ཟབ་ལམ་ནཱ་རོ་ཆོས་དྲུག་གི། །འཁྲུལ་འཁོར་ཟིན་བྲིས་མཐོང་ཙམ་གྱིས། །ཁོང་ཆུད་དོན་དང་ལྡན་པ་ཡི། །གསུང་རྒྱུན་གོ་བདེ་རབ་གསལ།


SPN002_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་ནཱ་རོ་ཆོས་དྲུག་གི། །འཁྲུལ་འཁོར་ཟིན་བྲིས་མཐོང་ཙམ་གྱིས། །ཁོང་ཆུད་དོན་དང་ལྡན་པ་ཡི། །གསུང་རྒྱུན་གོ་བདེ་རབ་གསལ་བཞུགས། །


SPN002_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི་པྲ་ཛ་བྷྱཿམཆོག་ཏུ་མི་འགྱུར་ཆོས་དབྱིངས་ཡེ་ཤེས་ཁམས། །བདེ་བ་ཆེན་པོའི་རང་བཞིན་འདུས་མ་བྱས། །སྒྱུ་འཕྲུལ་རྡོ་རྗེའི་རྣམ་པར་རོལ་པ་ནི། །ཅིར་ཡང་སྟོན་པ་དོན་བརྒྱུད་བླ་མར་འདུད། །རྣམ་དག་ངེས་དོན་བཀའ་གསང་ཟབ་མོའི་ཆོས། །བླ་ན་མེད་པའི་རྒྱུད་སྡེའི་ཡང་སྙིང་གང་། །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །ཡེ་ཤེས་མངོན་སུམ་རྒྱུད་སྨིན་གྲོལ་བ་ཡི། །རིམ་གཉིས་དངོས་གྲུབ་མྱུར་ལམ་མཐར་ཐུག་མཆོག །པཎ་ཆེན་ནཱ་རོའི་ཆོས་དྲུག་ཅེས་གྲགས་པ། །གྲུབ་ཐོབ་སྐར་ཚོགས་ལྟ་བུ་གཤེགས་པའི་ཤུལ། །སྐལ་ལྡན་ཚེ་གཅིག་སངས་རྒྱས་ཐོབ་པའི་ཐབས། །གཞུང་དོན་ཁྲིད་རིམ་སྔོན་བྱོན་གོང་མ་ཡི། །


SPN002_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལས་གསལ་ཞིང་འདིར་ནི་ལུས་སྦྱོང་གི། །འཁྲུལ་འཁོར་ཕྱག་ལེན་ཁུངས་བཙུན་གོ་བདེ་བ། །རྡོ་རྗེའི་དམ་ཚིག་ལྡན་པའི་སློབ་མ་ལ། །ཕན་ཕྱིར་བཀོད་ལ་ཆོས་བདག་ཌཱ་ཀི་ཡིས། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །དེ་ཡང་བསམ་གཏན་ཚེར་མས་དབེན་པའི་གནས། །བདེ་བའི་གདན་འཁོད་དང་པོ་ཐུན་མོང་གི། །སྔོན་འགྲོར་བློ་སྦྱོང་དེ་ནས་ཐུན་མིན་གྱི། །སྔོན་འགྲོ་བསགས་སྦྱོང་ཆོས་རྣམས་ནན་ཏན་འབད། །དེ་ནས་དངོས་གཞི་གཏུམ་མོ་ལམ་གྱི་གཞུང་། །སྒྱུ་ལུས་ལམ་གྱི་བོགས་འདོན་རྨི་ལམ་ནི། །ལམ་གྱི་ཚོད་འཛིན་འོད་གསལ་ལམ་སྒྲོན་མེ། །དེ་ལྟར་རྩ་བ་བཞི་དང་ཡན་ལག་ནི། །བར་དོ་ལམ་གྱི་


SPN002_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སུན་མ་འཕོ་བ་ནི། །ལམ་གྱི་སྐྱེལ་མར་གསུངས་ཕྱིར་དེ་ཀུན་གྱི། །སྙིང་པོ་གཏུམ་མོའི་ཉམས་ལེན་གཞིར་བྱས་ཏེ། །རྩ་རླུང་ཐིག་ལེ་གནད་དུ་བསྣུན་པ་ཡིས། །ཟག་མེད་ཏིང་འཛིན་ཡེ་ཤེས་བསྐྱེད་ཕྱིར་དུ། །རྡོ་རྗེའི་ལུས་ལ་འཁྲུལ་འཁོར་འདི་ལྟར་བསྐོར། །སྔོན་འགྲོ་རླུང་སྐྱོན་སེལ་བའི་འཁྲུལ་འཁོར་ནི། །རླུང་བཟུང་མི་དགོས་ལུས་གནད་ཆོས་བདུན་བཅའ། །ལག་མཐིལ་གཉིས་ཀྱིས་རྐང་མཐིལ་ཤད་ཀྱིས་བྱུགས། །ལན་གསུམ་དང་བཅས་ལག་གཉིས་འཁྱུད་པའི་རྒྱ། །བཀྲོལ་དང་རྡོར་སྐྱིལ་བཤིགས་པ་དུས་མཉམ་བཅས། །ལག་གཉིས་བརླ་གཡས་དཔྱི་མགོར་ཐལ་བརྡེབ་བཅས། །ཕྱིར་བྱུག་རྐང་པ་བརྐྱང་ནས་ལོང་བུ་བསྡམ། །ནང་ནས་ཡར་བྱུག་རྐང་པ་བསྐུམ་པ་བཅས། །དེ་བཞིན་གཡས་གསུམ་དང་ནི་གཡོན་གསུམ་བྱ། །རྡོར་སྐྱིལ་དཔུང་བརྒྱང་ལག་གཉིས་ཐལ་རྡེབ་དང་། །འཕུར་བ་དང་བཅས་ལན་གསུམ་ལག་གཡས་ཀྱིས། །གཡོན་ངོས་ཕྲག་དཔུང་ཕྱིར་བྱུགས་ལག་མགོ་ནས། །ནང་ལ་མཆན་ཁུང་བར་དུ་ཡར་བྱུགས་འཕྲལ། །ལག་གཡས་ཤད་བརྐྱང་དེ་ལྟར་གཡོན་གསུམ་དང་། །གཡས་གསུམ་བྱ་ཞིང་ལག་གཉིས་རྡོར་སྐྱིལ་ཐད། །ཕྱིར་བསྟན་ཡར་ཁྱེར་མཆན་བརྡེབ་བརྒྱབ་ནས་སུ། །མདུན་དུ་བརྐྱང་ཞིང་ལག་གཡས་དཔྲལ་བ་དང་། །གཡོན་གྱིས་ལྟག་པ་


SPN002_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྐོར་སྔར་བཞིན་དུ། །མཆན་རྡེབ་དང་བཅས་ལན་གསུམ་མགོ་འཕུར་ཟེར། །ལག་མཐིལ་གདོང་ལ་ཕྱིར་བྱུག་ལྐོག་མའི་ཐད། །ཐལ་རྩེ་སྤྲད་པ་ཕྱིར་བསྟན་དེ་འདྲ་གསུམ། །ལག་མཐིལ་གཡས་སྟེང་གཡས་འོག་རེས་མོས་ཀྱིས། །ནུ་འཕུར་གཡས་གསུམ་གཡོན་གསུམ་ཁུ་ཚུར་གཉིས། །མདུན་རྒྱབ་རེས་མོས་ཕྱིར་བྱུག་གསུམ་བྱེད་པ། །དེ་ཡིས་དྲུག་ཚང་ཁུ་ཚུར་མཛུབ་བསྐོར་གྱིས། །གཡས་གཡོན་མཁལ་འཕུར་གསུམ་བྱ་དེ་ནས་རླུང་། ༈། འབུད་པ་དགུ་ཕྲུག་ཁུ་ཚུར་གཉིས་སྦུབས་ཤིང་། །བརླ་བཞག་ལག་གཡོན་པུས་སྟེང་ནས་ཡར་ཁྱེར། །མཆན་རྡེབ་མདུན་བརྐྱང་ཁུ་ཚུར་མཛུབ་བསྐོར་བཅས། །གྲུ་མོ་ཐད་བརྒྱང་མཛུབ་མོས་སྣ་གཡོན་བཀག །གཡས་ནས་རྔུབ་ཅིང་འབུད་པ་གསུམ་རེ་བྱ། །མཆན་རྡེབ་མདུན་བརྐྱང་བརླ་བཞག་དེ་བཞིན་དུ། །གཡས་ཀྱིས་ཚར་མཚམས་ཁུ་ཚུར་གཉིས་བརླར་སྦུབས། །སྣ་བུག་གཉིས་ནས་རྔུབ་དགང་འབུད་གསུམ་བྱ། །ཁུ་ཚུར་གྱེན་བསྟན་བུམ་ཅན་ཅི་ནུས་བཟུང་། །དེ་ནས་རྩ་ཁྲུས་ཡན་ལག་ལྔ་སྦྱོང་ནི། །ལུས་གནད་དང་བཅས་རླུང་བཟུང་ཁུ་ཚུར་གཉིས། །པུས་སྟེང་ཡར་ཁྱེར་མཆན་རྡེབ་མདུན་བརྐྱང་འཕྲལ། །བྲང་རྡེག་མཆན་རྡེབ་གོང་བཞིན་གསུམ་བྱ་ཞིང་། །ལག་གཡས་གཡོན་གྱིས་ཕྲག་དཔུང་ཕྱིར་བྱུག་ནས། །མཁྲིག་མའི་མཚམས་ནས་ནང་ལ་མཆན་


SPN002_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་བར། །ཡར་བྱུག་ལག་གཡས་ཤད་བརྐྱང་དེ་ལྟར་དུ། །གཡོན་གསུམ་གཡས་གསུམ་བྱ་ཞིང་ཐལ་བརྡེབ་འཕུར། །ལན་གསུམ་དང་ནི་པུས་སྟེང་ཐལ་མོ་གཉིས། །ཕྱིར་བསྟན་ཡར་ཁྱེར་མཆན་བརྡེབ་མདུན་དུ་བརྐྱང་། །ལག་གཡོན་དཔྲལ་བ་གཡོན་པས་ལྟག་པ་བསྐོར། །གོང་བཞིན་མཆན་བརྡེབ་དང་བཅས་ལན་གསུམ་བྱ། །མདུན་རྒྱབ་རེས་མོས་ཕྱིར་བྱུག་གསུམ་གྱི་རྗེས། །སྐྱིལ་ཀྲུང་བཤིག་ཅིང་ལག་གཉིས་བརླ་གཡས་ཀྱི། །དཔྱི་མགོར་ཐལ་བརྡེབ་དང་བཅས་ཕྱིར་བྱུག་ནས། །རྐང་བརྐྱང་མཐིལ་ནས་ནང་ལ་ཡར་བྱུག་དུས། །རྐང་པ་བསྐུམ་ཞིང་དེ་ལྟར་ལན་གསུམ་རྗེས། །ལག་གཡོན་རྐང་གཡས་རྒྱབ་དང་མཐིལ་ལ་བཟུང་། །ཁུ་ཚུར་གཡས་ཀྱིས་པུས་མོ་མནན་ནས་སུ། །མིག་གིས་གཡས་གཡོན་གྱེན་བལྟ་སྔར་ཇི་བཞིན། །གཡོན་ལའང་གོང་ལྟར་བྱས་རྗེས་རྡོར་སྐྱིལ་བཅའ། །ལག་གཉིས་སར་བཙུགས་རེས་ཀྱིས་འབེབས་ཆུང་གསུམ། །རྡོར་སྐྱིལ་བཀྲོལ་ཞིང་ཧ་སྤྲུགས་འཕུར་འདོན་བྱག །ནཱ་རོ་དྲུག་སྐོར་ལུས་གནད་རླུང་བཟུང་བཅས། །ལག་གཉིས་ཁུ་ཚུར་ཁ་སྦུབས་པུས་སྟེང་བཞག །ཕོ་བ་གཡས་གསུམ་གཡོན་གསུམ་བསྐོར་ནས་སུ། །ཁུ་ཚུར་སྔོན་ལྟར་དཔུང་བརྒྱང་རོ་སྟོད་གཡས། །གཡོན་བཅས་རེས་མོས་གཅུད་པ་ལན་དྲུག་བྱེད། །ཁུ་ཚུར་གྱེན་བསྟན་བརླར་བཞག་མགྲིན་པ་གཡས། །གཡོན་བཅས་གསུམ་གསུམ་བསྐོར་ཞིང་མགོ་


SPN002_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེ་སྒུ། །གསུམ་དང་རྡོར་སྐྱིལ་བཤིགས་ལ་གཞོག་གཡོན་ཕབ། །ལག་གཡོན་ཁུ་ཚུར་ནུ་ཐད་བཞག་ལག་གཡས། །གྱེན་བརྐྱང་བསྐུམ་དང་མཆན་བརྡེབ་མཉམ་བསྒྲིགས་ཀྱིས། །རྐང་གཡས་གྱེན་བརྐྱང་བསྐུམ་ནས་འཕང་བརྡེབ་བྱ། །དེ་ལྟར་ལན་གསུམ་དེ་ནས་གཞོགས་གཡས་ཕབ། །གོང་ལྟར་བྱས་རྗེས་རྡོར་སྐྱིལ་ཁུ་ཚུར་གཉིས། །མདུན་རྒྱབ་རེས་མོས་ཡར་བྱུག་གསུམ་མར་བྱུག །གསུམ་མཐར་འབེབས་ཆུང་གསུམ་དང་རྡོར་སྐྱིལ་བཤིགས། །ཧ་སྤྲུགས་སིལ་དང་འཕུར་འདོན་སོགས་བྱའོག །སོ་བདུན་མ་ལ་ལུས་གནད་བཅའ་རླུང་བཟུང་། །ལག་གཉིས་ཁུ་ཚུར་ཁ་སྦུབས་པུས་སྟེང་བཞག །ཕོ་བསྐོར་གཡས་གཡོན་གསུམ་རེ་པུས་གཡས་སྟེང་། །གཡས་ཀྱི་ཁུ་ཚུར་སྟེང་དུ་གཡོན་པ་བརྩེགས། །ཕོ་བསྐོར་གཡས་གཡོན་གསུམ་རེ་པུས་གཡོན་སྟེང་། །གཡོན་གྱི་ཁུ་ཚུར་སྟེང་དུ་གཡས་པ་བརྩེགས། །ཕོ་བསྐོར་གཡས་གཡོན་གསུམ་རེ་དང་ཁུ་ཚུར། །བརླར་བཞག་གྱེན་བསྟན་ལག་གཡས་མགོར་གཡོན་བསྐོར། །མཆན་བརྡེབ་མདུན་བརྐྱང་དེ་འདྲ་གསུམ་བྱ་ཞིང་། །གཡོན་གྱི་ཁུ་ཚུར་མགོ་ལ་གཡས་བསྐོར་གྱིས། །ཞགས་འཕེན་སྔར་ལྟར་རྗེས་ལ་མདུན་བརྐྱང་འཕྲལ། །གཡས་ཀྱི་ཐལ་མོས་གཡོན་མཐིལ་དཔུང་བྲང་བར། །བྱུགས་ནས་གཡོན་དཔུང་བརྒྱང་པ་མདའ་འགེངས་ཚུལ། །གཡས་མཆན་བརྡེབ་ནས་


SPN002_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་གཡས་མཐིལ་གྱིས། །བྲང་ནས་དཔུང་གཡོན་ལག་མཐིལ་བྱུགས་འཕྲལ་གཡས། །དཔུང་བརྒྱང་གཡོན་མཆན་བརྡེབ་སོགས་གོང་བཞིན་དུ། །དྲུག་གི་རྗེས་ལ་དཔུང་གཡོན་མདུན་བརྐྱངས་ལ། །དཔུང་ནང་གཡས་ཀྱི་ཁུ་ཚུར་ཡར་མར་ཤད། །གསུམ་དང་གཡས་ལའང་དེ་བཞིན་འབེབས་ཆུང་གསུམ། །རྡོར་སྐྱིལ་བཀྲོལ་ཞིང་ཧ་སྤྲུགས་འཕུར་འདོན་བྱེད། །སྐབས་འདིར་རླུང་བཟུང་འབེབས་ཆུང་གང་ནུས་བྱ། །དེ་ནས་ནཱ་རོའི་ཡན་ལག་ལྔ་སྦྱོང་ནི། །ལུས་གནད་དང་བཅས་རླུང་བཟུང་ཁུ་ཚུར་གཉིས། །ཁ་སྦུབས་པུས་སྟེང་བཞག་ལ་ཕོ་བསྐོར་གཡས། །གསུམ་དང་གཡོན་གསུམ་ཁུ་ཚུར་གྱེན་བསྟན་བརླར། །བཞག་ཅིང་མགྲིན་པ་གཡས་གསུམ་གཡོན་གསུམ་བསྐོར། །མགྲིན་པ་གཡས་ཀྱོག་གཡོན་ཀྱོག་གསུམ་གསུམ་དང་། །མགོ་བོ་དགྱེ་སྒུ་གསུམ་བཅས་ཁུ་ཚུར་གཉིས། །གྱེན་གཞལ་ཐད་བརྐྱང་གཡས་ཀྱི་ཁུ་ཚུར་གྱིསག །ཕྲག་གོང་བརྡེག་ལ་གཡོན་པའང་དེ་ལྟར་བརྡེག །སླར་ཡང་གཡས་ཀྱིས་བརྡེག་བཅས་ལག་གཉིས་ཀ། མཆན་བརྡེབ་མདུན་བརྐྱང་གསུམ་བྱ་ཐད་བརྐྱངས་ནས། །གཡོན་གཡས་ཕྲག་བརྡེག་མཆན་བརྡེབ་སོགས་སྔར་ལྟར། །རྡོར་སྐྱིལ་བཀྲོལ་འཕྲལ་ཙོག་པུར་ལག་གཡོན་པར། །བཙུགས་ནས་རྐང་གཡས་མཐེ་བོང་ལག་གཡས་ཀྱིས། །བཟུང་ནས་མདུན་བརྐྱང་བསྐུམ་པ་གསུམ་བྱས་ལ། །ལག་གཡས་སར་བཙུགས་གཡོན་


SPN002_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གྱིའང་དེ་ལྟར་བྱ། །ཙོག་པུར་རྐང་བསྣོལ་ལག་གཉིས་འཁྱུད་རྒྱའི་ཚུལ། །གྱེན་འཕག་ལག་གཉིས་ཐད་བརྐྱང་སེམས་སྐྱིལ་བྱ། །བར་འབེབས་གསུམ་མཐར་ཧ་སྤྲུགས་འཕུར་འདོན་ནོ། །དེ་ནས་མཻ་ཏྲིའི་ཡན་ལག་ལྔ་སྦྱོང་ནི། །ལུས་གནད་རླུང་བཟུང་ཁུ་ཚུར་གཉིས་ཁ་སྦུབས། །བརླར་བཞག་མགྲིན་པ་གཡས་གསུམ་གཡོན་གསུམ་སྐོར། །མགྲིན་པ་གཡས་ཀྱོག་གཡོན་ཀྱོག་གསུམ་གསུམ་དང་། །མགོ་བོ་དགྱེ་སྒུ་གསུམ་གསུམ་རྡོར་སྐྱིལ་བཀྲོལ། །པུས་མོ་བཙུགས་ལ་གྲུ་གཡོན་བརྒྱང་ཁུ་ཚུར། །ནུ་སྟེང་མནན་ལ་ལག་གཡས་ཞགས་འཕེན་དང་། །མཆན་བརྡེབ་སོགས་བཅས་ལན་གསུམ་སླར་ཡང་ནི། །གཡས་གཡོན་གོ་ལྡོག་དེ་ལྟར་ལན་གསུམ་བྱ། །ཙོག་པུར་ལག་གཉིས་སར་བཙུགས་རྐང་པ་གཡས། །ཐད་ལ་བརྐྱང་བསྐུམ་གསུམ་བྱེད་གཡོན་ལའང་འགྲེ། །བར་འབེབས་གསུམ་དང་ཧ་སྤྲུགས་འཕུར་འདོན་ནོ། །སྐབས་འདིར་རླུང་བཟུང་བར་འབེབས་ཅི་ནུས་བྱ། །རླུང་སྐྱོན་སེལ་དང་ཡན་ལག་ལྔ་སྦྱོང་དང་། །དྲུག་སྐོར་སོ་བདུན་མ་བཅས་རྩ་བ་བཞི། །ནཱ་རོ་མཻ་ཏྲིའི་ཡན་ལག་ལྔ་སྦྱོང་བཅས། །བསྣན་པས་རྩ་བ་དྲུག་ཅེས་ཡོངས་སུ་གྲགས། །ཉི་མ་དྲུག་སྐོར་ཙོག་པུར་འདུག་རླུང་བཟུང་། །རྐང་པ་གཉིས་བསྣོལ་ལག་གཉིས་བསྣོལ་ཕྱིར་བརྐྱང་། །རྐང་མཐིལ་འོག་ནས་ཡར་ལ་


SPN002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་བོང་བཟུང་། །ཕོ་བསྐོར་གཡས་དྲུག་གཡོན་དྲུག་རྐང་རྟིང་སར། །བཙུགས་ནས་འཕང་བཏེགས་རེས་མོས་དེ་འདྲ་དྲུག །དེ་བཞིན་གྱེན་འཕག་དྲུག་བཅས་སྣ་རླུང་བཏང་། །གཏུམ་མོ་ཞག་བདུན་ཙོག་པུར་འདུག་རླུང་བཟུང་། །རྐང་ལག་བསྣོལ་སོགས་གོང་བཞིན་རྐང་སྟེང་ནས། །མཐེ་བོང་བཟུང་ལ་ཕོ་བསྐོར་གཡས་གསུམ་གཡོན། །གསུམ་དང་རྟིང་པ་སར་བཙུགས་འཕང་བཏེགས་རེས། །གསུམ་བྱེད་ཡར་ལངས་ཐོག་འབེབས་ལག་གཉིས་ཀྱིས། །པུས་སྟེང་གྱེན་གཞལ་ཐད་བརྐྱང་ཕྲག་གོང་ཕྱིར། །གཞལ་ནས་ཁུ་ཚུར་གྱེན་བསྟན་བརླར་བཞག་འཕྲལ། །སེམས་སྐྱིལ་དང་བཅས་སླར་ཡང་ཙོག་པུར་འདུག །རྐང་མཐེབ་བཟུང་ཞིང་ཕོ་བསྐོར་འབེབས་ལ་སོགས། །སྔར་བཞིན་གསུམ་མཐར་ཧ་སྤྲུགས་འཕུར་འདོན་ནོ། །དེ་ནས་གཏུམ་མོ་བཅོ་བརྒྱད་དང་པོ་ལ། །རླུང་སྐྱོན་སེལ་བར་ལུས་གནད་རྐང་གཡོན་མཐིལ། །ལག་གཡས་ཕྱིར་སྦུབས་གཡོན་པ་མདུན་བརྐྱངས་ནས། །མཛུབ་བསྐོར་གྲུ་བརྒྱང་སྣ་གཡོན་བཀག་གཡས་ནས། །རྔུབ་ཅིང་འབུད་པ་གསུམ་མམ་རེ་རེ་བྱ། །མཆན་བརྡེབ་མདུན་བརྐྱང་ལག་གཡོན་གཡས་རྐང་མཐིལ། །སྟེང་སྦུབས་སྣ་གཡས་བཀག་སོགས་སྔོན་ལྟར་བྱ། །ཁུ་ཚུར་བརླར་སྦུབས་སྣ་གཉིས་རླུང་སྔོན་བཞིན། །གསུམ་དང་བུམ་པ་ཅན་རླུང་ཅི་ནུས་བཟུང་། །མེ་ཐབ་དྲུག་འཆིང་ཙོག་


SPN002_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པུར་རྐང་བསྣོལ་ནས། །པུས་སྟེང་གྲུ་བཙུགས་ལག་བསྣོལ་ཐལ་མོ་གཉིས། །དཔུང་པར་སྦྱར་ལ་བུམ་ཅན་ཅི་ནུས་བཟུང་། །ལྗོན་ཤིང་བསྣོལ་བར་ལག་པའི་མཁྲིག་མ་བསྣོལ། །བཟུང་ཞིང་པུས་མོའི་ཐད་འཁྱུད་རླུང་གོང་ལྟརག །སྐུ་གསུམ་བསྣོལ་བ་རྐང་བོལ་གཡོན་སྟེང་གཡས། །མཐིལ་གྱིས་མནན་ནས་ལག་གཉིས་དཔུང་བསྣོལ་བཟུང་། །པུས་མོའི་ཐད་འཁྱུད་རླུང་བཟུང་གོང་ལྟར་རོ། །བཙན་ཐབས་དྲོད་འབེབས་ཙོག་པུར་རྐང་མཐེབ་གཉིས། །ལག་གཉིས་བསྣོལ་འཛིན་རླུང་བཟུང་ཕོ་བསྐོར་གཡས། །གསུམ་དང་གཡོན་གསུམ་རྐང་མཐིལ་འཕང་བཏེགས་རེས། །གསུམ་དང་ཐད་བརྐྱང་གསུམ་མཐར་འབེབས་ཆེན་ནི། །ལང་ཞོར་འཁྱུད་རྒྱ་ཕྱིར་འབབ་ལག་ཐད་བརྐྱང་། །སེམས་སྐྱིལ་དེ་བཞིན་ཅི་ནུས་མཐར་རྡོར་འབེབས། །ཧ་སྤྲུགས་འཕུར་འདོན་སྐབས་འདིར་ངལ་གསོའོ། །མཁའ་ལྡིང་སྦྲུལ་འཛིན་ལུས་གནད་རླུང་བཟུང་འཕྲལ། །རྐང་གཉིས་མདུན་བརྐྱང་པུས་སྟེང་ལག་ཁུ་ཚུར། །སྦུབས་ལ་གྱེན་ལང་རྐང་ལག་རྩེ་སར་བཙུགས། །མགོ་བཀུག་མིག་གྱེན་བལྟ་ཞིང་གཞོགས་གཡས་གཡོན། །དགང་འདྲེན་གསུམ་གསུམ་འབེབས་ཆེན་སོགས་སྔར་ལྟར། །བྱིངས་སེལ་བྱ་རྒོད་འཕུར་ལ་ལུས་གནད་སོགས། །སྔར་ལྟར་བྱས་ལ་གྱེན་ལངས་རྐང་གཡས་བསྐུམ། །གཡོན་


SPN002_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་ལག་གཉིས་ཐད་བརྐྱང་ཕྲག་གོང་བརྡེག །རེས་མོས་ནཱ་རོའི་ཡན་ལག་ནང་ལྟར་གྱི། །མཆན་བརྡེབ་མདུན་བརྐྱང་སོགས་དང་རྐང་གཡོན་བསྐུམ། །གཡས་བརྐྱང་ལག་གཉིས་ཕྲག་རྡེག་སོགས་གོང་བཞིན། །དེ་མཐར་འབེབས་ཆེན་ལ་སོགས་སྔར་ལྟར་རོ། །རྒོད་སེལ་ཤེས་པ་བུམ་པར་བཟུང་ལུས་གནད། །རླུང་བཅས་ལྟ་སྟངས་སྨད་ལ་ལག་གཉིས་ཕྱིར། །བསྣོལ་མར་ཁ་སྦུབས་རྐང་གཉིས་མཐིལ་དུ་སྦྱར། །སྣ་ནས་རླུང་བཏང་སྤྱང་མོ་ཉལ་བ་ནི། །ལུས་གནད་རླུང་བཟུང་དེ་དང་གཞོག་གཡས་སར། །གཏད་ནས་རྐང་པ་གཉིས་བསྐུམ་པུས་བྲང་སྤྲད། །ལག་གཡས་གཡོན་གྱི་མཆན་སྟེང་བཀབ་གཡོན་པས། །པུས་མོ་གཉིས་འཁྱུད་ཉལ་མཐར་ལུས་གནད་བཅའ། །སྣ་ནས་རླུང་བཏང་མཁའ་ལ་དབབ་པ་ནི། །ལུས་གནད་རླུང་བཅས་དེ་ནས་གན་རྐྱལ་འདུག །ལག་གཉིས་ཁུ་ཚུར་རྐང་པ་གཉིས་བསྐུམས་ནས། །གྱེན་འཕག་རྐང་ལག་གྱེན་བརྐྱང་ཕྱིར་བསྐུམ་གསུམ། །ཐལ་མོ་བསྒྲད་བསྡོམ་གྱེན་འཕག་སོགས་སྔར་ལྟར། །གསུམ་མཐར་ལང་ནས་འབེབས་ཆེན་ཧ་སྤྲུགས་འཕུར། །ནེ་ལེ་རེས་འཇོག་ལུས་གནད་རླུང་བཟུང་ནས། །ཡར་ལང་ལག་གཡོན་ཁུ་ཚུར་དཀུར་བརྟེན་ནས། །རྐང་གཡོན་སར་བཙུགས་གཡས་ཀྱི་རྐང་ལག་གཉིས། །མདུན་ངོས་ཕྱིར་ལ་བརྐྱང་བསྐུམ་ལག་མཆན་བརྡེབ། །རྐང་རྟིང་འཕང་བརྡེབ་


SPN002_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་སྦྲགས་གཡོན་ལའང་། །དེ་ལྟར་བྱ་ཞིང་འབེབས་ཆེན་ཧ་སྤྲུགས་འཕུར། །ཐིག་ལེ་འདྲེན་བཞིར་རླུང་ནི་རང་བབ་ངང་། །དང་པོ་རི་རབ་འཕུར་བ་ལུས་གནད་བཅའ། །ཁུ་ཚུར་བརླར་བཞག་རོ་སྟོད་ལྷོད་ནས་སུ། །གཡོན་གཡས་དབུས་གསུམ་གྱེན་དྲང་ཁོང་སྒྲ་བཅས། །ཧཱུྃ་རིང་བཅུ་དང་ཧཱུྃ་ཐུང་བཅུས་ཡར་འདྲེན། །མིག་འབྲས་གྱེན་ལྡོག་ལྕེ་རྩེ་རྐན་ལ་སྦྱར། འདྲེན་བཞི་རིགས་འགྲེ་དགོས་། ལྟོ་བ་སྒལ་སྦྱར་རྗེས་ལ་ཧ་སྤྲུགས་བྱའོ། །ཝ་ཡི་བཞད་ཚུལ་ལུས་གནད་ཁུ་ཚུར་གཉིས། །ནུ་སྟེང་བཞག་ལ་གྲུ་བརྒྱང་རོ་སྟོད་ལྷོད། །ཧཱུྃ་གི་ཁོང་སྒྲས་གྱེན་དྲངས་སོགས་སྔོན་བཞིན། །ཡི་དྭགས་འདུག་སྟངས་རྐང་རྩེ་གཉིས་སར་བཙུགས། །རྟིང་སྤྲད་དཔུང་བརྒྱང་ཁུ་ཚུར་པུས་སྟེང་མནན། །ཕྱེད་ལང་ཙམ་བྱས་མིག་གྱེན་ལྡོག་བལྟ་སོགས། །གསུམ་དང་ཧིག་ཀ་རིང་ཐུང་གཉིས་ཀྱིས་གྱེན། །དྲངས་ཤིང་འཕང་དང་རྐང་རྟིང་རྡེབ་ཆུང་གསུམ། །སླར་ཡང་ཕྱེད་ལང་ལ་སོགས་སྔོན་ལྟར་དུ། །ལན་གཉིས་རྗེས་ལ་འབེབས་ཆེན་ཧ་སྤྲུགས་བྱའོ། །སེངྒེ་གྱེན་ལོགས་སྐྱིལ་ཀྲུང་བར་ལག་གཉིས། །ཁུ་ཚུར་མཐེབ་མཛུབ་གུང་གསུམ་སར་བཙུགས་ནས། །ཧཾ་ཀ་ར་བརྗོད་གཡས་གཡོན་དབུས་གྱེན་དྲང་། །རྡོར་སྐྱིལ་ཡར་བཀྱག་མདུན་བརྡེག་བཅས་དེ་ལྟར། །གསུམ་མཐར་ཧ་སྤྲུགས་


SPN002_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འཕུར་འདོན་སེང་གེ་རྩལ། །སྤྲུགས་ནི་ལུས་གནད་རླུང་བཟུང་རྡོར་སྐྱིལ་བཤིགས། །ཁུ་ཚུར་པུས་སྟེང་ཡར་ཁྱེར་བར་འབེབས་དང་། །མཆན་བརྡེབ་དུས་གཅིག་བྱས་ལ་གཡས་གཡོན་དབུས། །ཐལ་མོ་ཕྱེད་བཙུམ་དེ་བཞིན་ལན་གསུམ་མཐར། །ཕ་ཧ་ཧ་བརྗོད་རླུང་བཏང་བར་འབེབས་གསུམ། །སེངྒེ་རྣམ་རོལ་ལུས་གནད་རླུང་བཟུང་འཕྲལ། །ཁུ་ཚུར་པུས་སྟེང་ཡར་ཁྱེར་མཆན་བརྡེབ་འཕྲལ། །ཟད་བརྐྱང་ཚུར་བསྐུམ་སྲིན་ལག་མཐེའུ་ཆུང་གིས། །ཁ་བཀབ་གུང་མོས་སྣ་དང་མཛུབ་མོས་མིག །བཀབ་ཅིང་མཐེ་བོང་རྣ་བ་བཀབ་ནས་སུ། །རོ་སྟོད་གཡས་བསྐོར་གསུམ་དང་གཡོན་བསྐོར་གསུམ། །མ་ཧ་ཧ་བརྗོད་རླུང་བཏང་བར་འབེབས་གསུམ། །སྙན་བརྒྱུད་དྲུག་ལས་སེངྒེ་བརྩེ་བ་ནི། །རླུང་ནི་རང་བབས་སེམས་སྐྱིལ་ལག་གཉིས་བསྣོལ། །གཡོན་པས་རྐང་གཡས་ལོང་བུ་བསྡོམ་གཡས་པས། །བོལ་མཐིལ་ནས་བཟུང་རྐང་གཡོན་བསྐུམ་འོག་སྒོར། །བཞག་ལ་ཧ་འདྲེན་གྱེན་འཐེན་ལྷོད་ལན་གསུམ། །རྐང་ལག་གཡས་གཡོན་བརྗེས་ལ་གོང་ལྟར་བཅས། །ཧ་སྤྲུགས་འཕུར་འདོན་སྟག་མོ་སྐྱུག་པ་ནི། །རླུང་ནི་རང་བབ་རྡོར་སྐྱིལ་འོག་ལག་གཉིས། །ཕྱིར་བསྟན་སྦུབས་ལ་ཧ་སྤྲུགས་ཚུལ་རྡོར་སྐྱིལ། །མདུན་བརྡེབ་དང་བཅས་གསུམ་མཐར་རྡོར་སྐྱིལ་བཤིག །ཧ་སྤྲུགས་འཕུར་


SPN002_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་གླང་ཆེན་འགྱིང་ལུས་གནད། །རླུང་བཟུང་རྡོར་སྐྱིལ་བཤིགས་ལ་རྐང་པ་གཉིས། །མདུན་བརྐྱང་ལག་གཉིས་ཕྱིར་སྦུབས་བརྐྱངས་ནས་སུ། །རྐང་པའི་ལོང་བུའི་ཕྱི་ནས་ཡར་གཞལ་ལ། །ཡར་ལང་མཆན་བརྡེབ་རྐང་ལག་སར་བཙུགས་སྒུར། །རྐང་གཉིས་བར་ལ་མཁྱིད་གང་བཞག་ལག་གཡོན། །ཁུ་ཚུར་སྟེང་དུ་གཡས་བཞག་མགོ་རྒུར་ཞིང་། །གྱེན་འཐེན་གསུམ་དང་འཕང་ཚོས་རྐང་རྟིང་བརྡེག །གསུམ་བཅས་ཡར་ལོང་སྔར་ལྟར་རྒུར་སོགས་བཅས། །གསུམ་མཐར་འབེབས་ཆེན་ཧ་སྤྲུགས་འཕུར་འདོན་ནོ། །རུས་སྦལ་བསྐུམ་ནི་ལུས་གནད་སོགས་སྔར་བཞིན། །ཡར་ལངས་མཆན་བརྡེབ་རྐང་གཉིས་བར་ཁྲུ་གང་། །བཞག་ལ་ལག་གཉིས་བརླ་ནང་ཕྱིར་འཁྱུད་ནས། །རྐང་མཐེབ་བཟུང་ལ་དགང་འདྲེན་གཡས་གཡོན་དབུས། །འཐེན་ཞིང་ལུས་སྟོད་འཕར་འདར་གསུམ་འབེབས་ཆེན། །སྔར་ལྟར་བྱ་ཞིང་རྨ་བྱ་འཕུར་ལ་ཡང་། །ལུས་གནད་ལ་སོགས་གོང་བཞིན་ཡར་ལངས་ནས། །མདུན་ངོས་རྟིང་སིག་ཕྱིར་སྒུར་ལག་གཉིས་ཀྱིས། །རྐང་གཉིས་མཐེ་བོང་དམ་བཟུང་མགོ་བཀུག་ནས། འཕང་སར་བཙུགས་ནས་རྐང་གཉིས་དྲང་པོར་གྱེན། །བརྐྱང་ལ་བཟུང་ནས་དེ་ངང་ཡར་ལང་ནས། །ཕྱིར་སྒུར་ལ་སོགས་ལན་གསུམ་རྗེས་འབེབས་ཆེན། །སྔར་ལྟར་བྱས་ལ་བྱ་རྒོད་འཕུར་གོང་བཞིན། །


SPN002_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གནད་རིགས་འགྲེའི་གཏུམ་མོ་བཅོ་བརྒྱད་ནང་། །བྱ་རྒོད་འཕུར་དང་མཚུངས་ཤིང་ལན་གསུམ་མཐར། །འབེབས་ཆེན་ཧ་སྤྲུགས་འཕུར་འདོན་ངལ་གསོ་ཞིང་། །མཉམ་བཞག་ངོ་བོ་སྐྱོང་སོགས་ཀུན་ལ་འགྲེའོ། །དེ་ནས་རྐྱང་འབེབས་ལུས་གནད་རླུང་བཟུང་ནས། །རྡོར་སྐྱིལ་བཤིགས་ལ་ཡར་ལང་རྐང་པ་གཤིབ། །ལག་གཉིས་ཐུར་བརྐྱང་ལུས་པོ་འཕངས་པའི་ཚུལ། །སར་བརྡབ་རྐང་བརྐྱང་ལུས་སྟོད་དྲང་པོའི་ངང་། །ཡར་ལ་ཕྱིར་འཕངས་དེ་ལྟར་གསུམ་གྱི་མཐར། །འབེབས་ཆེན་ཧ་སྤྲུགས་འཕུར་འདོན་སླར་ཡང་ནི། །འབེབས་ཆེན་ལུས་གནད་རླུང་བཟུང་ཡར་ལང་ནས། །རྐང་གཉིས་གཤིབ་པའི་འབེབས་ཆེན་ཅི་ནུས་དང་། །རྐང་གཉིས་བསྒྲད་པའི་འབེབས་ཆེན་ཅི་ནུས་དང་། །རྐང་གཉིས་བསྣོལ་བའི་འབེབས་ཆེན་ཅི་ནུས་བཅས། །ཧ་སྤྲུགས་འཕུར་འདོན་རླུང་གེགས་སེལ་བ་ནི། །ལུས་གནད་རླུང་བཟུང་ཁུ་ཚུར་བརླར་སྦུབ་ཅིང་། །མིག་གིས་གཡས་དང་གཡོན་བལྟ་གཡས་བལྟས་ལ། །ཧ་ཧ་ཧ་བརྗོད་དེ་བཞིན་གཡོན་གཡས་སོགས། །བཞིར་བྱས་རྡོར་སྐྱིལ་བཤིགས་ལ་ལག་གཉིས་ཀྱིས། །རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་གྱེན་བརྐྱང་བསྐུམ། །བར་འབེབས་དང་སྦྲགས་ཧ་འདོན་དེ་ལྟར་དུ། །དྲུག་གམ་བདུན་མཐར་ཧ་སྤྲུགས་འཕུར་འདོན་ནོ། །ཡང་ན་གེགས་སེལ་སེམས་སྐྱིལ་པུས་མོའི་སྟེང་། །ཁུ་ཚུར་སྤུབས་ལ་གཞོགས་གཡས་


SPN002_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བཅས་དཀྱུ། །པུས་བྲང་འཕྲོད་ཙམ་དེ་བཞིན་གསུམ་ཙམ་བྱའོ། །རྗེས་རིམ་ཡན་ལག་ལྔ་སྦྱོང་བསྡུས་པ་དང་། །མཐའ་རྟེན་སེམས་སྐྱིལ་རྐང་གཡས་ལོང་བུའི་སྟེང་། །ཁུ་ཚུར་གཉིས་བརྩེགས་ཧཱུྃ་སྒྲས་ལན་གསུམ་དུ། །གྱེན་འདྲེན་དེ་མཐར་ཧ་སྤྲུགས་སིལ་སིལ་དང་། །ཡན་ལག་ཉིང་ལག་འཕུར་འདོན་དྲག་ཏུ་བྱ། །གཞན་ཡང་གེགས་སེལ་ནཱ་རོའི་གཟེར་ལྔ་དང་། །མར་པའི་ལྔ་བཅུ་པ་སོགས་ལས་གསལ་ཞིང་། །ཀུན་གྱི་སྙིང་པོ་གནས་ལུགས་གཉུག་མའི་དོན། །རང་སེམས་ངོ་བོ་སྐྱོང་བ་མཆོག་ཏུ་གསུངས། །དེ་ལྟར་རྡོར་འཆང་དགོངས་པའི་གནད་ཟབ་བཅུད། །འཕགས་ཡུལ་གྲུབ་བརྙེས་རིམ་བརྒྱུད་ལོ་ཙཱ་ཆེར། །གདམས་པའི་མན་ངག་ཡང་གཅེས་འཁྲུལ་འཁོར་གྱི། །ལུས་སྦྱོང་འབད་པས་རྩ་མདུད་རང་སར་གྲོལ། །རླུང་ལ་དབང་ཐོབ་ཐིག་ལེ་བརྟེན་ནས་སུ། །བདེ་སྟོང་ཡེ་ཤེས་ཟག་མེད་ཏིང་འཛིན་རྒྱས། །ཚེ་གཅིག་ཆོས་སྐུའི་གོ་འཕང་བདེ་བླག་ཏུ། །ཐོབ་བྱེད་ཚེགས་ཆུང་དོན་ཆེའི་གནས་སུ་ངེས། །ལམ་འདིར་ཞུགས་པའི་སྐལ་ལྡན་རྣམས། །ལམ་བཟང་མ་ནོར་འདིར་འབད་ནས། །ལམ་གྱི་མཐར་ཐུག་ཕྱག་རྒྱ་ཆེ་འི། །ལམ་མཆོག་མངོན་དུ་རྟོགས་གྱུར་ཅིག །ཅེས་པའང་གོང་མ་རྣམས་ཀྱི་གསུང་རྒྱུན་བཞིན། སི་ཏུ་པདྨ་ཉིན་བྱེད་དབང་པོས་ཟིན་ཐོར་སྤེལ་བ་དགེ། སརྦ་མངྒ་ལཾ། །