Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


   
  expand section
   
   
སྒྲོལ་མ་འོད་ཟེར་དྲུག་སྦྲག་དབང་གི་ཞལ་རྒྱུན་ནི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་འོད་ཟེར་དྲུག་སྦྲག་དབང་གི་ཞལ་རྒྱུན་ནི། next

སྒྲོལ་མ་འོད་ཟེར་དྲུག་སྦྲག་དབང་གི་ཞལ་རྒྱུན་ནི།


SPN002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་འོད་ཟེར་དྲུག་སྦྲག་དབང་གི་ཞལ་རྒྱུན་ནི། བཤམས་བཀོད་སོགས་སྤྱི་མཐུན་དང་། སྔོན་གཏོར་བཏང་བ། སྐྱབས་སེམས་མཆོད་པ་བྱིན་རླབས་སོགས་དང། ཡིད་


SPN002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཁོར་ལོའི་བདག་བསྐྱེད་མངོན་རྟོགས་ཀྱི་བཟླས་པའི་ཐུན་མཇུག་ཏུ། སྐད་ཅིག་གིས་ཕྱི་རོལ་དུ་འཁོར་ལོ་དཀར་པོ་རྩིབས་བཅུ་གུར་ཐབས་སུ་གནས་ཤིང་མི་མངོན་པར་མྱུར་དུ་འཁོར་བའི་ལྟེ་བ་ཟླུམ་པོ་ཡངས་པའི་ནང་དུ་རང་ཉིད་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་ཐུགས་ཀར་འཁོར་ལོ་ཡིག་འབྲུ་དང་བཅས་པ། རང་ཉིད་ཀྱི་སྟེང་དུ་ༀ། འོག་ཏུ་ཧཱ། རྩིབས་ཀྱི་རྩ་བ་སྦུབས་སྟོང་གི་ཐད་ཀྱི་ནང་དུ་མདུན་ནས་གཡས་བསྐོར་དུ་ཡི་གེ་བརྒྱད་བཅས་ཀྱི་ཡིག་འབྲུ་རྣམས་དཀར་པོ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དཀར་པོ་ཤེལ་ལྟ་བུ། སེར་པོ་གསེར་ལྟ་བུ། དམར་པོ་པདྨ་རཱ་ག་ལྟ་བུ། ལྕགས་ཁ་ཐོ་རེངས་ཀྱི་གནམ་ལྟ་བུ། ལྗང་གུ་མརྒད་ལྟ་བུ། མཆིན་ཁ་ཨིནྡྲ་ནཱི་ལ་ལྟ་བུ་རྣམས་རིམ་པར་སྤྲོས། སེམས་ཅན་གྱི་དོན་བྱས། རྒྱལ་བ་རྣམས་མཆོད། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་བྱིན་རླབས་འོད་ཟེར་དཀར་སེར་དམར་སྔོ་ལྗང་མཐིང་གི་རྣམ་པར་རིམ་པར་བྱོན། རང་གི་ཐུགས་ཀའི་འཁོར་ལོ་ལ་ཐིམ་པས། ཞི་རྒྱས་དབང་དྲག་ལས་སྣ་ཚོགས་པའི་དངོས་གྲུབ་ཐོབ་ཅིང་བརྟན་པར་བྱས། འོད་ལྷག་མ་རྣམས་འཁོར་ལོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་ནས་འོད་དཀར་པོའི་གུར་ཁང་། དེའི་ཕྱིར་སེར་པོ། དེའི་ཕྱིར་དམར་པོ།


SPN002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ལྕགས་ཁ། དེའི་ཕྱིར་ལྗང་གུ། དེའི་ཕྱིར་འོད་མཆིན་ཁའི་གུར་ཁང་རྣམས་ཀྱང་འདོམ་རེའི་བར་ཐག་ཅན། སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཁོར་བའི་ཟླུམ་པོའི་རྣམ་པ་ཅན་སྲ་བ། བརྟན་པ། སྲུབ་མེད་པ་རླུང་སེར་བུ་ཙམ་ཡང་མི་ཐར་བ། བར་སྟོང་ཐམས་ཅད་ཨུཏྤལ་སྔོན་པོ་ཁ་བྱེ་མ་ཐག་པས་གང་བར་གྱུར། ཞེས་བརྗོད་ལ་སླར་ཡང་བཟླས་པ་བྱའོ། །དེ་ནས་མདུན་བསྐྱེད་དང་བུམ་བསྐྱེད་དཀྱུས་བཞིན་བྱས་ལ། དབང་གི་སྐབས་སློབ་མ་ལ་སྔགས་ཀྱིས་བསངས། ཤཱུ་ནྱ་ཏས་སྦྱངས་ལ། སྟོང་པའི་ངང་ལས་མ་བཅོས་པའི་སེམས་སྣང་ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བ་དང་བཅས་པ་ལས་ཕྱི་རོལ་སྲུང་བའི་འཁོར་ལོ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་རྩིབས་བཅུ་པ་གུར་ཐབས་སུ་གནས་ཤིང་མི་མངོན་པར་མྱུར་དུ་འཁོར་བ་ལྟེ་བ་ཟླུམ་པོ་ཡངས་པའི་ནང་དུ། བྷྲཱུྃ་ལས་ཟླ་བ་ཆུ་ཤེལ་གྱི་གཞལ་ཡས་ཁང་། དེའི་དབུས་སུ་པྃ་ལས་སོགས་ཀྱིས་སློབ་མ་ལྷར་བསྐྱེད་ནས། གནས་གསུམ་འབྲུ་གསུམ་བཀོད། ཐུགས་ཀའི་དབུས་སུ་པད་དཀར་དང་ཟླ་བ་ལ་ཏཱྃ་དཀར་པོས་མཚན་པ། ཕྱི་རོལ་སྲུང་བའི་འཁོར་ལོའི་རྩིབས་སྟེང་དུ་ༀ། རྩིབས་འོག་ཏུ་ཧཱ། རྩིབས་ཀྱི་རྩ་བ་སྦུབས་སྟོང་གི་ཐད་ཀྱི་ནང་དུ་མདུན་ནས་གཡས་བསྐོར་དུ། ཏཱ། རེ། ཏུཏ། ཏཱ།


SPN002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རེ། ཏུ། རེ། སྭཱ་རྣམས་ཀྱི་ཡིག་འབྲུ་རྣམས་རབ་ཏུ་དཀར་བ། ཐུགས་ཀའི་ས་བོན་ཏཱྃ་ཡིག་ལས་འོད་ཟེར་དཀར་པོ་ཤེལ་ལྟ་བུ་སོགས་གོང་བཞིན་བརྗོད་པ་དང་། ཐུགས་ཀའི་འཁོར་ལོ་ལ་ཐིམ་པས་སོགས་ནས། ཨུཏྤལ་སྔོན་པོ་ཁ་བྱེ་མ་ཐག་པས་གང་བར་གསལ་ཐོབ་མཛོད། ཅེས་བརྗོད། དེ་ནས་བདག་མདུན་ལྷར་བསྐྱེད་ཐུགས་ཀའི་འོད་ཟེར་སྤྲོ་བསྡུས་བྱིན་དབབ་པ་སོགས་ནི་སྨིན་དབང་སྤྱི་ལྟར་གནང་བས་ཁྱབ། སརྦ་མངྒ་ལཾ། ཞེས་ལྷུན་གྲུབ་སྟེང་གི་རྒྱལ་ཁབས་སུ་ས་དབང་མཆོག་གི་དགོངས་པ་སྐང་ཆེད་དུ་སྤེལ་བ་དགེ། །། རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། །འཆི་མེད་ངེས་པར་སྟེར་བ་མོ། །རིག་པ་འཛིན་མ་བཅོམ་ལྡན་འདས། །ཡིད་བཞིན་འཁོར་ལོའི་བཀྲ་ཤིས་ཤོག །དགེ་བ་འདི་ཡིས་སེམས་ཅན་ཀུན། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཞི། །ཚེ་དཔལ་བསོད་ནམས་ཡེ་ཤེས་རྒྱས། །སྒྲོལ་མའི་གོ་འཕང་མྱུར་ཐོབ་ཤོགསརྦ་མངྒ་ལཾ།། །།


previousསྒྲོལ་མ་འོད་ཟེར་དྲུག་སྦྲག་དབང་གི་ཞལ་རྒྱུན་ནི། next