་པ་བདེ་འགྲོ་མངོན་པར་གྲུབ་མཛད། །མ་མོ་མངོན་ཁོལ་འབྲོག་མི་དཔལ་ཡེར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག། སྤ་གྲོ་སྟག་ཚང་བསམ་གྲུབ་ཀེའུ་ཚང་། །དྲེགས་པའི་བདག་པོ་མངོན་པར་གྲུབ་མཛད། །ལྷ་སྲིན་བྲན་ཁོལ་དཔལ་གྱི་སེང་གེར། །གསོལ་བ་འདེབས་སོ་བྱིན་རློབས་ཤིག །གཡའ་མ་ལུང་དང་ལི་ཡུལ་ལྕང་རར། །སྟོབས་ལྡན་ནག་པོ་མངོན་པར་གྲུབ་མཛད། །ཡེ་ཤེས་སྤྱན་ལྡན་བཻ་རོ་ཙཱ་ནར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རིགས་གསུམ་དཔལ་གྱི་བསམ་ཡས་དབུ་རྩེར། །རྡོ་རྗེ་རྒྱལ་ཚབ་ཆེ་མཆོག་མངོན་གྲུབ། །ཏིང་འཛིན་མི་གཡོ་མངའ་བདག་རྒྱལ་པོར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གཡུ་སྒྲ་སྙིང་པོ་རྟོགས་པ་མཆོག་ལྡན། །རྫུ་འཕྲུལ་མངའ་བརྙེས་ཛྙཱ་ན་ཀུ་མཱ། །རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་མེད། །ཁྱོད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །མཁའ་སྤྱོད་གནས་བགྲོད་ཡེ་ཤེས་དབྱངས་དང་། །ལྷ་དཔལ་གཅན་གཟན་གཉའ་བ་ནས་འཛིན། །བྱ་ལྟར་མཁའ་ལྡིང་སྣ་ནམ་ཡེ་ཤེས། །ཁྱོད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དཔལ་གྱི་དབང་ཕྱུག་ཕུར་པ་གདེངས་འགུམ། །མི་བརྗེད་གཟུངས་ཐོབ་ལྡན་མ་རྩེ་མངས། །སྐ་བ་དཔལ་བརྩེགས་གཞན་སེམས་ཀུན་མཁྱེན། །ཁྱོད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཆུ་བོ་གྱེན་ལྡོག་ཤུད་བུ་དཔལ་སེང་། །རྒྱལ་བའི་བློ་གྲོས་རོ་ལངས་གསེར་བསྒྱུར། །ནམ་མཁའི་བྱ་འཛིན་ཁྱེའུ་ཆུང་ལོ། །ཁྱོད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དྲན་པ་ནམ་མཁའ་གཡག་རྒོད་མངོན་ཁུགས། །ཉ་ལྟར་ཆུར་རྒྱུག་འོ་བྲན་དབང་ཕྱུག །རྨ་ཐོག་རིན་ཆེན་ཕ་བོང་ཟས་གསོལ། །ཁྱོད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །བྲག་རིར་ཐོགས་མེད་དཔལ་གྱི་རྡོ་རྗེ། །དཀོན་མཆོག་འབྱུང་གནས་ཐོག་ཆེན་མདའ་འཕེན། །སྐྱིལ་ཀྲུང་མཁར་བཅས་རྒྱལ་བ་བྱང་ཆུབ། །ཁྱོད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དགོངས་པ་མངོན་གྱུར་ཨོ་རྒྱན་རྗེས་བཟུང་། །ཐུགས་སྲས་མི་རྗེ་འབངས་རིགས་ཉེར་ལྔ། །སྨིན་གྲོལ་གདེངས་ཐོབ་རྣམས་ལ་གསོལ་འདེབས། །ཁྱོད་རང་ལྟ་བུར་བྱིན་གྱིས་རློབས་ཤིག །ལྟ་བ་ཀློང་ཆེན་ཡངས་པའི་དོན་རྟོགས། །སྒོམ་པ་སྤྲིན་བྲལ་ཉི་མ་ལྟར་གསལ། །ཁྱོད་ལ་གསོལ་འདེབས་འདུག་ས་འདི་རུ། །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །སྤྱོད་པ་མཐར་ཕྱིན་གྲུབ་པའི་རྟགས་ཐོན། །འབྲས་བུ་ཀུན་བཟང་གོ་འཕང་ཐོབ་པར། །བདག་དང་འགྲོ་ཀུན་གསོལ་བ་འདེབས་སོ། །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་བྱང་བདག་དབང་པོའི་སྡེས་མཛད་པའོ། །

འཇམ་དཔལ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས།

༄༅། །འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས་ལས་ཁོལ་དུ་ཕྱུང་བ་འཇམ་དཔལ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་བཞུགས་སོ། །ཨོཾ་སྭ་སྟི་བི་ཛ་ཡནྟུ། རྒྱལ་ཀུན་མཁྱེན་གཉིས་ཡེ་ཤེས་གར། །འདོད་དགུའི་སྐུ་མཚན་རིག་སྔགས་ཀྱི། །དངོས་གྲུབ་མཆོག་སྟེར་མཉྫུ་ཤྲཱི། །དབྱེར་མེད་བླ་མ་མཆོག་ལ་འདུད། འཇམ་དཔལ་ཡིད་བཞིན་ནོར་བུའི་བླ་མའི་རྣལ་འབྱོར་ལ་བརྟེན་པའི་ཆོ་ག་ལ་འཇུག་པར་འདོད་པས་རྟེན་གྱི་དྲུང་དུ་མཆོད་པ་བཤམས་ལ་སྐྱབས་སུ་འགྲོ་བ་ནི། ན་མོཿ སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་ནི། མི་ཤེས་འདམ་དུ་བྱིང་བ་ཡི། སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་ཐོབ་པར་ཤོག །མཆོག་གསུམ་ཚོགས་གཉིས་ཆོས་དབྱིངས་བདེན་སྟོབས་ཀྱིས། །སྣོད་བཅུད་དག་པའི་ཞིང་གི་འབྱོར་བའི་དབུས། །རིན་ཆེན་གཞལ་མེད་བཀོད་མཛེས་གདན་ཁྲི་དང་། །ཕུལ་བྱུང་མཆོད་པའི་སྤྲིན་གྱིས་མཛེས་གྱུར་ཅིག །མཆོད་པའི་སྤྲིན་གཟུངས་དང་རྟེན་སྙིང་བཟླ། གུ་རུའི་ཚིག་བདུན་གསོལ་འདེབས་ལན་བདུན་བརྗོད་པས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་རྔ་ཡབ་གླིང་ནས་ཨོ་རྒྱན་རིན་པོ་ཆེ་འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་སྤྱན་དྲངས་ནས་བདུན་གྱི་ནམ་མཁར་ཁྱབ་བདག་འཇམ་པའི་རྡོ་རྗེའི་རྣམ་པར་བཞུགས་པར་གྱུར། ཨོཾཿ སྣང་སྲིད་རྣམ་དག་ཆོས་དབྱིངས་ཞིང་ཁམས་ནས། །རང་བྱུང་ཡེ་ཤེས་འཇམ་དཔལ་གཞོན་ནུའི་སྐུ། །ཡིད་འོང་ཉི་མ་འཆར་ཀའི་ལང་ཚོ་ཅན། །དང་པོའི་ཕྱག་གཉིས་རལ་གྲི་ཨུཏྤལ་དང། ཐ་མའི་ཕྱག་གཉིས་ནོར་བུ་བུམ་བཟང་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་གིས། །རབ་མཛེས་པདྨ་ཟླ་བའི་གདན་སྟེང་ན། དཔག་བསམ་ཤིང་ལ་སྐུ་རྒྱབ་བསྟེན་ནས་བཞུགས། །དེ་ཡི་ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ། །སྲིད་ཞིའི་དཔལ་འབྱོར་མཆོད་སྤྲིན་འཁྲིགས་པའི་ཀློང་། །བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ་ཡིས། །རབ་འབྱམས་མཆོད་པའི་སྤྲིན་གྱིས་མཁའ་དབྱིངས་གང་། །དྲན་པ་ཙམ་གྱི་ཕུན་ཚོགས་དཔལ་ཡོན་ཀུན། །ཡིད་བཞིན་ལེགས་པར་སྩོལ་བའི་བདག་ཉིད་ལ། །མ་ལུས་ཕྱོགས་དུས་ཞིང་གི་རྒྱལ་བ་དང་། །རྒྱལ་བ་སྲས་བཅས་ཏིལ་གོང་ལྟར་བཞུགས་པ། །མེ་ཏོག་ཆར་འབེབས་ཤིས་པའི་གླུ་དབྱངས་སྒྲོགས། །ཡེ་ཤེས་འོད་ཟེར་འབར་བས་མཁའ་ཁྱབ་གསལ། །ཞེས་གསལ་གདབ། དེ་ནས་ཕྱག་མཆོད་སོགས་འབུལ་བཞིན། ཨོྃཿ སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ།མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་འཕེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤཱུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་ཡིད་ཀྱི་རྣམ་སྤྲུལ་པའི། །དྲི་མེད་ཡིད་འོང་ལྷ་རྫས་བཀོད་པའི་ཆར། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཡི་མཆོག །ཞལ་ཟས་རོལ་མོ་རྣམ་ལྔའི་འདོད་ཡོན་་རྫས། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །ཉེ་བའི་རིན་ཆེན་བདུན་དང་གླུ་གར་མ། །མཛེས་སྡུག་བཀོད་པའི་རོལ་མོ་མཐའ་ཡས་པ། །འབུལ་ལོ་བཞེས་ནས་བཀྲ་ཤིས་འཕེལ་བར་མཛོད། །ཁྱད་པར་བདག་ལུས་ལོངས་སྤྱོད་དགེ་རྩར་བཅས། །རང་རང་ཡིད་ལ་གང་བསམ་འདོད་དགུའི་སྤྲིན། །སྲིད་ཞིའི་འབྱོར་ཚོགས་མ་ཚང་མེད་པའི་ཆར། །མི་ཕྱེད་རོ་མཉམ་རྡོ་རྗེའི་དམ་ཚིག་རྫས། །ཀུན་བཟང་སྨོན་ལམ་སྟོབས་བཞིན་སྤྲུལ་ཏེ་འབུལ། །ཅེས་གང་འདོད་ཀྱི་མཆོད་པ་ཡིད་ཀྱི་དམིགས་པས་འབུལ་ཞིང་སྤྲོ་ན་མཎྜལ་རྒྱས་བསྡུས་ཀྱང་འབུལ། བདག་གཞན་ཐོག་མེད་དུས་ནས་ད་ལྟའི་བར། །མི་ཤེས་ཉོན་མོངས་སྒྲིབ་པའི་ཚོགས་ཀུན་བཤགས། །བསོད་ནམས་ཀུན་ལ་དགའ་བས་ཡི་རང་ཤིང་། །ཆོས་འཁོར་བསྐོར་བཞིན་རྟག་པར་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བྱེད་ཅིང་། །རྒྱལ་བ་སྲས་བཅས་དགྱེས་པའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་བཟུང་བར་བགྱི། །མགོན་མེད་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །ཐུགས་དམ་མ་བསྙེལ་དགོངས་པའི་རྩལ་བསྐྱེད་ལ། །ཇི་ལྟར་གསོལ་བཏབ་འབྲས་བུ་མཆིས་པར་མཛོད། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། ཅེས་ལན་གསུམ་སོགས་ཅི་རིགས་དང་། ཨེ་མ་ཧོ། རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །མཁྱེན་བརྩེ་ནུས་པ་མཚུངས་མེད་རྡོ་རྗེའི་སྐུ། །མ་ལུས་འགྲོ་བའི་གཏན་གྱི་མགོན་གྱུར་པ། །སྐྱབས་མཆོག་དམ་པ་བདག་ལ་དགོངས་སུ་གསོལ། །ཁྱེད་ནི་རང་བྱུང་ཡེ་ཤེས་བདེ་བ་ཆེ། །མ་ལུས་འགྲོ་ཀུན་ཁྱོད་ཀྱི་ངང་གྱུར་ཀྱང་། །མི་ཤེས་རྒུད་པས་མནར་བ་བདག་ཅག་ལ། །དེང་ནས་རྟག་པ་དམ་པའི་མཆོག་སྩོལ་ཅིག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་བླ་མེད་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་མཚན་ལྡན། །དབུགས་འབྱིན་ཆེན་པོའི་དགའ་སྟོན་རྒྱ་ཆེ་བ། །དགའ་སྟོན་རོལ་མོ་ཆེན་པོས་དབུགས་དབྱུང་སྩོལ། །འཇམ་དཔལ་དཔལ་དང་ལྡན་པས་མཆོག་གྱུར་པ། །མཆོག་སྦྱིན་རྡོ་རྗེའི་བདག་ལ་མཆོག་སྩོལ་ཅིག །དེ་བཞིན་གཤེགས་པ་ཀུན་གྱི་ཡེ་ཤེས་སྐུའི། །ཡེ་ཤེས་རྡོ་རྗེའི་དབང་བསྐུར་བདག་ལ་སྩོལ། །འདོད་འབྱུང་ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །དཔག་བསམ་ཤིང་ཆེན་རྒྱས་པ་འགྲོ་ཀུན་གསོས། །ཁྱབ་བདག་རིན་ཆེན་ཀུན་མཆོག་དབུལ་བ་སེལ། །བུམ་བཟང་ཆེ་མཆོག་བདག་ལ་དཔལ་གྱུར་ཅིག །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་རྗེས་བཟུང་སྟེ། །མི་མཐུན་རྒུད་པ་ཐམས་ཅད་རྒྱུན་ཆད་ནས། །དཔལ་དང་སྐལ་བཟང་བཀྲ་ཤིས་བདེ་ལེགས་ཤོག །དངོས་གཞི་གསོལ་བ་གདབས་པ་ནི། དད་མོས་རྩེ་གཅིག་པས། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་གྲངས་བསགས། དཔལ་དང་སྐལ་བཟང་བཀྲ་ཤིས་བདེ་ལེགས་ཤོགཅེས་པའི་བར་ལན་གསུམ་གྱིས་འདོད་དོན་གསོལ་མཐར། འཁོར་རྣམས་འོད་ཞུ་རིམ་གྱིས་གཙོ་ལ་ཐིམ། །གཙོ་བོའི་སྐུ་ལས་བདུད་རྩིའི་ཆར་རྒྱུན་བབས། །སྤྱི་བོ་ནས་ཞུགས་ལུས་གང་སྒྲིབ་ཀུན་ཞི། །བྱིན་བརླབས་དབང་བསྐུར་རྡོ་རྗེའི་ཡེ་ཤེས་བསྐྱེད། །མཐར་ནི་འོད་ཞུ་རང་ཐིམ་དབྱེར་མེད་ངང་། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུར་གྱུར་ནས། །སྣང་སྲིད་བདེ་ཆེན་མཉམ་ཉིད་བྱང་ཆུབ་སེམས། །མ་མཅོས་བློ་འདས་རྫོགས་པ་ཆེན་པོའོ། །ཞེས་པ་ལ་མཉམ་པར་བཞག་ཅིང་། གཟུངས་སྔགས། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཨོཾ་མཉྫུ་ཤྲཱི་པ་ར་དྭ་བཛྲ་མཾ་སྭཱ་ཧཱ། ཞེས་ཅུང་ཟད་བཟླ་ཞིང་སྤྲོ་ན་འཇམ་དཔལ་རྒྱུ་འཕྲུལ་དྲ་བའི་རྒྱུད་རྒྱས་བསྡུས་དག་ཀྱང་བཀླ་ག་པར་བྱའོ། །མགོན་པོ་ཁྱོད་ཀྱི་རྡོ་རྗེའི་མཚན། །ཡང་དག་བརྗོད་པས་རབ་བསྔགས་བདག །དེང་ནས་བྱང་ཆུབ་སྙིང་པོའི་བར། །དགྱེས་བཞིན་རྗེས་སུ་བཟུང་བར་མཛོད། །ཐོས་བསམ་སྒོམ་པའི་དཀྱིལ་འཁོར་ཡོངས་སུ་རྫོོགས། །འཆད་རྩོད་རྩོམ་པའི་འོད་ཟེར་རབ་ཏུ་གསལ། །སྙེམ་མེད་ཞི་བ་གཞན་ཕན་སྙིང་བརྩེ་དང་། །དད་སོགས་ཡོན་ཏན་རྒྱ་མཚོས་མཛེས་གྱུར་ཅིག །དེ་ཡི་མཐུ་ལས་རྒྱལ་བའི་བསྟན་པ་ལ། །བྱ་བ་རྒྱ་ཆེན་མཆོག་ཏུ་རབ་བགྱིད་ཅིང་། །འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་བཟུང་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །འདི་ལྟར་བགྱིས་པའི་ལེགས་བྱས་རྟེན་འབྲེལ་གྱིས། །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་། རྨད་བྱུང་ཕྲིན་ལས་ཕྱོགས་བཅུར་རབ་ཏུ་ཁྱབ། །ཐུགས་ཀྱི་བཞེད་དོན་ཡོངས་སུ་འགྲུབ་པར་ཤོག །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །ཚེ་རབ་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་བར་ཤོག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་དགུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །རྟེན་སྙིང་དང་། ཕུན་སུམ་ཚོགས་པ་སོགས་ཀྱི་བདེ་ལེགས་སུ་བྱའོ། འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས་ལ་བརྟེན་པའི་ཆོ་ག་བཀྲ་ཤིས་འདོད་དགུའི་དཔལ་སྟེར་ལས་ཁོལ་དུ་ཕྱུང་བའོ།། །།

འཇམ་དཔལ་མཚན་བརྗོད་རྒྱུད་ཀྱི་བཀླག་ཐབས་ཡེ་ཤེས་གྲུབ་སྟེར།

༄༅། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་བཀླག་ཐབས་ཡེ་ཤེས་གྲུབ་སྟེར་ཞེས་བྱ་བ། ན་མོ་གུ་རུ་ཛྙཱ་ན་ཀཱ་ཡཱ་ཡ། འདིར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་གདོན་པའི་གདམས་ངག་ལ་རྣམ་པ་བཞིར་གསུངས་པ་ལས། ཟབ་མོའི་རྣལ་འབྱོར་ལ་གཞོལ་བར་མི་ནུས་པའི་ལས་དང་པོ་པའམ། རྣལ་འབྱོར་ཟབ་མོ་ལ་འཇུག་པས་ཀྱང་ཐུན་མཚམས་རྣམས་སུ་ཆེ་བའི་ཡོན་ཏན་ལ་བསྔགས་པའི་ཚུལ་གྱིས་གདོན་པར་འདོད་པས་དད་པ་དང་། ངེས་འབྱུང་དང་།བྱང་ཆུབ་ཀྱི་སེམས་གཉིས་ཡིད་ལ་བྱས་ཏེ། བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དོན་རྫོགས་བྱང་ཐོབ་བྱའི་ཕྱིར། །ཟབ་མོའི་རྒྱུད་སྡེ་བཀླག་པར་བགྱི། །ལན་གསུམ་གྱིས་སྐྱབས་སེམས་བྱ། རང་མདུན་ནམ་མཁར་ཡིད་འཕྲོག་པའི། །མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་ཟླའི་གདན་ལ་སྐད་ཅིག་གིས། །རྗེ་བཙུན་འཕགས་པ་འཇམ་པའི་དབྱངས། །སྐུ་མདོག་གསེར་གྱི་ལྷུན་པོ་ནི། །མཚམས་སྤྲིན་གསར་པས་འཁྱུད་བཞིན་མཛེས། །ཞི་འཛུམ་བརྒྱད་གཉིས་ལང་ཚོའི་དཔལ། །ངོ་མཚར་མཚན་དཔེའི་ཕུང་པོར་འབར། །ཞལ་གཅིག་ཕྱག་བཞི་དང་པོ་གཉིས། །ཤེས་རབ་རལ་གྲི་གླེགས་བམ་དང་། །འོག་མས་ཐབས་ཤེས་མདའ་གཞུ་བསྣམས། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྣ་ཚོགས་དར་གྱི་ཤམ་ཐབས་དང་། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །ཟུར་ཕུད་ཨུཏྤ་ལར་གནས་པའི། །མི་བསྐྱོད་རིགས་ཀྱི་བདག་པོར་བཅས། །མཁའ་ལམ་དབང་པོའི་གཞུ་ལྟ་བུ། །སྣང་སྟོང་ཟུང་འཇུག་ཡེ་ཤེས་སྐུ། །མངོན་སུམ་བཞིན་དུ་གསལ་བར་གྱུར། །ཨེ་མ་སངས་རྒྱས་བྱང་སེམས་དང་། །ཉན་ཐོས་རང་རྒྱལ་ཚངས་དབང་སོགས། །སྲིད་ཞིའི་ཉམས་འགྱུར་ཇི་སྙེད་ཀུན། །འཇམ་པའི་དཔལ་ལས་གཞན་མིན་ཕྱིར། །མཐའ་ཡས་ཤེས་བྱའི་རྗེས་སོང་བའི། །མཚན་དང་སྐུ་ཡི་བཀོད་པ་དང་། །ཡོན་ཏན་མཁའ་དང་སྙོམས་འཇུག་པར། །མི་ཕྱེད་མཆོག་ཏུ་གུས་པའི་བློས། །ངག་གི་ནོར་བུ་ཏམྦུ་ར། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །རྡོ་རྗེའི་མཚན་དོན་ཡང་དག་པར། །བརྗོད་པའི་གདངས་སུ་འཕོས་པ་ཡིས། །མཁྱེན་བརྩེ་ནུས་པའི་རྒྱུད་བསྐུལ་བས། །ཐུགས་རྗེའི་འོད་ཟེར་དཔག་ཡས་པ། །ས་གསུམ་ཁྱབ་པར་རབ་ཏུ་འཕྲོས། །བདག་དང་ཡིད་ཅན་ཐམས་ཅད་ཀྱིས། །ཐོག་མེད་ནས་བསགས་སྡིག་ལྟུང་དང་། །སྒྲིབ་གཉིས་མུན་པ་ཀུན་བསལ་ནས། །ཇི་ལྟ་ཇི་སྙེད་ཤེས་བྱ་ལ། །བློ་མཆོག་པདྨོ་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། མོས་གུས་རྩེ་གཅིག་གིས་རྒྱུད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཚར་གསུམ་སོགས་ཅི་ནུས་སུ་བཀླགས།

འཇམ་དཔལ་མཚན་བརྗོད།

༄༅། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །པད་མ་དཀར་པོ་རྒྱས་འདྲའི་སྤྱན། །པད་མ་རྒྱས་པའི་གདན་ལ་བཞུགས། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བར་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་དགའ་བཞིན་དུ། །གླུར་བླངས་གང་ལགས་བཤད་དུ་གསོལ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་ནི། །བདག་གི་བསམ་པ་བརྟན་པོས་གཟུང་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱངས་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པ་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིག་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེའི་ཆོས་ཅན་འདི་གསུངས་པ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ སྠི་ཏོ་ཧྲཱི་དི། ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷོ། བུདྡྷཱ་ནཱཾ་ཏྲྱ་དྷྭ་བརྟྟི་ནཱཾ། ཨོཾ་བཛྲ་ཏིཀྵྞ་དུ༔ ཁ་ཙྪེད། པྲཛྙཱ་ཛྙཱ་ན་མཱུརྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག། བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོ་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོས་བསྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པས་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་ཅིང་བརྗེད་པ་དྲང་སྲོང་ཆེ། །རིགས་གསུམ་འཆང་བ་གསང་སྔགས་ཅན། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེའི་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་པོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེའི་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལ་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག། སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲྭ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཤིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བ་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོའུ་ཏམ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བའི་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བར་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཀུན་ཏུ་ལྟ་བས་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་པོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །༈ འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་དཀྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་ཛི་ན་ཛིཀ།།རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་པོའི་མཐའ། །མི་གཡོ་རབ་ཏུ་དྭང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པ་གར་བྱེད་པ། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །སྲིད་གསུམ་དགའ་བ་ཆེན་པོ་སྟེ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེས་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང་། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་ཏོག །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིགས་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་བ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་དང་ལྷ་དབང་ལྷ་ཡི་ལྷ། །ལྷ་ཡི་དབང་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆས་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཨོཾ་སརྦ་དྷརྨཱ་བྷཱ་ཝ་སྭ་བྷཱ་ཝ་བི་ཤུདྡྷེ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཿ པྲ་ཀྲི་ཏི་པ་རི་ཤུདྡྷ་སརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ། ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏ་མུ་པཱ་དཱ་ཡ་ཏི་ཨཾ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿ བྷ་ག་ཝཱན་ཛྙཱ་ན་མཱུརྟི་ཝཱ་གི་ཤྭ་ར། མ་ཧཱ་པཱ་ཙ་སརྦ་དྷརྨཱ། ག་ག་ན་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷ་ཏུ་ཛྙཱ་ན་གརྦྷ་ཨཱཿ དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནི་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ།། །།༈ རྗེས་ཆོག། ཨོཾ་སརྦ་དྷརྨཱ་བྷཱ་ཝ་སོགས་ཀྱི་སྔགས་ཅི་རིགས་པར་བཟླ་ཞིང་ཕན་ཡོན་ཀྱང་གདོན་པར་གསུངས། གང་ལྟར་ཡང་མཐར། དངོས་དང་ཡིད་ལས་བྱུང་བ་ཡི། །ཀུན་བཟང་མཆོད་པའི་སྤྲིན་རྒྱ་མཚོས། །སྲིད་པ་མཐར་བྱས་དེ་སྲིད་དུ། །འཇམ་དཔལ་གཞོན་ནུ་མཉེས་གྱུར་ཅིག །ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨརྒྷཾ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོ་གཅིག་བསྡུས་པ། །སྲིད་ཞི་ཀུན་གྱི་དཔལ་གྱུར་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ཀྱི་རྡོ་རྗེའི་མཚན། །ཡང་དག་བརྗོད་པས་རབ་བསྔགས་བདག། དེང་ནས་བྱང་ཆུབ་སྙིང་པོའི་བར། །དགྱེས་བཞིན་རྗེས་སུ་གཟུང་བར་མཛོད། །གནས་སྐབས་ཚུལ་གནས་ཐོས་བསམ་དང་། །སྒོམ་པའི་བློ་གྲོས་རབ་རྒྱས་ཤིང་། །འཆད་རྩོད་རྩོམ་ལ་མཚུངས་མེད་པའི། །སྨྲ་བའི་ཉི་མར་བྱིན་གྱིས་རློབས། །མཐར་ཐུག་ཤེས་དང་ཤེས་བྱ་ཀུན། །མི་ཕྱེད་ཡེ་ཤེས་སྐུ་ཐོབ་ནས། །འགྲོ་རྣམས་འཇམ་དཔལ་གཞོན་ནུ་ཡི། །གོ་འཕང་མཆོག་ལ་འགོད་གྱུར་ཅིག །ཅེས་གསོལ་བ་གདབ། གཟོད་ནས་སྤྲོས་བྲལ་འཇམ་པའི་དཔལ། །རྟེན་འབྱུང་སྒྱུ་མའི་ངང་ཚུལ་གྱིས། །སྣང་ཆར་ཤར་བའི་ཡེ་ཤེས་པ། །རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས། །འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་རང་གཞན་ལ་ཉེ་བར་མཁོ་བའི་ཕྱིར་མང་དུ་ཐོས་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ལ་གཞི་བྱས། འཇམ་མགོན་ས་སྐྱ་པཎྚི་ཏའི་གསང་སྒྲོས་ཟིན་བྲིས་སོགས་ལས་ཀྱང་ཅུང་ཟད་བསྣན་ཏེ་ཤིན་ཏུ་གསལ་བར་བཀོད་པ་དགེ་ལེགས་སུ་གྱུར་ཅིག།

རི་བོ་བསང་མཆོད།

༄༅། །རི་བོ་བསང་མཆོད་ཀྱི་ངག་འདོན་ཁྲིགས་བཀོལ་བཞུགས་སོ། །ༀ་སྭ་སྟི། །ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་མན་ངག་རི་བོ་བསང་མཆོད་ལག་ཏུ་ལེན་པ་ལ། །གཙང་མའི་སྣོད་དམ་ཐབ་ཏུ་བཟང་ཤིང་སྤོས་སྨན་དཀར་མངར་བསང་སྣ་ཕྱེ་མར་སོགས་གང་འབྱོར་བཀྲ་ཤིས་པའི་མེར་བསྲེགས་ཤིང་ཆུ་གཙང་བྲན། ཐོག་མར་སྐྱབས་འགྲོ་ནི། ཨོཾ་ཨཱཿཧཱུྂ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱེད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། གསང་མཆོག་ཡེ་ཤེས་འོད་གསལ་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང༌༔ ཐུགས་ཀྱི་ཐིག་ལེར་ལྷུན་གྲུབ་སྣང་བཞིའི་ངང༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ ལན་གསུམ། ཡན་ལག་བདུན་པ་ནི། གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང༌༔ གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པ་འབུལ༔ འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔ བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང༌༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔ འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐའ་བསྔོ༔ བདག་བསྐྱེད་ནི། ཀ་དག་ཆོས་སྐུའི་དབྱིངས་ལས་འགགས་མེད་རྩལ། །པདྨ་ཐོད་ཕྲེང་དཀར་དམར་གཞོན་ཚུལ་མཛེས། །མཚན་དཔེའི་གཟི་འབར་རྡོ་རྗེ་ཐོད་པ་བསྣམས། །མཛེས་བརྗིད་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས། །དམ་ཡེ་གཉིས་མེད་རྒྱལ་ཀུན་འདུས་པའི་གཟུགས། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་གྱུར། ཨོྃ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ༔ ཞེས་བརྒྱ་རྩ་ཙམ་བཟླ། དེ་ནས་བསང་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང༌། སྟོང་པའི་ངང་ལས་བསང་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། ཨོྃ་ཨཱཿཧཱུྂ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་སོགས་ཀྱིས་བྱིན་གྱིས་བརླབས་ལ། བྷྲཱུྃ༔ རིན་ཆེན་སྣ་ཚོགས་དྭངས་མའི་སྣོད་ཡངས་སུ༔ འཇིག་རྟེན་སྲིད་པའི་འདོད་རྒུ་དམ་ཚིག་རྫས༔ འབྲུ་གསུམ་ཡེ་ཤེས་བདུད་རྩིར་བྱིན་བརླབས་པས༔ སྣང་སྲིད་མཆོད་པའི་འདོད་རྒུར་འཁྲིགས་པ་འདི༔ བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་དང༌༔ ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་དང༌༔ འཛམ་གླིང་གཞི་བདག་རིགས་དྲུག་ལན་ཆགས་མགྲོན༔ ཁྱད་པར་བདག་གི་ཚེ་འཕྲོག་སྲོག་རྐུ་ཞིང༌༔ ནད་གཏོང་བར་ཆད་རྩོམ་པའི་འབྱུང་པོ་དང༌༔ རྨི་ལམ་རྟགས་མཚན་ངན་དང་ལྟས་ངན་རིགས༔ སྡེ་བརྒྱད་མ་རུང་ཆོ་འཕྲུལ་བདག་པོ་དང༌༔ ཟས་དང་གནས་དང་ནོར་གྱི་ལན་ཆགས་ཅན༔ གྲིབ་བདག་སྨྱོ་འདྲེ་ཕོ་གཤིན་མོ་གཤིན་དང༌༔ གྲི་བོ་ཐེའུ་རང་གྲོང་སྲིན་འདྲེ་མོ་བཅས༔ ལན་ཆགས་དམརཔོའི་མེ་ལ་འཇལ་ཏེ་བསྲེག༔ རང་རང་ཡིད་ལ་གང་འདོད་འདོད་རྒུའི་ཆར༔ ཇི་སྲིད་ནམ་མཁའ་གནས་ཀྱི་བར་ཉིད་དུ༔ འདོད་པའི་ཡོན་ཏན་ཟད་པ་མེད་པར་བསྔོ༔ བདག་གི་དུས་གསུམ་བསགས་པའི་སྡིག་སྒྲིབ་དང༌༔ དཀོན་མཆོག་དད་གཤིན་དཀོར་ལ་སྤྱད་པ་རྣམས༔ སྦྱིན་སྲེག་མེ་མཆོད་འདི་ཡིས་དག་གྱུར་ཅིག༔ མེ་ལྕེ་སྣང་སྲིད་གང་བའི་རྡུལ་ཕྲན་རེས༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་མི་ཟད་པ༔ རྒྱལ་བའི་ཞིང་ཁམས་ཡོངས་ལ་ཁྱབ་གྱུར་ཅིག༔ མེ་ལྕེ་ཡེ་ཤེས་འོད་ལྔའི་མཆོད་སྦྱིན་ཟེར༔ རིགས་དྲུག་མནར་མེད་གནས་སུ་ཁྱབ་གྱུར་པས༔ ཁམས་གསུམ་འཁོར་བ་འཇའ་ལུས་འོད་སྐུར་གྲོལ༔ འགྲོ་ཀུན་བྱང་ཆུབ་སྙིང་པོར་སངས་རྒྱས་ཤོག༔ ཨོྃ་ཨཱཿཧཱུྂ༔ ཞེས་འབྲུ་གསུམ་བརྒྱ་སྟོང་སོགས་གང་འགྲུབ་མཐར༔ སྐུ་གསུམ་དག་པ་སྣོད་ཀྱི་གཞལ་ཡས་སུ༔ ཆོས་ལོངས་སྤྲུལ་གསུམ་སྣང་སྲིད་གཟུགས་ཕུང་རྣམས༔ བདུད་རྩིར་ཞུ་བས་འཇའ་འོད་བར་སྣང་གང༌༔ འཁོར་བ་མྱང་འདས་ཟག་མེད་བདུད་རྩིའི་བཅུད༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ སྣང་སྲིད་མགྲོན་དུ་གྱུར་པ་ཡོངས་ལ་བསྔོ༔ ས་ལམ་འབྲས་བུའི་ཡོན་ཏན་མཐར་ཕྱིན་ཞིང༌༔ ལྟ་སྒོམ་སྤྱོད་པའི་བར་ཆད་ཀུན་བསལ་ནས༔ རྨད་བྱུང་ཀུན་བཟང་ཐུགས་ཀྱི་མཁའ་དབྱིངས་སུ༔ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག༔ འཁོར་བའི་རྒྱ་མཚོ་ཆེན་པོ་སྟོངས་པའི་མཐར༔ འོག་མིན་པདྨ་དྲྭ་བར་སངས་རྒྱས་ཤོག༔ ཕུང་ཁམས་བསྲེག་རྫས་བཀྲག་མདངས་གཟི་བརྗིད་འབར༔ དཀར་དམར་བྱང་སེམས་བསྲེག་རྫས་བདེ་སྟོང་འབར༔ སྟོང་ཉིད་སྙིང་རྗེའི་བསྲེག་རྫས་ཆོས་དབྱིངས་གང༌༔ སྣང་སྲིད་འཁོར་འདས་རྡོ་རྗེའི་འོད་ལྔའི་གཞིར༔ ལྷུན་གྲུབ་རྫོགས་སངས་རྒྱས་པའི་བསྲེག་རྫས་འབུལ༔ སྔོན་གྱི་ལན་ཆགས་ཐམས་ཅད་བྱང་གྱུར་ཅིག༔ ད་ལྟ་རྒྱུད་ལ་མི་གནས་མཐོལ་ལོ་བཤགས༔ མ་འོངས་སྒྲིབ་པའི་འཁོར་ལོར་མ་གྱུར་ཅིག༔ སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི༔ སྡོམ་བཅས་བསླབ་པ་གསང་སྔགས་དམ་ཚིག་རིགས༔ ཚོར་དང་མ་ཚོར་ཉམས་པ་མཐོལ་ལོ་བཤགས༔ ནད་གདོན་གྲིབ་དང་མི་གཙང་དག་གྱུར་ཅིག༔ ནད་མུག་མཚོན་གྱི་བསྐལ་པ་ཞི་གྱུར་ཅིག༔ མཐའ་མི་དབུས་སུ་འོང་བའི་བསུན་མ་ཟློག༔ ཆོས་མཛད་བླ་མ་གདན་འདྲེན་བར་ཆད་ཟློག༔ བོད་ཡུལ་བཀྲ་མི་ཤིས་པའི་ལྟས་ངན་ཟློག༔ གཟའ་ཀླུ་རྒྱལ་པོས་སྲོག་དབུགས་སྡུད་པ་ཟློག༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཟློག༔ བདག་ཅག་འཁོར་བཅས་བཀྲ་མི་ཤིས་པ་ཟློག༔ དམ་སྲི་འགོང་པོའི་མཐུ་སྟོབས་ནུས་པ་ཟློག༔ ས་མ་ཡ༔ ཞེས་ཤིང་སྣ་ཚོགས་པའི་བསང་ཁ་བརྒྱ་དང་བརྒྱད༔ སྦྱིན་སྲེག་གི་ཆོ་ག་ལས་བྱུང་བ་ལྟར༔ རི་བོ་བསང་མཆོད་འདིས་འཆི་བསླུ་དང༔ དཀོར་སྦྱོང་བར་ཆད་ཀྱི་རིགས་སེལ་བ་རྡོ་རྗེ་ཕ་ལམ་ལྟ་བུ་འདི༔ སྦས་ཡུལ་འབྲས་མོ་གཤོངས་ཀྱི་གནས་སྒོ་འབྱེད་པའི་ཆ་ལག་ཏུ་མཁའ་འགྲོས་གནང་བ་བཞིན་ནོར་འཁྲུལ་མེད་པར་སྦྱར་བའོ༔ དགེའོ།། །།

བསང་མཆོད་བསྡུས་པ།

༈ བསང་མཆོད་བསྡུས་པ་བཞུགས་སོ། །རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། བྷྲཱུྃ་ལས་བྱུང་བའི་སྣོད་ནང་དུ། །ༀ་ལས་བསང་དུད་འདོད་ཡོན་སྤྲིན། །མཁའ་མཉམ་མཆོད་པ་དམ་པ་འདི། །བླ་མ་རྩ་བ་གསུམ་ལ་འབུལ། །བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །མགོན་པོ་ཡོན་ཏན་མགྲོན་ལ་འབུལ། །ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས། །རིགས་དྲུག་སེམས་ཅན་ཡོངས་ལ་བསྔོ། །སོ་སོའི་སྡུག་བསྔལ་ཀུན་བྲལ་ཤོག །བགེགས་རིགས་ལན་ཆགས་མགྲོན་ལ་སྦྱིན། །བུ་ལོན་ལན་ཆགས་བྱང་གྱུར་ཅིགཁྱད་པར་ནོར་ལྷའི་ཚོགས་རྣམས་ལ། །འབུལ་ལོ་ཟས་ནོར་གཡང་དང་སྤྲོད། །ཡུལ་འདིའི་གཞི་བདག་འཁོར་བཅས་བསང་། །འགོ་ཞིང་མཐུན་རྐྱེན་སྡོངས་གྲོགས་མཛོད། །གནས་ཁང་ལོངས་སྤྱོད་ལྷ་མི་བསང་། །མི་གཙང་གྲིབ་ཚོགས་བསང་གྱུར་ཅིག །མཆོད་སྦྱིན་རྒྱ་ཆེན་འདི་ཡིས་མཐུས། །འགྲོ་ཀུན་ཚོགས་རྫོགས་སྒྲིབ་དག་སྟེ། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །ཅེས་པའང་བུ་མོ་པདྨ་ལྷ་མོའི་ངོར་བྱ་བྲལ་བུདྡྷས་སོ།། །།

རླུང་རྟ་སྡེ་བཞིའི་བསང་མཆོད།

༈ རླུང་རྟ་སྡེ་བཞིའི་བསང་མཆོད་བཞུགས་སོ། །ཨོྃ་སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བསང་མཆོད་དུད་སྤྲིན་བསམ་གྱིས་མི་ཁྱབ་པས་ས་དང་བར་སྣང་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་འཁོར་དང་བཅས་པའི་དབང་པོ་ཚིམ་པར་གྱུར་ཅིག ༀ་ཨཱཿཧཱུྃཿ ལན་གསུམ། ཀྱཻ། །བསང་མཆོད་ཕུན་སུམ་ཚོགས་པ་འདི། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་དང། །ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས། །བདག་ལ་བསྲུང་ཞིང་སྐྱོབ་པ་རྣམས། །བསང་མཆོད་རྒྱ་ཆེན་འདི་བཞེས་ལ། །རླུང་རྟ་དར་བའི་སྡོང་གྲོགས་མཛོད། ཀྱཻ། །དབུས་ཀྱི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །རྟ་མཆོག་རྒྱལ་པོ་བྷ་ལ་ཧ། །མྱུར་མགྱོགས་ཆེ་བའི་དགྲ་བླ་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། ཀྱཻ། ཤར་གྱི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །དུང་སེང་གཡུ་ཡི་རལ་བ་ཅན། །དཔའ་རྩལ་ཆེ་བའི་དགྲ་བླ་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱཻ། །ལྷོ་ཡི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། །ངར་སྐད་ཆེ་བའི་དགྲ་བླ་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། ཀྱཻ། ནུབ་ཀྱི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །རྒྱ་སྟག་མཚལ་གྱི་ཐིག་ལེ་ཅན། །དཔའ་རྔམས་ཆེ་བའི་དགྲ་བླ་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱཻ། །བྱང་གི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །ཁྱུང་ཆེན་ནོར་བུའི་ཐོར་ཚུགས་ཅན། །སྟོབས་ཤུགས་ཆེ་བའི་དགྲ་བླ་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། ཀྱཻ། ཕྱོགས་བཞི་མཚམས་བརྒྱད་གནས་པའི་ལྷ། །འབྱུང་བ་ལྔ་ཡི་ལྷ་རྣམས་བསང་། །འབྱུང་བའི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །སྤར་ཁ་བརྒྱད་ཀྱི་ལྷ་རྣམས་བསང་། །སྤར་ཁའི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །སྨེ་བ་དགུ་ཡི་ལྷ་རྣམས་བསང་། །སྨེ་བའི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ལོ་ཟླ་ཞག་དུས་ལྷ་རྣམས་བསང་། །ལོ་ཟླའི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །འགོ་བའི་ལྷ་དང་སྐྱོབ་པའི་ལྷ། །ཕ་ལྷ་མ་ལྷ་ཞང་ལྷ་དང་། །ཕྲག་ལྷ་ལུས་ལྷ་ཐམས་ཅད་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །བསྐྱེད་ཅིག་རླུང་རྟ་ཡར་ལ་སྐྱེད། །ལུས་ལ་དཔའ་རྩལ་གཟི་བརྗིད་སྐྱེད། །ངག་ལ་བདེན་པའི་ནུས་མཐུ་སྐྱེད། །སེམས་ལ་བདེ་བའི་ཏིང་འཛིན་སྐྱེད། །ནད་གདོན་བར་ཆད་ཞི་བར་མཛོད། །ཚེ་བསོད་སྟོབས་འབྱོར་འཕེལ་ཞིང་རྒྱས། །སྣང་སྲིད་དབང་སྡུས་དགྲ་བགེགས་སྒྲོལ། །ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་འཕྱོར། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །བདག་ཅག་ལྷ་ངོ་རྒྱལ་གྱུར་ཅིག །ནག་ཕྱོགས་བདུད་རིགས་ཆམ་ལ་ཕོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་སརྦ་བྷི་ཛ་ཡ༔ས་མ་ཡ༔གྷི་ཛ་ཡ་པ་དྷི་པི་ཏྲི་ཁྱིའུ་སརྦ་འདུ་འདུ་ཧོ༔ ཅེས་རླུང་རྟ་སྡེ་བཞིའི་སྔགས་རིན་པོ་ཆེ་རྒྱ་སྣག་གིས་བྲིས་ནས་ལུས་ལ་འཆང་ན་ལུས་ངག་ཡིད་ཀྱི་ཚེ་དཔལ་བསྐྱེད༔ བཙུན་པ་ཡིན་ན་ཡོན་ཏན་རྒྱས༔ སྐྱེ་བོ་ཡིན་ན་བསམ་དོན་འགྲུབ༔ ཚོང་དང་དགྲ་ལས་རབ་རྒྱལ་ལོ༔ ཅེས་པ་འདིའང་རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེའི་གཏེར་ལས་བྱུང་བའོ༔ གཏེར་རྒྱ༔ ཨྠྀི༔

རླུང་རྟ་ཡར་བསྐྱེད་བསྡུས་པ།

༈ རླུང་རྟ་ཡར་བསྐྱེད་བསྡུས་པ་བཞུགས་སོ། །ཨོཾ་ཨཱཿཧཱུྃཿརྫུ་འཕྲུལ་བྱུང་ལྡན་རྟ་མཆོག་རིན་པོ་ཆེ། །སྦྱིན་པའི་བདག་པོའི་རླུང་རྟ་ཡར་ལ་བསྐྱེད། །མྱུར་མགྱོགས་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །སྲོག་ལུས་དབང་ཐང་ཚེ་དང་བསོད་ནམས་དང་། །རྟ་དང་སྟག་སེང་ཁྱུང་འབྲུག་འདིར་ཡར་བསྐྱེད། ཀུན་འདུས་སརྦ་འདུ་འདུ་ཧོ། བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཧེ་ཧེ། ཐམས་ཅད་ཟིལ་གནོན་བྱ་ཁྱུང་ག་རུ་ཌ། །ཡོན་ཏན་ལྡན་པའི་རླུང་རྟ་ཡར་ལ་བསྐྱེད། །ཚེ་སྲོག་ལུས་དང་དབང་ཐང་རྒྱས་པ་དང་། །བསམ་པའི་དོན་ཀུན་མྱུར་དུ་འགྲུབ་པར་མཛོད། །ཀུན་འདུས་སརྦ་འདུ་འདུ་ཧོ། ཧེ་ཧེ། སྟོབས་དང་ལྡན་པའི་གདོང་ལྔའི་དབང་པོ་ནི། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ཀྱིས། །གཟི་བརྗིད་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །སྲོག་ལུས་དབང་ཐང་གོང་ནས་གོང་དུ་བསྐྱེད། །ཀུན་འདུས་སརྦ་འདུ་འདུ་ཧོ། ཧེ་ཧེ། ངར་སྐད་དང་ལྡན་གཡུ་འབྲུག་སྔོན་པོ་ཡིས། །སྙན་གྲགས་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །ཚེ་སྲོག་ལུས་དང་དབང་ཐང་རྒྱས་པ་དང་། །མི་ནོར་ཟས་གསུམ་དབང་དུ་འདུ་བར་མཛོད། །ཀུན་འདུས་སརྦ་འདུ་འདུ་ཧོ། ཧེ་ཧེ། དཔའ་རྩལ་ལྡན་པའི་རྒྱ་སྟག་ཁྲ་བོ་ཡིས། །དཔའ་སྙིང་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །སྲོག་ལུས་དབང་ཐང་ཚེ་བསོད་རྒྱས་པ་དང་། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ཀུན་འདུས་སརྦ་འདུ་འདུ་ཧོ། །བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཅེས་པ་འདི་ནི་དད་སྟོབས་ཀྱིས་མངོན་པར་འཕགས་པ་མཚོ་སྔོན་སྒྲོལ་མ་སྐྱབས་ནས་བསྐུལ་ངོར། ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ། །

རླུང་རྟ་ཡར་བསྐྱེད་འདོད་གསོལ་བསྡུས་པ།

༈ རླུང་རྟ་ཡར་བསྐྱེད་འདོད་གསོལ་བཞུགས་སོ། །ཨོཾ། རྨད་བྱུང་བྱིན་རླབས་དངོས་གྲུབ་ཆར་བཞིན་དུ། །སྩོལ་མཛད་བླ་མ་ཡི་དམ་མཆོག་གསུམ་དང་། །དཔའ་བོ་མཁའ་འགྲོ་བསྟན་སྲུང་ཚོགས་རྣམས་ཀྱིས། །རྣལ་འབྱོར་བདག་གི་རླུང་རྟ་ཡར་ལ་བསྐྱེད། །གང་གིས་མཐུ་ལས་ནག་པོའི་དཔུང་འཇོམས་ཤིང་། །དཀར་པོའི་ཕྱོགས་རྒྱལ་བསམ་དོན་ཡིད་བཞིན་དུ། །འགྲུབ་པའི་བ་དན་སྲིད་རྩེར་བསྒྲེངས་པ་ཡིས། །རྣལ་འབྱོར་བདག་གི་རླུང་རྟ་ཡར་ལ་བསྐྱེད། །སྟག་ལྟར་འཕྱོ་པའི་རླུང་རྟ་ཡར་ལ་བསྐྱེད། །སེང་ལྟར་ངར་བའི་རླུང་རྟ་ཡར་ལ་བསྐྱེད། །འབྲུག་ལྟར་ལྡིར་པའི་རླུང་རྟ་ཡར་ལ་བསྐྱེད། ཁྱུང་ལྟར་ལྡིང་པའི་རླུང་རྟ་ཡར་ལ་བསྐྱེད། །སྣ་ཚོགས་བསང་རྫས་བསྲེགས་པའི་དུད་སྤྲིན་འཁྲིགས། །རླུང་རྟའི་དར་ལྕོག་རི་རྩེར་བསྒྲེངས་པ་ཡིས། །གནས་སྐབས་རླུང་རྟ་རྒུད་པའི་སྐྱོན་བསལ་ཏེ། །ལྷུན་པོའི་སྤོ་བཞིན་རླུང་རྟ་ཡར་ལ་བསྐྱེད། །རླུང་རྟ་ཡར་ལ་བསྐྱེད་པའི་རྟེན་འབྲེལ་ལ། །བརྟེན་ནས་འགྲོ་འདུག་སྤྱོད་ལམ་སྨྲ་བརྗོད་སོགས། །ཅི་བྱས་ལམ་དུ་འགྲོ་བའི་འོད་སྣང་གིས། །ཡིད་དབང་པདྨོའི་ཟེའུ་འབྲུ་བཞད་པར་ཤོག །སྟག་སེང་ཁྱུང་འབྲུག་བཞི་དང་འགྲོགས་པ་ཡིས། །རླུང་རྟའི་དགེ་མཚན་ཕུལ་དུ་བྱུང་བ་ཡིས། །བདག་ཅག་ཉིན་མཚན་ཀུན་དུ་སྐྱོབ་མཛད་ཅིང་། །མི་མཐུན་དགྲ་དེ་བརླག་པའི་ཕྲིན་ལས་མཛོད། །དེ་ལྟར་རླུང་རྟ་བསྐྱེད་པའི་རྣམ་དཀར་ལ། །བརྟེན་ནས་བདག་གི་སྲོག་ལུས་དབང་ཐང་དང་། ཁ་རྗེས་རླུང་རྟ་ཡར་ཟླ་བཞིན་དུ་འཕེལ། །ཕན་བདེའི་དཔལ་ལ་རོལ་པའི་བཀྲ་ཤིས་སྩོལ། ཁྱད་པར་བདག་གི་ཚེ་དང་བསོད་ནམས་དང་། །དཔལ་འབྱོར་རླུང་རྟ་ཕྱོགས་བཅུར་དར་བ་དང་། །ཆོས་དང་སྲིད་ཀྱི་འདོད་པའི་དོན་རྣམས་ཀུན། །གེགས་མེད་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཀུན་འདུས་སརྦ་འདུ་འདུ་ཧོ། །ཞེས་པ་འདི་ནི་དགེ་སློང་ངག་དབང་ཚུལ་ཁྲིམས་སོགས་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་ངོར་བཙུན་པ་དཀོན་མཆོག་འགྱུར་མེད་དབང་པོས་སྦྱར་བའོ།། །།ཧོཿ། བཀྲ་ཤིས་རླུང་རྟ་སྙན་པའི་བ་དན་ཆེ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འཕྲོ་བ་འདིས། །རྩ་གསུམ་སྲུང་མ་དགྲ་བླ་ཟོ་དོར་བཅས། །བསང་མཆོད་བཞེས་ལ་བསམ་དོན་ལྷུན་གྲུབ་མཛོད། །མི་ཕམ་པས་སོ། དགེའོ།། ༈ བསང་བསྡུས་ནི། ཧོ། བསང་མཆོད་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་བསང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་བསང་། །དགྲ་ལྷ་ཝེར་མ་གནས་གཞི་གཏེར་བདག་བསང་། །མགོ་བའི་ལྷ་མགོན་གཉན་པོ་ཐམས་ཅད་བསང་། །ཕྱི་སྣོད་ནང་བཅུད་དག་པ་ཆེན་པོར་བསང་། །འདོད་ཡོན་མི་ཟད་ནམ་མཁའ་མཛོད་ཀྱིས་མཆོད། །གེགས་ཞི་བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཤོག །ཤིང་འབྲུག་ཟླ༧་ཚེས༤ལ་ཁྲ་འགུའི་རི་ཁྲོད་དུ་མི་ཕམ་པས་བཀོད་པ་དགེའོ། །

ལམ་ལྷའི་བསང།

༈ ལམ་ལྷའི་བསང་བཀྲ་ཤིས་དོན་འགྲུབ་ཅེས་བྱ་བ་བཞུགས། ཨོཾ་ཨཱཿཧཱུྃཿ རྗེས་སྤྱོད་ལ་སོགས་ཕྱོགས་བཅུའི་སངས་རྒྱས་དང་། །ཁྲོ་བཅུ་ཕྱོགས་སྐྱོང་བཅུ་དང་ཕྱོགས་ཀྱི་ལྷ། །བཀྲ་ཤིས་དོན་གྲུབ་རྒྱལ་བར་མཛད་རྣམས་དང་། །སྤར་སྨེ་གཟའ་སྐར་ལོ་ཟླ་ཞག་དུས་ལྷ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །དགྲ་ལྷ་ཝེར་མ་ཐུགས་ཀ་བང་སེ་དང་། །སྣ་ཚོགས་ལས་དང་དུས་དང་ཕྱོགས་སོ་སོའི། །ལམ་ལྷ་གཉན་པོ་འཁོར་དང་བཅས་པ་དང་། །རྣལ་འབྱོར་བདག་གི་རིགས་རྒྱུད་སྲུང་མ་དང་། །འགོ་བའི་ལྷ་མགོན་ཡུལ་རིའི་ཟོ་དོར་བཅས། ཁྱད་པར་གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་དང་། །རྒྱལ་སྲས་སེམས་དཔའ་བཀྲ་ཤིས་ལྷ་མོའི་ཚོགས། །སྲིད་པའི་ལྷ་ཆེན་གནས་ཡུལ་དུས་ཀྱི་ལྷ། །སྔོན་བསུ་རྗེས་སྐྱེལ་སྡོང་གྲོགས་མཛད་རྣམས་ལ། །དྲི་ཞིམ་བདུད་རྩི་བསང་གི་མཆོད་པའི་སྤྲིན། །ཀུན་བཟང་རྣམ་རོལ་བདེ་བ་ཆེན་པོས་མཆོད། །བདག་ཅག་ཕྱོགས་སུ་དོན་གཉེར་འགྲོ་བ་ལ། །བར་ཆད་འཚེ་བ་གང་ཡང་མི་འབྱུང་ཞིང་། །ཇི་ལྟར་བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །ཅེས་པ་འདིའང་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེའི་ལྷ་རྫས་དང་བཅས་ཏེ་བཀས་བསྐུལ་བ་བཞིན་མི་ཕམ་རྣམ་པར་རྒྱལ་བས་བཀོད་པ་མངྒལཾ། །

བསང་གི་རྗེས་ཆོག

༈ བསང་གི་རྗེས་ཆོག་གི་དང་པོ་སྨོན་ལམ་བཏབ་པ་ནི། ཧོ། བླ་མ་རྣམས་ལ་བསང་མཆོད་ཕུལ་བའི་མཐུས། །རང་བཞིན་གདོད་མའི་གནས་ལུགས་རྟོགས་པར་ཤོག །ཡི་དམ་རྣམས་ལ་བསང་མཆོད་ཕུལ་བའི་མཐུས། །དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པར་ཤོག །མཁའ་འགྲོ་རྣམས་ལ་བསང་མཆོད་ཕུལ་བའི་མཐུས། །ཕྲིན་ལས་རྣམ་བཞི་རྩོལ་མེད་འགྲུབ་པར་ཤོག །ཆོས་སྐྱོང་རྣམས་ལ་བསང་མཆོད་ཕུལ་བའི་མཐུས། །བྱང་ཆུབ་ལམ་ལ་བར་ཆད་མེད་པར་ཤོག །དམ་ཅན་རྣམས་ལ་བསང་མཆོད་ཕུལ་བའི་མཐུས། །བསྟན་དགྲ་དམ་ཉམས་མྱུར་དུ་སྒྲོལ་བར་ཤོག །ཡོན་ཏན་མགྲོན་ལ་བསང་མཆོད་ཕུལ་བའི་མཐུས། །བསྟན་པ་བསྲུངས་ཤིང་སྡོང་གྲོགས་བྱེད་པར་ཤོག །གཞི་བདག་མགྲོན་ལ་བསང་མཆོད་ཕུལ་བའི་མཐུས། །བདག་ཅག་དཔོན་སློབ་འཁོན་འདྲེས་མེད་པར་ཤོག །སྙིང་རྗེའི་མགྲོན་ལ་བསང་མཆོད་ཕུལ་བའི་མཐུས། །སྡུག་བསྔལ་ཀུན་བྲལ་སངས་རྒྱས་ཐོབ་པར་ཤོག །ལན་ཆགས་མགྲོན་ལ་བསང་མཆོད་ཕུལ་བའི་མཐུས། །ཚེ་རབས་གྲངས་མེད་ལན་ཆགས་བྱང་བར་ཤོག །བསང་མཆོད་ཕུལ་བའི་མཐུ་སྟོབས་བྱིན་རླབས་ཀྱིས། །ཚོགས་གཉིས་མྱུར་རྫོགས་དོན་གཉིས་ལྷུན་འགྲུབ་ཤོག །དགེའོ། །༈ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅནཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག །ལན་ཆགས་ཤ་མཁོན་སྦྱང་གྱུར་ཅིག །ཚོགས་གཉིས་ཡོངས་སུ་རྫོགས་གྱུར་ཅིག །སྒྲིབ་གཉིས་བག་ཆགས་དག་གྱུར་ཅིག །དམ་པ་སྐུ་གཉིས་ཐོབ་གྱུར་ཅིག །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །འདི་ལ་ཕྱག་ལེན་རྒྱས་བསྡུས་སྣ་ཚོགས་ཤིག་སྣང་བ་ལས། འདིར་ནི་རང་གི་བློ་འདོད་ལྟར་སྤྲོས་པ་བསྡུ་བའི་ངག་འདོན་རྒྱུན་ཁྱེར་དུ་བྲིས་པ་སྟེ་གྲོང་སྔགས་པའི་ཕ་ཇོ་རྒས་གཅོང་ཛྙཱ་ནས་སོ། །

མནོལ་བསང་ཞི་བ་ལྷ་ཆབ།

༄༅། །མནོལ་བསང་ཞི་བ་ལྷ་ཆབ་བཞུགས་སོ། །ཡེ་ཤེས་ཌཱཀྐིའི་ལྷ་ལ་འདུད༔ དམ་ཚིག་ལྡན་པའི་རྣལ་འབྱོར་པ༔ མི་གཙང་དམ་གྲིབ་མནོལ་རྩོག་རིགས༔ སྦྱང་བའི་གདམས་པ་ཟབ་མོ་ནི༔ ཤིང་རྩི་སྨན་སྤོས་སྦྱར་བ་བསྲེགས༔ གཙང་མའི་ཆབ་ཀྱིས་བྲན་བྱས་ཏེ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅ཧཾ༔ ཀྱཻཿ མདུན་དུ་དྷིཿལས་ལྷ་མོ་ནི༔ སྐུ་མདོག་དཀར་གསལ་རིན་ཆེན་བརྒྱན༔ ཕྱག་ན་ཡིད་བཞིན་གཏེར་བུམ་བསྣམས༔ ནང་ནས་དྲི་ཞིམ་དུད་སྤྲིན་སྤྲོས༔ མི་གཙང་ཉམས་གྲིབ་ཐམས་ཅད་བསྲེགས༔ ཤངས་ནས་ཡེ་ཤེས་རླུང་བྱུང་བས༔ མནོལ་ཞིང་རྨུག་ཅིང་འཐིབ་པ་གཏོར༔ ཞལ་ནས་བྱིན་རླབས་རླུང་སྤྲིན་འཁྲིགས༔ ཡེ་ཤེས་བདུད་རྩིའི་ཆར་རྒྱུན་གྱིས༔ ནད་གདོན་གྲིབ་འཁོན་མི་འདོད་འཁྲུད༔ རྣལ་འབྱོར་བདག་དང་སྲུང་བྱ་ཡི༔ ལྷ་སྲུང་གྲིབ་ཀྱིས་ཕོག་པ་དང༔ ལུས་ངག་ཡིད་གསུམ་མནོལ་ཞིང་རྩོག༔ བྱད་ཀྱིས་འཆིང་དང་གདོན་གྱིས་གཟིར༔ གནས་རྟེན་ཟས་གོས་ཡོ་བྱད་གྲིབ༔ རྐྱེན་གྱུར་གྲིབ་ཀྱིས་ཕོག་པ་ཀུན༔ བྱང་ཞིང་དག་ནས་སོ་སོར་ཆུད་ཅིང༔ ཉི་ཟླ་གཟའ་ལས་ཐར་བ་བཞིན༔ ལྷ་མིའི་བཀྲག་མདངས་གཟི་བརྗིད་རྒྱས༔ མཐུ་སྟོབས་ནུས་པའི་རྩལ་འབར་གྱུར༔ ཨོཾ་ཛྙཱ་ན་ཌཱཀྐི་ནི་རསྨི་ཏེ་ཙིཏྟ་ཀུ་ལེ་བྷྱ༔ རྃ་སྥ་ར་ཎ་བསྲེགས༔ ཡྃ་སྥ་ར་ཎ་གཏོར༔ ཁྃ་སྥ་ར་ཎ་སྦྱངས༔ སཾ་ཧ་ར་ཎ་ཧཱུྃ༔ སང་ངེ་ས་ལེ་ཡེ་སྭཱ་ཧཱ༔ ཅི་ནུས་བཟླ་ཞིང་རྫས་ལ་སྔགས༔ ཀྱཻཿ ལྷ་ཤིང་ཤུག་པ་སུར་དཀར་དང༔ འཁན་དཀར་སྤོས་སྨན་སྦྱར་བ་ཡི༔ དུད་པ་རླུང་དང་བདུད་རྩིའི་ཁྲུས༔ རྣལ་འབྱོར་བདག་དང་བསྲུང་བྱ་ཡི༔ དེ་རིང་རྩོག་གྲིབ་ཐམས་ཅད་བསང༔ དེ་རིང་གནོལ་གྲིབ་ཐམས་ཅད་བསང༔ དེ་རིང་ནད་གྲིབ་ཐམས་ཅད་བསང༔ དེ་རིང་གདོན་གྲིབ་ཐམས་ཅད་བསང༔ དེ་རིང་དམ་གྲིབ་ཐམས་ཅད་བསང༔ དེ་རིང་ཉམས་གྲིབ་ཐམས་ཅད་བསང༔ མཛེ་བོའི་གྲིབ་ཀྱིས་ཕོག་པ་བསང༔ ཡུགས་སའི་གྲིབ་ཀྱིས་ཕོག་པ་བསང༔ དམེ་ཡི་གྲིབ་ཀྱིས་ཕོག་པ་བསང་༔ ནལ་གྱི་གྲིབ་ཕོག་ཐམས་ཅད་བསང༔ གཤིན་པོའི་རོ་གྲིབ་ཕོག་པ་བསང༔ གསོན་པོའི་བང་གྲིབ་ཕོག་པ་བསང༔ གནས་ཁང་གྲིབ་ཀྱིས་ཕོག་པ་བསང༔ གོས་ཀྱི་གྲིབ་ཕོག་ཐམས་ཅད་བསང༔ ཟས་ཀྱི་གྲིབ་ཕོག་ཐམས་ཅད་བསང༔ ཡོ་བྱད་གྲིབ་ཀྱིས་ཕོག་པ་བསང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཡི༔ རྐྱེན་གྱུར་གྲིབ་ཀྱིས་ཕོག་པ་བསང༔ ཀྱཻ༔ རྣལ་འབྱོར་བདག་དང་བསྲུང་བྱ་ཡི༔ སྐུ་ཡི་ལྷ་རྣམས་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ གསུང་གི་ལྷ་རྣམས་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ ཐུགས་ཀྱི་ལྷ་རྣམས་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ ཡོན་ཏན་ལྷ་རྣམས་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ ཕྲིན་ལས་ལྷ་རྣམས་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ རྒྱབ་རྟེན་ལྷ་རྣམས་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ མགོན་སྐྱབས་ལྷ་རྣམས་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ ཕ་ལྷ་གཉན་པོ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ མ་ལྷ་གཉན་པོ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ ཞང་ལྷ་གཉན་པོ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ སྲོག་ལྷ་གཉན་པོ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ དགྲ་ལྷ་གཉན་པོ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ མིག་གི་དབང་པོ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ རྣ་བའི་དབང་པོ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ སྣ་ཡི་དབང་པོ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ ལྕེ་ཡི་དབང་པོ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ སྙིང་གི་དབང་པོ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ ལུས་ཀྱི་དབང་པོ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ ཕུང་ཁམས་སྐྱེ་མཆེད་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ ཟས་གོས་ཡོ་བྱད་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ གནས་རྟེན་བྲན་ཁོལ་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ ནོར་རྫས་ལོངས་སྤྱོད་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ རྟ་ནོར་སྒོ་ཁྱི་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ དབང་ཐང་དཔལ་ཡོན་མནོལ་ན་ཡང༔ བསང་ཁྲུས་འདི་ཡིས་དག་གྱུར་ཅིག༔ ཡེ་ཤེས་མེ་ཡིས་བསྲེགས་གྱུར་ཅིག༔ རྩལ་ཤུགས་རླུང་གིས་གཏོར་གྱུར་ཅིག༔ བདུད་རྩི་ཁྲུས་ཀྱིས་དག་གྱུར་ཅིག༔ ཟླ་བ་སྤྲིན་བྲལ་ཤེལ་གོང་ཕྱིས༔ ནམ་མཁའ་གཡའ་དག་ཇི་བཞིན་དུ༔ ཉེས་པའི་སྐྱོན་དང་བྲལ་གྱུར་ཅིག༔ དེ་རིང་རྣལ་འབྱོར་བདག་ཅག་གི༔ མནོལ་གྲིབ་མི་གཙང་འགལ་རྐྱེན་དག༔ བླ་མ་རྣམས་ཀྱིས་བྱིན་གྱིས་རློབས༔ ཡི་དམ་ལྷ་ཡིས་དངོས་གྲུབ་སྩོལ༔ མ་དང་མཁའ་འགྲོས་ནུས་མཐུ་བསྐྱེད༔ ཆོས་སྐྱོང་སྲུང་མས་ཕྲིན་ལས་སྒྲུབས༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ ལུས་ལ་བཀྲག་མདངས་གཟི་བརྗིད་འབར༔ ངག་ལ་སྙན་འགྱུར་ནུས་པ་བསྐྱེད༔ སེམས་ལ་བདེ་སྐྱིད་ཉམས་རྟོགས་འཕེལ༔ མི་འདོད་ཉེར་འཚེ་ཀུན་ཞི་ཞིང༔ ཚེ་བསོད་ཡེ་ཤེས་ཡོན་ཏན་རྒྱས༔ གཞན་སེམས་ཟས་ནོར་དབང་དུ་བསྡུས༔ དགྲ་གདོན་འབྱུང་པོ་ཚར་བཅད་ནས༔ ཕྱོགས་ལས་རྣམ་པར་རྒྱལ་བ་ཡི༔ ལྷ་ཀླུ་གནོད་སྦྱིན་གཡང་ཁུ་ཡེ༔ བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་ཤོག༔ གྲིབ་མནོལ་བསང་ཁྲུས་བདེ་ལེགས་ཀུན་འབྱུང་འདི༔ མཁའ་འགྲོའི་མིང་པོ་ཁྲག་འཐུང་རྡོ་རྗེ་ལ༔ ལྕགས་ཕོ་བྱི་ལོའི་མཆུ་ཟླའི་དམར་ཕྱོགས་སུ༔ དྲིན་ལྡན་སྒྲོལ་དཀར་ཡིད་བཞིན་ནོར་བུས་གནང༔ བྱིན་རླབས་ཡོན་ཏན་མང་དུ་གསུངས་པ་ཐོས༔ ལོ་གཅིག་བར་དུ་གསང་རྒྱ་དམ་པོ་བྱས༔ ཕག་ལོ་དབོ་ཟླའི་ཡར་ཚེས་དགེ་བ་ལ༔ རྨི་ལམ་བསྐུལ་མ་བྱུང་ལྟར་དག་སྣང་ཕབ༔ བྱིན་རླབས་ནུས་པ་ཆེ་ཞིང་རྟགས་མཚན་མཐོང༔ ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་བགྱིས༔ རྣམ་རྟོག་བདུད་ཀྱི་གཡུལ་ལས་རྒྱལ་བར་ཤོག༔

གྲིབ་བསང་བསྡུས་པ།

༈ གྲིབ་བསང་། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀྱཻ། ཡོངས་གྲུབ་བདེ་གཤེགས་སྙིང་པོ་ལ། །ཀུན་རྟོག་གྲིབ་ཀྱིས་ཕོག་པ་བསང་། །འཁོར་འདས་བདེ་བ་ཆེན་པོ་ལ། །གཟུང་འཛིན་གྲིབ་ཀྱིས་ཕོག་པ་བསང་། །སྣོད་བཅུད་དག་མཉམ་ཆེན་པོ་ལ། །གཞན་དབང་གྲིབ་ཀྱིས་ཕོག་པ་བསང་། །རྒྱུ་རྐྱེན་རྟེན་འབྲེལ་ཐབས་དུ་མས། །རྣམ་པར་རྟོག་པའི་དྲི་མ་བསང་། །ཤེལ་སྒོང་བཞིན་དུ་དག་གྱུར་ཅིག །ཡེ་ཤེས་རང་མདངས་རྒྱས་གྱུར་ཅིག །ཅེས་པ་འདི་དྲི་མེད་ཞིང་སྐྱོང་པས་སྦྱར་བ་དགེ། ༈ བསང་མཆོད་བསྡུས་པ་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཧཱུྃ། སྣང་སྟོང་རྣམ་དག་བདུད་རྩིའི་བསང་མཆོད་འདིས། །རྣམ་རྟོག་ལས་བྱུང་གྲིབ་དང་མི་གཙང་ཀུན། །དག་གསལ་རྙོགས་མེད་ཆོས་སྐུ་ཆེན་པོའི་ངང་། །བསང་ངོ་ཀུན་བཟང་སྒྲིབ་མེད་ཀློང་དུ་ཨ། མི་ཕམ་གསུང་།

དགོངས་གཏེར་སྒྲོལ་མའི་བརྒྱུད་འདེབས་ཨུཏྤ་ལའི་ཕྲེང་བ།

༄༅། །དགོངས་གཏེར་སྒྲོལ་མའི་བརྒྱུད་འདེབས་ཨུཏྤ་ལའི་ཕྲེང་བ་བཞུགས་སོ། །ཆོས་སྐུ་ཤེར་ཕྱིན་བཅོམ་ལྡན་ཀུན་བཟང་མོ། །ལོངས་སྤྱོད་ཡོངས་རྫོགས་བཛྲ་ཝ་ར་ཧི། །སྤྲུལ་པའི་རྣམ་རོལ་རྗེ་བཙུན་སྒྲོལ་མ་ཡུམ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སངས་རྒྱས་གཉིས་པ་པདྨ་ཀ་ར་དང་། །གསང་སྔགས་མཛོད་འཛིན་ཌཱཀྐི་འབུམ་གྱི་རྗེ། །བྱང་ཆུབ་སེམས་དཔའ་ལྷ་སྲས་རོལ་པ་རྩལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཟབ་གཏེར་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང་། །བཀའ་བབ་བདུན་ལྡན་རྡོ་རྗེ་གཟི་བརྗིད་རྩལ། །རྒྱལ་བསྟན་གསལ་མཛད་པདྨ་གར་གྱི་དབང་། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གཞན་ཡང་ཟབ་གཏེར་སྨིན་གྲོལ་མཛོད་འཛིན་པའི། །རྩ་བརྒྱུད་བླ་མ་འཕགས་མ་མྱུར་མཛད་ལྷ། །རྩ་གསུམ་རྡོ་རྗེའི་ཆོས་སྲུང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ངེས་པར་འབྱུང་བའི་བློ་རྒྱུད་ཞིང་ས་བརླན། །ལྷག་བསམ་དག་པའི་ལྗོན་འཁྲུངས་ཚར་དུ་དངར། །ཡེ་ཤེས་ཆེན་པོའི་འབྲས་བུ་གཡུར་ཟ་བའི། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཞེས་པ་འདིའང་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་འཕེལ།

སྒྲོལ་མའི་མཎྜལ་ཚོགས་གཉིས་སྙིང་པོ།

༄༅། །དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས༔ མཎྜལ་གྱི་ཆོ་ག་ཚོགས་གཉིས་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཡེ༔ དུས་གསུམ་འདྲེན་པ་སྲས་བཅས་ལས༔ ཐུགས་བསྐྱེད་ཕྲིན་ལས་རྨད་བྱུང་བ༔ ཡུམ་གྱུར་སྒྲོལ་མ་ལ་བཏུད་ནས༔ བྱ་སྤྱོད་དང་མཐུན་ཉམས་ལེན་བཤད༔ དེ་ལའང་ཟབ་ཏིག་འདི་ཉམས་ལེན་ཡང་ཟབ་སྙིང་པོ་བསྡུས་པ་ཡིན་པས་སྤྲོས་བཅས་མང་དུ་མི་དགོས་ཀྱང༔ ཅུང་ཟད་སྤྲོས་པ་དང་༔ རྒྱུན་ཁྱེར་དུ་བྱ་བ་སྟེ་རྒྱས་བསྡུས་གཉིས་ལས༔ དང་པོ་ནི༔ རྗེ་བཙུན་སྒྲོལ་མའི་སྐུ་བརྙན་བྲིས་འབུར་སོགས་དཀོན་མཆོག་གི་རྟེན་གང་འཛོམས་ཀྱི་མདུན་དུ་སྟེགས་བུ་གཙང་མར་ཆུ་གཉིས་ཉེར་སྤྱོད༔ དཀར་ཟླུམ༔ བསང་ཆུ༔ མཆོད་པའི་མཎྜལ༔ འཐོར་ནས་སོགས་འདུ་བྱ༔ འགྲུབ་ན་ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་དང་ལྡན་པར་བྱ་ཞིང་༔ མི་ལྕོགས་ན་ཤ་ཆང་མ་འབགས་པའི་སྔ་དྲོའི་ཆ་ལྟ་བུར་་སྲིད་ལས་ངེས་འབྱུང་དང་༔ བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ལྡན་པས༔ སྐྱབས་སེམས་ནི༔ མདུན་གྱི་ནམ་མཁར་རྗེ་བཙུན་མ༔ མངོན་སུམ་བཞིན་དུ་བཞུགས་པར་མོས༔ ན་མོ༔ དཀོན་མཆོག་ཀུན་དངོས་རྗེ་བཙུན་མར༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ བྱང་ཆུབ་སྨོན་པའི་སེམས་བསྐྱེད་ནས༔ ཟབ་མོའི་ལམ་ལ་འཇུག་པར་བགྱི༔ ཚོགས་བསགས་པ་ནི༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་བགྱིའོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོའི་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པ། །བསོད་ནམས་ལ་ནི་བདག་ཡི་རངས། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག ། འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་བར་བརྗོད། མཆོད་པ་བྱིན་བརླབ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀི་ཌ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭཱ་བྷ་ཝ་ཤུདྡྷཱ་སརྦ་དྷརྨཿ སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། གནས་ཡུལ་པདྨོ་བཀོད་པའི་ཞིང་༔ དབྱིབས་དང་རྒྱན་བཀོད་ཚད་མེད་པར༔ ལྷ་རྫས་ཏིང་འཛིན་ལས་གྲུབ་པའི༔ མཆོད་རྫས་བསམ་མི་ཁྱབ་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨ་ཧཱུྃ༔ པཱདྱཾ་ཨ་ཧཱུྃ༔ པུཥྤེ་ཨ་ཧཱུྃ༔ དྷཱུ་པེ་ཨ་ཧཱུྃ༔ ཨ་ལོ་ཀེ་ཨ་ཧཱུྃ༔ གྷནྡྷེ་ཨ་ཧཱུྃ༔ ནཻ་ཝིདྱཱ་ཨ་ཧཱུྃ༔ ཤཔྟ་ཨ་ཧཱུྃ༔ ཨོཾ་བཛྲ་སྥར་ཎ་ཁཾ༔ དེ་ནས་ཐོག་མར་དཀོན་མཆོག་སྤྱི་ལ་ཕྱག་མཆོད་འབུལ་བ་ནི༔ ཕྱོགས་བཅུ་དུས་བཞིའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟཾ༔ ཡན་ལག་བདུན་པ་ནི༔ ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པའི་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་འཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག །ཨོཾ་གུ་རུ་དྷེ་ཝ་ཌཱ་ཀཱི་ནི་སརྦ་རཏྣ་མཎྜལ་པུ་ཛ་མེ་གྷ་ཨཱཿ ཧཱུྃ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྲུང་ནོར་ལྷ་གཏེར་གྱི་བདག༔ ཡེ་ཤེས་གཅིག་གི་ངོ་བོ་ལས༔ རང་བཞིན་མ་འགགས་ཅིར་ཡང་སྟོན༔ ཐུགས་རྗེ་ཕྲིན་ལས་རྨད་པོ་ཆེ༔ འགྲོ་ཀུན་སྐྱབས་དང་མགོན་གྱུར་པའི༔ མཁྱེན་བརྩེའི་བདག་ཉིད་ཁྱེད་རྣམས་ལ༔ ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྟག་ཏུ་ཐུགས་རྗེས་བསྐྱབ་མཛད་གསོལ༔ ནད་དང་གནོད་པ་ཞི་བ་དང་༔ ཚེ་དང་བསོད་ནམས་འཕེལ་བ་དང༔ བསམ་པའི་དོན་རྣམས་མ་ལུས་ཀུན༔ ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས༔ ཞེས་འདོད་དོན་གསོལ༔ དེ་ནས་བྱེ་བྲག་རྗེ་བཙུན་མ་ལ་མཆོད་པ་ལན་གསུམ་འབུལ་ཞིང་བསྟོད་པའི་རྒྱུད་འདོན་པ་ནི༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྗེ་བཙུན་འཕགས་མའི་སྐུར་གསལ་བའི༔ ཐུགས་ཀར་ཟླ་སྟེང་ཏཱཾཿལྗང་གུ༔ དེ་ལས་འོད་ཟེར་དཔག་ཡས་འཕྲོས༔ འཕགས་མ་རྣམ་འཕྲུལ་ཉེར་གཅིག་དང་༔དཀོན་མཆོག་རྒྱ་མཚོའི་སྤྲིན་འཕྲོ་བ༔ མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔ ཏཱཾ༔ སྐྱེ་མེད་འོད་གསལ་ཆོས་སྐུའི་དབྱིངས༔ འགགས་མེད་འཕགས་མའི་ཡེ་ཤེས་སྐུར༔ གང་འདུལ་སྒྱུ་འཕྲུལ་དྲྭ་བར་ཤར༔ ཚུར་གཤེགས་ཨཱརྱ་ཏ་རེ་ཛ༔ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར༔ ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི༔ ཇི་སྲིད་མཆོད་པ་བདག་བགྱི་བ༔ དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭཾ༔ ཨོཾ་དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ འཕགས་མ་སྒྲོལ་མ་འཁོར་བཅས་མཆོད༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝ་ར་བཛྲ་ཨརྒྷཾ་སོགས། ཞེས་སྤྱན་དྲངས་ཤིང་མཆོད་པ་སྤྱིར་འབུལ༔ ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང་༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཉིད༔ སྐྱབས་སྦྱིན་ཕྱག་རྒྱར་གྱུར་པའི་འོག༔ བདག་དང་བསྲུང་བྱ་ཀུན་ཚུད་ནས༔ འཇིགས་པ་ཀུན་ལས་དབུགས་དབྱུང་གྱུར༔ བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག༔ ཚར་གཉིས་བརྗོད༔ ཨོཾ་དངོས་འབྱོར་ཡིད་ཀྱི་སོགས་མཆོད་པ་མཎྜལ་སོགས་གོང་ལྟར་ཕུལ་ནས༔ ཕྱག་གཡོན་ཨུཏྤལ་སྡོང་པོ་ལས༔ འོད་འཕྲོས་བདག་དང་བསྲུང་བྱ་ལ༔ ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི༔ ཡོན་ཏན་མ་ལུས་རྒྱས་པར་གྱུར༔ ཅེས་མོས་ལ༔ ཕྱག་འཚལ་ཉེར་གཅིག་ཚར་གསུམ་བརྗོད༔ ཡང་མཆོད་པ་དང་མཎྜལ་ཕུལ་ནས༔ སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ རང་དང་བསྲུང་བྱའི་སྤྱི་བོ་ནས༔ ཞུགས་ཏེ་ལུས་ཀུན་གང་བ་ཡིས༔ བྱིན་རླབས་མ་ལུས་ཞུགས་པར་གྱུར༔ ཅེས་མོས་ལ༔ ཕྱག་འཚལ་ཉེར་གཅིག་ཚར་བདུན་ཕན་ཡོན་དང་བཅས་བརྗོད༔ གཏོར་མ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀི་ཌ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭཱ་བྷ་ཝ་ཤུདྡྷཱ་སརྦ་དྷརྨཿསྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ཡིག་ལས༔ རིན་ཆེན་སྣོད་མཆོག་ཡངས་པའི་ནང་༔ འབྲུ་གསུམ་ལས་བྱུང་གཏོར་མ་ནི༔ ཟག་མེད་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝ་ར་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི༔ ལན་གསུམ་གྱིས་གཙོ་མོ་དང༔ ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ནཾ་ཨདྱ་ནུ་པཎ་ན་ཏོ་ཏེ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་མགྲོན་ཐབས་རྣམས་ལ་འབུལ། ཨོཾ་མཆོད་སྦྱིན་གཏོར་མ་དམ་པ་ནི༔ ཡེ་ཤེས་ཆེན་པོས་དགྱེས་དགོངས་ལ༔ བདེ་བ་ཆེན་པོར་བཞེས་ནས་ཀྱང་༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་འདོད་དོན་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝ་ར་བཛྲ་ཨརྒྷཾ་སོགས་སྔགས་ཙམ་གྱིས་མཆོད༔ ཨོཾ་སྣང་བ་མཐའ་ཡས་པདྨའི་རིགས༔ འཇིག་རྟེན་དབང་ཕྱུག་ཞལ་ལས་བྱུང་༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ བསྟོད་པར་འོས་པ་སོགས་ཀྱིས་བསྟོད༔ ཐལ་མོ་སྦྱར་ལ༔ རྗེ་བཙུན་འཕགས་མ་འཁོར་དང་བཅས༔ དམིགས་མེད་ཐུགས་རྗེས་བརྩེར་དགོངས་ལ༔ བདག་གིས་ཇི་ལྟར་གསོལ་བའི་དོན༔ གེགས་མེད་འགྲུབ་པར་བྱིན་གྱིས་རློབས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས༔ བསྟན་འཛིན་ཐུགས་མཐུན་ཞབས་པད་བརྟན༔ ཉེར་འཚེའི་བར་ཆད་ཀུན་ཞི་ཞིང་༔ བཤད་སྒྲུབ་ཕྲིན་ལས་འཕེལ་བར་མཛོད༔ ནད་མུག་འཁྲུགས་རྩོད་ཞི་བ་དང་༔ཆོས་ལྡན་དཔལ་འབྱོར་གོང་དུ་འཕེལ༔ ཆོས་སྐྱོང་རྒྱལ་པོའི་མངའ་ཐང་རྒྱས༔ རྒྱལ་ཁམས་མཐའ་དབུས་བདེ་བར་མཛོད༔ འཇིགས་པ་བཅུ་དྲུག་དུས་མིན་འཆི༔ རྨི་ལམ་མཚན་ལྟས་ངན་པ་དང་༔ འཁོར་བ་ངན་སོང་སྡུག་བསྔལ་སོགས༔ གནས་སྐབས་མཐར་ཐུག་འཇིགས་ལས་སྐྱོབས༔ ཚེ་བསོད་དབང་ཐང་ཉམས་རྟོགས་འཕེལ༔ མི་དགེའི་རྟོག་པ་མི་འབྱུང་ཞིང་༔ བྱང་ཆུབ་སེམས་གཉིས་རྩོལ་མེད་སྐྱེས༔ བསམ་དོན་ཆོས་བཞིན་འགྲུབ་པར་མཛོད༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ བུ་གཅིག་པོ་ལ་མ་བཞིན་དུ༔ འབྲལ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ ཅེེས་འདོད་པའི་དོན་ལ་གསོལ་བ་ཁྱད་པར་དུ་བཏབ་ཅིང་ཐུགས་དམ་བསྐུལ་བས༔ མདུན་བསྐྱེད་འོད་ཞུ་རང་ལ་ཐིམ༔ དབྱེར་མེད་ཉིད་དུ་བྱིན་བརླབས་པས༔ རང་ཉིད་འཕགས་མ་སྒྲོལ་མའི་སྐུ༔ སྣང་ལ་རང་བཞིན་མེད་པར་གྱུར༔ ཞེས་རང་ཉིད་འཕགས་མའི་གསལ་སྣང་དང་ང་རྒྱལ་གྱི་སེམས་བཟུང་སྟེ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡི་གེ་བཅུ་པའི་སྔགས་ཅི་འགྲུབ་བཟླས་མཐར༔ ཡིག་བརྒྱ་དང་༔ མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པའི། །འདི་ནི་བགྱིས་པ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་བརྗོད་ལ་ནོངས་པ་བཤགས། ལྷ་དང་རང་སེམས་དབྱེར་མེད་པ༔ ཆོས་དབྱིངས་གཉུག་མའི་ངང་དུ་གཞག༔ ཅེས་གནས་ལུགས་ཀྱི་ལྟ་བ་བསྐྱངས༔ དགེ་བ་འདི་ཡིས་མྱུར་དུ་བདག༔ འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་དགོད་པར་ཤོག༔ ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར༔ བསམ་པའི་དོན་ཀུན་ཐོགས་མེད་སྩོལ་མཛད་པ༔ རྗེ་བཙུན་སྒྲོལ་མ་རྒྱལ་བ་སྲས་བཅས་ཀྱིས༔ མི་འབྲལ་ཐུགས་རྗེས་སྐྱོང་བའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་ལ་མེ་ཏོག་གཏོར༔ གཉིས་པ་རྒྱུན་ཁྱེར་བྱ་བའི་ཚེ། འཕགས་མའི་རྟེན་འཛོམས་ན་ལེགས། མ་འཛོམས་ན་ཡིད་ཀྱིས་བསྒོམས་པས་འཐུས། མཎྜལ་དང་མཆོད་པ་བཤམས་ལ་གོང་དུ་སྨོས་པའི་མདུན་གྱི་ནམ་མཁར་སོགས་ནས་སྐྱབས་སེམས་དང་མཆོད་པ་བྱིན་བརླབ་བར་བཏང་། དཀོན་མཆོག་སྤྱི་མཆོད་མི་དགོས། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྗེ་བཙུན་སོགས་ནས་བསྟོད་པ་བཅས་ལན་གསུམ་བསྐྱར་བའི་ཕྱི་མར་ཕྱག་འཚལ་ཉེར་གཅིག་ཚར་བདུན་ཕན་ཡོན་དང་བཅས་པའི་མཐར། སྤྲོ་ན། རྗེ་བཙུན་འཕགས་མ་འཁོར་དང་༔ དམིགས་མེད་ཐུགས་རྗེས་སོགས་འདོད་གསོལ་བྱ། གཤེགས་གསོལ་མི་དགོས། ལྷ་དང་རང་སེམས་སོགས་བསྡུ་རིམ་ནས་དགེ་བསྔོ་ཤིས་བརྗོད་བྱའོ། །

སྒྲོལ་མ་ཉེར་གཅིག་ལ་བསྟོད་པ།

༄༅། །སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་བཞུགས་སོ། །ན་མོ་ཨཱརྱ་ཏཱ་རེ་ཡེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་། །ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །༈ ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེའི་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་གནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་སྔགས་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག ༈ །ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དད་བརྗོད་དེ། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བརྟན་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུང་བ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་མཛད་པ་རྫོགས་སོ། ༈ །རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་དཔལ། །ཡུམ་གྱུར་ཨུཏྤལ་བསྣམས་མའི་བཀྲ་ཤིས་ཤོག །རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ས་སྐྱ་གྲགས་པ་རྒྱལ་མཚན་གྱིས་མཛད་པ་རྫོགས་སོ། །

སྒྲོལ་བསྟོད་བྱིན་རླབས་མྱུར་འགྱོགས་མ།

༄༅། །རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་བྱིན་རླབས་མྱུར་མགྱོགས་ཞེས་བྱ་བ་བཞུགས་སོ། །ཨོཾ། རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུམ་གྱུར་མ་ལུས་རྒྱལ་བའི་ཕྲིན་ལས་ཀུན་སྒྲུབ་མ། །མྱུར་མ་དཔའ་མོ་དབྱངས་ཅན་མ་དང་བསོད་ནམས་མཆོག་གཏེར་རྣམ་རྒྱལ་རིག་བྱེད་མ་དང་འཇིགས་བྱེད་མ། །གཞན་གྱིས་མི་ཐུབ་གཞན་ལས་རྒྱལ་དང་སེང་ལྡེང་ནགས་ཀྱི་སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་ནོར་སྟེར་མ། བཀྲ་ཤིས་དོན་བྱེད་དགྲ་དཔུང་འཇོམས་མ་ཁྲོ་གཉེར་ཅན་མཛད་རབ་ཞི་མ་དང་འབར་བའི་འོད་ཅན་མ། །དཔག་མེད་གནོན་མ་རྨ་བྱ་ཆེན་མོ་མི་ཕམ་རྒྱལ་མོ་རི་ཁྲོད་མ་དང་འོད་ཟེར་ཅན་མར་འདུད། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་ཕྱིར་བྱང་ཆུབ་ཐོབ་འདོད་བདག་ཀྱང་ཁྱེད་ལ་རེའོ་རྗེ་བཙུན་མ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུམ་དང། །ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་རྣམས། ཞི་མཛད་ཟླ་བའི་འོད་ལྟར་བསིལ་བའི་སྐུ། །རྗེ་བཙུན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། རྒྱ་གར་གྱི་པཎྚི་ཏ་རྣམས་ཀྱི་ཐུགས་དམ་རྒྱུན་ཁྱེར་གྱི་གསོལ་འདེབས་བྱིན་རླབས་མྱུར་མགྱོགས་མ་ཞེས་བྱ་བ་འདི་ནི་བསྟན་འགྱུར་ནས་ཁོལ་དུ་ཕྱུང་པ་བྱིན་རླབས་མྱུར། །བརྒྱ་ཚར་སྟོང་འབུམ་སོགས་གྲངས་བསགས་པ་ལ་ཉེ་བར་མཁོའོ། །ཨོཾ༔ འགྲུབ་པ་གྱུར་ཅིག་རྗེ་བཙུན་ཐུགས་རྗེ་ཅན༔ འཕགས་མ་ཁྱོད་ལ་བསྙེན་སྒྲུབ་མཆོད་པ་དང༔ བསྟོད་ཅིང་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔ དེང་ནས་བཟུང་ཏེ་བྱང་ཆུབ་མ་ཐོབ་བར༔ འཕགས་མ་ཁྱོད་དང་རྟག་ཏུ་མི་འབྲལ་ཞིང༔ ནད་མེད་ཚེ་དབང་ལོངས་སྤྱོད་འཕེལ་བ་དང༔ བྱང་ཆུབ་སྒྲུབ་ལ་བར་ཆད་མི་འབྱུང་ཞིང༔ ས་དང་ལམ་ཀྱི་ཡོན་ཏན་མྱུར་རྫོགས་ནས༔ བདག་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པ་དང༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ རཏ་གླིང་གཏེར་ཁ་ནས༔

སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ།

༈ སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ་ལ་གསོལ་འདེབས་བཞུགས་སོ། ། ཨོཾ། འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ངན་སོང་སྒོ་འགེགས་མ་ལ་ཕྱག་འཚལ་ལོ། །མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །རྟག་ཏུ་ཁྱེད་ཀྱིས་བསྲུངས་བར་བྱས། །ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཅེས་པ་འདི་ཉིད་ཇོ་བོ་རྗེ་ལྷ་གཅིག་དི་བཾ་ཀཱ་ར་ཤྲཱི་ཛྙཱ་ནས་གསུང་བྱིན་རླབས་ཅན་ལགས་པས་ཀུན་གྱིས་ཁ་ཏོན་ཏུ་ཟུངས་ཤིག།༈ རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །

སྒྲོལ་དཀར་ཡིད་བཞིན་་འཁོར་ལོའི་བསྟོད་པ།

༈ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྟོད་པ་དང་གཟུངས་སྔགས་བཅས་བཞུགས་སོ། །རྒྱ་གར་སྐད་དུ། ཨྰརྱ་ཏཱ་རེ་ཡེ་སྟོཏྟྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟ་ར་ཡིས་འཇིགས་བརྒྱད་སྒྲོལ། ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་དང་ལྡན། །ཟླ་བ་ཡི་ནི་རྒྱབ་ཡོལ་ཅན། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀྲ། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་དེ་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་འབར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱེད་ལ་གསོལ་བ་འདིས། །བདག་གི་ཚེ་ཡི་བར་ཆད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱོད་ལ་དད་བྱས་པས། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱེད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ལྷ་མོ་སྐུ་མདོག་ཟླ་བའི་མདོག །སྒེག་དང་དུལ་བའི་ཆ་བྱད་ཅན། །གཟུགས་ལྡན་རིན་ཆེན་རྒྱན་གྱིས་མཛེས། །མཛེས་པའི་དར་གྱི་སྨད་གཡོགས་ཅན། །པདྨ་ཟླ་བའི་དབུས་གནས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱེད་ལ་ཆ་ཙམ་བསྟོད་པ་ཡིས། །བདག་ཅག་བྱང་ཆུབ་བསྒྲུབ་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར། །མི་མཐུན་རྐྱེན་རྣམས་ཞི་གྱུར་ཏེ། །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། རྒྱལ་བ་དགེ་འདུན་གྲུབ་ཀྱིས་གསུང་འབུམ་ལས་བཤུས། ཨེ་མ་ཧོ། རང་སྣང་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །རྗེ་བཙུན་འཕགས་མ་སྒྲོལ་མ་ཐུགས་རྗེ་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇིགས་བརྒྱད་གཡུལ་ལས་དགྲོལ་བ་མཛད་དུ་གསོལ། །

འོད་ཟེར་ཅན་མ།

༈ འོད་ཟེར་ཅན་མ་ནི། ཨོཾ། ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་བདུད་ཀྱི་བདུད་དགྲ་ཆེན་མོ། །གཞན་གྱིས་མི་ཐུབ་རྣམ་པར་འཇོམས་མ། །ཉི་མ་ཟླ་བའི་མདུན་ནས་འགྲོ་ཞིང་། །ཆུ་སྲིན་རྒྱལ་མཚན་རྣམ་པར་སྐྲོད་མ། །ཁྱེད་ལ་གསོལ་བ་བཏབ་པ་ཙམ་གྱིས། །དགྲ་ཡི་དཔུང་ནི་རྣམ་པར་ཆོམས་ཤིག །བསད་དང་དབྱེ་དང་བསྐྲད་རྨོངས་བྱེར་བས། །ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ་ཅིག །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཅེས་པ་འདི་ཡང་རིག་འཛིན་འཇིགས་མེད་གླིང་པས་མཛད་པའོ། །

ས་ཡི་སྙིང་པོ།

༄༅། །ས་སྙིང་བསྟོད་པ་ས་གཞིའི་མཛེས་རྒྱན་བཞུགས་སོ། །སྭཱ། ས་ཡི་སྙིང་པོས་འགྲོ་ཀུན་རྗེས་སུ་འཛིན། །ས་གཞི་བཞིན་དུ་རྣམ་མང་ཡོན་ཏན་རྟེན། །ས་གསུམ་རེ་སྐོང་ཡིད་བཞིན་ནོར་བུའི་ཚུལ། །ས་བཅུའི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད། །ས་ནས་སར་འདྲེན་རྒྱལ་བའི་ས་ལ་འགོད། །ས་བཅུད་རྩི་སྨན་ལོ་ཏོག་རྒྱུན་འཕེལ་ཞིང་། །ས་འདི་རྣམ་མང་འབྱོར་པས་ཡོངས་བཀང་བའི། །ས་ཡི་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །བུམ་བཟང་དཔག་བསམ་ཤིང་དང་རྫོགས་ལྡན་སྤྲིན། །བདུད་རྩིའི་ཆུ་མཚོ་ཇི་བཞིན་གང་གིས་ཁྱོད། །དྲན་པ་དེ་ལ་དཔལ་དུ་ལེགས་གནས་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་བསྟོད། །རབ་འབྱམས་སྲས་བཅས་རྒྱལ་བའི་ཡོན་ཏན་མཆོག །ནམ་མཁའ་མཛོད་ཀྱི་མངའ་བདག་ཁྱོད་གཅིག་པུ། །རྒྱལ་སྲས་ཚུལ་གྱིས་མཐའ་ཡས་ཞིང་རྣམས་སུ། །རྒྱལ་བའི་མཛད་པ་མཐའ་དག་སྐྱོང་ལ་འདུད། །དཔག་མེད་ཡོན་ཏན་ནོར་བུའི་འོད་ཟེར་གྱིས། །སྙིགས་མའི་རྒུད་པ་མཐའ་དག་གཏན་དུ་བསྙིལ། །ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་མངོན་མཐོ་བའི། །རླབས་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །འཇམ་དབྱངས་འཇིག་རྟེན་དབང་ཕྱུག་ཀུན་ཏུ་བཟང་། །མ་ཕམ་པ་སོགས་རྒྱལ་སྲས་སེམས་དཔའ་མཆོག །རྣམ་མང་བསྐལ་པར་མཆོད་ཅིང་གསོལ་བཏབ་ལས། །ཁྱོད་གཅིག་ཡིད་ཙམ་དྲན་པས་རེ་འདོད་རྣམས། །ཡིད་བཞིན་སྩོལ་ལ་ཁྱད་པར་འཕགས་ཞེས་སུ། །རྒྱལ་བས་བསྔགས་པའི་རྒྱལ་སྲས་ཐུ་བོ་མཆོག །རྒྱལ་བ་རྣམས་དང་དབྱེར་མེད་ཁྱེད་བསྟོད་པས། །བདག་ལ་ཅི་འདོད་དཔལ་རྣམས་ལེགས་སྩོལ་མཛོད། །ས་གསུམ་འགྲོ་འདིས་དད་པའི་སྟོབས་རྙེད་ཅིང་། །ས་ཡི་དབང་ཕྱུག་ཁྱེད་ཀྱིས་རྗེས་སུ་འཛིན། །ས་བཅུད་དཔལ་འཕེལ་ས་སྟེང་བདེ་བས་ཁྱབ། །ས་ནས་སར་བགྲོད་ས་མཆོག་འགྲུབ་པར་ཤོག །ཅེས་ཚིགས་སུ་བཅད་པ་བཀྲ་ཤིས་རྫས་བརྒྱད་ཀྱི་གྲངས་སུ་སོན་པ་འདི་ནི་མི་ཕམ་འཇམ་དཔལ་དགྱེས་པས་མེ་རྟ་ཁྲུམས་ཟླ་འཁོར་ལོའི་ཚེས་༢༧ལ་བཀོད་པ་དགེ་ལེགས་འཕེལ། །༈ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །༈ འཕགས་པ་སའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་ལས་གསུངས་པ་ཡོན་ཏན་སྦྱིན་པ་ཞེས་བྱ་བའི་གཟུངས་སྔགས་ནི། ཨོཾ་སུམ་བྷ་ནི་སུམ་བྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤ་མ་རུ་ཏཱ། ཨ་མོ་གྷ་བཛྲ་ས་ཏྭ་སྭཱ་ཧཱ། གཟུངས་འདུས་ལས་སོ། །ཨོཾ་ཀྵི་ཏིས་གརྦྷ་ཀྵིཾ་སྭཱ་ཧཱ། དཔལ་ཡོན་ཐམས་ཅད་རྒྱ་ཆེར་འཕེལ་ལོ། །

སྨན་བླའི་སྒོམ་བཟླས།

༈ ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར་བཅོམ་ལྡན་འདས་སྨན་གྱི་བླ་མ་སྒོམ་པར་འདོད་ན། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ལན་གསུམ། སྟོང་པའི་ངང་ལས་སྐད་གཅིག་གིས། །རང་གི་སྤྱི་བོར་པད་ཟླའི་སྟེང། །བླ་མ་སྨན་པའི་རྒྱལ་པོ་མཐིང་། །ཕྱག་གཡས་མཆོག་སྦྱིན་ཨ་རུ་ར། །གཡོན་པས་མཉམ་བཞག་ལྷུང་བཟེད་ནི། །བདུད་རྩི་སྨན་གྱིས་བཀང་བ་བསྣམས། །མཚན་དཔེའི་གཟི་བྱིན་འོད་དུ་འབར། །ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས། །སྐྱབས་ཀུན་འདུས་པའི་ངོ་བོར་གྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་།། སྐྱབས་སུ་མཆིའོ།། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང་། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ལན་བདུན་བཟླ། དེ་ནས་གཟུངས་རིང་ཐུང་གང་རུང་ངམ། ཏདྱ་ཐཱ། ཨོཾ་བྷེ་ཥཛྱེ་བྷེ་ཥཛྱེེ་མ་ཧཱ་བྷེ་ཥཛྱེེ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་མཐར། བཅོམ་ལྡན་འོད་ཞུ་རང་ལ་ཐིམ། །ནད་གདོན་སྡིག་སྒྲིབ་ཀུན་བྱང་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །སྨན་པའི་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །

ཚེ་མདོ།

༄༅། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །ཚེ་འཛིན་ཅིང་ཚེ་མཐར་ཕྱིན་པར་བཞེད་དེ། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག །འཛམ་བུའི་གླིང་གི་མི་རྣམས་ནི་ཚེ་ཐུང་བ་ལོ་བརྒྱ་ཐུབ་པ་ཤ་སྟག་སྟེ། དེ་དག་ལས་ཀྱང་ཕལ་ཆེར་ནི་དུས་མ་ཡིན་པར་འཆི་བར་བསྟན་ཏོ། །འཇམ་དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་ཡོན་ཏན་དང་བསྔགས་པར་གྱུར་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། མིང་ཙམ་ཉན་ཏམ། ཀློག་པ་ནས་གླེགས་བམ་ལ་བྲིས་ཏེ་ཁྱིམ་ན་འཆང་གི་བར་དུ་བྱེད་དམ། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་རྣམས་ཀྱིས་མཆོད་པར་གྱུར་པ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །འཇམ་དཔལ་སེམས་ཅན་གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོའི་མཚན་བརྒྱ་རྩ་བརྒྱད་ཐོས་པར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །སེམས་ཅན་གང་དག་ཚེ་ཡོངས་སུ་ཟད་ཀར་མཚན་འཆང་བར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཚེ་རིང་པོར་འདོད་པས་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་མཚན་བརྒྱ་རྩ་བརྒྱད་ཉན་ཏམ། ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། ཀློག་པར་གྱུར་པ་དེ་དག་གི་ཡོན་ཏན་དང་ལེགས་པར་འགྱུར་བ་ནི་འདི་དག་གོ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འཇམ་དཔལ་དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པོ་འདི་དག་གང་ལ་ལ་ཞིག་གིས་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། གླེགས་བམ་ལ་བྲིས་ཏེ་ཁྱིམ་ན་འཆང་ངམ། ཀློག་པར་གྱུར་ན་ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་ཏེ། འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པར་སྐྱེ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩིི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ལྔ་བཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩིི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་གང་གཱའི་ཀླུང་བཅུ་ཡི་བྱེ་མ་སྙེད་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེའི་ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ། །ནམ་དུ་ཡང་མི་ཁོམ་པར་སྐྱེ་བར་མི་འགྱུར་ཏེ། གང་དང་གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ལ་ལ་ཞིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྲིར་བཅུག་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། །ཡི་གེར་འབྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བྱེད་དུ་བཅུག་པ་དང་། རབ་ཏུ་གནས་པ་བྱས་པ་ཡིན་ནོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེས་མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེའི་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་ལ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་དང་། གནོད་སྦྱིན་དང་། སྲིན་པོས་གླགས་བཙལ་ཀྱང་གླགས་རྙེད་པར་མི་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་མངོན་སུམ་དུ་ལུང་སྟོན་པར་མཛད་དེ། སངས་རྒྱས་སྟོང་གིས་དེ་ལ་ཕྱག་རྐྱོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་མཛད་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་དང་། སོམ་ཉི་དང་། ཡིད་གཉིས་མ་བྱེད་ཅིག །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། རྒྱལ་པོ་ཆེན་པོ་བཞི་དེའི་ཕྱི་བཞིན་དུ་འབྲང་ཞིང་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བྱེད་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩིི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ས་ཕྱོགས་གང་དུ་མདོ་སྡེ་དཀོན་མཆོག་འདི་འབྲི་བའི་ས་ཕྱོགས་དེ་ཡང་མཆོད་རྟེན་དུ་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་བྱ་དང་། རི་དྭགས་གང་དག་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་བུད་མེད་ཀྱི་ལུས་སུ་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཀར་ཤ་པ་ན་གཅིག་སྦྱིན་པ་བྱིན་ན། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ལ་ལ་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱེད་པར་འགྱུར་བ་དེས་དམ་པའི་ཆོས་མཐའ་དག་མཆོད་པ་བྱས་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་། ཤཱཀྱ་ཐུབ་པ་ལ་སོགས་པ་ལ་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པ་བྱས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདིའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འདི་ལྟ་སྟེ། དཔེར་ན། རིན་པོ་ཆེའི་ཕུང་པོ་རིའི་རྒྱལ་པོ་རི་རབ་ཙམ་སྤུངས་ཏེ། སྦྱིན་པ་བྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདིའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བིཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་བཞི་ཆུས་ཡོངས་སུ་གང་བའི་ཐིགས་པ་རེ་རེ་ནས་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདིའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། །ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། བསྟི་སྟང་དུ་བྱས་ཏེ། མཆོད་པར་བྱེད་པར་འགྱུར་བ་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་དང་། མཆོད་པ་བྱས་པ་ཡིན་ནོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱིས་སྒྲ་ནི་གྲགས་པར་འགྱུར། །ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། ཚུལ་ཁྲིམས་སྟོབས་ཀྱིས་སྒྲ་ནི་གྲགས་པར་འགྱུར། །བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བཟོད་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བཟོད་པའི་སྟོབས་ཀྱིས་སྒྲ་ནི་གྲགས་པར་འགྱུར། །བརྩོན་འགྲུས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བརྩོན་འགྲུས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བརྩོན་འགྲུས་སྟོབས་ཀྱིས་སྒྲ་ནི་གྲགས་པར་འགྱུར། །བསམ་གཏན་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བསམ་གཏན་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བསམ་གཏན་སྟོབས་ཀྱིས་སྒྲ་ནི་གྲགས་པར་འགྱུར། །ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཤེས་རབ་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཤེས་རབ་སྟོབས་ཀྱིས་སྒྲ་ནི་གྲགས་པར་འགྱུར། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་ལྷ་དང་། མི་དང་།ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །རྒྱ་གར་གྱི་པཎྜི་ཏ་པུཎྱ་སམྦྷ་ཝ་དང་། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། །

འབུམ་ཆུང།

༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་དོན་མ་ནོར་བར་བསྡུས་པ་འབུམ་ཆུང་བཞུགས་སོ། །རྒྱ་གར་སྐད་དུ། ཤ་ཏ་ས་ཧ་སྲི་ཀ་པྲཛྙཱ་པ་ར་མི་ཏ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་དོན་མ་ནོར་བར་བསྡུས་པ། ཐམས་ཅད་མཁྱེན་པའི་ཡུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། བཀའ་ཡང་དག་པའི་སེམས་ཤིན་ཏུ་རྣམ་པར་གྲོལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རབ་འབྱོར་དང་། ཀུན་དགའ་བོ་ལ་སོགས་པ། ལྷ་དང་མི་ལ་སོགས་པའི་སེམས་ཅན་མཐའ་ཡས་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་འོད་ཟེར་བྱེ་བ་དྲུག་ཅུ་གཟིགས་ཤིང་འཕྲོས་པར་གྱུར་ཏོ། །དེ་ནས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་མངོན་པར་རབ་ཏུ་བརྒྱན་པར་གྱུར་ཏོ། །ཚེ་དང་ལྡན་པ་རྣམས་ཀྱིས་ཕྱག་ཕུལ་ཞིང་། མཆོད་པའི་རྣམ་གྲངས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྣམས་ལ་བཀའ་སྩལ་པ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རབ་འབྱོར་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ། དེ་བཞིན་དུ་ཁྱོད་སྤོབས་པར་གྱིས་ཤིག །ཡུལ་དྲུག་དང་། ཕུང་པོ་ལྔའོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།རྣམ་པར་ཤེས་པ་དང་། སྐྱེ་མཆེད་བཅུ་གཉིས་དང་། དབང་པོ་དྲུག་གོ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་སོ། །རྣམ་པར་ཤེས་པའི་དོན་ནི། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། རེག་པའི་དོན་ནི། མིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། རེག་པའི་རྐྱེན་གྱི་ཚོར་བའི་དོན་ནི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཁམས་དྲུག་གི་དོན་ནི། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་དོན་ནི། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། བྱེད་པ་པོའི་སྐྱེ་མཆེད་བཅུ་གཉིས་ཀྱི་དོན་ནི། བདག་དང་། སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་དང་། འདོད་ཁམས་ཀྱི་ལྷ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །འཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །འོད་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་ཏུ་སྣང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེ་བའི་ལྷ་རྣམས་ཡོད་དོ། །ཚད་མེད་དགེ་བའི་ལྷ་རྣམས་ཡོད་དོ། །ཚད་མེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མི་ཆེ་བའི་ལྷ་རྣམས་ཡོད་དོ། །མི་གདུང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །འོག་མིན་གྱི་ལྷ་རྣམས་ཡོད་དོ། །གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། རྣམ་པར་ཐར་པའི་དོན་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། གཟུགས་རྣམ་པར་དག་པ་དང་། ཚོར་བ་རྣམ་པར་དག་པ་དང་། འདུ་ཤེས་རྣམ་པར་དག་པ་དང་། འདུ་བྱེད་རྣམ་པར་དག་པ་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་དང་། མིག་རྣམ་པར་དག་པ་དང་། རྣ་བ་རྣམ་དག་པར་དག་པ་དང་། སྣ་རྣམ་པར་དག་པ་དང་། ལྕེ་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པ་དང་། ཡིད་རྣམ་པར་དག་པ་དང་། རབ་འབྱོར་གཞན་ཡང་། གཟུགས་ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པས། སྒྲ་ཡོངས་སུ་དག་པ། སྒྲ་ཡོངས་སུ་དག་པས། དྲི་ཡོངས་སུ་དག་པ། དྲི་ཡོངས་སུ་དག་པས། རོ་ཡོངས་སུ་དག་པ། རོ་ཡོངས་སུ་དག་པས། རེག་ཡོངས་སུ་དག་པ། རེག་ཡོངས་སུ་དག་པས། ཆོས་ཡོངས་སུ་དག་པ། ཆོས་ཡོངས་སུ་དག་པས། མིག་གི་རྣམ་པར་ཤེས་པ་ཡོངས་སུ་རྣམ་པར་དག་པ་ནས། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་རྣམ་པར་དག་པའོ། །མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པར་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། འདས་པའི་དུས་ན་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པར་འཇུག་གོ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་དེ་དག་དང་། རབ་འབྱོར་དང་། ཀུན་དགའ་བོ་དང་། ཚེ་དང་ལྡན་པ་རྣམས་དང་། དེ་དག་གི་དགེ་སློང་གི་དགེ་འདུན་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། གྲུལ་བུམ་དང་། ལྟོ་འཕྱེར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་དོན་མ་ནོར་བར་བསྡུས་པའི་གླེགས་བམ་དང་། ཤློཀ་དང་། བམ་པོ་དང་། ཤློཀ་བཀོད་པ་འདི་བྲིས་ན། ཡུམ་ཆེན་མོ་བྲིས་པར་འགྱུར་རོ། །འཆང་ན་ཡུམ་ཆེན་མོ་འཆང་བར་འགྱུར་རོ། །སྔོན་རྒན་རྒོན་རྒྱུ་མེད་པ་གཉིས་ཡོད་པར་འདུག་པ་ལ། ཁང་གཉའ་ན་གྲུབ་ཐོབ་བཟང་པོ་གཅིག་བཞུགས་པ་དེས། ཁང་ཞབས་སུ་འདུག་པའི་རྒན་རྒོན་གཉིས་གནང་ཉིན་བས་མི་ཚེ་མི་སྣང་བ་སྙིང་རེ་རྗེ། འབུམ་བརྒྱ་གཅིག་དང་། ཆུ་གཏོར་འབུམ་ཐེར་གཅིག་བྱས་ན་ཚེ་རིང་བར་འདུག །གསུང་ཕྲིན་རྒན་རྒོན་གཉིས་པོ་དེས་ཚོར་བ་དང་། སྡུག་ནས་ནམ་འཆི་བསམ་ནས་ཡོད་དུས་ན། བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་ལྡོམ་བུ་ཕུལ་བྱས་ཙ་ན། རྒན་རྒོན་གཉིས་པོས་ལྡོམ་བུ་འབུལ་རྒྱུ་མེད། ངེད་རང་གཉིས་གནང་ཉིན་པས་ཚེ་མེད་འཆི་བ་ཡིན་ཟེར། ཚེ་རིང་བ་ལ་འབུམ་བརྒྱ་ཚར་གཅིག་དང་། ཆུ་གཏོར་འབུམ་ཐེར་གཅིག་དགོས་ཟེར་བ་ལ་རྒྱུ་མེད་པས། ཁོང་རང་ལ་ལྡོམ་བུ་འབུལ་རྒྱུ་མེད་ཞུས་ཙ་ན། སྙིང་རེ་རྗེ་གསུངས་ནས། འབུམ་བྲིས་པ་དང་། མཆོད་གནས་ལ་འབུམ་བརྒྱ་བྱེད་ཆུག་གསུངས། ཙམ་པ་ཨི་ཡོད་གསུངས་ནས། ཆུ་གཏོར་འབུམ་ཐེར་ཁོང་རང་གིས་མཛད་པས། རྒན་རྒོན་གཉིས་པོ་ཚེ་རིང་བ་དང་། ནད་མེད་པ་དང་། རྒྱུ་ཡོད་པ་རྣམས་ཆོས་དེས་ཡོང་གསུངས་སོ། །ཡུམ་ཆེན་མོ་འབུམ་ཆུང་སྟོང་ཕྲག་བརྒྱ་པའི་ཕན་ཡོན་རྫོགས་སོ། །ཡང་འགྱུར་གཅིག་ན། བཅོམ་ལྡན་འདས་བཞུགས་པའི་དུས་སུ། རྒྱལ་པོ་བི་ས་ར་དང་། བཙུན་མོ་མ་ག་ཏི་གཉིས་ལ་སྲས་བུ་དགེ་ཆེན་བྱ་བ་ཞིག་ཡོད་པ་དེ་བར་ཆད་ཀྱིས་ཟིན་ནས་འཆི་ལ་ཐུག་པའི་དུས་སུ། རྒྱལ་པོས་བཅོམ་ལྡན་འདས་ཀྱི་དྲུང་དུ་མྱུར་བར་བྱོན་ནས་སྨྲེ་སྔགས་བཏོན་ཏེ་བཅོམ་ལྡན་འདས་ལ་ཞུས་པ། བདག་ལ་བུ་གཅིག་པོ་ཞིག་མཆིས་པ་དེ་བར་ཆད་ཀྱིས་ཟིན་ནས། འཆི་ལ་ཐུག་པ་ལགས། དེ་མི་འཆི་བའི་ཐབས་ཤིག་བཀའ་སྩལ་དུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་ཞལ་ནས་རྒྱལ་པོ་ཡར་དཀོན་མཆོག་ལ་མཆོད་པ་དང་། རིགས་དྲུག་ཚིམ་པའི་ཆབ་གཏོར་དང་། རྒྱས་པ་འབུམ་བརྒྱ་ཚར་ཉིན་གཅིག་ལ་བཏོན་ན། དུས་མིན་མིན་འཆི་བ་ལས་ཟློག་ཅིང་ནད་ལས་གྲོལ་བར་འགྱུར་རོ། །ཞེས་གསུངས་པས། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་རྒྱས་པའི་འབུམ་བརྒྱ་ཚར་ཉིན་གཅིག་ལ་ཐོན་པའི་ཐབས་བཀའ་སྩལ་དུ་གསོལ། ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་འབུམ་ཆུང་འདི་བཀའ་སྩལ་པ་དང་། རྒྱལ་པོས་འབུམ་ཆུང་འདི་མྱུར་བར་བསྒྲགས་སོ། །རྒྱལ་བུ་ནད་ལས་གྲོལ་ནས། ལོངས་སྤྱོད་ཆེ་ཞིང་ཚེ་རིང་བ་དང་། རྒྱལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་དང་། རྒྱལ་སྲིད་དར་བར་གྱུར་ཏོ། །གཞན་ཡང་ཕན་ཡོན་མཐའ་ཡས་སོ། །ཇོ་བོ་རྗེས་བལ་པོ་ཨ་སུ་ལ་གནས། བལ་པོས་ཤ་ལོ་ཀར་བཀོད་པ་རྫོགས་སོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལོ་བཅུ་གཉིས་ཀྱི་བར་དུ་གསུང་རབ་རྣམས་གཟིགས་པས། འབུམ་ཆུང་འདི་ཁོ་ན་ཕན་ཡོན་ཤིན་ཏུ་ཆེ་བར་འདུག་པས། ཕྱི་རབས་ཀྱི་གང་ཟག་རྣམས་ཀྱིས་ཀྱང་འདི་ལ་ཀློག་འདོན་བྱེད་པ་གལ་ཆེ་གསུངས་སོ།། །།

ཕྱོགས་བཅུའི་མུན་སེལ།

༄༅། །ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་ད་ཤ་དིག་ཨན་དྷ་ཀཱ་ར་བི་དྷྭན་ས་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགལ་རྐྱེན་ཐམས་ཅད་ཞི་བ་དང་། །ཕྱོགས་བཅུའི་མཐུན་རྐྱེན་ཐམས་ཅད་བསྒྲུབ་པའི་ཕྱིར། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ནས། །ཕྱོགས་བཅུའི་མུན་སེལ་བཀྲ་ཤིས་འདི་བརྗོད་དོ། །ཤར་ཕྱོགས་ཉོན་མོངས་ཐམས་ཅད་སྤྱོད་པ་ན། །སངས་རྒྱས་རྗེས་སྤྱོད་ཞབས་ལ་ཕྱག་འཚལ་ལོ། །བདག་ནི་ཤར་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་འགྲུབ་ནས་སླར་ཡང་ལྡོག་པར་ཤོག །ལྷོ་ཕྱོགས་མུན་ནག་ཚོགས་བཅོམ་ཞིང་ཁམས་ན། །སེམས་བསྐྱེད་ཡིད་མཛད་མངོན་འཕགས་ཕྱག་འཚལ་ལོ། །བདག་ནི་ལྷོ་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་འགྲུབ་ནས་སླར་ཡང་ལྡོག་པར་ཤོག །ནུབ་ཕྱོགས་ཡུལ་ཕེབས་ཞེས་བྱའི་ཞིང་ཁམས་ན། །འཁོན་དང་རྒྱགས་པ་རྣམ་གནོན་ཕྱག་འཚལ་ལོ། །བདག་ནི་ནུབ་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །བྱང་ཕྱོགས་སྤོབས་པ་ཅན་གྱི་ཞིང་ཁམས་ན། །རིན་ཆེན་གཟུགས་བཀོད་འོད་གནོན་ཕྱག་འཚལ་ལོ། །བདག་ནི་བྱང་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །བྱང་ཤར་བདུད་ཀྱི་སྡེ་བཅོམ་ཞིང་ཁམས་ན། །ཡིད་གཉིས་ཀུན་འཇོམས་རྣམ་གནོན་ཕྱག་འཚལ་ལོ། །བདག་ནི་བྱང་ཤར་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །ཤར་ལྷོ་རྟག་ཏུ་སྣང་བའི་ཞིང་ཁམས་ན། །འཁོར་ལོ་འབྱུང་བའི་དཔལ་ལ་ཕྱག་འཚལ་ལོ། །བདག་ནི་ཤར་ལྷོར་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །ལྷོ་ནུབ་གསེར་གྱི་དྲ་བས་གཡོགས་པ་ན། །རིན་ཆེན་གདུགས་འཕགས་སྣང་ལ་ཕྱག་འཚལ་ལོ། །བདག་ནི་ལྷོ་ནུབ་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །ནུབ་བྱང་ཡོངས་དག་རབ་གནས་མངོན་འཕགས་ན། །བྱང་ཆུབ་སེམས་དཔའ་འདུལ་ལ་ཕྱག་འཚལ་ལོ། །བདག་ནི་ནུབ་བྱང་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །སྟེང་ཕྱོགས་དམིགས་མེད་ཡིད་ལ་བྱེད་པ་ན། །སྐྲག་མེད་མུན་བྲལ་ཏིང་འཛིན་ཕྱག་འཚལ་ལོ། །བདག་ནི་སྟེང་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །འོག་ཕྱོགས་ཡོན་ཏན་ཐམས་ཅད་བརྒྱན་པ་ན། །ཐེ་ཚོམ་གཅོད་པར་མཛད་ལ་ཕྱག་འཚལ་ལོ། །བདག་ནི་འོག་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག ། ༈ ཇི་ལྟར་བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །ཤཱཀྱ་གཞོན་ནུ་རབ་ཏུ་གསལ་བ་ལ། །ཕྱོགས་བཅུའི་མུན་སེལ་བཀྲ་ཤིས་མཛད་པ་བཞིན། །བདག་ཅག་འཁོར་བཅས་བཀྲ་ཤིས་དོན་གྲུབ་ཤོག །འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།

འདའ་ཀ་ཡེ་ཤེས།

༄༅། །འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་བཞུགས་སོ། ། རྒྱ་གར་སྐད་དུ། ཨཱརྱ་ཨ་ཏ་ཛྙཱ་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་ལྷའི་རྒྱལ་པོའི་ཁང་བཟང་ན་བཞུགས་ཏེ། འཁོར་ཐམས་ཅད་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནམ་འཆི་ཀ་མའི་སེམས་ཇི་ལྟར་བལྟ་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་ནམ་འཆི་བའི་ཚེ། འདའ་ཀ་ཡེ་ཤེས་བསྒོམ་པར་བྱའོ། །དེ་ལ་འདའ་ཀ་ཡེ་ཤེས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན། དངོས་པོ་མེད་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན། སྙིང་རྗེ་ཆེན་པོའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་ཤིང་འོད་གསལ་བས་ན། དངོས་པོ་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་རྣམས་རང་བཞིན་རྣམ་དག་པས། །དངོས་པོ་མེད་པའི་འདུ་ཤེས་བསྒོམ། །བྱང་ཆུབ་སེམས་དང་རབ་ལྡན་པས། །སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ། །རང་བཞིན་མི་དམིགས་འོད་གསལ་བས། །དངོས་པོ་ཅི་ལའང་མི་ཆགས་བསྒོམ། །སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་སོགས་པའི་འཁོར་ཐམས་ཅད་རབ་ཏུ་དགའ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།

བཀའ་འགྱུར་སྙིང་པོ་སོགས།

༄༅། །བཀའ་འགྱུར་གྱི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ། །རྒྱ་གར་སྐད་དུ༔ ཤ་ཏ་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏ་གརྦྷེ༔ བོད་སྐད་དུ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བསྡུས་པ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་དྷརྨེ་སཾ་ཀ་ཧཱ༔ དྷརྨེ་ཤཱ་ས་ནི་རི་སརྦ་ཀཱཪྻ་ས་རི་ཀྲ་མེ་དྷརྨཱ༔ ཏདྱ་ཐཱ༔ ཧྲི་སུ་ཧྲི་སྨྲྀ་ཏ༔ ཛ་ཡ་བི་ཛ་ཡ༔ དྷཱིཿ དྷཱ་ར་ཎཱི་པྲཛྙཱ་སཱ་རེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བཏོན་པ་དང་མཉམ་མོ༔ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྫོགས་སོ༔ རྒྱ་གར་སྐད་དུ༔ པཉྩ་བིཾ་ཤ་ཏི་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གཪྦྷ༔ བོད་སྐད་དུ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་སྙིང་པོ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་པྲཛྙེ་པྲཛྙེ་མ་ཧཱ་པྲཛྙེ་སརྦ་བྷ་རེ༔ པྲཛྙཱ་སརྦ་ཛྙཱ་ན་དུ་ན་ཏ་རེ་པྲཛྙཱ་པྲེ་ཏ༔ སུ་ཀ་རེ་སུ་ཀ་རེ་སུ་ཀ་ར་སིདྡྷི༔ བུདྡྷ་བུདྡྷ༔ ཀམྤཀམྤ༔ ས་ར་ས་ར༔ དྷ་ར་དྷ་ར༔ བ་ར་བ་ར༔ གརྫ་གརྫ༔ གརྫ་ཡ་ཏི་སྭཱ་ཧཱ༔ སྔགས་འདི་བརྗོད་པས༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་བཏོན་པ་དང་མཉམ་མོ༔ ཉི་ཁྲིའི་སྙིང་པོ་རྫོགས་སོ༔ རྒྱ་གར་སྐད་དུ༔ ཨཱཪྻ་ཨཥྚ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གཪྦྷ༔ བོད་སྐད་དུ༔ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་ཧྲཱིཿཤྲུ་ཏི་སྨྲྀ་ཏི་ཛ་ཡ་བི་ཛ་ཡེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་བཏོན་པ་དང་མཉམ་མོ༔ བརྒྱད་སྟོང་པའི་སྙིང་པོ་རྫོགས་སོ༔ རྒྱ་གར་སྐད་དུ༔ ཨཥྚ་ཨ་ཡུ་ཏཾ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་དྷཱ་ར་ཎཱི༔ བོད་སྐད་དུ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པའི་གཟུངས༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ པྲ་ཛྙཱ་པཱ་ར་མི་ཏཱ་ཡེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་བཏོན་པ་དང་མཉམ་མོ༔ ཁྲི་བརྒྱད་སྟོང་པའི་སྙིང་པོ་རྫོགས་སོ༔ རྒྱ་གར་སྐད་དུ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ནཱ་མ༔ བོད་སྐད་དུ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་ནུ་ག་ཏེ༔ ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ༔ ལན་གཅིག་བརྗོད་པས་བསྐལ་པ་འབུམ་ཕྲག་སྟོང་དུ་བསགས་པའི་སྒྲིབ་པ་ཡང་མ་ལུས་པ་ཟད་པར་འགྱུར་རོ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ༔ རྒྱ་གར་སྐད་དུ༔ ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སཉྩ་གཱ་ཐཱ་གརྦྷ༔ བོད་སྐད་དུ༔ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པའི་སྙིང་པོ༔ འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ༔ པཱ་ར་ག་ཏེ༔ པཱ་ར་སཾ་ག་ཏེ༔ བོ་དྷི་ཡེ་སྭཱཧཱ༔ འཕགས་པ་སྡུད་པ་བཏོན་པ་དང་མཉམ་མོ༔ རྒྱ་གར་སྐད་དུ༔ ཨཱཪྻ་མཉྫུ་ཤྲཱི་ཏནྟྲ་གརྦྷ༔ བོད་སྐད་དུ༔ འཕགས་པ་འཇམ་དཔལ་རྒྱུད་ཀྱི་ཡང་སྙིང༔ འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ༔ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཨ་ར་པ་ཙ་ནཱ་ཡ་ཏེ་ནཱ་མ༔ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད༔ རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད༔ བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་སྙིང་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པ་ཟླ་བ་གཅིག་གིས་གྲུབ་པ་རྫོགས་སོ༔ རྒྱ་གར་སྐད་དུ༔ བྷ་ག་ཝ་ཏཱི་པྲཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ༔ བོད་སྐད་དུ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ༔ འདི་ལྟ་སྟེ༔ ཨ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་རྫོགས་སོ༔ རྒྱ་གར་སྐད་དུ༔ ཨུ་པ་རེ་ཤུདྡྷ་ནཱ་མ་དྷཱ་ར་ཎཱི༔ བོད་སྐད་དུ༔ ཡོན་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་གཟུངས༔ ན་མཿ ས་མནྟ་བྷ་ཏྲཱ་ཡ༔ བོ་དྷི་ས་ཏྭ་ཡ༔ མ་ཧཱ་ས་ཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ན་མོ་བྷ་ར་བྷ་ར་སཏྭཱ་ཡ་སྭཱ་ཧཱ༔ ལན་གསུམ་བརྗོད་ན་མཚམས་མེད་པ་ལྔའི་སྡིག་པ་འདག་པར་འགྱུར་རོ༔ བཀའ་འགྱུར་རོ་ཅོག་གི་གཟུངས་བསྡུས་པའི་སྙིང་པོ་རྫོགས་སོ༔

ཐར་མདོ་བསྡུས་པ།

༄༅། །ཐར་མདོ་བསྡུས་པ་བཞུགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་རྟེན་རྣམས་དང་། སྐུ་གདུང་རིང་བསྲེལ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཟུངས་ཆེན་པོ་དང་མདོ་སྡེ་བཅུ་གཉིས་ལ་ཕྱག་འཚལ་ལོ། །མདོ་ཡི་སྡེ་ལ་ཕྱག་འཚལ་ལོ། །ལུང་དུ་བསྟན་པའི་སྡེ་ལ་ཕྱག་འཚལ་ལོ། །ཚིགས་སུ་བཅད་པའི་སྡེ་ལ་ཕྱག་འཚལ་ལོ། །དབྱངས་ཀྱིས་བསྙད་པའི་སྡེ་ལ་ཕྱག་འཚལ་ལོ། །ཆེད་དུ་བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། །གླེང་གཞིའི་སྡེ་ལ་ཕྱག་འཚལ་ལོ། །རྟོགས་པ་བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། །འདས་པ་བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། །སྐྱེས་པ་རབས་ཀྱི་སྡེ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྒྱས་པའི་སྡེ་ལ་ཕྱག་འཚལ་ལོ། །རྨད་དུ་བྱུང་བའི་སྡེ་ལ་ཕྱག་འཚལ་ལོ། །གཏན་ལ་ཕབ་པའི་སྡེ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོའི་སྡེ་སྣོད་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མཿ སཾ་གྷཱ་ཡ། ཨ་དན་ཏི་དྷཱ་ར་ཎཱི། ཏདྱ་ཐཱ། ཨཱ་ཀཱ་ཤ་ནི་བ་བཱི་ནི། སརྦ་དྷརྨཱ་ནི་བ་ནི། ཨི་ཤ་མ་ད། པི་པ་ཤ་ན། བི་མ་ལ་སུ་པ་རི། དྷརྨཱ་ནི་ཁ་ན། བ་ར་རུ་ནི་ཙ་ཡ་ཏ་མ་ལེ། ཙ་ལེ། ཧུ་ལུ་ཧུ་ལུ། ཤི་བི་ཏེ། མནྟྲ་མནྟྲ། མནྟྲ་སྭཱཧཱ། ཞེས་པའི་ཐར་མདོ་བསྡུས་པ་འདི་རཱ་ག་ཨ་སྱས་མཛད་པའོ། །

རྩ་ལྟུང་་བཅུ་བཞིའི་བཤགས་པ།

༄༅། །རྩ་ལྟུང་བཅུ་བཞིའི་བཤགས་པ་བཞུགས་སོ། །རྒྱ་གར་སྐད་དུ། བཛྲ་ཡ་ན་མུ་ལ་པ་ཏི། བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཀུན་ནས་དང་བས་བླ་མ་ཡི། །ཞབས་ཀྱི་པདྨོར་རབ་བཏུད་དེ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །རྒྱུད་ལས་གསུངས་པ་བཤད་པར་བྱ། །གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །དང་པོ་ཕོག་པ་མཐོལ་ལོ་བཤགས། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །གཉིས་པ་ཕོག་པ་མཐོལ་ལོ་བཤགས། །རྡོ་རྗེའི་སྤུན་ལ་ཁྲོས་པ་ནི། །ཉེས་པར་བརྗོད་པ་གསུམ་པ་ཡིན། །གསུམ་པ་ཕོག་པ་མཐོལ་ལོ་བཤགས། །སེམས་ཅན་རྣམས་ལ་བྱམས་པ་སྤོངས། །བཞི་པ་ཡིན་པར་རྒྱལ་བས་གསུངས། །བཞི་པ་ཕོག་པ་མཐོལ་ལོ་བཤགས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ལྔ་པ་ཕོག་པ་མཐོལ་ལོ་བཤགས། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །དྲུག་པ་ཕོག་པ་མཐོལ་ལོ་བཤགས། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །བདུན་པ་ཕོག་པ་མཐོལ་ལོ་བཤགས། །ཕུང་པོ་སངས་རྒྱས་ལྔའི་བདག་ཉིད། །དེ་ལ་སྨོད་པ་བརྒྱད་པ་ཡིན། །བརྒྱད་པ་ཕོག་པ་མཐོལ་ལོ་བཤགས། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །དགུ་པ་ཕོག་པ་མཐོལ་ལོ་བཤགས། །གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །བཅུ་པ་ཕོག་པ་མཐོལ་ལོ་བཤགས། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །བཅུ་གཅིག་ཕོག་པ་མཐོལ་ལོ་བཤགས། །སེམས་ཅན་དད་དང་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །བཅུ་གཉིས་ཕོག་པ་མཐོལ་ལོ་བཤགས། །དམ་ཚིག་རྫས་ནི་ཇི་བཞིན་ཉིད། །མི་བསྟེན་པ་ནི་བཅུ་གསུམ་པ། །བཅུ་གསུམ་ཕོག་པ་མཐོལ་ལོ་བཤགས། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །བཅུ་བཞི་ཕོག་པ་མཐོལ་ལོ་བཤགས། །སྔགས་པས་འདི་དག་སྤངས་ནས་ནི། །དངོས་གྲུབ་ངེས་པར་འཐོབ་པར་འགྱུར། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུན་གྱིས་བཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་། །མཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །མཉམ་པར་བཞག་ཅིང་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་བྱས་ནས། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ། །

སྦོམ་པོའི་ལྟུང་བཤགས།

༈ སྦོམ་པོའི་ལྟུང་བཤགས། བླ་མའི་ཞབས་ཀྱི་པདྨོ་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །སྦོམ་པོའི་ལྟུང་བ་རྣམ་པ་བརྒྱད། །རྒྱུད་ལས་གསུངས་པ་འབྲི་བར་བྱ། །ཤེས་རབ་སྟོབས་ཀྱིས་ལེན་པ་དང་། །དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན། །སྣོད་མིན་ལ་ནི་མི་གསང་དང་། །ཚོགས་ཀྱི་ནང་དུ་རྩོད་པ་དང་། །དད་ལྡན་ལ་གཞན་ཆོས་སྟོན་དང་། །ཉན་ཐོས་ནང་དུ་ཞག་བདུན་གནས། །རྫུན་གྱི་རྣལ་འབྱོར་ང་རྒྱལ་བྱེད། །དད་པ་མེད་ལ་ཆོས་སྟོན་པ། །འདི་རྣམས་སྦོམ་པོའི་ལྟུང་བར་བཤད། །རྩ་ལྟུང་སྦོམ་པོའི་རིམ་པ་དག །ཆོ་ག་ཡིས་ནི་ཤེས་བྱ་ཞིང་། །ཉམས་པར་གྱུར་ན་བཤགས་པར་བྱ། །རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས་མཛད་པ་རྫོགས་སོ། །

དྲི་མེད་བཤགས་རྒྱུད།

༄༅། །ཞི་ཁྲོ་ན་རཀ་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་དྲི་མེད་བཤགས་རྒྱུད་ཅེས་བྱ་བ་བཞུགས་སོ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་པདྨ་འབྱུང་གནས་ངས༔ སྐྱོ་ངལ་མེད་པའི་མཚོ་རྒྱལ་ལ༔ ན་རཀ་གནས་ཀྱང་དོང་སྤྲུགས་པའི༔ ཉུང་བསྡུས་མན་ངག་ཟབ་མོ་འདི༔ རྒྱུན་གྱི་ཡི་དམ་ནར་མར་གདམས༔ འདི་ཡི་ཕན་ཡོན་བསྟན་པ་ནི༔ རྒྱལ་བ་དགོངས་པ་འདུས་པ་ཡི༔ ཀློང་ཆེན་རྒྱུད་ནས་འདི་སྐད་གསུངས༔ སྒྱུ་འཕྲུལ་རྒྱལ་བ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ཚོགས་འདི་དག་གི༔ མཚན་ནས་ལན་གཅིག་བརྗོད་བྱེད་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང༔ དམ་ཚིག་ཉམས་ཆག་སོར་ཆུད་ནས༔ ན་རཀ་གནས་ཀྱང་དོང་སྤྲུགས་ཏེ༔ མཆོག་དང་ཐུན་མོང་དངོས་གྲུབ་འཐོབ༔ ཚེ་འདིར་བདེ་ལེགས་ཕུན་སུམ་ཚོགས༔ ཚེ་འདས་སྐུ་གདུང་རིང་བསྲེལ་འབྱུང༔ ཕྱི་མ་རིག་འཛིན་ཞིང་དུ་འགྲོ༔ དེ་སྐད་ཀློང་ཆེན་རྒྱུད་ནས་གསུངས༔ དེ་ཕྱིར་སྔགས་ཀྱི་སྒོར་ཞུགས་ནས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ ཉམས་ཆག་བསྐང་ཕྱིར་ཕྱག་འཚོལ་ཞིག༔ ཨེ་མ་ཧོ༔ ཆོས་དབྱིངས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ནས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ ཐུགས་རྗེས་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ རིན་ཆེན་པདྨ་ཉི་ཟླའི་གདན་ལ་བཞུགས༔ ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད་པར་བགྱི༔ ཨ་ལ་ལ་ཧོ༔ དོན་དམ་ཆོས་དབྱིངས་ཡུམ་གྱི་བྷ་གའི་ཀློང༔ མཁའ་དབྱིངས་ཡངས་པའི་དཀྱིལ་འཁོར་ཆེན་པོ་ན༔ བཞུགས་པའི་ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་རབ་ཏུ་འཕྲོ༔ མཉེན་ལྕུག་འཁྲིལ་ལྡེམ་ཞི་བའི་ཚུལ་དགུ་ལྡན༔ སངས་རྒྱས་བཞི་བཅུ་གཉིས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཆོས་དབྱིངས་ཡེ་ཤེས་མཆོག་ལ་མངའ་བརྙེས་པ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་ཅིང༔ བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ༔ རིགས་ཀྱི་ཡུམ་མཆོག་རྣམས་ལ་ཕྱག་འཚལ་ལོ༔ རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས༔ བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ༔ ཉོན་མོངས་སྤྱོད་པའི་སྐྱོན་དང་བྲལ་བ་ཡི༔ སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་བཅས༔ བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ༔ རྒྱལ་བའི་དཀྱིལ་འཁོར་མཆོད་པས་མཉེས་མཛད་མ༔ མཆོད་པའི་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ༔ བདུད་ཀྱི་དཔུང་དང་བགེགས་ཚོགས་རྣམ་པར་འཇོམས༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང༔ ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ༔ རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང༔ མི་མཐུན་ཕྱོགས་འཇོམས་རབ་འཇིགས་ཁྲོ་མོའི་ཚུལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་ལོ༔ སྟེང་འོག་ཕྱོགས་བཅུ་འཇིག་རྟེན་འདུལ་བའི་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱངས༔ འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པའི་སྐུར་སྟོན་པ༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ སྒྱུ་འཕྲུལ་ཞི་བའི་ལྷ་ཚོགས་འདི་དག་གི༔ མཚན་ནི་ལན་གཅིག་བརྗོད་བྱེད་ཅིང༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆག་བསྐང་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཁྲོ་བོ་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་ཁྲོ་བོར་བསྟན་པ་དང༔ སྙིང་རྗེ་རྔམས་དང་ཞི་བར་སྐུར་སྟོན་པ༔ འབར་བ་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་སྐུར་སྟོན་པ༔ གདུག་པ་འདུལ་མཛད་ཁྲོ་ཆེན་འབར་བའི་སྐུ༔ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཁྲོ་རྒྱལ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང༔ དགྱེས་པ་བསྐྱེད་ཕྱིར་དུང་ཁྲག་ཡབ་ལ་སྟོབ༔ ཁྲོ་མོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ ཀྲོ་ཏི་ཤྭ་རི་ཡུམ་ལ་ཕྱག་འཚལ་ལོ༔ ཐུགས་རྗེས་ཐབས་མཁས་མ་རུང་འདུལ་མཛད་ཅིང༔ ཡེ་ཤེས་མཚོན་ཆས་ཉོན་མོངས་མ་ལུས་འཇོམས༔ སྲིད་གསུམ་བླ་མེད་དབྱིངས་སུ་བསྒྲལ་མཛད་པ༔ རིགས་བཞི་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་ལོ༔ ཁྲག་འཐུང་སོ་སོའི་ཡབ་ཀྱི་སྐུ་ལ་འཁྲིལ༔ ཁྲོ་མོའི་གཟུགས་ཀྱིས་ལོག་ལྟ་ཟིལ་གྱིས་གནོན༔ འགྲོ་རྣམས་ཐུགས་རྗེས་འདྲེན་ཕྱིར་མཛད་པའི་ཡུམ༔ རིགས་བཞི་ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ སྒེག་མོ་ལ་སོགས་འབར་བའི་ཉམས་ལྡན་ཞིང༔ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས༔ ཀོའུ་རི་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་ལོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༔ འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ མ་སྲིང་བྱམས་པའི་ཚུལ་དུ་གྲོགས་མཛད་མ༔ སེངྷ་ཕྲ་མེན་བརྒྱད་ལ་ཕྱག་འཚལ་ལོ༔ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔ འགུགས་དང་འཆིང་སྡོམ་མྱོས་པའི་ལས་ཀུན་མཛད༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུང༔ སྒོ་སྲུང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ༔ དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི༔ མཁའ་འགྲོ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ སྲིན་མོའི་ཆ་ལུགས་འཇིགས་པའི་མགོ་བརྙན་ཅན༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ ཡེ་ཤེས་བསྐལ་པའི་མེ་དཔུང་འབར་བའི་ཀློང༔ མི་དགེ་ཚར་གཅོད་དགེ་བཅུའི་དོན་དུ་བསྐུལ༔ ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་འདི་དག་གི༔ མཚན་ནི་ལན་གཅིག་བརྗོད་བྱེད་ཅིང༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆག་བསྐང་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ དུས་གསུམ་སངས་རྒྱས་ཡོན་ཏན་ཀུན་རྫོགས་ཤིང༔ གདུལ་བྱ་མ་ལུས་སྨིན་ཅིང་གྲོལ་མཛད་པའི༔ བླ་མ་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ སྐྱེ་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་རྒྱལ་བ་ཀུན་གྱིས་སྒྲུབ་པའི་གནས༔ ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ འབྱུང་བ་ལྔ་ལས་སྐུར་བཞེངས་པའི༔ རྟག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ༔ རང་བཞིན་དབྱིངས་ལས་གྲུབ་པ་མོ༔ དབྱིངས་ཕྱུག་ལྷ་མོ་ལྔ་ལ་ཕྱག་འཚལ་ལོ༔ རྒྱུ་འབྲས་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ༔ མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ༔ ག་ན་པ་ཏིའི་སྤྲུལ་པ་སྟེ༔ གིང་ཕོ་རྣམས་ལ་ཕྱག་འཚལ་ལོ༔ ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ༔ གིང་མོ་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་ཁམས་ལ་མངའ་མཛད་མ༔ འཇིགས་བྱེད་དཔལ་འབར་རལ་པ་ཅན༔ འདོད་པའི་རོ་ལ་ཆགས་པ་མོ༔ མ་མོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཨ་ལ་ལ་ཧོ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཡང་སྙིང་ཡི་གེ་བརྒྱ་པ་འདི༔ བདུན་ནམ་ཉི་ཤུ་རྩ་གཅིག་གམ༔ བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང༔ ཉམས་ཆག་ཀུན་ཀྱང་བྱང་གྱུར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྲས་ཀྱི་དམ་པར་དགོངས་པར་འགྱུར༔ ཧོ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དགོངས༔ རྒྱལ་བའི་བཀའ་དང་བླ་མའི་ལུང༔ ཇི་བཞིན་མ་སྤྱད་ལུང་དང་འགལ༔ གསང་སྔགས་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་ནི༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ བླ་མ་རྡོ་རྗེ་སློབ་དཔོན་དང༔ མཆེད་དང་ལྕམ་དྲལ་ལ་སོགས་པ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ མི་དགེ་བཅུ་ཡི་ལས་བགྱིས་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ གསང་སྔགས་ཕྱི་ནང་དཀྱིལ་འཁོར་དུ༔ རྡོ་རྗེ་ཐེག་པའི་དམ་བླངས་ནས༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་ལ༔ མ་གུས་བརྙས་པར་བྱས་པ་སོགས༔ སྐུ་ཡི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ བསྐྱེད་རྫོགས་བཟླས་སྒོམ་བར་ཆོད་ཅིང༔ ཚོགས་དང་གཏོར་མ་ཆག་ལ་སོགས༔ གསུང་གི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ ཉམས་དང་མ་སྨིན་སེམས་ཅན་ལ༔ གསང་བ་བསྒྲགས་པ་ལ་སོགས་པ༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ སྤྱད་བྱ་ལྔ་དང་མི་སྤང་ལྔ༔ བླང་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ ཤེས་པར་བྱ་བ་ལྔ་ལ་སོགས༔ ཡན་ལག་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ ཉ་སྟོང་ཚེས་བརྒྱད་ལ་སོགས་དུས་ཀྱི་མཆོད་པ་ཆག༔ བསྙེན་སྒྲུབ་ཏིང་འཛིན་མ་གསལ་ལྟ་བ་ལོག༔ ཕུད་ལ་གཙང་སྦྲ་མ་བགྱིས་འབགས་གཙོག་ཤོར༔ ལེ་ལོ་སེར་སྣའི་དབང་དུ་གྱུར་པ་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ འདི་ནས་བཟུང་སྟེ་བྱང་ཆུབ་མཆིས་ཀྱི་བར༔ སྡིག་པ་མི་དགེའི་ལས་སུ་གྱུར་པ་ཀུན༔ ལུས་དང་སྲོག་ལ་བབ་ཀྱང་མི་བགྱིད་པའི༔ རྒྱལ་བ་ཁྱེད་ཀྱི་སྤྱན་སྔར་དམ་བཅའོ༔ ཁྱེད་ཀྱང་ཐུགས་རྗེས་བཏང་སྙོམས་མ་མཛད་པར༔ བྱམས་བརྩེ་ལྡན་པས་བུ་བཞིན་བསྐྱང་དུ་གསོལ༔ དེ་ལྟར་མཐོལ་ཞིང་བཤགས་པ་ཡིས༔ བདག་ཅག་གསང་སྔགས་སྒོར་ཞུགས་རྣམས༔ རྩ་བ་ཡན་ལག་དམ་ཚིག་གི༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་ལ་སོགས་ཏེ༔ དངོས་གྲུབ་ཐམས་ཅད་ཐོབ་གྱུར་ཅིག༔ ཏ་ན་ག་ཎའི་ལྟ་སྤྱོད་དབང༔ སེམས་ཀྱི་རྟོགས་པ་ཐོབ་གྱུར་ཅིག༔ དེ་ལྟ་བུ་ཡི་འགྱོད་ཚངས་ཀྱིས༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ ལུས་ངག་ཡིད་གསུམ་སྒྲིབ་བྱང་ནས༔ ན་རཀ་གནས་ཀྱང་དོང་སྤྲུགས་ཏེ༔ འགྲོ་དྲུག་གནས་ནས་ཐར་གྱུར་ཅིག༔ ལམ་ལྔ་ས་བཅུའི་རིམ་པ་རྣམས༔ སྐད་ཅིག་ཉིད་ལ་བགྲོད་གྱུར་ཅིག༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ སངས་རྒྱས་སྐུ་གསུམ་འཐོབ་པར་ཤོག༔ དེ་ལས་བྱུང་བའི་དགེ་བ་ཡིས༔ གསང་སྔགས་རྡོ་རྗེ་ཐེག་པ་རྣམས༔ བཀའ་བཙན་བྱིན་ཆེ་དར་གྱུར་ཅིག༔ གསང་སྔགས་འདི་བསྒྲགས་རྒྱལ་ཁམས་སུ༔ མི་ནད་ཕྱུགས་ནད་ཞི་གྱུར་ཅིག༔ མི་དར་ལོ་ཕྱུགས་ལེགས་གྱུར་ཅིག༔ འགྲོ་ཀུན་དགེ་བཅུ་སྤྱོད་གྱུར་ཅིག༔ ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག༔ ཅེས་གསུངས་སོ༔ རྣལ་འབྱོར་གྱི་སྤྱི་ཁྲུས་ན་རཀ་དོང་སྤྲུགས་འགྱོད་ཚངས་ཀྱི་རྒྱལ་པོ༔ སློབ་དཔོན་པདྨས་ཇོ་མོ་མཚོ་རྒྱལ་ལ་ཐུགས་དམ་ནར་མར་གདམས་པའོ༔ གསང་སྔགས་འདི་ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང་མཚམས་མེད་པ་ལྔ་ཡང་དུང་ཕྱིས་པ་ལྟར་འགྱུར་རོ་ཞེས༔ དགོངས་འདུས་ཀློང་ཆེན་རྒྱུད་ནས་གསུངས་སོ༔ དེ་བས་འདི་ལ་ཡི་དམ་བྱེད་པ་གལ་ཆེ༔ སྤྲུལ་སྐུ་ཉང་གི་གཏེར་མའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

འགྲོ་དོན་མཁའ་ཁྱབ་མ།

༄༅། །ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ་ཞེས་བྱ་བ་བཞུགས་སོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། བདག་སོགས་མཁའ་ཁྱབ་སེམས་ཅན་གྱི། །སྤྱི་གཙུག་པད་དཀར་ཟླ་བའི་སྟེང་། །ཧྲཱིཿ ལས་འཕགས་མཆོག་སྤྱན་རས་གཟིགས། །དཀར་གསལ་འོད་ཟེར་ལྔ་ལྡན་འཕྲོ། །འཛུམ་ལྡན་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད། །འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །རི་དྭགས་ལྤགས་པའི་སྟོད་གཡོགས་གསོལ། །འོད་དཔག་མེད་པའི་དབུ་རྒྱན་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དྲི་མེད་ཟླ་བར་རྒྱབ་བརྟེན་པ། །སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་བར་བསམ་ལ། ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཅེས་གསུམ་བདུན་སོགས་ཅི་ནུས་བརྗོད། དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །འཕགས་པའི་སྐུ་ལས་འོད་ཟེར་འཕྲོས། །མ་དག་ལས་སྣང་འཁྲུལ་ཤེས་སྦྱངས། །ཕྱི་སྣོད་བདེ་བ་ཅན་གྱི་ཞིང་། །ནང་བཅུད་སྐྱེ་འགྲོའི་ལུས་ངག་སེམས། །སྤྱན་རས་གཟིགས་དབང་སྐུ་གསུང་ཐུགས། །སྣང་གྲགས་རིགས་སྟོང་དབྱེར་མེད་གྱུར། །ཅེས་པའི་དོན་སྒོམ་བཞིན་དུ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཅི་འགྲུབ་བཟླ། མཐར་འཁོར་གསུམ་མི་རྟོགས་པའི་རང་ངོར་མཉམ་པར་བཞག།བདག་གཞན་ལུས་སྣང་འཕགས་པའི་སྐུ། །སྒྲ་གྲགས་ཡི་གེ་དྲུག་པའི་དབྱངས། །དྲན་རྟོག་ཡེ་ཤེས་ཆེན་པོའི་ཀློང་། །དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ་ཞེས་བྱ་བ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསུང་བྱིན་རླབས་ཅན་ནོ། །

མྱུར་ལམ་སངས་རྒྱས་ཀྱི་མཚན་བརྗོད།

༄༅། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ་བའི་མྱུར་ལམ་སངས་རྒྱས་ཀྱི་མཚན་བརྗོད་པ་བཞུགས་སོ། །བཀའ་གསང་ཟབ་ཆོས་མཁའ་ཁྱབ་རང་གྲོལ་ལས་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ་བའི་མྱུར་ལམ་སངས་རྒྱས་ཀྱི་མཚན་བརྗོད་པ་ཞེས་བྱ་བའི་རིམ་པ་ནིཿ མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྒྱུད་པ་དགུ་ལྡན་གྱི་བླ་མ་རྣམས་དང་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་ལྷ་ཚོགས་རྣམས་དང་མ་རྒྱུད་མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོཿ འདི་ལན་གཅིག་བརྗོད་པའི་ཕན་ཡོན་གཟུགས་ཅན་དུ་གྱུར་ན་ནམ་མཁའི་ཁམས་སུ་མི་ཤོང་ངོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དང་གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ་དང་འཁོར་བ་འཇིག་དང་གསེར་ཐུབ་དང་འོད་སྲུང་དང་ཤཱཀྱ་ཐུབ་པ་ལ་སོགས་ཏེ་བསྐལ་བཟང་སངས་རྒྱས་སྟོང་གི་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོཿ འདི་ལན་གཅིག་བརྗོད་པས་སངས་རྒྱས་དེ་རྣམས་ཀྱི་ཐུགས་དང་དབྱེར་མེད་པ་དང་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཀློག་པ་དང་མཉམ་པར་འགྱུརརོཿ དེ་བཞིན་གཤེགས་པ་རྣམ་པར་བརྩེགས་པ་བྱེ་བ་ཕྲག་བརྒྱའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་རྣམས་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཀློག་པ་དང་མཉམ་མོཿ དེ་བཞིན་གཤེགས་པ་མངོན་རྫོགས་སྟོན་པ་བཅུ་གཉིས་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་བསྐལ་པ་ཆིག་ཁྲི་དང་ཉིས་ཁྲི་དང་སུམ་ཁྲི་དང་བཞི་ཁྲི་དང་ལྔ་ཁྲི་དང་དྲུག་ཁྲི་དང་བདུན་ཁྲི་དང་བརྒྱད་ཁྲི་དང་དགུ་ཁྲི་དང་འབུམ་ཕྲག་དང་ཁྲི་ཕྲག་བཅུ་གཅིག་དང་ཁྲི་ཕྲག་བཅུ་གཉིས་ཀྱི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་ཏེང་ངེ་འཛིན་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་བསྐལ་པ་བདུན་ཁྲིའི་བར་དུ་འགྲོ་ཀུན་མུན་པ་སེལ་བའི་སྣང་བྱེད་དུ་འགྱུར་རོཿ བདེ་བར་གཤེགས་པ་ཡན་ལག་བླ་མ་དང་ཉི་འོད་དང་ཏ་ལའི་རྒྱལ་པོ་མངོན་པར་འཕགས་པའི་དཔལ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་སེམས་ཅན་གྱི་ཡན་ལག་བཅད་པ་དང་སྲོག་བཅད་པ་དང་ཤ་ཟོས་པའི་སྒྲིབ་པ་འདག་གོཿ བདེ་བར་གཤེགས་པ་སྣང་བའི་དཔལ་དང་དྲི་མེད་མཐའ་ཡས་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་ཚེ་རབས་ནས་མ་བྱིན་པ་བླངས་པའི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་ཟླ་འོད་དང་ཟླ་ལྟར་དཀར་དང་གཟི་བརྗིད་ངེས་པར་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་བསྒྲོད་བྱ་དུ་མ་ཞིག་དང་འགྲོགས་ཏེ་མི་ཚངས་པར་སྤྱོད་ཀྱང་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་བདེ་བ་ཐོབ་དང་དྲི་མ་མེད་པའི་འོད་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་འདོད་ཆགས་དབང་གིས་སྡོམ་པ་ཉམས་པའི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་རྣམ་པར་རྒྱལ་དང་རྣམ་པར་རྒྱལ་བའི་དབྱངས་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་མི་དགེ་བ་བཅུའི་ལས་བགྱིས་པའི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་མ་དང་རྣམ་པར་རྒྱལ་བའི་མངའ་དང་རིན་ཆེན་ཟླ་འོད་སྐྱབས་གནས་དམ་པ་རྔ་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་ལྕི་བ་བཞིའི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་འོད་དཔག་མེད་སྣང་བ་དང་ཀུན་ཏུ་སྤོས་དང་སྤོས་ཀྱི་རྒྱལ་པོ་དང་མེ་ཏོག་ལ་དབང་བའི་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་ཚུལ་ཁྲིམས་མ་བསྲུངས་པ་དང་འདུལ་ཁྲིམས་ལ་ལྷད་ཞུགས་པ་དང་བྱང་ཆུབ་ཀྱི་སེམས་ཉམས་པ་དང་ཚུལ་ཁྲིམས་འཆལ་བའི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་ཚངས་པའི་དབང་ཕྱུག་གི་རྒྱལ་པོ་དང་སྤོས་འོད་བཏང་དང་རིན་ཆེན་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་ཕྱོགས་བཅུའི་དགེ་འདུན་གྱི་དཀོར་འཕྲོག་ཅིང་ཟོས་པ་དང་དགེ་འདུན་སྨད་པའི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་གསེར་འོད་དམ་པ་དང་གསེར་ལྟར་སྣང་བ་དང་འོད་ཆེན་པོ་ཚད་མེད་པ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་གསུང་རབ་ཀྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་དགེ་བ་བཅུའི་དཀོར་ཟོས་པའི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་དྲི་མེད་འོད་གསལ་རྒྱལ་དང་མེ་འོད་དང་སྤོས་ཀྱི་དཔལ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་སྤོས་ཀྱི་དཀོར་དང་བླ་མའི་དཀོར་དང་གསང་སྔགས་ཀྱི་དཀོར་ཟོས་པའི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་བའི་མཛོད་དང་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་ཁལ་རྟ་ཞོན་པའི་སྒྲིབ་པ་འདག་པ་དངཿ བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་འགྱུར་རོཿ དེ་བཞིན་གཤེགས་པ་རིན་ཆེན་འབྱུང་དང་མེ་ཏོག་གི་བཀོད་པ་སྣང་བར་མཛད་པ་ཞེས་བྱ་བ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་བསྐལ་བ་འབུམ་ཕྲག་བསམ་མི་ཁྱབ་ལ་བྱང་ཆུབ་ཀྱི་སེམས་གནས་པ་དངཿ བྱང་ཆུབ་སྒྲུབ་པ་ལ་བར་ཆད་མེད་པར་འགྱུར་རོཿ དེ་བཞིན་གཤེགས་པ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་གསང་སྔགས་ཀྱི་དམ་ཚིག་ཉམས་པའི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་མཐུ་ཆེན་བརྩོན་འགྲུས་ཀྱི་ངེས་པར་འབྱུང་བ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་མདོ་སྡེ་ཀློག་པ་དང་མཉམ་མོཿ དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་བ་བརྟན་པ་ཞི་བ་དུལ་བ་ཕ་རོལ་གྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་སྡེ་སྣོད་གསུམ་ཀློག་པ་དང་མཉམ་མོཿ དེ་བཞིན་གཤེགས་པ་རི་རབ་རྣམ་པར་གནོན་པ་དང་རིན་ཆེན་སྣང་བའི་མཆོད་རྟེན་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་དུག་ལྔས་ནོན་པའི་སྒྲིབ་པ་འདག་པ་དངཿ སྐྱེ་བ་ཐམས་ཅད་དུ་སངས་རྒྱས་རྣམས་དང་མི་འབྲལ་བའོཿ དེ་བཞིན་གཤེགས་པ་སྙིང་པོ་ཟིལ་གྱིས་གནོན་པ་དང་རིན་པོ་ཆེའི་གདུགས་དམ་པ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་བསྐལ་པ་མངོན་བྱང་གི་བར་དུ་རྒྱལ་བའི་ཐུགས་རྗེས་ཟིན་པར་འགྱུར་རོཿ དེ་བཞིན་གཤེགས་པ་འཆི་མེད་ཚེ་དཔག་མེད་མགོན་ཚེའི་བུམ་པ་འཛིན་པ་རྣམས་དང་མ་ཆགས་པདྨའི་སྤྱན་ཅན་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་འཆི་བ་ལས་ཐར་བ་དངཿ སུམ་ཅུ་རྩ་གསུམ་གྱི་གནས་སུ་སྐྱེ་བར་འགྱུར་རོཿ དེ་བཞིན་གཤེགས་པ་རིན་ཆེན་མེ་ཏོག་ཀུན་ཏུ་སྣང་བའི་དཔལ་དང་སེང་གེའི་དབྱངས་དང་རྣམ་པར་འཕྲུལ་པའི་དཔལ་དང་གླང་པོ་དམ་པའི་དཔལ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་བསྐལ་བ་ཁྲག་ཁྲིག་གམ་གྲངས་མེད་བརྗོད་དུ་མེད་པའི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་གདུགས་དམ་པའི་དཔལ་དང་པདྨའི་དཔལ་དང་དགའ་བའི་དཔལ་དང་རིན་ཆེན་དམ་པ་ལ་ཕྱག་འཚལ་ལོཿ འདི་ལན་གཅིག་བརྗོད་པས་བསྐལ་པ་འབུམ་ཕྲག་འབུམ་ཕྲག་གམ་མང་པོ་གྲངས་མེད་པའི་སྒྲིབ་པ་འདག་གོཿ དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོཿ ཞེས་བརྗོད་ན་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ་བའོཿ དེ་བཞིན་གཤེགས་པ་ཆོས་ཐམས་ཅདཀྱི་ཚུལ་ལས་རྣམ་པར་འཕྲུལ་པ་ངེས་པར་སེལ་བ་གཟི་བརྗིད་འབྱུང་པའི་རྒྱལ་པོ་ལ་ཕྱག་འཚལ་ལོཿ ཞེས་བརྗོད་ན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱའོཿ དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་ལ་ཕྱག་འཚལ་ལོཿ ཞེས་བརྗོད་ན་མྱུར་ཏུ་འཚང་རྒྱའོཿ དེ་བཞིན་གཤེགས་པ་ཏིང་ངེ་འཛིན་རྣམ་པར་མནོན་པའི་དཔལ་དང་དང་པོའི་སེམས་བསྐྱེད་ཐེ་ཚོམ་གཅོད་མཛད་དང་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོཿ ཞེས་བརྗོད་ན་སངས་རྒྱས་ཀྱི་ས་མ་ཐོབ་བར་དུ་སྡིག་སྒྲིབ་འདག་ཅིང་ངན་སོང་གསུམ་གྱི་སྐྱེ་སྒོ་ཆོད་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དངཿ མི་འཁྲུགས་པའི་ཞིང་དུ་པད་མོ་ལས་བརྫུས་ཏེ་སྐྱེ་བ་ལེན་པའོཿ དེ་བཞིན་གཤེགས་པ་མགོན་པོ་འོད་དཔག་མེད་དང་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་དང་རབ་ཏུ་བསྟན་པའི་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་ལ་ཕྱལ་འཚལ་ལོཿ འདི་ལན་གཅིག་བརྗོད་པས་ད་ནས་བཟུང་སྟེ་བསྐལ་པ་དུང་ཕྱུར་དྲུག་གམ་བྱེ་བ་ཕྲག་འབུམ་ཕྲག་དགུ་བཅུ་རྩ་དྲུག་གཉིས་ཀྱི་བར་དུཿ ཡང་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དུ་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཐེ་ཚོམ་མེད་དོཿ སྩོལ་མེད་ལམ་གྱི་ཆེ་བས་ཚེ་གཅིག་གིསཿ ཟག་བཅས་འོད་དུ་ཡལ་དང་ལྷུན་གྲུབ་ཀྱིཿ རིག་རྩལ་ཡི་གེ་རོལ་པར་ཤར་བ་འདིཿ པདྨ་བདུད་འདུལ་ཆོས་སྐུའི་རིངས་བསྲེལ་ཡིནཿ

རང་སྲུང་རྡོ་རྗེའི་གོ་ཁྲབ།

༈ གཏེར་ཁ་སུམ་ཚོགས་མན་ངག་ནི། སྟོང་པའི་ངང་ལས་སྐད་ཅིག་གིས། །ལྕགས་ཀྱི་ཕག་རྒོད་མགོ་དགུ་པ། །ངར་ངར་ངུར་ངུར་འཇིགས་པའི་སྒྲས། །ཀླུ་གཉན་ས་བདག་དཔའ་བཀོང་ཞིང་། །བུ་ག་དགུ་ནས་མེ་ཆེན་གྱིས། །ནད་དང་ནད་བདག་གཞོབ་ཏུ་བསྲེགས། །རྡོ་རྗེའི་སོ་དང་ལྕེ་རྣོན་པོས། །སྲིད་པ་གསུམ་པོ་རྔུབས་སུ་ཟ། །རྨིག་བཞིས་རི་དང་རྒྱ་མཚོ་བརླག །དཔའ་རྔམས་ཕག་རྒོད་འཇིགས་པའི་སྟེང་། །རང་ཉིད་གུ་རུ་དྲག་པོ་ནི། །མཐིང་ནག་སྟོང་ཟིལ་ཆག་པའི་མདོག །སྒེག་དཔའ་འཇིགས་རུང་ཁྲོས་པའི་སྐུ། །དར་དང་རུས་པའི་རྒྱན་དང་ལྡན། གཡས་པས་གནམ་ལྕགས་རྡོ་རྗེ་གདེང་། །གཡོན་པས་ལྕགས་ཀྱི་ཕུར་པ་འདྲིལ། །སྐུ་དབུས་རོ་རྐྱང་དབུ་མའི་ནང་། །རྒྱལ་སྲས་རིགས་གསུམ་མགོན་པོ་གསལ། །རྩ་གསུམ་ཁ་ནས་སྤྲུལ་པའི་ཁྱུང་། །དཀར་དམར་མཐིང་གའི་རྣམ་པར་བསམ། །སྤྱི་གཙུག་ཁྱུང་ཆེན་འབར་བ་ལྡིང་། །ཡང་སྤྲུལ་བྱེ་བ་གྲངས་མེད་པོས། །སྲིད་པ་གསུམ་པོ་ཁྱབ་པར་འགེངས། །མཆུ་སྡེར་རིང་ལ་ཕྲ་བ་ཡིས། །གནོད་བྱེད་སྙིང་ལ་ཟ་བར་བྱེད། །རྗེས་སུ་ཅེ་སྤྱང་མང་པོ་ཡིས། །སྡེ་བརྒྱད་སྡོང་ཟླ་ཐལ་བར་བརླག །ཨོཾ་པདྨ་ཤ་ཝ་རི་ཕཊཿ ནན་པར་ཤིགཿ ནཱ་ག་ནན༔ ཏདྱ་ཐ༔ སརྦ་བི་རི་ཏཿཧ་ན་ཧ་ན་བཛྲ་ན་རཀྵ་རཀྵ་སྭཱ་ཧཱ། སྔགས་དམིགས་བཟླས་པ་ཕུན་ཚོགས་ན། །རང་སྲུང་རྡོ་རྗེའི་གོ་ཁྲབ་ཡིན། །ཕ་རོལ་མིམཐུན་ཕྱོགས་འཇོམས་པའི། །གནམ་ལྕགས་འབར་བའི་འཁོར་ལོ་ཡིན། །རིག་འཛིན་བརྒྱུད་པའི་སྐུ་སྲུང་ཡིན། །དེ་ཕྱིར་སྙིང་གི་ཐིག་ལེ་དང་། །དབྱེར་མེད་གཅིག་ཏུ་མི་བསྲེ་རྒྱུ། ས་མ་ཡཱཿ པདྨ་ལས་འབྲེལ་རྩལ་གྱིས་སྤེལ་བའོ། །

གུ་དྲག་གསང་སྒྲུབ།

༈ གུ་རུ་དྲག་པོའི་གསང་སྒྲུབ་བཞུགས་སོ། སྐྱབས་འགྲོ་ནི། ན་མོཿབདག་དང་མཐའ་ཡས་སེམས་ཅན་རྣམས༔ དབང་དྲག་པདྨར་སྐྱབས་སུ་མཆི༔ ངན་སོང་སྡུག་བསྔལ་གཞོམ་དུ་གསོལ༔ འཁོར་བའི་འཁྲུལ་འཁོར་བཟློག་ཏུ་གསོལ༔ སེམས་བསྐྱེད་ནི། མར་གྱུར་འགྲོ་བ་མཐའ་དག་ཀུན༔ དྲག་པོའི་གོ་འཕང་ཐོབ་བྱའི་ཕྱིར༔ བདག་ཉིད་དྲག་པོའི་སྒོར་ཞུགས་ནས༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ གྲུ་གསུམ་དམར་ནག་ཆོས་ཀྱི་འབྱུང་གནས་དབུས༔ དྲེགས་པ་རྒྱལ་བསྲེན་བསྣོལ་བའི་གདན་སྟེང་དུ༔ རང་ཉིད་རིག་རྩལ་སྐད་ཅིག་དྲན་རྫོགས་སུ༔ ཧཱུྃ་ཡིག་དམར་ནག་ཚྭ་ཚྭ་འཕྲོས་པ་ལས༔ གཏུམ་དྲག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ནམ་མཁའི་དབྱིངས་སུ་ཕྱར༔ ལྷ་སྲིན་སྡེ་བརྒྱད་མ་ལུས་ཟིལ་གྱིས་གནོན༔ གཡོན་པས་ལྕགས་སྡིག་ནག་པོ་ཕོ་ཉར་འགྱེད༔ ཚ་ཚ་སྐར་ལྟར་འཁྲུགས་ཤིང་རྒྱལ་བསེན་གཟིར༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨིན་མ་ཨག་ཚོམ་མེ་འབར་ཁྲོ་གཉེར་བསྡུས༔ སྤྱན་གསུམ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ གླང་ཆེན་སྟོད་གཡོགས་ཞིང་ལྤགས་སྐེད་དུ་དཀྲིས༔ ག་ལྤགས་ཤམ་ཐབས་གདུག་པ་སྦྲུལ་གྱིས་བརྒྱན༔ གཡས་བསྐུམ་གཡོན་བརྐྱང་རོལ་པས་དྲེགས་པ་བརྫིས༔ བདེ་ཆེན་འཁོར་ལོ་འཇམ་དཔལ་གཤིན་རྗེ་གཤེད༔ ལོངས་སྤྱོད་འཁོར་ལོ་དབང་ཆེན་རྟ་མགྲིན་རྒྱལ༔ ཆོས་ཀྱི་འཁོར་ལོ་ཐུགས་མཆོག་གསང་བའི་བདག༔ སྤྲུལ་པའི་འཁོར་ལོ་མཁའ་འགྲོ་སྡེ་ལྔར་ཤར༔ བདེ་སྐྱོང་འཁོར་ལོ་ཡཀྴ་མེ་དབལ་དང༔ རྒྱལ་བའི་དཀྱིལ་འཁོར་ཁྲོ་རྒྱལ་སྐུ་ལ་རྫོགས༔ དེ་ལྟར་གསལ་བའི་ཐུགས་ཀར་ཉི་གདན་ལ། ཧཱུྃ་དམར་མཐའ་སྐོར་སྔགས་ཀྱི་ཕྲེང་བས་བསྐོར༔ ཨོཾ་ཨཱཿཧཱུྃཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ སྔགས་ཀྱི་ཕྲེང་བ་འོད་ཟེར་ཚཱ་ཚཱ་ཀུན༔ ཁྲོ་བོའི་རྒྱལ་པོ་ཡཀྴ་མེ་དབལ་ནི༔ རྡོ་རྗེ་ལྕགས་སྡིག་ཕུར་བ་འཛིན་པ་འཕྲོས༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཕྱོགས་མཚམས་སྟེང་འོག་མ་ལུས་ཧཱུྃ་གིས་གང༔ ཧཱུྃ་ཧཱུྃ་ཧཱུྃ་གསང་སྔགས་རྒྱལ་པོ་འབུམ་ཚོ་བཅུ་གཉིས་བཟླ༔ ཨཿཡཿམཿདུཿརུཿཙཿཤཿནཿཕཊཿ འབྲིང་གིས་བདུན་འབུམ་སུས་བཟླས་པ༔ ཁྱི་དཀར་བྱི་བ་འཕྱི་བ་བསད༔ འབག་སེང་བཅོམ་དང་གླང་དམར་བཤས༔ དེ་ལྟར་འགྲུབ་པའི་མཚན་མ་འབྱུང་༔ གསང་བ་ཡང་གསང་ཧཱུྃ་སྒྲུབ་བྱེད༔ རྫོགས་རིམ་དྲག་པོའི་ལྷ་ཁྲིད་བྱ༔ ས་མ་ཡ༔ མ་མོ་ཨེ་ཀ་ཛ་ཊི༔ གཟའ་རཱ་ཧུ་ལ༔ དམ་ཅན་རྡོ་རྗེ་ལེགས་པས་སྲུངས་ཤིག༔ ཅེས་གྲོགས་ཀྱི་མཆོག་གྱུར་པདྨ་མཁའ་སྤྱོད་ཀྱིས་བསྐུལ་ངོར། བདག་འདྲ་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ། །དགེའོ། །

གསོལ་འདེབས་དག་པའི་ཞིང་མཆོག་མ།

༈ ཨོ་རྒྱན་གུ་རུ་རིན་པོ་ཆེའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མའོ༔ ཨེ་མ་ཧོ༔ དག་པའི་ཞིང་མཆོག་ལྷོ་ནུབ་དཔལ་རི་ནས༔ རྒྱལ་བ་ཀུན་འདུས་གུ་རུ་པདྨ་འབྱུང༔ ད་ལྟ་དུས་ངན་སྙིགས་མའི་སྐྱེ་འགྲོ་ལ༔ ཐུགས་རྗེས་གཟིགས་ནས་བདག་ལ་དགོངས་སུ་གསོལ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ༔ རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ལས་ངན་དག་པར་མཛོད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ཕྱོགས་བལྟ་ན་སྡུག་པའི་ཕོ་བྲང་ན༔ སངས་རྒྱས་སྨན་བླ་ཨོ་རྒྱན་རིན་པོ་ཆེ༔ སྨན་བླ་མཆེད་བརྒྱད་རིག་འཛིན་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ནད་རིགས་ཞི་བར་མཛོད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཡེ་ཤེས་མེ་རི་འབར་བའི་ཕོ་བྲང་ན༔ ཆེ་མཆོག་ཧེ་རུ་ཨོ་རྒྱན་རིན་པོ་ཆེ༔ ཡི་དམ་ཁྲོ་བོ་ཁྲོ་མོའི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མཁའ་སྤྱོད་དག་པ་འོད་ལྔའི་ཕོ་བྲང་ན༔ མཁའ་འགྲོའི་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔ ཡེ་ཤེས་འཇིག་རྟེན་ཌཱཀྐིའི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དགྲ་བགེགས་གདུག་པ་བསྣོལ་བའི་ཁྲི་སྟེང་ན༔ ཆོས་སྐྱོང་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་དུས་ཀྱི་གཡོ་འཁྲུགས་ཟློག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མི་འགྱུར་རིན་ཆེན་གཏེར་གྱི་ཕོ་བྲང་ན༔ དངོས་གྲུབ་འབྱུང་གནས་ཨོ་རྒྱན་རིན་པོ་ཆེ༔ ནོར་ལྷ་གཏེར་བདག་རྣམས་ཀྱི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་དངོས་གྲུབ་ཆར་ལྟར་ཕོབ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱི་རློབས༔ ཁ་བའི་ཡུལ་ལྗོངས་བོད་ཀྱི་ཞིང་ཁམས་ན༔ ལྷ་སྲིན་དམ་བཏགས་ཨོ་རྒྱན་རིན་པོ་ཆེ༔ བཀའ་སྲུང་སྡེ་བརྒྱད་གཞི་བདག་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་མཐའ་ཡི་དམག་དཔུང་ཟློག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདེ་ཆེན་པདྨ་འོད་འབར་ཕོ་བྲང་ན༔ འོད་དཔག་མེད་མགོན་ཨོ་རྒྱན་རིན་པོ་ཆེ༔ ཕྱོགས་བཅུའི་སངས་རྒྱས་སྲས་བཅས་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་པདྨ་འོད་དུ་དྲོངས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྟེང་ནས་ཉི་ཟླ་གཟའ་སྐར་ཆོ་འཕྲུལ་ཟློག༔ འོག་ནས་ས་བདག་ཀླུ་གཉན་གདུག་རྩུབ་ཟློག༔ བར་ནས་བཙན་དང་མ་མོའི་གནོད་པ་ཟློག༔ འབྱུང་བ་བཞི་ཡི་ནད་རིགས་ཐམས་ཅད་ཁ་ཐིམ༔ ཕྱོགས་བཞི་མཚམས་བརྒྱད་ཀྱི་མཐའ་ཡི་དམག་དཔུང་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་བཟློག་བཟློག༔ མ་འོངས་འགྲོ་བ་སྐྱ་སེར་ཐམས་ཅད་ཀྱིས༔ བསོལ་འདེབས་འདི་ལ་རྟག་ཏུ་བརྩོན་གྱུར་ན༔ ནད་གདོན་དུས་མིན་འཆི་བའི་ཀེག་ལས་ཐར༔ གཟུགས་ཅན་གཟུགས་མེད་གདོན་བགེགས་བར་ཆད་ཞི༔ ཕྱི་མ་ཨོ་རྒྱན་ང་ཡི་ཐུགས་རྗེས་བཟུང༔ འདི་ལ་ཐེ་ཚོམ་ཡིད་གཉིས་མ་ཟ་ཞིག༔ པདྨ་ང་ཡི་སྙིང་གཏམ་ཡིན་པར་ངེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འཇིགས་མེད་ནུས་ལྡན་རྡོ་རྗེས་གཏམ་རྒྱལ་རྡོ་ཐི་གངས་དཀར་གྱི་བསེའུ་འོ་མའི་མཚོ་ནང་ནས་གདན་དྲངས་པའོ། །

ཚེ་སྒྲུབ་བདུད་རྩི་བུམ་བཅུད།

༄༅། །ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད་བཞུགས་སོ༔ འཆི་མེད་རིག་འཛིན་སྐུ་ལ་འདུད༔ ཚེ་སྒྲུབ་བདུད་རྩི་བུམ་བཅུད་བསྟན༔ དབེན་པའི་གནས་སུ་སྟེགས་བུའི་ཁར༔ རྡུལ་ཚོན་རས་ཚོམ་སྐབས་སྦྱར་གྱི༔ དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁར༔ ཚེ་བུམ་དབུས་ལ་ཚེ་རིལ་གཡས༔ ཚེ་མདའ་རྒྱབ་ལ་ཚེ་ཆང་གཡོན༔ ཚེ་གཏོར་མདུན་བཤམས་མཆོད་པས་བསྐོར༔ བདག་དང་སྒྲུབ་རྟེན་དབྱེར་མེད་དུ༔ རིག་འཛིན་འདུས་པའི་ལས་གཞུང་བསྲང་༔ བསྟོད་པའི་མཇུག་ཏུ་འཛབ་ཁང་དབྱེ༔ ཧྲཱི༔ ཚེ་དབང་རིག་འཛིན་པདྨ་འབྱུང་༔ སྣང་སྲིད་ཟིལ་གནོན་ཐུགས་ཀ་རུ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་ལོངས་སྐུ་ཡུམ་དང་སྦྱོར༔ པདྨ་རཱ་གའི་བུམ་པ་འཛིན༔ ཐུགས་ཀར་ཉི་ཟླའི་གྭ་འུའི་ནང་༔ སྲོག་གི་སྙིང་པོ་ཡི་གེ་ཧྲཱི༔ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་འཕྲོས་པས་བརྟན་གཡོའི་བཅུད༔ རྒྱལ་བ་རིག་འཛིན་དྲང་སྲོང་གི༔ ཚེ་བཅུད་བསྡུས་ལ་བཅུད་དུ་དྲིལ༔ བ་སྤུའི་བུ་ག་ཚུན་ཆོད་ཀྱང་༔ ཚེ་དཔག་མེད་པས་ཐིམ་གྱིས་གང་༔ ཀུན་ཀྱང་བུང་བ་ཚང་ཞིག་ལྟར༔ ཧྲིཿསྒྲ་འཇམ་ལ་སྙན་པར་སྒྲོགས༔ འཆི་མེད་རིག་འཛིན་འགྲུབ་པར་འགྱུར༔ ངག་ཏུ་བརྗོད་ཅིང་ཡིད་ལ་བསམ༔ འཇམ་རླུང་བུམ་པ་ཅན་དང་སྦྲགས༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུ་ཛྙཱ་ན་མ་ཧཱ་པུཎྱེ་ཚེ་བྷྲཱུཾ་ནྲི་ཛཿསརྦ་སིདྡྷི་ཧཱུྃ༔ ཐུན་མཚམས་རིག་འཛིན་ཚེ་འགུགས་ནི༔ མདའ་དར་ཚད་བཞག་གདུང་ཤུགས་བསྐྱེད༔ ཨོཾ༔ རང་སྣང་ཟངས་མདོག་དཔལ་གྱི་རི༔ ལྔ་ལྡན་རང་བྱུང་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ འཇའ་ལུས་རིག་འཛིན་ཚོགས་དང་བཅས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ འཆི་མེད་ནམ་མཁའི་བཅུད་བསྡུས་ལ༔ རྣམ་ཤེས་ཁམས་ནས་ཡར་བའི་ཚེ༔ དབྱིངས་ཕྱུག་རིག་པའི་ཀློང་དུ་བསྐྱིལ༔ འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད༔ ཧཱུྃ༔ ཤར་ནས་རིག་འཛིན་ཧཱུྃ་ཀཱ་ར༔ ཡང་དག་ཐུགས་ཀྱི་ཀློང་ནས་བཞེངས༔ འབྱུང་བ་ཆུ་ཡི་བཅུད་བསྡུས་ལ༔ ཁྲག་གི་ཁམས་ནས་ཡར་བའི་ཚེ༔ མཱ་མ་ཀཱི་ཡི་ཀློང་དུ་བསྐྱིལ༔ འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད༔ ཏྲཱཾ༔ ལྷོ་ནས་རིག་འཛིན་མཉྫུ་ཤྲཱི༔ འཇམ་དཔལ་སྐུ་ཡི་ཀློང་ནས་བཞེངས༔ འབྱུང་བ་ས་ཡི་བཅུད་བསྡུས་ལ༔ ཤ་ཡི་ཁམས་ནས་ཡར་བའི་ཚེ༔ སངས་རྒྱས་སྤྱན་མའི་ཀློང་དུ་བསྐྱིལ༔ འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད༔ ཧྲཱི༔ ནུབ་ནས་རིག་འཛིན་ནཱ་ག་ཛུ༔ པདྨ་གསུང་གི་ཀློང་ནས་བཞེངས༔ འབྱུང་བ་མེ་ཡི་བཅུད་བསྡུས་ལ༔ དྲོད་ཀྱི་ཁམས་ནས་ཡར་བའི་ཚེ༔ གོས་དཀར་མོ་ཡི་ཀློང་དུ་བསྐྱིལ༔ འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད༔ ཨཱ༔ བྱང་ནས་རིག་འཛིན་པྲ་བྷ་ཧ༔ ཕྲིན་ལས་ཕུར་པའི་ཀློང་ནས་བཞེངས༔ འབྱུང་བ་རླུང་གི་བཅུད་བསྡུས་ལ༔ དབུགས་ཀྱི་ཁམས་ནས་ཡར་བའི་ཚེ༔ དམ་ཚིག་སྒྲོལ་མའི་ཀློང་དུ་བསྐྱིལ༔ འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད༔ ཛ༔ ཤར་ལྷོ་རིག་འཛིན་དྷ་ན་སཾ༔ རྦོད་གཏོང་ཟིལ་གནོན་བརྟུལ་ཞུགས་བསྐྱེད༔ ཀློང་གྱུར་ཡེ་ཤེས་ལྕགས་ཀྱུ་ཡིས༔ འཁྱམས་དང་ཡར་བའི་བླ་ཚེ་ཁུག༔ འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད༔ ཧཱུྃ༔ ལྷོ་ནུབ་རིག་འཛིན་བི་མ་ལ༔ ཚེ་ལ་དབང་བའི་བརྟུལ་ཞུགས་བསྐྱེད༔ འདའ་ཀ་ཡེ་ཤེས་ཞགས་པ་ཡི༔ འཐོར་བ་ཁུག་ལ་ཟད་པ་སྲིངས༔ འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད༔ བཾ༔ ནུབ་བྱང་རིག་འཛིན་རོམྦུ་གུ༔ དྲེགས་པ་ཟིལ་གནོན་བརྟུལ་ཞུགས་བསྐྱེད༔ དབྱིངས་གྲོལ་ཡེ་ཤེས་ལྕགས་སྒྲོག་གིས༔ ལྷ་འདྲེས་བརྐུས་པའི་བླ་ཚེ་ཕྲོགས༔ འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད༔ ཧོ༔ བྱང་ཤར་རིག་འཛིན་ཤཱནྟིང་གྷར༔ མངོན་སྤྱོད་དམོད་པའི་བརྟུལ་ཞུགས་བསྐྱེད༔ མཐའ་གྲོལ་ཡེ་ཤེས་དྲིལ་བུ་ཡིས༔ བྱད་དུ་བཅུག་པའི་བླ་ཚེ་བསྡུས༔ འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད༔ ཞེས་བཀུག་ཚེ་པྲ་བརྟགས་པའི་རྗེས༔ རྒྱས་གདབ་ཚེ་མདའ་དྲང་པོར་བསྲང་༔ ཨཱ༔ འབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེ༔ ཡུམ་ལྔའི་ཀློང་དུ་རྒྱས་བཏབ་པསཿ ཡེ་ཤེས་ལྔ་ལ་སྐྱེ་འཆི་མེད༔ སྐུ་ལྔའི་དབྱིངས་སུ་ཚེ་སྦས་པ༔ རིགས་ལྔ་རྒྱལ་བས་ཀྱང་མི་གཟིགས༔ དྷརྨ་དྷཱ་ཏུ་བཛྲ་རཀྵ༔ ཞེས་བརྗོད་སྤྲོས་བྲལ་ངང་དུ་བཞག༔ ས་མ་ཡ༔ ལྷ་སྔགས་ཏིང་འཛིན་དམིགས་པའི་གནད༔ ཀུན་ལས་ཁྱད་འཕགས་རིག་འཛིན་གྱི༔ ཚེ་སྒྲུབ་བདུད་རྩི་བུམ་བཅུད་འདི༔ ཆོས་བདག་སྐྱེས་བུའི་སྲོག་མཐུད་ཕྱིར༔ ཀློང་བྱང་མཁའ་འགྲོའི་བརྡ་རུ་བསྟན༔ དུས་བབ་འགྲོ་དོན་སྤྱོད་པར་ཤོག༔ གུ་ཧྱ༔ བརྡ་ཐིམ༔

ཚེ་འགུགས་གཡང་འགུགས།

༄༅། །ཟབ་ལམ་ཐུགས་རྗེ་ཆེན་པོའི་ཚེ་འགུགས་དང་གཡང་འགུགས་ཀྱི་རིམ་པ་རྒྱས་འདེབས་དང་བཅས་པ་བཞུགས་སོ། །ཧྲཱིཿ མདངས་ལྡན་ལྷུན་གྲུབ་འོད་ཟེར་ཐིག་ལེའི་དབུས༔ རྣམ་ཀུན་རྒྱལ་བ་སྲས་བཅས་རིག་འཛིན་ཚོགས༔ རྩ་གསུམ་ལྷ་ཚོགས་རིག་འཛིན་འགྲོ་འདུལ་གླིང༔ སྒྱུ་འཕྲུལ་ཚེ་ལྷའི་དཀྱིལ་འཁོར་རབ་འབྱམས་ཚོགས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་དང༔ མདའ་དར་སྣ་ཚོགས་དར་གྱི་ཅོད་པན་གྱིས༔ ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་དང༔ ལྷ་ཀླུ་གནོད་སྦྱིན་མི་ཡི་ནོར་བུ་སོགས༔ ཕྱི་སྣོད་འཇིག་རྟེན་སྲིད་པའི་བཅུད་ཀུན་བསྡུས༔ ཚངས་པ་བརྒྱ་བྱིན་དྲི་ཟ་ཀླུ་དབང་ལྷ༔ སྟོབས་དཔལ་ཕུན་ཚོགས་མི་ཡི་ཚེ་སྲོག་མདངས༔ ནང་བཅུད་སྐྱེ་འགྲོ་མ་ལུས་ཐམས་ཅད་ཀྱི༔ དཔལ་འབྱོར་ཕུན་ཚོགས་ཚེ་ཡི་བཅུད་བསྡུས་ཤིག༔ གསང་བ་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་དང་མཁྱེན་བརྩེ་ནུས་པའི་རྩལ༔ ཕྱག་མཚན་འོད་ཟེར་སྣ་ཚོགས་སྐུ་ཡི་ཆར༔ དཀྱིལ་འཁོར་གཞལ་ཡས་ཁང་དང་འདིར་འདུས་པའི༔ མཆེད་ལྕམ་སྒྲུབ་པ་པོ་ལ་བྱིན་ཆེན་ཕོབ༔ མི་ཤིགས་རྡོ་རྗེའི་ཚེ་དང་ཕུན་ཚོགས་དཔལ༔ མཆོག་ཐུན་དཔོན་སློབ་འབྲལ་མེད་དངོས་གྲུབ་སྩོལཿ ཁྱད་པར་དུས་གསུམ་རྒྱལ་བའི་བསྟན་སྲུང་ཚོགས༔ ཞིང་དང་ཕྱོགས་སྐྱོང་དཔལ་མགོན་བདུན་ཅུ་ལྔ༔ སྡེ་དཔོན་སུམ་ཅུ་མི་བཟད་དྲེགས་པའི་ཚོགས༔ སྐྱོབས་པའི་སྲུང་མ་ཀུན་གྱིས་ཚེ་ཁུག་ཅིག༔ ཚེ་བཅུད་འོད་དང་ཐིག་ལེ་མེ་རེ་རེ༔ བར་སྣང་སྐུ་དང་གསུང་གི་དཀྱིལ་འཁོར་འཁྲིགས༔ བདེ་དྲོད་ཉམས་དང་རྟོགས་པའི་རིག་པ་བུན༔ ཟག་བཅས་འཇའ་སྐུར་ཞིག་པའི་སྣང་བཞི་བགྲོད༔ གསང་གསུམ་རིག་པ་སྨིན་པའི་རྡོ་རྗེའི་སྤུན༔ ཐོགས་མེད་མཁའ་ལ་སྤྱོད་པའི་དངོས་གྲུབ་སྩོལ༔ དུས་གསུམ་དབྱིངས་སུ་དག་པའི་དུས་གཅིག་ཀློང༔ འཕོ་འགྱུར་སྐྱེ་འགག་མེད་པའི་དབང་ཐོབ་ཤོག༔ ཅེས་ཚེ་འགུགས་སོ། །དེ་ནས་གཡང་འགུགས་ཏེ་མེ་ཏོག་འབར་བས་ཆར་སིལ་མ་ནི་གཅེས་ཕྲུག་བུ་མོ་གཙང་མ་ཁྲུས་བྱས། བརྒྱན་གྱིས་སྤྲས། མདའ་དར་ཁ་དོག་ལྔ་ལྡན་བཀྲ་ཤིས་རྫས་ཀྱི་རིགས་དཔག་ཏུ་མེད་པ་ལག་ཏུ་ཐོགས་ལ། ཚེའི་དཀྱིལ་འཁོར་དུ་གནས་སྐབས་ཀྱི་བྱིན་འོད་གཡང་དཔལ་ཉམས་པ་སོགས་བཀྲ་མི་ཤིས་པ་བཟློག་པ་དང་། བཀྲ་ཤིས་བྱིན་འོད་འཇིག་རྟེན་སྲིད་པའི་བཅུད་རྣམས་འགུགས་ཤིང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བསྒྲིགས་ཤིང་ཁྱད་པར་འཕགས་པའི་ཆོ་ག་ནི། ཧྲཱིཿ ཆོས་དབྱིངས་ཁྱབ་བརྡལ་ཡངས་པ་རྒྱལ་བའི་ཞིང་། །ཕྱོགས་དུས་རྒྱལ་བ་རྩ་གསུམ་རིག་པ་འཛིན། །མཁའ་སྤྱོད་འཇའ་འོད་འཁྲིགས་པའི་གུར་ཁང་ནས། །རིག་འཛིན་བླ་མས་བྱིན་རླབས་གཡང་ཁུག་ཅིག །འོག་མིན་རྡོ་རྗེ་དབྱིངས་ཀྱི་གཞལ་ཡས་མཆོག །ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔ་ལ། །ཐེག་དགུའི་ཡི་དམ་ལྷ་ཡིས་བསྐོར་རྣམས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག །ཉི་ཤུ་རྩ་བཞིའི་གནས་ཡུལ་དུར་ཁྲོད་ནས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོ་ལ། །ལས་བྱེད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ཡིས། །ཕྲིན་ལས་རྣམ་བཞི་འགྲུབ་པའི་གཡང་ཁུག་ཅིག །སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་ནས། །བསྟན་པའི་བདག་པོ་དུས་གསུམ་རྒྱལ་བ་དང་། །བསྟན་འཛིན་སྐྱེས་བུ་འགྲོ་བའི་དཔལ་མགོན་གྱིས། །སངས་རྒྱས་བསྟན་པ་རྒྱས་པའི་གཡང་ཁུག་ཅིག། སྲིད་པའི་ལྷ་རབས་དགེ་བསྙེན་གཞི་བདག་དང་། །སྤར་སྨེ་ལོ་འགྲོས་བདག་པོ་འབྱུང་བ་བཞིའི། །ཕྱི་དང་ནང་དང་གསང་བའི་ལྷ་རྣམས་ཀྱིས། །རང་རང་ལས་ལ་དབང་བའི་གཡང་ཁུག་ཅིག །ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་ཆེན་པོ་དགུ། །ལྷ་ཀླུ་གཟའ་དང་རྒྱུ་སྐར་ཉེར་བརྒྱད་ལྷ། །གཙང་རིས་དཔལ་མགོན་ཆེན་པོ་བདུན་ཅུ་ཡིས། །སྟོབས་དང་གཟི་བརྗིད་རྒྱས་པའི༴ ལོ་དང་ཟླ་བ་ཞག་དང་དུས་ཚོད་དང་། །རྟེན་འབྲེལ་ཚེས་ལ་དབང་བའི་ལྷ་རྣམས་དང་། །མཁར་གྱི་རྩེ་ལྷ་ཞིང་གི་ཚངས་པ་ཡིས། །འབྲུ་ནོར་ལོངས་སྤྱོད་དཔལ་ཕུན༴ གཡང་གི་བདག་པོ་ཨཱརྱ་ཛམྦྷ་ལ། །རྒྱལ་ཆེན་རྣམ་ཐོས་སྲས་དང་གནོད་སྦྱིན་རིགས། །ཁམས་གསུམ་དབང་སྡུད་དབང་ཕྱུག་ཆེན་པོ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ༴ གཡང་གི་ལྷ་མོ་ནོར་རྒྱུན་དཔལ་ལྷ་མོ། །དབྱངས་ཅན་ཚེ་རིང་མ་དང་བསྟན་མའི་ཚོགས། །ཁམས་གསུམ་དབང་དུ་སྡུད་པའི་ཌཱཀྐི་མས། །བུ་ནོར་ལོངས་སྤྱོད་རྒྱས་པའི་གཡང༴ ངོ་མཚར་ལྷ་ཡི་མེ་ཏོག་སྤོས་སྤྲིན་དང་། །བཀྲ་ཤིས་རྫས་རྟགས་སྣང་སྲིད་རོལ་མོའི་སྒྲ། །བུམ་པ་བཟང་དང་དཔག་བསམ་ཡིད་བཞིན་ནོར། །སྲིད་པའི་ངོ་མཚར་དཔལ་གྱི༴ བཀྲ་ཤིས་གཡང་རའི་དབུས་ན་འོད་འབར་བའི། །ཕུན་ཚོགས་གཡང་རྫས་དགོས་འདོད་ཡིད་བཞིན་ནོར། །གཡང་ཆང་ཚེ་རིལ་བདུད་རྩི་དཔལ་གྱི་བཤོས། །རབ་འབྱམས་འཇའ་སྐུར་འཁྱིལ་པའི་འོད་ཟེར་སྤེལ། །སྟོབས་ཕུན་མངའ་ཐང་རྒྱས་པའི༴ གཡང་འདིས་སྒྲུབ་གནས་ཀུན་ལ་བྱིན་འོད་ཕོབ། །གཡང་འདིས་ཚེ་དཔལ་ཉམས་པ་ཡར་ལ་གསོས། །གཡང་འདིས་རྒས་ཤིང་རྒུད་པ་མལ་ནས་སློངས། །གཡང་འདིས་དབུལ་པོ་ཐམས་ཅད་ནོར་དང་སྤྲོད། །གཡང་འདིས་འོན་ལོང་ཞ་བོའི་དབང་པོ་སྟོན། །གཡང་འདིས་ཆགས་ཆེ་ཉམ་ང་ཕྱི་ལ་སྒྱུར། །གཡང་འདིས་ཕོ་བྲང་དབུས་སུ་བྱིན་འོད་ཕོབ། །གཡང་འདིས་ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས། །གཡང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤྲོད། །གཡང་འདིས་མཐུ་རྩལ་ནུས་པ་མེ་ལྟར་སྦོར། །གཡང་འདིས་འཁོར་དང་ལོངས་སྤྱོད་དབུས་སུ་ཆུག །གཡང་འདིས་ཕ་རོལ་རྩོད་ལས་རྒྱལ་བར་མཛོད། །གཡང་འདིས་བདག་ཅག་དཔོན་སློབ་མཐུན་ཞིང་འགྲོགས། །གཡས་འདིས་ཉམས་ཆག་འགལ་འཁྲུལ་ཞིག་པ་གསོས། །གཡང་འདིས་གྲིབ་དང་མི་གཙང་ཡོངས་ལས་སྐྱོབས། །གཡང་འདིས་སྡེ་བརྒྱད་འབྱུང་པོའི་སྲུང་འཁོར་མཛོད། །གཡང་འདིས་དངོས་གྲུབ་ཡལ་པ་ཐམས་ཅད་ཁུག །གཡང་འདིས་སྙན་དང་གྲགས་པས་ས་སྟེང་ཁོང་། །གཡང་འདིས་ངོ་མཚར་འབྲུག་སྒྲ་རྟག་ཏུ་སྒྲོགས། །གཡང་འདིས་བྱས་ཚད་ཆོས་སུ་འགྲོ་བར་མཛོད། །གཡང་འདིས་རིགས་དང་ཆོས་ཀྱི་རྒྱུད་པ་སྤེལ། །གཡང་འདིས་སྡེ་འདི་མི་གཡོ་བརྟན་པར་མཛོད། །གཡང་འདིས་རང་བྱུང་རིག་པ་མ་དང་སྤྲོད། །གཡང་འདིས་འཁོར་འདས་གཞི་ཟད་ས་ལ་སྐྱོལ། །གཡང་འདིས་ཚེ་གཅིག་རྫོགས་སངས་རྒྱས་པར་མཛོད། །གཡང་འདིས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས། །གཡང་འདིས་འགྲོ་ཀུན་ཕྱིར་མི་ལྡོག་པར་མཛོད། །གཡང་འདིས་འབྲེལ་ཚད་པདྨ་འོད་དུ་སྐྱོལ། །སྡུས་སྡུས་སརྦ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། འཕེལ་འཕེལ་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ལས་རྣམས་སྒྲུབ་ཅིང་ཕྱྭ་གཡང་བཀྲ་ཤིས་བདེ་ལེགས་ཐམས་ཅད་ནམ་ཡང་ནུབ་མེད་དུ་བརྟན་པར་གྱུར་ཅིག །སརྦ་མངྒ་ལཾ་སྭ་སྟི་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་ཐུན་དྲུག་ཏུ་ཚེ་གཡང་ཁ་སྤྲོད་དུ་འགྲུབ་པར་བྱའོ། །

རྫོགས་སྤྲུལ་བཞི་པས་གསུངས་པའི་གཡང་འགུགས།

༄༅། །རྫོགས་སྤྲུལ་བཞི་པས་གསུངས་པའི་གཡང་འགུགས་བཞུགས་སོ། །ཧྲཱིཿ སྐུ་གསུམ་རྒྱལ་བས་གང་ལ་གང་འདུལ་ཞིང་། །འཕགས་པ་དྲི་མེད་དུང་མདོག་ཞི་བའི་ལྷ། །དབང་ཆེན་པདྨ་རཱ་གའི་གཟི་མདངས་ཅན། །འོད་ཟེར་སྟོང་གི་སྟོབས་དཔལ་ནུས་པ་ཡིས། །འཁོར་འདས་སྲིད་པའི་དཔལ་གཡང་འདིར་ཁུག་ཅིག །རྒྱལ་བ་རིན་ཆེན་མང་གི་འོད་ཟེར་སེར། །དཔལ་བསྐྱེད་བཻ་ལས་སྤྲུལ་པའི་གཡང་གི་ལྷ། །ནམ་མཁའ་དྭངས་མའི་གཟི་བྱིན་རབ་སྐྱེད་ཅིག །བསེ་རག་འགོང་པོའི་གཡུལ་ངོ་ལས་རྒྱལ་བའི། །རྒྱལ་མཚན་འཛིན་པའི་ལྷ་དེས་འདིར་དགོངས་ཤིག། རྒྱས་པའི་ལྷ་ནི་རྒྱལ་མཆོག་ཤཱཀྱ་ཐུབ། །རིན་ཆེན་འབྱུང་ལྡན་རྣམ་པར་རོལ་པའི་གར། །གསེར་མདོག་ཅན་གྱི་ལྷ་ནི་སྟོབས་དཔལ་ཆེ། །སྲིད་པའི་ཕྱྭ་གཡང་འདི་ན་ལེགས་བསྡུས་ཤིག །ཤར་ཕྱོགས་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་། །དོན་ལ་སྤྱན་རས་གཟིགས་དང་དབྱེ་བ་མེད། །རྣམ་པ་ཟོ་དོར་འབྱུང་བཞིའི་ཁམས་ལ་གནས། །རི་དབང་རྒྱལ་པོ་གཉན་ཆེན་ཐང་ལྷ་གངས། །དབུས་གཙང་རུ་བཞིའི་དགྲ་ལྷ་ཆེན་པོ་ཡིས། །སྲིད་པའི་ཕྱྭ་གཡང་དཔལ་རྣམས་འདིར་བསྡུས་ཤིག །རྣམ་ཐོས་སྲས་དེ་བྱང་གི་ཕྱོགས་ལ་གནས། །ས་བརྒྱད་སེམས་དཔའ་སྡེ་བརྒྱད་ཚུལ་བསྟན་པ། །རྨ་ཆེན་སྤོམ་ར་མདོ་ཁམས་དགྲ་བླ་ཡིས། །སྲིད་པའི་ཕྱྭ་གཡང་ཐམས་ཅད་འདིར་བསྡུས་ཤིག །མདོ་སྔགས་བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །རྒྱལ་བའི་ཕྲིན་ལས་རྨད་བྱུང་མཛད་པ་རྒྱས། །རྒྱལ་བསྟན་རིན་ཆེན་གསེར་གྱི་རི་བོ་ལ། །འོད་ཟེར་འབུམ་ཕྲག་འཕྲོ་བའི་གཡང་ཁུག་ཅིག །རང་སེམས་མ་འཁྲུལ་དོན་གྱི་ཡེ་ཤེས་ལྷ། །སེམས་ཉིད་བདེ་ཆེན་རྒྱལ་བ་ཀུན་ཏུ་བཟང་། །འཁོར་འདས་ཀུན་ལ་དབང་བསྒྱུར་སྟོབས་དཔལ་ཆེ། །རིམ་གཉིས་འཁྲུལ་པ་མེད་པའི་རྩ་གསུམ་བསྒྲུབས། །དཔའ་བོ་བསྟན་སྲུང་ཕྱི་ནང་སྣོད་བཅུད་གནས། །བསམ་གཏན་ཆོས་གླིང་གནས་བདག་དཀོར་སྲུང་ལྷ། །རྣལ་འབྱོར་གང་ལ་འགོ་བའི་སྲུང་མ་རྣམས། །ནུས་པའི་སྟོབས་ཀྱིས་ཚེ་གཡང་དཔལ་སྐྱེད་ཅིག །མི་འགྱུར་ཚེ་དབང་རེ་སྐོང་ཙམ་དུ། ཨོ་རྒྱན་ཆེ་མཆོག་དེས་སྨྲས་དགེ་གྱུར་ཅིག །

གཡང་འགུགས་བསྡུས་པ།

༄༅། །གཡང་འགུགས་བསྡུས་པ་བཞུགས་སོ། །ཧྲཱི༔ དཀོན་མཆོག་རྩ་གསུམ་ནོར་ལྷ་རྒྱ་མཚོ་དང་། །བདེན་ཚིག་གྲུབ་པའི་ལྷ་དང་དྲང་སྲོང་གིས། །སྲིད་པའི་ཕྱྭ་གཡང་དཔལ་འབྱོར་ཕུན་ཚོགས་རྣམས། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ཁུག །བདེ་ལེགས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཅེས་གཡང་འགུགས་ཉུང་ངུ་བསྡུས་པ་འདི་ཁྲམ་ཨ་ཐུབ་རྣམ་རྒྱལ་པས་བསྐུལ་ངོར་རྫོགས་སྤྲུལ་ལྔ་པས་སོ། །༈ གཡང་འགུགས་བསྡུས་པ། ཧཱུྃ། མཆོག་གསུམ་རྩ་གསུམ་སྔགས་དང་ཕྱག་རྒྱའི་མཐུས། །བརྟན་གཡོ་སྲིད་ཞིའི་ཕྱྭ་གཡང་དགེ་མཚན་ཀུན། །འདིར་ཁུག་འདིར་བསྡུས་འཕེལ་རྒྱས་མི་ནུབ་པར། །བདེ་སྐྱིད་བཀྲ་ཤིས་ལེགས་ཚོགས་གོང་འཕེལ་ཤོག །མི་ཕམ་པས་སོ། །

རབ་གནས་བསྡུས་པ།

༈ རབ་གནས་བསྡུས་པ་ནི། རྟེན་ལ་ཧཱུྃ་ཧཱུྃ་ཧཱུྃ་གིས་བགེགས་བསལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་གིས་ཁྲུས་བྱས། སྭ་བྷ་ཝས་སྦྱང། སྟོང་པའི་ངང་ལས་སྐུ་རྟེན་རྣམ་པ་སྣང་མཛད། གསུང་རྟེན་སྣང་བ་མཐའ་ཡས། ཐུགས་རྟེན་རྡོ་རྗེ་མི་བསྐྱོད་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་གྱི་ཞིང་ནས་ཡེ་ཤེས་པ་བཛྲ་ས་མ་ཛཿ ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། རྟེན་གྱི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གསལ་བ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་ཐིམ་པས་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་ལྷ་སྤྱན་དྲངས་པས་དབང་བསྐུར། དྲི་མ་ལྔ་སྦྱངས་ཏེ་ཡེ་ཤེས་ལྷ་མངོན་དུ་བྱས། ཆུ་ལྷག་སྤྱི་བོར་བརྟན་པ་ལས་རང་རིགས་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ་ཀྱིས་སྤྱན་དབྱེ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། རྡོ་རྗེའི་སེལ་གོ་གྱི་སྒྲས། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་རྟེན་སོ་སོའི་རྣམ་པར་གྱུར་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿས་མཆོད། ན་མོ་པུ་རུ་ཤ་ཡ་ཧོཿས་བསྟོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ཇི་སྲིད་འབྱུང་བ་བཞིའི་། གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱནྟ་་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ། ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎཿཡེ་སྭཱ་ཧཱ། མེ་ཏོག་བྱིན་གྱིས་བརླབས་པ་འཐོར་ཞིང་། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། ཨ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཅེས་དང་། ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་ཅི་རིགས་བརྗོད། ཞེས་པའང་རྒྱ་སྟོན་གྱི་ངོར་ཛྙཱ་ནས་སོ། །

རྣམ་འཇོམས་གཟུངས་།

༄༅། །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །༈ རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ན་མ་ངྷཱ་ར་ནི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེའི་སྙིང་པོ་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥུ་ཊ་ཡ་སྥུ་ཊ་ཡ། གྷུརྞཱ་གྷུརྞཱ། གྷུརྞཱ་པ་ཡ་གྷུརྞཱ་པ་ཡ། སརྦ་ས་ཏྭཱ་ནི། བོ་དྷ་བོ་དྷ། སཾ་བོ་དྷ་ཡ། སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲཱ་མ་ཡ། སཾ་བྷྲཱ་མ་ཡ། སརྦ་བྷུ་ཏཱ་ནི། ཀུཊྚ་ཀུཊྚ། སཾ་ཀུཊྚ་ཡ། སཾ་ཀུཊྚ་ཡ། སརྦ་ཤ་ཏྲཱུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ། སཾ་གྷ་ཊ་ཡ། སརྦ་བིདྱཱཾ་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲ་ཡེ་སྭཱ་ཧཱ། ཧེ་ཕུལླུ་ནི་རུ་ཕུལླུ། གྲྀ་ཧྞ་ཀུལླུ། མི་ལི་ཙུལླུ། ཀུ་རུ་ཀུལླུ། བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ། ཀཱི་ལི་ཀཱི་ལ་ཡཱ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧྭ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ་ཀྲོ་དྷ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙནྜ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་སཱ་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྲ་ངྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏིསྠི་ར་བཛྲ། ཤུ་ཏིསྠི་ར་བཛྲ། པྲ་ཏིསྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱེ་ཧི་བཛྲ། ཤཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལ་མཱ་བརྟ་ཡ་སྭཱ་ཧཱ། གནོད་བྱེད་གྲིབ་གདོན་འབྱུང་པོ་ཨ་མུ་ཀ་མཱ་ར་ཡ་ཕཊ། ན་མཿ ས་མནྟ་བཛྲ་ཎཾ། སརྦ་བཛྲ་ཀུ་ལ་མཱ་བརྟ་ཡ། མ་ཧཱ་བ་ལེ། ཀ་ཊ་ཝེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜ་ལ་མཱ་ཡེ། ཨ་ཏི་བཛྲ་མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། ཏིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྲ་ཨཾ་ཀུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་བཟའ་ལ་སོགས་གཙེས་པ་དང་། །ཕན་ཚུན་མཐུན་པ་མ་ཡིན་དང་། །ནོར་འགྲིབ་པས་ནི་གནོད་པ་དང་། །མྱ་ངན་ངལ་དང་གནོད་པ་དང་། །འཇིགས་པ་དང་ནི་ཕོངས་པ་དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །དེས་ནི་རབ་བཀྲུས་གཙང་མ་ཡིས། །མདོ་སྡེ་དམ་པ་ཉན་པར་གྱིས། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་ལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཡུངས་ཀར་དུར་བ་དང་། །རིན་ཆེན་རྨ་མེད་ཙན་དན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང་། །ཆུ་ཡི་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམས་འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲཱི་ལཀྵྨི་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བའོ། །དུས་ཕྱིས་དཔལ་ལོ་ཙཱ་བ་བློ་གྲོས་རབ་བརྟན་པས་རྒྱ་དཔེ་དག་པ་རྣམས་དང་། རྒྱ་འགྲེལ་བཟང་པོ་རྣམས་ཀྱིས་འབྲུ་སྦྱོར་དང་མཐུན་པར་བཅོས་ཏེ་ཤིན་ཏུ་དག་པར་བགྱིས་པའོ། །

རྣམ་འཇོམས་བྱབ་ཁྲུས།

༄༅། །རྣམ་འཇོམས་བྱབ་ཁྲུས་བཞུགས་སོ། །དེ་ནས་སློབ་མ་རྣམས་མདུན་དུ་འཁོད་ལ། དེ་ནས་རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་བཅུའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཨོཾ་བཛྲ་བཱི་ད་ར་ཎ་ས་པཱ་རི་ཝ་ར་ཨརྒྷཾ་སོགས། དེ་བཞིན་གཤེགས་པ་སོགས་ནས། སྤྱན་དྲངས་པའི་ལྷ་རྣམས་ཀྱིས་བདུད་རྩིའི་ཆུས་ཁྲུས་མཛད་པས་ཁྱེད་རང་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་སྤུའི་བུ་ག་ནས་དུད་ཁུ་འཛག་པ་ལྟར་ནག་ཉིལ་གྱིས་ཐོན་ནས་ལུས་དུང་དཀར་པོ་རྡུལ་ཕྱིས་པ་ལྟར་སྦྱངས་ཤིང་ཡེ་ཤེས་ཀྱི་བདུད་རྩིས་རྒྱ་ཆེར་ཁེངས་པར་གྱུར། །བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས། །སྐལ་ལྡན་སློབ་མའི་ལུས་ངག་ཡིད་གསུམ་ལ། །གནས་པའི་ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན། །བཀྲུ་བར་བགྱིའོ་བྱང་ཞིང་དག་གྱུར་ཅིག །ཨོཾ་བཛྲ་སཏྭ་ས་མ་སོགས་ཡིག་བརྒྱ་བརྗོད་ལ། ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག་དཔལ་དང་སོགས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བགྱིའོ། །འདི་ནི་ཚུལ་ཁྲིམས་༴ འཆལ་བའི་དྲི་མ༴ ཚུལ་ཁྲིམས་དྲི་ཡིས༴ ཁྲུས་ལེགས༴ འདི་ནི་བཟོད་པའི༴ ཁོང་ཁྲོའི་དྲི་མ༴ བཟོད་པ་དྲི་ཡིས༴ ཁྲུས་ལེགས༴ འདི་ནི་བརྩོན་འགྲུས༴ ལེ་ལོའི་དྲི་མ༴ བརྩོན་འགྲུས་དྲི་ཡིས༴ ཁྲུས་ལེགས༴ འདི་ནི་བསམ་གཏན༴ རྣམ་གཡེང་དྲི་མ་སྦྱང༴ བསམ་གཏན་དྲི་ཡིས༴ ཁྲུས་ལེགས༴ འདི་ནི་ཤེས་རབ་༴ ཤེས་འཆལ་དྲི་མ༴ ཤེས་རབ་དྲི་ཡིས༴ ཁྲུས་ལེགས༴ ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱངས་ནས་ནི། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམས་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པའི། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པའི་སློབ་མར་ཁྲུས་བགྱིའོ། །ན་མོ་རཏྣ་ཏྲ་ཡ་སོགས། །སརྦ་པ་པཾ་བྷྱ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སརྦ་བིགྷནྣཱ་བྷྱ༴ སརྦ་བྱ་དྷི་བྷྱ༴ སརྦ་ཨུ་པ་དྲ་ཝེ་བྷྱ༴ སརྦ་ཨ་ཀ་ལ་མྲྀ་ཏྱུ་བྷྱ༴ སརྦ་གྲ་ཧེ་བྷྱ༴ སརྦ་ཛྭ་རེ་བྷྱ༴ སརྦ་དུར་སོབ་བྷྱ༴ སརྦ་དུར་ནི་མྲྀ་ཏི་བྷྱ༴ སརྦ་ཙིཏྟ་ཀུ་ལེ་བྷྱ༴ ཞེས་དང་། སྡིག་སྒྲིབ་ཐམས་ཅད་ཞི་བར་གྱུར་ཅིག །བགེགས་ཐམས་ཅད༴ ནད་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ དུས་མ་ཡིན་པའི་འཆི་བ་ཐམས་ཅད༴ གདོན་ཐམས་ཅད༴ རིམས་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ མཚན་མ་ངན་པ༴ སེམས་ཀྱི་ཀུན་ནས་འཁྲུག་པ་ཐམས་ཅད༴ གཞན་ཡང་གྲིབ་དང་མི་གཙང་བ་བྱུར་དང་སྐལ་བ་ངན་པ་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཞི་བར་གྱུར་ཅིག །ཅེས་དང་། སྟེང་གདོན་གཟའ་དང་རྒྱུ་སྐར་གྱི་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འོག་གདོན་ཀླུ་དང་ས་བདག་གི་གྲིབ་ཐམས་ཅད༴ བར་གདོན་བཙན་དང་ལྷ་སྲིན་སྡེ་བརྒྱད་ཀྱི་གྲིབ་ཐམས་ཅད༴ རོ་གྲིབ་ཟས་གྲིབ་གོས་གྲིབ་དམེ་གྲིབ་དམ་གྲིབ་ཉམས་གྲིབ་དང་བཅས་པ་ཐམས་ཅད༴ ཚེ་ལ་རྐུ་བ་སྲོག་ལ་འཇབ་པ་བླ་ལ་ཁྱེར་བ་ཡིད་ལ་རློམ་པར་བྱེད་པའི་གདོན་བགེགས་ཐམས་ཅད༴ ཕོ་གདོན་རྒྱལ་པོའི་གནོད་པ་ཐམས་ཅད༴ མོ་གདོན་བསེན་མོའི་གནོད་པ་ཐམས་ཅད༴ ཟ་འདྲེ་ཤི་གཤེད་ཀྱིི་གནོད་པ༴ ལོ་རྒྱལ་པོའི་སྐེག །ཟླ་བ་བློན་པོའི་སྐེག །ཞག་དམག་མིའི་སྐེག །དུས་ཚོད་ཚེས་གྲངས་ཀྱི་སྐེག་ཐམས་ཅད༴ བྱད་དུ་བཅུག་པ། གཏད་དུ་བཅུག་པ། ཕྲ་མེན་གྱི་འགོང་ཆོག་བརྒྱབ་པ། ཕུང་སེལ་གྱི་ངན་སྔགས་བརྒྱབ་པ། རླུང་ལ་འཁོར་ལོ་བསྐོར་བ་མེ་ལ་སྦྱིན་བསྲེགས་བཏབ་པའི་གནོད་པ་ཐམས་ཅད༴ ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་མི་དགེ་བ་བཅུ། མཚམས་མེད་པ་ལྔ། ལོག་པར་ལྟ་བ་བརྒྱད། ལྕི་བ་རྣམ་པ་བཞི། ཁ་ན་མ་ཐོ་བའི་ཉེས་ལྟུང་སྒྲིབ་པའི་ལས་ཀྱི་བག་ཆགས་དང་བཅས་པ་ཐམས་ཅད༴ ཕྱི་སོ་སོར་ཐར་བའི་སྡོམ་པ་དང་འགལ་བ། ནང་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་འགལ་བའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་ཐམས་ཅད༴ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་མཐོང་ཐོས་དྲན་རེག་བསམ་སྦྱོར་ངན་པ་དང་བཅས་པའི་གྲིབ་དང་དུག་ཐམས་ཅད༴ འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་ནམ་མཁའི་ཁམས་དང་བཅས་པའི་གྲིབ་དང་དུག་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ༴ ལཾ་ཧོ་ཤུདྡྷེ༴ བཾ་ཧོ་ཤུདྡྷེ༴ རཾ་ཧོཤུདྡྷེ༴ ཨེ་ཡཾ་ལཾ་བཾ་རཾ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། གསུམ་མམ་བདུན་བརྗོད། ཆུ་ཁར་འཛིན་དུ་བཅུག་རྨ་བྱའི་སྒྲོ་མདངས་རྡོ་རྗེ་དང་བཅས་པ་ལག་ཏུ་ཐོགས་ནས། རྨ་བྱའི་མདངས་ཀྱི་དབུས་སུ་ཟླ་བ་ལ་སྔགས་ཕྲེང་འཁོད། དེ་ལས་འོད་ཟེར་འཕྲོས་པས་བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་བླངས་ནས་མདུན་དུ་བྱབ་པར་གྱུར། ན་མོ་རཏྣ་སོགས། སརྦ་པཱ་པཾ་བྷྱེ་ཨ་པ་ན་ཡེ་སྭཱ་ཧཱ། སརྦ་བིགྣན་བྷྱ༴ སརྦ་བྱ་དྷི་བྷྱ༴ སརྦ་ཨུ་པ་གྲ་ཝེ་བྷྱ༴ སརྦ་ཨ་ཀ་ལ་མྲི་ཏྱུ་བྷྱ༴ སརྦ་གྲ་ཧེ་བྷྱ༴ སརྦ་ཛྭ་རེ་བྷྱ༴ སརྦ་དུར་སོ་བ་བྷྱ༴ སརྦ་དུར་ནི་མྲྀ་ཏི་བྷྱ༴ སརྦ་ཙིཏྟ་ཀུ་ལེ་བྷྱ་ཨ་པ་ན་ཡེ་སྭཱ་ཧཱ། སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་ཅིག །བགེགས་ཐམས་ཅད༴ ནད་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ དུས་མ་ཡིན་པའི་འཆི་བ་ཐམས་ཅད༴ གདོན་ཐམས་ཅད༴ རིམས་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ མཚན་མ་ངན་པ་ཐམས་ཅད༴ སེམས་ཀྱི་ཀུན་ནས་འཁྲུགས་པ་ཐམས་ཅད༴ གཞན་ཡང་གྲིབ་དང་མི་གཙང་བ་བྱུར་དང་སྐལ་པ་ངན་པ་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་བྱང་བར་གྱུར་ཅིག །ཁ་ནང་གི་ཆུ་ཕྱིར་དོར་ལ། བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཕྱིར་སོང་བར་གྱུར། དེ་ནས་བསྲུང་འཁོར་བསྒོམ་པ་ནི། སྤྱི་བོ་མདུན་རྒྱབ་དཔུང་པ་གཡས་གཡོན་རྡོ་རྗེའི་ལྟེ་གནས་རྣམས་སུ་རྡོ་རྗེའི་རྒྱ་གྲམ་རེ་བཞག་ཅིང་། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོག་པར་གྱུར། སརྦ་པཱ་པཾ་བྷྱ་རཀྵ་རཀྵ་ཡེ་སྭཱ་ཧཱ། སརྦ་བིགྣན༴ སརྦ་བྱ་དྷི་བྷྱ༴ སརྦ་ཨུ་པ་དྲ་ཝེ་བྷྱ༴ སརྦ་ཨ་ཀ་ལ་མྲྀ་ཏྱུ་བྷྱ༴ སརྦ་གྲ་ཧེ་བྷྱ༴ སརྦ་ཛྭ་རེ་བྷྱ༴ སརྦ་དུར་སོབ་བྷྱ༴ སརྦ་དུར་ནི་མྲྀ་ཏི་བྷྱ༴ སརྦ་ཙིཏྟ་ཀུ་ལེ་བྷྱ་རཀྵ་རཀྵ་ཡེ་སྭཱ་ཧཱ། སྡིག་སྒྲིབ་ཐམས་ཅད་ལས་སྲུངས་ཤིག །བགེགས་ཐམས་ཅད༴ ནད་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ དུས་མ་ཡིན་པའི་འཆི་བ་ཐམས་ཅད༴ གདོན་ཐམས་ཅད༴ རིམས་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ མཚན་མ་ངན་པ་ཐམས་ཅད༴ སེམས་ཀྱི་ཀུན་ནས་འཁྲུགས་པ་ཐམས་ཅད༴ གཞན་ཡང་གྲིབ་དང་མི་གཙང་བ་བྱུར་དང་སྐལ་བ་ངན་པ་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ། སླར་ཡང་རྡོ་རྗེ་སྤྱི་བོར་བཞག་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་བརླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུང་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །རྡོ་རྗེ་ལག་ཏུ་གཏད་ལ། ཞི་བ་དང་དགའ་བའི་སེམས་ཀྱིས་འདི་ལོངས་ཤིག །སྐྱེས་བུ་འདི་དག་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡནྟུ་སྭཱ་ཧཱ། དེ་ལྟར་བགྱིས་པས་ཉི་ཟླ་གཟའ་ལས་གྲོལ་བ་བཞིན་དུ་སྒྲུབ་བྱ་ནད་གདོན་སྡིག་སྒྲིབ་སོགས་ལས་རྣམ་པར་ཐར་བར་གྱུར། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་རུ། །གསང་སྔགས་རིགས་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམ་མཛད་པ། །གསང་བདག་རྡོ་རྗེ་འཛིན་གྱི་བཀྲ་ཤིས་ཤོག །བགེགས་རིགས་སྟོང་ཕྲག༴ མི་མཐུན་གནོད་པའི༴ མཐུན་པ་འགྲུབ༴ བཀྲ་ཤིས་དེས་ཀྱང་༴ སེམས་ཅན་ནད་པ༴ མྱུར་དུ་ནད་ལས༴ འགྲོ་བའི་ནད་རྣམས༴ རྟག་ཏུ་འབྱུང་བ༴ ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་དང་། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །

བཀའ་བསྒོ།

༈ བཀའ་བསྒོ་ནི། ཧྲཱི་ཧཱུྃཿ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ། །རྟ་སྐད་རྔམ་སྒྲོགས་བར་ཆད་སེལ། །སྐུ་ཡི་འོད་ཟེར་མཚོན་ཆའི་གུར། །མེ་རི་འབར་བས་ཕྱོགས་མཚམས་གཅོད། །མ་རྟོགས་འཁྲུལ་བའི་སེམས་ཅན་རྣམས། །རྣམ་རྟོག་མ་རིག་བག་ཆགས་ཀྱིས། །ལྷ་དང་འདྲེ་བགེགས་གཉིས་སྣང་ཡང་། །རྣམ་པར་རྟོག་པ་བགེགས་ཡིན་ཕྱིར། །འདྲེ་བགེགས་རང་གི་སེམས་ལས་བྱུང། །སེམས་ཉིད་ཡེ་ནས་ཆོས་སྐུ་ལ། །བགེགས་དང་བར་ཆད་ག་ལ་ཡོད། །ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས། །འདི་ལ་སུ་ཡང་འདའ་མ་བྱེད། ཧྲཱིཿ གནོད་བྱེད་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊཿ ཅེས་བརྗོད་པས་གནོད་བྱེད་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཕྱིར་བསྐྲད། འོད་ཟེར་ཁྲོ་ཚོགས་དང་བཅས་པ་ཐམས་ཅད་ཚུར་འདུས་བསྲུང་བའི་གུར་དུ་གྱུར། བཛྲ་རཀྵ་རཀྵ་ཧཱུྃ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། ཡི་དམ་རྩ་བ་གསུམ་གྱི་ཐུགས་རྗེ་ཡིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་པས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག ། བཀྲ་ཤིས་ཅི་རིགས་བརྗོད་དོ། །

ཤེས་རབ་སྙིང་པོ།

༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བཞུགས་སོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །རྒྱ་གར་སྐད་དུ། བྷ་ག་བ་ཏི་པྲ་ཛྙཱ་པ་ར་མི་ཏ་ཧྲི་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས། ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏཏྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཤེས་རབ་སྙིང་པོ་རྫོགས་སོ། །༈ ཤེར་སྙིང་བདུད་བཟློག་ནི། ཏཏྱ་ཐ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཅི་མང་བཟླས་མཐར། ན་མོ་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བདག་གི་བདེན་པའི་ཚིག་འདི་འགྲུབ་པར་གྱུར་ཅིག །ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས། བདུད་སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཕྱིར་ཟློག་པ་དེ་བཞིན་དུ་བདག་གིས་ཀྱང་། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་། ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས་བདུད་སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག ། ༈ འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །

གདུགས་དཀར་རལ་གྲི་མ།

༈ བདེ་གཤེགས་གཙུག་ཏོར་ལྟར་མི་མངོན་པ་ལས། །ཉེར་འཁྲུངས་རྒྱལ་བ་ཀུན་ཡུམ་གདུགས་དཀར་མོ། །མཚན་ཙམ་བོས་པའི་རིག་སྔགས་མེ་ཡིས་ཀྱང་། །བདུད་སྡེ་སྲེག་བྱེད་བདེ་འབྱུང་ལྷག་པའི་ལྷ། །དཀར་གསལ་ལང་ཚོ་རབ་རྫོགས་ཟླ་གཞོན་གྱི། །སྙིང་པོ་ལས་གྲུབ་གཞན་གྱིས་མི་ཐུབ་མས། །མི་དང་མི་མིན་འབྱུང་ལས་བྱུང་བ་ཡི། །འགལ་རྐྱེན་ཀུན་ཞི་ལེགས་ཚོགས་མ་ལུས་སྩོལ། །ཁྱད་པར་ཕ་རོལ་མི་བསྲུན་བསམ་སྦྱོར་གྱིས། །སྒོ་གསུམ་མནན་དང་བྱད་སྟེམས་བཅིངས་ལ་སོགས། །ཉེར་འཚེས་མི་ཚུགས་ཕྱིར་ཟློག་འཕྲིན་ལས་ཀྱིས། །བདག་ཅག་རྣམ་པ་ཀུན་ཏུ་སྲུང་དུ་གསོལ། །ཞེས་པ་འདི་ནི་ཕ་རོལ་གྱི་སྐྱེ་བོ་མི་བསྲུན་པས་རིག་སྔགས་ངན་པའི་སྦྱོར་བས་བྱད་མནན་སོགས་གཙོ་གྱུར་གྱི་ཉེར་འཚེའི་མཚན་མ་ཞི་བའི་འདོད་གསོལ་གདུགས་བསྟོད་སོགས་ཀྱི་གཤམ་དུ་ཁ་ཏོན་བྱེད་རྒྱུར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ། །

གདུགས་དཀར་བཟློག་པ།

༈ གདུགས་དཀར་བཟློག་པ་ནི། བྷྱོ། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། །ཐུགས་རྗེའི་སྨོན་ལམ་མཐུ་བཙན་པས། །བདག་གིས་གསོལ་བ་བཏབ་པ་བཞིན། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཆག་ཆེ་ཉམ་ང་བཟློག་ཏུ་གསོལ། །རྨི་ལམ་མཚན་མ་ངན་པ་བཟློག །རྟགས་དང་རྟེན་འབྲེལ་ངན་པ་བཟློག །དགྲ་འདྲེའི་བསམ་སྦྱོར་ངན་པ་བཟློག། ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག།དུས་མིན་འཆི་བ་རྣམ་བརྒྱད་བཟློག།ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག། དཔྲལ་བའི་གཤེད་དུ་བསྐོས་པ་བཟློག །ཕ་མེས་དུར་སྲི་ལངས་པ་བཟློག །མི་ལ་ནད་དུ་གཏོང་བ་བཟློག །ཕྱུགས་ལ་གོད་ཁ་བྱེད་པ་བཟློག །གནམ་གྱི་དལ་ཁ་ཐེབ་པ་བཟློག །ས་ཡི་དུག་མདའ་གཡོས་པ་བཟློག །སྨེ་བ་སྤར་ཁ་ངན་པ་བཟློག །སྐེག་དང་ཕུང་སྲི་ལངས་པ་བཟློག་ཏུ་གསོལ། །ཞེས་གཙུག་ཏོར་གདུགས་དཀར་ལ་བརྟེན་པའི་བཟློག་པ་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད་པའོ། །༈ བདེ་གཤེགས་ཐུགས་རྗེས་གཙུག་ཏོར་ལས་འཁྲུངས་ཤིང་། །བདེ་འབྱུང་བསྟན་ལ་གནོད་བྱེད་ཚར་བཅད་ནས། །བདེ་ལེགས་འབྲས་བུ་ཉེ་བར་སྩོལ་མཛད་པའི། །བདེ་མཆོག་གདུགས་དཀར་ཅན་གྱི་བཀྲ་ཤིས་ཤོག །གཙུག་ཏོར་གདུགས་དཀར་ཅན་ལ་བསྟོད་པ་འདི་ནི། བློ་བཟང་གྲགས་པའི་དཔལ་གྱིས་སྡོམ་བརྩོན་ཤེས་རབ་རྒྱལ་མཚན་ལ་སོགས་པས་བསྐུལ་བའི་ངོར་སྦྱར་བའོ། །

འཁོར་ལོ་འབར་བ།

༄༅། །འཁོར་ལོ་འབར་བ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཙཀྲ་ཛྭ་ལ་ནོ་པི་ཀ་ནཱ་མ། བོད་སྐད་དུ། འཁོར་ལོ་འབར་བ་ཞེས་བྱ་བའི་སྒྲུབ་ཐབས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་ཏེ་བདུད་བཏུལ་བའི་ཚེ། རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ། །བཅོམ་ལྡན་འདས་བདག་ཅག་རིག་འཛིན་བསྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་དགྲ་བགེགས་མང་ན་འདི་ལ་ཐབས་ཇི་ལྟར་བགྱི། ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་ལོ་འབར་བ་ཞེས་བྱ་བའི་སྔགས་དང་སྒྲུབ་ཐབས་ཡོད་ཀྱིས། འདི་ལོངས་ཤིག །ཆོངས་ཤིག །ཀློག་ཅིག །ཡིད་ལ་གྱིས་ཤིག །སྔགས་འདི་བཟླས་པ་ཙམ་གྱིས་བགེགས་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །བགེགས་ཐམས་ཅད་ལས་རྒྱལ་ཞིང་ཉམ་ང་བ་མེད་པར་འགྱུར་རོ། །སྔགས་ནི་འདིའོ། །ཨོཾ་དྷུ་རུ་དྷུ་རུ་ཙཀྲཿ ཛ་ཡ་ཛ་ཡ་ཙཀྲཿ ཧ་ན་ཧ་ན་ཙཀྲཿ བྷུ་རུ་བྷུ་རུ་ཙཀྲཿ བྷྲ་མ་ར་བྷྲ་མ་ར་ཙཀྲ༔ བྷི་དུ་མ་ནི་ཙཀྲ༔ ཛྭ་ལ་ཛྭ་ལ་ཙཀྲ༔ སིཾ་བྷ་ཝེར་ག་ན་ན་ཡ་ས་ར་ཙཀྲ༔ སཱ་ལ་ཡ་སཱ་ལ་ཡ་ཙཀྲ༔ ནཱ་ག་ཤ་ཡ་ནཱ་ག་ཤ་ཡ་ཙཀྲ༔ བཾ་བཾ་ཙཀྲ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ས་མནྟ་ག་ར་ཙཀྲ༔ ཏིཔྟ་ཙཀྲ་ཧཱུྃ་ཕཊ༔ རང་ཉིད་ཤཱཀ་ཐུབ་སྐུར་གྱུར་ཕྱག་མཐིལ་ན། །ཉི་ཟླ་གསལ་བའི་བར་དུ་ཀེག་ངན་དང་། །སྲི་སོགས་གནོད་བྱེད་གདོན་བགེགས་མ་ལུས་པ། །ཕྱེ་མར་བཏགས་ནས་རྗེས་ཤུལ་མེད་པར་གྱུར། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན༴ ཆོས་ཀྱི་བཀའ་༴ དགེ་འདུན་གྱི་བཀའ་བདེན༴ བླ་མ་རྡོ་རྗེ་འཛིན་པའི་བཀའ་བདེན༴ མཉམ་མེད་ཤཱཀྱའི་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་།གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་རྣམ་པར་དག་པའི་བདེན་པ་དང་།རིག་འཛིན་སྔགས་འཆང་བདག་གི་བདེན་པ་དང་། ཆོས་ཉིད་ངོ་བོ་ཀ་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ལོ་སྐེག །ཟླ་སྐེག །ཞག་སྐེག །ཟ་སྐེེག །ཆེ་སྲི། ཆུང་སྲི། དར་སྲི། དུར་སྲི། ནད་སྲི། གོད་སྲི། ཕུང་སྲི་ཐམས་ཅད་དགྲ་དང་བགེགས་ཀྱི་སྟེང་དུ་བཟློག་བཟློག །བྷྱོ་བྷྱོ་མཱ་ར་ཡ་རྦད་རྦད། སྔགས་འདི་བཟླས་པ་ཙམ་གྱིས་སྲི་ཅན་དྲག་པོ་སྔངས་ཤིང་། ཤི་ཁ་བྱེ་བ་སྲི་ལས་ཐར་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། རིག་འཛིན་དང་བྱང་ཆུབ་སེམས་དཔའི་ཚོགས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཁོར་ལོ་འབར་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།སྲུང་འཁོར་འདི་ཀུན་མཁྱེན་ལྔ་པས་མཛད་པའོ། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །

སེང་གདོང་མའི་བཟློག་པ།

༈ སེང་གདོང་བཟློག་པ་ནི། ན་མོ། བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ། །འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་རྣམས་ལ་ཕྱག་འཚལ་ལོ། །ཁྱེད་རྣམས་ལ་ཕྱག་འཚལ་བའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་གི་བདེན་པའི་ཚིག་འདི་འགྲུབ་པར་གྱུར་ཅིག །སྔོན་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་ལྟ་སྒོམ་ཟབ་མོ་ཡིད་ལ་བྱས་ཤིང་། སྔགས་བསྒྲུབ་ཟབ་མོ་ཁ་བཏོན་དུ་བགྱིས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། ཕྱི་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱའི་ངན་སྔགས་ཕྱིར་བཟློག་པ་དེ་བཞིན་དུ། བདག་གིས་ཀྱང་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་ལྟ་སྒོམ་ཟབ་མོ་ཡིད་ལ་བྱས་ཤིང་། སྔགས་བསྒྲུབ་ཟབ་མོ་ཁ་བཏོན་ཏུ་བགྱིས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། དགོས་དཔལ་ལྡན་བླ་མའི་སྐུ་དགྲ། ཁྱད་པར་དུ་རིག་འཛིན་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་རྐྱེན་ཕྱི་ནང་གི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་མི་དང་མི་མ་ཡིན་པའི་གནོད་པ་བསམ་ངན་སྦྱོར་རྩུབ། གཞན་གྱི་བྱད་ཁ་རྦོད་གཏོང་དམོད་ཚིག་གི་སྦྱོར་བ་ངན་པ། ཕ་རོལ་གྱིས་མཐུ་མནན་གཏད་གཟེར་གསུམ་མི་ཁ་བྲ་མཆུ་ལོ་སྐེག་ཟླ་སྐེག་ཞག་སྐེག་ཟ་སྐེག་རྨི་ལམ་ངན་པ་མཚན་མ་ངན་པ། སྤང་བྱ་མི་མཐུན་པའི་ཕྱོགས་ནད་དང་གདོན་དང་རྐྱེན་དང་རིམས་དང་བར་དུ་གཅོད་པ་ཐམས་ཅད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་བཀའ་ཡི་བདེན་པས་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །བརླག་པར་གྱུར་ཅིག །ཧཱུྃ། ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་བྱད་མ་ཐམས་ཅད་ཀུན། །ལུས་སྲོག་ཐལ་བའི་རྡུལ་བཞིན་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །མཁའ་འགྲོའི་གོ་འཕང་མྱུར་ཐོབ་ཤོག །སེང་གདོང་མའི་བཟློག་པ་བསྡུས་པ་ནི། དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། དྲག་མོ་སེངྒེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ། །སེངྒེའི་གདོང་ཅན་ལྷ་མོར་འདུད། ཨ༔ཀ༔ས༔མ༔ར༔ ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་ཁྱེད་ཀྱི་རིག་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་བཅོད་པའི་རྐྱེན་མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག ཁྲོ་མོ་འབར་མའི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐམས་ཅད་ཚར་བཅད་ནས༔ ལུས་ངག་ཐལ་བའི་རྡུལ་དུ་རློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཁྱེད་ཀྱི་རིག་སྔགས་བཟླས་པའི་མཐུས༔ གནོད་བྱེད་མ་ལུས་ཞི་བ་དང༔ ཅི་བསམ་ཡིད་བཞིན་འགྲུབ་པ་དང༔ བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔

རྡོ་རྗེ་སྡེར་མོ།

༈ རྡོ་རྗེ་སྡེར་མོ་བསྡུས་པ་ནི། དཀོན་མཆོག་གསུམ་དང་ཁྲོ་མོ་རྡོ་རྗེ་སྡེར་མོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།བདག་ཅག་ལ་ནད་ཐམས་ཅད་དང་། གདོན་ཐམས་ཅད་དང་། རྐྱེན་ངན་པ་ཐམས་ཅད་དང་། བར་ཆད་ཐམས་ཅད་དང་། བསམ་པ་ངན་ཞིང་སྦྱོར་བ་རྩུབ་པ་དང་། རྗེ་དཔོན་དང་། ཡུལ་མིའི་དགྲ་བདོ་བ་དང་། ཕ་ཚན་དང་། སྤུན་ཟླ་དང་། ཞང་ཉེ་དང་། མ་སྲུ་དང་། གྲོགས་པོ་དང་། མག་པ་དང་། ཚ་བོ་དང་། བྲན་འཁོར་དང་། ཁྱིམ་མཚེས་སོགས་ཀྱིས་དགྲ་སྡང་བ་ཐམས་ཅད་རིགས་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ་། །ཕྱག་རྒྱས་མནན་ནོ། །ན་མཿ ས་མནྟ་བུདྡྷ་ནཾ། ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་ནཱཾ། ༀ་གྷ་གྷ་གྷཱ་ཏཱ་ཡ། གྷཱ་ཏཱ་ཡ། སརྦ་དུཥྟཾ་མཱ་ར་ཡ། བདག་ཅག་ལ་སྔ་དགྲ་ལག་ཏུ་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་་ཁྱི་ལྟར་ཟུགས་པ་ཐམས་ཅད་མཱ་ར་ཡ་རྦད་ཕཊ་ཕཊ། ཀཱི་ལི་ཀཱི་ལི་ལཱ་ཡ། སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ། བཛྲ་དྷ་ར་ཨོད། ཨཛྙཱ་པ་ཡ་ཏི། ཀ་ལ་ཝ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལི་ལཱ་ཡ་ཧཱུཾ་ཕཊ། ༀ་ཨ་ཀྲོ་ཏེ་ཀ་མུངྒ་ར་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ། བི་དྷཾ་ས་ཡ། ཛ་ཊི་ལམྦྷོ་དྷ་རི་ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ། དཔལ་དང་ལྡན་པའི་རྡོ་རྗེ་སྡེར་མོ་ཁྱོད། །མཁའ་མཉམ་བདེ་ལ་རོལ་མཛད་ཁྲོ་མོའི་སྐུ། །ཆགས་པའི་མདངས་ཀྱིས་ཁྲོ་བོའི་སྐུ་ལ་འཁྲིལ། །དཔལ་ལྡན་མཁའ་འགྲོ་ཁྱེད་ལ་ཕྱག་འཚལ་བསྟོད། ར་ག་ཨ་སྱས་སྦྱར་བའོ།། རྡོ་རྗེ་སྡེར་མོ་ཤིན་ཏུ་བསྡུས་པ་ནི། ཧཱུྃ༔ དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ གནོད་མཛེས་སྡེར་མོ་དྲག་ཤུལ་ཅན༔ ཁྱོད་ལ་འདུད་དུ་དགྲ་དཔུང་ཆོམས༔ སྡང་བ་ཐམས་ཅད་མེད་པར་མཛོད༔ ཅེས་པ་འདིའང་མཁའ་སྤྱོད་གླིང་པས་སོ།། །།

ཁ་མཆུ་ནག་པོ།

༄༅། །འཕགས་པ་ཁ་མཆུ་ནག་པོ་ཞི་བར་བྱེད་པའི་མདོ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་ཁ་དུཾ་དྷརྨ་ཏ་པ་ཡེ་ན་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཀོ་ས་ལ་ན་འཁོར་མང་པོ་ལ་ཆོས་སྟོན་ཏོ། །དེའི་ཚེ་ཁྱིམ་བདག་མཛེས་ལྡན་ཞེས་བྱ་བ་འཁོར་དང་བཅས་ཏེ་འདུས་པར་གྱུར་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སྟོན་པ་བཅོམ་ལྡན་འདས། བདག་ཅག་ཡུལ་འདིར་མཆིས་པ་རྣམས་ལ་རྒྱལ་པོའི་ཆད་པ་དང་། ཡུལ་གཞན་གྱི་མིས་རྩོད་པ་དང་། སྐྱེ་བོ་ཕལ་པས་མཚང་འབྲུ་བ་དང་། དགྲ་རྣམས་ཀྱིས་ཁ་མཆུ་རྩོད་པའི་འཇིགས་པ་དག་མཆིས་ན། བཅོམ་ལྡན་འདས་ཀྱིས་བདག་འཇིགས་པ་དེ་དག་ལས་བསྲུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཁ་མཆུའི་འཇིགས་པ་ལ་མ་སྐྲག་ཅིག །ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བའི་མདོ་ཡོད་ཀྱིས། དེ་ཁྱོད་ལ་རྣམ་པར་ཕྱེ་ལ་བསྟན་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རིགས་ལྔའི་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ། མ་ཧཱ་མུ་ནེ་རཀྵ། སརྦ་པུཥྚིཾ་ཀུ་རུ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན། ཨ་དྷིཥྛཱི་ཏེ། མ་མ་སརྦ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཁ་དུཾ་རཀྵ། ཨོཾ་ཁ་མཆུ་སོད། ཏྲ་རཀྵ། ཨོཾ་ཎི་ཝ་ར་ས་ན་རཀྵ། ཧ་ར་ཧ་ར་རཀྵ་རཀྵ་སྭཱ་ཧཱ། ཁྱིམ་བདག་མཛེས་ལྡན་ཁྱོད་ཀྱིས་གཟུངས་འདི་ཆོངས་ཤིག །ཀློགས་ཤིག །སྟོན་ཅིག །རྒྱལ་པོའི་ཆད་པ་དང་། རྩོད་པ་དང་། འཐབ་པ་དང་། མཚང་འབྲུ་བ་ལ་སོགས་པའི་རྒོལ་བ་ངན་པ་ཐམས་ཅད་བཟློག་པར་འགྱུར་རོ། །རིག་སྔགས་འདི་བརྗོད་པར་བྱའོ། །ཏདྱཐཱ། ཨོཾ་བཛྲ་པཱ་ཎི་མ་མ་རཀྵ་རཀྵ། ཨོཾ་བྷྱོ་བཟློག་ཁ་མཆུ་མཱ་ར་ཡ་ཕཊ། ས་མ་ཡ་དུ་རཀྵ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བདག་འཁོར་དང་བཅས་པ་ལ་ཡས་ཀྱི་བདུད་གཡོས་པ་དང་། ཕ་ཁུའི་བྱུར་འདྲེ་དང་། དགྲ་བོ་དང་། ཉེ་དུའི་ལན་ཆགས་དང་། ལོ་ངན་པའི་སྐེག་དང་། ཟླ་བའི་སྐེག་དང་། བཀྲ་མི་ཤིས་པ་དང་། སྐྱེ་བོའི་རྩོད་པ་དང་།རྒྱལ་པོའི་ཆད་པ་དང་། མཚང་འབྲུ་བ་དང་། ཁ་མཆུ་རྩོད་པ་དང་། ངན་སེམས་དང་། བསམ་པ་ངན་པའི་གྲོགས་དང་། མིག་བལྟས་ངན་པ་དང་། གདོན་ཐམས་ཅད་བཟློག་པར་འགྱུར་རོ། །སྡང་བ་རྣམས་འདུལ་དུ་གསོལ། ཁ་མཆུ་དང་། བྱོལ་ཟོར་དང་། རྦོད་གཏོང་དང་། རིམས་དང་། ལྟས་ངན་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རིགས་ཀྱི་བུ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །ངས་ཀྱང་དེ་ལྟར་བཤད་པར་བྱའོ། །འདི་རབ་ཏུ་ཟུངས་ལ་རྒྱུན་དུ་ཐོན་ཅིག །འཇིགས་པ་ཐམས་ཅད་སེལ་བར་འགྱུར་རོ། །ཁ་མཆུ་དང་ལྟས་ངན་པ་ཐམས་ཅད་བཟློག་པར་འགྱུར་རོ། །ནད་དང་། གདོན་དང་།འབྱུང་པོ་དང་། ལོ་སྐེག་དང་། ཟླ་སྐེག་དང་། མོ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་བཟུང་བར་བགྱི་ཞེས་གསོལ་པ་དང་། བཀའ་སྩལ་པ། འཇམ་དཔལ་འདི་ནི་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བར་ཟུངས་ཤིག །དེ་ནས་འཇམ་དཔལ་གྱིས་གསོལ་པ། ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་མདོ་སྡེ་ཟབ་མོ་འདི་འཆང་བ་དང་ཀློག་པའི་མི་དེ་ལ་བདག་གིས་བསྲུང་བར་བགྱིའོ། །བསྐྱབ་པར་བགྱིའོ། །སྨྲ་བ་ན་ཚིག་རྩུབ་ཐུབ་པར་བགྱིའོ། །བཀའ་སྩལ་པ། གང་ཞིག་གཞན་དང་ཁ་མཆུ་རྩོད་པའི་ཚེ། མདོ་འདི་ལན་བདུན་བཀླགས་ཏེ། འཕགས་པ་འཇམ་དཔལ་ཡིད་ལ་བསྒོམས་ཏེ་སོང་ན། ཕ་རོལ་གྱི་རྩོད་པ་ཐམས་ཅད་འཇོམས་སོ། །རང་གི་ཚིག་བཙུན་པར་འགྱུར་རོ། །སྨྲས་པ་ལ་གཞན་ཡིད་ཆེས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཁྱིམ་བདག་མཛེས་ལྡན་དང་། འཁོར་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བ་ཐེག་ཆེན་པོའི་མདོ་རྫོགས་སོ།། །།

མི་ཁ་དགྲ་བཟློག

༄༅། །མི་ཁ་དགྲ་བཟློག་མདོར་བསྡུས་བཞུགས་སོ། །རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ལྗང་གུ་འཕྲོས་པས་གཏམ་ངན་མི་ཁ་ཐམས་ཅད་བཟློག་པར་གྱུར། ཨོཾ་ཨཱཿཧུར་ཐུམ་མི་ཁ་གཏམ་ངན་ཐམས་ཅད་བཟློག །རི་ལི་རི་ལི། ཨོཾ་མ་ཧཱ་དྷེ་ཝ་དགྲ་བོ་ནྲྀ་ཏྲི་ནི་སྲོག་ལ་རྦད་ཆོད། བྷྱོ་མི་ཁ་ངན་པ་བསྒྱུར། མི་ཁ་ངན་པ་དགྲ་བོ་མཱ་ར་ཡ། ཐུཾ་ཐུཾ། ཤིག་ཤིག །རྦད་རྦད། དྲིལ་དྲིལ། བྷྱོ་བྷྱོ་བཟློག །བརྒྱ་ཡི་མི་ཁ་བཟློག །སྟོང་གི་ཁ་མཆུ་བཟློག །བརྒྱ་ཁ་ཡེར་ཡེར་བཟློག །སྟོང་ཁ་མེར་མེར་བཟློག། ནད་བཟློག །ཡམས་བཟློག །དགྲ་སྣ་བཟློག །གྱོད་སྣ་བཟློག །གདོན་སྣ་བཟློག །རྐུན་སྣ་བཟློག །དམག་སྣ་བཟློག །ཉི་མ་ཕྱོགས་བཞི་མཚམས་ཀྱི་མི་ཁ་གཏམ་ངན་ཐམས་ཅད་བཟློག །ངན་སེམས་ཚུར་ལ་འཆང་བའི་དགྲ་བོ་ཐམས་ཅད་རྦད་རྦད། དྲིལ་དྲིལ། ཐུཾ་ཐུཾ། ཤིག་ཤིག །བྷྱོ་བྷྱོ། བཟློག་བཟློག །བྷྱོ་བཟློག་ཅིག །ཅེས་པ་འདི་ཀརྨ་ར་ག་ཨ་སྱེས་སྦྱར་བ་དགེ།

ཕུང་པོ་གསུམ་པའི་མདོ།

༄༅། །འཕགས་པ་ཕུང་པོ་གསུམ་པའི་མདོ་བཞུགས་སོ། །སེམས་ཅན་ཐམས་ཅད་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་བཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེའི་སྙིང་པོ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་བཟང་ལ་ཕྱག་འཚལ་ལོ། །ཙནྡན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་དཔལ་ལ་ཕྱག་འཚལ་ལོ། མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ་ཕྱག་འཚལ་ལོ། །དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པ་གཤེགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པདྨོས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨ་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མ་དང་།ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ། སྡིག་པའི་ལས་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་འཕྲོག་པ་དང་། འཕྲོག་ཏུ་བསྩལ་པ་དང་། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པ་ལ་ཞུགས་པ་དང་། འཇུག་ཏུ་བསྩལ་བ་དང་། ཞུགས་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བར་མཆི་བའམ། དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ། ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པར་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ། །བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ། བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་།ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་ནི་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །༈ བྱང་ཆུབ་སེམས་དཔའ་གང་དག་སྙིང་རྗེའི་སྟོབས་ལྡན་ཞིང་། །དཔའ་བོས་སེམས་ཅན་ཀུན་ལ་ཕན་ཞིང་སྐྱོབ་བྱེད་པ། །དེ་དག་ཀུན་གྱི་སྐྱབས་མེད་སྡིག་ཅན་བདག་ལ་སྐྱོབས། །བྱང་ཆུབ་སེམས་དཔའ་དེ་དག་རྣམས་ལའང་བདག་སྐྱབས་མཆི། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །མི་དགེ་བཅུ་པོ་སོ་སོར་བཤགས། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་ལྟུང་བ་བཤགས་པ་འདི་བཏོན་པས། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །

དཀར་གསུར་ཞིང་ཁམས་ཀུན་ཁྱབ།

༄༅། །དཀར་གསུར་ཞིང་ཁམས་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །དཀར་གསུར་ཞིང་ཁམས་ཀུན་ཁྱབ་ཅེས་བྱ་བ། དཀར་ཕྱེ་གཙང་མ་མར་དཀར་གྱི་ཁུ་བས་སྦགས་པ་སྣུམ་བག་ཅན་གྱི་ཁྲོད། ཤིང་ཏོག །དཀར་གསུམ། མངར་གསུམ། རིན་པོ་ཆེ་བདུད་རྩིའི་ཕུར་མ་སོགས་ཀྱང་བཏགས་ནས་འདྲེས་པར་བྱས་པ་སོལ་མེ་དང་། སོ་ཏོག་ལ་སོགས་མ་ཡིན་པའི་མེ་ཐལ་འཇམ་པོ་ལ་བཏབ། ཆུ་གཙང་ཁོ་ནས་བྲན། རང་ཉིད་ཇོ་བོ་ཁ་སར་པཱ་ཎིར་གསལ། སྐྱབས་སེམས། སངས་རྒྱས་ཆོས་དང་སོགས་ལན་གསུམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་ཇོ་བོ་ཁ་སར་པ་ཎིའི་སྐུ། །བཞེངས་སྟབས་ཕྱག་གཡས་མཆོག་སྦྱིན་ཅན་གསལ་བའི། །མདུན་དུ་རྣམ་པར་སྣང་མཛད་གང་ཆེན་འཚོ། །སྐུ་ལ་ཞིང་ཁམས་རྫོགས་པའི་གཙུག་ཏོར་ནས། །མགྲིན་པ་ཡན་ཆད་དཀོན་མཆོག་སྲི་ཞུའི་མགྲོན། །དེ་ཡི་ཐུགས་ཀ་ལྟེ་བའི་བར་དག་ལ། །མགོན་པོ་ཡོན་ཏན་སྐུ་སྨད་སྙིང་རྗེའི་མགྲོན། །པད་གདན་བགེགས་རིགས་ལན་ཆགས་གསལ་བ་ལས། །ཐུགས་ཀར་ཡི་གེ་དྲུག་མའི་འོད་ཟེར་གྱིས། །མཆོད་ཡུལ་མཉེས་བྱས་སྦྱིན་ཡུལ་སྡིག་སྒྲིབ་སྦྱངས། །ཁམས་གསུམ་མ་ལུས་དག་པའི་ཞིང་དུ་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བརྒྱ་རྩ་བརྗོད།ན་མོ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཞིང་ཁམས་རྒྱ་མཚོའི་མགྲོན་རིགས་མཆོག་དམན་ཐམས་ཅད་བྱོན་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། དུ་བ་འདི་འདོད་ཡོན་གྱི་ལྷ་མོ་གཟུགས་རྡོ་རྗེ་མ་མཛེས་ཤིང་ལྟ་ན་སྡུག་པ། དབྱངས་སྙན་པ། དྲི་ཞིམ་པ། རེག་བྱ་འཇམ་པ། ཕྱག་གཉིས་ན་ལྷའི་བདུད་རྩི་རོ་བརྒྱ་དང་ལྡན་པའི་བུམ་པ་བསྣམས་ནས་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པར་སྤྲོ་ཞིང་། སྣོད་བཅུད་ཀྱི་ཉམས་གྲིབ་དང་རྨུག་པ་དག་པར་བྱེད་པའི་སྤྱི་གཙུག་ན་སངས་རྒྱས་རིན་ཆེན་མངས་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ་བ་སེལ་ཞིང་། འདོད་ཡོན་གྱི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་དུ་སྤྲུལ་པར་གྱུར། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱཿ སརྦ་ཏཏ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། ན་མོ། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་དམ་པ་མ་ཚང་བ་མེད་པ་རྣམས་དང་། ཐེག་པ་རིམ་པ་དགུ། མདོ་སྒྱུ་སེམས་གསུམ། སྒྲུབ་སྡེ་བཀའ་བརྒྱད། རྒྱུད་སྡེ་ཕྱི་ནང་། དུས་ཀྱི་འཁོར་ལོ་ལ་སོགས་ཕྱི་ནང་གཞན་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བསམ་ཡས་གྲངས་མེད་པ་ལ་འབུལ་ལོ། །བདག་གི་རིག་འཛིན་གྱི་སྡོམ་པ་དང་དམ་ཚིག་ལ་ཉེས་པའི་སྐྱོན་བྱུང་བ་ཐམས་ཅད་སོར་ཆུད་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་ཨཱཿཧཱུྃ། ཕྱི་སྣོད་ཀྱི་འཇིག་རྟེན་ཡུམ་ལྔའི་རང་བཞིན། ནང་བཅུད་ཀྱི་སེམས་ཅན་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད། མཁའ་སྤྱོད་དང་ས་སྤྱོད་ཀྱི་བདག་པོ་དཔལ་ལྡན་རྡོ་རྗེ་ཕག་མོ། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། ཁྲོས་མ་ནག་མོ་དང་སེང་གེའི་གདོང་ཅན། ཀུ་རུ་ཀུལླེ་དང་འོད་ཟེར་ཅན། དཔལ་དང་ནོར་རྒྱུན་མ། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། ཁྲོ་གཉེར་ཅན་དང་རི་ཁྲོད་མ། ཡུམ་ཆེན་མོ་ལ་སོགས་ཏེ་གསང་སྔགས་དང་རིག་སྔགས་གཟུངས་སྔགས་ཀྱི་ལྷ་མོ་རྣམས་ལ་འབུལ་ལོ། །བདག་གི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ནས་ཕྲིན་ལས་རྣམ་པ་བཞི་ཐོགས་མེད་དུ་འགྲུབ་པ་དང་། འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་ཞིང་ལམ་སྣ་དང་བསུ་མ་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཚོན་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས། སངས་རྒྱས་དགའ་བའི་དཔལ་ལ་སོགས་ཕྱོགས་བཅུ་དང་། མར་མེ་མཛད་དང་རྣམ་གཟིགས་ལ་སོགས་དུས་གསུམ་གྱི་སངས་རྒྱས། མཆོག་ཟུང་དང་། སྒྲ་གཅན་འཛིན་ལ་སོགས་ཉན་ཐོས་ཀྱི་དགེ་འདུན་ཟུང་བཞི་ཡ་བརྒྱད། རང་སངས་རྒྱས་རིགས་གཉིས། གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དགྲ་བཅོམ་པའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་གིས་སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་ཐམས་ཅད་སོར་ཆུད་ནས་ངན་སོང་གསུམ་དང་མི་ཁོམ་པའི་གནས་རིས་ལས་ཐར་ཏེ་ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཅིག ། ཨོཾ་ཨཱཿཧཱུྃ། འཕགས་པ་འཇམ་དཔལ་གྱིས་མཚོན་བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བའི་སྲས་བརྒྱད་རྡོ་རྗེ་སྙིང་པོ་དང་། བློ་གྲོས་མི་ཟད་པ་ལ་སོགས་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག །ཆོས་འཕགས་དང་། རྟག་ཏུ་ངུ་ལ་སོགས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་རྣམས་ལ་འབུལ་ལོ། །བདག་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་ལྟུང་བའི་ཉམས་སུ་མྱོང་བ་མཐའ་དག་ལྷག་མེད་དུ་བྱང་ནས་ཐེག་པ་ཆེན་པོའི་ལམ་ལ་བར་ཆད་མེད་པར་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྐྱོང་མ་མགོན་ལྕམ་དྲལ། དཔལ་མགོན་བདུན་ཅུ་རྩ་ལྔ། དྲེགས་པ་ཕོ་རྒྱུད་མོ་རྒྱུད། ལྷ་ཀླུ་ཡུལ་ལྷ་གཞི་བདག །འཛམ་བུ་གླིང་དང་གངས་ཅན་ན་གནས་པའི་དགེ་བསྙེན་དཀར་ཕྱོགས་སྐྱོང་བའི་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་ཕོབས། ནད་མུག་འཁྲུགས་རྩོད་སོལ། རྣལ་འབྱོར་པ་བདག་ཅག་ཆོས་སྒྲུབ་པའི་བར་ཆད་སྲུང་ཞིང་ཡོན་བདག་དང་གནས་མལ་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ། གཞན་ཡང་ལྷ་ཀླུ་མི་དང་བྲམ་ཟེའི་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས། གནོད་སྦྱིན་ཛམ་བྷ་ལ། ལྷན་ཅིག་སྐྱེས་པའི་ལྷ་འགོ་བའི་ལྷ་ལྔ། ཁྱིམ་ལྷ་དང་ཞིང་ལྷ་ལ་སོགས་ཁ་རྗེ་དང་དབང་ཐང་བསྐྱེད་པའི་ལྷ་འབྱུང་བ་བཞི་དང་རི་དང་ནགས་ཚལ་གྱི་ལྷ་རྣམས་ལ་འབུལ་ལོ། །བདག་གི་ལེགས་པ་དང་དཀར་པོའི་ཕྱོགས་ཐམས་ཅད་བསྐྱེད་པའི་སྡོངས་གྲོགས་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ། དྲི་ཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་། གླུ་དང་གར་ལ་སྲེད་པའི་དྲི་ཟ་རབ་དགའ། མིའམ་ཅིའི་གྲོང་ཁྱེར་བར་སྣང་ལ་གནས་བཅས་པའི་སྡེ་ཚན་གྱིས་མཚོན་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། ལན་ཆགས་ཤ་འཁོན་ཆགས་པའི་རིགས། འཕྲོག་མ་མ་བུ་ལྔ་བརྒྱ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་བཅས་པའི་ཚོགས་ལ་འབུལ་ལོ། །གདོན་དང་གནོད་པ་མ་མཛད། ཁ་རྗེ་དང་དབང་ཐང་མ་འཕྲོག །རུ་ང་དང་གདུག་རྩུབ་སྤོངས་ཤིག །ཨོཾ་ཨཱཿཧཱུྃ། ཁྱད་པར་དུ་འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་དང་། དབུལ་ཞིང་ཕོངས་པར་གྱུར་པའི་ཡི་དྭགས་སྡེ་ཚན་གཉིས། ཁ་སང་ད་ནངས་སམ། ན་ནིང་གི་ལོ་ཟླ་ཞག་དུས་ནས་སྔ་མའི་ལུས་རྟེན་བོར། ཕྱི་མའི་ལུས་རྟེན་མ་རྙེད། སྲིད་པ་བར་མ་དོར་ཉམ་ང་བའི་འཕྲང་ལ་སྐྱབས་དང་སྐྱོབ་པ་མེད་པ། མགོན་དང་དཔུང་གཉེན་མེད་པ། སྔོན་གྱི་བསགས་རྒྱབ་མེད་པ། དགེ་བའི་ར་མདའ་ཉུང་བ། མིང་བཞི་འདུས་པའི་ཕུང་པོ། ཚོར་བ་སྡུག་བསྔལ་གྱི་རང་བཞིན། འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ། འཁྱགས་ལྟོགས་སྐོམ་གསུམ་གྱིས་གདུང་བ། ཚེ་ཚད་ལ་ངེས་པ་མེད་པར། བྱ་སྒྲོ་རླུང་གིས་བཏེགས་པ་བཞིན། གར་འགྲོའི་རང་དབང་དང་བྲལ་བའི་བར་དོའི་སེམས་ཅན་ཆེ་གེ་མོས་གཙོར་བྱས་པའི་བར་དོར་གནས་པ་ཐམས་ཅད་ལ་འབུལ་ལོ། །གནས་གྲོགས་ལོངས་སྤྱོད་བཟའ་བཏུང་ཕུན་སུམ་ཚོགས་པ་དང་ཕྲད་ནས་བག་ཕེབས་པར་གྱུར་ཅིག །དེ་ལྟར་གྱུར་པའི་མོད་ལ་འཕགས་པ་སྤྱན་རས་གཟིགས་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་མཐོང་ནས་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས། འཁྲུལ་སྣང་རྒྱས་ཐེབས། བླ་མ་དང་དཀོན་མཆོག་ཡི་དམ་དང་ལྟ་བ་རྗེས་སུ་དྲན་ཏེ། ལས་ངན་པའི་སྒྲིབ་པ་སྐད་ཅིག་ལ་དག་ནས་རིག་པ་ལ་རང་དབང་ཐོབ། བདེ་བ་ཅན་དང་པདྨ་འོད་ལ་སོགས་པའི་ཞིང་ཁམས་ཁྱད་པར་ཅན་བཙན་ཐབས་སུ་བགྲོད་ནུས་པར་ཤོག་ཅིག །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག། ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས། འདོད་ཡོན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་ཆོས་སྦྱིན་དང་བསྔོ་སྨོན་ཀྱང་བྱའོ། །རང་བྱུང་རྡོ་རྗེས་གཞན་ལ་ཕན་པའི་བློས་བཀོད་པའོ། །

གདོན་བགེགས་འབྱུང་པོའི་གསུར་བསྔོ།

༄༅། །གདོན་བགེགས་འབྱུང་པོའི་གསུར་བསྔོ་རྐྱེན་ངན་ཀུན་གྲོལ་བཞུགས་སོ། །ཕྱེ་མར་ཤ་ཁྲག་སོགས་ཟས་སྣ་གང་འཛོམ་མེར་བསྲེགས་ཏེ་ཆབ་བྲན་ལ། དམ་རྫས་མྱོང་གྲོལ་ཡོད་ན་ཅུང་ཟད་བསྲེས་ན་བཟང་བས། མཆན། རང་ཉིད་སྤྱན་རས་གཟིགས་སུ་བསྒོམས་ནས། དམིགས་ཡུལ་རྣམས་ལ་སྙིང་རྗེ་དྲག་ཏུ་བསྐྱེད་དེ། ཨོཾ་ཨཱཿཧཱུྃ། ན་མཿ སརྦ་ཏ་ཐཱ་ག་ཏ་སོགས། སཾ་བྷ་ར་བདུན་དང་མཚན་བཞི་བརྗོད་པས། དམིགས་ཡུལ་རྣམས་ཀྱིས་ཅི་འདོད་པའི་ལོངས་སྤྱོད་འཛད་མེད་བདེ་བ་ཆེན་པོར་བྱིན་གྱིས་བརླབས་ལ། ཧོཿ གསུར་མཆོད་འདོད་ཡོན་དྲུག་ལྡན་པ། །རང་རང་ཡིད་ལ་གང་འདོད་སྤྲིན། །གནམ་ས་བར་སྣང་ཀུན་ཁྱབ་ཅིང་། །འཛད་མེད་བདེ་བའི་གཏེར་ཆེན་འདི། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་དང་། །ཁྱད་པར་ཕྱོགས་འདིར་རྒྱུ་བ་ཡི། །བགེགས་རིགས་ལན་ཆགས་ཤ་འཁོན་ཅན། །ཟ་འདྲེ་ཤི་གཤེད་གྲི་ཕོ་མོ། །ནད་བདག་རིམས་བདག་གོད་ཁའི་བདག །ཡུལ་འདྲེ་རྦད་འདྲེ་ཉེ་དུའི་འདྲེ། །ཆགས་དང་འཇུངས་པའི་འདུ་ཤེས་ཀྱིས། །མི་དང་ནོར་ཕྱིར་འབྲང་བའམ། །ཕྲག་དོག་སྡང་བའི་བསམ་པ་ཡིས། །གནོད་པ་རྩོམ་པའི་རིགས་ཀུན་དང་། །དྲི་ཟ་སྲིད་པ་བར་མའི་འགྲོ། །ལྟོགས་འགོང་བསེ་རགས་ཡི་དྭགས་རིགས། །སྲིད་པར་ལས་ཀྱི་དབང་སོང་བས། །སྣ་ཚོགས་གཟུགས་ཅན་ཀུན་ཏུ་རྒྱུ། །སྣ་ཚོགས་ཟས་ཅན་ཡོངས་ཚུལ་ཅན། །བསམ་སྦྱོར་སྣ་ཚོགས་མི་འདྲ་བ། །གནོད་པ་སྣ་ཚོགས་ཀུན་ཏུ་སྦྱོར། །དབང་ཆེན་དབང་ཆུང་སྣ་ཚོགས་པའི། །གདོན་བགེགས་འབྱུང་པོ་ཐམས་ཅད་ལ། །ཕམ་རྒྱལ་ཕྱོགས་ལྷུང་མེད་པ་ཡི། །འདོད་རྒུ་མི་ཟད་གཏེར་དུ་བསྔོ། །ཡིད་ལ་ཅི་འདོད་ཐོབ་གྱུར་ནས། །གནོད་འཚེ་གདུག་རྩུབ་ཀུན་ཞི་ཞིང་། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །སྲོག་ལ་རློམ་ཞིང་བླ་ལ་འཇབ། །ནོར་ལ་རྔམ་ཞིང་ཟས་ལ་རྐུ། །དཔལ་ལ་གནོད་པའི་འབྱུང་པོ་རྣམས། །མཆོད་སྦྱིན་འདི་ཡིས་ཚིམ་གྱུར་ཅིག །ཚེ་རབས་ལན་ཆགས་བྱང་གྱུར་ཅིག །ཤ་འཁོན་སྡིག་སྒྲིབ་དག་གྱུར་ཅིག །སྡུག་བསྔལ་ཉོན་མོངས་ཞི་གྱུར་ཅིག །བདག་གི་མཆོད་སྦྱིན་འདི་བསྔོས་པས། །འབྱུང་པོའི་ཚོགས་ཀུན་ཚིམ་གྱུར་ནས། །བདག་དང་སེམས་ཅན་ཐམས་ཅད་ཀུན། །དུས་མིན་འཆི་དང་ནད་ལ་སོགས། །འགལ་རྐྱེན་ཀུན་དང་བྲལ་གྱུར་ཅིག །རེ་ཞིང་ཆགས་རྣམས་གཏན་དུ་ཚིམ། །ལུས་གདོན་གནས་གདོན་སོགས་ལས་གྲོལ། །འདོད་དོན་བར་ཆད་མ་ལུས་ཞི། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །མཉམ་ཉིད་བྱང་ཆུབ་སེམས་ཀྱི་མཐུས། །གནོད་བྱ་གནོད་བྱེད་ཐམས་ཅད་ཀུན། །ཆོས་དབྱིངས་བདེ་བ་ཆེན་པོའི་ངང་། །དབྱེར་མེད་སངས་རྒྱས་ཐོབ་པར་ཤོག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །ཟག་མེད་འདོད་ཡོན་དྲུག་ལྡན་ལ། །ཞེན་མེད་ཚུལ་དུ་ལོངས་སྤྱོད་ནས། །བདག་མེད་མཉམ་པའི་དོན་རྟོགས་ཏེ། །སྐྱེ་མེད་ཆོས་སྐུ་ཐོབ་པར་ཤོག །བདག་གི་བསམ་པའི་སྟོབས་དག་དང་། རྣམ་སྣང་མངོན་བྱང་ལས་སོ། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོགས་པས། །དོན་རྣམས་གང་དག་བསམ་པ་ཀུན། །འཇིག་རྟེན་ཁམས་ནི་མ་ལུས་འདིར། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཁམས་གསུམ་དག་པའི་ཞིང་། །སྲིད་གསུམ་ཐུགས་རྗེའི་མགྲོན། །མ་ལུས་ཁྱབ་པའི་ཟས། །ཆོས་ཉིད་རྟོགས་པའི་མཐུས། །མི་ཟད་གཏེར་དུ་བསྔོ། །ཞེས་བྱ་ལ་དམིགས་འདུན་དེ་དང་མ་བྲལ་བའི་ངང་ནས། ཨོཾ་ཨཱཿཧཱུྃ། ཅི་རིགས་དང་། མ་ཎི་བརྒྱ་རྩ་བགྲངས་ནས། སྦྱིན་པ་རྒྱ་ཆེན་སོགས་ནས། སྐྱེ་དགུ་འདི་དག་སྦྱིན་པས་གྲོལ་གྱུར་ཅིག །སོགས་སྨོན་ལམ་དང་། འབྱུང་པོ་གང་དག་འདིར་ནི་སོགས་དང་། བགེགས་རིགས་སྟོང་ཕྲག་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པར་བྱའོ། །འདི་ནི་སྦྱིན་པའི་ཕར་ཕྱིན་རྫོགས་པ་དང་། བར་ཆད་ཞི་བའི་ཐབས་ཁྱད་པར་ཅན་ཡིན་པས་སུས་ཀྱང་ཉམས་སུ་བླང་བར་བྱ་ལ། ལྷག་པར་དུས་ངན་གྱི་སེམས་ཅན་རྣམས་བརྣབ་སེམས་དང་སྐམ་ཆགས་འཕེལ་བའི་སྐབས་སུ། ཟ་འདྲེ་འགོང་པོ་མང་ཞིང་། མི་ཕྱུགས་ལ་འཚེ་བ་དང་། ལོངས་སྤྱོད་ལ་གནོད་པ་མང་བའི་དུས་དང་། ཟས་ནོར་གྱི་ཕྱིར་དུ་ཡུལ་སྣ་ཚོགས་སུ་རྒྱུ་བའི་སྐབས་དང་། ནད་རིམས་ཕྱུགས་གོད་མང་ཞིང་རྨི་ལམ་ངན་པའི་སྐབས་དང་། གཅན་སྤྱང་བྱི་བ་སོགས་ཀྱིས་གནོད་པ་དང་། འདྲེ་གནོད་དང་འདྲེ་དོགས་ཆེ་བའི་སྐབས་སོགས་སུ་བྱས་ན་བར་ཆད་དང་གནོད་པ་ཞི། རྒྱུན་དང་སྐབས་སུ་སྙིང་རྗེའི་ཀུན་ནས་བསླང་ཏེ་བྱས་ན་འཆི་བ་བསླུ། ནད་གདོན་བྲལ། སྲིས་རྨེ་ཞི་མཐུན་རྐྱེན་འཕེལ། ཚོགས་རྫོགས་པ་སོགས་རང་གཞན་ལ་འཕྲལ་དང་ཡུན་གྱི་ཕན་པའི་དགོས་པ་དུ་མ་ཡོད་པ་ནི་སྨོས་མ་དགོས་པས་ནན་ཏན་བྱའོ། །ཞེས་པའང་རྒྱ་སྟོད་དབང་ཕུག་ཏུ་རྨི་ལམ་རྐྱེན་ལས་ཕྱིར་ནང་ཟླ་བ་བཅུ་པའི་ཚེས་བཅོ་བརྒྱད་ལ་མི་ཕམ་པས་ཕན་སེམས་ཀྱིས་བྲིས་པ་དགེ་བར་གྱུར་ཅིག །

དཔལ་སྤྲུལ་གསུར་མོ་ཆེ།

༄༅། །གསུར་མཆོད་བདུད་རྩིའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། སྲེག་བྱེད་མེའི་དཀྱིལ་འཁོར་རྣམ་པར་དག་པའི་འོད་སྣང་དང་འདྲེས་པའི་དུ་བ་ཡེ་ཤེས་ཀྱི་བདུད་རྩིའི་སྤྲིན་ཆེན་པོ། རྒྱལ་བ་དགྱེས་པའི་མཆོད་སྤྲིན། འགྲོ་དྲུག་ཚིམ་པའི་ལོངས་སྤྱོད། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་དང་ནམ་མཁའ་མཛོད་ཀྱི་ཡོ་བྱད་ལས་བྱུང་བ། རྒྱལ་བ་སྲས་དང་བཅས་པའི་བདེན་པའི་ཚིག་དང་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་བརླབས་ཤིང་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་རང་བཞིན་དུ་གྱུར་ཅིག ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ཀྱི་བྱིན་གྱིས་བརླབ། ན་མོཿ རྒྱལ་བ་རྣམས་ཀྱི་ཐུགས་རྗེ་བསླུ་བ་མེད། །བསོད་ནམས་ཞིང་དུ་རྫུ་འཕྲུལ་སྟོབས་ཀྱིས་བྱོན། །སེམས་དཔའ་མཆོག་རྣམས་གཞན་དོན་རྟག་ཏུ་དགོངས། །ཡིད་ཀྱི་ཤུགས་ལྟར་འདིར་ནི་གཤེགས་མཛད་ནས། །སྲས་བཅས་རྒྱལ་བ་རྣམས་ཀྱི་བདེན་སྟོབས་ཀྱིས། །ལན་ཆགས་སྙིང་རྗེའི་མགྲོན་རྣམས་མཆིས་གྱུར་ཅིག །བཛྲ་ས་མ་ཡ་ཛཿ ཨོཾ་ཨཱཿཧཱུྃ། སངས་རྒྱས་སྐུ་གསུམ་གྱི་ལྷ་ཚོགས་སྙིང་རྗེ་ཆེན་པོའི་རྒྱུ་ལས་འཁྲུངས་པ། སྨོན་ལམ་རྣམ་པར་དག་པ་ལ་མངའ་མཛད་པ། ཉིན་མཚན་དུས་དྲུག་ཏུ་ཐུགས་རྗེས་སེམས་ཅན་ལ་གཟིགས་ཤིང་རྟག་ཏུ་ཕན་པ་འབའ་ཞིག་དགོངས་པ། ཞི་ཁྲོ་ཕྲ་མེན་ལ་སོགས་སྐུའི་རྣམ་འཕྲུལ། ཟབ་དང་རྒྱ་ཆེ་བ་གསུང་གི་རྣམ་འཕྲུལ། མངོན་ཤེས་བསམ་གྱིས་མི་ཁྱབ་པ་ཐུགས་ཀྱི་རྣམ་འཕྲུལ་ལ་རོལ་པ་ཁྱེད་རྣམས་ལ་ཐོགས་མེད་ཀྱི་གཟིགས་པ་མངའ། ཐབས་མཁས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་ལགས་པས། གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩིར་དགྱེས་ཤིང་བཞེས་ནས་ཚོགས་གཉིས་ཀྱི་སྟོབས་ཀྱིས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྒྱལ་བ་རྣམས་ཀྱི་གདུང་འཚོབ་པ། སེམས་ཅན་རྣམས་ཀྱི་མགོན་མཛད་པ། །གྲངས་མེད་ཀྱི་ཞིང་དུ་སྤྲུལ་པས་རོལ་པ། མངོན་ཤེས་དང་ཡེ་ཤེས་ཚད་མེད་པ་ལ་དབང་བ་རྣམས་ཀྱང་། གསུར་མཆོད་བདུད་རྩིའི་རང་བཞིན་འདི་ཉིད་ཀྱི་མཐུས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཞེས་ལ། འཇམ་དཔལ་དབྱངས་ཀྱི་མཁྱེན་པ། ཕྱག་ན་རྡོ་རྗེའི་ནུས་སྟོབས། སྤྱན་རས་གཟིགས་ཀྱི་སྙིང་རྗེ། ཀུན་ཏུ་བཟང་པོའི་སྤྱོད་པ། ནམ་མཁའ་མཛོད་ཀྱི་ལོངས་སྤྱོད། བྱམས་པ་མགོན་པོའི་རྣམ་ཐར། རྒྱལ་སྲས་རྣམས་ཀྱི་ཐུགས་བསྐྱེད་ངོ་མཚར་བླ་ན་མེད་པ་སྲིད་ཞིའི་ཁམས་ན་མཚུངས་པ་མེད་པའི་བདེན་པ་དང་། བདེན་པའི་ཚིག་དེས་བདག་གི་མཆོད་སྦྱིན་བཟང་ཞིང་འབྱོར་པ་ཁྱབ་ཆེ་བས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཚིམ་པར་བྱེད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཨཱཿཧཱུྃ། ཉན་ཐོས་དང་རང་རྒྱལ། དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བྱས་པ། ཁུར་བོར་བ། གསོག་འཇོག་སྤངས་པ། སྲིད་པ་ལས་འདས་པའི་ཡེ་ཤེས་བརྙེས་པ་རྣམས་ཀྱང་བདག་གི་བསམ་པ་རྣམ་པར་དག་པས་སྦྱར་བའི་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདིས་བསོད་སྙོམ་གྱི་བྱ་བ་མཛད་ནས། བདག་གི་ཡོན་བསྔོ་བ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ། གསང་སྔགས་དང་རིགས་སྔགས་གཟུངས་སྔགས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་གཙོ་བོ་དང་གཙོ་མོ། འཁོར་དང་སྤྲུལ་པ་བཀའ་ཉན་དང། མགྲོན་ཐབས་ཀྱི་ལྷ་ཚོགས་གྲངས་མེད་པ་རྣམས་དང་། དེ་དག་གིས་རྗེས་སུ་བཟུང་བའི་རིག་པ་འཛིན་པར་འདོད་པ་དང་། གཟུགས་དང་གཟུགས་ལས་འདས་པའི་ཡེ་ཤེས་སྒྱུ་མའི་སྐུ་ཅན་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱང་རྫུ་འཕྲུལ་དང་སྙིང་རྗེའི་སྟོབས་ཀྱིས་གསུར་མཆོད་བདུད་རྩིའི་རང་བཞིན་འདི་ཚོགས་ཀྱི་འཁོར་ལོར་བཞེས་ལ་བདག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་ནས་སྔགས་དང་ཏིང་ངེ་འཛིན་གྱི་མཐུ་ཐོགས་པ་མེད་པ་བསྐྱེད་དུ་གསོལ། ཨོཾ་ཨཱཿཧཱུྃ། སྲིད་པ་འདི་ན་ཆེ་ཞིང་བཙན་པའི་ལྷ་དང་ཀླུ་དང་ས་བདག་དང་སྲིན་པོ་ལ་སོགས་རང་རང་གི་སྡེ་ཚན་ལས་ཁྱད་པར་དུ་འཕགས་པའི་སྟོབས་དང་། ལུས་དང་ལོངས་སྤྱོད་ལ་དབང་བ། གཙོ་བོ་གཙོ་བོར་སྨོས་ཤིང་གཙོ་བོར་བཀུར་བ་ཇི་སྙེད་པ་རྣམས་དང་། དེ་དག་གི་སྡེ་དང་འཁོར་དུ་གཏོགས་པའི་འབྱུང་པོ་ཆེ་ཕྲ་ཐམས་ཅད་ལ་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདི་རང་རང་གང་ལ་གང་དགོས་ཅི་ལ་ཅི་འདོད་ཀྱི་ཡོ་བྱད་དུ་རྒྱལ་བ་སྲས་དང་བཅས་པའི་བདེན་ཚིག་གིས་བྱིན་གྱིས་བརླབས་ནས་འབུལ་གྱི་དེ་དེ་བཞིན་དུ་བཞེས་ལ་རྒྱལ་བ་ཐུགས་རྗེའི་བདག་ཉིད་དེས་བྱང་ཆུབ་ཀྱི་སེམས། འདོད་དགུའི་བང་མཛོད། འགྲོ་བ་ལྷ་དང་བཅས་པའི་བགོ་སྐལ་དུ་བཞག་པ་འདི་ལ་ཐུགས་མཉེས་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ། འགྲོ་བ་རིགས་དྲུག་གི་སེམས་ཅན་བདག་ཏུ་འཛིན་པའི་རང་བཞིན་ལ་ཞེན་ཅིང་། བདག་གིར་འཛིན་པ་ལ་གདུང་བ་སྐྱེ་བ། ཡང་དང་ཡང་དུ་སྲིད་པར་སྐྱེ་བའི་ཆོས་ཅན། བདག་ལ་ཆགས། གཞན་ལ་སྡང་། གཉིས་སུ་རྨོང་པའི་རང་བཞིན་སྣང་བ་རགས་པ་ལ་ཞེན་ཅིང་། གདོས་བཅས་ཀྱི་ལུས་ཀྱིས་བཅིངས་པ་རྣམས་སྐད་ཅིག་གིས་འདུ་མི་ནུས་ཤིང་ཕྲ་མོའི་ཟས་ཀྱིས་ཚིམ་པར་མི་འགྱུར་ནའང་། བདག་གི་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་མདུན་ན་གནས་པ་བཞིན་དུ་བསམ་ནས་གསུར་མཆོད་བདུད་རྩིའི་མཆོད་སྦྱིན་འདིས་མགྲོན་དུ་བགྱིད་ན་བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཤིང་། མ་སེམས་ཅན་ཐམས་ཅད་རང་རང་སོ་སོའི་ལས་སྣང་སྡུག་བསྔལ་དང་བྲལ་ནས་དགའ་བ་ཆེན་པོའི་ཡུལ་དུ་གྱུར་ཅིག ཨོཾ་ཨཱཿཧཱུྃ། གཞན་ཡང་སྦྱིན་པ་བླ་ན་མེད་པའི་ཡུལ་དུ་གྱུར་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་། སྙིང་རྗེའི་ཡུལ། བཟོད་པའི་རྟེན། བརྩོན་འགྲུས་ཀྱི་གྲོགས། འཇིག་རྟེན་མི་ཡུལ་གྱི་བཀྲེན་པ། སློང་མོ་ལ་རྒྱུ་བ། སྒོ་ནས་སྒོ་ཉུལ་ཞིང་། རྟག་ཏུ་གཞན་ལ་རེ་བ། སློང་མོས་འཚོ་ཞིང་སློང་མོ་ལ་བརྟེན་པ། དམན་པའི་ལུས་ཅན་དེ་དག་ཀུན་ཀྱང་མཆོད་སྦྱིན་གྱི་ཡུལ་དུ་བྱས་ནས་སྙིང་རྗེའི་བློས་བཟུང་བ་ལགས་ན་གསུར་མཆོད་བདུད་རྩིའི་རང་བཞིན་འདིས་དེ་དག་ལ་ཁྱབ་སྟེ། བཀྲེས་པ་ལ་ཟས། འཁྱགས་པ་ལ་གོས། རང་རང་གི་འདོད་པའི་ལོངས་སྤྱོད་ལྟར་འགྱུར་བར་རྒྱལ་བ་སྲས་བཅས་ཀྱི་བྱིན་གྱིས་བརླབས་ནས། བདག་ལ་སེར་སྣས་ཟས་ནོར་མི་སྟེར་བའི་རྩ་ལྟུང་མི་འབྱུང་བར་གྱུར་ཅིག ཨོཾ་ཨཱཿཧཱུྃ། གཞན་ཡང་གསོན་དང་གཤིན་གྱི་ཡུལ་ན། གྲལ་གྱི་མཐའ་ལ་འདུག་པ། ཟས་ཀྱི་ལྷག་མ་དབང་བ། སྐོམ་གྱི་སྙིགས་མ་བཏུང་བ། སྔོན་གྱི་སྦྱིན་འབྲས་ཉུང་བ། ད་ལྟ་གཏོང་ཕོད་ཆུང་བ། ལུས་ཀྱི་མདངས་ཞན་པ། གོས་ཀྱི་བརྗིད་ཉམས་པ། དབུལ་ཞིང་ཕོངས་པའི་སེམས་ཅན་ཐམས་ཅད་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདིས་ངོམས་ཤིང་ཚིམས་ནས་བཀྲེས་སྐོམ་ཉམ་ཆུང་གི་སྡུག་བསྔལ་རང་སར་ཞི་སྟེ་རང་སྡེ་ཁས་དྲག་དང་སྐལ་བ་མཉམ་ནས་དམ་པའི་ཆོས་ལ་སྤྱོད་པར་གྱུར་ཅིག ཨོཾ་ཨཱཿཧཱུྃ། གཞན་ཡང་སྙིགས་དུས་ཀྱི་རྒུད་པས་གདུང་བའི་བཙུན་གཟུགས་ཁྲིམས་ཀྱང་འཇིག་སྐྱོབས་དང་ལེགས་སྨོན་ལ་བརྟེན་པ། རྟགས་ཀྱང་དམར་སེར་ཧྲུལ་ཐག་ཆད་པ། ཟས་ཀྱང་དགེ་འདུན་གྱི་དཀོར་ལ་རེ་བ། མདོག་ཀྱང་སྔོ་ནག་དང་སྐྱ་སེར་དུ་འདུག་པ། རང་ཟས་ཀྱིས་ཚིམ་དཀའ་བ། གཞན་ཟས་ལ་རེ་ཆེ་བ། ལྷ་ཟས་ཀྱི་གཏོར་མ་ལེན་པ། མི་ཟས་ཀྱི་སློང་མོ་བྱེད་པ། གྲལ་ཟས་ཀྱི་སྐལ་བ་དབང་བ། དད་ཟས་ཀྱི་འབུལ་བ་ལེན་པ། སྤྲང་ཟས་ཀྱི་ལྷག་རོལ་སྡུད་པ། ཟས་ཟ་སར་ལག་པ་འཛེད་པ། སྐོམ་སྐོལ་སར་ཕོར་བ་འདེགས་པ། ཤ་མཐོང་ན་མཆིལ་མ་མིད་པ། ཟས་སྣ་དགུ་ཡོད་ཀྱང་སྐྱོབ་པར་དཀའ་བ། ཤ་མུག་ཤ་ཡིན་ཀྱང་རིན་གྱིས་ཉོ་བ། ཤ་དང་མར་གཉིས་མཉམ་བཀྱགས་བྱེད་པ། སྐུ་གསུང་ཐུགས་རྟེན་ཨ་ཁྲེབ་དང་བརྗེ་བ། གོད་རོ་ལ་བྱ་རྒོད་ལྟར་འདུ་བ། གོད་ཤ་ལ་གསེར་དངུལ་ལྟར་ཉོ་བ། དབྱར་ཇ་སློང་བ། སྟོན་མར་སློང་བ། དགུན་ནས་སློང་བ། མ་བོས་ཀྱང་འོང་བ། མི་དགོས་ཀྱང་སྙོགས་པ། མ་བྱིན་ན་ཁྲོ་བ། མ་བལྟས་ན་རྐུ་བ། གཅིག་བྱིན་ན་གཉིས་སློང་བ། ཡང་བྱིན་ན་ཡང་སློང་བ། རྒྱུན་དུ་བདག་ཅག་ལ་རེ་བ་དེ་ལྟ་བུ་སྔར་ཤི་བ། ད་ལྟ་ཡོད་པ། ཕྱིས་འབྱུང་བ་ཐམས་ཅད་གསུང་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདིས་ངོམས་ཤིང་ཚིམ་ནས་ལྟོག་སྣང་བཀྲེས་སྣང་ཐམས་ཅད་དང་བྲལ་ཏེ། རང་ཟས་ཁབ་རྩེ་ཙམ་གྱིས་ཚིམ་སླ། གཞན་ཟས་རི་བོ་ཙམ་ལའང་གདུང་བ་མི་སྐྱེད་པར། བཞིན་སྣུམ་གྱི་ལེ། ལྟོ་སྒྲེགས་པ་ཆིལ་ལེ། བག་དྲོ་ཕལ་ལེ། དུས་རྟག་ཏུ་ཆོས་སྤྱོད་དང་སྒྲིབ་སྦྱོང་ལ་བརྩོན་ནས། དད་པ་དང་འདུན་པའི་ཡུལ་དུ་གྱུར་ཅིག ཨོཾ་ཨཱཿཧཱུྃ། གཞན་ཡང་ཟས་སློང་མོ་ལ་བརྟེན་པ། གོས་ཕྱག་དར་ལ་རེ་བ། གཞན་གྱི་སྒོ་ཉུལ་བ། བཞིན་ཐལ་མདོག་ལྟར་འདུག་པ། སྐད་རྙོལ་རྙོལ་ལྟར་འབོད་པ། ལག་པ་དང་ཕོར་བ་བཟེད་པ། དབྱུག་པ་དང་ཁུག་སྟོང་ཐོགས་པ། ངོ་ཤེས་ཀྱི་མིང་ནས་འབོད་པ། ངོ་མི་ཤེས་པ་ལ་ངོ་བསྟོད་བྱེད་པ། དབྱར་གསུམ་སྐྱུར་ལ་རེ་བས་སྣོད་ངོ་དང་བཀྲུ་བཤལ་སློང་བ། སྟོན་གསུམ་འབྲུ་ལ་རེ་བས་ཕྱར་སྙིགས་དང་ལྟེ་ཕྱག་སློང་བ། དཔྱིད་གསུམ་མར་ལ་རེ་བས་བཙག་སྙིགས་དང་སྐོག་རོག་རྩོད་པ། དགུན་གསུམ་ཤ་ལ་རེ་བས་རུས་བཏོགས་དང་ཁུ་སྙིགས་སློང་བ། ཡང་ནས་ཡང་དུ་སློང་བ། ད་ནངས་བྱིན་ན་དོ་དགོང་འོང་བ། དེ་རིང་བྱིན་ན་སང་ཉིན་འོང་བ། མི་འོང་ཁ་ལ་བཏགས་པ། འོང་རྒྱུ་རྒྱུན་ཆད་མེད་པ། མནའ་ཟན་ལྟར་ཟ་བ། ལྐུག་ཆོས་ལྟར་འདོན་པ། བརྡུང་ཀྱང་ལན་མེད་པ། ངག་འཇམ་འཇམ་ལྟར་སྨྲ་བ། གཏིང་ན་གདུག་རྩུབ་པ། བྱིན་ན་ཚིམ་དུས་མེད་པ། མ་བྱིན་ན་ཞེ་སྡང་ལང་བ། རྟག་ཏུ་གཞན་ལ་རེ་བའི་སྤྲང་པོ། སྤྲང་མོ། ཞ་བོ། ལོང་བ། འོན་པ་ཐམས་ཅད་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདིས་ངོམས་ཤིང་ཚིམ་ནས་བཀྲེས་པ་ཞི། སྐོམ་པ་སེལ། ལོང་བས་མཐོང་། འོན་པས་ཐོས། ཞ་བོ་འགྲོ། བདེ་སྐྱིད་ཕུན་སུམ་ཚོགས་ཤིང་རྟག་ཏུ་ཆོས་ལ་སྤྱོད་པར་གྱུར་ཅིག ཨོཾ་ཨཱཿཧཱུྃ། དེ་ལྟར་གསོན་གྱི་དུས་སུ་རང་ཟས་མེད་པས་སྤྲང་ཟས་དང་དཀོར་ཟས་ཀྱི་ལུས་པོ་མ་སྐྱོབ་པར་ཟ་སྙམ། ལོན་སྙམ། རྙེད་སྙམ་ཀྱི་ངང་ལ། ལྟོག་གྲི་དང་འཁྱགས་གྲིར་ཤི་བ། ཆོས་ཀྱི་སྒྲ་ཙམ་མ་ཐོས་པའམ། ཐོས་ཀྱང་བླ་མ་དང་དགེ་འདུན་ལ་མཉམ་འགྲོགས་ཀྱི་དབང་གིས་དད་པ་སྤུ་ཙམ་མེད་པས། ཆོས་ཀྱི་ཕན་མ་ཐོགས་པར་སྲིད་པ་བར་མ་དོའམ། ཡི་དྭགས་སྡེ་ཚན་གཉིས་གང་རུང་དུ་སྐྱེས་པ། འཁྲུལ་སྣང་དུ་མ་ལ་སྤྱོད་པ། ཉིན་མཚན་གོ་ལོག་ཏུ་ཤར་བ། འཁྱགས་ལྟོག་སྐོམ་གསུམ་གྱིས་གདུང་བ། བཀྲེས་སྣང་དང་ཟ་སྣང་རྒྱུན་ཆད་མེད་པ། རྟག་ཏུ་སྒོ་དང་ཁྱིམ་ཉུལ་ཞིང་། ཟས་སྐོམ་དང་འབྱོར་བ་མཐོང་ཡང་ལོངས་སྤྱོད་རྒྱུ་མེད་པ། འཇིགས་སྐྲག་དང་ཞེ་སྡང་གིས་མནར་བ། ཤི་མིག་གསོན་ལ་བལྟ་བ། ཤི་ལག་གསོན་ལ་གཟེད་པ། ཤི་སེམས་གསོན་ལ་ཆགས་པ། དུང་སྐད་ལ་རྒྱུག་པ། བགོས་གྲལ་དུ་འཚོགས་པ། བཟའ་བཏུང་ལ་རེ་བ། བགོས་བྱེད་པར་སོང་ཀྱང་སྐལ་བ་མེད་པ། ལག་པ་བཟེད་ཀྱང་གཞན་གྱིས་མི་མཐོང་། མ་མཐོང་ཙ་ན་ཞེ་སྡང་ལང་བ། ཡུལ་མུན་རུབ་ལྟར་སྣང་བ། ལུས་གྲིབ་མ་ལྟར་འདུག་པ། ཁ་ཆར་དང་བུ་ཡུག་གིས་གདུང་བ། སྔོ་ལ་གནག་པ། སྐྱ་ལ་སྐེམ་པ། སེར་ལ་བཙའ་བ། བཞིན་མི་སྡུག་པ། སྐད་ངན་པ། ཟས་ལ་རེ་བ། སྐོམ་ལ་གདུང་བ། ཇ་ལོ་ངན་སྙིགས་ལ་འདུ་བ། སྣབ་དང་ཁ་ལུད་ལེན་པ། གསུར་དང་གཏོར་མ་ལ་གདུང་བ་ཐམས་ཅད་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་མཁོ་དགུ་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པ་འདིས་ངོམས་ཤིང་ཚིམས་ནས་ཟས་སྐོམ་གྱི་ཞེན་པ་དང་བྲལ། རེ་ཞིང་ཆགས་པ་མེད་པར་ལྷ་དང་བླ་མ་རྗེས་སུ་དྲན་ནས། དད་པ་དང་གསོལ་འདེབས་ཡང་དག་པ་ལ་བརྟེན་ཏེ་མྱུར་དུ་དག་པའི་ཞིང་ཁམས་སུ་བགྲོད་ནུས་པར་གྱུར་ཅིག །དེ་ལྟར་མ་གྱུར་གྱི་བར་དུའང་ཁྱེད་གཤིན་གྲལ་ན་མང་བ་ཡིན། ངེད་གསོན་གྲལ་ན་དཀོན་པ་ཡིན་པས། གཤིན་པོ་གསོན་ལ་མ་གདུང་། གསོན་ལ་རེ་མ་ཆེ། ཤུལ་དུ་ཆགས་ཞེན་མ་བྱེད། ཟས་སྣུམ་སྣུམ་གྱི་བཅུད་ལ་མ་རྐུ། ཟོག་མེར་མེར་གྱི་གཡང་ལ་མ་རློམས། མི་ཕ་སྤུན་གྱི་གྲལ་དུ་མ་སྙེགས། གསུར་མཆོད་བདུད་རྩིའི་རང་བཞིན་འདིས་ཚིམ་པར་མཛད་དུ་གསོལ། ཚིམས་ནས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བར་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །གསུར་མཆོད་ནི། ཨོཾ་ཨཱཿཧཱུྃ། གཞན་ཡང་སྙིགས་དུས་ཀྱི་རྒུད་པས་གདུང་བའི་བཙུན་གཟུགས་ཁྲིམས་ཀྱང་ལེགས་སྨོན་དང་འཇིགས་སྐྱོབ་ལ་བརྟེན་ནས། རྟགས་ཀྱང་དམར་སེར་ཅན། ཟས་ཀྱང་རྟག་ཏུ་དཀོར་ལ་རེ་བ། རང་ཟས་ཀྱིས་ཚིམ་དཀའ་བ། གཞན་ཟས་ལ་རེ་བ། གྲལ་ཟས་ཀྱི་ཕོག་ལ་དབང་བ། དད་ཟས་ཀྱི་འབུལ་བ་ལེན་པ། དབྱར་མར་དང་། སྟོན་ནས་སློང་བ། མ་བོས་ན་འོང་བ། མི་དགོས་ཀྱང་སྙོག་པ། མ་བྱིན་ན་ཁྲོ་བ། ད་ལོ་བྱིན་ན་སོང་ཕོད་ཀྱང་འོང་བ། རྒྱུན་དུ་གཞན་ལ་རེ་བ། དེ་ལྟ་བུ་སྔར་ཤི་བ་དང་། ད་ལྟ་ཡོད་པ། ཕྱིས་འབྱུང་བ་ཐམས་ཅད་ལ་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདི་དག་གིས་ངོམས་ཤིང་ཚིམས་ནས། ལྟོག་སྣང་བཀྲེས་སྣང་ཐམས་ཅད་དང་བྲལ་ཏེ། རང་ཟས་ཁབ་རྩེ་ཙམ་གྱིས་ཀྱང་འཚོ་སླ་བ། གཞན་ཟས་རི་བོ་ཙམ་ལ་གདུང་བ་མི་སྐྱེ་བར། བཞིན་སྣུམ་གྱི་ལེ། ལྟོ་སྒྲེགས་པ་ཆིལ་ལེ། བག་གྲོ་ཕ་ལེ། དུས་རྟག་དུ་སྤྱོད་པ་སྒྲིབ་སྦྱང་ལ་བརྩོན་ནས་དད་པ་དང་འདུན་པའི་ཡུལ་དུ་གྱུར་ཅིག ཨ་ཨཱཿཧཱུྃཿ གཉན་ཆེན་ཐོག་པ་རྩལ་ལ་སོགས་པ་དམག་དང་ཇག་གི་ཁ་འཛིན་བྱེད་ཅིང་རང་ཕྱོགས་རྒྱལ་ཞིང་གཞན་ཕྱོགས་ཕམ་པར་བྱེད་པའི་ཡུལ་ལྷ་གཞི་བདག་གི་རིགས་སུ་གྱུར་པ་ཐམས་ཅད་མ་ཐོག་མྱུར་བའི་རྫུ་འཕྲུལ་གྱིས་གནས་འདིར་བྱོན་ལ། རྣལ་འབྱོར་བ་བདག་གིས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་གསུར་མཆོད་བདུད་རྩིའི་རང་བཞིན་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འདོད་དགུའི་ལོངས་སྤྱོད་བསྐལ་པའི་བར་དུ་ཟད་མི་ཤེས་པ་འདི་དག་བཞེས་ལ་ཕན་པ་དང་བདེ་བའི་བསམ་པ་བཟང་པོ་རྒྱུད་ལ་སྐྱེས་ནས། སྤྱིར་ཡངས་པའི་རྒྱལ་ཁམས་ཐམས་ཅད་དང་། ཁྱད་པར་དུ་རྨ་རྫ་སྨར་གསུམ་ལ་གནས་པའི་སྐྱེ་དགུ་ཐམས་ཅད་ལ་ཉེ་རིང་ཆགས་སྡང་མེད་པའི་བསམ་པ་བསྐྱེད་ནས་ཀུན་ཀྱང་ཕན་ཚུན་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། དགའ་བའི་སེམས་ཀྱིས་ཤིན་ཏུ་མཐུན་པར་འགྲོགས་ཤིང་འཐབ་འཛིང་རྩོད་པ་ལ་སོགས་པའི་སྤྱོད་ངན་ཐམས་ཅད་དུས་དེང་ནས་རྒྱུན་ཆད་དེ་མི་དང་མི་མ་ཡིན་པ་ཐམས་ཅད་དམ་པའི་ཆོས་བཞིན་སྤྱོད་པ་ལ་ངེས་པར་སྤྲོ་བའི་ཐབས་ཀྱི་སྒོ་ལ་ནན་ཏན་མཛད་དུ་གསོལ་ལོ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་སྔོན་བྱོན་གྲུབ་པའི་སྐྱེས་བུ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར་ཡངས་པའི་རྒྱལ་ཁམས་ཆོས་བཞིན་སྐྱོང་བའི་ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛད་དུ་གསོལ། ཁྱད་པར་དུ་ཆགས་སྡང་གི་རྟོག་པ་ལ་ཨ་འཐས་ཤིང་། སྣང་བ་རྨི་ལམ་ལྟ་བུ་ལ་བདེན་པར་ཞེན་པའི་དབང་གིས་འབྱུང་པོ་མི་མ་ཡིན་པའི་ལུས་སུ་གྱུར་ནས་རྒྱལ་ཁམས་མི་བདེ་བ་འཁྲུགས་པའི་ཐབས་ལ་བརྩོན་པར་བྱེད་པའི་དཔོན་རྒན་བསོད་ནམས་བསྟན་པ། དཔོན་ངག་དབང་། སྲས་དཔལ་ཆེན་མགོན་པོ། དབང་ཆེན་ཀར་ཚེ་ལ་སོགས་པ་ལས་ཀྱིས་རྫུ་འཕྲུལ་གྱི་ཤུགས་ཀྱིས་རྒྱུ་བ་རྣམས་ཀྱང་གསུར་མཆོད་བདུད་རྩིའི་རང་བཞིན་འདི་དག་ལ་ལོངས་སྤྱོད་ལ་སེམས་ཅན་ཐམས་ཅད་ལ་བསམ་པ་བཟང་པོ་བསྐྱེད་ནས་བདེ་བ་ཅན་དང་པདྨ་འོད་ལ་སོགས་པ་དག་པའི་ཞིང་ཁམས་རྣམས་སུ་འགྲོ་བའི་འདུན་པ་རྩེ་གཅིག་ཏུ་བསྐྱེད་ལ་ཁྱེད་རྣམས་ཀྱི་ལས་ངན་པ་ཟད་ནས་རྒྱལ་བ་སྲས་བཅས་ཀྱིས་གདུལ་བྱར་གྱུར་པར་ངེས་པར་མཛད་དུ་གསོལ། དེ་ལས་གཞན་དུ་སྲོག་བཅད་ཀྱི་དམར་མཆོད་ལ་དགའ་ཞིང་དམག་འཁྲུགས་འཐབ་རྩོད་ཀྱིས་བསད་པའི་དབུགས་འགམས་པར་བྱེད་པ་ལ་སོགས་པ་མི་དགེ་སྡིག་པའི་ལས་ལ་སྤྱོད་ན་ཚེ་འདིར་ཡང་འཇིགས་སྐྲག་བྲེལ་ཟིང་སྡུག་བསྔལ་གྱི་སྣང་བ་རྒྱུན་ཆད་མེད་ཅིང་ཤི་འཕོས་ནས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཡུན་རིང་མོའི་བར་དུ་མྱོང་བར་འགྱུར་བས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་བདག་ཅག་གི་བཀའ་ལས་དུས་ནམ་ཡང་མི་འདའ་བར་གྱིས་ཤིག ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་སྙིང་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ཟབ་མོའི་མཐུས། འདོད་ཡོན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དམར་གསུར་ལ་བརྟེན་པའི་ཕྱུགས་ཀྱི་ནད་ཡམས་གཅོད་པ། དང་པོ་མགྲོན་བཞིའི་གསུར་བསྔོས་པའི་གཞུག་ཏུ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས་མཐར། མཚན་བཞི་བརྗོད་ནས། ཁྱད་པར་དུ་འབྱུང་པོ་མི་མ་ཡིན་ཤ་ཟ་ཚེ་ལ་རྐུ་པ་མདངས་འཕྲོག་པ། སེམས་ཅན་གཞན་གྱི་དབུགས་ལ་རྔམ་པ། སྡང་བ་དང་གདུག་པའི་བསམ་སྦྱོར་ཅན་མི་ཡི་ནད་བདག་གནག་ཕྱུགས་ཀྱི་གོད་བདག་ལ་སོགས་པ་རྒྱ་འདྲེ་འགོང་པོའི་རིགས་ཆེ་ཆུང་ཇི་སྙེད་མཆིས་པ་མཁོ་རྒུའི་འདོད་ཡོན་ཟད་མི་ཤེས་པའི་ལོངས་སྤྱོད་ཆེན་པོ། བཟའ་བཏུང་། གནས་མལ། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། པགས་རློན་དང་སྐྲ་ཡི་བསྒོ་བ། རྐང་ཀླད་ཞག་གི་གྲུ་ཆར་ལ་སོགས་པ་རང་རང་ཅི་འདོད་ཀྱི་དངོས་པོ་བཟའ་བས་མི་ཟད་པ། བཏུང་བས་མི་བྲི་བ། བསྒོས་པས་མི་རྙིང་པ། རི་བོ་བས་འཕང་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ། ཆུ་ཀླུང་བས་རྒྱུན་རིང་བ། ནད་ཀུན་སེལ་བའི་སྨན་མཆོག འཆི་བ་གསོ་བའི་བདུད་རྩི། སྡུག་བསྔལ་སེལ་བའི་རྩི་ཆེན་དུ་དམིགས་ཏེ་འབུལ་ལོ། སྦྱིན་ནོ། བསྔོའོ། དེ་རྣམས་ཀྱི་འདོད་པ་ཚིམས་ནས། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། སྙིང་ཉེ་བའི་སེམས་དང་ལྡན་ནས་མི་དང་གནག་ཕྱུགས་ལ་གནོད་པའི་འཚེ་བ་སྤངས་ཏེ་འགྲོ་བ་མང་པོ་སྲོག་གི་འཇིགས་པ་ལས་ཐར་བར་གྱུར་ཅིག ཞེས་ལན་མང་བརྗོད་མཐར། ན་མོ་བདག་གི་བསམ་པའི་སོགས། དེ་ཟང་ཟིང་གི་སྦྱིན་པ། ཆོས་རྣམས་ཐམས་ཅད་སོགས། སྐར་མ་རབ་རིབ་སོགས། ཆོས་སྦྱིན་བསྔོ་ཞིང་བྱམས་དང་སྙིང་རྗེ་སྐྱེད་དོ། དཔལ་སྤྲུལ་པས་སོ། དགེའོ།། །།

ཀུན་བཟང་སྨོན་ལམ།

༄༅། །དཔལ་ཀུན་ཏུ་བཟང་པོའི་སྨོན་ལམ་བཞུགས་སོ། ། ཧོཿ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ གཞི་གཅིག་ལམ་གཉིས་འབྲས་བུ་གཉིས༔ རིག་དང་མ་རིག་ཆོ་འཕྲུལ་ཏེ༔ ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས༔ ཐམས་ཅད་ཆོས་དབྱིངས་ཕོ་བྲང་དུ༔ མངོན་པར་རྫོགས་ཏེ་འཚང་རྒྱ་ཤོག༔ ཀུན་གྱི་གཞི་ནི་འདུས་མ་བྱས༔ རང་བྱུང་ཀློང་ཡངས་བརྗོད་དུ་མེད༔ འཁོར་འདས་གཉིས་ཀའི་མིང་མེད་དོ༔ དེ་ཉིད་རིག་ན་སངས་རྒྱས་ཏེ༔ མ་རིག་སེམས་ཅན་འཁོར་བར་འཁྱམས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས༔ བརྗོད་མེད་གཞི་དོན་རིག་པར་ཤོག༔ ཀུན་ཏུ་བཟང་པོ་ང་ཡིས་ཀྱང༔ རྒྱུ་རྐྱེན་མེད་པ་གཞི་ཡི་དོན༔ དེ་ཉིད་གཞི་ལས་རང་བྱུང་རིག༔ ཕྱི་ནང་སྒྲོ་སྐུར་སྐྱོན་མ་བཏགས༔ དྲན་མེད་མུན་པའི་སྒྲིབ་མ་གོས༔ དེ་ཕྱིར་རང་སྣང་སྐྱོན་མ་གོས༔ རང་རིག་སོ་ལ་གནས་པ་ལ༔ སྲིད་གསུམ་འཇིག་ཀྱང་དངངས་སྐྲག་མེད༔ སྣང་སེམས་གཉིས་སུ་མེད་པ་ལ༔ འདོད་ཡོན་ལྔ་ལ་ཆགས་པ་མེད༔ རྟོག་མེད་ཤེས་པ་རང་བྱུང་ལ༔ གདོས་པའི་གཟུགས་དང་དུག་ལྔ་མེད༔ རིག་པའི་གསལ་ཆ་མ་འགགས་པ༔ ངོ་བོ་གཅིག་ལ་ཡེ་ཤེས་ལྔ༔ ཡེ་ཤེས་ལྔ་པོ་སྨིན་པ་ལས༔ ཐོག་མའི་སངས་རྒྱས་རིགས་ལྔ་བྱུང༔ དེ་ལས་ཡེ་ཤེས་མཐའ་རྒྱས་པས༔ སངས་རྒྱས་བཞི་བཅུ་རྩ་གཉིས་བྱུང༔ ཡེ་ཤེས་ལྔ་ཡི་རྩལ་ཤར་བས༔ ཁྲག་འཐུང་དྲུག་ཅུ་ཐམ་པ་བྱུང༔ དེ་ཕྱིར་གཞི་རིག་འཁྲུལ་མ་མྱོང༔ ཐོག་མའི་སངས་རྒྱས་ང་ཡིན་པས༔ ང་ཡི་སྨོན་ལམ་བཏབ་པ་ཡིས༔ ཁམས་གསུམ་འཁོར་བའི་སེམས་ཅན་གྱིས༔ རང་བྱུང་རིག་པ་ངོ་ཤེས་ནས༔ ཡེ་ཤེས་ཆེན་པོ་མཐའ་རྒྱས་ཤོག༔ ང་ཡི་སྤྲུལ་པ་རྒྱུན་མི་འཆད༔ བྱེ་བ་ཕྲག་བརྒྱ་བསམ་ཡས་འགྱེད༔ གང་ལ་གང་འདུལ་སྣ་ཚོགས་སྟོན༔ ང་ཡི་ཐུགས་རྗེའི་སྨོན་ལམ་གྱིས༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རིགས་དྲུག་གནས་ནས་འཐོན་པར་ཤོག༔ དང་པོ་སེམས་ཅན་འཁྲུལ་བ་རྣམས༔ གཞི་ལ་རིག་པ་མ་ཤར་བས༔ ཅི་ཡང་དྲན་མེད་ཐོམ་མེ་བ༔ དེ་ཀ་མ་རིག་འཁྲུལ་བའི་རྒྱུ༔ དེ་ལ་ཧད་ཀྱིས་བརྒྱལ་བ་ལས༔ དངངས་སྐྲག་ཤེས་པ་ཟ་ཟིར་འགྱུས༔ དེ་ལས་བདག་གཞན་དགྲར་འཛིན་སྐྱེས༔ བག་ཆགས་རིམ་བཞིན་བརྟས་པ་ལས༔ འཁོར་བ་ལུགས་སུ་འཇུག་པ་བྱུང༔ དེ་ལས་ཉོན་མོངས་དུག་ལྔ་རྒྱས༔ དུག་ལྔའི་ལས་ལ་རྒྱུན་ཆད་མེད༔ དེ་ཕྱིར་སེམས་ཅན་འཁྲུལ་བའི་གཞི༔ དྲན་མེད་མ་རིག་ཡིན་པའི་ཕྱིར༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ ཀུན་གྱིས་རིག་པ་རང་ཤེས་ཤོག༔ ལྷན་ཅིག་སྐྱེས་པའི་མ་རིག་པ༔ ཤེས་པ་དྲན་མེད་ཡེངས་པ་ཡིན༔ ཀུན་ཏུ་བརྟགས་པའི་མ་རིག་པ༔ བདག་གཞན་གཉིས་སུ་འཛིན་པ་ཡིན༔ ལྷན་སྐྱེས་ཀུན་བརྟགས་མ་རིག་གཉིས༔ སེམས་ཅན་ཀུན་གྱི་འཁྲུལ་གཞི་ཡིན༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འཁོར་བའི་སེམས་ཅན་ཐམས་ཅད་ཀྱི༔ དྲན་མེད་འཐིབས་པའི་མུན་པ་སངས༔ གཉིས་སུ་འཛིན་པའི་ཤེས་པ་དྭངས༔ རིག་པའི་རང་ངོ་ཤེས་པར་ཤོག༔ གཉིས་འཛིན་བློ་ནི་ཐེ་ཚོམ་སྟེ༔ ཞེན་པ་ཕྲ་མོ་སྐྱེས་པ་ལས༔ བག་ཆགས་འཐུག་པོ་རིམ་གྱིས་བརྟས༔ ཟས་ནོར་གོས་དང་གནས་དང་གྲོགས༔ འདོད་ཡོན་ལྔ་དང་བྱམས་པའི་གཉེན༔ ཡིད་འོང་ཆགས་པའི་འདོད་པས་གདུང༔ དེ་དག་འཇིག་རྟེན་འཁྲུལ་བ་སྟེ༔ གཟུང་འཛིན་ལས་ལ་ཟད་མཐའ་མེད༔ ཞེན་པའི་འབྲས་བུ་སྨིན་པའི་ཚེ༔ སྐམ་ཆགས་གདུང་བའི་ཡི་དྭགས་སུ༔ སྐྱེས་ནས་བཀྲེས་སྐོམ་ཡ་རེ་ང༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འདོད་ཆགས་ཞེན་པའི་སེམས་ཅན་རྣམས༔ འདོད་པའི་གདུང་བ་ཕྱིར་མ་སྤངས༔ འདོད་ཆགས་ཞེན་པ་ཚུར་མ་བླངས༔ ཤེས་པ་རང་སོར་གློད་པ་ཡིས༔ རིག་པ་རང་སོ་ཟིན་གྱུར་ནས༔ ཀུན་རྟོག་ཡེ་ཤེས་ཐོབ་པར་ཤོག༔ ཕྱི་རོལ་ཡུལ་གྱི་སྣང་བ་ལ༔ འཇིགས་སྐྲག་ཤེས་པ་ཕྲ་མོ་འགྱུས༔ སྡང་བའི་བག་ཆགས་བརྟས་པ་ལས༔ དགྲར་འཛིན་བརྡེག་གསོད་ཧྲག་པ་སྐྱེས༔ ཞེ་སྡང་འབྲས་བུ་སྨིན་པའི་ཚེ༔ དམྱལ་བའི་བཙོ་བསྲེག་སྡུག་རེ་བསྔལ༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ ཞེ་སྡང་དྲག་པོ་སྐྱེས་པའི་ཚེ༔ སྤང་བླང་མི་བྱ་རང་སོར་གློད༔ རིག་པ་རང་སོ་ཟིན་གྱུར་ནས༔ གསལ་བའི་ཡེ་ཤེས་ཐོབ་པར་ཤོག༔ རང་སེམས་ཁེངས་པར་གྱུར་པ་ལས༔ གཞན་ལ་འགྲན་སེམས་སྨད་པའི་བློ༔ ང་རྒྱལ་དྲག་པོའི་སེམས་སྐྱེས་པས༔ བདག་གཞན་འཐབ་རྩོད་སྡུག་བསྔལ་མྱོང༔ ལས་དེའི་འབྲས་བུ་སྨིན་པའི་ཚེ༔ འཕོ་ལྟུང་མྱོང་བའི་ལྷ་རུ་སྐྱེ༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ ཁེངས་སེམས་སྐྱེས་པའི་སེམས་ཅན་རྣམས༔ དེ་ཚེ་ཤེས་པ་རང་སོར་གློད༔ རིག་པ་རང་སོ་ཟིན་གྱུར་ནས༔ མཉམ་པ་ཉིད་ཀྱི་དོན་རྟོགས་ཤོག༔ གཉིས་འཛིན་བརྟས་པའི་བག་ཆགས་ཀྱིས༔ བདག་བསྟོད་གཞན་སྨོད་ཟུག་རྔུའི་ལས༔ འཐབ་རྩོད་འགྲན་སེམས་བརྟས་པ་ལས༔ གསོད་གཅོད་ལྷ་མིན་གནས་སུ་སྐྱེ༔ འབྲས་བུ་དམྱལ་བའི་གནས་སུ་ལྟུང༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འགྲན་སེམས་འཐབ་རྩོད་སྐྱེས་པ་རྣམས༔ དགྲར་འཛིན་མི་བྱ་རང་སོར་གློད༔ ཤེས་པ་རང་སོ་ཟིན་གྱུར་ནས༔ ཕྲིན་ལས་ཐོགས་མེད་ཡེ་ཤེས་ཤོག༔ དྲན་མེད་བཏང་སྙོམས་ཡེངས་པ་ཡིས༔ འཐིབས་དང་རྨུགས་དང་བརྗེད་པ་དང༔ བརྒྱལ་དང་ལེ་ལོ་གཏི་མུག་པས༔ འབྲས་བུ་སྐྱབས་མེད་བྱོལ་སོང་འཁྱམས༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ གཏི་མུག་བྱིང་བའི་མུན་པ་ལ༔ དྲན་པ་གསལ་བའི་གདངས་ཤར་བས༔ རྟོག་མེད་ཡེ་ཤེས་ཐོབ་པར་ཤོག༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ ཀུན་གཞི་སངས་རྒྱས་ང་དང་མཉམ༔ དྲན་མེད་འཁྲུལ་བའི་གཞི་རུ་སོང༔ ད་ལྟ་དོན་མེད་ལས་ལ་སྤྱོད༔ ལས་དྲུག་རྨི་ལམ་འཁྲུལ་བ་འདྲ༔ ང་ནི་སངས་རྒྱས་ཐོག་མ་ཡིན༔ འགྲོ་དྲུག་སྤྲུལ་པས་འདུལ་བའི་ཕྱིར༔ ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས༔ སེམས་ཅན་ཐམས་ཅད་མ་ལུས་པ༔ ཆོས་ཀྱི་དབྱིངས་སུ་འཚང་རྒྱ་ཤོག༔ ཨ་ཧོ༔ ཕྱིན་ཆད་རྣལ་འབྱོར་སྟོབས་ཅན་གྱིས༔ འཁྲུལ་མེད་རིག་པ་རང་གསལ་ནས༔ སྨོན་ལམ་སྟོབས་ཆེན་འདི་བཏབས་པས༔ འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔ སྐྱེ་བ་གསུམ་ནས་མངོན་འཚང་རྒྱ༔ ཉི་ཟླ་གཟའ་ཡིས་ཟིན་པའམ༔ སྒྲ་དང་ས་གཡོས་བྱུང་བའམ༔ ཉི་མ་ལྡོག་འགྱུར་ལོ་འཕོ་དུས༔ རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔ ཀུན་གྱིས་ཐོས་པར་འདི་བརྗོད་ན༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ རྣལ་འབྱོར་དེ་ཡི་སྨོན་ལམ་གྱིས༔ སྡུག་བསྔལ་རིམ་བཞིན་གྲོལ་ནས་ཀྱང༔ མཐའ་རུ་སངས་རྒྱས་ཐོབ་པར་འགྱུར༔ ཞེས་རྫོགས་པ་ཆེན་པོའི་ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་དུ་བསྟན་པའི་རྒྱུད་ལས༔ སྨོན་ལམ་སྟོབས་པོ་ཆེ་བཏབས་པས་སེམས་ཅན་ཐམས་ཅད་སངས་མི་རྒྱ་བའི་རང་དབང་མེད་པར་བསྟན་པའི་ལེའུ་དགུ་པ་ཁོལ་དུ་ཕྱུངས་པའོ༔

གུ་རུ་གཙོ་འཁོར་གསུམ་གྱི་སྨོན་ལམ།

༄༅། །གུ་རུ་གཙོ་འཁོར་གསུམ་གྱི་སྨོན་ལམ་ཞེས་བྱ་བ་བཞུགས་སོ། །སངས་རྒྱས་ཀུན་དངོས་གུ་རུ་པདྨ་འབྱུང་། །ཚེ་རབས་ཀུན་ཏུ་བདག་གི་བླ་མར་ཤོག །མཆོག་ཐུན་ལམ་གྱི་བར་ཆད་ཀུན་ཞི་ནས། །འོད་གསལ་ངང་ནས་འགྲོ་བ་སྒྲོལ་བར་ཤོག །སྐྱབས་གནས་བསླུ་མེད་པདྨ་འབྱུང་གནས་ལ། །མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབས། །མཆོག་ཐུན་དངོས་གྲུབ་ཚེ་འདིར་སྩལ་དུ་གསོལ། །སྒྲིབ་བྲལ་རང་ངོ་རང་གིས་ཤེས་པ་དང་། །རང་ཐག་རང་གིས་ཆོད་པའི་གདེངས་ལྡན་གྱིས། །གཞན་གྱི་དབང་དུ་སྐད་ཅིག་མི་བཏང་བར། །རང་གི་བསམ་པ་ཆོས་བཞིན་འགྲུབ་པར་ཤོག །ལྷ་འདྲེ་མི་གསུམ་བར་ཆད་མི་ཚུགས་ཤིང་། །བརྟུལ་ཞུགས་དྲག་པོའི་སྟོབས་དང་ལྡན་པར་ཤོག །ལས་རླུང་དྲག་པོས་ནམ་ཡང་མི་བསྐྱོད་ཅིང་། །མཉམ་བཞག་ཏིང་འཛིན་བསྟན་པ་ཐོབ་པར་ཤོག །ལས་ཤུགས་དྲག་པོས་སྐྱོན་གྱིས་མི་གོས་པར། །ལས་ངན་དབང་གིས་སྐྱེ་བ་མི་ལེན་ཤོག །འདི་ནས་ཤི་འཕོས་སྐད་ཅིག་ཉིད་ལ་ནི། །ནུབ་ཕྱོགས་ཨོ་རྒྱན་ཟངས་མདོག་དཔལ་གྱི་རིར། །རིག་འཛིན་སློབ་དཔོན་པདྨའི་ཞབས་དྲུང་དུ། །མདུན་པ་དྲག་པོས་སྐད་ཅིག་སླེབ་པར་ཤོག །དེ་འཁོར་པདྨའི་གསུང་གི་བདུད་རྩི་མྱོང་། །སྐད་ཅིག་གཡོ་མེད་སྒྲུབ་ལ་བརྩོན་པར་ཤོག །པདྨའི་སྐུ་གསུང་ཐུགས་དང་མཉམ་གྱུར་ནས། །འགྲོ་དྲུག་འཁོར་བ་དོང་ནས་སྤྲུགས་པར་ཤོག། བདག་ནི་པདྨའི་རྗེས་སུ་བཟུང་གྱུར་ནས། །རྫུ་འཕྲུལ་ནུས་མཐུ་དཔག་མེད་ཐོབ་པ་ཡི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཇི་སྙེད་ཀྱིས། །མཐའ་ཡས་སེམས་ཅན་བདེ་ལ་འགོད་པར་ཤོག །ཆོས་དབྱིངས་མཐའ་དབུས་བྲལ་བའི་བདེན་པ་དང་། །ཡི་དམ་རྩ་བ་གསུམ་གྱི་ཐུགས་རྗེ་དང་། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །སྨོན་ལམ་འདི་ཉིད་སྐད་ཅིག་འགྲུབ་པར་ཤོག ༈ །ན་མོ། མ་ཧཱ་གུ་རུའི་བྱིན་རླབས་ཀྱིས། །བདག་ཀྱང་ཚེ་རབས་ཐམས་ཅད་དུ། །ཞིང་ཁམས་དག་པའི་ཕོ་བྲང་དུ། །བླ་མ་འབྲལ་མེད་བསྟེན་པར་ཤོག །མོས་གུས་ལྟེམ་རྐྱང་མེད་པ་ཡིས། །མཉེས་པའི་ཞབས་ཏོག་འགྲུབ་པ་དང་། །དགོངས་པ་ཟབ་མོ་ཐུགས་ཀྱི་བཅུད། །བྱིན་རླབས་བདུད་རྩིའི་ལུང་ཐོབ་ཤོག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་སྨིན་པ་དང་། །ཟབ་མོའི་བསྐྱེད་རྫོགས་རྣམ་གཉིས་ལ། །དབང་ཐོབ་སྒྲུབ་པ་བྱེད་པར་ཤོག །ལོག་རྟོག་བདུད་ཀྱི་ཚོགས་རྣམས་དང་། །ནད་གདོན་བར་ཆད་ཞི་བ་དང་། །འཁོར་དང་ལོངས་སྤྱོད་རྒྱས་པ་ཡིས། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །དུར་ཁྲོད་རི་ཁྲོད་གངས་ཁྲོད་སོགས། །ཕུན་སུམ་ཚོགས་པའི་གནས་ཉིད་དུ། །ཏིང་འཛིན་ཟབ་མོའི་དགོངས་བཅུད་ལ། །རྟག་ཏུ་སྒྲུབ་པ་བྱེད་པར་ཤོག །སྒྲུབ་པ་བྱས་པའི་འབྲས་བུ་ཡིས། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །ལྷ་སྲིན་བྲན་དུ་ཁོལ་ནས་ཀྱང་། །སངས་རྒྱས་བསྟན་པ་བསྲུང་བར་ཤོག །སྟོན་པས་གསུང་བའི་དམ་ཆོས་རྣམས། །རྩོལ་མེད་རྒྱུད་ལ་འཆར་བར་ཤོག །མཁྱེན་པ་མཆོག་ལ་མངའ་བརྙེས་ནས། །རྟོགས་པ་མཆོག་དང་ལྡན་པར་ཤོག །བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས། །སྐྱེ་འགྲོ་མ་ལུས་དབང་བསྡུས་ནས། །ཐོགས་མེད་ཡིད་བཞིན་ནོར་བུའི་མཐུས། །འབྲེལ་ཚད་དོན་དང་ལྡན་པར་ཤོག །སངས་རྒྱས་བསྟན་པ་དར་བའི་མཐུས། །བརྒྱུད་འཛིན་ཆོས་སྟོན་རྒྱས་པ་དང་། །འགྲོ་ཀུན་བདེ་ལ་འཁོད་ནས་ཀྱང་། །ཞིང་ཁམས་ཐམས་ཅད་དག་པར་ཤོག །བདག་གིས་ལུས་ངག་ཡིད་གསུམ་གྱིས། །གདུལ་བྱ་སོ་སོའི་བློ་ཡུལ་དུ། །གང་ལ་གང་འདུལ་སྤྲུལ་པའི་སྐུ། །དཔག་ཏུ་མེད་པ་འབྱུང་བར་ཤོག །མདོར་ན་འཁོར་འདས་མ་ལུས་པ། །གུ་རུ་ཉིད་དང་དབྱེར་མེད་ཅིང་། །སྐུ་གསུམ་འདུ་འབྲལ་མེད་པ་ཡི། །རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག །སེམས་ཅན་གསོལ་བ་འདེབས་པར་ཤོག །བླ་མས་བྱིན་གྱིས་བརློབ་པར་ཤོག །ཡི་དམ་དངོས་གྲུབ་སྟེར་བར་ཤོག། མཁའ་འགྲོས་ལུང་བསྟན་བྱེད་པར་ཤོག །ཆོས་སྐྱོང་བར་ཆད་སེལ་བར་ཤོག །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག། རང་གཞན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ནས། །སྲིད་མཚོར་སླར་ཡང་མི་གནས་ཤིང་། །ཚེ་གཅིག་སངས་རྒྱས་འགྲུབ་པར་ཤོག །རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་བསྟན་པ་འདི། །ཇི་ལྟར་མཁའ་ལ་ཉི་ཤར་བཞིན། །རྒྱལ་ཁམས་ཡོངས་ལ་དར་རྒྱས་ཤོག །མདོར་ན་བདག་གི་དགེ་རྩ་འདིས། །དགེ་གཞན་མཐའ་དག་གཅིག་བསྡུས་ནས། །དཔལ་ལྡན་བླ་མ་དམ་པ་ཡི། །ཐུགས་དགོངས་ཡོངས་སུ་རྫོགས་པར་ཤོག །མཁྱེན་བརྩེ་ནུས་གསུམ་མཐར་ཕྱིན་ཏེ། །རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །༈ ན་མོ་པདྨ་སམ་བྷ་ཝ། རྣམ་དག་གདམས་ཟབ་སྟོན་པའི་བླ་མ་དང་། །དངོས་གྲུབ་འདོད་དགུ་སྩོལ་བའི་ཡི་དམ་ལྷ། །བར་ཆད་མ་ལུས་སེལ་བའི་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་བརྩེ་བས་བཟུང་དུ་གསོལ། །བདག་ནི་འཆི་བར་གྱུར་པའི་དུས་ཀྱི་ཚེ། ཚེ་འདིར་ཞེན་པའི་སྣང་བ་མི་འབྱུང་ཞིང་། །ཞིང་ཁམས་གཞན་དུ་འཕོ་བའི་དྲན་འཛིན་གྱིས། །ལུས་སེམས་འབྲལ་བའི་སྡུག་བསྔལ་མེད་པར་ཤོག །ཚེ་འདིའི་སྣང་བ་ནུབ་པར་གྱུར་པའི་ཚེ། །འཇའ་འོད་གདུགས་དང་མེ་ཏོག་ཆར་པ་འབེབས། །རོལ་མོ་དབྱངས་སྙན་གླུ་དབྱངས་ཚོགས་མཆོད་ཅིང་། །དཔའ་བོ་མཁའ་འགྲོས་མདུན་ནས་བསུ་བར་ཤོག །དེ་ཚེ་དྲན་པ་མ་ཡེངས་བསྐྱེད་རིམ་གསལ། །རྫོགས་རིམ་ཏིང་འཛིན་སྙིང་པོ་མངོན་གྱུར་ནས། །ཟུང་འཇུག་རྡོ་རྗེ་འཆང་གི་སྐུར་བཞེངས་ནས། །མ་ནོར་ལམ་ལ་བདག་ཉིད་འཇུག་པར་ཤོག །གལ་ཏེ་ལས་ཀྱིས་འཁོར་བར་ལྟུང་གྱུར་ན། །དམྱལ་བའི་ས་ཕྱོགས་ཡིད་འོང་གཞལ་ཡས་ཁང་། །དམྱལ་སྲུང་རྣམས་ཀྱང་སྣང་སྟོང་ལྷ་ཡི་སྐུ། །མནར་མེད་སྡུག་བསྔལ་བདེ་བར་འཆར་བར་ཤོག །རིག་འཛིན་བླ་མ་རྣམས་ཀྱིས་མཐའ་ནས་བརྟེན། །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་སྐྱོབ་ཅིང་། །ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་ཕྱི་ནས་སྐྱོར། །གནས་གསུམ་མཁའ་འགྲོའི་མདུན་ནས་བསུ་བར་ཤོག །ནུབ་ཕྱོགས་ཨོ་རྒྱན་ཟངས་མདོག་དཔལ་གྱི་རི། །པདྨ་འོད་ཀྱིས་སྤྲས་པའི་གཞལ་ཡས་སུ། །རིག་འཛིན་བླ་མ་བཞུགས་པའི་གནས་མཆོག་དེར། །པདྨའི་སྦུབས་ལ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་རྒྱལ་སྲས་པདྨ་འབྱུང་། །མངོན་གསུམ་ཞལ་མཇལ་ཡིན་པར་ངོ་ཤེས་ནས། །བཅོས་མ་མིན་པའི་མོས་གུས་དྲག་པོ་ཡིས། །འབྲལ་མེད་ཏིང་འཛིན་རྗེས་སུ་འཛིན་པར་ཤོག །དེ་ཚེ་རིག་འཛིན་པདྨ་འབྱུང་གནས་དང་། །སངས་རྒྱས་བྱང་སེམས་རིག་འཛིན་མཁའ་འགྲོའི་ཚོགས། །རྒྱལ་བ་རྣམས་ཀྱི་སྲས་སུ་བདག་གྱུར་ནས། །མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག །ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ། །སྡུག་བསྔལ་ཆུ་བོ་ཆེ་ལས་མྱུར་སྒྲོལ་ནས། །རྣམ་གྲོལ་ཐར་པའི་གླིང་དུ་འཁྲིད་ནུས་པའི། །དེད་དཔོན་ཐམས་ཅད་མཁྱེན་པར་བདག་གྱུར་ཅིག །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ནུས་མཐུ་དང་། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །རྣམ་དག་སྨོན་པའི་གནས་དེར་འགྲུབ་པར་ཤོག །དུས་གསུམ་བདེ་གཤེགས་སངས་རྒྱས་མ་ལུས་དང་། །ཆོས་ཉིད་མངོན་སུམ་རང་སྣང་རྡོ་རྗེའི་སྐུ། །འཇའ་འོད་ཐིག་ལེ་ལུག་རྒྱུད་ཡེ་ཤེས་ལྔ། །མ་ནོར་དྲན་འཛིན་རང་སྣང་ཆོས་ཀྱི་སྐུ། །འོད་གསལ་མ་བུ་རང་ངོ་འཕྲོད་པར་ཤོག །འདི་ནས་ཤི་འཕོས་ཕོ་བྲང་པདྨ་ཅན། །ཨོ་རྒྱན་པདྨའི་ཞབས་དྲུང་དེར་སྐྱེས་ནས། །ཟབ་མོ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །འགྲོ་རྣམས་བདེ་ལ་འགོད་པར་བྱིན་གྱིས་རློབས། །གུ་རུ་པད་འབྱུང་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །

བྱམས་པའི་སྨོན་ལམ།

༄༅། །བྱམས་པའི་སྨོན་ལམ་བཞུགས་སོ། །རྒྱ་གར་སྐད་དུ། ཨརྱ་མེ་ཏྲི་པྲ་ནི་ངྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་དགའ་བོ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨོན་ལམ་བཏབས་སོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དྲང་སྲོང་ལྷ་མིག་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་དང་ཡང་། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོའི་ལམ་ནི་བཟློག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །བདག་གིས་དེ་དག་བཤགས་པར་བགྱི། །བདག་ལས་རྣམ་པ་གསུམ་གང་གི། བསོད་ནམས་ཚོགས་ནི་བསྐྱེད་པ་སྟེ། །བདག་གི་ཀུན་མཁྱེན་ས་བོན་ཏེ། །བདག་གི་བྱང་ཆུབ་མི་ཟད་ཤོག །ཕྱོགས་བཅུ་དག་གི་ཞིང་རྣམས་སུ། །སངས་རྒྱས་མཆོད་པ་གང་བྱུང་བ། །སངས་རྒྱས་མཁྱེན་པ་ཡི་རང་བ། །དེ་ལ་བདག་ནི་ཡི་རང་ངོ་། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་ཡི་རང་ངོ་། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག །འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། །བྱང་ཆུབ་དམ་པར་སངས་རྒྱས་ཤིང་། །སྡེ་དང་བཅས་པའི་བདུད་བཏུལ་ནས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སེམས་ཅན་སྡུག་བསྔལ་མཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །འདོད་པའི་འདམ་དུ་བྱིང་གྱུར་ཅིང་། །སྲེད་པའི་སྲད་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱིས་བཅིངས་བདག་ལ། །རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །སེམས་ཀྱི་དྲི་མར་གྱུར་པ་ལ། །སངས་རྒྱས་རྣམས་ནི་སྨོད་མི་མཛད། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །རྫོགས་པའི་སངས་རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང་། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག །མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག །མ་སྐྱེས་པ་དང་མི་འབྱུང་དང་། །རང་བཞིན་མ་མཆིས་གནས་མ་མཆིས། །རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག །སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །བདག་མ་མཆིས་པའི་ཆོས་རྟོགས་ཤོག །བདག་འཛིན་བདག་གིར་འཛིན་པ་ཡི། །དངོས་པོ་ཀུན་ལ་མི་གནས་པར། །སེམས་ཅན་ཀུན་ལ་སྨན་སླད་དུ། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །དངོས་པོ་དངོས་པོར་མ་མཆིས་པས། །བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །དངོས་པོ་ཐམས་ཅད་རྣམ་འཇིག་པས། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །སའམ་ཡང་ན་ཆུའམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང་། །བཟོད་པའམ་ཁྲོ་བ་མ་མཆིས་པར། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག །བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང་། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག། སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །དཔའ་བར་འགྲོ་བའི་ཏིང་འཛིན་དང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །རྣམ་པར་ཐར་པའི་སྒོ་གསུམ་དང་། །དུས་གསུམ་མཉམ་པ་ཉིད་དང་ནི། །རིགས་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །སངས་རྒྱས་ཀུན་གྱིས་བསྔགས་པ་དང་། །འོད་དང་གཟི་བརྗིད་འབར་བ་དང་། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །བདག་གི་བསམ་པ་རྫོགས་གྱུར་ཅིག །དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང་། །བྱམས་པ་གྲགས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །ས་བཅུ་པོ་ལ་རབ་དུ་གནས། །༈ འདི་ནས་ཤི་འཕོས་གྱུར་མ་ཐག །དགའ་ལྡན་སྐྱེས་ནས་ཡིད་དགའ་བར། །མྱུར་དུ་བྱམས་མགོན་མཉེས་བྱས་ནས། །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །འདི་ལྟར་བརྗོད་པའི་བསོད་ནམས་དཔག་མེད་ཀྱིས། །དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན། །གནས་ངན་ལེན་རྣམས་རྟག་ཏུ་སྤོང་བྱས་ནས། །རྒྱལ་བ་བྱམས་པའི་ཞབས་དྲུང་སྐྱེ་བར་ཤོག །དཀོན་མཆོག་གསུམ་གྱི་ཐུགས་རྗེ་བྱིན་རླབས་དང་། །རྒྱུ་འབྲས་མི་བསླུ་ཆོས་དབྱིངས་རྣམ་དག་པ། །རྒྱལ་བ་བྱམས་པས་སྨོན་ལམ་གང་བཏབས་པ། །དེ་དག་ཐམས་ཅད་དེང་འདིར་འགྲུབ་པར་ཤོག ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་གང་ན་གནས་ནས་ཐབས་མཁས་པས། ཐེག་པ་བདེ་བ་དང་འཇུག་པ་བདེ་བ་དང་།ལམ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་པའི་ཐབས་མཁས་པ་ཡིན་ནོ། །འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ། །དཀོན་བརྩེགས་ཀྱི་བྱམས་པས་ཞུས་པ་ལུང་བསྟན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས་སོ། །

ཕྱག་ཆེན་སྨོན་ལམ།

༄༅། །ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་བཞུགས་སོ། །ན་མོ་གུ་རུ། །བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས། །བདག་ལ་བརྩེ་དགོངས་བདག་གི་སྨོན་ལམ་རྣམས། །ཇི་བཞིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །བསམ་སྦྱོར་རྣམ་དག་གངས་རི་ལས་སྐྱེས་པའི། །འཁོར་གསུམ་རྙོག་མེད་དགེ་ཚོགས་ཆུ་རྒྱུན་རྣམས། །རྒྱལ་བ་སྐུ་བཞིའི་རྒྱ་མཚོར་འཇུག་གྱུར་ཅིག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུ། །སྐྱེ་དང་སྐྱེ་བ་ཚེ་རབས་ཀུན་ཏུ་ཡང། །སྡིག་དང་སྡུག་བསྔལ་སྒྲ་ཡང་མི་གྲག་ཅིང་། །བདེ་དགའ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །དལ་འབྱོར་མཆོག་ཐོབ་དད་བརྩོན་ཤེས་རབ་ལྡན། །བཤེས་གཉེན་བཟང་བསྟེན་གདམས་པའི་བཅུད་ཐོབ་ནས། །ཚུལ་བཞིན་སྒྲུབ་ལ་བར་ཆད་མ་མཆིས་པར། །ཚེ་རབས་ཀུན་ཏུ་དམ་ཆོས་སྤྱོད་པར་ཤོག །ལུང་རིགས་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ། །མན་ངག་བསམ་པས་ཐེ་ཚོམ་མུན་ནག་བཅོམ། །སྒོམ་བྱུང་འོད་ཀྱི་གནས་ལུགས་ཇི་བཞིན་གསལ། །ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་ཤོག །རྟག་ཆད་མཐའ་བྲལ་བདེན་གཉིས་གཞི་ཡི་དོན། །སྒྲོ་སྐུར་མཐའ་བྲལ་ཚོགས་གཉིས་ལམ་མཆོག་གིས། །སྲིད་ཞིའི་མཐའ་བྲལ་དོན་གཉིས་འབྲས་ཐོབ་པའི། གོལ་འཆུགས་མེད་པའི་ཆོས་དང་འཕྲད་པར་ཤོག །སྦྱང་གཞི་སེམས་ཉིད་གསལ་སྟོང་ཟུང་འཇུག་ལ། །སྦྱོང་བྱེད་ཕྱག་ཆེན་རྡོ་རྗེ་རྣལ་འབྱོར་ཆེས། །སྦྱང་བྱ་བློ་བུར་འཁྲུལ་བའི་དྲི་མ་རྣམས། །སྦྱང་འབྲས་དྲི་བྲལ་ཆོས་སྐུ་མངོན་འགྱུར་ཤོག །གཞི་ལ་སྒྲོ་འདོགས་ཆོད་པ་ལྟ་བུ་གདེངས། །དེ་ལ་མ་ཡེངས་སྐྱོང་བ་སྒོམ་པའི་གནད། །སྒོམ་དོན་ཀུན་ལ་རྩལ་སྦྱོང་སྤྱོད་པའི་མཆོག །ལྟ་སྒོམ་སྤྱོད་པའི་གདེང་དང་ལྡན་པར་ཤོག །ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཏེ། །སེམས་ནི་སེམས་མེད་སེམས་ཀྱི་ངོ་བོས་སྟོང། །སྟོང་ཞིང་མ་འགགས་ཅིར་ཡང་སྣང་བ་སྟེ། །ལེགས་པར་བརྟགས་ནས་གཞི་རྩ་ཆོད་པར་ཤོག །ཡོད་མ་མྱོང་བའི་རང་སྣང་ཡུལ་དུ་འཁྲུལ། །མ་རིག་དབང་གིས་རང་རིག་བདག་ཏུ་འཁྲུལ། །གཉིས་འཛིན་དབང་གིས་སྲིད་པའི་ཀློང་དུ་འཁྱམས། །མ་རིག་འཁྲུལ་བའི་རྩད་རྡར་ཆོད་པར་ཤོག །ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །འདི་ཡིན་ཞེས་པ་གང་གིས་མཚོན་པ་མེད། །འདི་མིན་ཞེས་བྱ་གང་གིས་བཀག་པ་མེད། །བློ་ལས་འདས་པའི་ཆོས་ཉིད་འདུས་མ་བྱས། །ཡང་དག་དོན་ཀྱི་མཐའ་ནི་ངེས་པར་ཤོག །འདི་ཉིད་མ་རྟོགས་འཁོར་བའི་རྒྱ་མཚོའི་འཁོར། །འདི་ཉིད་རྟོགས་ན་སངས་རྒྱས་གཞན་ན་མེད། །ཐམས་ཅད་འདི་ཡིན་འདི་མིན་གང་ཡང་མེད། །ཆོས་ཉིད་ཀུན་གཞིའི་མཚང་ནི་རིག་པར་ཤོག །སྣང་ཡང་སེམས་ལ་སྟོང་ཡང་སེམས་ཡིན་ཏེ། །རྟོགས་ཀྱང་སེམས་ལ་འཁྲུལ་ཡང་རང་གི་སེམས། །སྐྱེས་ཀྱང་སེམས་ལ་འགགས་ཀྱང་སེམས་ཡིན་པས། །སྒྲོ་འདོགས་ཐམས་ཅད་སེམས་ལ་ཆོད་པར་ཤོག །བློས་བྱས་རྩོལ་བའི་སྒོམ་གྱིས་མ་བསླད་ཅིང་། །ཐ་མལ་འདུ་འཛིའི་རླུང་གིས་མ་བསྐྱོད་པར། །མ་བཅོས་གཉུག་མར་རང་བབ་འཇོག་ཤེས་པའི། །སེམས་དོན་ཉམས་ལེན་མཁས་ཞིང་སྐྱོང་བར་ཤོག །ཕྲ་རགས་རྟོག་པའི་དབའ་རླབས་རང་སར་ཞི། །གཡོ་མེད་སེམས་ཀྱི་ཆུ་བོ་ངང་གིས་གནས། །བྱིང་རྨུགས་རྙོག་པའི་དྲི་མ་དང་བྲལ་བའི། །ཞི་གནས་རྒྱ་མཚོ་མི་གཡོ་བརྟན་པར་ཤོག །བལྟར་མེད་སེམས་ལ་ཡང་ཡང་བལྟས་པའི་ཚེ། །མཐོང་མེད་དོན་ནི་ཇི་བཞིན་ལྷག་གེར་མཐོང་། །ཡིན་མིན་དོན་ལ་ཐེ་ཚོམ་ཆོད་པ་ཉིད། །འཁྲུལ་མེད་རང་ངོ་རང་གིས་ཤེས་པར་ཤོག །ཡུལ་ལ་བལྟས་པས་ཡུལ་མེད་སེམས་སུ་མཐོང་། །སེམས་ལ་བལྟས་པས་སེམས་མེད་ངོ་བོས་སྟོང་། །གཉིས་ལ་བལྟས་པས་གཉིས་འཛིན་རང་སར་གྲོལ། །འོད་གསལ་སེམས་ཀྱི་གནས་ལུགས་རྟོགས་པར་ཤོག །ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །མཐའ་དང་བྲལ་བ་དབུ་མ་ཆེན་པོ་ཡིན། །འདི་ནི་ཀུན་འདུས་རྫོགས་ཆེན་ཞེས་ཀྱང་བྱ། །གཅིག་ཤེས་ཀུན་དོན་རྟོགས་པའི་གདེང་ཐོབ་ཤོག །ཞེན་པ་མེད་པའི་བདེ་ཆེན་རྒྱུན་ཆད་མེད། །མཚན་འཛིན་མེད་པའི་འོད་གསལ་སྒྲིབ་གཡོགས་བྲལ། །བློ་ལས་འདས་པའི་མི་རྟོགས་ལྷུན་གྱིས་གྲུབ། །རྩོལ་མེད་ཉམས་མྱོང་རྒྱུན་ཆད་མེད་པར་ཤོག །བཟང་ཞེན་ཉམས་ཀྱི་འཛིན་པ་རང་སར་གྲོལ། །ངན་རྟོག་འཁྲུལ་པའི་རང་བཞིན་དབྱིངས་སུ་དག །ཐ་མལ་ཤེས་པ་སྤང་བླང་བྲལ་ཐོབ་མེད། །སྤྲོས་བྲལ་ཆོས་ཉིད་བདེན་པ་རྟོགས་པར་ཤོག །འགྲོ་བའི་རང་བཞིན་རྟག་ཏུ་སངས་རྒྱས་ཀྱང་། །མ་རྟོགས་དབང་གིས་མཐའ་མེད་འཁོར་བར་འཁྱམས། །སྡུག་བསྔལ་མུ་མཐའ་མེད་པའི་སེམས་ཅན་ལ། བཟོད་མེད་སྙིང་རྗེ་རྒྱུད་ལ་སྐྱེ་བར་ཤོག །བཟོད་མེད་སྙིང་རྗེའི་རྩལ་ཡང་མ་འགགས་པའི། །བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་ཤར། །ཟུང་འཇུག་གོལ་ས་བྲལ་བའི་ལམ་མཆོག་འདི། །འབྲལ་མེད་ཉིན་མཚན་ཀུན་ཏུ་བསྒོམ་པར་ཤོག །སྒོམ་སྟོབས་ལས་བྱུང་སྤྱན་དང་མངོན་ཤེས་དང་། །སེམས་ཅན་སྨིན་བྱས་སངས་རྒྱས་ཞིང་རབ་སྦྱངས། །སངས་རྒྱས་ཆོས་རྣམས་འགྲུབ་པའི་སྨོན་ལམ་རྫོགས། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་སངས་རྒྱས་ཤོག །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །རྣམ་དཀར་དགེ་བ་ཇི་སྙེད་ཡོད་པའི་མཐུས། །དེ་ལྟར་བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྨོན་ལམ་རྣམ་དག་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདིའང་ཀརྨ་པ་རང་བྱུང་རྡོ་རྗེས་སོ།། །།

བསྐལ་མང་གོང་ནས་མ།

༈ ན་མོ་གུ་རུ། བསྐལ་མང་གོང་ནས་གཡོ་སྒྱུ་སྤངས་པའི་ཐུགས། །བཅོས་མའི་ཚུལ་སྤངས་དྲང་ཞིང་བདེན་པའི་གསུང་། །ཚུལ་འཆོས་མི་མངའ་ཚུལ་དང་མཐུན་པའི་སྐུ། །ཐུབ་པ་དྲང་སྲོང་ཆེན་པོ་ལ་ཕྱག་འཚལ། །ཐུབ་པ་དེ་སྲས་བདེན་པའི་དོན་གཟིགས་པའི། །བདེན་གསུང་མངའ་བ་བདེན་ཚིག་གྲུབ་པའི་ཚོགས། །ཐེག་པ་གསུམ་གྱི་ཐར་པའི་ལམ་ཞུགས་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །བདག་ནི་དེང་ནས་སྐྱེ་དང་ཚེ་རབས་སུ། །རྒྱལ་བ་སྲས་བཅས་ཁྱེད་དང་མི་འབྲལ་ཞིང་། །རྒྱལ་བ་སྲས་བཅས་ཁྱེད་ཀྱིས་རྗེས་བཟུང་ནས། །རྒྱལ་བ་སྲས་བཅས་ཁྱེད་བཞིན་འགྲུབ་པར་ཤོག །ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང་། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང་། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་བ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཐར་པའི་ལམ་ལ་དང་པོ་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོ་བྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ཀུན་གྱི་དང་པོའི་མགོ། བཅོས་མེད་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆགས་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །གོང་ནས་གོང་དུ་བྱང་ཆུབ་སེམས་མཆོག་འཕེལ། །ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་མི་བརྗེད། །ཡང་དང་ཡང་དུ་བྱང་ཆུབ་སེམས་བསྒོམས་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པར་ཤོག །ཐུབ་པ་མཆོག་དང་འཇམ་དཔལ་དཔའ་བོ་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་གང་ཡིན་པ། །བདག་གི་ཚེ་རབས་སྤྱོད་ཀུན་དེ་འདྲ་བར། །གྱུར་ནས་དོན་གཉིས་སྤྱོད་པ་ལྷུན་གྲུབ་ཤོག །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་བཟང་ཅན། །དུས་གཅིག་དོན་གཉིས་སྒྲུབ་པའི་ཐབས་མཁས་པོ། །ཚུལ་གཅིག་འཁོར་འདས་དབྱེར་མེད་ལྟ་བ་ཡིས། །ལམ་གཅིག་རྡོ་རྗེ་ཐེག་པར་འཇུག་པར་ཤོག །ལམ་འདིའི་ལམ་སྒོམ་རྡོ་རྗེ་འཛིན་པའི་ཚོགས། །ཀུན་ལ་བདེ་སྟོང་བསྐྱེད་པའི་གྲོགས་བགྱིད་ཅིང་། །ལྷན་ཅིག་སྐྱེས་པ་མཚོན་པའི་སྒོར་གྱུར་པའི། །ལམ་གཅིག་མཁའ་འགྲོའི་གླིང་དུ་རོལ་བར་ཤོག །བཅོས་མ་སྤང་བའི་སེམས་ཉིད་གཉུག་མའི་ཞལ། །བཅོས་མ་མིན་པར་རང་ངོ་རྗེན་པར་མཐོང་། །བཅོས་བསླད་བྲལ་བའི་མཉམ་བཞག་རྒྱུན་བསྐྱངས་ཏེ། །བཅོས་མེད་དོན་གྱི་འབྲས་བུ་ཐོབ་པར་ཤོག །གནས་སྐབས་སུ་ཡང་བསམ་པའི་དོན་ཀུན་འགྲུབ། །གསོན་པའི་ཚེ་ན་བསམ་པ་ངན་པ་མེད། །འཆི་བའི་ཚེ་ན་གནད་གཅོད་སྡུག་བསྔལ་མེད། །ཤི་ནས་འཁྲུལ་སྣང་འཇིགས་སྐྲག་མེད་པར་ཤོག །བདག་མཐོང་ཐོས་དང་དྲན་རེག་འགྲོ་བ་ཀུན། །ངེས་འབྱུང་བྱང་ཆུབ་སེམས་དང་ལྷན་ཅིག་སྐྱེས། །ཇི་ལྟར་རིག་པ་ཇི་བཞིན་རྒྱུད་སྐྱེས་ནས། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཉི་མ་མཚན་དཔེའི་ཞལ་མཐོང་ཞིང་། །དམ་ཆོས་ཉི་མ་སྙིང་གི་བདུད་རྩིར་སྤྱོད། །དགེ་འདུན་ཉི་མ་ཐར་པའི་གྲོགས་གྱུར་ནས། །མཆོག་གསུམ་ཉི་མའི་འོད་དང་མི་འབྲལ་ཤོག །སྒྲུབ་པ་པོ་ཉི་མའི་ཐུགས་བཞེད་བཞིན་བཙུནགཟུགས་དཔལདགེས་བྲིས་པའོ།། །།

གཞི་འབྲས་སྨོན་ལམ་རིག་སྟོང་རྡོ་རྗེའི་རང་མདངས།

༄༅། །འཇམ་དཔལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུ་དབྱེར་མེད་པའི་དོན་ལ་སྨོན་པ་རིག་སྟོང་རྡོ་རྗེའི་རང་གདངས་ཞེས་བྱ་བ་བཞུགས། ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་ཀྱི། །ཡེ་ཤེས་སྐུར་གྱུར་གཉིས་མེད་ཚུལ་འཆང་བ། །འཇམ་དཔལ་གཞོན་ནུ་མཉམ་པ་ཉིད་ཀྱི་ངང་། །བྱར་མེད་དོན་ལ་ལྷུན་གྱིས་གྲུབ་གྱུར་ཅིག །གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ། །མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས། །དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས། །རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་ཤོག །ཡེ་ནས་གནས་ཕྱིར་རྩོལ་བས་བསྒྲུབ་པ་དང་། །དབང་པོའི་ཁྱད་པར་སོགས་ལ་མི་ལྟོས་ཀྱང་། །སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག །སྤྲོས་ཤིང་དཔྱད་པ་ཀུན་རྟོག་སྣོན་མ་སྟེ། །བཙལ་ཞིང་སྒྲུབ་པ་རང་ཉིད་ངལ་བའི་རྒྱུ། །དམིགས་ཤིང་བསྒོམ་པ་ཕྱིར་ཞིང་འཆིང་བའི་གཟེབ། །ཟུག་རྔུའི་སྤྲོས་པ་ནང་ནས་ཆོད་པར་ཤོག །བསམ་བརྗོད་བྲལ་ལ་མཐོང་བ་གང་མེད་ཀྱང་། །མ་མཐོང་ལྷག་མར་གྱུར་བ་གང་ཡང་མེད། །རང་སེམས་ཁོ་ཐག་ཆོད་པ་ཟབ་མོའི་དོན། །མཚོན་པར་དཀའ་བའི་དེ་ཉིད་རྟོགས་པར་ཤོག །སྤྲོས་ཀུན་ཀ་ནས་དག་ཕྱིར་ཡོད་མཐའ་སྤངས། །རིག་གདངས་ལྷུན་གྱིས་གྲུབ་པས་མེད་མཐའ་བྲལ། །གཉིས་སུ་བརྗོད་ཀྱང་རྟོག་པས་འཇུག་ཚུལ་ཙམ། །དབྱེར་མེད་བརྗོད་བྲལ་མཉམ་པའི་དོན་མཐོང་ཤོག །འདི་ན་མཛུབ་མོའི་ཟླ་བ་ཇི་བཞིན་དུ། །དང་པོར་ཡིད་དཔྱོད་ཚིག་གིས་མཚོན་བྱས་ཀྱང་། །ཆོས་ཉིད་རང་བབས་ཡིད་དཔྱོད་ཡུལ་ལས་འདས། །རང་གིས་རང་ལ་བླན་ཏེ་མཐོང་བར་ཤོག། འདི་ལ་བསལ་བར་བྱ་བ་མ་མཐོང་ཞིང་། །བཞག་སྟེ་བསྒྲུབ་པར་བྱ་བ་མ་དམིགས་པས། །དགག་སྒྲུབ་རྩོལ་བས་མ་བསླད་ཆོས་ཉིད་ངང་། །ལྷུན་གྱིས་གྲུབ་པའི་དོན་ལ་འཇུག་པར་ཤོག །ཤེས་བྱའི་གཞི་དང་བགྲོད་པར་བྱེད་པའི་ལམ། །ཐོབ་བྱ་འབྲས་བུའི་ཆོས་སུ་བཏགས་པ་ཡང་། །རང་བཞིན་གཤིས་ལ་ནམ་མཁའི་གོ་རིམ་འདྲ། །བྱར་མེད་དོན་ལ་ལྷུན་གྱིས་གནས་པར་ཤོག །འཁྲུལ་བས་སྒྲོ་བཏགས་མ་དག་འཁོར་བའི་ཆོས། །དེ་ལས་ལོག་པ་དག་པའི་སྣང་བ་ཡང་། །ལྟོས་ནས་བཏགས་པ་རྣམ་པར་སྤྲོས་པའི་ཆོས། །སྤྲོས་མེད་གཤིས་ལ་མི་གནས་མཐོང་གྱུར་ཅིག །བློ་བྲལ་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་ལ། །ལྟ་དང་སྒོམ་པས་བསླད་ཀྱིན་རྟོག་པས་སྒྲིབ། །ཐ་མལ་གཤིས་སུ་སོན་ལ་ལྟ་སྒོམ་བྲལ། །རྣལ་མའི་དོན་ལ་བབ་ཀྱིས་གནས་གྱུར་ཅིག །གང་ལ་དམིགས་པར་བྱ་བ་ལྟ་བའི་དུག །གང་ཞིག་རྩོལ་བས་ཟིན་པ་སྒོམ་པའི་སྐྱོན། །གང་ལ་བླང་དོར་བྱ་བ་སྤྱོད་པའི་འཕྲང་། །ཟུག་རྔུ་ཀུན་བྲལ་ཆོས་ཉིད་མཐོང་བར་ཤོག །སྤྲོས་པའི་གཟེབ་ཏུ་མ་ཚུད་རིག་པའི་གདངས། །བློ་བྲལ་མངོན་སུམ་མཐོང་ལ་ཡིད་དཔྱོད་ཀྱི། །ཞགས་པས་མཁའ་ལ་མདུད་པ་མི་འདོར་བར། །རང་བཞག་རྣལ་མའི་དོན་ལ་མཁས་གྱུར་ཅིག །དེ་ཚེ་རང་རིག་གཞོན་ནུ་བུམ་པ་སྐུའི། །མཁྱེན་ཆ་རང་འོད་གསལ་བ་འཇམ་པའི་དབྱངས། །ཤེས་རབ་རང་བྱུང་སྒྲོན་མེའི་སྣང་བ་ཡིས། །སྒྲིབ་པའི་མུན་པ་འཐིབ་པོ་འཇོམས་གྱུར་ཅིག །མ་བཅོས་འདུས་མ་བྱས་པའི་ཆོས་ཉིད་ལ། །བཅོས་མའི་ལམ་གྱིས་གསར་དུ་བསྒྲུབ་མེད་པས། །རྒྱུ་ལས་མ་བྱུང་མཐར་ཐུག་འབྲས་བུའི་དོན། །རང་ལ་ཡེ་ནས་གནས་པ་མཐོང་བར་ཤོག །ཡིད་དཔྱོད་ཚིག་གི་སྤུན་པ་འཁྲུལ་བའི་ལམ། །ཇི་ལྟར་བརྗོད་ཀྱང་རྟོག་པའི་དྲྭ་བ་སྟེ། །ལུང་ལས་མ་བྱུང་རང་གིས་རིག་བྱ་བའི། །མན་ངག་ཟབ་མོ་སྙིང་ལ་བསྒོམ་པར་ཤོག །གཟུང་འཛིན་སེམས་ནི་ངོ་བོ་ཉིད་ཀྱིས་འཁྲུལ། །གང་ལྟར་དམིགས་པ་དེ་བཞིན་ཉིད་དུ་མིན། །སེམས་ལས་མ་བྱུང་རང་བྱུང་ཡེ་ཤེས་སྐུ། །ངེས་པ་དོན་གྱིས་སངས་རྒྱས་འགྲུབ་པར་ཤོག །རིག་སྟོང་རིག་པའི་དབྱིངས་སུ་ཆོས་ཐམས་ཅད། །མཉམ་པ་ཉིད་གྱུར་ཐིག་ལེ་ཉག་གཅིག་ལ། །འཁོར་འདས་རེ་དོགས་ཞིག་པའི་ངང་ཚུལ་དུ། །མི་གནས་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །འདི་ལྟར་ལུས་དང་ཡུལ་དུ་སྣང་བ་ཡང་། །རབ་རིབ་བཞིན་དུ་རྟོག་པའི་དབང་གིས་སྣང་། །མི་རྟོག་ཡེ་ཤེས་ཆེན་པོའི་རང་མདངས་ཀྱིས། །ཆོས་ཟད་གདོད་མའི་དབྱིངས་སུ་བྱང་གྱུར་ཅིག །དེ་ཚེ་མཁའ་དང་མཉམ་པའི་ཡེ་ཤེས་སྐུ། །ཕྱོགས་དུས་མུ་མཐའ་སྲིད་དུ་འགྲོ་ཀུན་གྱི། །ཕན་བདེའི་དོན་ཀུན་འཇོ་བའི་ཡིད་བཞིན་ནོར། །སྒྲིབ་བྲལ་འབྲས་བུའི་མཐར་ཐུག་ཐོབ་པར་ཤོག །ཅེས་པ་འདི་ནི་ཛྙཱ་ན་ཌཱཀྐི་ནི་ཝ་ར་ཧིའི་རྣམ་པར་འཕྲུལ་པར་ཡོངས་སུ་གྲགས་པ་རྗེ་བཙུན་བདེ་སྐྱོང་ཡེ་ཤེས་དབང་མོས་རབ་ཚེས་མེ་ཁྱི་ཟླ་༢ཚེས་༤དུས་དགེ་བར་བཀྲ་ཤིས་པའི་ལྷ་རེག་དང་ཤེལ་དཀར་ཕྲེང་བ་རིན་པོ་ཆེའི་རྒྱན་ལྡན་བཅས་བཀའ་ཡིས་བསྐུལ་བའི་རྐྱེན་བྱས་ནས། ཚེས་དེ་ཉིན་ལ་མི་ཕམ་འཇམ་དཔལ་དགྱེས་པའམ་འོད་གསལ་རྡོ་རྗེ་ཞེས་བྱ་བས་རྫོགས་པར་བྲིས་པ་སྟེ། རྫོགས་པ་ཆེན་པོའི་གྲུབ་མཐའི་རང་སྐད་ཐུན་མིན་རང་རྐང་ཚུགས་པར་གང་ཤར་དུ་སྨྲས་པའི་དགེ་བས་འགྲོ་ཀུན་གདོད་མའི་མགོན་པོ་འཇམ་དཔལ་གཞོན་ནུའི་གོ་འཕང་ཐོབ་པར་གྱུར་ཅིག །ཐོས་པ་ཙམ་གྱིས་ངེས་པར་གྲོལ་འགྱུར་ཞེས། །རྡོ་རྗེ་འཆང་གིས་བསྔགས་པ་ལམ་གྱི་མཆོག །འདི་ཚུལ་སེམས་པར་བྱེད་པ་སྨོ་ཅི་འཚལ། །ཆོས་ཉིད་བདེན་པས་མྱུར་དུ་འགྲོ་བར་འགྱུར། །རྩོལ་བཅས་ཐེག་པས་གདུལ་བར་དཀའ་བའི་ཚེ། །ཀུན་བཟང་ཐུགས་ཀྱི་བསྟན་པ་འབྱུང་ཞེས་སུ། །བསྔགས་པའི་ལུང་བཞིན་སྙིང་པོའི་བསྟན་པ་ཡིས། །འཇིག་རྟེན་ཀུན་ཏུ་ཁྱང་ཅིང་རྒྱས་གྱུར་ཅིག ། ཅེས་ཀྱང་སྨྲས་སོ། །

རིགས་ལྔའི་སྨོན་ལམ།

༄༅། །རིགས་ལྔའི་ཞིང་ཁམས་སུ་སྨོན་ལམ་འདེབས་པ་བཞུགས་སོ། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། །བཅོམ་ལྡན་མི་བསྐྱོད་རྒྱལ་པོ་འོད་དཔག་མེད། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །མི་བསྐྱོད་རྒྱལ་པོའི་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ལྷོ་ཕྱོགས་རིན་ཆེན་བརྩེགས་པའི་ཞིང་ཁམས་སུ། །བཅོམ་ལྡན་རིན་འབྱུང་རྒྱལ་པོ་འོད་དཔག་མེད། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །རིན་འབྱུང་རྒྱལ་པོའི་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་རབ་བགྲོད་ནས། །ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་སུ། །བཅོམ་ལྡན་སྣང་མཐའ་རྒྱལ་པོའོད་དཔག་མེད། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །སྣང་མཐའ་རྒྱལ་པོའི་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ། །བཅོམ་ལྡན་དོན་གྲུབ་རྒྱལ་པོ་འོད་དཔག་མེད། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག ། དོན་གྲུབ་རྒྱལ་པོའི་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །དབུས་ཕྱོགས་གཡོ་བ་མེད་པའི་ཞིང་ཁམས་སུ། །བཅོམ་ལྡན་རྣམ་སྣང་རྒྱལ་པོ་འོད་དཔག་མེད། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །རྣམ་སྣང་རྒྱལ་པོའི་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །རྩ་བའི་བླ་མ་མགོན་པོ་ཚེ་དཔག་མེད། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །བཀའ་བརྒྱུད་བླ་མའི་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་ཐོབ་པ་ཤོག །དེ་ཡང་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །

བཟང་སྤྱོད་སྨོན་ལམ།

༄༅། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙཪྻ་པྲ་ཎི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པའི་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །༈ འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིག་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལུས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཅི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་དགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོག་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག། གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་རྣམས་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་རྣམས་སྟོབས་རྣམས་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་བསྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་སྒྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་དག་མ་ལུས་བདག་གིས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པ། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཁྲུལ་པ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། ༈ གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་ཅིག་ཙམ་ཡང་དད་པ་བསྐྱེད་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང་། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིིག་གིས་ཐམས་ཅད་འབྱོར་བར་ཤོག། གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་དམ་པ་མཐའ་ཡས་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་བར་ཤོག །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཞིང་ལོ་ཆེན་བཻ་རོ་ཙ་ནས་ཞུས་ཆེན་མཛད་པའོ། །༈ སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །

སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ།

༄༅། །སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་བཞུགས་སོ། །ཀྱེ་མ་ཀྱེ་ཧུད་རིག་འཛིན་པདྨ་འབྱུང་། །བདག་འདྲ་ལས་ངན་སྙིགས་མའི་སེམས་ཅན་རྣམས། །བདེ་བ་འདོད་ཀྱང་སྡུག་བསྔལ་དོན་དུ་གཉེར། །སྙིང་རུས་ཕྱིན་ཅི་ལོག་རྣམས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཐུགས་རྗེ་ལྡན་པའི་རྒྱལ་བ་ཁྱེད་ལྟ་བུས། །བོད་འབངས་བོར་ནས་རྔ་ཡབ་གླིང་དུ་གཤེགས། །གདོང་དམར་བོད་ཕྲུག་སྤྲེའུའིི་ཚ་བོ་རྣམས། །འདི་ཕྱིའི་རེ་ལྟོས་སྐྱབས་གནས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཚེ་སྲོག་མི་རྟག་གཡང་ཁའི་བྱེའུ་འདྲ། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་ནི་མེད། །རྟག་ཏུ་སྡོད་གྲབ་བྱེད་པ་བདུད་ཀྱིས་བསླུས། །གཤིན་རྗེའི་ཕོ་ཉ་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །འཁོར་བའི་སེམས་ཅན་སྡུག་བསྔལ་ལས་ལ་གཡེང་། །དམ་ཆོས་བྱེད་བློ་ནམ་ལངས་སྐར་ལྟར་ཡལ། །དོན་ཆུང་གཡེང་བའི་ཁོལ་པོར་མི་ཚེ་ཟད། །དགྲ་ཆེན་འཆི་བ་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །བྱིས་པའི་རང་བཞིན་སོ་སོའི་སྐྱེ་བོ་ཀུན། །ཐོས་བསམ་སྒོམ་པའི་ན་ཚོད་ཆེས་ཆེར་རྒུད། །ཕར་ཕྱིན་དྲུག་གི་འདྲེན་བྱེད་ཅེ་རེ་ལོང་། །འབྱུང་བ་ཐིམ་རིམ་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །དགེ་བཅུའི་ལམ་ལ་མོས་པས་ཞུགས་ན་ཡང་། །རྣམ་པར་དཔྱད་ན་ཆོས་བརྒྱད་ཟོབ་དང་འདྲེས། །མི་དགེའི་རྣམ་སྨིན་མ་ཚོར་ཤུགས་ཀྱིས་འགོ། བར་དོར་དམྱལ་ཐག་གཅོད་དུས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཀྱེ་མ་ནམ་ཞིག་ཚེ་ཡི་འཕེན་པ་ཟད། །ལུས་ཀྱི་མདངས་ཤོར་དབུགས་ཀྱི་ངར་སྒྲ་བརྩེགས། །འདེགས་བྱེད་རླུང་བྲོས་ངར་སྐད་ཅན་གྱི་རོས། །ཉེ་འབྲེལ་གདུང་སེམས་འབྲེལ་ཐག་གཅོད་པའི་ཚེ། །གནད་གཅོད་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང་། །མཁའ་འགྲོས་བསུ་བའི་སྣང་བ་ཤར་བར་ཤོག །ཀྱི་ཧུད་ས་ཆུ་མེ་རླུང་ནམ་མཁའ་སྟེ། །འབྱུང་ལྔའི་ཐིམ་རིམ་དུ་བ་སྨིག་རྒྱུ་དང་། །མེ་ཁྱེར་མར་མེའི་སྣང་བ་གསལ་བའི་རྗེས། །ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་སྟེ། །འདི་ལྟར་རྣམ་ཤེས་སྣང་བ་ལ་ཐིམ་པས། །སྐར་ཁུང་ནང་དུ་ཟླ་ཟེར་ཤར་བ་ལྟར། །དཀར་ལམ་འཆར་ཞིང་དཀར་ཆ་ཐུར་དུ་བབས། །དེ་རྗེས་སྣང་བ་མཆེད་པ་ལ་ཐིམ་པས། །སྤྲིན་མེད་མཁའ་ལ་ཉི་ཟླ་གཟས་ཟིན་ལྟར། །དམར་ལམ་འཆར་ཞིང་དམར་ཆ་སྙིང་གར་ལྡོག །དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས། །སྤྲིན་མེད་ནམ་མཁར་སྲོད་མུན་འཁྲིགས་པ་ལྟར། །ནག་ལམ་ཤར་ནས་ཀུན་གཞིའི་ངང་དུ་བརྒྱལ། །སླར་ཡང་སྲོག་འཛིན་རླུང་བརྒྱད་གྱེས་པ་ཡིས། །ཅུང་ཟད་བརྒྱལ་སངས་གདོད་མའི་ཡེ་གདངས་ཤར། །གསལ་ལ་མ་འགགས་སྟོན་གྱི་ནམ་མཁའ་བཞིན། །སྟོང་གསལ་སྒྲིབ་གཡོགས་བྲལ་བའི་ངང་ལ་གནས། །དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས། །ཐ་མལ་ཤེས་པ་ཟང་ཀ་རྒྱ་ཡན་ལ། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །གདོད་མའི་གཞི་དབྱིངས་ནང་གསལ་གསང་བའི་སྦུབས། །ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་ཀློང་། །སྐད་ཅིག་ཉིད་ལ་བཙན་ས་ཟིན་པར་ཤོག །གལ་ཏེ་བར་དོ་དང་པོར་མ་གྲོལ་ན། །དབྱིངས་སྣང་ལྷུན་གྲུབ་འོད་གསལ་ལ་ཐིམ་ནས། །སྒྲ་འོད་ཟེར་དང་ཚོམ་བུའི་དཀྱིལ་འཁོར་སོགས། །ཐིམ་ལུགས་བརྒྱད་ཀྱི་སྣང་བ་འཆར་བའི་ཚེ། །ཆོས་ཉིད་བར་དོར་རང་སྣང་ངོ་ཤེས་ནས། །མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག །དེ་ཚེ་སྒྲ་ཡིས་འཇིགས་ཏེ་ཟེར་གྱིས་དངངས། །སྐུ་ཡི་སྣང་བས་སྐྲག་སྟེ་མ་གྲོལ་ན། །ཆོས་ཉིད་བདེན་པ་བླ་མའི་བྱིན་རླབས་ཀྱིས། །འཁྲུལ་པ་རྨི་ལམ་སད་པའི་ཆ་ཙམ་ལས། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་པདྨའི་སྦུབས། །བརྫུས་ཏེ་སྐྱེས་ནས་དབུགས་དབྱུང་གྲོལ་བར་ཤོག །རིམ་དགུའི་ཐེག་པ་ཀུན་ལས་འདས་པའི་དོན། །འོད་གསལ་རྫོགས་ཆེན་ལམ་ལ་ཞུགས་དེའི་མཐུས། །ནམ་ཞིག་གདོད་མའི་ལྷུམས་སུ་ཞུགས་པའི་ཚེ། །གང་གིས་གྲོལ་ཚད་སྒྲ་འོད་ས་གཡོས་དང་། །རིགས་ལྔའི་གདུང་དང་ཞི་ཁྲོའི་སྣང་བརྙན་སོགས། །ཀུན་གྱི་མཐུན་སྣང་གྲུབ་ཏུ་མངོན་པར་ཤོག །རིག་འཛིན་བདག་གི་ལྷག་བསམ་རྣམ་དག་དང་། །ཆོས་ཉིད་རང་བཞིན་ཅི་ཡང་མ་ཡིན་པའི། །བདེན་པའི་མཐུ་ཡིས་ཁམས་གསུམ་ཡིད་ཅན་དང་། །ཁྱད་པར་འབྲེལ་བས་བསྡུས་པའི་སེམས་ཅན་ཀུན། །སྐུ་བཞིའི་ཞིང་ཁམས་རྨད་བྱུང་ཉམས་དགའ་བར། །ཚོམ་བུ་གཅིག་ཏུ་ཕྱམ་གཅིག་གྲོལ་བར་ཤོག །དེ་ལྟར་སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་འདི་ནི་རང་བྱུང་པདྨའི་གསུང་གི་དབེན་གནས་འོག་མིན་རྡོ་རྗེའི་ཀེའུ་ཚང་དུ་རང་ཉིད་གཅིག་པུར་དབེན་པར་བསྟེན་པའི་སྐབས་སྔ་ཞོགས་ཀྱི་ཚེ་ན་མིག་ལམ་དུ་ཧས་པོ་རི་མཐོང་བས་རྐྱེན་བྱས་ཏེ་སྣང་བ་ལ། ག་རེ་རི་མ་གིའི་རྩེར་མཁན་སློབ་རྗེ་འབངས་རྣམས་ཀྱི་ཞབས་ཀྱིས་བཅགས། ལྷ་འདྲེ་བཏུལ། སྐྱོ་སངས་མཛད་པ་སོགས་ཀྱི་ལོ་རྒྱུས་ཆེར་སྣང་མོད། དེ་དག་ཐམས་ཅད་ད་ལྟ་མིང་ཙམ་ལས་མེད། འདི་ལྟ་བུའི་འདུས་བྱས་ཐམས་ཅད་མི་རྟག་པར་ཡིད་ཆེས། རང་ཉིད་ཀྱང་ལོ་ཤས་ཙམ་མི་འཆི་བའི་འཚོ་རྩིས་བྱས་ཀྱང་སང་ཙམ་ནས་འཇིག་རྟེན་ཕ་རོལ་དུ་མི་འགྲོ་བའི་ངེས་པ་ཅི་ཆ་སྙམ་ནས་སྐྱོ་ཤས་ངེས་འབྱུང་ཚད་མེད་སྐྱེས། ཨོ་རྒྱན་རྗེ་འབངས་རྣམས་དྲན་པ་ལ་ཚད་མེད་ཀྱི་མཆི་མ་འཁྲུག་པ་ཞིག་བྱུང་བས་རྐྱེན་བྱས། དེའི་ཚེ་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་དང་འབྲེལ་བར་བར་དོ་ལམ་སྣང་གི་གྲོལ་ཚུལ་རྩ་ཚིག་ཏུ་བྱས་ནས་ཁ་ཏོན་བགྱིས་ཆོག་པའི་སྨོན་པ་འདི་ཡང་བྱ་བྲལ་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པའོ། །

གཞི་ལམ་འབྲས་བུའི་སྨོན་ལམ།

༄༅། །ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ གཞི་ལམ་འབྲས་བུའི་སྨོན་ལམ་བཞུགས༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ གདོད་མའི་གནས་ལུགས་རང་བཞིན་སྤྲོས་དང་བྲལ༔ ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས༔ མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི༔ འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདས༔ རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག༔ ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ༔ རང་བཞིན་གསལ་བས་ཆད་པའི་མུ་དང་བྲལ༔ ཐུགས་རྗེ་འགག་མེད་སྣ་ཚོགས་སྤྲུལ་པའི་གཞི༔ གསུམ་དུ་དབྱེ་ཡང་དོན་ལ་ཐ་མི་དད༔ རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག༔ བསམ་གྱིས་མི་ཁྱབ་སྒྲོ་འདོགས་ཀུན་དང་བྲལ༔ ཡོད་དང་མེད་པའི་ཕྱོགས་འཛིན་རྣམ་པར་ཞིག༔ འདི་དོན་བརྗོད་ལ་རྒྱལ་བའི་ལྗགས་ཀྱང་རྡུགས༔ ཐོག་མཐའ་བར་མེད་གཏིང་གསལ་ཆེན་པོའི་དབྱིངས༔ རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག༔ རང་ངོ་རྣམ་དག་སྐྱེ་མེད་ཀ་དག་ལ༔ ལྷུན་གྲུབ་འདུས་མ་བྱས་པའི་གདངས་ཤར་བ༔ གུད་དུ་མ་བཟུང་རིག་སྟོང་ཟུང་འཇུག་ཆེར༔ རྟོགས་པས་གཞི་ཡི་དགོངས་པ་ཚད་དུ་ཕྱིན༔ ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོག༔ ཡེ་ནས་དག་པས་ལྟ་བའི་མིང་ཡང་མེད༔ རང་ངོ་རིག་པས་སྒོམ་རྒྱུའི་ཤུབས་ནས་དོན༔ གཟའ་གཏད་མེད་པས་སྤྱོད་པའི་སྒྲོག་དང་བྲལ༔ རང་བཞིན་ལྷུན་ཞུགས་སྤྲོས་བྲལ་རྗེན་པའི་ངང༔ ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོག༔ བཟང་ངན་རྣམ་རྟོག་ཕྱོགས་སུ་མ་ལྷུང་ཞིང༔ བཏང་སྙོམས་ལུང་མ་བསྟན་དུ་མ་འབྱམས་པར༔ ཤར་གྲོལ་རིས་མེད་རྒྱ་ཡན་ལྷུན་འབྱམས་ཀློང༔ སྤང་བླང་ཡེ་ཟད་རང་བཞིན་ཡོངས་ཤེས་ངང༔ ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོག༔ ཐོག་མའི་སྤྱི་གཞི་ནམ་མཁའ་ལྟ་བུའི་ངང༔ གཞི་སྣང་རིག་པ་མཁའ་ལ་སྤྲིན་དེངས་བཞིན༔ ཕྱིར་གསལ་ཤེས་པ་ནང་དུ་ལྡོག་པ་ལས༔ ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུའི་སྦུབས༔ འབྲས་བུ་རྒྱལ་པོའི་བཙན་ས་ཟིན་པར་ཤོག༔ ཡེ་ནས་རང་རིག་ཀུན་ཏུ་བཟང་པོ་ལ༔ ཐོབ་བྱའི་ཞེ་འདོད་མཐའ་དག་དབྱིངས་སུ་ཡལ༔ བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་གཤིས༔ དབྱིངས་རིག་ཀུན་ཏུ་བཟང་མོའི་མཁའ་ཀློང་སྦུབས༔ འབྲས་བུ་རྒྱལ་པོའི་བཙན་ས་ཟིན་པར་ཤོག༔ རབ་ཏུ་མི་གནས་དབུ་མ་ཆེན་པོའི་དོན༔ ཁྱབ་གདལ་ལྷུན་འབྱམས་ཕྱག་རྒྱ་ཆེན་པོའི་ངང༔ མཐའ་གྲོལ་ཀློང་ཡངས་རྫོགས་པ་ཆེན་པོའི་གནད༔ ས་ལམ་ཡོན་ཏན་གཞིར་རྫོགས་ལྷུན་གྲུབ་སྦུབས༔ འབྲས་བུའི་རྒྱལ་པོའི་བཙན་ས་ཟིན་པར་ཤོག༔ ཐུགས་བཅུད་ཀློང་ཆེན་ཟབ་རྒྱ་ཡི༔ མཐའ་སྡུད་སྨོན་ལམ་ཟབ་མོ་འདི༔ བཀའ་སྲུང་དྲང་སྲོང་རཱ་ཧུ་ལ༔ བནྡེའི་ཚུལ་གྱིས་བསྐུལ་ནས་བཀོད༔ ཟབ་དོན་སྤེལ་བ་དོན་ཡོད་ཅིང༔ རྟེན་འབྲེལ་སྨོན་ལམ་མཐར་ཕྱིན་ཕྱིར༔ ནམ་མཁའི་སྙིང་པོའི་བྱིན་བརླབས་པའི༔ ཀོང་སྨྱོན་སྦས་པའི་རིག་འཛིན་ལ༔ ཟབ་རྒྱ་བཀྲོལ་ཏེ་གཏད་རྒྱ་བྱས༔ འགྲོ་དོན་ནམ་མཁའ་མཉམ་པར་ཤོག༔

ཟངས་མདོག་དཔལ་རིའི་སྨོན་ལམ།

༄༅། །ཟངས་མདོག་དཔལ་རིའི་སྨོན་ལམ་དཔལ་རིའི་གསང་ལམ་ཞེས་བྱ་བ་བཞུགས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རང་བཞིན་རྣམ་དག་བློ་བྲལ་གཉུག་མའི་སྦུབས༔ གསལ་མདངས་འགགས་མེད་བདེ་སྟོང་ལོངས་སྐུའི་རྩལ༔ སྤྲུལ་སྐུའི་ཞིང་ཁམས་མི་མཇེད་བཀོད་པའི་ཆ༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན༔ དུས་གསུམ་རྒྱལ་བས་ཆོས་འཁོར་བསྐོར་བའི་གནས༔ དེ་ཡི་ནུབ་བྱང་རྔ་ཡབ་ལངྐའི་གླིང༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ བཀོད་པ་ལྷུན་གྲུབ་ཙིཏྟའི་ས་འཛིན་སྤོ༔ རྩ་བ་གདེངས་ཅན་འཇོག་པོའི་ཐོད་དུ་བཅིངས༔ སྐེད་པར་ལུས་མེད་མཁའ་འགྲོས་ཚོགས་འཁོར་བསྐོར༔ རྩེ་མོ་གཟུགས་ཁམས་བསམ་གཏན་སྙོགས་པ་ལྟའི༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ རི་རྒྱལ་དེ་ཡི་རྩེ་མོའི་གཞལ་མེད་ཁང༔ ཤར་ཤེལ་ལྷོ་ཕྱོགས་དབང་སྔོན་བཻ་ཌཱུརྱ༔ ནུབ་ཕྱོགས་པད་རག་བྱང་ཕྱོགས་ཨིནྡྲ་ནི༔ ཕྱི་ནང་བར་མེད་ཟང་ཐལ་དབང་གཞུའི་མདངས༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ ཁྱམས་དང་གྲུ་ཆད་གློ་འབུར་འཇའ་རིས་འཁྱིལ༔ འདོད་སྣམ་ཕ་གུ་དྲ་བ་དྲ་ཕྱེད་དང༔ ཤར་བུ་མདའ་ཡབ་སྒོ་རྒྱན་རྟ་བབས་ཅན༔ ཆོས་འཁོར་གདུགས་ཏོག་བརྡ་དོན་རྟགས་རྫོགས་པའི༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ དཔག་བསམ་ལྗོན་པའི་ཤིང་དང་བདུད་རྩིའི་ཆུ༔ ནེའུ་གསེང་སྨན་ལྗོངས་དྲི་བསུང་འཐུལ་བའི་ཁྲོད༔ དྲང་སྲོང་རིག་འཛིན་བྱ་ཚོགས་བྷྲ་མ་རས༔ ཐེག་གསུམ་ཆོས་ཀྱི་སྒྲ་དང་བརྡ་གླུར་སྒྱུར༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ ཕོ་བྲང་གཞལ་མེད་ཆེན་པོའི་ལྟེ་བ་ལ༔ རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང༔ བདེ་གཤེགས་ཀུན་འདུས་རང་བྱུང་པདྨ་འབྱུང༔ སྐུ་གསུམ་རིགས་འདུས་འཇའ་ཟེར་ཀློང་ན་བཞུགས༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ གང་གི་ཟབ་གསལ་བདེ་ཆེན་ཡེ་ཤེས་རྩལ༔ སྟོང་ཉིད་སྙིང་རྗེར་ཤར་བའི་སྒྱུ་འཕྲུལ་ལས༔ ཕྱོགས་བཅུ་ཀུན་དང་ཁྱད་པར་བོད་ཡུལ་དུ༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་བར་མེད་འགྱེད༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ གཡས་ཀྱི་གྲལ་ན་རྒྱ་བོད་རིག་འཛིན་རྣམས༔ འོད་གསལ་རྡོ་རྗེའི་རོལ་ངོར་འབྱམས་སུ་ཀླས༔ གཡོན་གྱི་གྲལ་ན་འཕགས་བོད་པཎ་གྲུབ་རྣམས༔ བཤད་སྒྲུབ་ཉམས་རྟོགས་བགྲོད་གླེང་ཆོས་སྒྲ་འུར༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ མཐའ་སྐོར་བར་མཚམས་རྗེ་འབངས་ཉེར་ལྔ་དང༔ སྤྲུལ་པའི་གཏེར་སྟོན་གྲུབ་པའི་ཁྱུ་མཆོག་རྣམས༔ ཐེག་པ་རིམ་དགུའི་འཁོར་ལོ་ལ་སྤྱོད་ཅིང༔ གཡོ་མེད་དགོངས་པའི་གཟེར་གྱི་བརྟུལ་ཞུགས་འཛིན༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ ཕྱོགས་བཞི་མཚམས་བརྒྱད་གྲུ་ཆད་བར་ཁྱམས་ཀུན༔ དཔའ་བོ་ཌཱཀྐི་ལྷ་དང་ལྷ་མོས་ཁེངས༔ རྡོ་རྗེའི་གླུ་གར་མིག་འཕྲུལ་ལྟ་བུར་གཡོ༔ ཕྱི་ནང་གསང་བའི་མཆོད་སྤྲིན་སྟོབ་པར་བྱེད༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ དེ་སྟེང་ལོངས་སྐུའི་གཞལ་མེད་བཀོད་མཛེས་ནང༔ ཕྱག་ན་པདྨ་འཇིག་རྟེན་དབང་ཕྱུག་ལ༔ ཚོམ་བུའི་དཀྱིལ་འཁོར་བསམ་ཡས་འཁོར་གྱིས་བསྐོར༔ རྣམ་རྟོག་བག་ཆགས་དགྲ་གདོན་ཐལ་བར་བྱེད༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ དེ་སྟེང་ཆོས་སྐུའི་ཞིང་ཁམས་ཉམས་དགའ་བར༔ གཞི་སྣང་ཡེ་ཤེས་སྙིང་པོ་ཀུན་ཏུ་བཟང༔ སྣང་མཐའ་རིག་པའི་འཁོར་ལ་བརྡ་ཆོས་སྟོན༔ སྟོན་འཁོར་དགོངས་པ་མཉམ་པའི་ཕྲིན་ལས་ཅན༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ སྒོ་བཞིར་བཀའ་ཉན་རྒྱལ་པོ་ཆེན་པོ་བཞི༔ ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་ཀུན༔ ཕོ་ཉར་མངགས་ནས་མུ་སྟེགས་དམ་སྲི་འདུལ༔ དམ་ཅན་རྒྱ་མཚོས་དཔའ་རྟགས་རྒྱལ་རྔ་བརྡུང༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ དེ་ལྟར་ཞིང་གི་བཀོད་པ་གསལ་བཏབ་ནས༔ ཕྱི་རོལ་ཡུལ་གྱི་ཟངས་མདོག་དཔལ་རི་ལ༔ ཡུལ་ཅན་ནང་གི་རིག་པས་སྨོན་དེའི་མཐུས༔ རང་ལུས་མི་མཇེད་ཞིང་གི་བཀོད་པའི་ནང༔ རང་སྣང་ཟངས་མདོག་དཔལ་རིར་མངོན་པར་ཤོག༔ ཁྱད་པར་བསྐྱེད་རྫོགས་ཟབ་མོའི་རྟེན་འབྲེལ་གྱིས༔ རྩ་གསུམ་འཁོར་ལྔའི་མདུད་པ་གྲོལ་ནས་ཀྱང༔ སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ཆེར༔ ལྷན་སྐྱེས་ཡེ་ཤེས་རོལ་པའི་རྩལ་རྫོགས་ནས༔ རང་རིག་པད་འབྱུང་རྗེ་དང་མཇལ་བར་ཤོག༔ ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔའི་སྦུབས༔ རབ་དགའ་ནས་བཟུང་ཀུན་ཏུ་འོད་ཀྱི་བར༔ དེ་ལས་རྡོ་རྗེ་ཐེག་པའི་ས་མཆོག་གཉིས༔ ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཡི༔ ཐུན་མོང་མ་ཡིན་ཡེ་ཤེས་བླ་མའི་ས༔ བྱར་མེད་ལྷུག་པའི་ངང་དུ་རྫོགས་ནས་ཀྱང༔ གཞི་དབྱིངས་པདྨ་འོད་དུ་གྲོལ་བར་ཤོག༔ གལ་ཏེ་དགོངས་པའི་རྩལ་ཆེན་མ་རྫོགས་ན༔ གསོལ་འདེབས་སྨོན་ལམ་དྲག་པོའི་འཕེན་པ་ཡིས༔ ནམ་ཞིག་འཆི་བ་བཙན་ཐབས་བྱུང་བའི་ཚེ༔ པདྨའི་ཕོ་ཉ་མཁའ་འགྲོ་གར་མཁན་མས༔ མངོན་སུམ་ལག་པའི་ཁུ་ཚུར་བཟུང་ནས༔ མཁར་ཆེན་བཟའ་དང་གུ་ཎ་ནཱ་ཐ་ལྟར༔ མཐོང་སྣང་སྣ་ཚོགས་ཡོད་པའི་ལུགས་ལྟར་བཤད་པ་ཡིན༔ བདག་ཀྱང་པདྨ་འོད་དུ་འཁྲིད་པར་ཤོག༔ ཆོས་དབྱིངས་རྣམ་པར་དག་པའི་བདེན་པ་དང༔ དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་ཡིས༔ བདག་གི་སྨོན་པ་ཡིད་བཞིན་འགྲུབ་གྱུར་ནས༔ འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ ཅེས་པའང་རང་བཞིན་སྤྲུལ་པའི་ཞིང་ཁམས་དང་ཁྱད་པར་མ་མཆིས་པ་རྔ་ཡབ་པདྨ་འོད་ཀྱི་ཞིང་མཆོག་དམ་པར་བགྲོད་པའི་སྨོན་ལམ་དཔལ་རིའི་གསང་ལམ་ཞེས་བྱ་བ༔ སྙན་བརྒྱུད་རྡོ་རྗེ་བཙུན་མོའི་རྣལ་འབྱོར་པ་དྷརྨཱ་ཀིརྟིའི་བཞེད་སྐོང་དུ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་རྗེའི་ཟླ་ཟེར་སྙིང་ལ་འཛགས་པའི་བྱིན་རླབས་ལས༔ འོད་གསལ་རྫོགས་པ་ཆེན་པོ་མངོན་སུམ་གྱི་གནད་ལ་གོམས་པའི་རྣལ་འབྱོར་པ་ཧེ་རུ་ཀ་པདྨ་དབང་ཆེན་གྱིས་བསམ་ཡས་མཆིམས་ཕུའི་འོག་མིན་མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་གི་མཚམས་མལ་དུ་སྦྱར་བའོ༔

དུས་གསུམ་སངས་རྒྱས་མ།

༈ ཨེ་མ་ཧོ། དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་རྗེའི་གཏེར། །ཁམས་གསུམ་མ་ལུས་སྒྲོལ་བའི་དེད་དཔོན་མཆོག །བོད་ཁམས་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ། །བཀའ་དྲིན་མཚུངས་མེད་ཨོ་རྒྱན་ཆེན་པོ་ལ། །ལུས་དང་ལོངས་སྤྱོད་བློ་སྙིང་བྲང་གསུམ་འབུལ། །ཁ་ཞེ་ངོ་ལྐོག་མེད་པར་གསོལ་བ་འདེབས། །འཁོར་ཚེ་ཐོག་མ་མེད་ནས་ད་ལྟའི་བར། །མ་རིག་ལས་དང་ཉོན་མོངས་དབང་གྱུར་ནས། །ཁམས་གསུམ་རྒྱུད་དྲུག་གནས་སུ་འཁྱམས་པ་བདག །སྡུག་བསྔལ་གསུམ་གྱི་ཞགས་པས་བཅིངས་པ་ལས། །མྱུར་དུ་ཐུགས་རྗེས་སྒྲོལ་ཅིག་གུ་རུ་རྗེ། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་། །རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་མཁྱེན། །གསོལ་བ་སྙིང་ནས་འདེབས་པའི་གང་ཟག་ལ། །ཐུགས་རྗེ་རྒྱུན་ཆད་མེད་པར་ཞལ་བཞེས་པའི། །ཐོས་གྲོལ་གསུང་གི་དོན་འབྲས་མ་ལུས་པ། །མངོན་སུམ་མིག་གི་བདུད་རྩིར་སྩལ་དུ་གསོལ། །ཁྱད་པར་ནམ་ཞིག་ཚེ་ཡི་དུས་བྱས་ཏེ། །བེམ་རིག་འབྲལ་བའི་དུས་ལ་བབ་པ་ན། །སྐྱེ་འཆི་བར་དོའི་གནད་གཅོད་སྡུག་བསྔལ་འཕྲང་། །ཤིན་ཏུ་འཇིགས་པ་ཆེན་པོའི་གཡང་ས་ལས། །སྐྱོབས་ཏེ་ངན་སོང་གསུམ་དུ་མ་བཏང་བར། །རང་སྣང་རྣམ་དག་ཟངས་མདོག་དཔལ་རིའི་ཞིང་། །སྐུ་གསུམ་བདེ་བ་ཆེན་པོའི་ཕོ་བྲང་ཆེར། །མགོན་པོ་ཁྱེད་ཀྱི་ཐུགས་དང་དབྱེར་མེད་དུ། །འདྲེན་པའི་དེད་དཔོན་མཛོད་ཅིག་མ་ཧཱ་གུ་རུ། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །སངས་རྒྱས་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །དམ་ཆོས་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །དགེ་འདུན་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །རྩ་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །ད་ནི་དུས་ངན་སྙིགས་མའི་མཐའ་ལ་ཐུག །དམ་ཆོས་ཚུལ་བཞིན་བྱེད་པའི་ལོང་མ་ཁོམ། །སད་སེར་བཙའ་ཐན་ནད་ཡམས་མུ་གེ་དང་། །འཁྲུགས་རྩོད་དུས་ཀྱི་རྒུད་པས་ཀུན་དུ་མནར། །འབྱུང་བ་སྒང་གཤོངས་སྣོད་བཅུད་རྟེན་འབྲེལ་འཕྱུགས། །བོད་ཁམས་སེམས་ཅན་སྡུག་བསྔལ་དྲག་པོ་ལ། །སྤྱོད་ཚེ་རྗེ་བཙུན་གུ་རུའི་ཐུགས་རྗེ་ཡིས། །གནས་སྐབས་རྫོགས་ལྡན་གསར་བའི་སྒོ་འཕར་ཕྱེད། །མཐར་ཐུག་འོད་གསལ་ཆོས་སྐུའི་ཕོ་བྲང་དུ། །ཁམས་གསུམ་ལུས་ཅན་མཐའ་དག་དབུགས་དབྱུང་ནས། །འཁོར་བ་དོང་ནས་སྤྲུགས་པར་མཛད་དུ་གསོལ། །ཞེས་མིག་ནས་མཆི་མ་ཐོན་པའི་མོས་གུས་ཀྱིས་གསོལ་བ་གདབ་པར་བྱའོ། །ཞེས་པའང་ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུ་ཚོགས་ཀྱི་འཁོར་ལོ་དཔག་ཏུ་མེད་པར་བསྐོར་བའི་ཚེ། གྲོགས་མཆེད་རྣམས་ཀྱི་ནན་གྱིས་བསྐུལ་ངོར་བྲག་ཉག་གུར་ཅོག་འོག་ཏུ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སྨྲས་པའོ། །

བདེན་ཚིག་གྲུབ་པའི་སྨོན་ལམ།

༄༅། །བདེན་ཚིག་གྲུབ་པའི་སྨོན་ལམ་རྣམ་མཁྱེན་གྲོང་འཇུག་ཅེས་བྱ་བ་བཞུགས་སོ། །དངོས་གྲུབ་རྒྱ་མཚོའི་འབྱུང་གནས་བླ་མ་དང་མཆོག་གསུམ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། མི་ངའི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་སྟེ་རྗེ་བཙུན་བླ་མ་མཚན་ཉིད་དང་ལྡན་པའི་གདུལ་བྱར་འགྱུར་བར་ཤོག་ཅིག། མངོན་མཐོ་དང་ངེས་ལེགས་མཐའ་དག་གི་འབྱུང་ཁུངས་ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་བཏུལ་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྗེས་སུ་སློབ་པར་ཤོག་ཅིག། ཆོས་ལ་འཇུག་པའི་རྩ་བ་ངེས་འབྱུང་དང་བློ་ལྡོག་རྣམ་པ་བཞི་རྒྱུད་ལ་ངང་ངམ་ཤུགས་ཀྱིས་སྐྱེས་ནས་འཁོར་བ་མཐའ་མེད་ཀྱི་བྱ་བ་ལ་བཙོན་དོང་དང་མེ་འོབས་ལྟ་བུར་མཐོང་བར་ཤོག་ཅིག། ལས་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་རྙེད་ནས་དགེ་སྡིག་གི་ལས་ཕྲ་མོ་ཙམ་ལ་ཡང་འཇུག་ལྡོག་བྱེད་པར་ཤོག་ཅིག། གནས་གྲོགས་འདུ་འཛི་རྐྱེན་ངན་ལ་སོགས་པ་བྱང་ཆུབ་བསྒྲུབ་པའི་བར་ཆད་ཀྱི་དབང་དུ་མི་འགྲོ་བར་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་དེ་སྐྱེས་བུ་གསུམ་གྱི་ལམ་ལ་སློབ་པར་ཤོག་ཅིག།བདེ་གཤེགས་ཀུན་འདུས་ཀྱི་ངོ་བོ་བཀའ་དྲིན་ཅན་གྱི་བླ་མ་དམ་པ་ལ་ཐེ་ཚོམ་དང་མཉམ་འགྲོགས་ཀྱིས་མི་རུ་བཟུང་བའི་ལོག་ལྟ་སྤངས་ཏེ་སངས་རྒྱས་དངོས་སུ་མཐོང་བར་ཤོག་ཅིག།དེའི་མཐུ་ལས་མཚོན་བྱེད་དཔེའི་དབང་བཞིས་སྒོ་གསུམ་སྨིན་པར་བྱས་ཏེ་རྨད་བྱུང་རྡོ་རྗེ་ཐེག་པའི་གསང་ལམ་ལ་འཇུག་པར་ཤོག་ཅིག།གསོལ་འདེབས་དང་མོས་གུས་ཀྱི་མཚམས་སྦྱོར་ལམ་དུ་ལོངས་ནས་མཚོན་བྱ་དོན་གྱི་དགོངས་རྒྱུད་བདག་ལ་འཕོས་ཏེ་རྟོགས་པ་ནམ་མཁའ་དང་མཉམ་པར་ཤོག་ཅིག།བསྐྱེད་པ་མ་ཧཱ་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཤེས་ཤིང་རིག་འཛིན་རྣམ་པ་བཞིའི་ས་ལ་བགྲོད་པ་རྒྱལ་སྲས་པདྨ་དང་བི་མ་ལ་ལྟ་བུར་འགྱུར་བར་ཤོག་ཅིག།ལུང་ཨ་ནུ་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་འཁོར་འདས་ཀྱི་འཛིན་རྟོག་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་སངས་རྒྱས་ཏེ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ལ་དབང་བསྒྱུར་བར་ཤོག་ཅིག། རྫོགས་ཆེན་ཨ་ཏི་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་ནས་གཞོན་ནུ་བུམ་སྐུར་གྲོལ་བ་རིག་འཛིན་དགའ་རབ་རྡོ་རྗེ་ལྟ་བུར་འགྱུར་བར་ཤོག་ཅིག།མདོར་ན་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པ་ནས་བཟུང་སྟེ་སྒོ་གསུམ་གྱིས་བྱ་བ་ཅི་བགྱིས་པ་ཐམས་ཅད་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར་བར་ཤོག་ཅིག།དུས་དང་རྣམ་པ་ཐམས་ཅད་དུ་དམ་པའི་ཆོས་མ་ཡིན་པའི་འཇིག་རྟེན་མཐུན་འཇུག་གི་བསམ་པ་སྐད་ཅིག་མ་ཙམ་ཡང་སེམས་ལ་མི་སྐྱེ་བར་ཤོག་ཅིག།གལ་ཏེ་ལས་དང་བག་ཆགས་དབང་བཙན་པར་གྱུར་ནས་ཕྱིན་ཅི་ལོག་གི་བློ་སྐྱེས་ནའང་དེ་ཉིད་མི་འགྲུབ་པར་ཤོག་ཅིག། གཞན་དོན་དུ་འགྱུར་ན་ལུས་སྲོག་འདོར་བ་ལ་ཡང་ཉམ་ང་མེད་པ་གཞོན་ནུ་དོན་འགྲུབ་ལྟ་བུར་འགྱུར་བར་ཤོག་ཅིག། དོན་གཉིས་ལྷུན་གྲུབ་ཀྱི་ས་ལ་ཕྱིན་ནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་ནུས་པ་སྟོབས་བཅུ་མི་འཇིགས་རྣམ་བཞིའི་རྩལ་ཅན་དུ་གྱུར་ཅིག། འདོད་པ་དང་བྲལ་བའི་སྨོན་ལམ་དེ་ལྟ་བུ་ཡོངས་སུ་འགྲུབ་པའི་མཐུན་འགྱུར་མཛད་པ་རྒྱལ་བ་སྲས་བཅས་རྣམས་ཀྱིས་ཞལ་གྱིས་བཞེས་པ་ཡིན་ནོ། །དྲང་སྲོང་བདེན་པར་སྨྲ་བ་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་དྷ་རེ་དྷ་རེ་བྷནྡྷ་རེ་བྷནྡྷ་རེ་སྭཱ་ཧཱ། དགེ་བ་སྟོབས་ཆེ་བར་གྱུར་ཅིག། སྨོན་ལམ་མཐུ་བཙན་པར་གྱུར་ཅིག། སྡིག་པ་འདག་སྐྱེན་པར་གྱུར་ཅིག། ཛ་ཡ་ཛ་ཡ་སིདྡྷི་སིདྡྷི་ཕ་ལ་ཕ་ལ་འ་ཨ་ཧ་ཤ་ས་མ། མ་མ་ཀོ་ལིང་ས་མནྟ།

ཕ་དམ་པའི་སྨོན་ལམ།

༄༅། །ཕ་དམ་པ་སངས་རྒྱས་ཀྱིས་མཛད་པའི་སྨོན་ལམ་སུམ་ཅུ་པ་བཞུགས་སོ། །ན་མོ་གུ་རུ། བདག་གཞན་རྣམས་ཀྱི་རྒྱུད་ལ་བརྒྱུད་ལྡན་བླ་མའི་བྱིན་རླབས་འཇུག་པར་གྱུར་ཅིག །དོན་གྱི་ངོ་སྤྲོད་གནད་དུ་ཚུད་པར་གྱུར་ཅིག །རྟོགས་པ་ཇི་ལྟ་བ་བཞིན་དུ་རྒྱུད་ལ་སྐྱེ་བར་གྱུར་ཅིག །སྟོབས་བཅུ་མི་འཇིགས་ལུང་བསྟན་ཐོབ་པར་གྱུར་ཅིག །ལྟར་སྣང་འགྲུབ་ཅིང་རྟེན་འབྲེལ་འཆར་བར་གྱུར་ཅིག །འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར་གྱུར་ཅིག །ས་ལམ་གདན་ཐོག་ཅིག་ཏུ་བགྲོད་ནུས་གྱུར་ཅིག །ཤེས་རབ་ཀྱི་སྤྱན་གྱིས་ཆོས་ཉིད་ཀྱི་བདེན་པ་མཐོང་བར་གྱུར་ཅིག །ཡོན་ཏན་ལོ་འདབ་བཞིན་དུ་རྒྱས་པར་གྱུར་ཅིག །འབྲས་བུ་དཔག་བསམ་བཞིན་དུ་སྨིན་པར་གྱུར་ཅིག །མོས་གུས་རི་རབ་བཞིན་ཏུ་བརྟན་པར་གྱུར་ཅིག །ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བར་གྱུར་ཅིག །ལས་ཀྱི་འཕྲོ་སད་ནས་སྨོན་ལམ་རྣམ་པར་དག་པར་གྱུར་ཅིག །གོ་ཆས་འཇིག་རྟེན་གྱི་དྲི་མ་དག་པར་གྱུར་ཅིག །སྒྲུབ་པ་ལ་བར་ཆད་མེད་ཅིང་དཀའ་ཐུབ་བཙལ་བར་གྱུར་ཅིག །རྩ་རླུང་ཐིག་ལེ་ལས་སུ་རུང་བར་གྱུར་ཅིག །རྟག་ཏུ་བསམ་པ་རྣམ་པར་དག་པར་་གྱུར་ཅིག །བྱང་སེམས་ལ་ཉམས་པ་མེད་པར་གྱུར་ཅིག །ཐེག་ཆེན་གྱི་ལྟ་སྒོམ་ཉམས་སུ་མྱོང་བར་གྱུར་ཅིག །གཉིས་སྣང་གི་ཤེས་པ་རང་སར་གྲོལ་བར་གྱུར་ཅིག །རིགས་ཁྱད་པར་ཅན་དུ་སྐྱེ་བར་གྱུར་ཅིག །བརྒྱུད་ལྡན་བླ་མས་རྗེས་སུ་འཛིན་པར་གྱུར་ཅིག །ལས་ཀྱི་མཐའ་མི་ལོག་པར་གྱུར་ཅིག །ཤེས་རབ་གསུམ་ལ་བློ་སྦྱོང་བར་གྱུར་ཅིག །དབང་གི་བྱིན་རླབས་འཇུག་པར་གྱུར་ཅིག །བདེ་བ་རྡོ་རྗེ་ལྟ་བུ་ཐོབ་པར་གྱུར་ཅིག །རྣམ་ཤེས་རྩ་རླུང་ལ་རང་དབང་ཐོབ་པར་གྱུར་ཅིག །རང་ལུས་གཟུགས་སྐུར་འགྲུབ་པར་གྱུར་ཅིག །ཆོས་སྐུ་མངོན་སུམ་དུ་རྟོགས་པར་གྱུར་ཅིག །སྤྲུལ་སྐུའི་ཕྲིན་ལས་ཀྱིས་གཞན་དོན་མཐར་ཕྱིན་པར་གྱུར་ཅིག ། ༈ བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བའི་དཔའ་བོ་ཆེ། །དག་པའི་ཞིང་དུ་འཁྲིད་པའི་དེད་དཔོན་མཆོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །གནད་གཅོད་གཤིན་རྗེའི་འཇིགས་ལས་བསྐྱབ་ཏུ་གསོལ། །འཇིགས་རུང་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། །བཟོད་དཀའ་ངན་འགྲོའི་གཡང་ལས་དྲོང་དུ་གསོལ། །ཞིང་མཆོག་བདེ་བ་ཅན་ལ་ཁྲིད་དུ་གསོལ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུངས། །པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཞལ་གསུང་མའོ། །

ཆགས་མེད་བདེ་སྨོན།

༄༅། །མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་བཞུགས་སོ། །འདི་ཉིད་ཆགས་མེད་ཐུགས་དམ་མཛོད། །ལག་པ་ན་ཡང་འབད་ནས་བྲིས། །མང་པོ་འགའ་ལ་ཨེ་ཕན་བསམ། །དཔེ་གཅོད་འདོད་མི་གདའ་ན་གཡོར། །འདི་ལས་ཕན་ཡོན་ཆེ་བ་མེད། །འདི་བས་ཟབ་པའི་གདམས་ངག་མེད། །ང་ཡི་ཆོས་ཀྱི་རྩ་བ་ཡིན། །རང་གར་མ་བསྐྱུར་ཉམས་ལེན་འབུངས། །འདི་ནི་མདོ་ལུགས་ཡིན་པའི་ཕྱིར། །ལུང་མ་ཐོབ་ཀྱང་འདོན་ནི་རུང་། ཨེ་མ་ཧོ། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །བདག་གི་ཆུ་བུར་མིག་གིས་མ་མཐོང་ཡང་། །རང་སེམས་གསལ་བའི་ཡིད་ལ་ལམ་མེར་གསལ། །དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས། །པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྔོན་པོ་རྡོ་རྗེས་མཚན་པའི་པདྨ་གཡོན། གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། །གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར། །བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། །ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས། །སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་པའི། །རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན། །སེམས་ཅན་ཀུན་གྱིས་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྤང་མཚམས་མེད་བྱས་པ་མ་གཏོགས་པ། །ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་འགྲུབ། །བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་སྐུ་ཚེ་བསྐལ་པ་གྲངས་མེད་དུ། །མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི། །ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང་། །དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ། །རིན་ཆེན་གྱིས་བཀང་སྦྱིན་པ་བྱིན་པ་བས། །འོད་དཔག་མེད་པའི་མཚན་དང་བདེ་བ་ཅན། །ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན། །དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས། །དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ། །གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས། །ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་། །ལན་གཅིག་ཙམ་ཞིག་དད་པ་སྐྱེས་པ་ན། །དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །དེ་ནི་བྱང་ཆུབ་སྙིང་པོ་མ་ཐོབ་བར། །བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །དངོས་སུ་འབྱོར་པའི་མཆོད་པ་ཅི་མཆིས་པ། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གདོད་ནས་གྲུབ་པ་སྟོང་གསུམ་འཇིག་རྟེན་གྱི། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས། །ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་གྱིས། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་བ། །ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང་། །རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་དང་། །མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས། །དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ། །སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིགས་ལ་སོགས། །ཉེ་བའི་མཚམས་མེད་སྡིག་བྱས་མཐོལ་ལོ་བཤགས། །དཀོན་མཆོག་ལྷ་ཁང་གསུང་རབ་རྟེན་གསུམ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ། །ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ། །མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤང་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ། །སོ་ཐར་ཚུལ་ཁྲིམས་འཆལ་བ་མཐོལ་ལོ་བཤགས། །ནག་པོའི་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱད། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད། །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་ཐོའི་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །སྐྱབས་སྡོམ་དབང་བསྐུར་ལ་སོགས་ཐོབ་ན་ཡང་། །དེ་ཡི་སྡོམ་པ་དམ་ཚིག་བསྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །བདེ་བཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབས་ཀུན་ལ་ཡི་རང་ངོ་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་། །མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། །གཞན་གྱི་སྲོག་བསྐྱབ་སྦྱིན་པ་གཏོང་བ་དང་། །སྡོམ་པ་སྲུང་ཞིང་བདེན་པར་སྨྲ་བ་དང་། །འཁོན་པ་སྡུམ་དང་ཞི་དུལ་དྲང་པོར་སྨྲ། །དོན་དང་ལྡན་པའི་གཏམ་བརྗོད་འདོད་པ་ཆུང་། །བྱམས་དང་སྙིང་རྗེ་སྒོམ་ཞིང་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ་། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་པ། །དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ། །མངོན་ཤེས་ཐུགས་ཀྱིས་དེ་དོན་མཁྱེན་པར་གསོལ། །སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས། །ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། །དཔལ་འབྱོར་འཛད་མེད་དབྱར་གྱི་གངྒཱ་ལྟར། །བདུད་དགྲས་འཚེ་བ་མེད་ཅིང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག ༈ །བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་པའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །དེ་མཐོང་ཡིད་དགའ་སྣང་བ་སྐྱིད། །ཤི་བའི་སྡུག་བསྔལ་མེད་པར་ཤོག །བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི། །རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན། །བདེ་བ་ཅན་དུ་འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ན་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །མི་ནས་མི་རུ་སྐྱེ་ཆོག་ཀྱང་། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང་། །དུས་ངན་སྙིགས་མར་བར་ཆད་མང་། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་བལྟས་མེད་པར་འབྲོས་པར་ཤོག །ཆགས་ཞེན་འཁྲི་བ་ཀུན་བཅད་ནས། །བྱ་རྒོད་རྙི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུད་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་པར་ཤོག །དེ་རུ་སངས་རྒྱས་འོད་དཔག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །སྐྱེ་གནས་བཞི་ཡི་མཆོག་གྱུར་པ། །མེ་ཏོག་པདྨའི་སྙིང་པོ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག། སྐད་ཅིག་ཉིད་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག །མི་སྐྱེ་དོགས་པའི་ཐེ་ཚོམ་གྱིས། །ལོ་གྲངས་ལྔ་བརྒྱའི་བར་དག་ཏུ། །ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་ན་ཡང་། །མེ་ཏོག་ཁ་ནི་མི་བྱེ་བས། །སངས་རྒྱས་ཞལ་མཇལ་ཕྱི་བའི་སྐྱོན། །དེ་འདྲ་བདག་ལ་མི་འབྱུང་ཤོག །སྐྱེས་མ་ཐག་ཏུ་མེ་ཏོག་བྱེ། །འོད་དཔག་མེད་པའི་ཞལ་མཐོང་ཤོག །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོས་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་དེ་བཞིན་གཤེགས་པ་དེས། །ཕྱག་གཡས་བརྐྱངས་ནས་མགོ་ལ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱིས། །བྱིན་གྱིས་བརླབས་ཤིང་རྗེས་བཟུང་ཤོག །ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དཔག་མེད་པ། །འོད་དཔག་མེད་པ་མཆོད་པ་དང་། །ཞིང་དེར་བལྟ་ཕྱིར་འབྱོན་པའི་ཚེ། །དེ་དག་ཀུན་ལ་བསྙེན་བཀུར་ཞིང་། །ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །མངོན་དགའི་ཞིང་དང་དཔལ་ལྡན་ཞིང་། །ལས་རབ་རྫོགས་དང་སྟུག་པོ་བཀོད། །སྔ་དྲོ་དེ་དག་རྣམས་སུ་འགྲོ། །མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ། །རྣམ་སྣང་ལ་སོགས་སངས་རྒྱས་ལ། །དབང་དང་བྱིན་རླབས་སྡོམ་པ་ཞུ། །མཆོད་པ་དུ་མས་མཆོད་བྱས་ནས། །དགོང་མོ་བདེ་བ་ཅན་ཉིད་དུ། །དཀའ་ཚེགས་མེད་པར་སླེབ་པར་ཤོག །པོ་ཊ་ལ་དང་ལྕང་ལོ་ཅན། །རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱར། །སྤྱན་རས་གཟིགས་དང་སྒྲོལ་མ་དང་། །ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ། །མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུ། །མྱུར་དུ་རང་གནས་བདེ་ཆེན་ཞིང་། །ཐོགས་པ་མེད་པར་ཕྱིན་པར་ཤོག །ཤུལ་གྱི་ཉེ་དུ་གྲྭ་སློབ་སོགས། །ལྷ་ཡི་མིག་གིས་གསལ་བར་མཐོང་། །སྲུང་སྐྱོབ་བྱིན་གྱིས་རློབ་བྱེད་ཅིང་། །འཆི་དུས་ཞིང་དེར་ཁྲིད་པར་ཤོག །བསྐལ་བཟང་འདི་ཡི་བསྐལ་པའི་ཡུན། །བདེ་བ་ཅན་གྱི་ཞག་གཅིག་སྟེ། །བསྐལ་པ་གྲངས་མེད་འཆི་བ་མེད། །རྟག་ཏུ་ཞིང་དེར་འཛིན་པར་ཤོག །བྱམས་པ་ནས་བཟུང་མོས་པའི་བར། །བསྐལ་བཟང་འདི་ཡི་སངས་རྒྱས་རྣམས། །འཇིག་རྟེན་འདི་ན་ནམ་འབྱོན་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོང་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་བདེ་ཆེན་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག ༈ །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི། །ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ། །ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པ། །བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང་། །ལོ་མ་དར་ཟབ་འབྲས་བུ་རིན་ཆེན་བརྒྱན། །དེ་སྟེང་སྤྲུལ་པའི་བྱ་ཚོགས་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོགས། །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང་། །དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨ་དྲི་ཞིམ་འབྲས་བུར་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ། །འོད་ཟེར་རྩེ་ལ་སྤྲུལ་པའི་སངས་རྒྱས་བརྒྱན། །ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །མི་ཁོམ་བརྒྱད་དང་ངན་སོང་སྒྲ་མི་གྲགས། །ཉོན་མོངས་དུག་ལྔ་དུག་གསུམ་ནད་དང་གདོན། །དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ། །སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང་། །བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས། །ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེས་བརྒྱན། །མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག །རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་། །རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ། །ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད། །གང་འདོད་མཆོད་སྤྲིན་ལག་པའི་མཐིལ་ནས་འབྱུང་། །ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད། །བདེ་སྐྱིད་ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག །དྲི་ཞིམ་རླུང་གིས་མེ་ཏོག་ཆར་ཆེན་འབེབས། །ཤིང་དང་ཆུ་ཀླུང་པདྨོ་ཐམས་ཅད་ལས། །ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག །ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང་། །བུད་མེད་མེད་ཀྱང་སྤྲུལ་པའི་ལྷ་མོའི་ཚོགས། །མཆོད་པའི་ལྷ་མོ་དུ་མས་རྟག་ཏུ་མཆོད། །འདུག་པར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང་། །ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་སྟེང་། །དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས། །བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས། །ཐོས་པར་འདོད་ཚེ་སྙན་པའི་ཆོས་སྒྲ་སྒྲོགས། །མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲགས། །བདུད་རྩིའི་རྫིང་བུ་ཆུ་ཀླུང་དེ་རྣམས་ཀྱང་། །དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང་། །ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་པ་གྲངས་མེད་མྱ་ངན་མི་འདའ་བཞུགས། །དེ་སྲིད་དེ་ཡི་ཞབས་འབྲིང་བྱེད་པར་ཤོག །ནམ་ཞིག་འོད་དཔག་མེད་དེ་ཞི་བར་གཤེགས། །བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད། །གཉིས་ཀྱི་བར་དུ་བསྟན་པ་གནས་པའི་ཚེ། །རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང་། །དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག །སྲོད་ལ་དམ་ཆོས་ནུབ་པའི་ཐོ་རངས་ལ། །སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་ནས། །སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་ཡི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་གྱུར་པའི་ཚེ། །ཞལ་ཏ་མཆོད་ཅིང་དམ་ཆོས་ཉན་པར་ཤོག །སྐུ་ཚེ་བསྐལ་པ་བྱེ་བ་ཁྲག་ཁྲིག་ནི། །འབུམ་ཕྲག་དགུ་ཅུ་རྩ་དྲུག་བཞུགས་པའི་ཚེ། །རྟག་ཏུ་ཞབས་འབྲིང་བསྙེན་བཀུར་བྱེད་པ་དང་། །མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག །མྱ་ངན་འདས་ནས་དེ་ཡི་བསྟན་པ་ནི། །བསྐལ་པ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག །འབུམ་ཕྲག་གསུམ་གནས་དེ་ཚེ་ཆོས་འཛིན་ཅིང་། །མཐུ་ཆེན་ཐོབ་དང་རྟག་ཏུ་མི་འབྲལ་ཤོག །དེ་ནས་མཐུ་ཆེན་ཐོབ་དེ་སངས་རྒྱས་ནས། །དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་གྱུར། །སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ། །སངས་རྒྱས་དེ་ཡི་རྟག་ཏུ་ཞབས་འབྲིང་བྱེད། །མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག །དེ་ནས་བདག་གི་ཚེ་དེ་བརྗེས་མ་ཐག །ཞིང་ཁམས་དེའམ་དག་པའི་ཞིང་གཞན་དུ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྫོགས་སངས་རྒྱས་ནས་ཚེ་དཔག་མེད་པ་ལྟར། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ཅིང་གྲོལ། །སྤྲུལ་པ་གྲངས་མེད་འགྲོ་བ་འདྲེན་པ་སོགས། །འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་ཤོག། དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །གང་ཞིག་ཁྱོད་ཀྱི་མཚན་ནི་སུས་འཛིན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་འཚལ་བས། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩ་དྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། སྨོན་ལམ་འགྲུབ་པའི་གཟུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ། ན་མཿ སུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་ཕྱག་གསུམ་འཚལ་ན་འབུམ་ཐེར་དུ་འགྱུར་བར་གསུངས། དེ་ནས་རབ་བརྒྱ་ཕྲག །འབྲིང་ཅི་ནུས། ཐ་མ་ཡང་ཕྱག་བདུན་ཡན་འཚལ། རབ་འདི་མ་ཆགས་པ། འབྲིང་ལོ་ཟླ་ཙམ་མ་ཆགས་པ། ཐ་མ་ནམ་སྐབས་སུ་ཁ་ནུབ་ཏུ་འཁོར་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཅིང་འོད་དཔག་མེད་ལ་ཐལ་མོ་སྦྱར་ཏེ་དད་པ་རྩེ་གཅིག་གིས་བཏོན་ན། ཚེ་འདིར་ཚེའི་བར་ཆད་སེལ། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དོ། །འོད་མདོ་ཞིང་བཀོད་མདོ་དང་། པདྨ་དཀར་པོ་འཆི་མེད་རྔ་སྒྲ་སོགས་ཀྱི་དགོངས་པ་ཡིན་ནོ། །ཞེས་དགེ་སློང་རཱ་ག་ཨ་སྱས་སྦྱར་བས་འགྲོ་བ་སེམས་ཅན་མང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།

བདེ་སྨོན་བསྡུས་པ།

༈ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩ་དྲིི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། ཞེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་གཙོ་འཁོར་རྣམས་ཀྱིས་ཞལ་གཟིགས་པའི་ཚེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དངོས་སུ་གསུངས་པའོ། །བདེ་སྨོན་བསྡུས་པ་ཕྱོགས་དུས་རྒྱལ་བ་ནི། ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ ཚོགས་གཉིས་རྫོགས་ལ་རྗེས་ཡི་རང་༔ བདག་གི་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔ དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ༔ བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཤིང༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་འདིར་ས་བཅུ་ནོན་གྱུར་ཅིག༔ ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་གྱུར་ཅིག༔ སྐྱེས་ནས་པདྨའི་ཁ་ཕྱེ་སྟེ༔ ལུས་རྟེན་དེ་ལ་སངས་རྒྱས་ཤོག༔ བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔ སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏེར་མའོ། །

བདེ་བ་ཅན་གྱི་སྨོན་ལམ་ཟབ་ལམ་དབང་གི་ཆ་་ལག

༄༅། །བདེ་བ་ཅན་གྱི་སྨོན་ལམ་ཟབ་ལམ་དབང་གི་ཆ་ལག་བཞུགས་སོ། །བཅོམ་ལྡན་ཤཱཀྱའི་རྒྱལ་པོའི་ཞིང་འདི་ནས༔ ནུབ་ཕྱོགས་གངྒཱའི་ཀླུང་གི་བྱེ་མ་སྙེད༔ རྫོགས་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན༔ ཁྲག་ཁྲིག་ཕྲག་བརྒྱ་འདས་པའི་ཕ་རོལ་ན༔ ཞིང་ཁམས་སྐྱོན་མེད་རྣམ་དག་བདེ་བ་ཅན༔ ས་གཞི་ཐམས་ཅད་རིན་ཆེན་རང་བཞིན་ཏེ༔ ལག་མཐིལ་ལྟར་མཉམ་གཅོང་རོང་མེད་པའི་གནས༔ མེ་ཏོག་པདྨའི་ཚོགས་ཀྱིས་རབ་བརྒྱན་ཅིང༔ བལྟ་བས་མི་ངོམས་མཛེས་ཤིང་ཡིད་དུ་འོང༔ ཞིང་མཆོག་དེ་ན་ལྷ་མིའི་སྟོན་པ་ནི༔ སྐུ་ཚེ་དཔག་མེད་རྫོགས་པའི་སངས་རྒྱས་བཞུགས༔ ཉོན་མོངས་སྤངས་ཤིང་སྨོན་ལམ་དག་པའི་གནས༔ བདག་དང་འགྲོ་ཀུན་ཞིང་དེར་སྐྱེ་བར་ཤོག༔ དག་གསལ་བཀྲ་བའི་ཞིང་ཁམས་བདེ་བ་ཅན༔ རྒྱལ་བའི་རྣམ་འཕྲུལ་སྙན་པའི་སྒྲ་དབྱངས་འབྱིན༔ འཚོ་བའི་ཡོ་བྱད་ཇི་ལྟར་བསམ་པ་བཞིན༔ འབད་རྩོལ་མེད་པར་ལེགས་པར་འབྱུང་བའི་གནས༔ ཞིང་མཆོག་དེ་ན་སེམས་ཅན་ངན་སོང་དང༔ ལྷ་མ་ཡིན་དང་གཤིན་རྗེའི་མིང་ཡང་མེད༔ དེ་ན་ཕལ་པའི་བུད་མེད་ཡོད་མ་ཡིན༔ མངལ་ན་གནས་པའང་ཡོད་པ་མ་ཡིན་ནོ༔ རིན་ཆེན་རྣམས་ཀྱི་མེ་ཏོག་པདྨ་ལས༔ བརྫུས་ཏེ་སྐྱེ་བའི་རང་བཞིན་ཤ་སྟག་གོ༔ མི་དགེ་སྤངས་ཤིང་སྨོན་ལམ་དག་པའི་གནས༔ བདག་དང་འགྲོ་ཀུན་ཞིང་དེར་སྐྱེ་བར་ཤོག༔ རྣམ་དག་འོད་གསལ་ཞིང་ཁམས་བདེ་བ་ཅན༔ ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ༔ ན་ཚ་ལ་སོགས་སྡུག་བསྔལ་གཏན་མི་འབྱུང༔ ཞིང་དེར་སྐྱེས་ནས་ངན་སོང་ལྟུང་མི་སྲིད༔ མི་ཁོམ་གནས་སུ་སྐྱེ་བའང་མི་སྲིད་དོ༔ ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས༔ ཚེ་ལོ་དཔག་ཏུ་མེད་པར་སྐུ་བཞུགས་ནས༔ སྐྱེ་བ་དུ་མར་བྱང་སེམས་སར་གནས་ཏེ༔ སྤྱོད་པ་རླབས་ཆེན་མཛད་བཞེད་མ་གཏོགས་པ༔ སྐྱེ་བ་གཅིག་རྗེས་རྫོགས་སངས་རྒྱས་གྱུར་ཅིང༔ ཚོགས་གཉིས་རབ་རྫོགས་སྨོན་ལམ་དག་པའི་ཞིང༔ བདག་དང་འགྲོ་ཀུན་ཞིང་དེར་སྐྱེ་བར་ཤོག༔ ཐུབ་པས་བསྔགས་པའི་ཞིང་ཁམས་ཁྱད་པར་ཅན༔ བདེ་བ་ཅན་གྱི་རིན་ཆེན་ཕོ་བྲང་ན༔ སྐུ་ཚེ་དཔག་མེད་རྫོགས་པའི་སངས་རྒྱས་བཞུགས༔ ཚེ་དཔག་མེད་མགོན་གཡས་ན་སྤྱན་རས་གཟིགས༔ བྱམས་དང་སྙིང་རྗེས་འགྲོ་བ་ཀུན་ལ་གཟིགས༔ མགོན་པོའི་གཡོན་ན་བྱང་སེམས་མཐུ་ཆེན་ཐོབ༔ དྲི་མེད་བསྟན་པ་རྒྱས་པའི་ཕྲིན་ལས་མཛད༔ རྒྱལ་བའི་འཁོར་གཞན་ཡོན་ཏན་ཕུན་ཚོགས་ཤིང༔ ཡེ་ཤེས་ཆེར་རྒྱས་བསམ་གྱིས་མི་ཁྱབ་བཞུགས༔ བདག་ནི་ནམ་ཞིག་འཆི་བའི་དུས་བྱུང་ཚེ༔ གནས་ངན་རྣམས་སུ་ནམ་ཡང་མི་གོལ་བར༔ ལྷ་མཆོག་ཁྱེད་ཀྱི་ཞལ་མཐོང་སྔོན་བསུས་ནས༔ བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག༔ པདྨ་ལས་འཁྲུངས་དམ་ཆོས་ཉན་གྱུར་ཅིང༔ རྒྱལ་བས་ལུང་བསྟན་མངོན་ཤེས་རྫུ་འཕྲུལ་ཐོབ༔ སེམས་ཅན་ཐམས་ཅད་ཞིང་མཆོག་དམ་པ་དེར༔ བདག་གིས་འདྲེན་པའི་རྟེན་འབྲེལ་འགྲིག་པར་ཤོག། དེ་ལྟར་བདག་གི་སྨོན་ལམ་བཟང་པོ་འདི༔ བླ་མ་མཆོག་དང་མགོན་པོ་སྤྱན་རས་གཟིགས༔ འཁོར་བཅས་ལ་སོགས་རྒྱལ་དང་རྒྱལ་བ་ཡི༔ སྲས་མཆོག་རྣམས་ཀྱིས་འགྲུབ་པར་མཛད་དུ་གསོལ༔ ནུབ་ཟངས་མཛོད་དམར་པོ་ནས། སྤྲུལ་སྐུ་རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་མའོ། །

བདེ་ཆེན་ཞིང་གི་སྨོན་ལམ།

༄༅། །བདེ་ཆེན་ཞིང་གི་སྨོན་ལམ་བཞུགས་སོ། །བཅོམ་ལྡན་འདས་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་ཕུང་པོ་ལས་གྲུབ་པའི། །འོད་སྣང་མཐའ་ཡས་བདེ་བ་ཅན་གྱི་ཞིང་། །དེ་ན་བཞུགས་པའི་མགོན་པོ་འོད་དཔག་མེད། །སྐུ་ཚེ་དཔག་མེད་ཞབས་ལ་ཕྱག་འཚལ་ལོ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །གང་ཁྱོད་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་། །དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་གྲགས་ཚེ། །ཞིང་ཁམས་བཟུང་བར་སྨོན་པའི་དམ་བཅའ་ལ། །བླ་མར་བྱའོ་མྱུར་དུ་སྐབས་དབྱེར་གསོལ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །གཞོན་ཤ་ཤིན་ཏུ་ཆགས་པའི་ལག་མཐིལ་དང་། །མཉམ་པའི་དཔེ་བྱར་འོས་པའི་འགལ་ཟླ་ནི། །ཆུ་ཞེང་སྲིད་དུ་མི་མངོན་ཐ་གྲུའི་ཁྱོན། །རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ་པར་བྱས། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ལྷུན་པོ་ཆུ་གཏེར་ཁོར་ཡུག་རི་ནག་པོའི། །བསྟི་གནས་ཕལ་པ་མེད་པའི་ཉམས་དགའ་ཞིང་། །རིན་ཆེན་སྣ་བདུན་ལས་གྲུབ་ལྗོན་པ་ནི། །དཔག་ཚད་སྟོང་དང་དྲུག་བརྒྱའི་འཕོངས་སུ་སྙེགས། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག། ཡལ་འདབ་མེ་ཏོག་འབྲས་བུས་དུད་པ་ལ། །གསེར་གྱི་དྲ་བས་དཔྱངས་པར་དྲིལ་བཞོན་གྱིས། །བསྐུལ་ལས་ཆོག་མི་ཤེས་པའི་སྒྲ་དབྱངས་ཀུན། །ཡིད་འོང་སྙན་དང་མཐུན་པར་དར་དིར་སྒྲོག །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །དྲི་བསུང་ལྷག་པར་རྒྱས་པའི་མེ་ཏོག་གིས། །ཀུན་ནས་ཀུན་ཏུ་བཀྲམ་པའི་བསྟི་བསྟང་ནི། །མི་འགྲེང་བདུན་དུ་སྙེགས་པས་མི་ངོམས་པར། །མནན་ན་ནེམ་ལ་བཏེག་ན་སྤར་བས་འགྲན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ལྷ་དང་མི་ལས་ངན་སོང་ལྷ་མིན་གྱི། །མིང་ཙམ་མི་གྲགས་འབྱོར་ཞིང་རྒྱས་པ་དང་། །ལོ་ལེགས་ཕུན་སུམ་ཚོགས་པའི་བདེ་བ་ཡིས། །ངོམས་པ་མེད་པའི་དཔལ་ལ་མིང་ཆགས་པ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །འབབ་སྟེགས་མཆོག་ཏུ་བདེ་བའི་སྤོས་ཆུའི་ཀླུང་། །ཅ་ཅོའི་གཞན་དབང་མ་ཡིན་ཡིད་ལ་འབབ། །རྣམ་པར་བདེ་དང་སྙན་པས་ཆོག་མི་ཤེས། །མི་རྟག་ཞི་དང་བདག་མེད་དོན་ལ་སྟོན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །འདམ་རྫབ་སྤངས་པའི་གསེར་གྱི་བྱེ་མ་ལ། །བཞད་དང་ཁྲུང་ཁྲུང་ངང་ངུར་ཀ་རན་ད། །ནེ་ཙོ་རི་སྐེགས་རྨ་བྱ་ཀུ་ལ་ན། །ཀ་ལ་པིང་ཀའི་རྒྱུད་མང་ལ་བསྙེན་པ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །དེ་ལས་རྣ་བའི་འདུས་ཏེ་རེག་ཚོར་ཀུན། །རིན་ཆེན་རྣམ་གསུམ་སྒྲ་དང་ཚད་མེད་བཞི། །ས་དང་ཕར་ཕྱིན་སྟོབས་བཅུ་མི་འཇིགས་བཞི། །མ་འདྲེས་བཅོ་བརྒྱད་རྫོགས་པའི་དོན་དང་ལྡན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ལྟ་ན་སྡུག་པའི་སྐྱེད་ཚལ་ལྗོན་པ་ལས། །འདོད་པའི་ཡོན་ཏན་བརྒྱ་ཕྲག་མོད་ལ་འབྱུང་། །བར་སྣང་ལ་སྤྲུལ་གཞལ་མེད་ཁང་ལ་སོགས། །གཞན་འཕྲུལ་དབང་བྱེད་ཀྱིས་ཀྱང་དོ་ཟླར་མིན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །དེ་ན་གཟའ་དང་རྒྱུ་སྐར་ཉིན་མཚན་ཆ། །ཁྱིམ་དང་དེ་ལ་ཡོངས་སུ་འཛིན་པའི་སེམས། །གཏན་ནས་མེད་ཀྱང་མཆོད་སྤྲིན་སྤྲོ་བ་ཡི། །ལྷ་ཡི་བུ་མོས་ཤིན་ཏུ་ཉམས་བདེ་བ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །གང་ན་འཚོ་ཞིང་གཞེས་པའི་རྒྱལ་བ་དེའི། །བསྔགས་པ་བརྗོད་ལ་གངྒཱའི་རྡུལ་སྙེད་ཀྱི། །སངས་རྒྱས་རྣམས་ཀྱང་བརྩོན་པ་མི་འདོར་བས། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་པའང་བསྙེན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཞིང་ཁམས་འདིར་སོན་དགེ་བའི་རྩ་བ་ལ། །སྒྲིབ་པ་དང་བཅས་པདྨོའི་མངལ་འཛིན་དང་། །སྐྱིལ་མོ་ཀྲུང་བཅས་མོད་ལ་སྐྱེ་གཉིས་ཀ །སྐྱེས་བུ་ཆེན་པོའི་མཚན་དང་ཡང་དག་ལྡན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཉན་རང་བྱང་སེམས་ལྷ་མིའི་རྣམ་པ་ཅན། །ཀུན་ཀྱང་དབང་རྣོན་བཟོད་པ་ཐོབ་པ་སྟེ། །བར་སྣང་ལ་འགྲོ་ལོག་པར་མི་ལྟུང་ཞིང་། །སངས་རྒྱས་མཐོང་དང་མི་འབྲལ་དམ་ཆོས་ཉན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །བསམ་གཏན་དང་ནི་མངོན་པར་ཤེས་པ་ལ། །མཁས་པའི་ཤེས་རབ་ཀྱིས་ནི་རྣམ་དབྱེ་བཟོད། །མ་བསྡམས་མི་མངའ་དབང་པོ་མི་གཡོ་ཞིང་། །ཀུན་ཤེས་ཡོན་ཏན་མཐའ་ཡས་མུ་མེད་པ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཀུན་འབྱུང་རྒྱུ་འབྲས་སྤངས་པའི་ལམ་བདེན་གྱིས། །འགོག་པ་མངོན་དུ་བྱས་པའི་དགྲ་བཅོམ་ཀྱང་། །རྣམ་ཐར་གསུམ་གྱི་དབྱིངས་ལ་དབུགས་ཕྱུང་ནས། །འོད་ཟེར་ཆེན་པོའི་དབང་བསྐུར་ལ་སྦྱོར་བ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །སྐད་ཅིག་རེར་བསྟན་ཆོས་ཀྱི་རྣམ་གྲངས་ཀྱང་། །བགྲང་བར་མི་བཟོད་རྫུ་འཕྲུལ་ཆེན་པོ་ཡིས། །ཞིང་ཁམས་གཞན་ཉུལ་ཆོས་ལས་ཐོབ་པ་ཡི། །བྱེ་བ་ཕྲག་བརྒྱའི་ཏིང་འཛིན་སྒོ་འབྱེད་པ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །མདོར་ན་གང་གི་མཚན་དང་སྒྲ་དང་ནི། །ལྟ་བ་ཡིད་ལ་གོམས་པར་བྱས་པ་ཡང་། །ཞིང་ཁམས་བདེ་བ་ཅན་དུ་དབུགས་འབྱིན་པའི། །ཐུགས་བསྐྱེད་དམ་བ་བསླུ་བ་མེད་པའི་ཕྱིར། །ཁྱོད་ཀྱིས་གཞན་དོན་མཛད་པའི་དཔེ་ཟླ་ལ། །རྒྱ་མཚོའི་དུས་རླབས་ངལ་བའི་སྐབས་བསྟན་པས། །བུ་རམ་ཤིང་པའི་ཞལ་ནས་ཀུན་དགའ་བོ། །ཁྱོད་ལོངས་ནུབ་ཀྱི་ཕྱོགས་སུ་ཁ་སྟོན་ལ། །མེ་ཏོག་གཏོར་ནས་ཐལ་མོ་སྦྱར་བྱས་ཏེ། །རྫོགས་པའི་སངས་རྒྱས་འོད་སྣང་དཔག་ཏུ་མེད། །རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ལ། །ཕྱག་འཚོལ་དེ་མཚན་སྒྲིབ་པ་མེད་པ་ནི། །ཕྱོགས་བཅུར་གྲགས་ནས་རྒྱལ་བ་དེ་རྣམས་ཀྱང་། །བསྔགས་པ་བརྗོད་པར་གསུངས་ན་བདག་ཅག་ནི། །ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་འབུལ། །བྱས་ཤིང་བསགས་པའི་སྡིག་སྒྲིབ་མཐོལ་བ་དང་། །ཆབས་གཅིག་མཛད་པ་རྒྱ་མཚོར་ཡི་རང་འབུལ། །རྟག་པར་ཆོས་འཁོར་དང་བཅས་བཞུགས་སུ་གསོལ། །དགེ་རྩ་ཇི་སྙེད་མཆིས་པ་འགྲོ་བ་ཀུན། །བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་ན། །སྨོན་པ་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་འོད་མདོ་དང་མཐུན་པའི་སྨོན་ལམ་འདི་ནི་མདོ་ཁམས་ནས་སློབ་བུ་དམ་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་རིང་མོ་ནས་བསྐུལ་ཞིང་། ཉེར་ཆར་དེའི་གསལ་འདེབས་ལ་བརྩོན་པ་འཇིགས་མེད་བློ་གསལ་ཅན་གཉིས་ཀྱི་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ། །

དུས་མཐར་གདབ་པའི་སྨོན་ལམ།

༄༅། །དུས་མཐར་གདབ་པའི་སྨོན་ལམ་ཞེས་བྱ་བ་བཞུགས། ན་མོ། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། །སྐྱེ་མེད་ཆོས་ལ་བཟོད་པ་མ་ཐོབ་བར། །ངན་འགྲོའི་གནས་སུ་ནམ་ཡང་མི་ལྟུང་ཞིང་། །ལྷ་བས་ལྷག་པའི་ལུས་རྟེན་ཐོབ་པར་ཤོག །མཐོ་རིས་ཐོབ་ཀྱང་སྡུག་བསྔལ་རྣམ་གསུམ་གྱིས། །དམ་ལ་མ་བཞག་འཁོར་བ་ཡོད་མིན་ན། །བདེ་འགྲོའི་རྟེན་ལ་མྱ་ངན་འདའ་བའི་གེགས། །མི་ཁོམ་གནས་དང་མཚུངས་ལྡན་ལུས་སྤོང་ཤོག །སྡོམ་མིན་རྒྱུན་ལྡན་རྒྱལ་བློན་སྡིག་ཏོ་ཅན། །གཡུལ་ལ་དགའ་དང་ཞལ་ལྕེ་འཁྱོག་པོར་སྤྱོད། །རྗེ་བོའི་བྲན་གྱུར་ཉམས་ཆུང་མནར་བ་དང་། །ཚོང་པ་དང་ནི་གཡོན་ཅན་ལུས་སྤོང་ཤོག །དཀོན་མཆོག་དཀོར་འཕྲོག་དགེ་འདུན་ལས་བྱེད་དང་། །ལྡན་གྲོལ་གཉིས་མེད་དཀོར་ལ་རང་དགར་སྤྱོད། །ལེགས་སྨོན་དོན་གཉེར་ཁྱིམ་པ་སུན་འབྱིན་ཅན། །གཞན་རྒྱུད་སྲེག་པའི་དགེ་སྦྱོང་ལུས་སྤོང་ཤོག །རང་བཞིན་ངན་པ་སྦྲུལ་གདུག་ལྟ་བུ་དང་། །གཞན་འབྱོར་ལ་སྡང་ལྷ་མ་ཡིན་གྱི་སེམས། །སྐྱབས་འོས་བསླུ་ཞིང་ཆོས་ལ་སྡང་བ་དང་། །རྐུ་དང་འཕྲོག་འཇོམས་རྔོན་པའི་ལུས་སྤོང་ཤོག །མཚམས་མེད་ལྔ་འམ་དེ་དང་ཉེ་བ་ལྔ། །མི་དགེ་བཅུ་ལ་འགྱོད་སེམས་མེད་པར་སྤྱོད། །ནགས་ལ་མེ་སྦར་སྦྲང་ཚང་གཏིབས་པ་སོགས། །ཁ་ན་མ་ཐོ་ཆེ་ལས་ཐར་བར་ཤོག །དེ་ལྟར་ཐར་ནས་ད་ནི་ལྔ་བརྒྱའི་མཐར། །སྐྱེས་བུའི་ལུས་རྟེན་མི་ལུས་རིན་པོ་ཆེ། །རབ་ཏུ་བྱུང་ངམ་ཅིག་ཤོས་ཀྱང་ནི་རུང་། །བྱང་ཆུབ་སེམས་དཔའི་རིགས་ཅན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཐེག་པ་ཆེན་པོའི་ལམ། །མ་ནོར་མངོན་སུམ་སྟོན་པའི་བླ་མ་དང་། །མཇལ་ནས་རྣམ་པ་ཀུན་ཏུ་མཉེས་བྱེད་ཅིང་། །ཐོས་བསམ་སྒོམ་པའི་ཤེས་རབ་ལྡན་པར་ཤོག །དེ་ཡང་བསམ་པ་བྱང་ཆུབ་སེམས་དང་ལྡན། །སྦྱོར་བ་ཕ་རོལ་ཕྱིན་དྲུག་ལ་གོམས་པས། །ལམ་ལྔ་ས་བཅུ་སྔགས་ཀྱི་སྡེ་སྣོད་ལ། །ཅིག་ཅར་བགྲོད་པའི་སྐལ་བ་མཆོག་ལྡན་ཤོག །ཅེས་པའང་གདུང་བསམ་པ་བྱང་ཆུབ་རྒྱལ་མཚན་གྱིས་བསྐུལ་བཞིན་གནས་དུས་ལ་སྐྱོ་བ་སྣ་ཚོགས་སྐྱེས་པའི་དོན་དང་མཐུན་པར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །༈ ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །སྒྱུ་མའི་ལུས་འདི་བོར་བ་གྱུར་མ་ཐག །ཨོ་རྒྱན་མཁའ་འགྲོ་འདུ་བའི་ཞིང་ཁམས་སུ། །སྐད་ཅིག་ཉིད་ལ་རྫུས་ཏེ་སྐྱེ་བར་ཤོག །དེ་ཚེ་ཨོ་རྒྱན་བླ་མས་རྗེས་བཟུང་ནས། །ཡེ་ཤེས་མཁའ་འགྲོའི་ཚོགས་དང་ལྷན་ཅིག་ཏུ། །ཟབ་མོ་ཆོས་ཀྱི་དེ་ཉིད་རབ་བསྒོམས་ནས། །ཆོས་ཉིད་བདེན་པ་མངོན་སུམ་མཐོང་བར་ཤོག །ཅེས་གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོའི་ཞལ་གསུངས་བྱིན་རླབས་ཅན་རྣམ་ཐར་ལས་ཕྱུང་བ་ཡིན།

ར་མདར་སྦྲན་པ།

༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ར་མདར་སྦྲན་པ་བཞུགས་སོ༔ ༁ྃ༔ རང་འཆི་བའི་དུས་ཀྱི་ཚེའམ་ནམ་ཡང་བྱ་སྟེཿ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདར་སྦྲན་པ་ནི་དཀོན་མཆོག་གསུམ་ལ་དངོས་སུ་འབྱོར་པ་དང༔ ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ༔ ལག་ཏུ་སྤོས་དྲི་ཞིམ་ཐོགས་ཏེ༔ གདུང་བའི་ཤུགས་དྲག་པོས་འདི་སྐད་དོ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་ལྡན་པ༔ མཁྱེན་པ་དང་ལྡན་པ༔ སྤྱན་དང་ལྡན་པ༔ བརྩེ་བ་དང་ལྡན་པ༔ འགྲོ་བའི་སྐྱབས་སུ་གྱུར་པ་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་བྱོན་ཅིག༔ དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བཞེས་ཤིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས༔ སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཆེ་གེ་མོ་ཞེས་བྱ་བ་འདི་ནི༔ འཇིག་རྟེན་འདི་ནས་ཕ་རོལ་དུ་ནི་འགྲོ༔ འཇིག་རྟེན་འདི་ནི་བོར༔ སྐྱས་ཆེན་པོས་ནི་འདེགས༔ གྲོགས་ནི་མེད༔ སྡུག་བསྔལ་ནི་ཆེ༔ སྐྱབས་ནི་མེད༔ མགོན་ནི་མེད༔ དཔུང་གཉེན་ནི་མེད༔ ཚེ་འདིའི་སྣང་བ་ནི་ནུབ༔ འགྲོ་བ་གཞན་དུ་ནི་འགྲོ༔ མུན་ནག་འཐུག་པོར་ནི་འཇུག༔ གཡང་ས་ཆེན་པོར་ནི་ལྷུང༔ ནགས་ཁྲོད་འཐུག་པོར་ནི་འཇུག༔ ལས་ཀྱི་དབང་གིས་ནི་དེད༔ དགོན་པ་ཆེན་པོར་ནི་འགྲོ༔ རྒྱ་མཚོ་ཆེན་པོར་ནི་ཁྱེར༔ ལས་ཀྱི་རླུང་གིས་ནི་བརྡས༔ ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ༔ གཡུལ་ངོ་ཆེན་པོར་ནི་འཇུག༔ གདོན་ཆེན་པོས་ནི་ཟིན༔ གཤིན་རྗེའི་ཕོ་ཉ་ལ་ནི་འཇིགས་ཤིང་སྐྲག༔ ལས་ཀྱི་སྲིད་པ་ན་ཡང་སྲིད་པ་ལ་ནི་འཇུགཿ དབང་ནི་མེདཿ གཅིག་པུར་གྲོགས་མེད་པར་འགྲོ་དགོས་པའི་དུས་ལ་བབ་ན༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཆེ་གེ་མོ་སྐྱབས་མེད་པ་འདི་ལ་སྐྱབས་མཛོད་ཅིག༔ མགོན་མཛོད་ཅིག༔ དཔུང་གཉེན་མཛོད་ཅིག༔ བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག༔ ལས་ཀྱི་རླུང་དམར་ཆེན་པོ་ལས་བཟློག་ཅིག༔ གཤིན་རྗེའི་འཇིགས་སྐྲག་ཆེན་པོ་ལས་སྐྱོབས་ཤིག༔ བར་དོའི་འཕྲང་རིང་ཆེན་པོ་ལས་སྒྲོལ་ཅིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱི་ཐུགས་རྗེ་མ་ཆུང་ཞིག༔ ར་མདའ་མཛོད་ཅིག༔ ངན་སོང་གསུམ་དུ་མ་བཏང་ཞིག༔ སྔོན་གྱི་དམ་བཅའ་མ་གཡེལ་བར་ཐུགས་རྗེའི་ཤུགས་མྱུར་དུ་ཕྱུངས་ཤིག༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆེ་གེ་མོ་འདི་ལ་ཐུགས་རྗེ་ཐབས་དང་ནུས་པ་མ་ཆུང་ཞིག༔ ཐུགས་རྗེས་ཟུངས་ཤིག༔ སེམས་ཅན་ལས་ངན་པའི་དབང་དུ་མ་བཏང་ཞིག༔ དཀོན་མཆོག་གསུམ་གྱིས་བར་དོའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ༔ ཞེས་མོས་གུས་དྲག་པོའི་སྒོ་ནས་བདག་གཞན་ཐམས་ཅད་ཀྱིས་ལན་གསུམ་དུ་བྱའོ༔ དེ་ནས་བར་དོ་མཐོང་གྲོལ་དང༔ བར་དོ་འཕྲང་སྒྲོལ་མ་དང༔ འཇིགས་སྐྱོབས་མའི་སྨོན་ལམ་རྣམས་གདབ་པར་བྱའོ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ར་མདའ་སྦྲན་པའི་སྨོན་ལམ༔ འཁོར་བ་མ་སྟོང་གི་བར་དུ་མ་རྫོགས་སོ༔ ས་མ་ཡ༔ ཞེས་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ། མཚོ་རྒྱལ་གྱིས་ཟིན་བྲིས་སུ་བྲིས་ནས་གཏེར་ཏུ་སྦས་པ་ཀརྨ་གླིང་པས་སྒམ་པོ་གངས་ཀྱི་རི་བོ་ནས་གདན་དྲངས་པའོ། །

བར་དོ་དྲུག་གི་རྩ་ཚིག

༄༅། །བར་དོ་དྲུག་གི་རྩ་ཚིག་བཞུགས་སོ༔ ༁ྃ༔ ཀྱཻ་མ༔ བདག་ལ་སྐྱེ་གནས་བར་དོ་འཆར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤངས་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་བསླང་སྐུ་གསུམ་མངོན་གྱུར་བྱ༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ ཡེངས་མ་ལམ་ལ་སྡོད་པའི་དུས་ཚོད་མིན༔ ཀྱཻ་མ༔ བདག་ལ་རྨི་ལམ་བར་དོ་འཆར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ དྲན་པ་ཡེངས་མེད་གནས་ལུགས་ངང་ལ་འཇོག༔ རྨི་ལམ་བཟུང་ནས་སྤྲུལ་བསྒྱུར་འོད་གསལ་སྦྱངས༔ དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་ཅིག༔ གཉིད་དང་མངོན་སུམ་འདྲེས་པའི་ཉམས་ལེན་གཙོ༔ ཀྱཻ་མ༔ བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེང་འཁྲུལ་བའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇོག༔ བསྐྱེད་རྫོགས་གཉིས་ལ་བསྟན་པ་ཐོབ་པར་བྱ༔ བྱ་བ་སྤངས་ནས་རྩེ་གཅིག་བསྒོམ་དུས་འདིར༔ ཉོན་མོངས་འཁྲུལ་བའི་དབང་དུ་མ་བཏང་ཞིག༔ ཀྱེ་མ༔ བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇོག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཀྱེ་མ༔ བདག་ལ་ཆོས་ཉིད་བར་དོ༴ ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤངས་བྱས་ནས༔ གང་ཤར་རང་སྣང་རིག་པར་ངོ་ཤེས་འཇུག༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགགས་ལ་ཐུག་པའི་དུས་ཚོད་འདིར༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཀྱཻ་མ༔ བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནསཿ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན༔ མིག་སེར་སྤངས་ལ་བླ་མ་ཡབ་ཡུམ་སྒོམས༔ འཆི་བ་འོང་སྙམ་མེད་པའི་བློ་རིང་པོ༔ དོན་མེད་ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབ་ནས༔ ད་རེས་སྟོང་ལོག་བྱས་ན་ཤིན་ཏུ་འཁྲུལ༔ དགོས་ངོ་ཤེས་པ་དམ་པའི་ལྷ་ཆོས་ཡིན༔ ད་ལྟ་ཉིད་དུ་ལྷ་ཆོས་མི་བྱེད་དམ༔ གྲུབ་ཆེན་རྣམས་ཀྱི་ཞལ་ནས་འདི་སྐད་གསུངས༔ བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུ་བར་མི་འགྱུར་རམ༔ ཅེས་གསུངས༔ བར་དོ་ཐོས་གྲོལ་གྱི་རྩ་ཚིག་འདི་འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོ༔ དགེའོ༔

བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ།

༄༅། །བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་བཞུགས་སོ༔ ༁ྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བརྩེ་བ་ཆེན་པོས་ལམ་སྣ་དྲང་དུ་གསོལ༔ བདག་ནི་འཁྲུལ་བས་འཁོར་བར་འཁྱམས་པའི་ཚེ༔ ཐོས་བསམ་བསྒོམ་གསུམ་མ་ཡེངས་འོད་ལམ་ལ༔ བཀའ་བརྒྱུད་བླ་མ་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས༔ ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས༔ ཡུམ་མཆོག་མ་མ་ཀི་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སོར་རྟོགས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས༔ ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་སུ་རུ་སྐྱོལ༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྔངས་སྐྲག་འཇིགས་སྣང་སྤངས་པའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཀྱེ་མ༔ ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་མཐིང་ཁའི་ཞིང་ཁམས་མཐོང་བར་ཤོག༔ ཆུ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག༔ ས་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་སེར་པོའི་ཞིང་ཁམས་མཐོང་བར་ཤོག༔ མེ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག༔ རླུང་གི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་ལྗང་གུའི་ཞིང་ཁམས་མཐོང་བར་ཤོག༔ འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག༔ སྒྲ་འོད་ཟེར་གསུམ་དགྲ་རུ་མི་ལྡང་ཞིང༔ ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག༔ སྒྲ་རྣམས་ཐམས་ཅད་རང་སྒྲར་ཤེས་པར་ཤོག༔ འོད་རྣམས་ཐམས་ཅད་རང་འོད་ཤེས་པར་ཤོག༔ ཟེར་རྣམས་ཐམས་ཅད་རང་ཟེར་ཤེས་པར་ཤོག༔ བར་དོ་རང་ངོ་རང་གིས་ཤེས་པར་ཤོག༔ སྐུ་གསུམ་ཞིང་ཁམས་མངོན་དུ་འགྱུར་བར་ཤོག༔ བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་ཞེས་བྱ་བ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ་འཁོར་བ་མ་སྟོང་བར་དུ་མ་རྫོགས་སོ༔ མངྒལཾ༔

བར་དོ་འཇིགས་སྐྱོབ་སྨོན་ལམ།

༄༅། །བར་དོ་འཇིགས་སྐྱོབ་སྨོན་ལམ༔ ༁ྃཿ ཀྱེ་མ༔ བདག་ནི་ཚེ་ཡི་འཕེན་པ་ཟད་པའི་ཚེ༔ འཇིག་རྟེན་འདི་ན་ཉེ་དུས་མི་སྟོངས་ཏེ༔ རང་ཉིད་གཅིག་པུར་བར་དོ་འཁྱམས་ཙ་ན༔ རྒྱལ་བ་ཞི་ཁྲོས་ཐུགས་རྗེའི་ཤུགས་ཕྱུང་ནས༔ མ་རིག་མུན་པའི་སྨག་རུམ་སེལ་བར་ཤོག༔ དགའ་བའི་གྲོགས་དང་བྲལ་ནས་གཅིག་པུར་འཁྱམས༔ རང་སྣང་སྟོང་པའི་གཟུགས་བརྙན་འཆར་དུས་དེར༔ སངས་རྒྱས་རྣམས་ཀྱིས་ཐུགས་རྗེའི་ཤུགས་ཕྱུང་ནས༔ དངངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོག༔ ཡེ་ཤེས་གསལ་བའི་འོད་ལྔ་འཆར་དུས་དེར༔ མི་འཇིགས་མི་སྐྲག་རང་ངོ་ཤེས་པར་ཤོག༔ ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར་དུས་དེར༔ མི་འཇིགས་གདེང་ཐོབ་བར་དོ་ངོ་ཤེས་ཤོག༔ ལས་ངན་དབང་གིས་སྡུག་བསྔལ་མྱོང་ཙ་ན༔ རྒྱལ་བ་ཞི་ཁྲོས་སྡུག་བསྔལ་སེལ་བར་ཤོག༔ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙ་ན༔ ཐེག་ཆེན་ཆོས་ཀྱི་སྒྲ་རུ་འགྱུར་བར་ཤོག༔ སྐྱབས་མེད་ལས་ཀྱི་རྗེས་སུ་འབྲང་དུས་དེར༔ རྒྱལ་བ་ཞི་ཁྲོས་བདག་སོགས་བསྐྱབ་ཏུ་གསོལ༔ བག་ཆགས་ལས་ཀྱིས་སྡུག་བསྔལ་མྱོང་ཙ་ན༔ འོད་གསལ་བདེ་བའི་ཏིང་འཛིན་འཆར་བར་ཤོག༔ སྲིད་པ་བར་དོར་བརྫུས་ཏེ་སྐྱེས་ཙ་ན༔ ཕྱིར་ལོག་བདུད་ཀྱི་ལུང་བསྟན་མི་འབྱུང་ཤོག༔ གང་དུ་བསམ་པའི་དབང་གིས་སླེབ་ཙ་ན༔ ལས་ངན་འཁྲུལ་བའི་འཇིགས་སྐྲག་མི་འབྱུང་ཤོག༔ གཅན་གཟན་ཁྲོ་བོས་ངར་སྐད་འདོན་པའི་ཚེ༔ ཡི་གེ་དྲུག་མའི་ཆོས་སྒྲར་འགྱུར་བར་ཤོག༔ ཁ་ཆར་རླུང་དང་མུན་པས་དེད་པའི་ཚེ༔ ཡེ་ཤེས་གསལ་བའི་ལྷ་མིག་འཐོབ་པར་ཤོག༔ རིས་མཐུན་ནང་ཚན་བར་དོའི་སེམས་ཅན་རྣམས༔ མིག་སེར་མེད་ཅིང་མཐོ་རིས་སྐྱེ་བར་ཤོག༔ ཤིན་ཏུ་ཉོན་མོངས་བཀྲེས་ཤིང་སྐོམ་པའི་ཚེ༔ ལྟོགས་སྐོམ་ཚ་གྲང་སྡུག་བསྔལ་མི་འབྱུང་ཤོག༔ ཕྱི་མ་ཕ་མའི་འདུ་འཕྲོད་མཐོང་ཙ་ན༔ རྒྱལ་བ་ཞི་ཁྲོ་ཡབ་ཡུམ་ཉིད་མཐོང་ཤོག༔ གར་སྐྱེ་རང་དབང་ཐོབ་ནས་གཞན་དོན་དུ༔ མཚན་དཔེས་བརྒྱན་པའི་ལུས་མཆོག་ཐོབ་པར་ཤོག༔ བདག་ཉིད་སྐྱེས་པའི་ལུས་མཆོག་ཐོབ་གྱུར་ནས༔ མཐོང་ཐོས་ཐམས་ཅད་མྱུར་དུ་གྲོལ་བར་ཤོག༔ ལས་ངན་ཐམས་ཅད་རྗེས་སུ་མི་འབྲང་ཞིང༔ བསོད་ནམས་གང་ཡོད་འཕེལ་ཞིང་རྗེས་འབྲང་ཤོག༔ གང་དང་གང་དུ་སྐྱེས་པ་དེ་དང་དེར༔ ཚེ་རབས་ཡི་དམ་ལྷ་དང་མཇལ་བར་ཤོག༔ སྐྱེས་མ་ཐག་ཏུ་སྨྲ་ཞིང་འགྲོ་ཤེས་ཏེ༔ སྐྱེ་བ་དྲན་ཅིང་མི་བརྗེད་གཟུངས་ཐོབ་ཤོག༔ ཡོན་ཏན་ཆེ་ཆུང་འབྲིང་དང་སྣ་ཚོགས་པ༔ ཐོས་བསམ་མཐོང་བ་ཙམ་གྱིས་ཤེས་གྱུར་ཅིག༔ གང་དུ་སྐྱེས་པའི་ཡུལ་དེར་བཀྲ་ཤིས་ཤོག༔ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག༔ རྒྱལ་བ་ཞི་ཁྲོ་ཁྱེད་སྐུ་ཅི་འདྲ་དང༔ འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་༔ ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ༔ དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག༔ ཀུན་བཟང་ཞི་ཁྲོ་རབ་འབྱམས་ཐུགས་རྗེ་དང༔ ཆོས་ཉིད་རྣམ་པར་དག་པའི་བདེན་སྟོབས་དང༔ གསང་སྔགས་རྩེ་གཅིག་བསྒྲུབས་པའི་བྱིན་རླབས་ཀྱིས༔ སྨོན་ལམ་བཏབ་པ་དེ་བཞིན་འགྲུབ་གྱུར་ཅིག༔ བར་དོའི་སྨོན་ལམ་འཇིགས་སྐྱོབ་མ་ཞེས་བྱ་བ་འཁོར་བ་མ་སྟོང་གི་བར་དུ་མ་རྫོགས་སོ༔ གྲུབ་ཐོབ་ཀརྨཱ་གླིང་པའི་གཏེར་མའོ༔

ས་སྐྱ་ནད་གྲོལ་མའི་སྨོན་ལམ།

༄༅། །ས་སྐྱ་ནད་གྲོལ་མའི་སྨོན་ལམ་བཞུགས་སོ། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་ས་སྐྱ་ནད་གྲོལ་མར་གྲགས་པའི་སྨོན་ལམ་བྱིན་རླབས་ཅན་བཞུགས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་དང་། སྐྱབས་འགྲོ་འདི་འཕགས་པ་སྤྱན་རས་གཟིགས་ཀྱིས་བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ལ་གནང་། དེས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་གནང་ནས་འགྲོ་དོན་མཐའ་ཡས་པ་མཛད་དོ། །ཨོཾ་མ་ཎི་པདྨེ་ཧཱུྃ། བརྒྱ་རྩ་ལ་སོགས་པ་བགྲང་མཐར། ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡི། །གདོན་དང་ནད་དང་འབྱུང་པོའི་འཚེ་བ་སོགས། །སེམས་ཅན་ཡིད་མི་བདེ་བའི་ནད་རྣམས་ཀུན། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །ཇི་ལྟར་གཤེད་མས་འཁྲིད་པའི་གསད་བྱ་བཞིན། །སྐད་ཅིག་ཙམ་ལ་ལུས་སེམས་འབྲལ་བྱེད་པའི། །སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །འཆི་བདག་གཤིན་རྗེའི་ཁ་ནང་ཚུད་པ་ལྟར། །ནད་ཀྱི་མིང་ཙམ་ཐོས་པས་སྐྲག་བྱེད་པའི། །ཉིན་གཅིག་པ་དང་རྟག་པའི་རིམས་སོགས་ཀྱིས། །ལུས་ཅན་ཀུན་ལ་གནོད་པར་མ་གྱུར་ཅིག །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །གློ་བུར་ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་། །བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ཡིས། །ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག །ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེད་པའི། །འབྱུང་གཞི་འཁྲུགས་པའི་སྡུག་བསྔལ་ཇི་སྙེད་པ། །མ་ལུས་ཞི་ཞིང་མདངས་སྟོབས་ལྡན་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ནུས་མཐུ་དང་། །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག །ཅེས་པ་འདི་ནི་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ནད་རིམས་མི་གཅིག་པ་སྣ་ཚོགས་བྱུང་བར། སྔགས་བོན་རྣམས་ཀྱིས་མདོས་གཏོར་སྨན་སྔགས་སྲུང་བ་སོགས་གང་བསྒྲུབས་ཀྱང་མ་ཕན་པར་གདན་ས་སྟོང་ལ་ཐུག་པའི་སྐབས། རྗེ་གྲུབ་ཐོབ་ཆེན་པོས་མ་ནམ་མཁའ་མའི་སྐྱབས་འགྲོ་གྱིས། མ་ཎི་སྒྲོངས། སྨོན་ལམ་འདི་ཐོབ་ཅེས་བཀའ་སྩལ་པ་བཞིན་བགྱིས་པ་ལ་བརྟེན་ནད་ཡམས་ཐམས་ཅད་འཕྲལ་དུ་ཆད་པས་ས་སྐྱ་ནད་གྲོལ་མའི་སྨོན་ལམ་ཞེས་རྡོ་རྗེའི་གསུང་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བར་གྲགས་སོ། །

མཚོན་གྱི་འཇིགས་པ་ཞི་བའི་བདེན་ཚིག

༄༅། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་མཚོན་གྱི་འཇིགས་པ་ཞི་བའི་བདེན་ཚིག་བཞུགས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ། བྱམས་ཆེན་རྒྱལ་བ་འཕགས་མཆོག་སྤྱན་རས་གཟིགས། །ཁྲོ་རྒྱལ་རྟ་མགྲིན་རྗེ་བཙུན་སྒྲོལ་མ་སོགས། །མཚན་ཙམ་ཐོས་པས་འཇིགས་པ་ཀུན་སེལ་བའི། །སྐྱབས་གནས་ཐུགས་རྗེའི་བདག་ཉིད་དགོངས་སུ་གསོལ། །རྩོད་ལྡན་སྙིགས་མ་ལྔ་བདོའི་སེམས་ཅན་རྣམས། །ལས་ངན་ཕྲག་དོག་མཚོ་ཆེན་རྡོལ་བ་ལས། །འཐབ་རྩོད་སྡུག་བསྔལ་དྲག་པོས་མནར་བ་ན། །ཡེ་ཤེས་ཐུགས་རྗེའི་ཞུགས་ཀྱིས་སྐེམ་པར་མཛོད། །ཞེ་སྡང་མེ་ཕུང་འབར་བའི་འགྲོ་བ་ལ། །བྱམས་པའི་བདུད་རྩིའི་ཆར་ཆེན་ཕབས་ནས་ཀྱང་། །ཕན་ཚུན་ཕ་མ་ལྟ་བུའི་འདུ་ཤེས་ཀྱིས། །བདེ་སྐྱིད་བཀྲ་ཤིས་འཕེལ་བར་བྱིན་གྱིས་རློབས། །གང་གི་རྒྱུད་ལ་ཞུགས་པས་སྐད་ཅིག་གིས། །བློ་སྣ་ལྷ་མིན་བཞིན་དུ་སྒྱུར་བྱེད་པའི། །འབྱུང་པོ་གདུག་པའི་ཚོགས་རྣམས་ཚར་བཅད་ནས། །ཕྱིན་ཆད་ཕྱོགས་འདིར་རྒྱུ་བར་མ་གྱུར་ཅིག །གཡུལ་ངོར་ཤི་བའི་སེམས་ཅན་ཐམས་ཅད་ཀྱང་། །དེང་ནས་ལས་ངན་རྒྱུ་འབྲས་ཀུན་སྤོང་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེས་ནས་ཀྱང་། །ཐམས་ཅད་ཞིང་དེར་འཁྲིད་པར་མཛད་དུ་གསོལ། །སྐྱེ་རྒུ་ཐམས་ཅད་ཚེ་རིང་ནད་མེད་ཅིང་། །འཐབ་རྩོད་ཀུན་ཞི་དགེ་བ་བཅུ་ལ་སྤྱོད། །ཆར་ཆུ་དུས་བབས་ལོ་ཕྱུགས་རྟག་ཏུ་ལེགས། །སྣོད་བཅུད་བཀྲ་ཤིས་འཕེལ་བར་བྱིན་གྱིས་རློབས། །ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང་། །ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་དང་། །བླ་མ་ཡི་དམ་དཀོན་མཆོག་ཐུགས་རྗེ་ཡིས། །རྣམ་དག་སྨོན་ལམ་རྒྱ་ཆེར་འགྲུབ་པར་ཤོག །ཅེས་མདོ་ཁམས་མེ་ཉག་གི་ཡུལ་དུ་གཡུལ་འཁྲུགས་རྒྱུན་མི་འཆད་པ་སུས་ཀྱང་འདུམ་པར་མ་ནུས་པའི་ཚེ། རྗེ་གྲུབ་ཐོབ་ཆེན་པོ་ཕྱོགས་དེར་ཕེབས་ནས་ཐུགས་བསྐྱེད་མཛད། བདེན་ཚིག་གསུངས་ཤིང་མེ་ཏོག་འཐོར་བ་ཙམ་གྱིས་ཐམས་ཅད་ཀྱི་ཕྲག་དོག་དང་ཞེ་སྡང་གི་གདུག་སེམས་ཐམས་ཅད་ཞི་ཞིང་གཡུལ་འཁྲུགས་རྒྱུན་ཆད། ལོ་ལེགས་སྐྱ་རྒྱལ་སོགས་བཀྲ་ཤིས་ཕུན་སུམ་ཚོགས་པ་བྱུང་བའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ། །

མུ་གེའི་འཇིགས་པ་ཞི་བའི་་གསོལ་འདེབས།

༄༅། །རྗེ་གྲུབ་ཐོབ་ཆེན་པོའི་གསུང་མུ་གེའི་འཇིགས་པ་ཞི་བའི་གསོལ་འདེབས་བཞུགས་སོ། །མཐའ་ཡས་འགྲོ་བ་ངེས་པར་སྒྲོལ་སླད་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཚོགས་གཉིས་རྫོགས་མཛད་རྒྱལ་བ་ཐུགས་རྗེ་ཅན། །འདི་ནས་ཚིག་རྐང་གསུམ་ཞལ་སྐོང་། ཕྱོགས་བཅུའི་རྣམ་འདྲེན་བྱང་སེམས་ཉན་རང་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ཚོགས། །གནོད་སྦྱིན་ནོར་ལྷ་གཏེར་བདག་འཁོར་དང་བཅས། །མགོན་མེད་སྙིགས་མའི་འགྲོ་ལ་བརྩེར་དགོངས་ནས། །བཀྲེས་སྐོམ་ཉམ་ཐག་སྡུག་བསྔལ་གྱིས་གཟིར་བའི། །ལུས་ཅན་འདི་དག་ངེས་པར་བསྐྱབ་ཕྱིར་དུ། །རིན་ཆེན་ཟས་ནོར་འབྲུ་དང་མལ་ཆ་སོགས། །ཡིད་འོང་འདོད་དགུའི་ལོངས་སྤྱོད་ཇི་སྙེད་ཀྱི། །ཆར་པ་འཛམ་གླིང་ཁ་བ་ཅན་དུ་ཕོབས། །དུས་མིན་རླུང་དང་མེ་ཐན་ཆར་ཆུ་སོགས། །འབྱུང་བཞིའི་གནོད་པ་ཉེ་བར་ཞི་བ་དང་། །འབྲུ་བཅུད་རྩི་ཐོག་ལོ་ཏོག་ལ་སོགས་པ། །རྫོགས་ལྡན་དུས་ལྟར་སྨིན་ཅིང་རྒྱས་གྱུར་ཅིག །བྱམས་དང་སྙིང་རྗེའི་ཤུགས་ཀྱིས་རབ་བསྐུལ་ནས། །རྒྱ་ཆེན་སྨོན་ལམ་བཏབ་པ་འདི་ཡི་མཐུས། །ནད་མཚོན་མུ་གེའི་བསྐལ་པ་ཉེར་ཞི་ནས། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་། །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དབུས་གཙང་དུ་ལོ་ཉེས་སད་སེར་སོགས་ཀྱི་མུ་གེ་ཆེན་པོ་བྱུང་བའི་སྐབས་རྗེ་གྲུབ་ཐོབ་ཆེན་པོས་ལྷ་ལྡན་ཇོ་བོ་རིན་པོ་ཆེའི་མདུན་དུ་གསེར་གྱི་ལྷུང་བཟེད་འབྲུས་བཀང་བ་ཕུལ་ནས་ཐུགས་སྨོན་དུ་མཛད་པས། གང་ཟག་ལས་ཅན་རྣམས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱིས་ནམ་མཁའ་ནས་བོད་ཡུལ་ལ་འབྲུའི་ཆར་འབེབས་པར་མཐོང་ཞིང་། འགྲོ་བ་ཐམས་ཅད་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་གྲོལ་བར་མཛད་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ། །

བོད་ཡུལ་བདེ་བའི་སྨོན་ལམ།

༄༅། །བོད་ཡུལ་བདེ་བའི་སྨོན་ལམ་དང་གསོལ་འདེབས་བཞུགས་སོ། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྩ་བ་གསུམ། །ཁྱད་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང་། །གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །སྙིགས་དུས་འགྲོ་རྣམས་བསམ་སྦྱོར་ལོག་པ་དང་། །ཕྱི་ནང་འབྱུང་བ་འཁྲུགས་པའི་རྒྱུ་རྐྱེན་གྱིས། །སྔར་མ་གྲགས་པའི་མི་ཕྱུགས་དལ་ཡམས་ནད། །གཟའ་ཀླུ་རྒྱལ་གདོན་ནག་ཕྱོགས་འབྱུང་པོའི་ཟེར། །བཙའ་སད་སེར་གསུམ་ལོ་ཉེས་དམག་འཁྲུགས་རྩོད། །ཆར་ཆུ་མི་སྙོམས་གངས་ཅན་བྲ་བྱིའི་ཐན། །ས་གཡོ་མེ་དགྲ་འབྱུང་བཞིའི་འཇིགས་པ་དང་། །ཁྱད་པར་བསྟན་ལ་འཚེ་བའི་མཐའ་དམག་སོགས། །གངས་ཅན་ལྗོངས་འདིར་གནོད་འཚེའི་རིགས་མཐའ་དག། མྱུར་དུ་ཞི་ཞིང་རྩད་ནས་འཇོམས་གྱུར་ཅིག །མི་དང་མི་མིན་འགྲོ་བ་མཐའ་དག་གི། རྒྱུད་ལ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །ངང་གིས་སྐྱེས་ནས་གནོད་འཚེའི་བསམ་སྦྱོར་བྲལ། །ཕན་ཚུན་བྱམས་པའི་སེམས་དང་ལྡན་ནས་ཀྱང་། །བོད་ཡུལ་མཐའ་དབུས་བདེ་སྐྱིད་དཔལ་གྱིས་འབྱོར། །སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤོག །རྩ་གསུམ་རྒྱལ་བ་སྲས་བཅས་བདེན་པའི་སྟོབས། །འཁོར་འདས་དགེ་བའི་རྩ་བ་གང་མཆིས་དང་། །བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས། །གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག །ཅེས་༧རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་དེང་སང་དུས་ཀྱི་འཚུབ་འགྱུར་ཤིན་ཏུ་ཆེ་བས་ཅི་ལྟར་འགྱུར་ཆ་མེད་པས། རྗེ་ཉིད་ནས་བོད་ཡུལ་བདེ་བའི་སྨོན་ལམ་ཉིན་ཞག་རེར་ལན་དྲུག་རེ་མཛད་པ་ཡིན་པས་ཁྱེད་ནས་ཀྱང་དེ་ལྟར་གལ་ཆེ་ཞེས་བཀའ་བསྩལ་ཕེབས་པ་ལྟར་རང་གི་བསྙེལ་གསོས་སུ་བྲིས་པ་ཇི་བཞིན་འགྲུབ་པར་གྱུར་ཅིག །ཅེས་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་ཏུ་རྒྱལ་ཟླ་བའི་དཀར་ཕྱོགས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་སྔ་དྲོར་སྦྱར་བའོ། །

སྤྱོད་འཇུག་སྨོན་ལམ།

༄༅། །སྤྱོད་འཇུག་སྨོན་ལམ་བཞུགས་སོ། །བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །དེ་དག་འཁོར་བ་ཇི་སྲིད་དུ། །ནམ་ཡང་བདེ་ལས་ཉམས་མ་གྱུར། །འགྲོ་བས་བླ་ན་མེད་པ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག །འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག །གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག །རལ་གྲི་ལོ་མའི་ནགས་ཚལ་ཡང་། །དེ་ལ་དགའ་ཚལ་སྡུག་གུར་ཤོག །ཤལ་མ་ལི་ཡི་སྡོང་པོ་ཡང་། །དཔག་བསམ་ཤིང་དུ་འཁྲུངས་པར་ཤོག །མཐིང་རིལ་ངུར་པ་དག་དང་ངང་པ་དང་། །བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིག །པདྨ་དྲི་བསུང་ཆེ་ལྡན་མཚོ་དག་གིས། །དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག །སོལ་ཕུང་དེ་ཡང་རིན་ཆེན་ཕུང་པོར་གྱུར། །ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག །བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི། །གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག །མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི། །དེང་ནས་རྩེ་ཕྱིར་མེ་ཏོག་འཕེན་པར་ཤོག །ཆུ་བོ་རབ་མེད་མེ་དང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུན་དའི་མདོག །བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག །ཅི་ཕྱིར་འདིར་ནི་གཤིན་རྗེའི་མི་དང་ཁྭ་དང་བྱ་རྒོད་མི་བཟད་རྣམས་སྐྲག་བྱེད། །ཀུན་ནས་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་སྙམ་སྟེ། །གྱེན་དུ་བལྟས་པས་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། །རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོགས་པར་ཤོག །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་བབ་པ་ཡིས། །དམྱལ་བའི་མེ་མདག་ཆལ་ཆིལ་གསོད་པ་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་བསམ་པ་དང་། །སེམས་དམྱལ་རྣམས་ཀྱིས་ཕྱག་ན་པདྨོ་མཐོང་བར་ཤོག །གྲོགས་དག་འཇིགས་པ་བོར་ལ་རིངས་བར་ཚུར་ཤོག་འུ་བུའི་ཐད་དུ་ནི། །གང་གི་མཐུ་ཡིས་སྡུག་བསྔལ་ཐམས་ཅད་དང་བྲལ་དགའ་བའི་ཤུགས་ཕྱིན་ལ། །འགྲོ་བ་ཀུན་ནས་ཡོངས་སྐྱོབ་བྱང་ཆུབ་སེམས་དཔའ་བརྩེ་བ་སྐྱེས་གྱུར་པ། །གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་སུ་ཞིག་ཕྱིན། །ཁྱོད་ཀྱི་ལྷ་བརྒྱའི་ཅོད་པན་དག་གིས་ཞབས་ཀྱི་པདྨོ་ལ་མཆོད་ཅིང་། །ཐུགས་རྗེས་བརླན་སྤྱན་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱིས་ཆར་འབབ་པ། །ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོག་ལྡན་འདི་ལྟོས་ཞེས། །འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཀུ་ཅོ་འདོན་པར་ཤོག །དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་ལ་སོགས། །བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་སྤྲིན་བདེ་བ་དང་། །བསིལ་ཞིང་དྲི་ཞིམ་ངད་ལྡན་ཆར་པ་འབེབས་མཐོང་ནས། །སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་གྱུར་ཅིག །དུད་འགྲོ་རྣམས་ནི་གཅིག་ལ་གཅིག །ཟ་བའི་འཇིགས་དང་བྲལ་བར་ཤོག །སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དྭགས་རྣམས་ནི་བདེ་བར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི། ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ལོང་བ་རྣམས་ཀྱིས་མིག་མཐོང་ཞིང་། །འོན་པས་རྟག་ཏུ་སྒྲ་ཐོས་ཤོག །ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། །སྦྲུམ་མའང་གནོད་མེད་བཙའ་བར་ཤོག །གཅེར་བུ་རྣམས་ཀྱིས་གོས་དག་དང་། །བཀྲེས་པ་རྣམས་ཀྱིས་ཟས་དང་ནི། །སྐོམ་པ་རྣམས་ཀྱིས་ཆུ་དག་དང་། །བཏུང་བ་ཞིམ་པོ་ཐོབ་པར་ཤོག །བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་སོས་ཤིང་། །བརྟན་པ་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་འགྱུར། །མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་། །སེམས་ནི་ཕན་ཚུན་གཉེན་གྱུར་ཅིག །འགྲོན་པོ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པ། །དེ་འབད་མི་དགོས་གྲུབ་གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་གྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངན་ལམ་གོལ་འཁྱམས་པ་རྣམས། །འགྲོན་པོ་དག་དང་ཕྲད་གྱུར་ནས། །ཆོམ་རྐུན་སྟག་སོགས་འཇིགས་མེད་པར། །མི་ངལ་བདེ་བླག་འདོང་བར་ཤོག །དགོན་སོགས་ལམ་མེད་ཉམ་ང་བར། །བྱིས་པ་རྒན་པོ་མགོན་མེད་པ། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་སྲུང་བར་བྱེད་པར་ཤོག །མི་དལ་ཀུན་ལས་ཐར་བ་དང་། །དད་དང་ཤེས་རབ་བརྩེར་ལྡན་ཞིང་། །ཟས་དང་སྤྱོད་པ་ཕུན་ཚོགས་ནས། །རྟག་ཏུ་ཚེ་རབས་དྲན་གྱུར་ཅིག །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །སེམས་ཅན་གཟི་བརྗིད་ཆུང་ངུ་གང་། །དེ་དག་གཟི་བརྗིད་ཆེན་པོར་ཤོག །དཀའ་ཐུབ་ཅན་གང་གཟུགས་ངན་པ། །གཟུགས་བཟང་ཕུན་སུམ་ཚོགས་གྱུར་ཅིག །འཇིག་རྟེན་བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག །མ་རབས་རྣམས་ནི་མཐོ་ཐོབ་ཅིང་། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག །བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག། བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤང་བར་ཤོག །སེམས་ཅན་དེ་དག་ཐམས་ཅད་ནི། །ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བར་འཚོ་འགྱུར་ཞིང་། །འཆི་བའི་སྒྲ་ཡང་གྲག་མ་གྱུར། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས། །ཆོས་སྙན་སྒྲོག་པས་གང་བ་ཡིས། །ཕྱོགས་རྣམས་ཐམས་ཅད་གང་བར་ཤོག །ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་། །བྱང་ཆུབ་སེམས་དཔའ་མང་པོ་དག །རང་གི་ལེགས་པས་ས་སྟེང་དག །བརྒྱན་པ་མཛད་པས་བཞུགས་གྱུར་ཅིག །ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །དེ་དག་རྟག་ཏུ་སངས་རྒྱས་དང་། །སངས་རྒྱས་སྲས་དང་ཕྲད་གྱུར་ཅིག །མཆོད་པའི་སྤྲིན་ནི་མཐའ་ཡས་པས། །འགྲོ་བའི་བླ་མ་མཆོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །སེམས་ཅན་འགའ་ཡང་སྡུག་མ་གྱུར། །སྡིག་པར་མ་གྱུར་ན་མ་གྱུར། །འཇིགས་དང་བརྙས་པར་མི་འགྱུར་ཞིང་། །འགའ་ཡང་ཡིད་མི་བདེ་མ་གྱུར། །གཙུག་ལག་རྣམས་ནི་ཀློག་པ་དང་། །ཁ་ཏོན་གྱིས་རྒྱན་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །བསླབ་པ་འདོད་པའི་དགེ་སློང་དག། དབེན་པ་དག་ཀྱང་ཐོབ་པར་ཤོག །གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་སྒོམ་གྱུར་ཅིག །དགེ་སློང་མ་རྣམས་རྙེད་ལྡན་ཞིང་། །འཐབ་དང་གནོད་པ་སྤང་བར་ཤོག །དེ་བཞིན་རབ་ཏུ་བྱུང་བ་ཀུན། །ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག །ཚུལ་ཁྲིམས་འཆལ་བས་ཡིད་བྱུང་ནས། །རྟག་ཏུ་སྡིག་པ་ཟད་བྱེད་ཤོག །བདེ་འགྲོ་དག་ཀྱང་ཐོབ་གྱུར་ནས། །དེར་ཡང་བརྟུལ་ཞུགས་མི་ཉམས་ཤོག །མཁས་པ་རྣམས་ནི་བཀུར་བ་དང་། །བསོད་སྙོམས་དག་ཀྱང་རྙེད་པར་ཤོག །རྒྱུད་ནི་ཡོངས་སུ་དག་པ་དང་། །ཕྱོགས་རྣམས་ཀུན་ཏུ་གྲགས་པར་ཤོག །ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས་མྱུར་འགྲུབ་ཤོག །སེམས་ཅན་ཀུན་གྱིས་ལན་མང་དུ། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །སངས་རྒྱས་བདེ་བ་བསམ་ཡས་ཀྱིས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །དེ་བཞིན་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱང་བདེ་གྱུར་ཅིག །བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་ཐོབ་པར་ཤོག །བདག་ནི་ཁ་ཟས་གྱིི་ནས་ཀྱང་། །ཉམས་དང་ལྡན་ཞིང་འཚོ་བར་ཤོག །ཚེ་རབས་ཀུན་ཏུ་དབེན་གནས་པ། །ཕུན་ཚོགས་ལྡན་པ་ཐོབ་པར་ཤོག །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །གང་གི་དྲིན་གྱིས་དགེ་བློ་འབྱུང་། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་དར་བ། །དགེ་བའི་བཤེས་ལའང་བདག་ཕྱག་འཚལ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བསྔོ་བ་ཞེས་བྱ་བ་སྟེ་ལེའུ་བཅུ་པའོ། །སློབ་དཔོན་ཞི་བ་ལྷས་མཛད་པ་རྫོགས་སོ། །

སྨོན་ལམ་ཕྱོགས་བཅུ་དུས་བཞི་མ།

༄༅། །ཨོ་རྒྱན་རིན་པོ་ཆེའི་སྨོན་ལམ་བཞུགས་སོ། །༁ྃ༔ ན་མོ་གུ་རུ༔ སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ལ་བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ་ཨོ་རྒྱན་གྱི་སྨོན་ལམ་འདི་གསུངས་པས་རྗེ་འབངས་ཐམས་ཅད་ཀྱིས་ཐུགས་དམ་ནར་མར་མཛད༔ ཕྱི་རབས་རྣམས་ཀྱིས་ཐུགས་དམ་རྩེ་གཅིག་ཏུ་མཛོད༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ མ་ལུས་ཞིང་གི་རྡུལ་སྙེད་གཤེགས་སུ་གསོལ༔ མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔ སྟོན་མཆོག་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ༔ སྔོན་གྱི་སྡིག་པའི་ཚོགས་ལ་བདག་གནོང་ཞིང༔ ད་ལྟའི་མི་དགེ་འགྱོད་པས་རབ་ཏུ་བཤགས༔ ཕྱིན་ཆད་དེ་ལས་ལྡོག་ཕྱིར་བདག་གིས་བསྡམ༔ བསོད་ནམས་དགེ་ཚོགས་ཀུན་ལ་ཡི་རང་ངོ༔ རྒྱལ་བའི་ཚོགས་རྣམས་མྱ་ངན་མི་འདའ་བར༔ སྡེ་སྣོད་གསུམ་དང་བླ་མེད་ཆོས་འཁོར་བསྐོར༔ དགེ་ཚོགས་མ་ལུས་འགྲོ་བའི་རྒྱུད་ལ་བསྔོ༔ འགྲོ་རྣམས་བླ་མེད་ཐར་པའི་སར་ཕྱིན་ཤོག༔ སངས་རྒྱས་སྲས་བཅས་བདག་ལ་དགོངས་སུ་གསོལ༔ བདག་གིས་བརྩམས་པའི་སྨོན་ལམ་རབ་བཟང་འདི༔ རྒྱལ་བ་ཀུན་ཏུ་བཟང་དང་དེ་སྲས་དང༔ འཕགས་པ་འཇམ་དཔལ་དབྱངས་ཀྱིས་མཁྱེན་པ་ལྟར༔ དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཤོག༔ བསྟན་པའི་དཔལ་གྱུར་བླ་མ་རིན་ཆེན་རྣམས༔ ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པར་ཤོག༔ ཉི་ཟླ་བཞིན་དུ་ཀུན་ལ་གསལ་བར་ཤོག༔ རི་བོ་བཞིན་དུ་རྟག་ཏུ་བརྟན་པར་ཤོག༔ བསྟན་པའི་གཞི་མ་དགེ་འདུན་རིན་པོ་ཆེ༔ ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་གྱིས་ཕྱུག་ཤོག༔ བསྟན་པའི་སྙིང་པོ་གསང་སྔགས་བསྒྲུབ་པའི་སྡེ༔ དམ་ཚིག་ལྡན་ཞིང་བསྐྱེད་རྫོགས་མཐར་ཕྱིན་ཤོག༔ བསྟན་པའི་སྦྱིན་བདག་ཆོས་སྐྱོང་རྒྱལ་པོ་ཡང༔ ཆབ་སྲིད་རྒྱས་ཤིང་བསྟན་ལ་སྨན་པར་ཤོག༔ བསྟན་པའི་ཞབས་འདེགས་རྒྱལ་རིགས་བློན་པོ་ཡང༔ བློ་གྲོས་རབ་འཕེལ་རྩལ་དང་ལྡན་པར་ཤོག༔ བསྟན་པའི་གསོས་བྱེད་ཁྱིམ་བདག་འབྱོར་ལྡན་རྣམས༔ ལོངས་སྤྱོད་ལྡན་ཞིང་ཉེར་འཚེ་མེད་པར་ཤོག༔ བསྟན་ལ་དད་པའི་ཡངས་པའི་རྒྱལ་ཁམས་ཀུན༔ བདེ་སྐྱིད་ལྡན་ཞིང་བར་ཆད་ཞི་བར་ཤོག༔ ལམ་ལ་གནས་པའི་རྣལ་འབྱོར་བདག་ཉིད་ཀྱང༔ དམ་ཚིག་མི་ཉམས་བསམ་པ་འགྲུབ་པར་ཤོག༔ བདག་ལ་བཟང་ངན་ལས་ཀྱིས་འབྲེལ་གྱུར་གང༔ གནས་སྐབས་མཐར་ཐུག་རྒྱལ་བས་རྗེས་འཛིན་ཤོག༔ འགྲོ་རྣམས་བླ་མེད་ཐེག་པའི་སྒོར་ཞུགས་ནས༔ ཀུན་བཟང་རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོག༔ དེ་ལྟར་གྱི་སྨོན་ལམ་དུས་དྲུག་ཏུ་བརྩོན་པར་བྱ༔ ས་མ་རྒྱ༔ ལྷ་སྲས་མུ་རུབ་རྣམ་འཕྲུལ་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་གནས་མཆོག་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པའི་གོར་མོ་འོག་མ་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའི་བཻ་རོའི་སྐུ་ཆོས་དར་ཤོག་ངོས་མཚོ་རྒྱལ་ཕྱག་བྲིས་བོད་ཡིག་བཤུར་མ་ལས༔ དེ་འཕྲལ་ཉིད་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དག་པར་བཤུས་པ་དགེ་ལེགས་འཕེལ། །

སྨོན་ལམ་རྡོ་རྗེའི་རྒྱ་འདུད།

༄༅། །སྨོན་ལམ་རྡོ་རྗེའི་རྒྱ་མདུད་བཞུགས་སོ། །བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པ་མངོན་གྱུར་ཤོག །ཉམས་ཆག་རྟོག་སྒྲིབ་མ་སྤངས་གནས་སུ་དག། ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐངས། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཐིག་ལེ་ཆེན་པོར་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོར་སྤང་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོར་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོར་ཆོས་སྐུ་མངོན་གྱུར་ཤོག །བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་གསང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག །ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཅིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག། རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་པའང་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སོ། །

བཀྲ་ཤིས།

བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དེ་ནས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བདེ་ལེགས་སུ་བྱ་བ་ནི། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ།ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང་། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག། ༈ ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལྔ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །༈ སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག ། ༈ རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པ་ཡི། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་ཡི། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་ཡི། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ། ༈ ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། །དཔལ་ལྡན་བླ་མས་དེང་འདིར་སྩོལ། །ཡི་དམ་ལྷ་ཡིས་དེང་འདིར་སྩོལ། །ཆོས་སྐྱོང་སྲུང་མས་དེང་འདིར་སྩོལ། །གཞི་བདག་རྣམས་ཀྱིས་དེང་འདིར་སྩོལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་བདུད་དང་སྤང་བྱ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། དེ་ལྟར་འགྲུབ་པར་བྱེད་པའང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩ་དྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ།

བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན།

༄༅། །བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་བི་ཛ་ཡནྟུ། ཆོས་དབྱིངས་ནམ་མཁའི་ཁྱོན་ཀུན་ཡོངས་ཁྱབ་པའི། །རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཡི་ཚོགས། །ཏིལ་གྱི་གོང་བུ་བཞིན་དུ་བཞུགས་པ་ཡི། །རྒྱལ་བའི་དབང་པོ་རྣམས་ཀྱིས་དགོངས་པ་མཛད། །ཡུམ་རྣམས་རིན་ཆེན་བུམ་པས་དབང་བསྐུར་ཞིང་། །སེམས་དཔའི་ཚོགས་ཀྱིས་བཀྲ་ཤིས་མེ་ཏོག་འཐོར། །ལྷ་རྣམས་ཀུན་གྱིས་རྡོ་རྗེའི་གླུ་དབྱངས་ལེན། །ཁྲོ་བོའི་ཚོགས་ཀྱིས་བགེགས་རྣམས་ཕ་མཐར་བསྐྲད། །འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་མཆོད་ཅིང་བསྟོད། །ཀུན་ཀྱང་དགེ་བཞིན་བཀྲ་ཤིས་དཔལ་ཡོན་ཀུན། །དེང་འདིར་མངོན་པར་སྩོལ་བ་ཉིད་གྱུར་ལས། །བཀྲ་ཤིས་རབ་མཆོག་བདག་གིས་བརྗོད་པར་བྱ། །དགའ་རབ་ཤྲཱི་སེང་པདྨ་ཐོད་ཕྲེང་རྩལ། །གྲུབ་མཆོག་བརྒྱད་དང་རྗེ་འབངས་ཉི་ཤུ་ལྔ། །གཏེར་སྟོན་བརྒྱ་རྩ་བཀའ་གཏེར་དག་སྣང་བརྒྱུད། །རིག་འཛིན་བླ་མའི་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ། །སྟོན་པ་བཅུ་གཉིས་སངས་རྒྱས་སྟོང་ལ་སོགས། །མཁའ་ཁྱབ་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །དུས་གསུམ་བདེ་བར་གཤེགས་པའི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་མཆོག་གཅིག །སྒྲུབ་པ་སྡེ་བརྒྱད་བདུད་འདུལ་ཁྲོ་བོ་བཅུ། །ཞི་དང་ཁྲོ་ཚུལ་སྒྱུ་འཕྲུལ་དྲྭ་བའི་གར། །རབ་འབྱམས་ཡི་དམ་ལྷ་ཡི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །སྡེ་སྣོད་གསུམ་དང་རྒྱུད་སྡེ་ཆེན་པོ་དྲུག །རྒྱུད་ལུང་མན་ངག་བཀའ་གཏེར་དག་སྣང་སོགས། །རྒྱལ་བ་རིག་འཛིན་བརྒྱུད་པའི་ཐུགས་ཀྱི་བཅུད། །ལུང་རྟོགས་དམ་པའི་ཆོས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །ཉེ་བའི་སྲས་མཆོག་བརྒྱད་དང་སེམས་མ་བརྒྱད། །སྐལ་བཟང་སེམས་དཔའ་སྟོང་ལ་སོགས་པ་ཡི། །ཕྱོགས་བཅུ་དུས་གསུམ་དག་གི་རྒྱལ་བའི་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །རྡོ་རྗེ་ཕག་མོ་རིགས་ལྔའི་ཌཱ་ཀི་ནཱ། །མཚོ་རྒྱལ་ལ་སོགས་ཐུགས་ཀྱི་དགྱེས་སྡེ་ལྔ། །གནས་ཡུལ་ཞིང་གི་དཔའ་བོ་རྣལ་འབྱོར་མ། །དཔལ་ལྡན་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །ཚངས་དབང་ཁྱབ་འཇུག་བརྒྱ་བྱིན་རྒྱལ་ཆེན་སོགས། །དུས་གསུམ་རྒྱལ་བའི་ཕྲིན་ལས་བཀའ་སྐྱོང་བ། །རྡོ་རྗེའི་ཆོས་སྐྱོང་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །བསྟན་པའི་སྦྱིན་བདག་རྣམས་དང་འགྲོ་བ་ཀུན། །བདེ་སྐྱིད་གོང་འཕེལ་ཆོས་ལྡན་བསམ་དོན་འགྲུབ། །ས་གསུམ་དཔལ་དང་ལྡན་པའི་བཀྲ་ཤིས་ཤོག །སྣང་སྲིད་རྣམ་དག་བདེ་བ་ཆེན་པོ་ལ། །མི་ཤིས་རྒུད་པ་ཡེ་ནས་མི་མངའ་བའི། །བདེན་པ་དེ་ཡིས་མཁའ་ཁྱབ་འགྲོ་བ་ཀུན། །རང་བྱུང་ཡེ་ཤེས་རྟོགས་པའི་བཀྲ་ཤིས་ཤོག །མཉམ་ཉིད་ངང་ནས་ཕྱོགས་དུས་འགྲོ་ཀུན་ལ། །ཕན་དང་བདེ་བའི་ཕྲིན་ལས་ལྷུན་གྱིས་གྲུབ། །རྟག་ཁྱབ་མཚུངས་མེད་བཀྲ་ཤིས་དཔལ་གྱི་མཆོག །དེང་འདིར་མངོན་དུ་འགྱུར་བའི་བཀྲ་ཤིས་ཤོག །ས་གསུམ་དབང་བྱེད་སྲིད་གསུམ་བྲན་དུ་འཁོལ། །ཕྱོགས་ལས་རྣམ་རྒྱལ་སྣང་སྲིད་ཟིལ་གནོན་པའི། །ཨོ་རྒྱན་རིག་འཛིན་བརྒྱུད་པའི་རིང་ལུགས་གང་། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་ཤོག། ཅེས་པའང་རབ་ཚེས་མེ་སྤྲེལ་འོད་འབར་གདོང་པ་བཟང་པོའི་ཟླ་ཚེས་༡༡གཟའ་སྐར་སོགས་དུས་ཀྱི་ཆ་ཤིན་ཏུ་དགེ་བར་སྒྲུབ་ཁང་འཆི་མེད་མཆོག་གྲུབ་གླིང་དུ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་བློ་མཚོ་ལས་བྱུང་བ་ནོར་བུའི་གཏེར་ཆེན་པོ་བཀྲ་ཤིས་དང་དགེ་ལེགས་མི་ཟད་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་འདི་སྔ་འགྱུར་པ་རྣམས་ཀྱི་དཔལ་ཏུ་གནས་བདེར་ཕྱིར་སྤེལ་བར་བགྱིས་ན་དོན་ཀུན་འགྲུབ་བོ། །

སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ།

༄༅། །སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །དེའང་དུས་ཀྱི་ཐ་མར་རྩ་གསུམ་ལྷ་ཡི་ཐུགས་རྒྱུད་བསྐུལ་ནས་བསྟན་པའི་སྙིང་པོ་རིན་པོ་ཆེ་རྒྱས་པར་གྱུར་ཅིག་སྙམ་དུ་ལན་ཅིག་ཙམ་མོས་ནའང་བསོད་ནམས་ཚད་མེད་པ་དང་ལྡན་ཞིང་རྒྱལ་བའི་སྲས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ནས་སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་ནས་འཛིན་སྐྱོང་སྤེལ་བས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་པས། སྐལ་བཟང་རྣམས་ཀྱིས་དུས་དུས་དང་། ཁྱད་པར་ཚོགས་མང་གི་སྐབས་སུ་འདི་ལྟར་སྨོན་ལམ་གདབ་པར་བྱ་སྟེ། ན་མོ། ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས། །ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་བརྒྱད་དང་གནས་བརྟན་འཕགས་པའི་ཚོགས། །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །སྟོན་དང་སེམས་དཔའ་འཕགས་པ་མཆོག་རྣམས་ཀྱིས། །ཡང་ཡང་དཀའ་བས་བཙལ་ཞིང་བརྣག་པའི་དོན། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ། །མ་མགོན་གཟའ་རྡོར་བརྒྱུད་གསུམ་དྲེགས་པའི་ཚོགས། །སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག །གངས་ཅན་ལྗོངས་སུ་བརྩེ་བས་དྲངས་གྱུར་པ། །ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས། །གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། །བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས། །དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱལ་མཚན་བསྒྲེང་། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ། །ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར། །བཀའ་དང་དགོངས་པ་འགྲེལ་པའི་གཞུང་ཀུན་རྫོགས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། །ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས། །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཟབ་མོའི་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། །ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས། །འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་བབས་རིག་འཛིན་སོ་སོའི་དགོངས་བཅུད་དང་། །ཀུན་འདུས་པདྨའི་བཀའ་སྲོལ་གཅིག་ཏུ་འཁྱིལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱུ་དང་འབྲས་བུ་གསང་སྔགས་ཐེག་པ་ཆེ། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། །ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད། །མཁས་གྲུབ་བྱེ་བའི་ཞལ་ནས་སྙན་དུ་བརྒྱུད། །རྟོག་གེ་ངན་པའི་རང་བཟོས་མ་བསླད་པ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གསེར་ཞིང་ནོར་བུའི་སྤྲས་པའི་ཡོན་གྱིས་ཀྱང་། །མི་འགུགས་དབྱིངས་ཀྱིས་མཁའ་འགྲོའི་ཐུགས་མཛོད་ཆོས། །བརྩེ་བས་རྗེས་འཇུག་སྐལ་བ་ཁོ་ནར་བཀྲམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ། །རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས། །བླུན་སྒོམ་སེམས་ལས་འདས་པའི་རྫོགས་པ་ཆེ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཡོད་མེད་ཕྱོགས་རེར་ཞེན་པའི་དམིགས་གཏད་ཞིག །མཐར་འཛིན་ལྟ་བའི་འཛིན་སྟངས་དྲུང་ནས་ཕྱུང་། །གཞི་ལམ་འབྲས་བུ་སྣང་སྟོང་ཟུང་དུ་འཇུག །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རིག་སྟོང་མི་ཤིགས་རྡོ་རྗེ་གྲུབ་པའི་མཐའ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང་། །ཕ་རོལ་རྒོལ་འཇོམས་རིགས་པའི་གློག་ཕྲེང་འབར། །མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྨད་བྱུང་ཨ་ཏི་ཡོ་གའི་གསང་ལམ་ནས། །མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ཁྱབ་བདག་འཇམ་དཔལ་རྡོ་རྗེར་རབ་བསྒྲུབས་པ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ། །བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པ། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པའི། །བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཆི་མེད་མཚོར་འཁྲུངས་རྒྱལ་བའི་བསྟན་པ་སྔ་འགྱུར་རྙིང་མ་ཞེས་གྲགས་པ་འདི་ནི་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོ་ཡིན་ཅིང་ཟབ་གནད་ཆེ་བ་དུ་མའི་ཁྱད་ཆོས་དང་། ལྟ་སྒོམ་རྣམ་པར་དག་པ་རྒྱལ་བ་དགྱེས་པའི་ལམ་བཟང་མ་ནོར་བ་ཡིན་པ་འདི་ངོ་ཤེས་ནས་ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ་རྒྱལ་མཚན་གྱི་རྩེ་ལ་མཆོད་པ་བཞིན་དུ་གང་ཟག་སྐལ་བ་དང་ལྡན་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་ཐུགས་ཁུར་བཞེས་པ་དང་། །དེ་ལྟ་བུའི་བཞེད་པ་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་སྨོན་ཚིག་ཏུ་རྙིང་བསྟན་ལ་སྙིང་ཐག་པ་ནས་ལྷག་བསམ་རྣམ་པར་དཀར་བ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གནས་དུས་རྟེན་འབྲེལ་དགེ་བའི་གུང་ཐུན་ལ་ཤར་མར་བྲིས་པ་དགེ་ལེགས་འཕེལ། །

ཞབས་བརྟན་གསོལ་འདེབས།

༈ ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ཧྲཱིཿསྣང་སྲིད་རྣམ་དག་ལྷ་ཡི་དཀྱིལ་འཁོར་དུ། །སྒོ་གསུམ་རྡོ་རྗེར་སྨིན་ཅིང་གྲོལ་མཛད་པའི། །རིགས་ཀུན་ཁྱབ་བདག་རྒྱུད་ཀྱི་སྟོན་པ་པོ། །རྡོ་རྗེ་རྒྱལ་པོ་རྟག་ཏུ་ཞབས་བརྟན་གསོལ། །རྡོ་རྗེའི་ལུས་ལ་གཞོམ་མེད་གསང་གསུམ་གྱི། །བདེ་ཆེན་དཀྱིལ་འཁོར་མངོན་དུ་འབྱིན་པ་པོ། །རྡོ་རྗེ་ལུང་གི་བདག་པོར་ཆེ་བའི་མཆོག །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་ཞབས་བརྟན་གསོལ། །རང་རིག་འགྱུར་མེད་བདེ་བ་ཆེན་པོའི་དབྱིངས། །རྩོལ་མེད་ལམ་ནས་མངོན་སུམ་གསལ་མཛད་པའི། །རྫོགས་པའི་མན་ངག་ཟབ་མོ་གཉེར་འཛིན་པའི། །དཔལ་ལྡན་བླ་མ་སྲིད་མཐར་ཞབས་བརྟན་གསོལ། །རྒྱུད་གསུམ་བླ་མའི་ཞལ་སྐྱིན་རིན་པོ་ཆེ། །དུས་གསུམ་རྟག་པར་རྡོ་རྗེའི་སྐུར་བཞུགས་ནས། །བརྒྱུད་གསུམ་ཆོས་ཀྱི་རྒྱལ་མཚན་ཆེན་པོ་གང་། །ས་གསུམ་ཁྱབ་པར་རྟག་ཏུ་བསྒྲེང་གྱུར་ཅིག །ཅེས་པའང་རབ་ཚེས་ས་བྱི་ཟླ་༣ཚེས་༧ལ་འཇམ་དཔལ་དགྱེས་པའི་རྡོ་རྗེས་གང་ཤར་བྲིས་པ་ཚུལ་འདིས་དོན་དང་ལྡན་པའི་བསྟན་འཛིན་རྣམས་ལ་ཚིག་འདིས་གསོལ་བ་བཏབ་པ་ཙམ་གྱིས་ཞབས་པད་བསྐལ་བརྒྱར་བརྟན་པའི་རྟེན་འབྱུང་དང་དགེ་ལེགས་རྒྱ་ཆེན་པོ་འཕེལ་ལོ།། །།༈ རྒྱལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱལ་བས་ཡོངས་སྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱལ་དབང་པདྨའི་རིང་ལུགས་སྔ་འགྱུར་པའི། །རྒྱལ་བསྟན་ཉིན་མོར་རྒྱས་པའི་བཀྲ་ཤིས་ཤོག །༈ སྔ་འགྱུར་བསྟན་པ་རྒྱ་མཚོའི་འཁོར་ལོའི་མགོན། །འགྲོ་ལ་ཐེག་མཆོག་སྒྲ་སྒྲོག་ཀློང་ཆེན་པ། །དོན་ཀུན་གྲུབ་པ་འཇིགས་མེད་གླིང་པ་ཡི། །བསྟན་པ་འཕེལ་རྒྱས་ཡུན་རིང་གནས་གྱུར་ཅིག །

ཚེ་ཐར་སྲོག་འཚོའི་ལྗོན་ཤིང།

༄༅། །ཚེ་ཐར་བྱེད་ཐབས་སྲོག་འཚོའི་ལྗོན་ཤིང་བཞུགས་སོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིགསྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིགསྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིགཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ལན་གསུམ། ༈ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང༌། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླངས་ལ། གཟེངས་བསྟོད་ཅིང་དགའ་བ་བསྒོམ་པ་ནི། །དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། སྨོན་ལམ་གྱི་རིམ་པ་ནི། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །༈ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་བ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཥྩི་ཏ་ཏེ་ཛོ་རྭ་ཛཱ་ཡ། ཏ་ཐ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐ་པུནྱེ་པུནྱེ་མ་ཧཱ་པུནྱེ། ཨ་པ་རི་མི་ཏ་པུནྱེ་ཨ་པ་རི་མི་ཏ་པུནྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ༀ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སཾ་བྷཱ་ཝ་བི་ཤུདྡྷེེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཨོཾ་ཨ་མ་ར་ཎི་ཛི་ཝན་ཏི་ཡེ་སྭཱ་ཧཱ། གྲངས་མང་བསགས། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱིས་ཚེ་ཡང་འཕེལ་པར་འགྱུར། །ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཚུལ་ཁྲིམས་སྟོབས་ཀྱིས་ཚེ་ཡང་འཕེལ་བར་འགྱུར། །བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བཟོད་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། བཟོད་པའི་སྟོབས་ཀྱིས་ཚེ་ཡང་འཕེལ་བར་འགྱུར། །བརྩོན་འགྲུས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བརྩོན་འགྲུས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བརྩོན་འགྲུས་སྟོབས་ཀྱིས་ཚེ་ཡང་འཕེལ་པར་འགྱུར། །བསམ་གཏན་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བསམ་གཏན་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བསམ་གཏན་སྟོབས་ཀྱིས་ཚེ་ཡང་འཕེལ་པར་འགྱུར། །ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཤེས་རབ་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཤེས་རབ་སྟོབས་ཀྱིས་ཚེ་ཡང་འཕེལ་པར་འགྱུར། །འཁོར་བའི་སེམས་ཅན་གང་ཡང་རུང་། ཁྱེད་ཀྱི་མཚན་ཙམ་འཛིན་པ་ཡིས། །ཚེ་དང་ཡེ་ཤེས་སྩོལ་མཛད་པ། །ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་གྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོའི་མཆོག་གི་བློས་རྣམ་པར་རོལ་བ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོོ། ལན་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །སྔ་རབས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །སླད་ནས་འབྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། ཡིག་བརྒྱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཨོཾ་ཨཱཿཧཱུྃ་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱརྟུ་ཨཱཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ ཨོཾ་བཛྲ་སཏྭ་ས་མ་ཡཿ མ་ནུ་པཱ་ལ་ཡཿ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛཿ དྲ໏་ཌྷོ་མེ་བྷ་ཝཿ སུ་ཏོཥྱོ་མེ་བྷ་ཝཿ སུ་པོཥྱོ་མེ་བྷ་ཝཿ ཨ་ནུ་རཀྟོ་མེ་བྷ་ཝཿ སརྦ་སིངྔྷིམྨེ་པྲ་ཡཙྪཿ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃཿ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱནཿ སརྦ་ཏ་ཐཱ་ག་ཏཱ༔བཛྲ་མཱ་མེ་མུཉྩཿ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཨོཾ་བཛྲ་ས་ཏྭ་ཧཱུྃ། རྣམ་སྣང་གཟུངས། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏེ། པ་རི་ཤོ་དྷ་ནིརཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པ་བཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨཱ་ཨ་ཝ་ར་ཎ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། མི་འཁྲུགས་པའི་གཟུངས་ནི། ན་མོ་རཏྣ་ཏྲཱ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་ས་ཏྭ་ནན་ཙ་ཡེ་སྭཱ་ཧཱ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲིཿ བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གང་ནས་གང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ནས། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དེར་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་བས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །བཟང་སྤྱོད་སོགས་སྨོན་ལམ་འདོན།

འདི་ཕྱི་བར་དོ་གསུམ་གྱི་སྨོན་ལམ།

༄༅། །འདི་ཕྱི་བར་དོ་གསུམ་གྱི་སྨོན་ལམ་ཀུན་འདུས་བཞུགས་སོ། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྨོན་ལམ་ལ་མངའ་བརྙེས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཐུགས་རྗེས་བཟུང་དུ་གསོལ། སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་སུ་སྡིག་སྒྲིབ་ཐམས་ཅད་ད་ལྟ་ཉིད་དུ་བྱང་ཞིང་དག་པར་གྱུར་ཅིག ནང་གི་རྒྱུ་ཕྱིའི་རྐྱེན་བར་གྱི་མཚམས་སྦྱོར་ལ་སོགས་པ་དུས་གསུམ་གྱི་ལས་ངན་རྒྱུ་འབྲས་ས་བོན་བག་ལ་ཉལ་བ་དང་བཅས་པ་ཐམས་ཅད་ད་ལྟ་ཉིད་དུ་བྱང་ཞིང་དག་པར་གྱུར་ཅིག ཕྱིན་ཆད་ཀྱང་དམ་པའི་ཆོས་མ་བགྱིས་པའི་ལས་ལ་སྐད་ཅིག་ཙམ་ཡང་མི་འཇུག་པར་གྱུར་ཅིག བྱ་བ་དང་བྱེད་པ་ཐམས་ཅད་དཀར་པོ་དགེ་བའི་ལས་སུ་རང་བཞིན་གྱིས་འགྲུབ་པར་གྱུར་ཅིག བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་འབྱུང་བར་གྱུར་ཅིག སྣང་བ་ཐམས་ཅད་ཡི་དམ་ལྷ་རུ་འཆར་བར་གྱུར་ཅིག བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བར་གྱུར་ཅིག མདོ་སྔགས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་གོ་བར་གྱུར་ཅིག འཆི་བ་སྙིང་ནས་དྲན་པར་གྱུར་ཅིག ལས་རྒྱུ་འབྲས་ཀྱི་གནད་གོ་བར་གྱུར་ཅིག སྐྱིད་སྡུག་གི་བྱ་བ་ཐམས་ཅད་རྨི་ལམ་ལྟ་བུར་གོ་བར་གྱུར་ཅིག ཚེ་འདི་ལ་ནད་དང་སྡུག་བསྔལ་རྐྱེན་ངན་བར་ཆད་ཀྱི་དབང་དུ་མི་འགྲོ་བར་གྱུར་ཅིག ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་དམ་པའི་ཆོས་སུ་འགྲོ་བར་གྱུར་ཅིག རྒྱུ་ཟས་ནོར་ལོངས་སྤྱོད་ཕྱུག་རྫས་ཐམས་ཅད་ཞིང་དག་པའི་གནས་སུ་འགྲོ་བར་གྱུར་ཅིག དུས་མ་ཡིན་པར་འཆི་བའི་དབང་དུ་མི་འགྲོ་བར་གྱུར་ཅིག གལ་ཏེ་དུས་ལ་བབ་ཏེ་འཆི་བའི་ཚེ་ན་གནད་གཅོད་གྱི་སྡུག་བསྔལ་སྤུ་ཙམ་ཡང་མེད་པར་གྱུར་ཅིག དྲན་པ་གསལ་ཞིང་རང་དབང་ཐོབ་ནས་སེམས་དགའ་སྤྲོ་དང་བཅས་ཏེ་འཆི་བར་གྱུར་ཅིག དེའི་ཚེ་ན་བླ་མ་ལྷ་ཡི་བསུ་མ་དང་བཅས་ཏེ་དག་པའི་སྣང་བ་དཔག་ཏུ་མེད་པ་འཆར་བ་གྱུར་ཅིག བར་དོ་ན་རང་ངོ་རང་གིས་ཤེས་པར་གྱུར་ཅིག འོད་ཐམས་ཅད་རང་འོད། སྒྲ་ཐམས་ཅད་རང་སྒྲ། གཟུགས་ཐམས་ཅད་རང་གཟུགས། ཕྱི་ནང་མེད་པར་དབྱེར་མེད་འོད་ཀྱི་ལུས་ཀློང་དུ་གྲོལ་བར་གྱུར་ཅིག དེའི་དུས་སུ་བླ་མའི་གདམས་ངག་དྲན་པར་གྱུར་ཅིག ཡི་དམ་ལྷ་ཡི་བསྐྱེད་རིམ་གསལ་བར་གྱུར་ཅིག ལུས་འོད་ལུས་སེམས་ཆོས་སྐུ་བར་དོ་ལོངས་སྤྱོད་རྫོགས་སྐུ་སྒྱུ་མའི་སྐུར་སངས་རྒྱས་པར་གྱུར་ཅིག གལ་ཏེ་འཁྲུལ་སྣང་གི་དབང་གིས་ལམ་གཞན་དུ་འཁྱོག་པར་གྱུར་ན་མངལ་གྱི་སྒོ་འགག་པར་གྱུར་ཅིག རང་རིག་ཡེ་ཤེས་ངོ་ཟིན་པར་གྱུར་ཅིག སྐྱབས་གནས་བླ་མ་དྲན་པར་གྱུར་ཅིག དེ་ལས་ཀྱང་རང་དབང་མ་ཐོབ་ནས་ལས་རླུང་གི་དེད་པར་གྱུར་ན་ཕ་མ་འབྱོར་ལྡན་དམ་པའི་ཆོས་དང་མཐུན་པའི་བུ་རུ་སྐྱེ་བར་གྱུར་ཅིག དེ་ཡང་དལ་འབྱོར་གྱི་ལུས་དཀར་པོ་དགེ་བའི་ཆོས་དང་ཕྲད་པར་གྱུར་ཅིག ཆུང་ནས་གཞོན་ནུ་སོགས་རབ་བྱུང་ཚུལ་ཁྲིམས་རྣམ་པར་དག་པ་གྱུར་ཅིག མདོ་རྒྱུད་མན་ངག་ཐམས་ཅད་རང་བཞིན་གྱིས་གོ་བར་གྱུར་ཅིག ཕྱི་འདུལ་བ་དང་ནང་བྱང་སེམས་གསང་བ་སྔགས་ཀྱི་སྣོད་དུ་གྱུར་ནས་དངོས་པོ་གང་ལ་ཡང་མི་ཆགས་པ་ཚེ་དང་སྒྲུབ་པ་མཉམ་པར་གྱུར་ཅིག སྒྲུབ་པ་ལ་བར་ཆད་མི་འབྱུང་བར་གྱུར་ཅིག མངོན་ཤེས་དང་རྫུ་འཕྲུལ་སོགས་གྲུབ་རྟགས་ལ་མངའ་བརྙེས་པར་གྱུར་ཅིག མཐོང་ཐོས་དྲན་རེག་གི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་སྣང་བ་དམ་པའི་ཆོས་ལ་བསྒྱུར་ནུས་པར་གྱུར་ཅིག ལས་བཟང་ངན་གྱི་འབྲེལ་བ་ཡོད་ཚད་སྨིན་གྲོལ་ལ་འགོད་ནུས་པར་གྱུར་ཅིག བསྟན་པ་དང་འགྲོ་བ་དཔལ་ལྡན་བླ་མར་གྱུར་ནས་ཕྲིན་ལས་རྒྱ་ཆེ་ཞིང་དཔང་མཐོ་བར་གྱུར་ཅིག སྙན་པ་དང་གྲགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཅིག འདས་པའི་ཚེ་ན་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར་ཅིག ཡང་ན་འཇའ་ལུས་འོད་ཕུང་དུ་གྲོལ་བར་གྱུར་ཅིག དེ་དག་ལས་བྱུང་བའི་དགེ་བ་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྨིན་ཅིང་ཁྱབ་པར་གྱུར་ཅིག །ཀུན་བཟང་རྡོ་རྗེ་འཆང་ཆེན་མན་ཆད་ནས། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་ཀྱིས། །འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གཞན་འགྲུབ་པར་ཤོག །ཅེས་འདི་ཕྱི་བར་དོ་གསུམ་གྱི་སྨོན་ལམ་ཀུན་འདུས་འཇའ་ལུས་འོད་ཕུང་ཞེས་བྱ་བ་འདི་ནི་གཏེར་སྟོན་འཇའ་ཚོན་སྙིང་པོའི་མཛད་པའོ། དགེའོ། །མངྒ་ལཾ། །

ལུས་སྦྱིན་མགོར་གསོལ་འདེབས།

༈ ལུས་སྦྱིན་ལ་འཇུག་པ་ནི། སྐུ་གསུམ་བཀའ་བརྒྱུད་ཀྱི་ངོ་བོ། །ཡོངས་འདུས་ཡིད་བཞིན་གྱི་ནོར་བུ། །རྩ་བའི་བླ་མ་དེ་མཁྱེན་ནོ། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ཅིག །རྒྱལ་བ་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོ། །འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས་ཤིག །སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །མཁྱེན་བརྩེ་ནུས་པའི་བདག་ཉིད། །དྲིན་ཅན་མཚོ་སྐྱེས་རྡོ་རྗེ། །སྙིང་ནས་གསོལ་བ་འདེབས་སོ། །རྟག་ཏུ་དབྱེར་མེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས་ཤིག །ལན་གསུམ། ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །༈ སྐྱབས་འགྲོ་སེམས་བསྐྱེད་དང་བླ་བརྒྱུད་གསོལ་འདེབས་གོང་དུ་སོང་ནས། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པ་ལ་གསོལ་བ་འདེབས། །འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །འབྱུང་གཞིས་བསྡུས་པའི་སྒྱུ་ལུས་ལ། །གཅེས་འཛིན་བྲལ་བར་བྱིན་གྱིས་རློབས། །འགལ་རྐྱེན་ནད་གདོན་བར་ཆད་ལ། །རོ་སྙོམས་ནུས་པར་བྱིན་གྱིས་རློབས། །སྣང་སྲིད་སེམས་ཀྱི་ཆོས་འཕྲུལ་ལ། །རང་ངོ་ཤེས་པར་བྱིན་གྱིས་རློབས། །རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །རང་དབང་ཐོབ་པར་བྱིན་གྱིས་རློབས། །སྤྱིར་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྒྱུ་གཉིས་འཛིན་དྲི་མ་ཀུན་སྤངས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཕཊཿཕཊཿཕཊཿ ཞེས་པའང་རྗེ་རང་བྱུང་རྡོ་རྗེས་སོ། །ཕཊཿརང་ཉིད་སྐད་ཅིག་གིས་གསང་བ་ཡེ་ཤེས་པའི་ཁྲོས་མ་ནག་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་བསྒྲད་ཅིང་མཆེ་བ་བཞི་གཙིགས་པ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་དམར་ལྷབ་ལྷབ་ཏུ་རྡེབ་པ། གཡོན་མཆོག་ཆེན་གྱི་རྐང་ཀླིང་ཙིར་ཙིར་འབུད་པ། གྲུ་མོར་ཁ་ཊཾ་ཀ་བརྟེན་ཅིང་སྤྱི་བོར་ཕག་ཞལ་ནག་པོ་འབྲུག་ལྟར་ངུར་བ། གར་དང་དུར་ཁྲོད་རོལ་བའི་ཆས་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་ཁམས་གསུམ་འཁོར་བ་གཡོ་ཞིང་འདར་ཏེ་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པའི་སྐུར་གསལ་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་དཔའ་བོ་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ར་ལུག་སྤྱང་ཀིའི་དེད་པ་བཞིན་བདས་ནས་དབང་དུ་འདུས་པ་གྱུར། དེ་ནས་ཟིལ་གནོན་ནི། ཕཊཿ རང་གི་སྙིང་ག་ནས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་སྲ་ཞིང་བརྟན་པ་ལྕི་ཞིང་འཐས་པ་འོད་ཟེར་མེ་དཔུང་འབར་བ་ཞིག་གཉན་སར་ཐོག་ལྟར་བབས་པས་དེར་གནས་ཀྱི་ལྷ་འདྲེ་དཔུང་དང་བཅས་པ་བྲོས་ཞིང་འཕྱར་བའི་དབང་མེད་པར་དཔའ་ཟིལ་ཆགས་ཏེ་གུས་འདུད་ཀྱི་ཕྱག་རྒྱ་དང་བཅས་པའི་ཟིལ་གྱིས་ནོན་པར་གྱུར། ཕཊཿཕཊཿཕཊཿ ཞེས་པ་འདི་ཉིད་འཇིགས་མེད་རྒྱལ་བའི་སྨྱུ་གུས་མཛད་པའོ། །

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས།

༂ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ། །དབྱིངས་ཕྱུག་བདེ་ཆེན་མཚོ་རྒྱལ་མ་ལ་ཕྱག་འཚལ་ལོ༔ རང་བཞིན་རྫོགས་པ་ཆེན་པོ་ནི༔ ཉག་གཅིག་རྩད་ནས་གཅོད་པའི་ཕྱིར༔ གཅོད་བྱ་གཅོད་བྱེད་ལས་འདས་ཀྱང༔ སྤྲོས་པ་ཅན་གྱི་གང་ཟག་དང༔ བརྟུལ་ཞུགས་སྤྱོད་པ་ལམ་སློང་ཕྱིར༔ ཕུང་པོ་གཟན་བསྐྱུར་མན་ངག་བསྟན༔ དེ་ལ་མཁོ་བའི་ཡོ་བྱད་ནི༔ དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིར༔ སྡེར་བཞི་མ་ཉམས་གཅན་གཟན་ལྤགས༔ ལྟ་བ་ཡས་འབུབས་ཅོག་པུ་དང༔ སྤྱོད་པ་མས་འཛེགས་ཁ་ཊྭཱཾ་ཀ༔ ལྷ་འདྲེ་དབང་བསྡུད་མཆོག་ཆེན་རྐང༔ སྣང་བ་ཟིལ་གནོན་ཌཱ་མ་རུ༔ མ་ཚོགས་དབང་སྒྱུར་དྲིལ་གཡེར་དང༔ སྟག་གཟིག་རས་མ་སྐྲའི་ཅོད་པན༔ མདོར་ན་བརྟུལ་ཞུགས་སྤྱོད་པ་ལ༔ འོས་པའི་ཆས་རྣམས་སྟ་གོན་བྱ༔ དེ་ནས་ས་གནད་གཉན་དམིགས་སུ༔ ཕོ་ཚོད་ལྷ་འདྲེར་བརྙས་སེམས་དང༔ ཆོས་བརྒྱད་བསམ་པས་མ་ཡིན་པར༔ ཚད་མེད་བཞི་ཡིས་དཔའ་གདེང་བསྐྱེད༔ སྣང་བ་གང་ཤར་ཐོག་བརྫིས་བྱ༔ དེ་ཚེ་ཟིལ་གནོན་དམིགས་པ་ཡིས༔ མ་གཅུན་དགྲ་ལ་བྱ་ཤོར་མཚུངས༔ དེ་ཕྱིར་རིག་པ་བརྟུལ་ཞུགས་དང༔ ཕཊ་ཅེས་རང་གི་སྙིང་ག་ནས༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་པ༔ སྲ་བརྟན་ལྕི་ཞིང་འཐས་པ་ལ༔ འོད་ཟེར་མེ་དཔུང་འབར་བ་ཞིག༔ གང་དམིགས་གཉན་སར་ཐོག་ལྟར་ཕོབ༔ དེར་གནས་ལྷ་འདྲེ་དཔུང་དང་བཅས༔ འབྲོས་ཤིང་འཁྱར་བའི་དབང་མེད་པརཿ དཔའ་ཟིལ་ཆག་སྟེ་གནས་པར་བསམཿ དེ་ནས་ཚུལ་འཆོས་ངོ་ཚ་སོགསཿ ཐ་མལ་འཁུ་འཕྲིགས་བློ་སྤངས་ལཿ བརྟུལ་ཞུགས་ངར་མའི་གདེང་ལྡན་པས༔ འགྲོ་ལུགས་རྣམ་པ་བཞི་དག་ལསཿ ལྟ་བའི་གདེང་འགྲོས་ཤུགས་ཀྱིས་འགྲོ༔ དེ་ཡང་སྣང་སྲིད་ལྷ་འདྲེ་དང༔ གནས་གདོན་ལམ་འདྲེ་འཁྱམ་པོ་ཀུན༔ བཀུགས་ནས་ར་ལུག་བདས་པ་བཞིན༔ གཉན་སར་རང་དབང་མེད་པར་གཅུར༔ གནས་དེར་སླེབས་མ་ཐག་ཉིད་དུ༔ དྲག་ཤུལ་འབར་བའི་སྟངས་སྟབས་ཀྱིས༔ ལྷ་འདྲེ་ཀུན་གྱི་རྐང་པ་ནས༔ བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར༔ དབང་ཆེན་བཞི་ལ་བརྡབས་པར་བསམ༔ ཅོག་པུ་སྟན་བཅས་ཤུགས་ཀྱིས་བསྒྱུར༔ ལྷ་འདྲེ་ཇི་ལྟར་དབྱིངས་ཆེ་ཡང༔ མི་ལྷོངས་མི་སྲིད་ཟི་ཁོལ་འགྲོ༔ རྣལ་འབྱོར་བརྟུལ་ཞུགས་ཆུང་གྱུར་ན༔ རིམ་པས་བློ་དང་སྦྱར་ཏེ་བྱ༔ དེ་ནས་རང་ཉིད་སྐད་ཅིག་གིས༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ ཆེ་ཆུང་སྲིད་པའི་གཏོས་དང་མཉམ༔ རྣལ་འབྱོར་རྫོགས་པའི་སྐུར་བསྐྱེད་ལ༔ མི་རྐང་གླིང་བུ་དྲག་ཏུ་འབུད༔ ལྟ་བའི་ངར་བསྐྱེད་བྲོ་བརྡུང་བྱ༔ ཕཊ༔ འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ངས༔ འཁོར་འདས་མཉམ་པར་བརྡལ་བའི་དགོངས་སྤྱོད་ཀྱིས༔ བདག་འཛིན་ལྷ་འདྲེའི་སྟེང་དུ་བྲོ་ཞིག་བརྡུང༔ གཉིས་འཛིན་འཁོར་བའི་རྣམ་རྟོག་རྡུལ་དུ་རློག༔ རྩ་བརྒྱུད་རིག་འཛིན་བླ་མ་བྲོ་ལ་བྱོན༔ ཡི་དམ་དཔའ་བོ་རྒྱ་མཚོ་བྲོ་ལ་བྱོན༔ མཁའ་འགྲོ་གནས་ཉུལ་མ་ཚོགས་བྲོ་ལ་བྱོན༔ བརྟུལ་ཞུགས་ལམ་དུ་ལྷོངས་པར་བྱིན་གྱིས་རློབས༔ ཕཊ༔ ཤར་ཕྱོགས་ལུས་འཕགས་གླིང་དུ་བརྡུངས་ཙ་ན༔ དཔའ་བོ་མཁའ་འགྲོའི་བྲོ་ར་ཟླུམ་ལ་འཁྱིལ༔ ཞེ་སྡང་རྒྱལ་པོའི་མགོ་ལ་ཆེམས་སེ་ཆེམ༔ མེ་ལོང་ཡེ་ཤེས་གླིང་བུ་ཀྱུ་རུ་རུ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ༔ ལྷོ་ཡི་འཛམ་བུ་གླིང་དུ་བརྡུངས་ཙ་ན༔ དཔའ་བོ་མཁའ་འགྲོའི་བྲོ་ར་ཟུར་གསུམ་དབལ༔ ང་རྒྱལ་གཤིན་རྗེའི་མགོ་ལ་ཆེམས་སེ་ཆེམ༔ མཉམ་ཉིད་ཡེ་ཤེས་ཐོད་རྔ་ཁྲོ་ལོ་ལོ༔ ཧཱུྃ་ཧཱུྃ་ཧཱུྃཿ ཕཊ༔ ནུབ་ཀྱི་བ་ལང་སྤྱོད་ལ་བརྡུང་ཙ་ན༔ དཔའ་བོ་མཁའ་འགྲོའི་བྲོ་ར་ཟླ་གམ་འཁྱིལ༔ འདོད་ཆགས་སྲིན་མོའི་མགོ་ལ་ཆེམས་སེ་ཆེམ༔ སོར་རྟོགས་ཡེ་ཤེས་དྲིལ་གཡེར་ཁྲོ་ལོ་ལོ༔ ཧཱུྃ་ཧཱུྃ་ཧཱུྃཿ ཕཊ༔ བྱང་གི་སྒྲ་མི་སྙན་ལ་བརྡུངས་ཙ་ན༔ དཔའ་བོ་མཁའ་འགྲོའི་བྲོ་ར་གྲུ་བཞི་ལམ༔ ཕྲག་དོག་དམ་སྲིའི་མགོ་ལ་ཆེམས་སེ་ཆེམ༔ བྱ་གྲུབ་ཡེ་ཤེས་ཅོད་པཎ་པུ་རུ་རུ༔ ཧཱུྃ་ཧཱུྃ་ཧཱུྃཿ ཕཊ༔ དབུས་ཕྱོགས་ལྷུན་པོའི་རྩེ་རུ་བརྡུངས་ཙ་ན༔ དཔའ་བོ་མཁའ་འགྲོའི་བྲོ་ར་བྱིན་རེ་ཆགས༔ གཏི་མུག་ཤི་འདྲེའི་མགོ་ལ་ཆེམས་སེ་ཆེམ༔ ཆོས་དབྱིངས་ཡེ་ཤེས་ཧཱུྃ་གླུ་ཀྱུ་རུ་རུ༔ ཧཱུྃ་ཧཱུྃ་ཧཱུྃཿ ཕཊ༔ ཅེས་བརྡུངས་ཤེས་པ་གཏད་མེད་བཏང༔ དེ་ནས་ཅོག་པུ་འབུབས་པ་ནི༔ གཞི་དེའི་ལྷ་འདྲེ་གདུག་པ་ཅན༔ གན་རྐྱལ་བསྒྱེལ་བའི་ཡན་ལག་ལྔར༔ གནམ་ལྕགས་ཕུར་བུ་བཏབ་པར་བསམཿ ཕཊཿ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མས༔ བྱམས་པ་ཆེན་པོའི་ཕུར་པ་ཁྱེར༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མས༔ སྙིང་རྗེ་ཆེན་པོའི་ཕུར་པ་ཁྱེར༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མས༔ དགའ་བ་ཆེན་པོའི་ཕུར་པ་ཁྱེར༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མས༔ བཏང་སྙོམས་ཆེན་པོའི་ཕུར་པ་ཁྱེར༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མས༔ བྱང་ཆུབ་སེམས་ཀྱི་ཕུར་པ་ཁྱེར༔ བདག་འཛིན་ལྷ་འདྲེའི་མགོ་བོ་དང༔ ལྷུ་ཚིགས་བཞི་ལ་བཏབ་པ་ཡིས༔ གཡོ་མགུལ་མེད་པར་གནས་པར་གྱུར༔ ཕཊ༔ ཅེས་བརྗོད་བདག་གཞན་ལྷ་འདྲེ་གསུམ༔ གང་དུ་མི་དམིགས་མཉམ་པར་བཞག༔ དེ་ནས་ལྷ་འདྲེ་ངོས་ཟིན་ནས༔ ལུས་སྦྱིན་དངོས་ལ་འཇུག་པ་ནི༔ ཕཊ༔ རང་སྣང་འོད་གསལ་བདེ་བ་ཆེན་པོའི་དབྱིངས༔ འབད་རྩོལ་སྤྲོས་པ་བྲལ་བའི་ནམ་མཁའ་ལ༔ རྩ་བའི་བླ་མ་དྲུག་པ་རྡོ་རྗེ་འཆང༔ དགོངས་བརྡ་སྙན་བརྒྱུད་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་གཏིབས༔ མ་འགགས་འཇའ་ཚོན་ཐིག་ལེའི་ཀློང་དུ་གསལ༔ ཞེས་པས་ཚོགས་ཞིང་གསལ་བཏབ་ལ༔ ལྷ་འདྲེས་གཙོ་བྱས་སེམས་ཅན་ཀུན༔ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོར་དམིགས༔ ཕཊ༔ རང་བྱུང་གི་རིག་པ་བཅོས་མེད་འདི༔ སྐྱབས་ཡུལ་གྱི་ངོ་བོར་མ་རིག་པས༔ སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པ་རྣམས༔ སྐུ་གསུམ་གྱི་དགོངས་པས་བསྐྱབ་ཏུ་གསོལ༔ ལན་གསུམ་དེ་ནས་སེམས་བསྐྱེད་ནི༔ ཕཊ༔ སྣང་བ་ལ་དངོས་པོར་འཛིན་པའི་སེམས༔ བརྟུལ་ཞུགས་ཀྱི་སྤྱོད་པས་ཚར་བཅད་ནས༔ ཡང་དག་གི་གནས་ལུགས་རྟོགས་བྱའི་ཕྱིར༔ རེ་དོགས་དང་བྲལ་བར་སེམས་བསྐྱེད་དོ༔ དེ་ནས་མཎྜལ་ནི༔ ཁོག་པ་རི་རབ༔ ཡན་ལག་གླིང་བཞི༔ ཉིང་ལག་གླིང་ཕྲན༔ མགོ་བོ་ལྷ་གནས༔ མིག་གཉིས་ཉི་ཟླ༔ དོན་སྣོད་ལྷ་མིའི་དཔལ་འབྱོར་དུ་བསམས་ལ༔ ཕཊ༔ གཅེས་འཛིན་གྱི་ཕུང་པོ་སྒྱུ་མའི་ལུས༔ མཎྜལ་གྱི་ཚོམ་བུར་རབ་བཀོད་ནས༔ ཚོགས་ཞིང་གི་ལྷ་ལ་ལྟོས་མེད་འབུལ༔ བདག་འཛིན་གྱི་རྩ་བ་ཆོད་པར་ཤོག༔ ཕཊ༔ དེ་ནས་བླ་མའི་རྣལ་འབྱོར་ནི༔ ཕཊ༔ དབྱིངས་ཟག་མེད་ཆོས་སྐུའི་ནམ་མཁའ་ལ༔ མདངས་འཇའ་ཟེར་ཐིག་ལེར་འཁྲིགས་པའི་དབུས༔ ཕ་དུས་གསུམ་ཀུན་མཁྱེན་པདྨ་འབྱུང༔ ཚུལ་བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀཿ མ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ སྐུ་མཚན་དཔེའི་གཟི་བྱིན་ཏ་ལ་ལ༔ གསུང་གང་འདུལ་ཆོས་སྒྲ་འུ་རུ་རུ༔ ཐུགས་འོད་གསལ་རྡོ་རྗེ་སྙིང་པོའི་ངང༔ བུ་མོས་གུས་དྲག་པོས་གསོལ་བ་འདེབས༔ ཕྱི་རྣམ་རྟོག་དགྲར་ལངས་ལྷ་འདྲེའི་གཟུགས༔ ནང་རེ་དང་དོགས་པའི་གཉིས་འཛིན་སེམས༔ བར་སྣང་བ་སྣ་ཚོགས་རྐྱེན་ངན་ཀུན༔ ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱིས༔ དུས་ད་ལྟ་སྟན་ཐོག་འདི་རུ་ཆོད༔ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པ་རུ༔ ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབས༔ ཕཊ༔ ཕཊ༔ ཕཊ༔ ཅེས་བརྗོད་ཚོགས་ཞིང་རང་ལ་བསྟིམ༔ གཉིས་མེད་ངང་དུ་མཉམ་པར་བཞག༔ ཕཊ༔ དེ་ནས་བག་ཆགས་སྙིགས་མའི་ལུས༔ ཚོ་ཞིང་སྣུམ་ལ་གཏོས་ཆེ་བའི༔ དབུས་ནས་དྭངས་མའི་རིག་པ་ནི༔ ཁྲོས་མའི་རྣམ་པར་ཕཊཿཅེས་དབྱེ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ དེ་ཡིས་རང་ལུས་ཐོད་པ་ཕྲལ༔ སྟོང་གསུམ་ཁྱབ་པའི་མི་མགོ་ཡི༔ སྒྱེད་པུ་གསུམ་གྱི་ཁར་བཞག་ནང༔ འབྱུང་ལུས་ཚོགས་སུ་བཤམས་པ་དེ༔ འབྲུ་གསུམ་འོད་ཀྱིས་བདུད་རྩིར་སྦར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཅི་མང་བརྗོད་པས་སྦྱང་སྤེལ་བསྒྱུར༔ ཁྲ་བོར་འགྱེད་ན་དེ་ཉིད་ལས༔ སྐྱེད་ཚལ་ཟས་གོས་སྨན་ལ་སོགས༔ ཡིད་ལ་ཅི་འདོད་ངོ་བོར་སྦར༔ དམར་འགྱེད་རང་ཉིད་ཁྲོས་ནག་མས༔ སྙིགས་མའི་ལུས་ཀྱི་པགས་པ་བཤུས༔ སྟོང་གསུམ་ཁྱབ་པར་བཀྲམ་པའི་སྟེང༔ གཟུགས་ཕུང་ཤ་ཁྲག་ཕུང་པོར་སྤུངས༔ ཤན་པའི་མདུན་ས་ལྟ་བུར་བསམ༔ ནག་འབྱེད་བདག་གཞན་སེམས་ཅན་གྱི༔ ཐོག་མེད་ནས་བསགས་ནད་གདོན་དང༔ སྡིག་སྒྲིབ་ཐམས་ཅད་ནག་བུན་གྱིས༔ བསྡུས་ཏེ་གཟུགས་ཕུང་ལ་བསྟིམ་པས༔ ལྷ་འདྲེས་ཟོས་པས་ཁོ་ཡི་ལུས༔ སོལ་བ་ལྟ་བུར་གྱུར་པར་བསམ༔ མཆོད་སྦྱིན་མགྲོན་རྣམས་འདི་ལྟར་འབོད༔ ཕཊ༔ མཆོད་ཡུལ་རྩ་གསུམ་དམ་ཅན་ནས༔ སྡེ་བརྒྱད་འབྱུང་པོས་གཙོ་བྱས་པའི༔ སྦྱིན་ཡུལ་ལན་ཆགས་འདྲེ་གདོན་ཡན༔ བརྟུལ་ཞུགས་སྤྱོད་པའི་གནས་འདིར་བྱོན༔ དེ་རིང་འཇིགས་མེད་རྣལ་འབྱོར་ངས༔ འཁོར་འདས་ཤན་འབྱེད་སྒྱུ་མའི་ལུས༔ སྟོང་གསུམ་ཁྱོན་ཡངས་ཀ་པཱ་ལར༔ བམ་ཆེན་ཚོགས་ཀྱི་འཁོར་ལོར་བཤམས༔ ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར༔ འདོད་དགུར་འཆར་བའི་ཆོ་འཕྲུལ་ཅན༔ གཅེས་འཛིན་མེད་པར་འབུལ་ལགས་ཀྱིས༔ སྟོན་ཆེན་མགྲོན་ལ་གཤེགས་སུ་གསོལ༔ མཆོག་ཆེན་ཐོད་རྔ་སྐད་རེ་གསངས༔ ཞིང་ཆེན་གཡང་གཞི་བརྗིད་རེ་ཆེ༔ མི་རྐང་གླིང་བུ་གདངས་རེ་སྙན༔ དྲིལ་གཡེར་ཅོད་པན་དངས་རེ་སྤྲོ༔ བྱ་རྒོད་ཤ་ལ་འཐིབས་པ་བཞིན༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཕཊ༔ དེ་ནས་འབུལ་ཞིང་བསྔོ་བ་ནི༔ ཕཊ༔ གདོད་མའི་མགོན་པོ་མན་ཆད་ནས༔ རྩ་བའི་བླ་མ་ཡན་ཆད་ཀྱི༔ བརྒྱུད་གསུམ་རིག་འཛིན་བླ་མ་དང༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ བམ་ཆེན་བདུད་རྩིའི་མཆོད་པ་འབུལ༔ ལྷ་འདྲེས་གཙོ་བྱས་བདག་གཞན་གྱི༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང༔ བརྟུལ་ཞུགས་འགྲོ་དོན་མཐར་ཕྱིན་ནས༔ སྣང་བ་འོད་གསལ་སྒྱུ་མར་འབྱོངས༔ ཡ་ང་བག་ཚ་ཆོས་སྐུར་གྲོལ༔ ཧེ་རུ་ཀ་ལྟར་བྱིན་གྱིས་རློབས༔ ཕཊ༔ འཇིག་རྟེན་འདས་དང་མ་འདས་ཀྱི༔ སྡེ་བརྒྱད་འབྱུང་པོ་མི་མ་ཡིན༔ ལོག་འདྲེན་ཤ་ཟའི་གདོན་ཚོགས་ལ༔ སྟོང་གསུམ་ཁྱབ་པའི་ཞིང་ལྤགས་སྟེང༔ ཤ་ཁྲག་རུས་པའི་ཕུང་པོར་འབུལ༔ བདག་ཏུ་འཛིན་ན་ང་རེ་ཞན༔ སྤྱོད་དུ་མ་ནུས་ཁྱོད་རེ་ལན༔ རིངས་ན་རྗེན་པར་ཁྱུར་མིད་ཐོང༔ ལྷོད་ན་དུམ་བུར་ཚོས་ལ་ཟོ༔ རྡུལ་ཕྲན་ཙམ་ཡང་མ་བཞག་ཅིག༔ ཕཊ༔ འཁོར་ཚེ་ཐོག་མ་མེད་པ་ནས༔ ཤ་འཁོན་ཆགས་པའི་ལན་ཆགས་དང༔ གློ་བུར་ལྷགས་པའི་སྙིང་རྗེའི་མགྲོན༔ ཁས་ཞན་དབང་ཆུང་མ་ལུས་ལ༔ སོ་སོར་གང་ལ་ཅི་འདོད་ཀྱི༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ འབྲེལ་པ་ཐོགས་ཚད་སངས་རྒྱས་ཤིང༔ བུ་ལོན་ལན་ཆགས་བྱང་བར་ཤོག༔ ཕཊ༔ ཅེས་བརྗོད་ལྟོས་པ་མེད་པར་བྱིན༔ སྟོང་ཉིད་ངང་ལ་མཉམ་པར་བཞག༔ དེ་ཚེ་ལུས་ལ་གཅེས་འཛིན་དང༔ འཇིགས་སྣང་ཁུ་འཕྲིགས་བློ་སྐྱེས་ན༔ ལུས་ནི་ལྷ་འདྲེར་བྱིན་ནས་མེད༔ སེམས་ནི་གཞི་མེད་རྩ་བ་བྲལ༔ འདྲེ་བས་སངས་རྒྱས་ཉིད་ཀྱིས་ཀྱང༔ གཟིགས་པ་མེད་སྙམ་གདེང་བསྐྱེད་ལ༔ གང་ཤར་རང་ངོ་རྩ་བདར་བཅད༔ ཐོགས་བཅས་བདུད་དང་ཕྱི་རྐྱེན་འབྱུང་བ་དང་གཅན་གཟན་མི་རྒོད་སོགས་དང་ཆགས་སྡང་གི་རྣམ་རྟོག་སོགས། ཐོགས་མེད་བདུད༔ ནད་རྐྱེན་དགའ་སྡུག་སེམས་ཚིག་ལ་སོགས། དགའ་བྲོད་བདུད་དང་རང་མཐོང་བདེ་སྐྱིད་མངོན་རློམ་སོགས། བསྙིངས་བྱེད་བདུད༔ ཐེ་ཚོམ་དང་ཁུ་འཕྲིག་ལ་སོགས། ཕཊ༔ ཅེས་དབྱིངས་སུ་གཅོད་པ་ཡིན༔ དེ་ཡང་དུས་ཚོད་ལ་མཚོན་ན༔ ཐོ་རངས་ཚོགས་གཉིས་རྫོགས་པའི་ཕྱིར༔ དཀར་འགྱེད་བདུད་རྩིའི་ངོ་བོར་སྤར༔ ཉིན་གུང་ལན་ཆགས་འཇལ་བའི་ཕྱིར༔ ཁྲ་འགྱེད་གང་ལ་འཚམས་པར་བསྔོ༔ ནུབ་མོ་བརྟུལ་ཞུགས་ལམ་སློང་ཕྱིར༔ བདག་འཛིན་ཚར་གཅོད་དམར་འགྱེད་གཏོང༔ སྲོད་ལ་སྡིག་སྦྱོང་ནག་འགྱེད་བྱ༔ ཀུན་ཀྱང་འདུན་པ་བསྒྱུར་བ་སྟེ༔ གཙོ་བོར་དམིགས་པས་ཉམས་སུ་བླང༔ དེ་ཚེ་ཆོ་འཕྲུལ་ཅི་བྱུང་ཡང༔ ཉམས་དང་བྲལ་བའི་ལྟ་བས་གཅུན༔ གལ་ཏེ་རྣལ་འབྱོར་དབྱིངས་ཆུང་ནས༔ ལྷོངས་འཚུབས་འཆུན་པར་དཀའ་བ་འམ༔ ལྷ་འདྲེ་དབྱིངས་ཆེས་མ་ལྷོངས་ན༔ ཀེང་རུས་དཀར་པོའི་དམིགས་པ་བྱ༔ ཕཊཿ ཅེས་རང་ཉིད་སྐད་ཅིག་གིས༔ ཀེང་རུས་དཀར་པོ་མེ་འབར་བ༔ ཤིན་ཏུ་ཆེ་བ་ལས་བྱུང་བའི༔ མེ་ཡིས་སྟོང་གསུམ་འཇིག་རྟེན་དང༔ ཁྱད་པར་ལྷ་འདྲེའི་གནས་རྟེན་བསྲེགས༔ མཐར་ནི་ཀེང་རུས་མེ་དང་བཅས༔ འོད་ཡལ་སྟོང་པའི་ངང་ལ་བཞག༔ འགོ་ནད་སྲུང་བ་ལ་ཡང་ཟབ༔ ཚར་ཚད་དུས་སུ་མ་བྱུང་དང༔ གནོད་འདྲེ་གདུག་པ་ཨར་གཏོད་ན༔ རིག་པ་ཁྲོས་མའི་སྐུར་གསལ་བས༔ སྙིགས་མའི་ལུས་ཀྱི་པགས་པ་བཤུས༔ སྟོང་གསུམ་ཁེངས་པའི་གཡང་གཞིའི་སྟེང༔ ཤ་རུས་གཅལ་དུ་བཀྲམ་པ་ལ༔ འདྲེ་གདོན་ཟས་ལ་གདུང་བའི་མོད༔ ཁྲོས་མས་གཡང་གཞི་འུབ་ཀྱིས་དྲིལ༔ སྦྲུལ་དང་རྒྱུ་མའི་ཞགས་པས་བསྡམས༔ ཀླད་ལ་བསྐོར་ཞིང་བརྡབས་པ་ཡིས༔ ཤ་མྱོག་རུས་མྱོག་དག་ཏུ་སོང༔ སྤྲུལ་པའི་གཅན་གཟན་དུ་མ་ཡིས༔ ལྷག་མ་མེད་པར་ཟོས་པར་བསམ༔ དབྱིངས་རིག་བསྲེས་ཏེ་མཉམ་པར་བཞག༔ དེས་ནི་ཚར་ཚད་ངེས་འབྱུང་ཞིང༔ འདྲེ་གདོན་གདུག་པ་ཚར་ཆོད་འགྱུར༔ ཀུན་ལ་གཅེས་འཛིན་བློ་སྤངས་ཏེ༔ ལྟ་བའི་གདེང་གིས་ཟིན་པ་གཅེས༔ དེ་ཚེ་ཚར་ཚད་འདྲ་བའི་ལྷོངས༔ ལྷོངས་ཚད་འདྲ་བའི་ཚར་ཚད་དང༔ གཉིས་ཀ་འདྲ་བའི་འདྲེས་མ་དང༔ འདྲེས་མ་འདྲ་བའི་བག་ཆགས་དང༔ ཚར་ལྷོངས་གཉིས་ཀ་མཐར་ཕྱིན་གྱི༔ རྟགས་རྣམས་ཉམས་དང་སྦྱར་ཏེ་སྤྱོད༔ དོན་ལ་བདག་མེད་ཀུན་བཟང་མོ༔ ཡུམ་ཆེན་ཤེས་རབ་ཕར་ཕྱིན་མའི༔ དགོངས་པ་ཀློང་དུ་གྱུར་ཙ་ན༔ གཅོད་ཡུལ་ལམ་དུ་ལོངས་པའོ༔ ས་མཱ་ཡ༔ རྗེས་ལ་བསྔོ་སྨོན་བྱ་བ་ནི༔ ཨཱཿ དགེ་དང་མི་དགེའི་རྟོག་ཚོགས་རང་གྲོལ་ལ༔ རེ་དང་དོགས་པའི་མཚན་མ་མི་དམིགས་ཀྱང༔ སྣང་ཆའི་རྟེན་འབྲེལ་བསླུ་མེད་དགེ་ཚོགས་རྒྱུན༔ ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ་བར་བྱ༔ ཕཊ༔ ཀུན་རྫོབ་ལུས་ཀྱི་སྦྱིན་པ་ལ་བརྟེན་ནས༔ བསྐལ་པར་བསགས་པའི་བུ་ལོན་ལན་ཆགས་བྱང༔ དོན་དམ་ཆོས་ཀྱི་སྦྱིན་པས་རྒྱུད་གྲོལ་ཚེ༔ བདག་གི་འདུས་པ་དང་པོར་སྐྱེ་བར་ཤོག༔ དེ་ཚེ་མ་བཅོས་རང་བཞག་གཉུག་མའི་དོན༔ མི་བསྲུན་ལྷ་འདྲེའི་རྒྱུད་ལ་སྐྱེས་ནས་ཀྱང༔ ངར་འཛིན་འཁྲུལ་བའི་རྗེས་སུ་མི་འབྲང་བར༔ བྱམས་དང་སྙིང་རྗེས་ཤེས་རྒྱུད་བརླན་པར་ཤོག༔ བདག་ཀྱང་བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནས༔ སྐྱིད་སྡུག་རོ་སྙོམས་འཁོར་འདས་ཆོས་སྐུར་འབྱོངས༔ ཕྱོགས་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་གྱིས༔ འཕྲིན་ལས་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག༔ ཅེས་བརྗོད་ལྟ་བའི་ངང་གདངས་བསྐྱངས༔ སྙིང་རྗེ་ཆེན་པོའི་རྩིས་ཟིན་པས༔ བདེ་སྡུག་གཏོང་ལེན་དམིགས་པ་དང༔ བདག་གི་བདེ་བ་ལྷ་འདྲེར་གཏོང་། ལྷ་འདྲེའི་སྡུག་བསྔལ་རང་གིས་བླངས། ཆོས་ཀྱི་སྦྱིན་པ་རྣམ་དག་བྱ༔ འབྲེལ་ཐོགས་བཟང་ངན་ཐར་ལམ་འགོད༔ ས་མཱ་ཡ༔ མ་མ་ཀོ་ལིང་ས་མནྟཿ ཆོས་རྣམས་ཐམས་ཅད་རྒྱུ་ལས་སོགས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་དང་། འབྱུང་པོ་གང་དག་སོགས་ཀྱི་ཤིས་བརྗོད་བྱའོ། །རྐང་གླིང་རྟ་ནི། ཨོཾ་སྙན་ལ་རིང་བ་བུང་བའི་སྐད་ལྟ་བུ། ཧཱུྃ་རྔམ་ལ་འཚེར་བ་རྟ་སྐད་ལྟ་བུ། ཏྲཱཾ་དྲག་ལ་གཏུམ་པ་སྟག་མོའི་ངར་སྐད་ལྟ་བུ། ཧྲཱིཿ འགྱུར་ལ་ལྡེམ་པ་དྲི་ཟའི་སྐད་ལྟ་བུ། ཨཱཿ འགྱུར་ལྡེམ་གོང་འདྲ་ནས་གཤམ་འདེགས་ཙམ་བྱེད་པ་ལ་ཌཱ་ཀིའི་སྒྱུག་གླུ་ཟེར༔ དགེའོ། ༈ །བསྔོ་བ་སྨོན་ལམ། ཕཊཿ ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོའི་འདི་ལྟར་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སྦྱིན་པ་རྒྱ་ཆེན་གྱུར་བ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བཞིན་སངས་རྒྱས་རྒྱུ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བ། །སྐྱེ་རྒུའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག ། ཕཊཿ ན་མོཿཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བར་ཆད་མེད་པར་ལམ་སྒོམ་ནས། །མ་ཡུམ་ཆེན་གྱི་གོ་འཕང་མྱུར་ཐོབ་ཤོག ། ཕཊཿ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། །སྤྱན་སྟོང་སྐལ་བ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གྲངས་མང་བརྗོད་མཐར། བདག་གི་ལུས་ཤ་ཁྲག་གི་མཆོད་སྦྱིན་འདི། ཁ་རག་པ་ཙམ་དང་། དྲི་ཚོར་བ་ཙམ་གྱིས་ན་བར་ཕན། ཤི་བ་སོས། རྒས་པ་དར། ཕོ་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག ལན་ཆགས་གདོན་བགེགས་དང་རིག་དྲུག་སྙིང་རྗེའི་མགྲོན་ཐམས་ཅད་མགྲོན་པོ་རང་ཁྱིམ་དུ་ལོག་པ་ལྟར་སོ་སོ་རང་རང་གི་གནས་སུ་སོང་བར་གྱུར་ཅིག འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། སརྦ་བུདྡྷ་གཙྪཿ གཅོད་ཡུལ་ཉམས་སུ་ལེན་པའི་གང་ཟག་ལ། །རང་སེམས་བདུད་དུ་མི་བལྟ་ཞིང། །སྙེམས་རྟོག་མ་ལུས་ཆོད་པར་ཤོག །བཟང་པོའི་ཡོན་ཏན་ཅི་བྱུང་ཡང་། །དེ་ལ་རློམས་སེམས་མེད་པར་ཤོག །ངན་པའི་རྣམ་རྟོག་ཅི་བྱུང་ཡང་། །དེ་ལ་སྙེམས་རྟོག་མེད་པར་ཤོག །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཉི་མ་ཤར་བ་ལྟར། །ཕྱོགས་རྣམས་ཀུན་ཏུ་ཁྱབ་གྱུར་ཅིག །ཕཊཿ ཕཊཿ ཕཊ གནས་གདོན་ལུས་གདོན་གཉིས་ཀྱི་ཐོག་དྲངས། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རང་རིག་པའི་ཡེ་ཤེས་ལ་རང་དབང་ཐོབ་པར་གྱུར་ཅིག སྣང་བ་རྒྱས་ཐེབས་པར་གྱུར་ཅིག །མཚན་མ་རང་སར་གྲོལ་བར་གྱུར་ཅིག །ཆོས་སྐུ་གཏིང་གསལ་གྱི་དོན་རྒྱུད་ལ་སྐྱེ་བར་གྱུར་ཅིག །ཀུན་བཟང་སྣང་མཐའ་པད་འབྱུང་མན་ཆད་དང་། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་ཀྱིས། །འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་དེང་འདིར་འགྲུབ་པར་ཤོག །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །

རྫོགས་པ་ཆེན་པོ་རྩ་བའི་ཉེ་བརྒྱུད།

རྫོགས་པ་ཆེན་པོ་རྩ་བའི་ཉེ་བརྒྱུད་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབསཿ ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབསཿ མྱུར་ལམ་འཕོ་བ་མཁའ་སྤྱོད་བགྲོད་པ་དང་ཿ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ སྤྲུལ་སྒོ་དགའ་རབ་རྡོ་རྗེ་ལ༴ ཟབ་ལམ་འཕོ་བ༴ མྱུར་ ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ རིག་འཛིན་ཤྲཱི་སིང་ཧ་ལ༴ ཟབ་ལམ་འཕོ་བཿ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ མཁས་པ་ཛྙཱ་ན་སུ་ཏྲ་ལ༴ ཟབ་ལམ་འཕོ་༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ པཎ་ཆེན་དྲི་མེད་བཤེས་གཉེན་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ ཨོ་རྒྱན་པདྨ་འབྱུང་གནས་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ ལོ་ཆེན་བཻ་རོ་ཙ་ན་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ རིག་འཛིན་འཇིགས་མེད་གླིང་པ་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ འཇིགས་མེད་རྒྱལ་བའི་མྱུ་གུ་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇར་ལུས་ཆོས་སྐུ༴ ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ ལུང་རྟོགས་བསྟན་པའི་ཉི་མ་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ རྒྱལ་སྲས་པདྨ་ལས་འབྲེལ་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ༴ དྲིན་ཅན་རྩ་བའི་བླ་མ་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ༈ རྫོགས་པ་ཆེན་པོ་རྩ་བའི་རིང་བརྒྱུད་ནིཿ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབསཿ ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབསཿ མྱུར་ལམ་འཕོ་བ་མཁའ་སྤྱོད་བགྲོད་པ་དང་ཿ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ རིག་འཛིན་ཤྲཱི་སིང་ཧ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ མཁས་པ་ཛྙཱ་ན་སུ་ཏྲ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ པཎ་ཆེན་བི་མ་མི་ཏྲ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ ཨོ་རྒྱན་པདྨ་འབྱུང་གནས་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ ཉང་བན་ཏིང་འཛིན་བཟང་པོ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ གནས་བརྟན་ལྗང་མ་ལྷན་རྒྱལ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ ལྕེ་བཙུན་སེངྒེ་དབང་ཕྱུག་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ སྤྲུལ་སྐུ་རྒྱལ་བ་ཞུང་སྟོན་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ གྲུབ་ཆེན་མཁས་པ་ཉི་འབུམ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ ཆོས་བདག་གུ་རུ་ཇོ་འབེར་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ འཁྲུལ་ཞིག་སེངྒེ་རྒྱབ་པ་ལ༴ ཟབ་ལམ མྱུར་ལམ༴ འཇའ་ལུས༴ གྲུབ་ཆེན་མེ་ལོང་རྡོ་རྗེ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ རིག་འཛིན་ཀུ་མ་རཱ་ཛ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ ཀུན་མཁྱེན་དྲི་མེད་འོད་ཟེར་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ རིག་འཛིན་འཇིགས་མེད་གླིང་པ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ འཇིགས་མེད་རྒྱལ་བའི་མྱུ་གུ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ རྒྱལ་སྲས་གཞན་ཕན་མཐའ་ཡས་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ མཁན་ཆེན་པདྨ་བཛྲ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ༴ ཟབ་ལམ༴ མྱུར་ལམ༴ འཇའ་ལུས༴ དྲིནཅན་རྩ་བའི་བླ་མ་ལ་གསོལ་བ་འདེབསཿ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བ༴ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔

འཕོ་བ་མ་སྒོམ་སངས་རྒྱས།

༄༅། །ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ འཕོ་བ་མ་བསྒོམས་སངས་རྒྱས་བཞུགས་སོ༔

ལྟ་བའི་ཀློང་ལ་ཕྱག་འཚལ་ལོཿ འོད་གསལ་རྫོགས་པ་ཆེན་པོའི་ལམཿ ཆོས་སྐུ་གཏད་མེད་རང་གྲོལ་ཏེཿ བཙན་ས་ཟིན་པའི་གང་ཟག་ནིཿ འཕོ་བྱ་འཕོ་བྱེད་ལས་འདས་ཀྱང་ཿ སྤྲོས་ཅན་མྱ་ངན་འདའ་དོན་དུཿ འཕོ་བ་མ་བསྒོམས་སངས་རྒྱས་བསྟནཿ སྔོན་འགྲོ་སྐྱབས་སེམས་སྤྱི་ལྟར་བྱཿ བདག་དོན་གཞན་དོན་གང་ལ་ཡང་ཿ ཚད་མེད་རྣམ་བཞིས་ཟིན་པ་གཅེསཿ དངོས་གཞི་རང་ལུས་རྣལ་འབྱོར་མཿ ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལྟརཿ ཨཿ རང་སྣང་ལྷུན་གྲུབ་བདེ་བ་ཅནཿ མཚན་ཉིད་ཡོངས་རྫོགས་ཞིང་གི་དབུསཿ རང་ཉིད་རྡོ་རྗེ་རྣལ་འབྱོར་མཿ གཅེར་མོ་བཞེངས་སྟབས་གྲི་ཐོད་ཅནཿ སྤྱན་གསུམ་ནམ་མཁའི་མཐོང་ལ་གཟིགསཿ དེ་ཡི་ཁོང་དབུས་རྩ་དབུ་མཿ སྦོམ་ཕྲ་མདའ་སྨྱུག་ཙམ་པ་ལ སྟོང་སངས་འོད་ཀྱི་སྦུ་གུ་ཅནཿ ཡར་སྣ་ཚངས་བུག་གནས་སུ་ཧརཿ མར་སྣ་ལྟེ་བར་ཟུག་པ་ཡིཿ སྙིང་ཁ་ཚིགས་ཀྱིས་བཅད་པའི་སྟེང་ཿ རླུང་གི་ཐིག་ལེ་ལྗང་སྐྱའི་དབུསཿ རིག་པ་ཧྲཱི་ཡིག་དམར་པོར་གསལཿ སྤྱི་བོའི་ཁྲུ་གང་ཙམ་གྱི་སྟེང་ཿ སངས་རྒྱས་སྣང་བ་མཐའ་ཡས་ནིཿ མཚན་དཔེ་རྫོགས་པའི་ཕུང་པོར་གསལཿ མོས་གུས་དྲག་པོས་གསོལ་བ་གདབཿ མཚན་བསྒྲགས་ནིཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ཞེས་ཅི་མང་བརྗོད་མཐརཿ གསོལ་འདེབས་ནིཿ ཨེ་མ་ཧོཿ གནས་རང་སྣང་དོན་གྱི་འོག་མིན་མཿ ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་ཿ སྐྱབས་ཀུན་འདུས་རྩ་བའི་བླ་མ་ནིཿ སྐུ་ཐ་མལ་མ་ཡིན་དྭངས་མའི་ལུསཿ དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགསཿ ཡིད་མོས་གུས་གདུང་བས་གསོལ་བ་འདེབསཿ ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབསཿ གནས་འོག་མིན་བགྲོད་པར་བྱིན་གྱིས་རློབསཿ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོགཿ ཅེས་པ་ལན་གསུམཿ ཡིད་མོས་གུས་ལན་གསུམཿ རྗེས་ལ་དབྱིངས་ཆོས་སྐུའི་སོགས་ལན་གསུམ་བརྗོདཿ ཤེས་པ་གཞན་དུ་མ་ཡེངས་པརཿ རྩེ་གཅིག་འདུན་པའི་ཞུར་ལ་དྲངསཿ རྐན་གྱི་སྦུབས་ནས་ཧྲཱིཿཧྲཱིཿཞེསཿ ལྔ་ཚར་ཕྲུགས་གཅིག་བརྗོད་པ་དང་ཿ ལྷན་ཅིག་སྟོད་གཅུམ་མགོ་བོ་སྒྲིམཿ དེ་ཚེ་རིག་པ་ཧྲཱིཿདམར་པོཿ ཤོག་སྐྱ་རླུང་གིས་བཏེགས་པ་བཞིནཿ ཡར་ཡར་འགྲོ་བའི་ངང་དེ་ལཿ ཕཊཿ ཅེས་དྲག་པོའི་མདའ་ལྟར་འཕངསཿ འོད་དཔག་མེད་པའི་ཐུགསཀར་བསྟིམཿ ཞེས་ཧྲཱིཿཧྲཱིཿཧྲཱིཿཧྲཱིཿ ལྔ་ཚར་བརྗོད་མཐརཿ ཧིཀཿཞེས་སོགས་ཡང་ཡང་བསྐྱར་བར་བྱའོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགསཿ བདུན་ནམ་གསུམ་གྱི་མཐརཿ འཕོ་བ་འཇའ་ཟུག་མཿ ཨེ་མ་ཧོཿ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོཿ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ དྲིན་ཅན་རྩ་བའི་བླ་མས་ཐུགས་རྗེས་བཟུང་ཿ རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངསཿ ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབསཿ མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབསཿ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐགཿ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབསཿ རྗེས་བདེ་བ་ཅན་དུ་ཞེས་པ་ལན་གསུམ་བྱ་ཞིང་ཿ སྤར་ཆོག་སོགས་སྔར་ལྟར་ཡང་ཡང་བསྐྱརཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་སྔར་ལྟར་དང་ཿ དེ་ནས་གསོལ་འདེབས་ནི། གནམ་ཆོས་འཕོ་བཿ ཨེ་མ་ཧོཿ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་ཿ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབཿ བདག་སོགས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབསཿ ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབསཿ བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེཿ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབསཿ ལན་གསུམཿ རྗེས་རྣམ་ཤེས་བདེ་ཆེན་ཞེས་པ་ལན་གསུམ་བྱ་ཞིང་ཿ སྤར་ཆོག་སོགས་སྔར་ལྟར་ལ་རྗེསཿ ཕཊཿསྤྲུལ་སྐུ། ཕཊཿལོངས་སྐུ། ཕཊཿཆོས་སྐུ། ཕཊཿམི་འགྱུར། ཕཊཿམངོན་བྱང་། དེ་ལྟར་ཡང་ཡང་འབད་པ་ཡིསཿ འབྱོངས་རྟགས་ཚངས་བུག་འཕར་བ་དང་ཿ མགོ་ན་ཆུ་སེར་ཟིལ་པ་ཕྲུམཿ འཇག་མ་དལ་གྱིས་ཚུགས་སོགས་འབྱུང་ཿ དེ་ཚེ་འོད་དཔག་མེད་པའི་སྐུཿ འོད་དུ་ཞུ་ནས་རང་ལ་བསྟིམཿ རྐྱེན་དེས་སྐད་ཅིག་དྲན་རྫོགས་སུཿ རང་ཡང་ཚེ་དཔག་མེད་དུ་གྱུརཿ ཨོཾ་ཨ་མ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿ བརྒྱ་རྩ་བརྗོདཿ དགེ་བ་བསྔོ་ཞིང་སྨོན་ལམ་གདབཿ དེས་ནི་ཚེ་ལ་མི་གནོད་དེཿ རྟེན་འབྲེལ་ལྡན་པས་ཚེ་གེགས་ཞིཿ གསང་སྔགས་ཐབས་ཀྱིས་ཆེ་བའི་ལམཿ མ་བསྒོམས་སངས་རྒྱས་འཕོ་བའི་གནསཿ སྙིང་དང་མིག་ལས་གཅེས་པར་བཟུང་ཿ ས་མ་ཡཿ དགེའོ།། །།

སྤྲོས་མེད་རོ་སྲེག

༈ སྤྲོས་མེད་རོ་སྲེག་གི་ཆོ་ག་བཞུགས། ཏིལ་གཙོ་བོར་གྱུར་པའི་བསྲེག་རྫས་གང་སྦྱོར་འདུ་བྱས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱངས། ཨཨཱཿཧཱུྃ་མང་དུ་བཟླས་པས་བྱིན་གྱིས་བརླབས། ཨགྣེ་ཛྭ་ལ་རཾ་གྱིས་མེ་སྤར། ཐབ་གསང་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས། །ཡེ་ཤེས་མེ་ཕུང་ཆེར་འབར་དབུས། །རིགས་འདུས་བཅོམ་ལྡན་རྡོ་རྗེ་སེམས། །དཀར་གསལ་ཞི་འཛུམ་སྒེག་པའི་ཉམས། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །དར་དང་རིན་པོ་ཆེ་ཡིས་བརྒྱན། །སྐྱིལ་ཀྲུང་པདྨ་ཉི་ཟླར་བཞུགས། །དམིགས་ཡུལ་རྣམ་སྨིན་སྒྱུ་མའི་ལུས། །ཟག་མེད་འདོད་ཡོན་བདུད་རྩིར་གྱུར། །ཞལ་དུ་ཕུལ་བས་ཟག་མེད་བཞེས། །དགྱེས་ཚིམ་འོད་ཟེར་འབར་བ་ཡིས། །ཚེ་འདས་སྒྲིབ་པ་ཀུན་སྦྱང་འགྱུར། །ཨ་བཛྲ་སཏྭ་ཨཱཿསརྦ་པཱ་པཾ་ད་ཧ་ན་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་ཀྱིས་འབུལ་ཞིང་། སྐབས་སུ། ཚེ་ལས་འདས་པའི་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྦྱར། མཐར་གྲངས་རྫོགས་པ་ན། མེ་ལྷ་མི་དམིགས་ཆོས་དབྱིངས་ཀློང་། །བསམ་བརྗོད་བྲལ་བའི་ངང་དུ་ཨ། །བསོད་ནམས་ཚོགས་གཉིས་རབ་རྫོགས་ཤིང་། །དོན་གཉིས་ལྷུན་གྲུབ་དཔལ་ཐོབ་ཤོགཅེས་པའང་མཐའ་འཁོབ་ཀྱི་གྲོང་གསེབ་ཁ་ཅིག་ཏུ་ཕུང་པོ་བསྲེག་སྦྱོང་གི་ཚེ་ཆོ་ག་སོགས་ཀྱི་ཐ་སྙད་ཙམ་མེད་པར་མགལ་དུམ་བསྲེགས་པ་བཞིན་བྱེད་པར་མཐོང་ནས་དེ་དག་ལ་ཕན་པའི་ཕྱིར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།

སྨོན་ལམ་ཕྱོགས་བསྡུས།

༈ བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ། །བླ་མ་ལྷག་པའི་ལྷ་ཡི་རྗེས་སུ་བཟུང་། །བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་། །བསྟན་འགྲོའི་དོན་ཆེན་འབད་མེད་འགྲུབ་པར་ཤོག །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཉིད་དོན་རྟོགས་ནས། །གང་ལ་གང་འདུལ་ཐབས་མཁས་སྤྱོད་པ་ཡིས། །དཔག་ཡས་འགྲོ་བ་འདྲེན་པའི་མཐུ་ཐོབ་ཤོག །རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །རྡོ་རྗེ་སློབ་དཔོན་ཞབས་བརྟན་བཞེད་པ་འགྲུབ། །དགེ་འདུན་སྡེ་འཕེལ་བཤད་སྒྲུབ་བསྟན་པ་དར། །འཁོར་སློབ་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ༈ བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོ༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ མདོ་སྔགས་བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་འཕེལ༔ འཇིག་རྟེན་ཁམས་ཀུན་ནད་མུག་མཚོན་འཁྲུགས་ཞི༔ རྟག་ཏུ་བདེ་སྐྱིད་དཔལ་གནས་བཀྲ་ཤིས་ཤོག༔ འདིར་འཚོགས་སྐལ་ལྡན་ཐམས་ཅད་འབྲལ་མེད་པར༔ སྲིད་དང་ཞི་བའི་དཔལ་ལ་ལོངས་སྤྱོད་ཅིང་༔ སྐུ་ཚེ་ཡར་ངོའི་ཟླ་བ་ཇི་བཞིན་འཕེལ༔ སྙན་གྲགས་མཁའ་མཐར་ཁྱབ་པའི་བཀྲ་ཤིས་ཤོག༔ ལྷ་རྣམས་མཁའ་ལས་མེ་ཏོག་ཆར་ཆེན་འབེབས༔ ཀླུ་རྣམས་ཀུན་གྱིས་ས་གཞི་འབྱོར་པས་བཀང་༔ བར་དུ་སྐྱེ་རྒུ་ཐམས་ཅད་བདེ་དང་ལྡན༔ མཐར་ཐུག་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ མཆོག་གླིང་གཏེར་ཁ་ལས་སོ། ༈ །ཇི་སྙེད་ཕན་བདེ་མ་ལུས་འབྱུང་བའི་གནས།།ཐུབ་པའི་བསྟན་པ་སྤྱི་དང་ཁྱད་པར་དུ།།སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པའི་སྲོལ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག ༈ །འཇིགས་བྲལ་སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེངས། །ལུང་རྟོགས་ཆོས་ཀྱི་རྒྱལ་རྔ་ཕྱོགས་ཀུན་བསྒྲགས། །རིགས་ལམ་སེངྒེའི་ང་རོས་ས་གསུམ་ཁྱབ། །མཚུངས་མེད་དགེ་མཚན་སྣང་བ་རྒྱས་གྱུར་ཅིག །

མཇུག་བྱང་།

༈ སྔགས་རིག་འཛིན་པ་མཆེད་གྲོགས་གསེར་གཤིས་འཆང་བ་ཀུན་བཟང་བསོད་མཆོག་ལགས་ཀྱི་ཐུགས་བསྐྱེད་ལས་བྱུང་བའི། གཏེར་གསར་རྙིང་མདོ་དང་བཅས་པའི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡུས་ཏེ། སྔ་འགྱུར་རྙིང་མའི་ཞལ་འདོན་ཕྱོགས་བསྒྲིགས་ཞེས་པ་འདི། སྤྱིར་མདོ་རྒྱུད་བཀའ་གཏེར་ཟབ་རྒྱས་ཀྱི་ཆོས་སྡེ་རྒྱ་ཆེར་བཞུགས་པ་རྣམས། གྲུབ་རིགས་ས་ལ་གནས་པ་ཚོའི་དགོངས་བཅུད་ཧྲིལ་དྲིལ་གྱིས་རིམ་གཉིས་ལམ་གྱི་གདམས་གནད་ཚང་ལ་རྒྱས་བསྡུས་རན་པར་མཛད་ཡོད་པ་ནི་རྒྱུན་སྤྱོད་ཞལ་འདོན་འདིའི་རིགས་ཀྱི་ཁྱད་ཆོས་རེད། དེ་ནི་ཉམས་བཞེས་སླ་ལ་བྱིན་རླབས་མྱུར་བ། འཇུག་པ་བདེ་ལ་ནང་སེམས་གྲོལ་བར་ནུས་པའི་སྒྲུབ་ཆོས་གཅིག་ཆོག་གི་ཐབས་ལམ་བཟང་པོར་ཡིན་པའི་ངེས་ཤེས་ཀྱིས། ད་ལན་དམ་པ་གང་གིས་དཔེ་དེབ་འདི་པར་བསྐྲུན་ཆོས་སྦྱིན་གྱི་དགེ་རྩ་གནདསྨིན་བྱས་པའི་བསོད་ནམས་གང་མཆིས་དེས། ས་ཆེན་པོའི་ཁྱོན་གྱི་འགྲོ་བ་རྣམས་ལ་ནང་བསྟན་གྱི་བྱིན་རླབས་ཞུགས་ཤིང་། སེམས་ཆོས་ཀྱི་ཉམས་ལེན་ལ་གནས་ནས་འཚེ་མེད་ཞི་བའི་ལམ་དུ་གནས་སྐབས་བདེ་སྐྱིད་ཚེ་རིང་ཆོས་འབྱོར་རྒྱས་ཏེ། མི་རིང་པར་གཏན་བདེའི་དཔལ་ལ་མྱུར་དུ་ལོངས་སྤྱོད་པའི་རྒྱུ་རུ་འགྱུར་བར་སྨོན། ཞེས་རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱིས་མཆེད་པོ་གང་གི་ཆོས་སྦྱིན་རྣམ་དཀར་ལ་ཡི་རངས་གུས་སྨོན་དུ་ཕུལ་བའོ།