Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
པར་བྱང་སྨོན་ཚིག


 
previousཔར་བྱང་སྨོན་ཚིགno next

པར་བྱང་སྨོན་ཚིག


SPN002_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷ་བཛྲ་དྷ་ར་ཡེ། ཟག་བྲལ་རང་བཞིན་འདུས་མ་བྱས་པ་དོན་དམ་ཆོས་ཉིད་ལྷུན་གྲུབ་འགྱུར་བ་མེད་པའི་རྩལ་དང་མདངས། །ཟག་བཅས་འགྲོ་བའི་འདུས་བྱས་ཀུན་རྫོབ་ཡིད་ཀྱི་དབང་པོར་གདོད་ནས་ལས་སྨོན་ཇི་བཞིན་གསལ་བ་ནི། །ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་དབང་གང་འདུལ་རོལ་པར་དུས་མེད་རྒྱུན་གྱི་འཁོར་ལོ་ཤར་བ་ཉིད། །དག་གཙང་མོས་གུས་སེམས་བསྐྱེད་ལས་འཁྲུངས་བརྒྱུད་པའི་བྱིན་རླབས་ཚོགས་གཉིས་ཡེ་ཤེས་གནས་ལུགས་གཞི་ལ་འཁྲུངས། །རབ་འབྱམས་མཐའ་ཡས་ཞིང་ཀུན་ཏུ། །རྫོགས་པའི་སངས་རྒྱས་བགྲང་ཡས་ཀྱང་། །ཞིང་འདིའི་རྣམ་འདྲེན་བཞི་པ་ནི། །བདག་སོགས་གདུལ་བྱའི་སྐྱབས་ཀྱི་མཆོག །ཉིད་ཀྱི་ཟབ་གསལ་དམ་པའི་ཆོས། །གང་འདུལ་དེར་སྣང་མཐའ་ཡས་པ། །བརྒྱུད་འཛིན་པཎ་གྲུབ་ཚོགས་རྣམས་ཀྱིས། །ཐེག་པ་གསུམ་དུ་བསྡུས་ཏེ་སྤེལ། །ཉན་ཐོས་ཐེག་པའི་ལྟ་སྒོམ་སྤྱོད། །རྣམ་གྲངས་མང་ཡང་སྙིང་པོའི་དོན། །སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ། །ཞི་ལྷག་ཟུང་འཇུག་ཉམས་ལེན་ཉིད། །ཐེག་ཆེན་ཟབ་མོ་ལྟ་བ་དང་། །རྒྱ་ཆེན་སྤྱོད་པ་སྟོང་རྟེན་འབྱུང་། །སྨོན་འཇུག་སེམས་བསྐྱེད་ཚད་མེད་ཀུན། །ཕ་རོལ་ཕྱིན་པ་དྲུག་ཏུ་འདུས། །རྡོ་རྗེ་ཐེག་པའི་གཞི་ལམ་འབྲས། །རྒྱུད་སྡེ་བཞི་དྲུག་བསྐྱེད་རྫོགས་ཀུན། །སྙིང་པོ་ཕྱག་རྫོགས་མན་ངག་དང་། །ཡང་སྙིང་ཟུང་འཇུག་རྣལ་འབྱོར་ཆེ། །སྔར་བྱོན་མེས་པོ་བཀའ་དྲིན་ཅན། །རྒྱ་བལ་པཎ་གྲུབ་ཆེ་རྣམས་དང་། །བོད་ཀྱི་སྐྱེས་ཆེན་ལོ་ཙཱ་བ། །ཆོས་རྒྱལ་དད་འབངས་བཅས་པ་ཀུན། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །བཀའ་དང་དེ་འབྲེལ་བསྟན་བཅོས་ཚོགས། །གཞུང་རྒྱུད་ཁྲིད་དང་མན་ངག་བཅས། །


SPN002_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་བར་ཕྱི་མར་བསྒྱུར་ཅིང་ཞུས། །རྒྱལ་བའི་གདུང་འཚོབ་འཚོ་སྐྱེས་རྗེ། །གྲུབ་པའི་དབང་ཕྱུག་དུ་མ་ཡི། །གསར་རྙིང་གཏེར་ཁ་ལས་འཁྲུངས་པའི། །ཟབ་ཆོས་ཉེ་བརྒྱུད་དུས་སུ་སྨིན། །རྙིང་མ་ལམ་འབྲས་བཀའ་གདམས་པ། །མར་པ་བཀའ་བརྒྱུད་ཤངས་པ་དང་། །ཞི་བྱེད་སྦྱོར་དྲུག་རྡོ་རྗེ་བསྙེན། །ཤིང་རྟ་བརྒྱད་ཀྱི་བརྒྱུད་པ་འཁྲུངས། །སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། །བར་གྱི་དབུས་གཙང་རུ་བཞི་དང་། །སྨད་ཀྱི་མདོ་ཁམས་སྒང་དྲུག་ཏུ། །བསྟན་པའི་རྩ་བ་ཟབ་ཅིང་བརྟན། །སྟོན་མཆོག་ཐུབ་པའི་དབང་པོ་དང་། །གུ་རུའི་ལུང་བཞིན་སྒྱུ་འཕྲུལ་གར། །རྒྱལ་ཚབ་བྱམས་མགོན་ཆོས་ཀྱི་རྗེ། །མངའ་བདག་མར་པ་ལོ་ཙཱ་བྱོན། །རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། །ན་རོ་མཻ་ཏྲི་ལ་སོགས་བསྟེན། །གདམས་ངག་ཟབ་དགུ་མ་ལུས་པ། །བོད་དུ་སྤྱན་དྲངས་སློབ་ཚོགས་བསྐྱངས། །ཡང་སྤྲུལ་འགྲོ་མགོན་རས་ཆེན་དང་། །རྒྱལ་བའི་དབང་པོ་ཀརྨ་ཀ། དམ་ཚིག་གོང་བུ་གཅིག་ཏུ་བརྒྱུད། །གདན་ས་ཀརྨ་རིན་ཆེན་གླིང་། །གྲུབ་ཆེན་ཆོས་ཀྱི་རྒྱལ་མཚན་ཉིད། །གོང་མ་གཡུང་ལོས་གཙུག་ཏུ་བཀུར། །སྐུ་ཡི་ཕྲེང་བ་བརྒྱད་པ་ནི། །ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་འཁྲུངས། །བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་གི། །མགར་བློན་རིག་པ་ཅན་གྱི་རྒྱུད། །སྡེ་དགེ་ཆོས་རྒྱལ་ཆེན་པོ་ཡིས། །དབུ་ཡི་མཆོད་གནས་གཙུག་ན་འཛིན། །མདོ་སྔགས་རྒྱུད་ལུང་མན་ངག་དང་། །གཞུང་ལུགས་རིག་གནས་མ་ལུས་པའི། །ཆུ་མགོ་ཀུན་ཕན་འཛམ་གླིང་རྒྱན། །དཔལ་ཀུན་སྤུངས་པའི་གདན་ས་བཏབས། །༧གོང་ས་བསྐལ་བཟང་རྒྱ་མཚོའི་དབུས། །བསྟན་འཛིན་སྐྱེས་ཆེན་དུ་མ་དང་། །ཐུགས་ཡིད་བསྟན་པའི་རྒྱན་དུ་གཅིག །མཐའ་དབུས་རྒྱལ་བློན་


SPN002_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་བཅས་བཀུར། །པདྨའི་ལྗགས་ལྡན་ཉིན་བྱེད་དབང་། །འགྲོ་མགོན་མཁྱེན་ཀོང་མཆོག་གསུམ་གྱིས། །བསྟན་པའི་ཉི་མ་དགུང་ལ་བསྟོད། །ཕྲིན་ལས་ཐ་གྲུ་ཀུན་ཏུ་རྒྱས། །དགོན་ལག་བརྒྱ་དང་བརྒྱད་ཅུ་དང་། །དགོན་ཕྲན་སྟོང་དང་རྩ་གཉིས་སོགས། །ཆོས་སྡེ་ཆེན་པོ་བཅུ་གསུམ་བཅས། །བོད་དང་བོད་ཆེན་ལྗོངས་ཀུན་ཁྱབ། །དུས་རབས་ཉི་ཤུའི་གཞུང་གི་མཐར། །འདུས་བྱས་ཆོས་ཉིད་མི་རྟག་བཞིན། །གངས་ལྗོངས་རྒྱལ་བསྟན་སྤྱི་བྱེ་བྲག །སྣུམ་ཟད་མར་མེ་བཞིན་དུ་གྱུར། །སྟོན་པའི་ཐུགས་བསྐྱེད་ཚད་མེད་སྟོབས། །བསྟན་པའི་ཕྲིན་ལས་མ་རྫོགས་ཤིང་། །གདུལ་བྱའི་བསོད་ནམས་མ་ཟད་པས། །ལུང་རྟོགས་བསྟན་པའི་ཉི་མ་ཤར། །སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན། །རྒྱལ་བའི་དབང་པོ་རྡོ་རྗེ་འཆང་། །རང་བྱུང་རིག་པའི་རྡོ་རྗེ་རྩལ། །ཁོ་བོའི་རིགས་ཀྱི་བདག་པོར་བཞུགས། །སངས་རྒྱས་དངོས་སྣང་ཆོས་ཀྱི་རྗེས། །སོ་བྱང་སྔགས་ཀྱི་གདམས་པ་དང་། །ཟུང་འཇུག་མན་ངག་ཡང་ཟབ་ཀུན། །བུམ་པ་གང་བྱོའི་ཚུལ་དུ་བསྩལ། །གསུམ་ལྡན་རྡོ་རྗེ་འཛིན་པ་ཡི། །སྐྱེས་ཆེན་མཁན་སློབ་དུ་མའི་དྲུང་། །རིག་གཞུང་དབང་ལུང་མན་ངག་ཚོགས། །རང་བློ་ཚིམས་པའི་བཀའ་དྲིན་ཐོབ། །རྒྱ་མཚོ་ཆུ་ཐིགས་དཔེ་ཇི་བཞིན། །འཕགས་ཡུལ་བྱང་ཕྱོགས་དབེན་གནས་སུ། །གདན་ས་དཔལ་སྤུངས་ཤེས་རབ་གླིང་། །གོང་མའི་མཛད་རྗེས་བསྐྱང་ཕྱིར་བཏབས། །བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ། །ངལ་བ་བརྒྱ་ཕྲག་ཁུར་ཁྱེར་ཏེ། །ལྟོས་བཅས་རྗེས་འཇུག་ལྷག་བསམ་ཅན། །གདུང་ཤུགས་ཕྱར་བ་གྲུ་འདེགས་བྱས། །རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས། །དེ་འཛིན་བཤད་དང་སྒྲུབ་པའི་སྡེ། །


SPN002_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་གསུང་རབ་དམ་པའི་ཆོས། །ཡང་སྙིང་དམ་གཙང་བརྒྱུད་པ་ཉིད། །གསུང་རབ་བཀའ་དང་བསྟན་བཅོས་དང་། །རིག་གནས་རྒྱལ་རབས་ཆོས་འབྱུང་སོགས། །ཉམས་པ་གསོ་ཞིང་སྤེལ་བ་ནི། །བསྟན་འགྲོའི་དོན་ཆེན་ཡིན་པར་མཐོང་། །དཔལ་སྤུངས་ཆོས་ཀྱི་བང་མཛོད་དུ། །བཞུགས་པའི་མདོ་སྔགས་རིག་གཞུང་ཀུན། །དུས་རབས་གསར་བའི་ལག་རྩལ་གྱིས། །ཕྱི་མོ་ཉིད་དུ་པར་བསྐྲུན་བྱས། །འབད་བརྩོན་ལྷག་བསམ་ཞབས་འདེགས་ཀུན། །དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་། །སྤྲོ་བཞིན་བསྒྲུབས་པའི་འགན་འཛིན་དང་། །ལས་བྱེད་ཡོངས་ཀྱིས་འབད་དེ་བསྒྲུབས། །བཟང་པོའི་བྱ་བ་འདིར་འབྲེལ་ཀུན། །འདི་ཕྱི་ཀུན་ཏུ་དགེ་བ་དང་། །བསྟན་དང་འགྲོ་ལ་ཕན་པའི་ཕྱིར། །སྐྱབས་གནས་དམ་པས་དགེ་ལེགས་སྩོལ། །གང་ཞིག་སྔོན་ཚེ་འཕགས་མཆོག་ཀུན་ཏུ་བཟང་པོའི་སྨོན་ལམ་བཞིན། །རྒྱལ་དང་དེ་སྲས་མཁས་གྲུབ་དགོངས་བཅུད་གསུང་རབ་སྤེལ་བ་འདིས། །བསྟན་པ་རིན་ཆེན་འདི་ཉིད་དར་རྒྱས་ཡུན་དུ་གནས་པ་དང་། །འགྲོ་ཀུན་བདེ་བའི་ལམ་བཟང་མཐོང་བའི་མིག་ཏུ་འགྱུར་བར་ཤོག །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་བདུད་རྩིའི་ཆར་རྒྱུན་རིགས་དྲུག་འགྲོ་བའི་གཙུག་ན་བབས། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་ལ་སོགས་ལྷ་ཡི་ཚོགས་ཀྱིས་སྨན་སྤྲིན་མེ་ཏོག་མཛེས་པས་ལྗོངས་ཀུན་གཏམས། །སྐྱེ་འགྲོ་ཡོངས་ཀྱི་སེམས་རྒྱུད་གདོད་ནས་དག་པའི་བྱིན་རླབས་ཡེ་ཤེས་བཟང་པོ་ལྷུན་གྲུབ་ནང་ནས་གྲོལ། །འཇིག་རྟེན་ཁམས་ཀུན་ཟག་པ་མེད་པའི་སྐལ་བཟང་དགའ་སྟོན་རྫོགས་ལྡན་ཞིང་མཆོག་རྟག་ཏུ་མངོན་གྱུར་ཤོག །ཅེས་པ་འདི་ཉིད་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་


SPN002_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྣམ་པར་རྒྱལ་བའི་གླིང་གི་གསུང་རབ་ཉམས་གསོ་ཁང་ནས་རྒྱལ་བའི་བཀའ་དང་དེ་འབྲེལ་བསྟན་བཅོས། མཁས་གྲུབ་རྣམས་ཀྱི་གསུང་རབ་ཁྲིད་ཡིག །བཀའ་འབུམ། གཏེར་ཆོས། གདངས་དབྱངས། གར་འཆམ། མཆོད་བཞེངས་སོགས་ཆོ་ག་ཕྱག་ལེན། རིག་གནས། རྒྱལ་རབས་ཆོས་འབྱུང་སོགས་ཡོད་དོ་ཅོག་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཆེད་པར་བསྐྲུན་བགྱིད་རྒྱུའི་ཐོག་མར་གདན་ས་ཆེན་པོ་ཤར་སྡེ་དགེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་པར་ཁང་དམ་ཆོས་བང་མཛོད་དུ་བཞུགས་པའི་དཔེ་ཆ་ཡོངས་རྫོགས་པར་བསྐྲུན་བྱེད་པའི་སྐབས་པར་བྱང་སྨོན་ཚིག་ཏུ་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་ཀྭན་ཏིང་ཏཱའི་སི་ཏུ་པས་བོད་རབ་བྱུང་༡༧པའི་ཤིང་བྱ་ཟླ་༥ཚེས་༤ཡེ་ལོ་༢༠༠༥ཟླ་༧ཚེས་༡༠ཉིན་ཤར་མར་བྲིས་པ་དགེ་ལེགས་འཕེལ། ཤྲཱི་བི་ཛ་ཡནྟུ།། །


previousཔར་བྱང་སྨོན་ཚིགno next