Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  expand section
  expand section
   
   
   
  expand section
  expand section
   
   
   
   
སྤྲུལ་སྐུ་མྱུར་འབྱོན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་མཆོག་སྣང་བདུད་རྩིའི་གཏེར་མཛོད།
   
  expand section
   


 
previousསྤྲུལ་སྐུ་མྱུར་འབྱོན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་མཆོག་སྣང་བདུད་རྩིའི་གཏེར་མཛོད།next

སྤྲུལ་སྐུ་མྱུར་འབྱོན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་མཆོག་སྣང་བདུད་རྩིའི་གཏེར་མཛོད།


SPN003_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་མྱུར་འབྱོན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་མཆོག་སྣང་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


SPN003_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་སྟོབས་བཅུའི་མངའ་བདག་བདེ་བར་གཤེགས། །རྒྱལ་དང་དེ་སྲས་སློབ་བཅས་དགོངས་སུ་གསོལ། །གང་ཞིག་རེ་བའི་འབྲས་བུ་ཡོངས་འགྲུབ་པའི། །བླ་མེད་བདེན་པ་དམ་པའི་སྐྱོང་གྱུར་ཅིག །འཇིག་རྟེན་རྣམ་པར་འདྲེན་པའི་དབང་ཕྱུག་གི། །ཐུགས་རྗེའི་མཁའ་ཀློང་ཆོས་དབྱིངས་དཀྱིལ་འཁོར་ནས། །རྗེས་སུ་བརྩེ་བའི་ཉིན་བྱེད་སྣང་བ་ཆེ། །སྲིད་དང་ཞི་བའི་ཕུན་ཚོགས་རྒྱས་པའི་ཕྱིར། །མགོན་དེའི་སྤྲུལ་པའི་ཟློས་གར་མཆོག་དམ་པ། །རབ་གསལ་ཕྲིན་ལས་འོད་སྟོང་གཟི་འོད་ཅན། །ས་གསུམ་རྒུད་པའི་མུན་ཚོགས་མཐར་བྱེད་པ། །འཛམ་གླིང་བསྟན་འགྲོའི་པད་ཚལ་ཁྱོན་ཡངས་པོར། །དགེ་ལེགས་རྣམ་པར་བཞད་པའི་


SPN003_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གཅིག་པུ། །ཤར་གྱི་ས་འཛིན་ཕྲག་ལས་ཉེ་བ་རུ། །ཇི་ལྟར་གཟིགས་པ་རྣམ་པ་བཞིར་དགོངས་ནས། །གཟུགས་སྐུའི་བཀོད་པ་དེང་འདིར་འཆར་གྱུར་ཅིག །དཀོན་མཆོག་ཀུན་འདུས་བཀའ་བརྒྱུད་རྒྱ་མཚོ་དང་། །ཡི་དམ་ལྷ་དང་ཆོས་ཀྱི་སྲུང་མའི་ཚོགས། །བདེན་གསུང་བདེན་གྲུབ་རྣམས་ཀྱི་བདེན་པ་ཡིས། །རེ་བའི་ཤིང་རྟ་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་འཇིག་རྟེན་གསུམ་གྱི་འདྲེན་པ་ཆེན་པོ་རྒྱལ་བའི་དབང་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་སྣང་བར་གྱུར་པའི་ཚེ། རྗེས་འཇུག་དད་པའི་བློ་ཅན་སི་ཏུ་པས་མགོན་དེའི་སྤྲུལ་པའི་སྣང་བརྙན་གསར་དུ་བཞད་པའི་བདེན་ཚིག་སྨོན་ལམ་དུ་གསོལ་བ་བཏབ་པའོ། །སརྦ་མདྒ་ལམ། །རྒྱལ་སྲས་བྱང་སེམས་མ་ལུས་པའི། །ཐུགས་


SPN003_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རྣམ་རོལ་འདྲེན་པའི་དཔལ། །འོད་སྣང་མཐའ་ཡས་སྒྱུ་འཕྲུལ་མཆོག །གར་དབང་ཁྱབ་བདག་རིགས་ཀུན་གཙོ། །མགོན་ཁྱོད་གདུལ་བྱའི་སྣང་ངོ་རུ། །རབ་འབྱམས་རྒྱལ་བའི་ཞིང་གཤེགས་ཀྱང་། །སྔོན་གྱི་ཐུགས་བསྐྱེད་ཟབ་མོ་ཡིས། །དེང་འདིར་རིས་མེད་བསྟན་དང་འགྲོ། །ཁྱད་པར་ངེས་དོན་སྙིང་པོ་ཡི། །བསྟན་པའི་སྒྲོན་མེ་དམ་པའི་མགོན། །ཉིན་བྱེད་འོད་སྟོང་གསལ་འཆར་བའི། །ཇི་བཞིན་སྨོན་པའི་བདེ་ལེགས་སྩོལ། །ཅེས་ཞྭ་དམར་རིན་པོ་ཆེ་འགྲོ་བའི་སྐྱབས་གནས་སུ་སླར་ཡང་ཐུགས་རྗེ་བསྐུལ་ཕྱིར་རྒྱལ་སྲས་དཔལ་དར་མཆོག་གི་དགོངས་བཞེད་ལྟར། སི་ཏུས་གསོལ་བ་བཏབ་པའོ། ༈ །རབ་འབྱམས་ཞིང་བདག་འཁོར་ལོའི་དབང་ཕྱུག་ཆེ། །རྒྱལ་བསྟན་ཡོངས་རྫོགས་འཛིན་པའི་དཔལ་མངའ་བ། །མགོན་ཁྱོད་དོན་དམ་སྐྱེ་འཇིག་གཏན་བྲལ་ཡང་། །གདུལ་དཀའ་བྱིས་བློའི་རྟག་འཛིན་གཞོམ་པའི་སླད། །གཟུགས་སྐུའི་དཀྱིལ་འཁོར་དབྱིངས་སུ་ཐིམ་གྱུར་ཀྱང་། །དེང་འདིར་རྗེས་འཇུག་བསྟན་དང་འགྲོ་བ་ལ། །བརྩེ་ཆེན་བྱམས་པའི་ཐུགས་ཀྱིས་ཉེར་དགོངས་ལ། །མཆོག་གི་སྤྲུལ་སྐུ་མྱུར་བར་རབ་གསལ་ཞིང་། །འགྲོ་ཀུན་རྫོགས་ལྡན་དཔལ་ལ་སྤྱོད་པ་ཡི། །བདེ་ལེགས་དབྱར་གྱི་མཚོ་ལྟར་རབ་རྒྱས་ཤོག །ཇི་ལྟར་སྨོན་པ་ཡོངས་སུ་སྨིན་པའི་ཆེད། །མཆོག་གསུམ་རྒྱ་མཚོའི་བདེན་པས་མྱུར་འགྲུབ་ཤོག །ཅེས་ཁྱབ་བདག་རྡོ་རྗེ་ཅན་དངོས་འཛི་སྒར་རིན་པོ་ཆེ་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་དགོངས་པ་ཆོས་དབྱིངས་སུ་ཐིམ་སྐབས་མཆོག་གི་སྤྲུལ་སྐུ་མྱུར་འབྱོན་


SPN003_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞིན་སི་ཏུས་གསོལ་བ་དོན་ལྡན་དུ་གྱུར་ཅིག །ཆོས་སྐུ་ཀུན་བཟང་ལོངས་སྐུ་སྣང་མཐའ་ཡས། །སྤྲུལ་སྐུ་མཚོ་སྐྱེས་པདྨ་འབྱུང་གནས་ཏེ། །སྐུ་གསུམ་འདུས་པ་རྡོ་རྗེ་དྲག་པོ་རྩལ། །དེང་འདིར་བརྩེ་བ་ཆེན་པོས་རྗེས་དགོངས་ཤིག །བདག་སོགས་སེམས་ཅན་མགོན་མེད་གྱུར་རྣམས་ལ། །ཆོས་དབྱིངས་མཁའ་ཀློང་ཡེ་ཤེས་དཀྱིལ་འཁོར་ནས། །བྱམས་ཆེན་ཐུགས་ཀྱི་ཟླ་འོད་སྣང་བ་ཡིས། །བརྩེ་བའི་བདུད་རྩིའི་བསིལ་རྒྱུན་དབབ་ཏུ་གསོལ། །སྐྱབས་མེད་སྐྱོབ་པའི་འགྲོ་བའི་མགོན་པོ་མཆོག །མཆོག་གི་ཟློས་གར་ཤར་རིའི་ཕྲག་པ་ལས། །དགེ་ལེགས་བྱེ་བའི་འོད་སྟོང་ལྡན་པ་གང་། །དགེ་མཚན་དུ་མའི་དཔལ་གྱིས་འཆར་གྱུར་ཅིག །ཡིད་སྲུབས་ཆུ་ཁུར་ཅན་གྱི་དྲྭ་བ་རྣམས། །དམ་ཅན་སྲུང་མའི་མཐུ་རྩལ་རླུང་གིས་བཅོམ། །རྒྱལ་བསྟན་པདྨའི་འདབ་སྟོང་ཕྱོགས་བརྒྱར་ཁྱབ། །འགྲོ་རྣམས་རྫོགས་ལྡན་སྐལ་བཟང་སྤྱོད་གྱུར་ཅིག །ཅེས་པ་འདིའང་ཟུར་མང་དྲུང་པ་རིན་པོ་ཆེའི་བཀས་བསྐུལ་བཞིན་རྡོ་རྗེ་དྲག་པོའི་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་སྨོན་དུ་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོས་ཕུལ་བ་དེ་བཞིན་འགྲུབ་བར་གྱུར་ཅིག །ཕྱོགས་བཅུར་བཞུགས་པའི་རྒྱལ་བའི་ཐུགས་བསྐྱེད་ལས། །ཡོངས་གྲུབ་སྒྱུ་འཕྲུལ་ཀརྨ་ཤཱ་ས་ན། །གང་ཁྱོད་འཁོར་ཆོས་རྟག་པར་འཛིན་ཟློག་སླད། །ཆོས་དབྱིངས་ཞི་བའི་ངང་དུ་ཐིམ་གྱུར་ཀྱང་། །དེང་འདིར་རྗེས་འཇུག་མོས་ལྡན་སྙིང་རྗེའི་མཐུས། །ཡོལ་


SPN003_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བརྩེ་བས་དགོངས་ལ་བསྟན་འགྲོ་ཡི། །ངལ་བ་ཕ་མཐར་བརྒལ་ཕྱིར་སྤྲུལ་སྐུ་ནི། །ཟླ་གསར་ཐོན་བཞིན་གེགས་མེད་ཉིད་འགྲུབ་ཤོག །དཀོན་མཆོག་རྩ་གསུམ་བདེན་པའི་བྱིན་རླབས་ཀྱིས། །དེ་ལྟར་མྱུར་བ་ཉིད་དུ་འགྲུབ་པ་ཡི། །བཀྲ་ཤིས་དགེ་ཚོགས་དབྱར་མཚོ་ལྟར་འཕེལ་ཞིང་། །རྫོགས་ལྡན་དམ་པའི་དཔལ་ལ་སྤྱོད་གྱུར་ཅིག །བླ་མ་བསྟན་པ་ཞེས་པའི་སྤྲུལ་སྐུ་མྱུར་འབྱོན་སླད་དབོན་རིགས་ནས་བསྐུལ་བཞིན་སྤེལ། །རྒྱལ་དང་དེ་སྲས་རྣམས་ཀྱི་བདེན་པ་དང་། །ཆོས་དབྱིངས་དོན་དམ་བདེན་པའི་བྱིན་རླབས་ཀྱིས། །ལེགས་བྱས་རྒྱ་མཚོའི་གཞི་ལས་ཐོན་པ་ཡི། །དེང་འདིར་སྤྲུལ་པའི་པད་དཀར་གསར་བཞད་ནས། །མི་མཐུན་སེར་བུའི་ཕྱོགས་ལས་རྒྱལ་གྱུར་ཏེ། །ཡང་དག་དོན་གནས་ཐར་ལམ་སྟོན་ནུས་པའི། །སྤངས་རྟོགས་དུ་མས་མངོན་པར་ཕྱུག་པ་ཡིས། །བསྟན་འགྲོའི་དོན་ཆེན་འགྲུབ་པའི་རྒྱུར་གྱུར་ཅིག །བླ་མ་མི་འགྱུར་སྐྱེ་སྲིད་མྱུར་འབྱོན་དུ་སྤེལ། །ཕྱོགས་བཅུ་དུས་གསུམ་རྒྱལ་རྣམས་ཀྱི། །ཐུགས་བསྐྱེད་ལྷ་ལམ་ཡངས་པོ་རུ། །མཁྱེན་བརྩེའི་འོད་སྟོང་ཀུན་གསལ་བས། །གང་ཞིག་སྤྲུལ་པའི་པད་ཚལ་མཆོག །མི་མཐུན་སེར་བུ་ལས་རྒྱལ་ཏེ། །ཕྲིན་ལས་གེ་སར་རྣམ་པར་བཀྲ། །འགྲོ་ཕན་ལྷག་བསམ་འདབ་སྟོང་རྒྱས། །རྟག་པར་དགེ་ལེགས་འབྱུང་གྱུར་ཅིག །ཅེས་བླ་མ་ཆོས་དབྱིངས་བཟང་པོའི་སྐྱེ་སྤྲུལ་མྱུར་གསལ་སླད་བསྐུལ་བཞིན་སི་ཏུས་སྤེལ། །དཔལ་ལྡན་རྒྱལ་བ་ཀུན་གྱི་ཐུགས་


SPN003_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གཏེར། །རིགས་དང་དཀྱིལ་འཁོར་དབང་ཕྱུག་ཀརྨ་པ། །ཡི་དམ་ལྷ་དང་ཆོས་སྲུང་མཐུ་བྱིན་གྱིས། །དེང་འདིར་སྤྲུལ་པའི་སྣང་བརྙན་ཆུ་ཤེལ་དབང་། །གདུལ་བྱའི་རྫིང་བུར་འགོག་མེད་རྟག་འཆར་སླད། །ཤར་རིའི་ཕྲག་ལས་ཉེ་བར་ཐོན་ནས་སུ། །མི་མཐུན་བདུད་སྡེའི་མུན་པ་ཕ་མཐར་བསྐྲད། །འགྲོ་ལ་ཕན་བདེའི་འོད་དཀར་ཕྱོགས་ཀུན་ཁྱབ། །ཕུན་ཚོགས་ལྔ་ལྡན་དཔལ་ལ་དབང་འབྱོར་ཞིང་། །ངེས་དོན་བསྟན་པ་དར་ཞིང་རྒྱས་པ་དང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་འབྲས་སྨིན་ནས། །བདེ་ལེགས་སྣང་བས་རྟག་ཏུ་འདའ་གྱུར་ཅིག །ཕ་རི་བླ་མའི་སྤྲུལ་སྐུ་མྱུར་གསལ་འབྱོན་པའི་ཕྱིར་དབོན་རིགས་རྣམས་ཀྱི་ངོར་སྤེལ། །བསླུ་མེད་མཆོག་གསུམ་བདེན་པའི་མཁའ་དབྱིངས་ལས། །ཐུགས་རྗེའི་འོད་སྟོང་རྨད་བྱུང་སྤེལ་བའི་མཐུས། །འགྲོ་ཀུན་བྱང་ཆུབ་ལམ་གྱི་པདྨོའི་ཚལ། །རྣམ་པར་འཛུམ་ཕྱིར་དེ་སླད་སྐྱེ་བ་ཡི། །སྲིད་པའི་སྒྱུ་འཕྲུལ་མྱུར་བར་འཆར་བ་ལ། །མི་མཐུན་ཉེས་པའི་མུན་ཚོགས་རྒྱང་བསྲིངས་ནས། །མཐུན་རྐྱེན་བསམ་པ་ལྷུན་གྱིས་འགྲུབ་པ་དང་། །བསྟན་འགྲོའི་དོན་ཆེན་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་མཛེས་ལྡན་ནས་བསྐུལ་ངོར་སྤེལ། །མཆོག་གསུམ་འདུས་བའི་ངོ་བོ་ཉིད། །པད་འབྱུང་ཐུགས་རྗེའི་མཁའ་དབྱིངས་ལས། །བྱིན་རླབས་སྤྲིན་ཕུང་ཕྱོགས་བཅུར་སྤྲོ། །རྨད་བྱུང་ཆོས་ཀྱི་གྲུ་ཆར་འབེབས། །བསྟན་འགྲོའི་ངལ་བ་སེལ་གྱུར་བའི། །སྤྲུལ་པའི་སྣང་བརྙན་པད་དཀར་


SPN003_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །དུས་ཀྱི་ཉེར་འཚེ་ལས་རྒྱལ་ཏེ། །དགེ་ལེགས་འདབ་སྟོང་རྒྱས་གྱུར་ཅིག །ཅེས་དཔལ་ལྡན་འབྲུག་པའི་རིང་ལུགས་ཀྱི་ཞབས་འདེགས་པ་ཞིང་གཤེགས་ངག་དབང་འགྱུར་མེད་ཀྱི་སྤྲུལ་སྐུ་མྱུར་འབྱོན་འདི་བཞིན་བླ་མ་དོན་བརྒྱུད་ཀྱི་བཀས་བསྐུལ་བཞིན་ཏཱ་ཡི་སི་ཏུས་བྲིས་པའོ། །ཕྱོགས་དུས་རྒྱལ་བའི་ཐུགས་བསྐྱེད་ལྷ་ལམ་ནས། །རྨད་བྱུང་བསྟན་དང་འགྲོ་བའི་ཞིང་ས་རུ། །དགེ་ལེགས་འབྱུང་གནས་ལོ་ཏོག་སྨིན་པའི་ཕྱིར། །དེང་འདིར་སྐྱེ་བ་སྤྲུལ་པའི་ཆར་རྒྱུན་གྱི། །མཐུ་ལས་འཇིག་རྟེན་རྒུད་པ་ཡོངས་བཅིལ་ཞིང་། །ཕན་བདེའི་རྩ་ལག་ཉིད་དུ་མྱུར་འགྲུབ་པའི། །དཀོན་མཆོག་བདེན་པས་དེང་འདིར་སྨོན་པ་ཡི། །འདོད་དོན་གེགས་མེད་ལྷུན་གྱིས་གྲུབ་པར་ཤོག། ཅེས་རས་སྤྲུལ་མྱུར་འབྱོན་དུ་བླ་མ་དམ་པ་བསྟན་འཛིན་པའི་དགོངས་བཞེད་ལྟར་སི་ཏུས་སྤེལ། །རབ་འབྱམས་རྒྱལ་ཀུན་ཐུགས་རྗེའི་གཏེར། །འཆི་མེད་པདྨ་འབྱུང་གནས་ཀྱི། །བྱིན་རླབས་མི་བཟད་སྟོབས་ཆེན་པོས། །བསྟན་འགྲོ་ཕན་དང་བདེ་བའི་གཞིར། །བླ་ན་མེད་པའི་ཕྲིན་ལས་པ། །ཞིང་འདིར་སྤྲུལ་པའི་སྣང་བརྙན་གང་། །ཉེར་འཚེའི་གཡུལ་ལས་རྣམ་རྒྱལ་ཞིང་། །གེགས་མེད་གསལ་བར་འཆར་གྱུར་ཅིག །ཆོས་དབྱིངས་དོན་དམ་བདེན་པ་དང་། །ཆོས་ཅན་བསླུ་མེད་བདེན་པ་ཡིས། །རེ་བའི་ཤིང་རྟ་ཡོངས་གང་བའི། །འབད་མེད་ལྷུན་གྲུབ་དོན་ལྡན་ཤོག །ཅེས་འཇའ་མོ་བླ་མའི་སྤྲུལ་སྐུ་མྱུར་འབྱོན་བདེན་ཚིག་རྒྱལ་དབང་པདྨ་ཐུགས་རྗེ་བསྐུལ་བ་འདི་བཞིན་ལྷ་སྟེང་འདུས་པའི་ངོར་སྤེལ། །


SPN003_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཆོས་དབྱིངས་ངོ་བོ་ཉིད། །སྐུ་གསུམ་སྟོན་པ་པདྨ་འབྱུང་། །གང་གི་ཐུགས་རྗེའི་ཀློང་ཡངས་ནས། །བསྟན་འགྲོའི་མུན་པ་བཅིལ་བ་ཡི། །སྒྱུ་འཕྲུལ་སྣང་བྱེད་ཉིན་མོའི་མགོན། །གདུལ་བྱའི་པད་ཚལ་ཁྱོན་ཡངས་པོར། །དགེ་ལེགས་འོད་སྟོང་ལྡན་པ་དང་། །བཀའ་བརྒྱུད་གྲུབ་པའི་འཁོར་ལོས་སྒྱུར། །ཡི་དམ་དཔའ་བོ་ཌཱ་ཀིའི་ཚོགས། །དམ་ཅན་ཆོས་ཀྱི་སྲུང་མ་ཡི། །བྱིན་མཐུས་རྟག་པར་སྐྱོང་གྱུར་ནས། །སྨོན་པ་ཇི་བཞིན་ལྷུན་གྲུབ་ཤོག །བླ་མ་པད་དཀར་སྤྲུལ་སྐུ་མྱུར་འབྱོན་དུ་སྤེལ། །མཁའ་ཁྱབ་ཀློང་ཡངས་བདེ་ཆེན་སྒྱུ་འཕྲུལ་གར། །སྐུ་གསུམ་བདག་ཉིད་ཁྱབ་བདག་རྡོ་རྗེ་འཛིན། །གང་དེའི་བྱང་ཆུབ་ཐུགས་བསྐྱེད་རྨད་བྱུང་བ། །ཡལ་བར་འདོར་མེད་སླར་ཡང་བསྐུལ་བའི་མཐུས། །མཆོག་གི་སྣང་བརྙན་ཉིན་བྱེད་འོད་སྟོང་ཅན། །བསྟན་འགྲོ་ཕན་བདེའི་པད་ཚལ་རྒྱས་པའི་གཉེན། །ཡིད་སྲུབས་མུན་པའི་དྲ་བ་གཞིལ་སླད་དུ། །དགེ་མཚན་དུ་མའི་དཔལ་གྱིས་འཆར་གྱུར་ཅིག །བླ་མེད་མཆོག་གསུམ་རྒྱ་མཚོའི་ཐུགས་རྗེ་དང་། །བདག་སོགས་རྣམས་ཀྱི་གསོལ་བཏབ་བདེན་པའི་མཐུས། །ཇི་ལྟར་སྨོན་པའི་འདོད་དོན་མྱུར་འགྲུབ་ནས། །བདེ་ལེགས་རྫོགས་ལྡན་དཔལ་ལ་དབང་འབྱོར་ཤོག །ཅེས་ལྷོ་རིན་པོ་ཆེ་དཀོན་མཆོག་ཆོས་ཀྱི་རྒྱལ་མཚན་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་སྐབས་སླར་ཡང་མཆོག་སྣང་མྱུར་གསལ་ཕྱིར་ལྷོ་ཆགས་མེད་དཔོན་སློབ་རྣམས་ཀྱི་བཞེད་ལྟར་སི་ཏུ་


SPN003_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

པས་གནས་དེ་ཉིད་དུ་སྤེལ། །སྟོན་མཆོག་མངོན་ཤེས་ལྔ་ལྡན་རྒྱལ་བ་དང་། །དེས་གསུང་ཆོས་དང་ཚོགས་མཆོག་དགེ་འདུན་ཏེ། །བླ་མེད་རབ་འབྱམས་རྒྱ་མཚོའི་ཐུགས་རྗེའི་མཐུས། །ཇི་ལྟར་གསོལ་བའི་སྨོན་ལམ་ཡོངས་གྲུབ་མཛོད། །དེང་འདིར་བསྟན་དང་འགྲོ་བའི་མགོན་དམ་པ། །མི་མངོན་ཆོས་ཀྱི་དབྱིངས་ནས་བརྩེར་དགོངས་ལ། །གཟུགས་སྐུའི་བཀོད་པ་ཉིན་བྱེད་སྣང་བ་ཅན། །དགེ་ལེགས་ཁྱུང་སྔོན་སྐྱེས་ཀྱིས་ཡོངས་བསྐུལ་ནས། །ཡིད་སྲུབས་མུན་པའི་དྲ་བ་གཏན་དུ་གཞིལ། །སྒྲུབ་བརྒྱུད་པདྨོའི་ཚལ་ཆེན་ཕྱོགས་མཐར་ཀུན། །འགེངས་པའི་སེམས་བསྐྱེད་དམ་བཅའི་ཁུར་ཟབ་མོས། །ཡིད་ཀྱི་འདོད་པ་འཇོ་བར་མཛད་དུ་གསོལ། །ཞེས་རྗེ་བཙུན་ཆོས་མགོན་གྱི་མཆོག་སྤྲུལ་མྱུར་འབྱོན་དུ་མཛོད་པས་བསྐུལ་ངོར་སྤེལ། །མཆོག་གསུམ་ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །གང་འདིར་བྱིན་རླབས་བདེན་ཚིག་ཡོངས་གྲུབ་པའི། །བླ་མེད་རྡོ་རྗེའི་བདེན་པས་རྣམ་ཀུན་ཏུ། །ཡིད་ཀྱི་ཤིང་རྟ་རེ་བའི་འབྲས་གང་སྩོལ། །རྒྱལ་རྣམས་མཁྱེན་བརྩེའི་རང་བཞིན་གཞན་ཕན་གྱི། །ཕྲིན་ལས་ཟབ་མོ་མཁའ་ལྟར་ཡངས་པ་ལས། །བསྟན་འགྲོའི་དཔལ་དུ་ཉིན་བྱེད་འོད་སྟོང་ཅན། །དེང་འདིར་གེགས་མེད་གསལ་བར་བསྟན་དུ་གསོལ། །དོན་དམ་རང་བཞིན་ཆོས་དབྱིངས་སྟོབས་དག་དང་། །ཀུན་རྫོབ་བསླུ་མེད་རྟེན་ཅིང་འབྲེལ་འབྱུང་གི། །དད་དང་དམ་ཚིག་


SPN003_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་རྣམ་དག་མཐུས། །ཇི་ལྟར་ཡིད་བཞིན་ཡོངས་སུ་འགྲུབ་གྱུར་ཅིག །ཅེས་ཟུར་མང་བླ་མ་དམ་པ་བསྟན་འཛིན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་སྐབས་གང་དེའི་དབོན་པོ་བླ་མ་རྣམས་ཀྱིས་བཞེད་ལྟར་སི་ཏུས་སྤེལ་བ་དོན་དང་ལྡན་གྱུར་ཅིག །རྒྱལ་ཀུན་ངོ་བོ་པདྨ་འབྱུང་གནས་མཆོག །གསོལ་བཏབ་མཐུ་ལས་ཐུགས་རྗེའི་ཀློང་ཡངས་ནས། །བྱིན་རླབས་སྣང་བྱེད་དཔལ་དུ་འབར་བ་ཡིས། །སྒྲིབ་གཉིས་བག་ཆགས་མུན་པ་གཏན་བཅོམ་ཤོག །ཞིང་ཁམས་རྒྱ་མཚོའི་ཡོན་ཏན་ཡོངས་རྫོགས་ནས། །འགྲོ་ཁམས་རྒྱ་མཚོ་གདུལ་བྱའི་སྣང་བའི་ངོར། །ཡེ་ཤེས་རྒྱ་མཚོའི་རང་གཟུགས་སྤྲུལ་པའི་གར། །སྨོན་ལམ་རྒྱ་མཚོའི་བདེན་པས་གསལ་གྱུར་ཅིག །ཅེས་སི་ཏུ་པས་དགེ་སློང་ཕྲིན་ལས་ཀྱི་བཞེད་ལྟར་བླ་མ་ཡེ་ཤེས་ཀྱི་སྐྱེ་སྲིད་མྱུར་གསལ་ཕྱིར་དུ་སྤེལ་བ་དགེ། །ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བ་དང་། །དེ་སྲས་སློབ་མར་བཅས་ཀུན་གྱི། །ཐུགས་རྗེ་མཁའ་དབྱིངས་ཀློང་ཡངས་ནས། །བྱིན་རླབས་སྤྲིན་ཚོགས་གཏིབས་པ་ལས། །ཡིད་ཅན་གདུལ་བྱའི་བསོད་ནམས་ཀྱི། །དད་པའི་ས་གཞི་ཁྱོན་ཡངས་པོར། །རྣམ་དག་དགེ་ལེགས་འབྲས་སྨིན་ཕྱིར། །སྤྲུལ་པའི་སྣང་བརྙན་བདུད་རྩིའི་ཆར། །མི་མཐུན་ཉེས་པའི་དྲི་བཞོན་གྱི། །གཡུལ་ལས་གེགས་མེད་བདེ་བླག་ཏུ། །ཡིད་ལ་འདོད་འཇོའི་དཔལ་སྦྱིན་ཏེ། །བསྟན་འགྲོའི་དོན་ཆེན་སྤྱོད་པར་ཤོག །ཅེས་ཁྲ་ལེབ་བླ་མཆན་ཉི་མ་འདས་


SPN003_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་སྤྲུལ་མྱུར་གསལ་སླད་བླ་གྲྭ་རྣམས་ཀྱིས་བསྐུལ་ངོར་སྤེལ།། །།༈ མཐའ་ཡས་རབ་འབྱམས་རྒྱལ་ཀུན་ཐུགས་རྗེའི་རྒྱུན། །མཁྱེན་བརྩེ་ནུས་པའི་རང་གཟུགས་རྒྱ་མཚོའི་བདག །དཔལ་ལྡན་སངས་རྒྱས་གཉིས་པ་པདྨ་འབྱུང་། །མཆོག་གི་བྱིན་རླབས་ཆ་ཤས་འདབ་ཕྲེང་ལས། །དགེ་ལེགས་དཔྱིད་དུ་འགྱུར་བའི་ཟིལ་མངར་གྱིས། །ལུས་ཅན་གདུལ་བྱའི་བུང་བ་ཇི་སྙེད་པ། །རྫོགས་ལྡན་ཀུན་དགར་སྤྱོད་པའི་དཔལ་དུ་ནི། །གང་དེའི་ཡང་སྲིད་པད་ཚལ་བཞད་གྱུར་ཅིག །མཆོག་གསུམ་ངོ་བོ་ཨོ་རྒྱན་ཕྲིན་ལས་འོད། །ཕྱོགས་བཅུ་ཀུན་ཁྱབ་བརྡལ་བའི་ལེགས་བྱས་ཀྱིས། །ཕན་བདེའི་རང་བཞིན་འདབ་བརྒྱ་གྲོལ་བ་དང་། །འགྲོ་ཀུན་སྒྲིབ་གཉིས་ཁྲི་མུན་སེལ་གྱུར་ཅིག །ཅེས་པའང་བླ་མ་ཀརྨ་ལྷུན་གྲུབ་ཀྱི་སྐྱེ་སྲིད་མྱུར་གསལ་གྱི་སྨོན་ལམ་འདི་བཞིན་ཤོ་པུ་བླ་གྲྭ་རྣམས་ཀྱི་བཞེད་ངོར་སི་ཏུས་སྤེལ། །རྒྱལ་བ་སྲས་བཅས་ཐུགས་རྗེའི་ཟླ་སྣང་འོད། །རབ་དཀར་དགེ་བའི་ཆ་ཤས་ཡོངས་རྫོགས་པའི། བདེན་པ་དམ་པས་དེང་འདིར་བཀའ་བརྒྱུད་ཀྱི། །རིང་ལུགས་གསལ་བྱེད་སྤྲུལ་པའི་ཀུ་མུ་ད། །ཉེས་གསུམ་དྲི་ཡིས་མ་བསླད་མཐུན་རྐྱེན་གྱི། །དཔལ་ཀུན་ལྷུན་གྱིས་གྲུབ་པའི་ལེགས་བྱས་གང་། །རབ་རྒྱས་བསྟན་འགྲོའི་གསོས་སུ་འགྱུར་བ་རུ། །བསླུ་མེད་དཀོན་མཆོག་བྱིན་མཐུས་མྱུར་འགྲུབ་ཤོག །ཅེས་ཞིང་གཤེགས་བླ་མ་ཀརྨ་ཕུན་ཚོགས་རབ་བརྟན་གྱི་སྐྱེ་སྲིད་མྱུར་དུ་འབྱོན་བར་བླ་གྲྭ་རྣམས་ཀྱི་བཞེད་ངོར་


SPN003_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། །བསླུ་མེད་སྐྱབས་གནས་དཀོན་མཆོག་རྣམ་གསུམ་དང་། །པདྨ་འབྱུང་གནས་ཐུགས་རྗེའི་བདེན་སྟོབས་ཀྱིས། །བསྟན་པའི་གསལ་བྱེད་བླ་མ་གང་དེ་ཡི། །སྐྱེ་བའི་སྲིད་པ་མྱུར་དུ་གསལ་གྱུར་ཅིག །རྒྱལ་བསྟན་སྙིང་པོའི་རིང་ལུགས་རབ་ཞུགས་ནས། །ཚད་ཐུབ་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་། །གསང་སྔགས་ལམ་ཞུགས་སྨིན་གྲོལ་མཐར་ཕྱིན་ནས། །བསྟན་དང་འགྲོ་ལ་སྨན་པ་ཉིད་གྱུར་ཅིག །ཅེས་པའང་བླ་མ་དམ་པ་བློ་གྲོས་ཉི་མའི་དགོངས་བཞེད་ལྟར་ཆེ་ཚང་སྤྲུལ་སྐུ་མྱུར་གསལ་དུ་སྤེལ། །སྐུ་གསུམ་འདུས་པའི་དཔྱིད་གྱུར་པ། །རྒྱལ་དབང་པདྨར་གསོལ་བཏབ་མཐུས། །འགྲོ་སྒྲོལ་གདུལ་བྱའི་གཉེན་དུ་ནི། །ཡང་སྲིད་ཆུ་སྐྱེས་གསར་པའི་དཔལ། །དེང་འདིར་དགེ་ཚོགས་རྒྱ་མཚོ་ཡི། །མཐུ་ཡིས་ཉེ་བར་བསྐུལ་ནས་སུ། །མྱུར་བ་ཉིད་དུ་རབ་རྒྱས་ནས། །ཕན་བདེའི་འདབ་སྟོང་གྲོལ་བར་ཤོག །ཅེས་པའང་དགོན་ཞབས་བླ་མ་ཚེ་དབང་རབ་རྒྱས་སྤྲུལ་སྐུ་མྱུར་འབྱོན་དུ་སྤེལ། །དཀོན་མཆོག་རྒྱ་མཚོའི་ཐུགས་ཀློང་ཡངས་པ་ནས། །འགྲོ་བའི་དོན་དུ་རོལ་པའི་ལེགས་བྱས་ཀྱི། །ཡོན་ཏན་ཕུན་སུམ་ཚོགས་པའི་དགེ་མཚན་གྱི། །རྨད་བྱུང་དུ་མས་བརྒྱན་པའི་སྒྱུ་འཕྲུལ་གར། །དེང་འདིར་གསལ་བའི་དཔལ་དང་ལྡན་གྱུར་ཅིག །མཆོག་གསུམ་བདེན་པ་མཆོག་དང་ཆོས་ཉིད་ཀྱི། །བདེན་པ་ཟབ་མོས་སྨོན་ལམ་ཇི་ལྟ་བར། །དེ་


SPN003_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གེགས་མེད་ལྷུན་གྱིས་འགྲུབ་པར་ཤོག །ཅེས་ས་ར་བླ་མ་རྣམ་རོལ་སྐྱེ་སྲིད་མྱུར་འབྱོན་བླ་གྲྭ་རྣམས་ཀྱི་ངོར་སི་ཏུས་སྤེལ། །མཆོག་གསུམ་འདུས་ཞལ་པདྨ་འབྱུང་གནས་ཀྱི། །ཐུགས་རྗེའི་བདེན་པས་དེང་འདིར་རྗེས་དགོངས་ལ། །མཆོག་གི་བླ་མའི་སྤྲུལ་པའི་ཟློས་གར་གང་། །སྙིང་པོའི་བསྟན་པ་མཐའ་རྒྱས་སྤེལ་ཕྱིར་དུ། །རྒྱལ་རྣམས་བྱིན་རླབས་ཡེ་ཤེས་ཀློང་ཡངས་ནས། །མྱུར་བར་བྱམས་པའི་དབྱིངས་ནས་བརྩེར་དགོངས་ལ། །སྒྱུ་འཕྲུལ་རྡོ་རྗེའི་རོལ་གར་བསྟན་དུ་གསོལ། །བླ་མེད་དཀོན་མཆོག་རྩ་གསུམ་བདེན་པ་དང་། །ཆོས་ཅན་ཆོས་ཉིད་བདེན་པ་ཟབ་མོ་དང་། །བདག་སོགས་ཀུན་རྫོབ་རྟེན་འབྲེལ་གསོལ་བ་ཡིས། །སྨོན་པ་ཇི་བཞིན་ཡོངས་སུ་འགྲུབ་གྱུར་ནས། །དགེ་འདུན་སྡེ་རྒྱས་ཆོས་སྤྱོད་རབ་རྒྱས་ཤོག །ཅེས་པའང་རྟོགས་ལྡན་ཆེན་པོ་ཀརྨ་ཡན་ལག་འབྱུང་དང་གང་དེའི་འདུས་པ་རྣམས་ཀྱི་ངོར་གུ་རུ་མ་ཧཱ་སུ་ཁའི་སྐྱེ་སྲིད་མྱུར་འབྱོན་དུ་སྤེལ། །བདེར་གཤེགས་རྒྱལ་བ་རྒྱལ་བའི་མྱུ་གུ་ཡི། །ཐུགས་རྗེའི་གཏེར་ཆེན་རིག་འཛིན་པདྨ་འབྱུང་། །དབྱེར་མེད་རྗེ་བཙུན་བདུད་འདུལ་རྡོ་རྗེ་འཆང་། །མཆོག་གིས་བྱིན་རླབས་ཆར་རྒྱུན་དངོས་གྲུབ་སྩོལ། །གང་ཞིག་འགྲོ་ལ་རྗེས་བརྩེའི་ཕྲིན་ལས་ཀྱི། །རང་གཟུགས་མགོན་དཔལ་ཉིད་དུ་ཞལ་འཆེས་བཞིན། །བླ་མེད་བྱང་ཆེན་སྤྱོད་པ་རླབས་ཆེན་པོའི། །ཡེ་ཤེས་གཟི་བྱིན་འོད་སྣང་གསལ་མཛོད་ཅིག །དེང་འདིར་བསྟན་དང་འགྲོ་ཕན་ཉེར་འཚོའི་


SPN003_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

གཞིར། །སྐྱེ་བ་སྤྲུལ་པའི་སྐུ་རུ་མྱུར་བཞད་པའི། །སྐྱབས་གསུམ་མཆོག་རྣམས་ཐུགས་རྗེ་བསྐུལ་བའི་མ ཐུས། །གེགས་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཆོས་དབྱིངས་རང་བཞིན་དོན་དམ་བདེན་པ་དང་། །ཆོས་ཅན་ཀུན་རྫོབ་རྟེན་འབྲེལ་བསླུ་མེད་དང་། །བདག་སོགས་རྣམས་ཀྱི་ལྷག་བསམ་འོད་དཀར་པོའི། །བདེན་པའི་བདེན་ཚིག་ཇི་བཞིན་ཡོངས་གྲུབ་ཤོག །ཅེས་པ་འདི་མགོན་པོ་བླ་མའི་སྐྱེ་སྲིད་མྱུར་གསལ་ཕྱིར་འདུས་གྲྭ་རྣམས་ཀྱི་ངོར་སྤེལ། །རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་རྣམ་པར་འཕྲུལ། །བཀའ་བརྒྱུད་རྒྱ་མཚོའི་བྱིན་རླབས་ཀློང་ཡངས་ནས། །འགྲོ་ཁམས་རྒྱ་མཚོར་དེང་འདིར་སྣང་བྱེད་ཀྱི། །དཔལ་ཡོན་རྒྱ་མཚོ་རབ་ཏུ་གསལ་གྱུར་ཅིག། གདུལ་བྱའི་མོས་ངོར་དེར་སྣང་གཟུགས་ཀྱི་སྐུ། །རྟག་འཛིན་ཞེན་ཟློག་ཞི་བའི་དབྱིངས་མནལ་ཀྱང་། །སྔོན་རོལ་སྙིང་སྟོབས་དམ་བཅའི་ཁུར་ཆེན་པོ། །རྗེས་དགོངས་འགྲོ་རྣམས་ཡལ་བར་འདོར་རམ་ཅི། །དེ་སླད་གསོལ་བའི་བདེན་འབྲས་བསླུ་མེད་མཐུས། །སྐྱེ་བ་སྤྲུལ་བའི་སྐུ་རུ་མྱུར་བཞེངས་ནས། །སྙིགས་ལྔའི་མུན་ཆེན་དྲྭ་བ་གཞོམ་པ་དང་། །བསྟན་པའི་ཉི་མ་ཆེན་པོ་འཆར་གྱུར་ཅིག །ཅེས་པའང་ས་ཐམ་འོག་མིན་རྣམ་གྲོལ་གླིང་གི་བླ་མ་རྟོགས་ལྡན་ཆེན་པོ་དབང་རྒྱལ་བ་ཞི་བར་གཤེགས་པའི་སྐྱེ་སྤྲུལ་མྱུར་གསལ་ཕྱིར་གང་དེའི་ཞབས་རིམ་འདུས་པ་རྣམས་དང་ལས་འཛིན་བཅས་ནས་བསྐུལ་ངོར་སི་ཏུ་པས་སྤེལ་བ་དོན་དང་ལྡན་པར་གྱུར་ཅིག། །


SPN003_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་དང་དམ་ཆོས་འཕགས་ཚོགས་ཀྱི། །ཐུགས་རྗེའི་བདེན་པ་ཟབ་མོས་སྨོན་པའི་འབྲས། །ཡོངས་གྲུབ་ཡིད་ལ་འདོད་པ་འཇོ་བ་ཡི། །བྱིན་རླབས་མཆོག་ཏུ་དེང་འདིར་སྨིན་གྱུར་ཅིག །བསྟན་འགྲོའི་རྒུད་པ་སེལ་བྱེད་དགེ་ལེགས་ཀྱི། །ཉི་གཞོན་ཕུན་སུམ་ཚོགས་པའི་ཕྲིན་ལས་ཅན། །བསོད་ནམས་ཤར་རིའི་ཕྲག་ལས་ཉེ་བ་རུ། །མི་མཐུན་ཆུ་འཛིན་གཡུལ་ལས་རྣམ་གྲོལ་ནས། །གང་འདིར་གདུལ་བྱའི་པད་ཚལ་ཁྱོན་ཡངས་པོ། །ལེགས་བྱས་རྫོགས་ལྡན་དཔལ་གྱིས་གང་བཞིན་པར། །སྤྲུལ་པའི་སྣང་བརྙན་གསལ་བར་འཆར་གྱུར་ནས། །དགེ་འདུན་སྡེ་རྒྱས་རྒྱལ་ཁམས་བདེ་ལེགས་ཤོག །ཅེས་པའང་འཇང་ལ་ཤྲི་བླ་མའི་སྐྱེ་སྤྲུལ་མྱུར་གསལ་ཆེད་དུ་འདུས་ཚོགས་ནས་བསྐུལ་ལྟར་སྤེལ། །ཕྱོགས་བཅུའི་རྒྱལ་ཀུན་ཡེ་ཤེས་རང་གཟུགས་མཆོག། དཔལ་ལྡན་སངས་རྒྱས་མཚོར་འཁྲུངས་པདྨ་སྐྱེས། །གང་གི་ཐུགས་རྗེ་མི་བཟད་གཏེར་ཆེན་པོས། །དེང་འདིར་སྨོན་ལམ་ཡོངས་འགྲུབ་བྱིན་གྱིས་རློབས། །བསྟན་པ་དྲི་མེད་རིང་ལུགས་གསལ་ཕྱིར་དང་། །གདུལ་བྱ་ཐར་ལམ་བཀོད་པའི་ཕྲིན་ལས་ཀྱི། །འགྲོ་འདྲེན་བྱེད་པོར་མངའ་དབང་བསྒྱུར་ནུས་པའི། །སྤྲུལ་པའི་གཟུགས་སྐུ་མྱུར་བར་འཆར་གྱུར་ཅིག །མཆོག་གསུམ་བསླུ་མེད་དོན་དམ་བདེན་པ་དང་། །ཀུན་རྫོབ་མོས་པའི་རྟེན་འབྲེལ་ཟབ་མོ་ཡིས། །ཇི་ལྟར་རེ་བའི་འབྲས་གང་ཡོངས་སྨིན་ནས། །བདེ་ལེགས་དཔལ་གྱིས་རྣམ་ཀུན་ཁྱབ་པར་


SPN003_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཅེས་པ་བྱ་བཏང་བའི་སྐྱེ་སྤྲུལ་མྱུར་གསལ་སླད་དུ་གྲྭ་རིགས་རྣམས་ནས་བསྐུལ་ངོར་སྤེལ་བ་དགེ། །དུས་གསུམ་རྒྱལ་ཀུན་ཐུགས་རྗེའི་རྣམ་པར་རོལ། །གཅིག་བསྡུས་དཀྱིལ་འཁོར་ཀུན་བདག་འཁོར་ལོའི་མགོན། །བརྩེ་ཆེན་ཆོས་ཀྱི་དབྱིངས་ནས་རྗེས་དགོངས་ལ། །འགྲོ་དོན་བསྙེལ་མེད་ཕྲིན་ལས་བསྐྱང་དུ་གསོལ། །དེང་འདིར་བསྟན་དང་འགྲོ་བའི་དཔུང་གཉེན་དུ། །རིང་ནས་བྱམས་ཆེན་དམ་བཅའི་ཁུར་བཞེས་ལྟར། །རྣམ་འཕྲུལ་རྒྱུན་མི་ཆད་པའི་རང་བཞིན་གྱི། །སྤྲུལ་པའི་ཟླ་སྣང་མྱུར་བར་བསྟན་དུ་གསོལ། །དེ་ལྟར་གསོལ་བཏབ་བདེན་པའི་བྱིན་མཐུ་ཡིས། །ཡིད་བཞིན་སྨོན་ལམ་ཡོངས་སུ་འགྲུབ་པ་དང་། །སྒྲུབ་བརྒྱུད་བསྟན་པ་རིན་ཆེན་དར་རྒྱས་ཤིིང་། །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་འབྱུང་གྱུར་ཅིག །ཞེས་པ་དང་མཚུངས་མེད་བླ་མ་བསྟན་འཛིན་པ་གང་གི་ཐུགས་བཞེད་ལྟར། རྗེ་གར་དབང་རིན་པོ་ཆེ་དེ་ཉིད་ཀྱི་སྤྲུལ་སྐུ་མྱུར་འབྱོན་ཕྱིར་དུ་སི་ཏུ་པས་འོག་མིན་ཀརྨའི་གདན་སར་བཀོད་བ་དགེ། །མཆོག་གསུམ་ངོ་བོ་དཔལ་ལྡན་ཀརྨ་པའི། །ཐུགས་རྗེ་ཆེན་པོའི་ཡེ་ཤེས་འོད་སྣང་གིས། །དེང་འདིར་ཁྱབ་པའི་དཔལ་ཡོན་མི་བཟད་པས། །རྣམ་ཀུན་རེ་བའི་ཤིང་རྟ་འགེངས་གྱུར་ཅིག །བསྟན་འགྲོའི་རྒུད་པ་སེལ་བའི་སྨན་མཆོག་དང་། །ཕན་བདེའི་རྩ་ལག་ཉིད་དུ་ཡོངས་གྲུབ་པ། །བླ་མ་གང་དེའི་སྐྱེ་བའི་རྣམ་པར་རོལ། །དགེ་མཚན་དང་བཅས་རིང་མིན་གསལ་ནས་སུ། །རྒྱལ་བསྟན་སྲི་ཞུ་འཛིན་


SPN003_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་སྤེལ་ནུས་ཤིང་། །འགྲོ་བའི་གཉེན་དུ་འོས་པའི་ཕྲིན་ལས་ནི། །རྒྱ་ཆེན་རྒྱ་མཚོའི་གོས་ཅན་ཁྱབ་བྱེད་དུ། །གེགས་མེད་དེ་ལྟར་ལྷུན་གྱིས་གྲུབ་པར་ཤོག །ཅེས་སི་ཏུ་པས་དབོན་པོ་བླ་མ་ཀརྨ་བསྟན་རྒྱས་ཀྱིས་བཞེད་ངོར་ཟུར་རི་བླ་རྒན་གྱི་སྐྱེ་སྲིད་མྱུར་བྱོན་ཆེད་དུ་སྤེལ་བ་ཛ་ག་ཏམ། །ཆོས་སྐུ་ཟག་མེད་མཁའ་དབྱིངས་ཁྱོན་ཡངས་པོར། །ལོངས་སྐུ་ཡེ་ཤེས་ལྔ་ལྡན་ཉིན་མོར་བྱེད། །སྤྲུལ་སྐུ་སྣ་ཚོགས་སྣང་བའི་འོད་འབུམ་བརྡལ། །དཔལ་ལྡན་ཀརྨ་ཀ་དེས་རྣམ་ཀུན་སྐྱོངས། །ཐུབ་བསྟན་ཀུན་དགའི་དཔྱིད་གྱུར་པདྨོའི་ཚལ། རྣམ་པར་བཞད་པའི་ཕྲིན་ལས་རབ་རྒྱས་ཕྱིར། །འགྲོ་བའི་ངལ་གསོའི་དཔལ་དང་དཔུང་གཉེན་དུ། །སྐྱེ་བའི་ཟློས་གར་རབ་གསལ་སྟོན་གྱུར་ཅིག །ཆོས་དབྱིངས་རང་བཞིན་དོན་དམ་བདེན་པ་དང་། །ཆོས་ཅན་ཀུན་རྫོབ་རྟེན་འབྲེལ་བསླུ་མེད་བདེན། །གང་དེས་དེང་འདིར་སྨོན་པའི་དགེ་ལེགས་ཚོགས། །འབད་མེད་ཡོངས་སུ་འགྲུབ་པའི་བཀྲ་ཤིས་ཤོག །ཆོས་ཉིད་སྤྲུལ་སྐུ་མྱུར་གསལ་ཆེད་དུ་ཁྲ་འབོ་དང་འབའ་ལུང་བླ་མ་གྲྭ་ཚང་རྣམས་ཀྱི་བཞེད་ངོར་སྤེལ་བ་ཛ་ག་ཏཾ། །ན་མོ་གུ་ར་ཝེ། རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །གངས་ཅན་མགོན་པོ་དཔལ་ལྡན་ཀརྨ་པ། །སྐྱབས་གནས་རྒྱ་མཚོར་གསོལ་འདེབས་བྱིན་རླབས་ཀྱིས། །འགྲོ་སྒྲོལ་ཐུགས་བསྐྱེད་ལྷ་ལམ་ཁྱོན་ཡངས་ནས། །མཐུ་སྟོབས་ཉིན་བྱེད་འོད་འབུམ་བདལ་བ་


SPN003_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །གང་འདིར་བསྟན་དང་འགྲོ་བའི་དགའ་ཚལ་གཉེན། །ཅི་དགར་བཞད་པའི་ཕྲིན་ལས་སྤེལ་སླད་དུ། །སྐྱེ་བའི་སྲིད་པ་མྱུར་བ་རབ་གསལ་ཤོག། ཐེག་གསུམ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག །མི་ནུབ་གོང་ནས་གོང་དུ་འཕེལ་ཞིང་རྒྱས། །སྐྱེ་དགུ་སྙིགས་ལྔའི་རྒུད་པ་ལས་གྲོལ་ནས། །རྫོགས་ལྡན་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཁྲ་ལེགས་མཆོག་སྤྲུལ་ཐུགས་བཞེད་ལྟར་གང་དེའི་ཕྲིན་ལས་བྱེད་པོའི་སྐྱེ་སྤྲུལ་མྱུར་གསལ་བདེན་ཚིག་ཏུ་སྤེལ་བ་དགེ། །མདྒ་ལམ། །བདེ་ཆེན་འགྱུར་མེད་འོད་གསལ་ཀུན་ཁྱབ་ཀློང་། །རང་བྱུང་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས། །རིགས་དཀྱིལ་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་། །དཔལ་ལྡན་འབྲུག་པའི་ཞབས་ལ་གསོལ་བ་འདེབས། །སྙིགས་ལྔའི་གདུལ་བྱ་རྟག་འཛིན་ཞེན་ཟློག་ཕྱིར། །ཆོས་དབྱིངས་སྤྲོས་བྲལ་ཞི་བར་གཞོལ་ལགས་ཀྱང་། །ཟག་མེད་ཐུགས་ཀྱིས་རྗེས་འཇུག་བརྩེར་དགོངས་ལ། །མཆོག་སྣང་ཉིན་བྱེད་དེང་འདིར་གསལ་དུ་གསོལ། །རྒྱལ་བསྟན་སྤྱི་དང་སྒྲུབ་བརྒྱུད་ངེས་གསང་སྙིང་། །འཛིན་སྤེལ་སྐྱོང་དང་འཛམ་གླིང་སྐྱེ་དགུ་ཡི། །བསོད་ནམས་ཞིང་དུ་གཟུགས་སྐུའི་རྣམ་པར་རོལ། །དགེ་མཚན་བྱེ་བའི་དཔལ་གྱིས་འཆར་གྱུར་ཅིག །ཅེས་སྐྱབས་རྗེ་བཀའ་དྲིན་གསུམ་ལྡན་འབྲུག་པ་རིན་པོ་ཆེའི་མཆོག་སྣང་མྱུར་འབྱོན་དུ་སི་ཏུ་


SPN003_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཉིན་བྱེད་དབང་པོས་རྗེ་དབོན་མཆོག་གི་བཞེད་ངོར་གསོལ་བའོ། །ༀ་སྭསྟི། སྲིད་ཞིའི་འདྲེན་པ་མཉམ་མེད་ཤཱཀྱའི་རྒྱལ། །ཆོས་དང་འཕགས་ཚོགས་རྒྱ་མཚོར་གསོལ་བཏབ་མཐུས། །དེང་འདིར་རྣམ་འདྲེན་མཆོག་གཉིས་གདུལ་བྱའི་ངོར། །རྟག་འཛིན་ཞེན་ལྡོག་ཆོས་དབྱིངས་ཞི་བདེའི་ངང་། །གཞོལ་བ་ཀུན་རྫོབ་སྣང་ཚུལ་དེ་ལྟར་ཡང་། །དོན་དམ་སྐྱེ་དང་འགགས་པའི་མཚན་བྲལ་བཞིན། །སྙིགས་ལྔའི་འགྲོ་རྣམས་ཡལ་བར་འདོར་མིན་ཕྱིར། །བརྩེ་ཆེན་བྱམས་པའི་ཐུགས་བསྐྱེད་རྗེས་དགོངས་ལ། །དེང་འདིར་སྤྲུལ་པའི་སྣང་བྱེད་ཉི་ཟླ་ཟུང་། །ཕྲིན་ལས་འོད་ཀྱི་ཟེར་ཕྲེང་ཟློས་གར་ནི། །སྐྱེ་དགུའི་རྒུད་པ་སེལ་དང་བཀའ་བརྒྱུད་བསྟན། །པད་ཚལ་ཕྱོགས་མཐར་རྒྱས་དང་ལྷན་ཅིག་པར། །བསྐལ་བཟང་རྫོགས་ལྡན་གསར་པའི་དགའ་སྟོན་ལ། །ཡིད་བཞིན་སྤྱོད་པའི་བཀྲ་ཤིས་མྱུར་གསལ་ཤོག །ཅེས་བཀའ་བརྒྱུད་བསྟན་པའི་རྒྱན་མཆོག་རི་བོ་ཆེ་ཡང་དགོན་རྗེ་དྲུང་རིན་པོ་ཆེ་དང་འཕགས་མཆོག་དམ་པ་མཁན་སློབ་ཞི་བར་མནལ་བའི་མཆོག་སྤྲུལ་མྱུར་འབྱོན་འཛི་སྒར་ནས་དབོན་མཛོད་པ་ཀརྨ་བདེ་ཆེན་གྱི་བཞེད་ངོར་སི་ཏུ་པདྨའི་མིང་གིས་སྦས་ཡུལ་ཨ་ཏ་རོང་དང་རྗེས་འབྲེལ་ཐུབ་བསྟན་དཔལ་སྤུངས་གནྡྷོ་ལ་ནས་བཀོད་པ་དགེ། །བསྐལ་བཟང་རྣམ་འདྲེན་ཐུབ་དབང་རིང་ལུགས་ཁྱོན། །རྒྱ་མཚོའི་གོས་ཅན་སྤེལ་བའི་འཇིག་རྟེན་མགོན། །གྲུ་འཛིན་བདག་པོ་ཕྱག་ན་པདྨོ་ཅན། །དཔལ་ལྡན་ཀརྨ་ཀ་ཡི་ཐུགས་རྗེས་སྐྱོངས། །གང་གི་ཕྲིན་ལས་འོད་སྟོང་སྤེལ་སླད་དུ། །


SPN003_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཀློང་ཡངས་བདེ་ཆེན་མཁའ་དབྱིངས་ལས། །སྤྲུལ་པའི་སྣང་བྱེད་མྱུར་བར་རབ་གསལ་བའི། །དགེ་ལེགས་བྱེ་བའི་འདབ་བརྒྱ་བཞད་དུ་གསོལ། །སྒྲུབ་བརྒྱུད་བསྟན་པ་རིན་ཆེན་ཕྱོགས་མཐར་རྒྱས། །སྐྱེ་དགུ་བདེ་སྐྱིད་དཔལ་གྱིས་གང་བཞིན་དུ། །བཀྲ་ཤིས་རྫོགས་ལྡན་ལང་ཚོ་རྒྱས་བཞིན་པར། །ཕུན་སུམ་ཚོགས་པས་ཀུན་ཏུ་ཁྱབ་གྱུར་ཅིག །ཅེས་པའང་སི་ཏུ་པས་ཁྲ་འགུ་དབོན་པོ་དང་གྲྭ་ཚང་བཅས་ཀྱི་བཞེད་ངོར་སྤེལ་བ་དགེ། །གདོད་ནས་རང་བྱུང་བདེ་བ་ཆེན་པོའི་གཤིས། །མཁའ་ཁྱབ་ནམ་མཁའི་རྡོ་རྗེར་བྱང་ཆུབ་ཅིང་། །ལྷུན་གྲུབ་ལོངས་སྤྱོད་སྒྱུ་འཕྲུལ་གར་སྟོན་པས། །ཞིང་གཞན་དགོངས་པའི་གནས་ལ་གཞོལ་གྱུར་ཀྱང་། །དེང་འདིར་བསྟན་དང་འགྲོ་ལ་རྗེས་བརྩེ་བའི། །ཐུགས་བསྐྱེད་ཟབ་མོའི་ཀློང་ནས་ཉེར་དགོངས་ལ། །སླར་ཡང་གཟུགས་སྐུའི་དཀྱིལ་འཁོར་འོད་དཀར་ཅན། །གདུལ་བྱ་ཀུ་མུད་ཕན་བདེའི་དགའ་ཚལ་དུ། །མངོན་པར་གསལ་བའི་ཟེར་ཕྲེང་སྣང་པ་ནི། །རྨད་བྱུང་དགེ་ལེགས་བྱེ་བའི་དཔལ་གང་དག །རབ་རྒྱས་རྫོགས་ལྡན་དཔྱིད་ཀྱི་ཡོན་ཏན་ལ། །སྤྱོད་པའི་མཆོག་གསུམ་ཐུགས་རྗེས་སྐྱོང་གྱུར་ཅིག །ཅེས་སི་ཏུ་པས་རྒྱལ་སྲས་བླ་མ་པད་དབང་དང་དབོན་མཛོད་བདེ་ཆེན་བཞེད་ངོར་དཔལ་དགའི་མཆོག་སྤྲུལ་གསལ་བའི་ཆེད་དུ་སྤེལ་བ་དགེ། །རྒྱལ་བ་ཀུན་དངོས་མཚོ་སྐྱེས་པདྨ་འབྱུང་། །སྒྱུ་འཕྲུལ་གར་


SPN003_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་སྤྲུལ་པའི་རིག་པ་འཛིན། །གངས་ལྗོངས་བསྟན་འགྲོའི་དཔུང་གཉེན་གྲུབ་པའི་དབང་། །ཚེ་དབང་དཔལ་དར་མཆོག་ལ་གསོལ་བ་འདེབས། །གང་ཁྱོད་དག་པའི་ཞིང་ཁམས་རྒྱ་མཚོ་ལ། །དབང་བསྒྱུར་རྒྱལ་དང་དེ་སྲས་རྣམ་རོལ་ཀྱིས། །གདུལ་བྱ་རྗེས་འཇུག་འགྲོ་ལ་བརྩེར་དགོངས་ནས། །བསྟན་པ་རིན་ཆེན་གསལ་བྱེད་སྤྲུལ་པའི་སྐུ། །གེགས་མེད་མྱུར་དུ་འཆར་བའི་དགེ་མཚན་ནི། །རྗེ་བཙུན་ཕྱག་ན་པདྨོའི་ཕྲིན་ལས་ཀྱི། །ཤིང་རྟ་འདྲེན་པའི་ཐུགས་བསྐྱེད་དམ་བཅའི་ཁུར། །བསྙེལ་མེད་ལྷུན་གྱིས་གྲུབ་པའི་བཀའ་དྲིན་སྩོལ། །ཞེས་རྒྱལ་དབང་རིན་པོ་ཆེའི་བཀའ་སྩལ་སྤྱིར་ཕེབས་ལྟར་སི་ཏུ་པས་དཔལ་དར་རིན་པོ་ཆེའི་མཆོག་སྤྲུལ་མྱུར་འབྱོན་ཆེད་དུ་ཕུལ་བ་མདྒ་ལམ། །དཔལ་ལྡན་སྟོབས་བཅུ་མངའ་བ་བཅོམ་ལྡན་འདས། །དེས་གསུངས་ལུང་དང་རྟོགས་པ་ཆོས་ཀྱི་མཆོག །ཆགས་བྲལ་ཆོས་ཉིད་བདེན་གཟིགས་འཕགས་དགེ་འདུན། །སྐྱབས་གསུམ་ཐུགས་རྗེ་སྐྱ་རེངས་ཀྱིས་དྲངས་པའི། །དམ་པའི་སྒྱུ་འཕྲུལ་མཁའ་ནོར་འོད་འབུམ་ཅན། །བསྟན་འགྲོ་པདྨའི་དགའ་ཚལ་དཔྱིད་ཀྱི་དཔལ། །སྒྲུབ་བརྒྱུད་རིང་ལུགས་སྤེལ་དང་འགྲོ་བའི་མགོན། །སྤྲུལ་པའི་ཉིན་བྱེད་གེགས་མེད་མྱུར་གསལ་ཤོག །ཅེས་མཉན་པ་མཆོག་གི་སྤྲུལ་པའི་སྐུ་མྱུར་འབྱོན་བདེན་ཚིག་དབོན་འཆི་མེད་སྤྲུལ་སྐུས་བཞེད་ངོར་སྤེལ་བ་ཛ་ཡ། །གདོད་ནས་དག་པ་སྐུ་བཞིའི་རྒྱལ་སྲིད་ཆེ། །ཡོངས་སུ་རྫོགས་པ་དཔལ་ལྡན་འབྲུག་པ་


SPN003_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། །ཛྙཱ་ན་བཛྲ་ཞེས་བྱའི་རྣལ་འབྱོར་མཆོག །ཁྱབ་བདག་འཁོར་ལོའི་མགོན་པོས་སྐྱོང་གྱུར་ཅིག །མགོན་དེའི་རྗེས་འཇུག་ལྷག་པའི་ཐུགས་སྟོབས་ཅན། །བཤད་སྒྲུབ་གཉིས་ཀྱི་ཕྲིན་ལས་སྤེལ་བྱེད་པ། །གང་གི་གདུལ་བྱ་རྫོགས་ནས་ཞི་དབྱིངས་སུ། །གཞོལ་ཚུལ་བསྟན་ཀྱང་སླར་ཡང་ཞིང་འདི་རུ། །སྒྲུབ་བརྒྱུད་བསྟན་པ་ཕྱོགས་མཐར་སྤེལ་པ་དང་། །འགྲོ་བའི་དོན་ཆེན་སྔོན་སྨོན་རྗེས་དགོངས་ལ། །ཞི་བར་མི་གནས་ཐེག་ཆེན་སེམས་བསྐྱེད་ཀྱི། །སྤྲུལ་པའི་སྒྱུ་འཕྲུལ་རིང་མིན་གསལ་གྱུར་ཅིག །ཅེས་ལོ་རི་སྤྲུལ་པའི་སྐུའི་མྱུར་འབྱོན་ཆེད་དུ་ཆོས་གླིང་ནམ་མཁའི་སྒང་གྲྭ་རིགས་རྣམས་ཀྱི་ངོར་སྤེལ། །སྐྱབས་གནས་ཀུན་འདུས་པདྨཱ་ཀ་ར་དང་། །ཡི་དམ་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་བཅས། །རྩ་གསུམ་བྱིན་རླབས་རྨད་བྱུང་བདེན་པའི་མཐུས། །སྒྲུབ་བརྒྱུད་བསྟན་པའི་ཕྲིན་ལས་ཤིང་རྟ་གང་། །འོད་གསལ་ཆོས་དབྱིངས་མངོན་དུ་བྱས་ཏེ་སླར། །ལོངས་སྤྱོད་ཡོངས་རྫོགས་སྒྱུ་མའི་རོལ་པ་ལས། །སྐྱེ་བ་སྤྲུལ་སྐུའི་སྣང་བརྙན་ཟླ་བའི་གཟུགས། །མོས་ལྡན་ཡིད་མཁར་མྱུར་བར་གསལ་གྱུར་ཅིག །ཅེས་སི་ཏུ་པས་དྲུང་རམ་བླ་མཆན་དང་ལས་བྱེད་འདུས་ཚོགས་རྣམས་ཀྱི་ངོར་སྤེལ་བ་དགེ། །ཆོས་དབྱིངས་ཀུན་ཁྱབ་ནམ་མཁའི་ཀློང་ཡངས་སུ། །བདེ་ཆེན་ལོངས་སྤྱོད་ཡོངས་རྫོགས་ཉིན་མོའི་མགོན། །འགྲོ་བློར་གང་འཚམས་སྤྲུལ་པའི་


SPN003_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྟོང་སྤྲོ། །སྐུ་གསུམ་སྟོན་པ་མཚོ་སྐྱེས་པད་འབྱུང་གི། །བྱིན་རླབས་ནུས་མཐུ་སྨོན་ལམ་བདེན་པའི་སྟོབས། །བསླུ་བ་མེད་པས་གང་གི་ངེས་གསང་བསྟན། །ཕྱོགས་བརྒྱར་སྤེལ་བའི་བྱེད་པོ་སྣང་བའི་གཉེན། །གདུལ་བྱའི་སྣང་བར་གེགས་མེད་གསལ་གྱུར་ཅིག །ཅེས་སི་ཏུ་པས་རྒྱལ་སྲས་སྤྲུལ་པའི་སྐུའི་མྱུར་འབྱོན་དབོན་ཀརྨ་ཆོས་རྒྱལ་གྱིས་བསྐུལ་ངོར་སྤེལ་བ་དགེ། །རྒྱལ་སྲས་གཞོན་ནུ་འཇིག་རྟེན་མཐོང་ན་དགའ། །རྒྱལ་བས་ལུང་བསྟན་ནཱ་ག་ཨརྫུ ན། །རྒྱལ་མཆོག་འཇིག་རྟེན་གསུམ་གྱི་མགོན་པོ་སོགས། །རྒྱལ་ཀུན་ཐུགས་རྗེའི་བྱིན་འོད་དེང་འདིར་སྩོལ། །དཀོན་མཆོག་གདུང་འཚོབ་ངེས་གསང་ཐེག་པ་ཆེའི། །བསྟན་འཛིན་བྱེ་བའི་ཁྱུ་མཆོག་སྒྲུབ་བརྒྱུད་ཀྱི། །ཕྲིན་ལས་ཆུ་རྒྱུན་རྒྱ་མཚོའི་གོས་ཅན་མཐར། །དར་རྒྱས་མཆོག་གི་སྤྲུལ་སྐུ་མྱུར་གསལ་ཤོག །སྤངས་རྟོགས་ཡོངས་སུ་རྫོགས་པའི་ཡིད་བཞིན་ནོར། །བར་ཆད་ཉེར་འཚེའི་ཕྱོགས་ལས་རྣམ་གྲོལ་ཏེ། །བསླབ་གསུམ་རྒྱལ་མཚན་རྩེ་མོར་བཀོད་གྱུར་པས། །ངེས་དོན་བསྟན་པའི་ཁང་བཟང་མཛེས་བྱེད་ཤོག །ལྷོ་ཀུན་བཟང་མཆོག་སྤྲུལ་མྱུར་འབྱོན་དགེ། །དེ་བཞིན་གཤེགས་པ་མ་ཆགས་པདྨའི་སྤྱན། །འཛམ་གླིང་མཛེས་བའི་རྒྱན་གྱུར་འཕགས་པ་ཀླུ། །རིགས་ལྡན་པདྨ་དཀར་འཛིན་ཐུགས་རྗེའི་གར། །འཇིག་རྟེན་མགོན་པོའི་སྣང་བས་བྱིན་རླབས་སྩོལ། །དཀོ༵ན་


SPN003_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

མཆོ༵ག་བསྟན་པའི་སྙིང་པོའི་རྣམ་ཐར་གང་། །འཛི༵ན་ལ་གཞན་དྲིང་མི་འཇོག་གདོད་མ་ནས། །བྱ༵ང་ཆུབ་བརྙེས་ཀྱང་རྒྱས་སྲས་རོལ་པ་ཡིས། །བཟ༵ང་པོ༵་སྤྱོད་མཛད་སྤྲུལ་པའི་སྐུར་གསལ་ཤོག །བསླུ་མེད་མཆོག་གསུམ་རྩ་གསུམ་བདེན་པ་ཡིས། །བསྟན་འགྲོའི་བསོད་ནམས་ཤར་རིའི་ཕྲག་པ་ནས། །གང་གི་ཟླ་ཞལ་མྱུར་བར་རབ་གསལ་ཞིང་། །རྣམ་ཀུན་ཕན་བདེའི་སྣང་བས་ཁྱབ་གྱུར་ཅིག །ལྷོ་ཆུང་ཡང་སྤྲུལ་མྱུར་འབྱོན་བཅས་དཔལ་མེའི་མཛོད་དཀོན་མཆོག་རྒྱལ་མཚན་ངོར་སྤེལ། །ཡེ་ཤེས་བདེ་བ་ཆེན་པོའི་རང་བཞིན་སྐུ། །དག་པའི་ཞིང་ཁམས་རྒྱ་མཚོར་རྒྱལ་སྲས་ཚུལ། །ལྗོངས་འདིར་གསང་བདག་རྡོ་རྗེ་འཛིན་དབང་པོ། །གྲུབ་པའི་དབང་ཕྱུག་དཔལ་ལྡན་དཔའ་པོ་མཆོག །ཆོས་དབྱིངས་རང་བཞིན་མཁའ་ཁྱབ་ཏིང་འཛིན་དང་། །རྒྱལ་ཀུན་ཡེ་ཤེས་གཅིག་གྱུར་བྱང་ཆུབ་ཀྱང་། །དམིགས་མེད་ཐུགས་རྗེའི་རོལ་པ་སྲིད་དང་ཞིའི། །གཉིས་ཆོས་གཡུལ་ངོ་ཟློག་ཕྱིར་སྤྲུལ་པའི་གར། །དག་པའི་མཁའ་ལ་ཉིན་མོར་བྱེད་པ་བཞིན། །གསང་སྔགས་སྟོན་མཆོག་པདྨ་སམྦྷ་ཝའི། །ཕྲིན་ལས་ཕྱོགས་བརྒྱར་སྣང་བྱེད་དཔུང་གཉེན་གང་། །བསྟན་འགྲོའི་མགོན་དུ་མྱུར་བར་གསལ་གྱུར་ཅིག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་དཔལ་ལྡན་དཔའ་པོ་རིན་པོ་ཆེའི་མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས་དབོན་མཛོད་ཆོས་དབང་བཞེད་ལྟར་དགེ། །ན་མོ་རཏྣ་ཏྲ་ཡཱ་ཡ། བསྐལ་བཟང་


SPN003_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྟོང་རྩའི་འབྱུང་གནས་མཆོག །བཅོམ་ལྡན་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །རྣམ་འཕྲུལ་དཔལ་ལྡན་ཀརྨ་པ་ཞེས་གྲགས། །གང་གིས་བྱིན་རླབས་ཆར་རྒྱུན་དེང་འདིར་སྩོལ། །སྟོན་པའི་བསྟན་པ་ངེས་དོན་སྒྲུབ་བརྒྱུད་ཀྱི། །རིང་ལུགས་ཕྲིན་ལས་སྤེལ་བའི་ཤིང་རྟ་གང་། །སྙིགས་དུས་སེམས་ཅན་གདུལ་དཀའ་མི་བསྲུན་པའི། །སྣང་ངོར་ཆོས་དབྱིངས་ཞི་བར་གཞོལ་ལགས་ཀྱང་། །སྔོན་ཚེ་བྱང་ཆུབ་ཐུགས་བསྐྱེད་རྗེས་དགོངས་ལ། །དེང་འདིར་སྤྲུལ་པའི་གར་བསྒྱུར་བསྟན་དུ་གསོལ། །བླ་མེད་མཆོག་གསུམ་རྩ་གསུམ་རྒྱ་མཚོ་ཡི། །བདེན་པས་སྨོན་པའི་འདོད་དོན་ལྷུན་གྲུབ་ཤོག །སྤུངས་རི་བླ་མཆན་བཞེད་དོན་སྤེལ། །དཔལ་ལྡན་སངས་རྒྱས་མཚོ་སྐྱེས་རྡོ་རྗེ་ཅན། །དབྱེར་མེད་ཀརྨ་པ་ཡི་ཐུགས་རྗེའི་སྟོབས། །རྨད་བྱུང་བྱིན་རླབས་རྒྱུད་བསྐུལ་གསོལ་བཏབ་པས། །གང་དེའི་སྐྱེ་བའི་སྲིད་པ་བསྟན་དང་འགྲོར། །ཕན་བདེའི་རྩ་ལག་དཔྱིད་དུ་གེགས་བྲལ་བར། །ནོངས་མེད་རབ་གསལ་གཞན་ཕན་མཐར་ཕྱིན་ཤོག །སི་ཏུ་པས་བསོད་དབང་སྤྲུལ་སྐུ་མྱུར་གསལ་མཛོད་དགོན་ཆོས་ཟུར་ཆོས་དར་ངོར་སྤེལ། །རབ་འབྱམས་རྒྱལ་བ་རྒྱ་མཚོའི་ངོ་བོ་ཉིད། །འཕགས་ཡུལ་མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན། །ཛྙཱ་ན་སིདྡྷིའི་རྣམ་འཕྲུལ་དཔལ་འབྲུག་པ། །གྲུབ་མཆོག་ཡེ་ཤེས་རྡོ་རྗེས་རྒྱུད་བྱིན་རློབས། །གང་འདིར་དཔལ་ལྡན་དབྱར་རྔའི་རིང་


SPN003_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི། །རྒྱལ་མཚན་འཛིན་ཅིང་རིས་མེད་སྐྱེ་དགུ་ལ། །རྣམ་བཞིའི་ཕྲིན་ལས་སྤེལ་བའི་བདག་ཉིད་ཅན། །གང་གི་སྤྲུལ་པའི་ཟླ་ཞལ་བསྟན་དུ་གསོལ། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་ཐུགས་རྗེ་དང་། །ཆོས་ཅན་ཆོས་ཉིད་བདེན་པ་ཟབ་མོའི་མཐུས། །སྒྱུ་འཕྲུལ་རྡོ་རྗེའི་སྣང་བརྙན་རབ་གསལ་བ། །གདུལ་བྱའི་མཁའ་ལ་མངོན་པར་འཆར་གྱུར་ཅིག །ཁམས་པ་སྤྲུལ་སྐུ་མྱུར་འབྱོན་དབོན་དང་འདུས་སྡེའི་ངོར་སྤེལ། །དཀོན་མཆོག་རིན་ཆེན་གསུམ་དང་རྩ་གསུམ་གྱི། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན་འདུས་པ། །ཁམས་གསུམ་འགྲོ་བའི་མགོན་པོ་ཀརྨ་པའི། །ཐུགས་རྗེ་ཆེན་པོས་བྱང་ཆུབ་བར་དུ་སྐྱོངས། །གང་གི་བསྟན་པའི་བརྒྱུད་འཛིན་དེ་ཉིད་ཀྱི། །སྐྱེ་བའི་སྲིད་པ་སླར་ཡང་རབ་གསལ་བ། །བསྟན་འགྲོའི་དཔྱིད་དུ་རིང་མིན་འཆར་ནས་སུ། །འགྲོ་དོན་མཐར་ཕྱིན་འགྲུབ་པར་བྱིན་གྱིས་རློབས། །སྙིགས་མའི་རང་མདངས་མི་དགེའི་མཚན་མ་རྣམས། །ཞི་ཞིང་བསྟན་འགྲོར་ཕན་བདེའི་ཉི་འོད་ཀྱིས། །བསྐལ་བཟང་རྫོགས་ལྡན་གསར་པའི་དཔལ་ལ་སྤྱོད། །རྣམ་ཀུན་བསམ་དོན་ཆོས་བཞིན་ཡོངས་འགྲུབ་ཤོག །འདམ་དཀར་ཆོས་གྲྭའི་འདུས་པ་རྣམས་ཀྱིས་བསྐུལ་ངོར་སྤེལ་བ་དགེ། །ན་མོ་རཏྣ་ཏྲ་ཡཱ་ཡ། སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ལྷ། །དཔའ་བོ་ཌཱ་ཀི་ཆོས་སྐྱོང་རྒྱ་མཚོའི་ཚོགས། །དེང་འདིར་ཐུགས་རྗེའི་འོད་


SPN003_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འབུམ་བརྡལ་བས། །ཞིང་གཤེགས་ས་ལམ་བར་ཆད་མུན་ཚོགས་བཅོམ། །ས་བཅུ་ལམ་ལྔ་མཐར་ཕྱིན་བླ་མེད་ཀྱི། །སྐུ་བཞིའི་གོ་འཕང་བདེ་བླག་ཉིད་འགྲུབ་ཅིང། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཐོབ་ནས། །གཞན་དོན་ཕྲིན་ལས་ཐོགས་མེད་དབང་འབྱོར་ཤོག །རྡོ་ཁྱིམ་འབྲུག་སྒར་གྲྭ་རིགས་ངོར་སྤེལ་བ་དགེ། །དུས་གསུམ་རྒྱལ་ཀུན་ཐུགས་རྗེའི་སྤྱི་གཟུགས་མཆོག །ཨོ་རྒྱན་ཆེན་པོ་རང་སེམས་དབྱེར་མེད་པར། །རང་བྱུང་གདོད་ནས་ལྷུན་གྲུབ་ངོ་བོར་གསལ། །རྩེ་གཅིག་མོས་གུས་དྲག་པོས་གསོལ་བ་འདེབས། །གང་གི་རྣམ་རོལ་སྒྱུ་འཕྲུལ་རྡོ་རྗེའི་གར། །ཞིང་འདིའི་གདུལ་བར་བྱ་བའི་བསྟན་དང་འགྲོའི། །ཚོགས་གཉིས་སྤེལ་ཕྱིར་ཕུན་ཚོགས་སྐྱ་རེངས་ཀྱིས། །དྲངས་པ་ཉིན་མོའི་མགོན་པོ་གསལ་གྱུར་ཅིག །བླ་མེད་མཆོག་གསུམ་རྩ་གསུམ་དཀྱིལ་འཁོར་ལྷ། །རབ་འབྱམས་རྒྱ་མཚོའི་མཐུ་སྟོབས་རྨད་བྱུང་བས། །སྙིགས་ལྔའི་རྒུད་པ་མུན་ཆེན་གཞོམ་སླད་དུ། །སྤྲུལ་པའི་སྣང་བརྙན་མྱུར་བར་གསལ་གྱུར་ཅིག །འཛི་སྒར་ལས་ཕྱག་ལྷན་རྒྱས་བཞེད་ངོར་སྤེལ་བ་དགེ། །སྭ་སྟི། རིགས་ཀུན་ཁྱབ་བདག་དཔལ་ལྡན་ཀརྨ་པ། །བཀའ་བརྒྱུད་རིན་ཆེན་ཕྲེང་བའི་བྱིན་རླབས་དང་། །ཡི་དམ་ཞི་ཁྲོ་དཔའ་བོ་རྣལ་འབྱོར་མ། །ཆོས་སྐྱོང་དམ་ཅན་རྒྱན་མཚོའི་བདེན་མཐུ་ཡིས། །བསྟན་འགྲོ་ཕན་བདེའི་གཞིར་གྱུར་དམ་པ་གང་། །ཀུན་རྫོབ་སྣང་ངོར་ཞི་དབྱིངས་མནལ་


SPN003_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཀྱང་། །དོན་དམ་ཡེ་ཤེས་རང་མདངས་སྒྱུ་འཕྲུལ་གར། །གདུལ་བྱའི་མགོན་དུ་མྱུར་བར་གསལ་གྱུར་ཅིག །འགལ་རྐྱེན་བར་ཆད་མུན་ཚོགས་རྒྱང་བསྲིང་ཞིང་། །དྲི་མེད་བསླབ་གསུམ་སྣང་བའི་འོད་དཀར་ཀྱིས། །ལུང་རྟོགས་བསྟན་པའི་ཀུ་མུཏ་བཞད་པ་ལ། །སྐྱེ་དགུའི་སྣང་བྱེད་གཉིས་པར་གསལ་གྱུར་ཅིག །སྐྱིད་ཁྲི་སྟེང་བླ་སྤྲུལ་ཀརྨ་དོན་གྲུབ་བཞེད་ལྟར་སྤེལ། །ཕྱོགས་དུས་རྒྱལ་བའི་དཀྱིལ་འཁོར་ཡོངས་ཀྱི་གཙོ། །ཀུན་བཟང་པདྨ་འབྱུང་གནས་རྩ་བ་གསུམ། །རབ་འབྱམས་རྒྱ་མཚོས་ཡེ་ཤེས་ཀློང་ཡངས་ནས། །རྨད་བྱུང་ཐུགས་རྗེའི་ཆར་རྒྱུན་དེང་འདིར་སྩོལ། །སྙིགས་དུས་བསྟན་དང་འགྲོ་བའི་གཉེན་གཅིག་པུ། །ཟག་མེད་ཆོས་དབྱིངས་ཞི་བར་མནལ་ལགས་ཀྱང་། །སྐལ་ལྡན་རྗེས་འཇུག་ཡལ་བར་འདོར་རམ་ཅི། །རྣམ་འཕྲུལ་ཟླ་ཞལ་གསལ་བར་བསྟན་དུ་གསོལ། །སྔོན་སྨོན་ཐུགས་བསྐྱེད་ཟབ་མོའི་རང་བཞིན་དང་། །བླ་མེད་མཆོག་གསུམ་རིན་ཆེན་མཐུ་བྱིན་སྟོབས། །བདག་སོགས་མི་ཕྱེད་འདུན་པས་གསོལ་བཏབ་ཀྱིིས། །རེ་བའི་ཤིང་རྟ་ཡོངས་སུ་གང་གྱུར་ཅིག །དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་མྱུར་བར་བཞད་པའི་ཆེད་དུ་དབོན་སྤྲུལ་ལྷན་རྒྱས་ཀྱི་བཞེད་ངོར་བཀོད་པ་དགེ་བར་གྱུར་ཅིག །མདྒ་ལམ། །རྒྱལ་བ་རབ་འབྱམས་རྒྱ་མཚོའི་སྤྱི་གཟུགས་མཆོག །སངས་རྒྱས་པད་སྐྱེས་ཐུགས་རྗེའི་ཀློང་ཡངས་ནས། །


SPN003_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་སྣང་བའི་ཉིན་བྱེད་འོད་བརྡལ་བས། །སྤྲུལ་བསྒྱུར་པདྨའི་དགའ་ཚལ་གཉེན་གྱུར་ཅིག། བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་པ་ལ། །སྔོན་སྨོན་ཐུགས་བསྐྱེད་ཟབ་མོ་གཡེལ་མེད་པར། །རྗེས་སུ་དགོངས་ནས་གཟུགས་སྐུའི་རྣམ་པར་རོལ། །འགྲོ་བའི་དོན་དུ་མྱུར་བར་བསྟན་དུ་གསོལ། །མཆོག་གསུམ་རྩ་གསུམ་ཐུགས་རྗེའི་མཐུ་བྱིན་སྟོབས། །ཆོས་ཅན་ཆོས་ཉིད་བདེན་པ་ཟབ་མོ་དང་། །བདག་སོགས་མི་ཕྱེད་མོས་པས་འདུན་པ་ཡི། །སྨོན་ལམ་ཇི་བཞིན་དེང་འདིར་ཡོངས་འགྲུབ་ཤོག །ས་སྐྱོང་ནང་ཆེན་སྲས་ཡུམ་གྱི་བཞེད་ངོར་དེ་ཉིད་ཀྱི་མཆོག་སྤྲུལ་མྱུར་འབྱོན་དུ་སྤེལ་བ་དགེ་བར་གྱུར་ཅིག །ཛ་ཡནྟུ། །སྐུ་གསུམ་སྟོན་པ་ཡོངས་ཀྱི་ཕྲིན་ལས་བདག །དཔལ་ལྡན་ཀརྨ་ཀ་ཡི་ཐུགས་རྗེའི་འཕྲུལ། །བསྟན་དང་འགྲོ་ལ་རྗེས་སུ་དགོངས་པ་ཡིས། །དེང་འདིར་བྱིན་རླབས་འོད་སྣང་ཁྱབ་གྱུར་ཅིག །སྔོན་གོམས་ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་མཐུས། །ངེས་དོན་རིང་ལུགས་འཛིན་དང་སྐྱོང་སྤེལ་ཕྱིར། །སྤྲུལ་པའི་བརྒྱུད་འཛིན་རིམ་བྱོན་ཞལ་འཆེས་བཞིན། །གདུལ་བྱའི་མགོན་དུ་གསལ་བར་འ ཆར་གྱུར་ཅིག །མཆོག་གསུམ་རྩ་གསུམ་རབ་འབྱམས་བྱིན་རླབས་སྟོབས། །བསླུ་མེད་བདེན་པས་སྨོན་པའི་རེ་འབྲས་གང་། །ཡིད་བཞིན་ལྷུན་གྲུབ་བར་ཆད་ཉེར་འཚེའི་རིགས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཚེ་བྷྲཱུྃ་བླ་རྒན་མྱུར་འབྱོན་ཆེད་དུ་གདན་ཚབ་བླ་མ་


SPN003_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་བསྐུལ་ངོར་སྤེལ་བ་ཛ་ཡནྟུ། །རྒྱལ་ཀུན་གསང་གསུམ་ཐུགས་རྗེའི་ཡེ་ཤེས་འཕྲུལ། །དབྱེར་མེད་གཅིག་བསྡུས་དཔལ་ལྡན་ཀརྨ་པ། །གསོལ་བ་འདེབས་སོ་བྱིན་རླབས་ཀློང་ཡངས་ནས། །དགོས་འབྱུང་ཡིད་བཞིན་ཆར་རྒྱུན་དེང་འདིར་སྩོལ། །བསྟན་པའི་ཕྲིན་ལས་ཤིང་རྟ་སྐྱེ་དགུའི་གཉེན། །དེ་ཉིད་གདུལ་བྱ་གཞན་དོན་ལ་དགོངས་ནས། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དུ། །མི་མངོན་དབྱིངས་སུ་ཞི་བར་གཤེགས་ལགས་ཀྱང་། །སླར་ཡང་བསྟན་འགྲོར་སྔོན་སྨོན་རྗེས་དགོངས་ལ། །ཐུགས་བསྐྱེད་ཟབ་མོས་བསྐུལ་བའི་སྤྲུལ་བསྒྱུར་གར། །འཁྲུལ་བྲལ་མྱུར་བར་རབ་གསལ་བསྟན་དུ་གསོལ། །འགྲོ་ཀུན་ཕན་བདེའི་སྣང་བས་སྐྱོང་གྱུར་ཅིག །ཚབ་ཚ་མཆོག་སྤྲུལ་ཀྱི་མྱུར་འབྱོན་རྗེས་འཇུག་བླ་གྲྭ་རྣམས་ཀྱི་དགོངས་བཞེད་ལྟར་སྤེལ་བ་སུ་ཛ་ཡ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ཀརྨ་པའི། །སྒྱུ་འཕྲུལ་ཐུགས་རྗེའི་རོལ་གར་གང་དེ་ཉིད། །ཆོས་དབྱིངས་ཟག་མེད་ངང་དུ་སྙོམས་ཞུགས་པའི། །ཐུགས་དགོངས་བྱང་ཆུབ་སྙིང་པོར་ཡོངས་རྫོགས་ཤིང་། །སླར་ཡང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི། །ཡེ་ཤེས་ཆེན་པོའི་རང་གཟུགས་རྨད་བྱུང་བ། །གང་འདིར་འགྲོ་བའི་ཕན་བདེ་སྤེལ་ཕྱིར་དུ། །སྐྱེ་བའི་སྲིད་པ་མྱུར་བར་རབ་གསལ་ཤོག །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་། །ཆོས་དབྱིངས་རང་བཞིན་དོན་དམ་བདེན་པའི་མཐུས། །ཇི་


SPN003_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྨོན་བཞིན་རེ་བའི་འདོད་དོན་གང་། །གེགས་མེད་ཉིད་དུ་མྱུར་བར་འགྲུབ་གྱུར་ཅིག །ཅེས་ལྷ་རྩེ་གྲྭ་མང་རྣམས་ཀྱི་ངོར་སྤེལ་བ་དགེ། །བཅོམ་ལྡན་ཚེ་འོད་དཔག་མེད་རྣམ་པར་འཕྲུལ། །རྒྱལ་མཆོག་ཡཱ་ན་ས་ར་མ་བཛྲེ། །མཆོག་གི་བྱིན་རླབས་ཐུགས་རྗེའི་འོད་ཟེར་གྱིས། །དེང་འདིར་འགྲོ་བའི་དཔལ་གྱུར་སྤྲུལ་བའི་སྐུ། །མི་མཐུན་ཉེས་གསུམ་ཁྲི་མུན་ལས་གྲོལ་ཞིང་། །བསྟན་དང་འགྲོ་ལ་ཕན་བདེའི་པད་ཚལ་རྒྱས། །གཞན་དོན་མཐའ་དག་ཡིད་བཞིན་ལྷུན་གྱིས་གྲུབ། །ཚེ་དཔལ་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །ཅེས་དགེ་རྒྱལ་གཅོད་བླ་སྤྲུལ་སྐུའི་ངོར་སྤེལ་བ་དགེ། །དང་པོའི་སངས་རྒྱས་ཀུན་བཟང་པདྨ་འབྱུང་། །སྒྱུ་འཕྲུལ་གར་སྟོན་སྒྲོལ་བའི་མགོན་པོ་མཆོག །བརྒྱུད་པར་བཅས་པའི་ཐུགས་བསྐྱེད་མཁའ་ཀློང་ནས། །དེང་འདིར་བདེན་གཟུང་བདེན་གྲུབ་བྱིན་གྱིས་རློབས། །གང་ཁྱོད་སྐྱེ་འཇིག་མཚན་མ་རིང་སྤངས་ཀྱང་། །གདུལ་བྱ་རྟག་འཛིན་ཆོས་ལ་བསྐུལ་ཕྱིར་དུ། །ཞི་བའི་དབྱིངས་སུ་གཟིམས་ཀྱང་སླར་ཡང་ནི། །བྱང་སེམས་སྣང་བརྙན་རྣམ་རོལ་མྱུར་སྟོན་གསོལ། །ཀུན་བཏགས་འཁྲུལ་པའི་རྗེས་སུ་འཇུག་མིན་ཀྱང་། །གཞན་དོན་ཐུགས་བསྐྱེད་ཟབ་མོས་བརྩེར་དགོངས་ལ། །འགྱུར་མེད་ཡོངས་གྲུབ་སྤྲུལ་པའི་ཟློས་གར་གྱིས། །རེ་བའི་ཤིང་རྟ་ཡོངས་སུ་གང་གྱུར་ཅིག །མཚུངས་བྲལ་ཛམ་ཐང་ཆོས་རྗེ་མཆོག་སྤྲུལ་མྱུར་འབྱོན་ཆེད་དུ་གང་དེའི་དབོན་དང་རྒྱལ་ཚབ་རྣམས་ཀྱི་བཞེད་ངོར་སྤེལ་བར་ཛཡནྟུ། །


SPN003_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་ལྷ་གཅིག་འཕགས་མཆོག་སྤྱན་རས་གཟིགས། །དབྱེར་མེད་རྗེ་བཙུན་བདུད་འདུལ་རྡོ་རྗེ་འཆང་། །རྩ་བ་བརྒྱུད་པར་བཅས་པ་ཐམས་ཅད་དང་། །ཡི་དམ་རྒྱུད་སྡེའི་དཀྱིལ་འཁོར་ལྷ་ཡི་ཚོགས། །ཡེ་ཤེས་ལས་དང་འཇིག་རྟེན་ཆོས་སྐྱོང་བ། །རྩ་གསུམ་རྒྱ་མཚོར་གསོལ་འདེབས་བྱིན་རླབས་སྩོལ། །ཞིང་གཤེགས་དེ་ཉིད་ས་བཅུ་ལམ་ལྔ་ཡི། །ཡོན་ཏན་ཡོངས་རྫོགས་དག་པའི་ཞིང་སྦྱངས་ནས། །སླར་ཡང་སྐྱེ་བའི་སྲིད་པ་མྱུར་གསལ་ཏེ། །བསྟན་འགྲོར་ཕན་བདེའི་སྣང་བ་རྒྱས་གྱུར་ཅིག །དྲན་ཐང་རི་ཁྲོད་སྤྲུལ་སྐུ་མྱུར་གསལ་རྗེས་འཇུག་རྣམས་ཀྱི་ངོར་སྤེལ་བ་དགེ། །།


previousསྤྲུལ་སྐུ་མྱུར་འབྱོན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་མཆོག་སྣང་བདུད་རྩིའི་གཏེར་མཛོད།next