Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་དམ་ནང་གི་གཏོར་བསྔོས།
   
   
   
   
   


 
previousཐུགས་དམ་ནང་གི་གཏོར་བསྔོས། next

ཐུགས་དམ་ནང་གི་གཏོར་བསྔོས།


SPN002_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་ནང་གི་གཏོར་བསྔོས་གསང་སྔགས་ནང་གཏོར་ཀུན་གྱི་དོན་བསྡུས་དམིགས་རིམ་ཞོར་ལ་གསལ་བའི་ཁྱད་ཆོས་ཏིང་འཛིན་སྔགས་ཕྱག་རྒྱ་གྱེར་སྒོམ་གྱི་བསྔོ་ལུགས་བཞི་ཀ་ཚང་བའོ། །


SPN002_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ༀ། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །རྃ་ཡྃ་ཁྃ་གསུམ་མེ་ཆུ་རླུང་གསུམ་གྱུར། །གཏོར་རྫས་མི་གཙང་དྲི་མ་བསྲེག་གཏོར་བཀྲུས། །གདོད་ནས་དག་པ་སྐྱེ་མེད་སྟོང་པ་ཉིད། །སྐྱེ་བའི་ཆོ་འཕྲུལ་རཾ་ཡཾ་ཀཾ་ཨ་ལས། །རླུང་མེ་ཐོད་སྒྱེད་སྟེང་དུ་ཀ་པཱ་ལ། །ཕྱི་དཀར་ནང་དམར་ཉི་ཟླའི་རང་བཞིན་སྣོད། །ཡངས་ཤིང་རྒྱ་ཆེའི་ནང་གི་ཕྱོགས་མཚམས་དབུས། །དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཤ་ཆེན་ལྔ། །དབུགས་སོང་དྲོད་མ་བྲལ་བ་ཆེ་ཞིང་ཚོ། །ཡེ་ཤེས་གསལ་བའི་སྒྲོན་མེ་བདུད་རྩི་ལྔ། །དྲོད་དང་མ་བྲལ་རླངས་པ་འཕྱུར་བའོ། །དེ་སྟེང་འབྲུ་གསུམ་ཡི་གེ་དཀར་དམར་མཐིང་། །རླུང་


SPN002_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་མེ་གཡོས་མེ་དཀྱིལ་དྲུག་ཏུ་འབར། །ཐོད་པ་དྲོས་ནས་དམ་རྫས་བཅུ་པོ་ཞུ། །དམ་ཚིག་བདུད་རྩིའི་རྒྱ་མཚོས་བྷནྡྷ་ཁེངས། །མཁའ་སྤྱོད་དག་པའི་ཞིང་ཁམས་ཐམས་ཅད་ནས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་གཉིས་མེད་ཐིམ། །ཧཱུྃ་ཞུ་ཐིམ་པས་ཐུགས་ཀྱི་བདུད་རྩི་སྔོ། །ཨཱཿཞུ་ཐིམ་པས་གསུང་གི་བདུད་རྩི་དམར། །ༀ་ཞུ་ཐིམ་པས་སྐུ་ཡི་བདུད་རྩི་དཀར། །ཧ་ཞེས་བརྗོ་པས་ཁ་དོག་མུ་ཏིག་མདོག །ཧོཿཞེས་བརྗོད་པས་དྲི་བཟང་དཔག་མེད་འཐུལ། །ཧྲཱིཿཞེས་བརྗོད་པས་རོ་བཅུད་ཕུན་སུམ་ཚོགས། །སྭཱ་ཞེས་བརྗོད་པས་དགོས་འདོད་ལྷུན་གྱིས་གྲུབ། །ཧཱ་ཞེས་བརྗོད་པས་མགྲོན་


SPN002_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དགྱེས་པ་བསྐྱེད། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱ། བདུད་རྩིའི་རླངས་པར་མཆོད་པའི་ལྷ་མོ་ནི། །བྱེ་བ་དུང་ཕྱུར་སངས་རྒྱས་ཞིང་ཀུན་ཁྱབ། །ཕྱག་ན་རིན་ཆེན་ལས་གྲུབ་བྷནྡྷའི་སྐྱོགས། །ཉི་ཟླའི་ཚད་ཙམ་བསྣམས་པས་བདུད་རྩི་གཅུས། །ལྷ་ཚོགས་སོ་སོའི་མདུན་དུ་བཏེགས་ཙམ་གྱིས། །ལྗགས་ལས་འོད་ཟེར་སྦུ་གུས་བདུད་རྩི་གསོལ། །མཉེས་ཤིང་ཚིམ་ནས་སྐུ་ལུས་བཀྲག་རྒྱས་གྱུར། །དེ་ནི་དམིགས་པས་བསྔོ་བའོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་དྷརྨ་པཱ་ལ་ཨི་དཾ་བ་ལིངྟི་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནི་སྔགས་ཀྱིས་བསྔོ་བའོ། །བསྡུ་ན་དེས་ཆོག །རྒྱས་པར་སྤྲོ་ན་བཛྲ་གུ་རུ་སོགས་དང་། ༀ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷརྟུ་ཨཱཿༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། དཔེ་གཅིག་ནང་འདི་བཞིན་འདུག །མཆན། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་རྩ་སྔགས་ལ་ཨི་དཾ་བ་ལིངྟ་ཁཱ་ཧི་བཏགས། ལག་པར་ཐལ་མོ་སྦྱར་ལ་ཁ་གྱེན་དུ་བསྟན་ནས་ཕྱེ་ལ་བྷནྡྷའི་དབྱིབས་བྱ། ཁཱ་ཧི་ཟེར་བ་ཙམ་ནས་སེ་གོལ་རེ་བཏབ། དེ་ནི་ཕྱག་རྒྱས་བསྔོ་བ་ཡིན། དེ་ནས་གྱེར་གྱི་བསྔོ་བ་ནི། ཧྲཱིཿཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད། །ཚེ་བདག་རིགས་ལྔ་ཡབ་ཡུམ་ལྷ་མོ་ལྔ། མགྱོགས་མ་བཞི་དངསྒོ་མ་བཞི་ལ་སོགས། །འཆི་མེད་ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་འདི་ལ་དཔེ་གཅིག་ནང་འདུག །མཆན།


SPN002_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །འཆི་མེད་ཚེ་དང་ནད་མེད་བདེ་བ་སྩོལ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཡབ་ཡུམ་སྲས་འཁོར་བསྐལ་བཟང་སངས་རྒྱས་སྟོང་། །ཐུགས་རྗེས་འགྲོ་འདུལ་ལྷ་ཚོགས་ཐམས་ཅད་ཀྱིས། །ཡེ་ཤེས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུགས་མཛོད། །སྤྲུལ་སྐུ་པདྨ་འབྱུང་གནས་ཐོད་ཕྲེང་ལྔ། །མཚན་བརྒྱད་འཕྲུལ་མཚན་བཞི་བཅུ་ཐམ་པ་དང་། །ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ལ་སོགས་པའི། །པད་འབྱུང་ཞི་བའི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། །སྐྱེ་འཆི་མེད་པའི་དངོས་གྲུབ་སྩལ་དུ་གསོལ། །དགའ་རབ་ཤྲཱི་སེང་རྒྱ་གར་རིག་འཛིན་བརྒྱད། །རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་བརྒྱད། །མཚུངས་མེད་རཱ་ག་ཨསྱ་ལ་སོགས་པ། །དབང་ལུང་མན་ངག་གང་ནས་བརྒྱུད་པ་ཡི། །རིག་འཛིན་སློབ་དཔོན་ལྷ་ཚོགས་ཐམས་ཅད་ཀྱིས། །ཡེ་ཤེས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །བྱིན་རླབས་འཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ། །དམར་ནག་མེ་ཕྲེང་ཡབ་ཡུམ་གོ་ཆའི་ལྷ། །དྲག་པོ་རིགས་བཞི་མཁའ་འགྲོ་སྡེ་བཞི་དང་། །ཕྲིན་ལས་ལྷ་བཞི་ཁྲོ་བཅུ་སྒོ་བར་བཅས། །རིག་འཛིན་ཁྲོས་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་ཱབ་ལིངྟ་ཡི་གཏོར་མ་བཞེས། །ལུས་ངག་ཡིད་གསུམ་བསྲུང་ཞིང་བསྐྱབ་ཏུ་གསོལ། །


SPN002_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་རིགས་ལྔ་ཞི་བ་བཞི་བཅུ་གཉིས། །ཁྲག་འཐུང་རིགས་དྲུག་འབར་བ་ལྔ་བཅུ་བརྒྱད། །སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། བར་དོར་རང་སར་གྲོལ་བར་མཛད་དུ་གསོལ། །ཆེ་མཆོག་དཔལ་དགུའི་དཀྱིལ་འཁོར་ལྷ་ཚོགས་ནི། །བདུན་བརྒྱ་ཉི་ཤུ་རྩ་ལྔ་ཐམས་ཅད་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། །ཕྱི་ནང་གསང་བའི་བར་ཆད་ཞི་བར་མཛོད། །བླ་མ་དགོངས་འདུས་རྩ་གསུམ་སྲུང་མའི་ཚོགས། །རྒྱུད་སྡེ་བཞི་དང་ཐེག་དགུའི་ལྷ་ཚོགས་ཀྱིས། །ཡེ་ཤེས་བདུད་རྩིའི་བ་ལིང་འདི་བཞེས་ལ། །སྲུང་སྐྱོབ་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ། །རྡོར་སེམས་རྣམ་འཇོམས་དཀར་པོ་གསང་བའི་བདག །རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་མཆོག་བཞི། །ཁྲོ་བཅུ་ཡབ་ཡུམ་ཁྲག་འཐུང་ཕུར་སྲུང་སོགས། །བདུད་འདུལ་ཕུར་བའི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མཆོད་བཞེས། །བདུད་དགྲ་དམ་སྲི་འདུལ་བའི་ཕྲིན་ལས་མཛོད། །རྡོ་རྗེ་འཇིགས་བྱེད་དུག་ཧྲུལ་ཡུམ་དང་བཅས། །དགྲ་ནག་གཤེད་དམར་ཕྱག་རྒྱ་ཟིལ་གནོན་སོགས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐམས་ཅད་ཀྱིས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །འཆི་བདག་གཤིན་རྗེའི་བར་ཆད་བཟློག་པར་མཛོད། །ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་དང་བཅས། །ཀིང་


SPN002_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཀང་དམར་ནག་འཆར་ཀ་ནག་གྱད་ཆེན། །མ་ཧཱ་ཱབ་ལིངྟ་ཡི་གཏོར་མ་བཞེས། །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །དབང་ཆེན་དམར་ནག་རིགས་བཞི་ཡུམ་དང་བཅས། །མེ་དབལ་གནོད་སྦྱིན་ལྕགས་སྡིག་བྱ་ཁྱུང་སོགས། །པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་ཀྱིས། །དམ་རྫས་བ་ལིང་མཆོད་པ་འདི་བཞེས་ལ། །སྣང་སྲིད་ཟིལ་གྱིས་གནོན་པའི་དངོས་གྲུབ་སྩོལ། །ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་པ་ཅན། །ཕག་ཁྲོས་ལ་སོགས་ཌཱ་ཀི་བྱེ་བ་འབུམ། །རི་རབ་སོ་གཉིས་རྡུལ་མཉམ་མཁའ་འགྲོ་དང་། །རིན་ཆེན་མཁའ་འགྲོ་དོན་གྲུབ་ལྷ་ལྔ་རྣམས། །དམ་ཚིག་རྫས་ཀྱི་བ་ལིང་འདི་བཞེས་ལ། །རྟེན་འབྲེལ་སྣ་ཚོགས་འཆར་བའི་ཕྲིན་ལས་མཛོད། །མ་ནིང་སྡེ་ལྔ་སྲོག་བདུད་དཔལ་འབར་མ། །ཡང་འཁོར་བརྒྱད་དང་བདུད་དམག་བྱེ་བ་འབུམ། །མགོན་ཆེན་བཞི་བཅུ་རྩ་ལྔ་ཐམས་ཅད་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། །ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛོད། །རེ་ཏི་མཆེད་གསུམ་དུད་སོལ་དམག་ཟོར་རྒྱལ། །སྲིད་པ་མོ་རྒྱུད་ཀུན་འདུས་སྲུང་མའི་གཙོ། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། །ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛོད། །སེང་གདོང་ཡབ་ཡུམ་བམ་རོ་སྡེ་བརྒྱད་དང་། །ནག་པོ་སྟོང་དང་ཤ་ཟ་འབུམ་གྱི་ཚོགས། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཕྲག་རྣམས། །


SPN002_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དུར་བདག་མགོན་དཀར་ངས་ནུས་སྤྱང་ཞོན་མཆེད། །དམ་རྫས་བ་ལིང་མཆོད་པ་འདི་བཞེས་ལ། །གསང་སྔགས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །རྣམ་སྲས་ཛམ་དམར་ཛམ་ལྷ་སེར་ནག་དཀར། །ནོར་ལྷ་ཕོ་དགུ་མོ་དགུ་ཚོགས་བདག་དང་། །ལྷ་མོ་དཔལ་ཆེན་མ་ཧཱ་དེ་ཝ་དང་། །ཆོས་ཀྱི་སྒྲོན་མ་ཚེ་རིང་མཆེད་ལྔ་དང་། །ཞང་བློན་སྤོམ་ར་ཨཱཪྱ་རེ་མནྟ། །ནོར་ལྷ་རྒྱ་མཚོར་གཏོར་མའི་མཆོད་པ་འབུལ། །ལོངས་སྤྱོད་ཆར་ལྟར་འབེབས་པའི་དངོས་གྲུབ་སྩོལ། །ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མ། ཨེ་ཀ་ཛ་ཊི་གཟའ་མཆོག་རཱ་ཧུ་ལ། །དགྲ་འདུལ་སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །བཀའ་སྲུང་གསུམ་པོས་དམ་རྫས་བ་ལིང་བཞེས། །རྫོགས་ཆེན་ཉམས་རྟོགས་འཕེལ་བའི་གྲོགས་མཛོད་ཅིག །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །བཙན་བདུད་ཀླུ་མགོན་སྤུ་གྲི་མཆེད་གསུམ་པོ། །དགེ་བསྙེན་ཉེར་གཅིག་གདོང་ལྷ་མཆེད་གསུམ་དང་། །རིགས་མཚུན་ལྷ་སྲུང་རྡོ་རྗེ་དགྲ་འདུལ་རྩལ། །དམག་རྒྱལ་སྤུན་གསུམ་འཁོར་བཅས་གཏོར་མ་བཞེས། །བདག་གི་ལས་ཀུན་འགྲུབ་པའི་གྲོགས་མཛོད་ཅིག །ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་དང་། །སྨྱོ་ཁ་མཁར་ནག་ཐང་ལྷ་ལ་སོགས་པའི། །གནས་བརྒྱད་མཚན་བརྒྱད་ལྡན་པའི་མཐུ་བོ་ཆེ། །ས་བརྒྱད་སེམས་དཔའ་ཆེན་པོས་མཆོད་གཏོར་བཞེས། །


SPN002_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་འགོང་དམ་སྲིའི་བར་ཆད་བསྲུང་བར་མཛོད། །པདྨ་གསུང་གི་བཀའ་སྲུང་ཆེན་མོ་དང་། །གནོད་སྦྱིན་གཞན་གྱིས་མི་ཐུབ་པ་དང་ནི། །ཡེ་ཤེས་གྲགས་དང་སྐྱེས་བུ་ལུང་བཙན་གཉེན། ནོར་བསྙག་ལ་སོགས་གསང་སྔགས་བསྟན་སྲུང་རྣམས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། །རྣལ་འབྱོར་བསམ་དོན་ལྷུན་གྲུབ་ཕྲིན་ལས་མཛོད། །ལྷ་སྲིན་ཀུན་གྱི་ནང་ནས་དམ་ཚིག་ཅན། །མཁའ་རི་ལྕམ་དྲལ་འཁོར་བཅས་གཏོར་མཆོད་བཞེས། །རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ། །བདག་དང་ཨོ་རྒྱན་མཇལ་བའི་མཇལ་ཁ་མཛོད། །སློབ་དཔོན་ཆེན་པོ་པདྨའི་སྤྱན་སྔ་རུ། །འཇིག་རྟེན་བོད་ཁམས་སྐྱོང་བར་ཞལ་བཞེས་པའི། །རྡོ་རྗེ་གཡུ་སྒྲོན་བསྟན་མའི་ཚོགས་དང་བཅས། །དཔལ་མགོན་བདུན་ཅུ་ཡུལ་ལྷ་གཞི་བདག་ཚོགས། །དམ་རྫས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །བདག་གི་ཕྲིན་ལས་ཀུན་འགྲུབ་མཐུན་རྐྱེན་མཛོད། །ཧཱུྃ། རིན་ཆེན་སྣོད་དམ་རང་བྱུང་བྷནྡྷའི་སྣོད། །རྩ་གསུམ་ཀུན་འདུས་གཏོར་མ་རིན་ཆེན་འབར། །ལོག་གསུམ་ནོར་བུ་རྩ་གསུམ་ལྷ་ཚོགས་མཉེས། །ཟུར་གསུམ་ཕོ་རྒྱུད་མོ་རྒྱུད་མ་ནིང་མཉེས། །གཏོར་སྨད་ཟླུམ་པོས་འཇིག་རྟེན་མགྲོན་ཀུན་མཉེས། །པད་འདབ་བཞིས་བསྐོར་རིགས་བཞི་མ་མོ་མཉེས། །ཀྱུ་གུ་བཞིས་མཚན་ཕྲིན་ལས་རྣམ་བཞི་འགྲུབ། །


SPN002_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་རྩི་དམར་རྩི་ཐབས་ཤེས་འདུ་འབྲལ་མེད། །མཆོད་པའི་སྤྲིན་འཕྲོས་སངས་རྒྱས་ཞིང་ཀུན་ཁྱབ། །དངོས་འབྱོར་བཤམས་པའི་རྟེན་འབྲེལ་དམ་རྫས་འདི། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཕྱི་སྣོད་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་ཐམས་ཅད་གཏོར་མར་བཤམས། །རི་རབ་བྱེ་བ་ཕྲག་བརྒྱའི་དཔལ་བཤོས་ལ། །ཉི་ཟླ་བྱེ་བ་ཕྲག་བརྒྱས་གཏོར་རྒྱན་སྤྲས། །གླིང་བཞི་བྱེ་བ་ཕྲག་བརྒྱའི་མཐེབ་ཀྱུས་བསྐོར། །ལྷ་ཀླུ་མི་ཡི་ལོངས་སྤྱོད་གཏོར་མའི་བཅུད། །སྣང་སྲིད་གཞིར་བཞེངས་རང་བྱུང་བ་ལིངྟ། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་ལྷ་ལ་འབུལ། །བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང་། །བདག་དང་འགྲོ་ཀུན་ཚོགས་རྫོགས་སྒྲིབ་སྦྱངས་ཏེ། །ཁམས་གསུམ་འཁོར་བ་སྟོང་པའི་ཕྲིན་ལས་མཛོད། །ༀ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་ཨ་མཆོད་ཡོན་ཏན་གྱིས་བསྐུལ་ནས་རཱ་ག་ཨ་སྱེས་རྟ་ལོ་ཐ་སྐར་ཟླ་བའི་སྔ་དྲོའི་ཐུན་ལ་སྨྲས། ཡི་གེ་པ་ནི་ཤཱཀྱའི་དགེ་སློང་པདྨ་ཐབས་མཁས་ཀྱིས་བྲིས་པའོ། །ཆོས་སྐྱོང་གྲིབ་མ་བཞིན་འཁོར་བར་ཤོག །ཅེས་རྗེ་ཀརྨ་ཆགས་མེད་ཞབས་ཀྱིས་མཛད་པ་ལ། གཏོར་མགྲོན་དམིགས་བསལ་ཁ་ཤས་འཛུད་དགོས་ཞེས། གར་དབང་རིན་པོ་ཆེ་མཆོག་གིས་


SPN002_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གནང་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་བགྱིས་པ་འགལ་བ་མཆིས་ན་རྩ་གསུམ་ལྷ་ལ་བཤགས་ཤིང་། དགེ་བས་འགྲོ་རྣམས་ཀུན་བཟང་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཅིག །། །


previousཐུགས་དམ་ནང་གི་གཏོར་བསྔོས། next