Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩ་གསུམ་འཆི་མེད་དྲིལ་སྒྲུབ་རྒྱུན་བསྙེན།
   
   
   
   
   
   
   
   


 
previousརྩ་གསུམ་འཆི་མེད་དྲིལ་སྒྲུབ་རྒྱུན་བསྙེན། next

རྩ་གསུམ་འཆི་མེད་དྲིལ་སྒྲུབ་རྒྱུན་བསྙེན།


SPN002_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་འཆི་མེད་དྲིལ་སྒྲུབ་རྒྱུན་བསྙེན་བཞུགས་སོ། །ན་མོཿཏྲི་མཱུ་ལ་ཨཱ་ཡུརྡེ་ཝཿབདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ལས་དཀྱིལ་འཁོར་བཤམས་བཀོད་དང་མ་འབྲེལ་བའི་རྒྱུན་བསྙེན་ཁོ་ནའི་ཚེ་ན་ཐུན་འགོར། ཧཱུྃ༔ བདག་ཉིད་དབང་ཆེན་འབར་བའི་ཐུགས་ཀ་ནས༔ ལྔ་ལྡན་ཡེ་ཤེས་རྡོ་རྗེ་ལུག་རྒྱུད་ཀྱི༔ ཟེར་ཐག་ཕྱོགས་དང་ཕྱོགས་མཚམས་སྟེང་འོག་ཟུག༔ ཕྱི་ནང་མེད་པར་འཇའ་ཟེར་འོད་ཀློང་འཁྱིལ༔ ཛྙཱ་ན་བཛྲ་རཀྵ་ཧཱུྃ༔ ཞེས་པའི་སྲུང་འཁོར་དང་། ན་མོ་འཆི་མེད་ལྷ་ཚོགས་ཐུགས་རྗེ་ཅན༔ རྒྱལ་བ་རྒྱ་མཚོ་འདུས་པའི་སྐུར༔ བདག་གཞན་འཆི་མེད་ཐོབ་བྱའི་ཕྱིར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། མཁའ་མཉམ་སྐྱེ་རྒ་ན་འཆི་ཡི༔ སྡུག་བསྔལ་མཚོ་ལས་བསྒྲལ་བྱའི་ཕྱིར༔ འཆི་མེད་འཇའ་ལུས་བསྒྲུབ་ནས་ཀྱང༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ཞེས་པས་སྐྱབས་སེམས་དང་། ཧཱུྃ། ཆོས་རྣམས་སྤྲོས་དང་བྲལ་བ་ལས༔ བཅོས་མིན་སྙིང་རྗེའི་འོད་ཟེར་འཕྲོ༔ གསལ་དྭངས་རིག་པའི་སྙིང་པོ་ཧྲཱི༔ ཧྲཱིཿཡིག་གནས་འགྱུར་དྲན་རྫོགས་སུ༔ རང་རིག་རྩ་གསུམ་དྲིལ་


SPN002_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྐུ༔ ཐུགས་རྗེ་ཆགས་པས་སྐུ་མདོག་དམར༔ རྩ་ཞལ་དམར་པོ་སྒེག་བཞད་ཆགསཿགཡས་ཞལ་དཀར་པོ་ཞི་ཞིང་འཛུམ༔ གཡོན་མཐིང་ཁྲོ་ཞལ་གཏུམ་ལ་རྔམས༔ དབུ་སྐྲ་སྣུམ་འབོལ་གྱེན་དུ་འཁྱིལཿདར་གྱི་ཅོད་པན་ནོར་བུས་བརྒྱན༔ སྤྱི་གཙུག་རྟ་གདོང་ཧཱུྃ་སྒྲ་ལྡིར༔ ཕྱག་དྲུག་དང་པོ་མཉམ་གཞག་སྟེང༔ ༔ འཆི་མེད་ཚེ་ཡི་བུམ་པས་བརྒྱན༔ བར་གཉིས་པད་ཕྲེང་ཨུཏྤལ་དམར༔ མཐའ་གཉིས་གྲི་གུག་ཐོད་ཁྲག་འཛིན༔ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ རཏྣ་དམར་པོའི་རྒྱན་ཕྲེང་དང་༔ ༔ ལེ་བརྒན་ན་བཟའ་ཡུག་གོས་ཅན༔ གསང་བ་ཡེ་ཤེས་མནྡྷར༔ སྤྱི་གཙུག་ཕག་གདོང་ཕེཾ་སྒྲ་ངུར༔ གྲི་ཐོད་འཛིན་པས་མགུལ་ནས་འཁྱུད༔ ཡབ་ཡུམ་གཉིས་མེད་རོལ་པར་བཞུགས༔ ཞེས་གཙོ་མཆོག་ཡབ་ཡུམ་ལས་གཞལ་ཡས་ཁང་འཁོར་སོགས་བསྐྱེད་མི་དགོས་ཤིང་། རང་ལྷར་གསལ་པའི་ངང་ནས། བདག་ཉིད་བཅོམ་ལྡན་གཙོ་མཆོག་ཐུགས་ཀ་རུ༔ ཉི་ཟླའི་གའུ་ཁ་སྦྱོར་དེའི་ནང་དུ༔ སྐྱེ་མེད་ཐུགས་སྲོག་བཅུད་ཕུར་ཡི་གེ་ཧྲཱི༔ དེ་ལས་ལྔ་ལྡན་འོད་ཟེར་ཟེར་ཐག་ནི༔ རྡོ་རྗེ་ལུ་གུ་རྒྱུད་དུ་འབྲེལ་བའི་ནང༔ སྔགས་ཀྱི་ཡིག་འབྲུ་


SPN002_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བུང་བ་བཅུད་ལ་འཁོར༔ རང་གདངས་གྲག་སྟོང་འགྱུར་ཁུག་དི་རི་རི༔ ༀ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནི་པདྨ་རཱ་ཱགཱ་བྷྱ་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ་ཧཱུྃ་ནྲྀ་ཛཿཤམ་བུར། ཚེ་བསོད་རྒྱས་དབང་དུ་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭ་ཧཱ༔ དེ་ལས་སྔགས་ཕྲེང་ཐིག་ལེ་ཟེར་ཐག་སྒྲེང༔ ལུ་གུ་རྒྱུད་དུ་ལྗགས་ཀྱི་པདྨོར་ཨཱཿདེ་ལ་གཡས་སྐོར་རྟ་གདོང་ཞལ་ནས་ཐོན༔ ཕྱི་རོལ་ནམ་མཁའ་ས་ཆུ་མེ་རླུང་དང༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དྭངས་མའི་བཅུད༔ གསང་བ་སྐུ་དང་ཞིང་ཁམས་མཐུ་བྱིན་ཀུན༔ འོད་ཟེར་སྔགས་ཕྲེང་ལུག་རྒྱུད་རྣམ་པར་བསྡུས༔ ཕག་གདོང་ཞལ་ནས་ཡུམ་གྱི་སྐུ་དབྱིབས་བརྒྱུད༔ མཁའ་དབྱིངས་གང་བ་རྡོ་རྗེའི་ལམ་ནས་རྔུབས༔ མས་ཡར་སྤྱན་དྲངས་ཚེ་ཡི་ག་འུར་བསྟིམ༔ ཚེ་ཡི་དངོས་གྲུབ་ཡར་བ་ཐམས་ཅད་བཀུག༔ བླ་ཚེ་ཉམས་གསོས་བརྟན་གཡོ་སྲིད་བཅུད་ཀྱི༔ ཚེ་དཔལ་ཀུན་བསྡུས་བདུད་རྩི་དྭངས་མར་སྤར༔ དེ་ཡང་འཛག་མེད་བདེ་བ་ཆེན་པོར་བསྐྱིལ༔ འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་གྲུབ་གྱུར༔ ཅེས་མོས་ལ་བསྙེན་པ་བཟླ། ཐུན་གྱི་མཐར། སེམས་ཀྱི་སྒྱུ་འཕྲུལ་ཙམ་དུ་སྣང་བའི་དལ༔ མི་དམིགས་


SPN002_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མའི་སྟོང་ཆེན་ངང་དུ་ཐིམ༔ སྐྱེ་བ་མེད་ལས་སྐྱེ་བའི་ཚུལ་དུ་སླར༔ འགག་མེད་མདངས་རྩལ་གློ་བུར་ལྷ་རུ་ལྡང༔ ས་མ་དྷི་ཧཱུྃཿརྫོགས་རིམ་དང་ཐུན་མཚམས་ལ་འཇུག །རྒྱལ་དབང་མཆོག་གི་གཟིགས་མོར་ཆོས་རྗེ་གླིང་གྲགས་བྷན་ཅན་སྤུ་སུད་དེས་ཤར་རིས་སྲིན་རྗེས་འདྲ་བ་བྲིས་ཡོད་ལགས། སྔོན་འགྲོའི་མཇུག་ཏུ་འདི་ཡང་བཞག་མཛད་འདུག་པ་སྔོན་འགྲོ་ཁྲིད་གཞུང་གཉིས་ལ་ཕན་པའི་ཆ་ཚང་བ་ལ་དགོངས་པ་ཡིན་འདུག་པ་ལྟར་ཁྲིད་འདི་ཡི་མཇུག་ཏུ་བཀོད་རྒྱུ་བྱས་སོ། །


previousརྩ་གསུམ་འཆི་མེད་དྲིལ་སྒྲུབ་རྒྱུན་བསྙེན། next