Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  expand section
  expand section
   
   
སྤྲིངས་ཡིག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་རྡོ་རྗེ་བདུད་རྩིའི་གཏེར་མཛོད།
   
  expand section
  expand section
   
   
   
   
   
  expand section
   


 
previousསྤྲིངས་ཡིག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་རྡོ་རྗེ་བདུད་རྩིའི་གཏེར་མཛོད།next

སྤྲིངས་ཡིག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་རྡོ་རྗེ་བདུད་རྩིའི་གཏེར་མཛོད།


SPN003_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིངས་ཡིག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་རྡོ་རྗེ་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས།།


SPN003_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཁྲག་འཐུང་ཆེན་པོ་ཁྲོ་རྒྱལ་འབར་བའི་བདེན་པས། སྣང་སྲིད་ཀྱི་འབྱུང་རིགས་སྤྱི་ལ་ཟློ་བ། དེང་འདིར་མི་ནོར་འཁོར་དང་བཅས་པ་འདི་དག །ཁོ་བོས་དཀོན་མཆོག་ལ་སྐྱབས་སུ་གསོལ་ཡོད་པས། གནོད་པ་དང་འཚེ་བའི་བསམ་སྦྱོར་རིང་དུ་སྤོངས་བར་གྱིས། གལ་ཏེ་བཀའ་འདས་ལོག་པར་གྱུར་ཚེ། དཔལ་ཡེ་ཤེས་ཀྱི་ཁྲོ་བོ་ཆེ་མཆོག་འབར་བའི་གཟི་བྱིན་གྱིས་བརླག་པར་གྱུར་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ།། ༈ །།ལྷ་མཆོག་རྡོ་རྗེ་གཞོན་ནུའི་བཀའ་བདེན་པས། །སྣང་ཞིང་སྲིད་པའི་འབྱུང་པོ་མཆིས་སོ་ཅོག །གསོན་ཅིག་དེང་འདིར་བསྲུང་བར་བྱ་བ་ཡི། །མི་ནོར་ཕྱུགས་ལ་གནོད་ཅིང་ཉེར་འཚེའི་རིགས། །སྦྱོར་ངན་


SPN003_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་འགལ་རྐྱེན་སྤོངས་བར་གྱིས། །ཅི་སྟེ་མི་ཉན་འཚེ་བར་བྱེད་གྱུར་ན། །ཡེ་ཤེས་ཁྲོ་ཆེན་འབར་བའི་ནུས་རྩལ་གྱི། །ཞུགས་ཆར་དྲག་པོས་ལུས་སྲོག་བརླག་ཏ་རེ།། ཧཱུྃ་ཧཱུྃ་ཧཱུྃ། ཁྲག་འཐུང་པདྨ་དྲག་པོའི་བཀའ་བདེན་པས། །གང་ཞིག་རྣལ་འབྱོར་བྱང་ཆུབ་སྤྱོད་པ་ལ། །འཚེ་བའི་ལོག་འདྲེན་གཟུགས་ཅན་གཟུགས་མེད་ཀྱིས། །ཐོ་འཚམ་གླགས་ལྟའི་བར་ཆད་མ་བྱེད་ཅིག །གལ་ཏེ་བཀའ་འདས་དམ་ལས་འགལ་གྱུར་ན། །ཁྲོ་རྒྱལ་སྟོབས་འདུས་འབར་བའི་གཟི་བྱིན་གྱིས། །མེ་ཡི་ཚ་ཚ་སྐར་མདའ་ལྟར་འཕྲོས་ནས། །ཐལ་བར་བརླག་པར་འགྱུར་བར་གདོན་མི་ཟ། །རཀྵ་རཀྵ་ཧཱུྃ།། །།དཀོན་


SPN003_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་གྱི་བདེན་པའི་མཐུ་ལས། །དེང་འདིར་བསྲུང་བྱ་དམ་ལྡན་འདི་ལ། །གནོད་པའི་སེམས་འཆང་འདྲེ་གདོན་འབྱུང་པོ། །རང་རིག་ཕུང་ཁམས་དཔེ་ཟླར་ལོངས་ལ། །གདོད་ནས་འགྲོ་ཀུན་མ་བུར་འབྲེལ་བ། །མ་རིག་འཁྲུལ་འབྱམས་དབང་གིས་བསྒྲིབས་ཀྱང་། །དེང་བཟུང་བྱམས་པའི་སེམས་ཀྱི་ངང་ནས། །གླགས་ལྟའི་བསམ་སྦྱོར་མྱུར་བར་སྤོངས་ཤིག །ཧཱུྃ་ཧཱུྃ་ཧཱུྃ།། །།དཔལ་ཁྲག་འཐུང་གི་རྒྱལ་པོ་ཁྲོ་བོ་ཆེན་པོའི་བདེན་པས། སྣང་ཞིང་སྲིད་པའི་འབྱུང་པོ་ཡིད་ཀྱི་ལུས་ཅན་ཡོངས་ལ་བཟློ་བ། དེང་ཞིང་ཡུལ་ལྗོངས་འདི་རྣམས་དཀོན་མཆོག་ལ་སྐྱབས་སུ་གསོལ་ཡོད་པས། གནོད་ཅིང་འཚེ་བའི་བསམ་པ་མཐའ་དག་རིང་དུ་སྤོངས་ལ་ཞི་དང་བྱམས་པའི་སེམས་ཀྱིས་སྐྱོངས་བར་གྱིས། བསྒོ་བ་ལས་འདས་ན་རྒྱུ་འབྲས་བླང་དོར་གྱི་བདེན་པས་བརླག་པར་འགྱུར་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ།། །།དཔལ་ཡེ་ཤེས་ཀྱི་ཁྲོ་ཆེན་ཧྱ་གྲྀ་ཝའི་ལུང་། སྣང་སྲིད་ཀྱི་ལྷ་ཀླུ་གཞི་བདག་འབྱུང་པོ་མཐུ་བོ་ཆེ་རྣམས་དང་། བྱེ་བྲག་སྲོག་བཅད་དབུགས་ལེན་གྱི་གཤེད་མར་རློམ་པའི་འདྲེ་སྲིན་ཕྲའུ་རྣམས་ལ་མཆིད་སྨྲ་བ། དེང་མི་ནོར་འཁོར་དང་བཅས་པ་དཀོན་མཆོག་ལ་སྐྱབས་སུ་གསོལ་ཡོད་པས། གནོད་ཅིང་མི་དགེའི་མཚན་ལྟས་ཀྱི་རིགས་རིང་དུ་སྤང་བར་གྱིས་ལ། མ་བུ་བཞིན་སྙིང་རྗེའི་གནས་ཡངས་པར་


SPN003_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཅིག །གལ་ཏེ་ཐོ་འཚམ་གླགས་ལྟར་གྱུར་ན་རྡོ་རྗེའི་མེ་ཆར་གྱིས་བསྡིག་པར་འགྱུར་རོ།། ཧཱུྃ་ཧཱུྃ་ཧཱུྃ།། །།དཀོན་མཆོག་བདེན་པའི་མཐུ་བྱིན་གྱིས། །དེང་འདིར་ཞིང་སར་གནོད་བྱེད་པའི། །འབྱུང་ཚོགས་གླགས་ལྟར་གྱུར་པ་རྣམས། །ཞི་དང་བྱམས་པའི་སེམས་ལྡན་བྱོས། །ཧཱུྃ་ཧཱུྃ་ཧཱུྃ།། །།དཔལ་པདྨ་ཐོད་ཕྲེང་རྩལ་གྱི་བྱིན་རླབས་འདིས། །སྣང་སྲིད་ཀྱི་འབྱུང་རིགས་ཀུན་ལ་མཆིད་སྨྲ་བ། དེང་འདིར་བསྲུང་བྱ་མི་ནོར་འདི་དག་ཁོ་བོས་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཡོད་པས་གནོད་སེམས་མི་མཐུན་ཉེར་འཚེའི་ལས་ཡོངས་སུ་སྤང་བར་གྱིས། སྤྱིར་གདོད་ནས་མ་བུར་འབྲེལ་བའི་བསམ་པ་དག་ཀྱང་བཟུང་ལ། ཞི་ཞིང་དགེ་བའི་ངང་ནས་བྱམས་པའི་སེམས་དང་ལྡན་པར་སྤྱོད་ན་འཕྲལ་ཡུན་དུ་བདེ་བའི་བཙས་སུ་སྨིན་ཞིང་། གལ་ཏེ་བཀའ་འདས་ཉམས་པའི་གནས་གྱུར་ཚེ། ཆེ་མཆོག་དྲག་པོ་ཧེ་རུ་ཀའི་གཟི་བྱིན་གྱིས་བརླག་པར་འགྱུར་བ་གདོན་མི་ཟའོ། །ཧཱུྃ་ཧཱུྃ་ཧཱུྃ།། །།ཡེ་ཤེས་དབྱིངས་ལས་ཁྲོ་བོའི་སྐུར། །བཞེངས་པའི་དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་གཞོན་ནུའི་བདེན་པ་ཡིས། །དེང་འདིར་བསྲུང་བྱ་མི་ནོར་ཀུན། །མཆོག་གསུམ་མགོན་ལ་སྐྱབས་སོང་བས། །ཉེར་འཚེ་ཕྲ་རགས་རིང་སྤངས་ནས། །ཞི་དང་བྱམས་བའི་སེམས་ལྡན་ངང་། །རང་ལུས་དཔེ་རུ་མཚོན་གྱིས་ལ། གཞན་ལ་གནོད་སེམས་སྤང་བར་བྱོས། །གལ་ཏེ་བཀའ་འདས་འཚེ་བྱེད་ན། །ཁྲོ་བོ་འབར་བའི་མཐུ་སྟོབས་ཀྱིས། །བརླག་པར་འགྱུར་གྱི་ཐ་ཚིག་ཉོན། །ཧཱུྃ་ཧཱུྃ་


SPN003_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཞེས་དཀོན་མཆོག་ལྷ་བཙན་ངོར་སྤེལ་བ་དགེ། །།རང་བྱུང་ཡེ་ཤེས་ཁྲོ་བོའི་རྒྱལ། །རྡོ་རྗེ་གཞོན་ནུའི་བདེན་པའི་མཐུས། །སྣང་དང་མི་སྣང་འབྱུང་ཚོགས་ཉོན། །དེང་འདིར་བསྲུང་བྱར་འོས་པ་འདི། །དཀོན་མཆོག་གསུམ་ལ་སྐྱབས་གསོལ་བས། །ཕྱིན་ཆད་གླགས་ལྟའི་བསམ་སྤྱོར་སྤོངས། །གལ་ཏེ་བཀའ་འདས་དམ་འགལ་ན། ཁྲོ་བོའི་མེ་ཆར་དྲག་པོ་ཡིས། །ལུས་སྲོག་ཐལ་བར་བརླག་ནས་ཀྱང་།། རྒྱུ་འབྲས་བླང་དོར་བསླུ་མེད་མཐུས། །ན་རཀ་དུཿཁ་མྱོང་བར་འགྱུར། །དེ་བས་རྡོ་རྗེའི་ཐ་ཚིག་ཉོན། །ཧཱུྃ་ཧཱུྃ་ཧཱུྃ། ཆོས་དབྱིངས་རོལ་པའི་ཀློང་ནས། རྒྱ་དར་རྒྱས་ངོར་སྤེལ། ཆོས་དབྱིངས་ངང་ལས་ཁྲོ་བོའི་སྐུ། །ནག་པོ་ཆེན་པོ་རྡོ་རྗེ་བེར། །ཐུགས་རྗེའི་མཐུ་སྟོབས་བདེན་པའི་མཐུས། །དེང་འདིར་བསྲུང་བྱ་མི་ནོར་ཀུན། །སྣང་སྲིད་འབྱུང་པོའི་གླགས་ལྟའི་སེམས། །སྦྱོར་བ་ངན་པ་སྤོངས་བར་གྱིས། །གལ་ཏེ་དམ་འགལ་འཚེ་བྱེད་ན། །བཀའ་ཡི་ཆད་པས་བསྡིག་པར་འགྱུར། །ཧཱུྃ་ཧཱུྃ་ཧཱུྃ། བྲོ་ཟོང་སྒྲོལ་མ་ཚེ་རིང་ངོར་སྤེལ། པདྨ་ཁྲག་འཐུང་བདེན་པའི་མཐུས། །གང་ཞིག་བསྲུང་བྱ་མི་ནོར་བཅས། །སྣང་སྲིད་འབྱུང་པོས་གནོད་འཚེ་སྤོངས། །བཀའ་འདས་གྱུར་ཚེ་ཆད་པས་བསྡིགས།། ཧཱུྃ་ཧཱུྃ་ཧཱུྃ། དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་མེས་དཔལ་ཆེ་མཆོག་གུ་རུ་དྲག་པོའི་བདེན་པས། དེང་འདིར་བསྲུང་བྱ་འཁོར་དང་བཅས་པ་དཀོན་མཆོག་ལ་སྐྱབས་གསོལ་བས། སྣང་ཞིང་སྲིད་པའི་འབྱུང་བོ་ཡིད་ཀྱི་ལུས་ཅན་མཐའ་དག་གིས་མནོད་སེམས་སྦྱོར་ངན་གྱི་འཚེ་བ་སྤོངས་བར་གྱིས། གལ་ཏེ་བཀའ་འདས་ལོག་པར་གྱུར་ཚེ་ཁྲོ་བོའི་མེ་


SPN003_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་དྲག་པོས་ལུས་སྲོག་ཐལ་བར་བརླག་ནས་རྒྱུ་འབྲས་མི་བསླུ་བའི་བདེན་པས་ན་རཀ་དུཿཁ་མྱོང་བར་གྱུར་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ། ཆོས་དབྱིངས་སྟོང་ཆེན་ཀློང་ནས་བྲིས།། །།དཔལ་རྡོ་རྗེ་གྲོ་ལོད་ཀྱི་བདེན་པས། དེང་འདིར་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་མཆོག་གསུམ་ལ་སྐྱབས་སུ་གསོལ་བས། ཕྱིན་ཆད་འཚེ་བར་མ་ལྡང་ཞིག ། ཧཱུྃ་ཧཱུྃ་ཧཱུྃ།། །།དཀོན་མཆོག་ཀུན་འདུས་པདྨ་འབྱུང་། །དྲག་པོར་བཞེངས་པ་ཁྲོ་བོ་ལོད། །གང་གི་ཡེ་ཤེས་ཉི་འོད་ཀྱིས། །བདུད་དགྲ་ལོག་རྟོག་མུན་ཚོགས་བཅོམ། །བསྲུང་བར་བྱ་བའི་དམ་ལྡན་འདི། །བར་ཆད་གཡུལ་ལས་རྣམ་རྒྱལ་ཞིང་། །གཏན་བདེ་དམ་པའི་ཆོས་བསྒྲུབ་པར། །འབྱུང་ཚོགས་གླགས་ལྟར་མ་བྱེད་ཅིག ཧཱུྃ་ཧཱུྃ་ཧཱུྃ།། །།དཔལ་ཆེན་ཁྲོ་རྒྱལ་ཧེ་རུ་ཀ །བགེགས་མཐར་བྱེད་ཀྱི་བདེན་པའི་མཐུས། །འབྱུང་པོའི་རིགས་རྣམས་འདིར་ཉོན་ཅིག །དེང་འདིར་བསྲུང་བྱ་མི་ནོར་བཅས། །མཆོག་གསུམ་དམ་པར་སྐྱབས་གསོལ་བས། །ཕྱིན་ཆད་འཚེ་བར་མ་བྱེད་ཅིག། གལ་ཏེ་བཀའ་འདས་དམ་འགལ་ན། །དྲག་པོའི་མེ་ཡིས་བརླག་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ།། །།ཆེ་མཆོག་རྡོ་རྗེ་དྲག་རྩལ་གྱི། །བཀའ་ཡི་བདེན་པ་ཟབ་མོ་ཡིས། །དེང་འདིར་བསྲུང་བྱ་འདི་ཀུན་ལ། །གནོད་བྱེད་གདོན་བགེགས་འབྱུང་པོ་ཡིས། །ཉེས་


SPN003_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་པ་རབ་སྤོངས་ཤིག །གང་ཞིག་བསྒོ་བ་ལས་འདས་ན། །ཡེ་ཤེས་ཁྲོ་བོ་ཆེན་པོ་ཡི། །རྡོ་རྗེ་མེ་ཆར་འབར་བས་ནི། །བརླག་གྱུར་སྡུག་བསྔལ་མྱོང་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ།། རང་རིག་ཀ་དག་སྤྲོས་མེད་ཀྱི་ཀློང་ནས་སྤྲིངས་པའོ།། ཁྲོ་རྒྱལ་གདུག་པ་འདུལ་བའི་གཙོ། །ཧེ་རུ་ཀ་ཡི་བདེན་པའི་མཐུས། །སྣང་ཞིང་སྲིད་པའི་འབྱུང་པོའི་ཚོགས། །མ་ལུས་ལུས་མེད་གྱུར་རྣམས་ལ། །ཐ་ཚིག་གཉེན་པོ་འདི་བསྒྲག་གོ། །སྤྱིར་གྱི་སེམས་ཅན་ཐམས་ཅད་ཀུན། །གདོད་ནས་མ་བུར་འབྲེལ་བ་ལྟར། །དེས་ན་གནོད་སེམས་གླགས་ལྟའི་རིགས། །ཕྲ་བའང་རིང་དུ་སྤང་བྱ་སྟེ། །དེ་ལྟའི་རྒྱུ་དང་འབྲས་བུ་ཡིས། །མཐར་ཐུག་བདེ་དགའི་དཔལ་ཐོབ་འགྱུར། །བཀའ་ལས་ལོག་པར་འཚེ་བྱེད་ན། །ཁྲོ་བོ་རོལ་པའི་གཟི་བྱིན་གྱིས། །ལུས་སྲོག་ཐལ་བའི་རྡུལ་ཕྲན་ལྟར། །བརླག་པར་འགྱུར་གྱི་ངན་སོང་གི། །གཡང་ས་ཆེན་པོར་ལྟུང་ཉེན་ནོ། །ཧཱུྃ་ཧཱུྃ་ཧཱུྃ། མཐའ་ཀླས་སྟོང་ཆེན་གྱི་དབྱིངས་ནས་སྤྲིངས་བའོ།། སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་རྣམས། །ཉོན་ཅིག་པདྨ་དྲག་རྩལ་བཀའ་བདེན་པས། །ཡུལ་རིས་རྒྱལ་ཁམས་གྲོང་ཁྱེར་འདི་ཉིད་དུ། །འཚེ་བའི་བསམ་སྦྱོར་གདུག་པའི་ལས་གང་དག །རང་ལུས་དཔེ་མཚོན་གྱིས་ལ་རིང་སྤོངས་ཤིག །དེས་ན་འབྲས་བུ་མ་ནོར་རྒྱུད་སྨིན་ནས། །


SPN003_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཞིག་བདེ་ནས་བདེ་བར་བསྒྲོད་གྱུར་ཅིག །གལ་ཏེ་དམ་འགལ་ཐོ་འཚམ་གླགས་ལྟ་ན། །ཡེ་ཤེས་རྡོ་རྗེ་གདེངས་པའི་མཐུ་སྟོབས་ཀྱིས། །ལུས་སྲེག་ཐལ་བར་བརླག་ཅིང་མནར་མེད་པའི། །དུཿཁ་ཆེན་པོ་མྱང་བའི་གཞིར་འགྱུར་གྱི། །བཀའ་དང་དམ་ལས་མ་འདའ་ས་མ་ཡ། ཧཱུྃ་ཧཱུྃ་ཧཱུྃ།། །།ཡེ་གདོད་སྟོང་ཆེན་གྱི་དབྱིངས་ནས་སྤྲིངས་བའོ། །དཀོན་མཆོག་བདེན་པའི་མཐུ་བྱིན་གྱིས། །དེང་འདིར་ཞིང་སར་གནོད་བྱེད་པའི། །འབྱུང་ཚོགས་གླགས་ལྟར་གྱུར་པ་རྣམས། །ཞི་དང་བྱམས་པའི་སེམས་ལྡན་བྱོས། ཧཱུྃ་ཧཱུྃ་ཧཱུྃ།། །།རྒྱལ་ཀུན་གསང་གསུམ་གཅིག་དྲིལ་བ། །པདྨ་ཐོད་ཕྲེང་མངོན་སྤྱོད་ཚུལ། །སྐུར་བཞེངས་གུ་རུ་དྲག་པོ་ཡི། །བཀའ་ཡི་བདེན་པ་ཉི་འབུམ་གྱི། །ཐུགས་རྗེའི་འོད་ཟེར་སྣང་བ་དེས།། ལོག་རྟོག་མ་རིག་དྲྭ་བ་ཡིས། །ཀུན་ཏུ་དཀྲིགས་པའི་འབྱུང་པོའི་ཚོགས། །ཡིད་ཀྱི་ལུས་ཅན་གང་སུ་དག །དེང་འདིར་སྐྱེ་འགྲོར་གནོད་བྱེད་པའི། །བཙའ་སད་སེར་སོགས་ལོ་དགྲ་རྣམས། །རང་ལུས་དཔེར་མཚོན་གྱིས་ལ་སྤོངས། །བཀའ་དང་དམ་ལ་ཉམས་གྱུར་ན། །ཁྲོ་ཆེན་འབར་བའི་གཟི་བྱིན་གྱིས། །ལུས་སྲོག་རྩད་ནས་གཞིལ་བར་བྱེད། །རྣམ་སྨིན་འབྲས་བུ་དུཿཁ་མྱོང་། །ཡིད་ཀྱི་པདྨོར་གནས་པར་གྱིས། །ཧཱུཾ་ཧཱུཾ་ཧཱུཾ།། །། ཀྱཻ། སྣང་


SPN003_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གཉིས་བསྡུས་འབྱུང་པོའི་ཚོགས།། པདྨ་ཐོད་འཕྲེང་ཧེ་རུ་ཀའི། །རྡོ་རྗེ་ཐ་ཚིག་བཀའ་ལ་ཉོན། །དེང་འདིར་ཡི་གེ་འཆང་བ་པོ། །མི་ནོར་འཁོར་བཅས་དཀོན་མཆོག་ལ། །སྐྱབས་སུ་གསོལ་བས་ཉེར་འཚེའི་གེགས། །སྦྱོར་བ་རྩུབ་པོ་རིང་སྤོངས་ཤིག །གལ་ཏེ་མི་ཉན་བཀའ་འདས་ན། །ཆོས་ཅན་ཆོས་ཉིད་བདེན་པ་ཡིས། །ཐལ་བར་བརླག་པར་གདོན་མི་ཟ། ཧཱུྃ་ཧཱུྃ་ཧཱུྃ།། །།སྣང་སྲིད་འཁོར་འདས་སྤྱི་དཔལ་ཆེ། །གུ་རུ་དྲག་པོ་མེ་ཕྲེང་གི། །བཀའ་ལ་འབྱུང་ཚོགས་ཀུན་ཉོན་ཅིག །ཡི་གེ་འཆང་བ་མི་ནོར་རྣམས། །དཀོན་མཆོག་གསུམ་ལ་སྐྱབས་གསོལ་བས། །དེང་བཟུང་ཁྱོད་རྣམས་གླགས་ལྟ་བའི། །ཉེར་འཚེ་འགལ་རྐྱེན་སྤོངས་བར་གྱིས། །གལ་ཏེ་མི་ཉན་བཀའ་འདས་ན། །ཆོས་དབྱིངས་དོན་དམ་བདེན་པ་དང་།། ཆོས་ཅན་རྒྱུ་འབྲས་བསླུ་མེད་པས། །ཐལ་བར་བརླག་པར་གདོན་མི་ཟ། ཧཱུྃ་ཧཱུྃ་ཧཱུྃ།། །།ཆོས་དབྱིངས་ཡངས་པའི་ཀློང་ནས་སྤེལ། རང་བྱུང་དབྱིངས་ལས་ཁྲོ་བོའི་སྐུ། །དཔལ་ཆེན་རྔམ་པའི་གཟི་བརྗིད་ཅན། །གསང་བདག་ཕྱག་ན་རྡོ་རྗེ་མཆོག །གང་གི་མཐུ་སྟོབས་འཆང་དེ་ཡིས།། བསྲུང་བར་བྱ་བའི་མི་ནོར་དང་། །ཞིང་ཁམས་དངོས་སྣང་གདོད་བཅས་ཀུན། །དཀོན་མཆོག་གསུམ་ལ་སྐྱབས་གསོལ་བས། །གང་དག་མི་མཐུན་ཉེར་འཚེའི་


SPN003_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གེགས། །ཉེས་པར་གྱུར་རྣམས་རིང་སྤོངས་ལ། །ཞི་དང་བྱམས་པའི་ངང་གནས་གྱིས། །ཧཱུྃ་ཧཱུྃ་ཧཱུྃ།། །།སྐྱེ་མེད་ངང་ལས་འགགས་མེད་འཕྲུལ། །ཐུགས་རྗེའི་གར་སྟོན་རྩ་གསུམ་གྱི། །བདེན་པས་བསྲུང་བྱར་གོད་འདྲེ་དང་། །དབུལ་སྲི་ལ་སོགས་འགོང་པོ་རྣམས། །གླགས་ལྟའི་འཚེ་བ་རིང་སྤོངས་ཤིག །རང་ལུས་དཔེར་མཚོན་ཞི་བ་དང་། །བྱམས་པའི་ངང་དུ་གནས་པར་གྱིས། །བཀའ་འདས་ཆོས་ཅན་ཆོས་ཉིད་ཀྱི། །ལས་འབྲས་དྲག་པོས་མནར་ཏ་རེ། །ཧཱུྃ་ཧཱུྃ་ཧཱུྃ།། །།ཧཱུྃ། ཡེ་ཤེས་དབྱིངས་ལས་མངོན་སྤྱོད་ཀྱི། །ཁྲོ་བོ་རོལ་བའི་སྐུ་འབར་བ། །གཏུམ་ཆེན་རྡོ་རྗེ་དྲག་རྩལ་གྱི། །བདེན་པས་སྣང་སྲིད་འབྱུང་པོ་ཀུན། །དེང་འདིར་གནོད་འཚེའི་ལས་སྤོངས་ཤིག །གལ་ཏེ་བསྒོ་བ་ལས་འདས་ན།། ཆོས་ཅན་ཆོས་ཉིད་བདེན་པ་ཡིས། །བརླག་པར་འགྱུར་གྱི་གདོན་མི་ཟ། །ཧཱུྃ་ཧཱུྃ་ཧཱུྃ།། །།དཔལ་ཧེ་རུ་ཀ་དབང་དྲག་ཁྲོ་བོ་རོལ་པའི་བཀའ་ཡི་བདེན་པས། དེང་འདིར་བསྲུང་བྱར་གྱུར་པའི་སྐྱེ་འགྲོ་འདི་རྣམས། དཀོན་མཆོག་གསུམ་དངོས་ཨོ་རྒྱན་རིག་འཛིན་པདྨ་ཀཱ་རར་སྐྱབས་སུ་གསོལ་བས། གནོད་བྱེད་ཉེར་འཚེའི་འབྱུང་རིགས་ཁྱེད་རྣམས་ཀྱིས་སྐྱིན་ཐང་འབབ་པ་སོགས་མདོར་ན་བསམ་སྦྱོར་སྡང་བའི་སེམས་རིང་དུ་སྤོངས་པར་གྱིས་ལ། བྱམས་པའི་ངང་ལས་སྙིང་རྗེས་རྒྱུད་བརླན་པས་ཅི་


SPN003_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་སྐྱོངས་བར་གྱིས། གལ་ཏེ་བཀའ་ལས་འདས་ན་ལས་འབྲས་བསླུ་མེད་ཀྱི་བླང་དོར་དང་། ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་མནར་མེད་དམྱལ་བར་འགྱུར་ཏ་རེ། ཞེས་པའི་ཡི་གེ་ཀུན་ཁྱབ་བདེ་བ་ཆེན་པོའི་ཕོ་བྲང་ནས་སྤེལ། ཧཱུྃ་ཧཱུྃ་ཧཱུྃ།། །།ཁམས་གསུམ་དབང་བསྒྱུར་རྒྱལ་བའི་རྒྱལ། །གུ་རུ་པདྨ་ཐོད་ཕྲེང་གི། །བྱིན་རླབས་སྟོབས་འཆང་བདེན་པའི་གཟིས། །སྣང་སྲིད་སྡེ་བརྒྱད་འབྱུང་པོའི་ཚོགས། །བཀའ་དང་དམ་གནས་མ་ལུས་པ། །ཁྱེད་རྣམས་ཆོས་ཉིད་བདེན་པ་ཡི། །དོན་ལ་བསམ་པས་དེང་འདི་རུ། །བསྲུང་བྱར་འོས་པའི་དམ་ལྡན་རྣམས། །སྒོ་གསུམ་འཚེ་བ་རིང་སྤངས་ལ། །ལྷར་བཅས་བསྟོད་འོས་སངས་རྒྱས་བསྟན། །རྒྱལ་བའི་སྡོང་གྲོགས་མ་གཡེལ་སྒྲུབས། །དེ་མཐུས་བྱང་ཆུབ་འབྲས་སྨིན་པའི། །གཏན་བདེའི་གོ་འཕང་མྱུར་ཐོབ་འགྱུར། །དེས་ན་རྣམ་ཀུན་ཆོས་སྤྱོད་ཅིག །སེ་ཚ་བླ་གྲྭའི་ངོར་སྤེལ་བ་དགེ། །།ཧྲཱིཿ རྒྱལ་བའི་སྤྱི་གཟུགས་པདྨ་བཛྲ་རྩལ། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །དམར་ནག་མེ་ཕྲེང་དྲག་པོའི་བཀའ་བདེན་པས། །དེང་འདིར་ཡུལ་རིས་ས་ཕྱོགས་འདི་དག་རྣམས། །དཀོན་མཆོག་དམ་པར་སྐྱབས་ཚོལ་དེང་ཕྱིན་ཆད། །སྡེ་བརྒྱད་འབྱུང་པོ་ཕྲ་རགས་ཁྱེད་རྣམས་ཀྱིས། །གནོད་ཅིང་འཚེ་བའི་སྦྱོར་བ་རིང་སྤོངས་ཤིག །གལ་ཏེ་བཀའ་ལས་འདས་ན་ལུས་ངག་ཡིད། །ཡེ་ཤེས་རྡོ་རྗེ་འབར་


SPN003_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བས་བརླག་ཏ་རེ། །བཛྲ་ས་མ་ཡ་རཀྵ། ཧཱུྃ་ཧཱུྃ་ཧཱུྃ།། །།སངས་རྒྱས་ཀུན་འདུས་ངོ་བོ་པདྨ་འབྱུང་། །དབང་དྲག་རོལ་པ་དཔལ་ཆེན་ཧེ་རུ་ཀའི། །རིགས་སྔགས་འཆང་བ་པདྨ་དབང་ཆེན་རྩལ། །ཞེས་སུ་གྲགས་དེས་བདེན་པའི་ཚིག་འདི་ཀྭ། །སྣང་ཞིང་སྲིད་པའི་ལྷ་འདྲེ་འབྱུང་པོའི་རིགས། །གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི། །ཡིད་ཀྱི་གཟུགས་ཅན་ཁྱོད་རྣམས་འདིར་གསོན་ཅིག །བསྲུང་བྱ་དམ་ལྡན་སློབ་མ་འདི་རྣམས་དང་། །རྐང་བཞི་རྟ་ཕྱུགས་གནག་ལུག་བཅས་པ་རྣམས། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་གསོལ་ཞིང་། །མི་ཕྱེད་ཡེ་ཤེས་སྲུང་བའི་འཁོར་ལོར་བཅུག །སྟོང་དང་སྙིང་རྗེ་ཟུང་འབྲེལ་གོ་ཆ་བསྒོས། །རྡོ་རྗེའི་རིག་པ་མཆོག་གི་ལྷ་དང་སྔགས། །བདེ་ཆེན་རྡོ་རྗེའི་ངོ་བོར་བྱིན་བརླབས་པས། །ཁྱོད་རྣམས་བརྣག་པའི་བསམ་སྦྱོར་འཚེ་བའི་རིགས། །སྤོངས་ལ་ཕྱིན་ཆད་ཁྱིམ་སྒོ་ལམ་སྲང་འདིར། །མ་འགྲིམ་གནས་གཞན་སྤོས་ལ་ཞི་བ་དང་། །བྱམས་པའི་ངང་ནས་བཀའ་ལས་མ་འདའ་ཞིང་། །གལ་ཏེ་བསྒོ་བའི་སྨྲེང་ལས་འདས་གྱུར་ན། །ཆོས་ཅན་ཆོས་ཉིད་བདེན་པ་ཟབ་མོ་དང་། །ཁྱད་པར་ཁྲོ་ཆེན་མེ་ཡི་ཕྲེང་བ་ཡི། །བཀའ་ཆད་དྲག་པོའི་རྡོ་རྗེའི་ཞུགས་ཆར་དང་། །ཁྱུང་སྡིག་ཕོ་ཉས་ལུས་སྲོག་རྡུལ་དུ་བརླག། རྣམ་སྨིན་ན་རཀ་དུཿཁ་མྱོང་ཏ་རེ། །དེ་བས་དོན་དམ་དབྱིངས་


SPN003_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་འདའ་ཞིག །ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀྲོ་དྷ་རཀྵ་རཀྵ།། །།རྒྱལ་ཀུན་ངོ་བོ་ཨོ་རྒྱན་པདྨ་འབྱུང་། །དྲག་པོར་བཞེངས་པ་རྡོ་རྗེ་མེ་ཕྲེང་ཅན།། དེང་འདིར་ཆོས་མིན་དམ་སྲིའི་འཚེ་བ་ལས། །སྲུངས་ཤིག་སྐྱོབས་ཤིག་བཛྲ་རཀྵ་ཧཱུྃ། ཞེས་པའང་རས་སྤྲུལ་མཆོག་གི་བཞེད་ལྟར་ཡུལ་སྡེ་ཀུན་ལ་སྨན་ཕྱིར་བྲིས།། །།ༀ། རྡོ་རྗེ་གྲོ་ལོད་རྩལ་གྱི་བཀའ། །ཨཱཿ རིག་འཛིན་མི་འགྱུར་རྡོ་རྗེའི་ལུང་། །ཧཱུྃ། སྣང་ཞིང་སྲིད་པའི་འབྱུང་པོ་ཉོན། །ཧོཿ བསྲུང་བྱ་མི་ནོར་འདི་རྣམས་ལ། ཕཊ། ཉེར་འཚེ་བར་ཆད་མ་བཏང་བར། །ཞི་དང་བྱམས་པའི་སེམས་ལྡན་ངང་། །རང་ལུས་དཔེར་ལོངས་གཞན་གནོད་སྤོངས། །བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ།། །།ༀ། རིག་འཛིན་རྡོ་རྗེ་དྲག་པོའི་བཀའ། །ཨཱཿ རྩ་བརྒྱུད་བླ་མ་རྣམས་ཀྱི་ལུང་། །ཧཱུྃ། སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་གསོན། །ཧོཿ དེང་འདིར་བསྲུང་བྱ་མི་ནོར་ལ། །ཕཊ། ནད་ཡམས་བར་ཆད་རིང་སྤོངས་ཤིང་། །བྱམས་པའི་སེམས་དང་ལྡན་པར་གྱིས། །ཙིཏྟ་བཛྲ་ས་མ་ཡ་རཀྵ་རཀྵ་ཧཱུྃ།། །།སྟོབས་བཅུའི་མངའ་བདག་སངས་རྒྱས་བདེན་པ་དང་། །ཞི་བ་ཆགས་བྲལ་ཆོས་མཆོག་བླ་མེད་བདེན། །རིག་གྲོལ་སར་གནས་དགེ་འདུན་ཚོགས་རྣམས་ཀྱི། །བཀའ་ཡི་བདེན་པ་ཟབ་མོའི་མཐུ་ཆེན་པོས། །འབྱུང་པོ་སྡེ་བརྒྱད་མ་ལུས་འདིར་


SPN003_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་ལ། །ཡུལ་རིས་ལྗོངས་འདིར་གནས་པའི་སྐྱེ་དགུ་རྣམས། །དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཟིན་པས།། ཕྱིན་ཆད་གནོད་ཅིང་འཚེ་བའི་གླགས་ལྟའི་རིགས། །སྐྱིན་ཐང་འབེབས་སོགས་ཆོ་འཕྲུལ་རིང་སྤོངས་ཤིག །ཞི་དང་བྱམས་པའི་ངང་ལ་གནས་པར་གྱིས། །གལ་ཏེ་ཐོ་འཚམ་འགལ་བའི་ལས་བགྱིས་ན། །ལས་འབྲས་བླང་དོར་དུཿཁ་མྱོང་ཏ་རེ། །དེ་བས་ཚུལ་འདིར་བག་ཡོད་བརྟན་པར་མཛོད། །ཆོས་སྐུའི་རིགས་ཀློང་དག་པའི་དབྱིངས་ནས་བྲིས། །ཞེས་པའང་ལྷང་ཐོའི་རི་བྲག་པ་གྲོང་མི་རྣམས་ཀྱི་ཆེད་དུ་སྤེལ་བ་དགེ། །།


previousསྤྲིངས་ཡིག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་རྡོ་རྗེ་བདུད་རྩིའི་གཏེར་མཛོད།next