Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  expand section
  expand section
   
   
   
  expand section
  expand section
   
   
   
   
   
  collapse section
ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དང་པོ་རྗེ་པདྨ་ཉིན་བྱེད་དབང་པོའི་བཀའ་འབུམ་གྱི་དཀར་ཆག་ཡིད་འཕྲོག་བདུད་རྩིའི་གཏེར་མཛོད།
   
   
   
   


 
previousཏཱའི་སི་ཏུ་པདྨའི་ལྗགས་ལྡན་དང་པོ་རྗེ་པདྨ་ཉིན་བྱེད་དབང་པོའི་བཀའ་འབུམ་གྱི་དཀར་ཆག་ཡིད་འཕྲོག་བདུད་རྩིའི་གཏེར་མཛོད།next

ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དང་པོ་རྗེ་པདྨ་ཉིན་བྱེད་དབང་པོའི་བཀའ་འབུམ་གྱི་དཀར་ཆག་ཡིད་འཕྲོག་བདུད་རྩིའི་གཏེར་མཛོད།


SPN003_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དང་པོ་རྗེ་པདྨ་ཉིན་བྱེད་དབང་པོའི་བཀའ་འབུམ་གྱི་དཀར་ཆག་ཡིད་འཕྲོག་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།


SPN003_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲི་ཡེ། པ༵དྨ༵འི་འདབ་ལྟར་ཡངས་པའི་སྤྱན་རས་དང་། །ལྷན་ཅིག་རང་བྱུང་ཡེ་ཤེས་གཟིགས་པ་ཡི། །དགེ་མཚན་ཉི༵ན་བྱེ༵ད་བྱེ་བའི་དཔལ་འབར་བ། །སྲིད་ཞིའི་རྣམ་འདྲེན་དབ༵ང་པོ༵་གང་དེར་འདུད། །ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་མངའ་ཐང་ལ། །བཟང་པོ་སྤྱོད་པའི་རྣམ་ཐར་རྒྱ་མཚོ་ཡིས། །རྟག་གནས་དོན་ཀུན་གྲུབ་པའི་བརྟུལ་ཞུགས་ནི། །ལྷུན་གྱིས་གྲུབ་པ་ཁྱོད་འདྲ་སྲིད་ན་དཀོན། །དེ་ཕྱིར་གདོད་ནས་དང་པོའི་སངས་རྒྱས་དང་། །གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་སྟེ། །འདི་ན་བདེ་གཤེགས་བྱེ་བ་ཕྲག་བརྒྱ་ཡི། །སྤྱི་གཟུགས་ཉིད་དུ་ངེས་པ་ཅིས་མི་རྙེད། །དད་


SPN003_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

དང་གུས་པས་བསྙེན་རྣམས་ལྟ་ཅི་སྨོས། །སྐད་ཅིག་ཡིད་མཁར་ཤར་བས་ཀྱང་མཆོག་དངོས། །བདེ་བླག་ཉིད་འགྲུབ་དེས་ན་སྐལ་བཟང་གི། །འགྲོ་བ་ཕྱི་མཐར་ཐུག་པའང་འགོག་ཏུ་ཅི། །གང་དང་གང་ལ་ཕན་བདེ་ཁྱད་པར་ཅན། །སྲིད་མཐའི་བར་དུ་སྟེར་སླད་དོན་ཆེ་བ། །གང་གསུང་ཆོས་འཁོར་སླར་ལ་འདོད་འཇོའི་སྤྲིན། །མི་ཟད་དབྱིག་ཏུ་དེང་དུས་འཆར་འདི་རྨད། །ཐམས་ཅད་མཁྱེན་གཟིགས་ཏཱའི་སི་ཏུ་ཞེས་པའི་སྐྱེ་ཕྲེང་རྣམས་རྒྱལ་དབང་འཇིག་རྟེན་དབང་ཕྱུག་མཆོག་དང་ངོ་བོ་ཐུགས་རྒྱུད་དབྱེ་བ་མེད་པར་ཞལ་གྱིས་བཞེས་པ་ལྟར་ལ་རྣམ་པ་ཐུགས་སྲས་ཀྱི་ཐུ་བོའི་ཚུལ་བཟུང་ནས་བསྟན་འགྲོའི་དོན་


SPN003_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་པོ་ཆེ་མཛད་པའི་བདག་ཉིད་ཅན་ཏེ་དཔལ་ལྡན་དུས་གསུམ་མཁྱེན་པའི་སྐབས་སི་ཏུ་འགྲོ་མགོན་རས་ཆེན་ནས་བཟུང་དེང་བར་ཉི་མ་དང་ཟེར་བཞིན་སྐྱེ་བའི་ཕྲེང་བ་ལྷན་ཅིག་ཏུ་རྒྱུན་མི་ཆད་པ་བསྟར་བ་རྣམས་འཕགས་ཆེན་ཁོ་ནའི་རྣམ་ཐར་བྲི་གང་དང་བྲལ་བ་འཛིན་པ་ཤ་སྟག་མུ་ཏིག་བསྟར་ལ་བརྒྱུས་པ་དང་འདྲ་བ་ཚར་དུ་དངར་བའི་ཕུལ་དུ་བྱོན་པ་བྱུང་ཞིང་། ལྷག་པར་སངས་རྒྱས་ཀརྨ་པའི་ཕྲིན་ལས་འཛིན་པ་ལ་ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་འཕགས་པ་ལྟ་བུས་ཐུགས་སྲས་རྒྱ་མཚོའི་ནང་ནས་གསང་གསུམ་མཛད་རླབས་དང་བཅས་པ་གང་ཅིའི་ཐད་སི་ཏུའི་སྐྱེས་རབས་རྣམས་དང་མཉམ་པ་འགའ་ཡང་མ་བྱུང་བ་འདྲ་སྟེ། སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་རྒྱལ་དབང་ལྔ་པ་རྒྱ་ནས་ཡར་ཕེབས་ཀརྨའི་དགོན་དུ་བཞུགས་སྐབས་སྟོན་འཁོར་ཁྲི་ཚོ་མང་པོར་ཡུན་རིང་ཞབས་ཏོག་བསྙེན་བཀུར་འདོད་འཇོའི་ཆར་བཞིན་ཞུས་པ་ཙམ་ཁོ་ན་ཡང་གཞན་སུ་ལའང་བྱུང་སྐད་མི་འདུག་པ་སོགས་ཀྱིས་མཚོན་ནོ། །སི་ཏུ་བཀྲ་ཤིས་དཔལ་འབྱོར་ཉིད་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་རང་གི་སྤྲུལ་སྐུ་ཡིན་པར་ཞལ་གྱིས་བཞེས་པས་མཚོན་རྒྱལ་དབང་རིམ་ཅན་ནས་རྟོགས་པ་དོན་གྱི་ཐུགས་རྒྱུད་དབྱེ་བ་མེད་པའི་དགོངས་བཞེས་ཐོག །མཐོང་གྲོལ་པདྨ་རཱ་གའི་ཅོད་པན་དབུར་བཅིངས་པ་ནས་བཟུང་སི་ཏུའི་སྐུ་ཕྲེང་རྣམས་རྒྱལ་དབང་རྣམས་


SPN003_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

དང་གདན་གཅིག་དང་། བཅུ་གཉིས་པ་བྱང་ཆུབ་རྡོ་རྗེས་ཀུན་མཁྱེན་ཆོས་འབྱུང་ལ་འཇའ་ས་དང་ཤེལ་ཐམ་གནང་པ་སོགས་ཞྭ་དམར་གྱི་མཚན་གཉིས་པ་འདྲ་མཉམ་དུ་བྱུང་བ་ལྟ་བུ་ནི། ཕྱིས་ཞྭ་དམར་དངོས་སྐུ་སྐྱེའི་སྤྲོས་པར་དགོངས་གཏད་མི་མཛད་པའི་རྗེས་སུ་ཞྭ་དམར་པའི་རྒྱལ་ཚབ་ཏུ་དོན་གྱིས་མངའ་གསོལ་བའི་རྟེན་འབྱུང་གི་གནད་དུ་ཡིན་པར་མངོན་ཏེ། དེང་སང་ཞྭ་དམར་ནག་གཉིས་ཞེས་མཚན་ལྷུར་ལེན་ཡོངས་སུ་གྲགས་པ་ལྟར་རོ། །གང་ལྟར་ཡང་གདན་ས་བར་མའི་འདུ་ཁང་ཆེན་མོའི་སྦུག་ཏུ་བཞུགས་ཁྲི་རྙིང་པ་མདུན་ཕྱོགས་བསྟན་ལ་བལྟས་ན་མཐོ་དམན་ཨན་ཙམ་ལས་མི་འདུག་པ་སྔར་ནས་ཡབ་སྲས་གསུམ་པོ་ཐོབ་ཐང་མཉམ་ཉིད་དུ་མཛད་སྲོལ་ཡོད་པ་འདྲའོ། །ཆོས་ཀྱི་འབྱུང་གནས་བར་ཀརྨ་དགོན་གྱི་བསྟན་བདག་ཏུ་བསྐོ་བཞག་མཛད་དོན་ལྟར་བཞུགས་པ་ཤ་སྟག་དང་། ཆོས་ཀྱི་རྒྱལ་མཚན་སྔ་མ་ལ་འཇམ་དབྱངས་གོང་མ་ཆེན་པོས་ལས་ལུང་གི་གཟེངས་བསྟོད་མཚན་གསོལ་གནང་བ་ནས། ཏཱའི་སི་ཏུ་ཞེས་པའི་མཚན་ཆགས་པ་ཡིན་འདུག་ཅིང་། དེ་ནས་བཟུང་སི་ཏུ་ཞེས་པའི་སྐྱེ་ཕྲེང་བསྒྲངས་པའི་སི་ཏུ་བརྒྱད་པ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ནི་འཁྲུངས་ཡུལ་གྱི་དབང་གིས་མེ་ཏོག་ཕོག་པའི་ལྷ་སྐལ་ཞེས་གདན་སར་བསླུར་མ་བཏང་བར་དབང་ཤུགས་ཀྱིས་ཆོས་རྒྱལ་


SPN003_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཚེ་རིང་ཞེས་གྲགས་པའམ། རྒྱལ་བས། ཆུ་བོ་གསེར་ལྡན་འབབ་པའི་འགྲམ། །རྒྱལ་པོ་བྱིས་པའི་མིང་ཅན་འབྱུང་། །ཞེས་ལུང་བསྟན་པའི་ལུང་དོན་དང་མཐུན་པར་མིང་བླ་དྭགས་བུ་ཞེས་འབོད་པ་དེ་ཉིད་ཀྱིས་བདག་བཟུང་མཛད་ཐོག་དགུང་ལོ་ཉེར་བརྒྱད་དུས་དཔལ་སྤུངས་དགོན་ཞེས་པའི་ལྷ་ཁང་དང་འབྲེལ་བའི་ཆོས་སྡེ་གསར་དུ་བསྐྲུན་ནས་དགེ་འདུན་གྱི་སྡེ་བཙུགས། ཡུལ་འབྲོག་གཉིས་ཆར་ནས་གྲྭ་རྩ་རྣམས་དང་རྣམ་དཀར་མཆོད་ཐེབས་རྩ་བ་ས་ཞིང་སྡེ་འཁོར་སོགས་ཤིན་ཏུ་རྒྱ་ཆེ་ཕུལ་སྦྱོར་སྟེང་གདན་ས་འདིར་བཞུགས་སུ་གསོལ་བ་སོགས་ཀྱི་མཐུན་རྐྱེན་བླ་མེད་དུ་མཛད་པས་བཀའ་བརྒྱུད་བསྟན་པའི་དོན་དུ་སྔོན་སྨོན་གྱིས་མཚམས་སྦྱར་བའི་མཆོད་ཡོན་ཐུན་མིན་གྱི་རྟེན་འབྲེལ་ལེགས་འགྲིགས་སུ་གྱུར་ཅིང་། དེ་ཡི་སྲས་བླ་ཆེན་ཕུན་ཚོགས་བསྟན་པ་ནས་ལྷག་པར་དར་རྒྱས་སུ་བཏང་བ་ཡིན་འདུག་པས་གཙོས་སྡེ་དགེ་ས་དབང་རིམ་བྱོན་ནས་ཞབས་འདེགས་སྲི་ཞུ་གང་སྨར་རྒྱུན་བསྲིངས་དེང་སང་བར་བྱུང་དང་འབྱུང་བཞིན་པ་བཅས། དཔལ་སྤུངས་དགོན་ཞེས་རྒྱ་བོད་ཧོར་སོག་གི་ལྗོངས་རྣམས་ཡོངས་སུ་གྲགས་པ་ཀར་དགོན་ཀུན་གྱི་འཆེལ་ས་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་པོ་འགྲན་ཟླ་དང་བྲལ་བ་འདི་བྱུང་ངོ་། །འདི་ཉིད་སྤྲུལ་པའི་སྐྱེས་ཆེན་འགྲན་ཟླ་ཀུན་བྲལ་ཡིན་རྒྱུའི་ཡོན་ཏན་ངོ་


SPN003_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་བ་རྣམས་ནི་ཐུན་མོང་སྣང་ངོ་ལའང་སྐུ་བཙས་མ་ཐག་པ་ནས་འཕགས་མཆོག་དངོས་དང་མཚུངས་པ་བྱིས་པའི་སྤྱོད་ཡུལ་ལས་འདས་པ་ཕལ་ཆེར་ལྷན་སྐྱེས་སུ་མངའ་བའི་ཚུལ་བསྟན་མཛད་པ་སོགས་རྣམ་ཐར་གཞན་དུ་ཡོངས་གྲགས་ལྟར་ལས་མ་མཆིས་ཤིང་། །འཕགས་ཡུལ་གྱི་པཎྜི ཏའི་བག་ཆགས་ཐུགས་ལ་སད་པ་ལྟ་བུས་ལེགས་སྦྱར་གྱི་གཞུང་ལ་རང་སྟོབས་ཀྱིས་ལྷག་པར་མངའ་དབང་འབྱོར་ཞིང་། རྒྱ་གར་པའི་ཕལ་སྐད་རྣམས་སྔོན་གནས་རྗེས་དྲན་དུ་བྱུང་གསུངས་འདུག་པ་ལྟར་དང་བཅས་ཆོས་བསྒྱུར་བ་ལ་པཎྜིཏ་དང་ལོ་ཙཱ་གཉིས་འཛོམས་མི་དགོས་པར་རང་སྟོབས་ཀྱིས་གཙང་ཞིང་དག་པར་བསྒྱུར་བ་དང་། སྔར་བསྒྱུར་རིགས་འགྱུར་བཅོས་མཛད་པ་སོགས་ལ་གཞིག་ན་སྔོན་བྱོན་ལོ་ཙཱ་མང་པོ་བྱོན་རིགས་ཕལ་ཆེ་བས་འགྲན་དུ་མེད་པར་རིས་མེད་མཁས་གྲུབ་ཡོངས་ཀྱིས་མགྲིན་གཅིག་ཆེད་དུ་བརྗོད་པ་ལྟར་རོ། །རྒྱལ་མཆོག་བཅུ་གཉིས་པ་དང་། ཁྱད་པར་བཅུ་གསུམ་བདུད་འདུལ་རྡོ་རྗེའི་རིགས་བདག་གཅིག་པུར་གྱུར་ཅིང་། ཀར་བསྟན་ལ་འཕོ་འགྱུར་ཅུང་བྱུང་བའི་སྐབས། འཕགས་ཡུལ་བའི་མཁས་པ་སྒོ་དྲུག་སོགས་དང་འདྲ་བའི་མཚན་དང་སྙན་གྲགས་ནོར་འཛིན་ཡངས་པའི་ཁྱོན་རྣམས་སུ་རླུང་ལྟར་རྒྱུ་བས་རྒྱ་བོད་སོག་གསུམ་སོགས་ཀྱི་ལྗོངས་ཀུན་


SPN003_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བླ་ཆེན་དཔོན་ཆེན་ཆེ་རྒུ་ཀུན་གྱི་དབུས་མཆོག་དམན་སེར་སྐྱ་མཐའ་དག་རྣམ་ཐར་ཡོན་ཏན་གྱི་ཆེ་བས་དད་གུས་ཀྱི་ལམ་དུ་དབང་བསྒྱུར་དུ་བྱུང་བ་ཉག་གཅིག་ལ་བརྟེན། ཐབས་མཁས་ཐུགས་རྗེ་གཞན་དྲིང་མི་འཇོག་པས་མཚམས་སྦྱར་ནས། ཀརྨ་ཀཾ་ཚང་གི་བསྟན་པའི་མེ་རོ་རྨང་ནས་གསོ་བའི་ཕྱག་རྗེས་འགྲན་ཟླ་དང་བྲལ་བས་ན་སྙིང་པོའི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་གྱུར་པ་སྟེ། བླ་སློབ་ནང་མའི་བཀའ་འགྲོས་ཐོག་ཀཾ་ཚང་སྟོན་བསྟན་ཁོ་ནའི་ཆེད་དུ་ནམ་སྙིང་རྣམ་འཕྲུལ་རིག་འཛིན་ཚེ་དབང་ནོར་བུ་ཞལ་ཚབ་ཏུ་དབུས་ཕྱོགས་སུ་ཕེབས་ཏེ་སྐུ་ཚེ་རིལ་པོར་རྒྱུན་བཞུགས་མཛད་ནས་མཁས་གྲུབ་ཀྱི་གཟི་བརྗིད་མེ་ལྟར་འབར་བས་བོད་ཁམས་ཀུན་དབང་དུ་བསྡུས་ནས་གོང་བཀུར་མཆོད་འོས་སུ་བྱུང་སྐབས་ཀར་བསྟན་ལ་ཞབས་འདེགས་ཤིན་ཏུ་གོང་ལེགས་སྟེང་། མཐིང་དམར་ཅོད་པན་འཆང་བ་སྦུག་མཇལ་ནམ་བྱུང་སྐབས་གོང་ས་ལྷ་མིའི་གཙུག་རྒྱན་ཆེན་པོ་གསེར་ཁྲི་ལས་བཞེངས་ཏེ་ཐང་ཤད་ཀྱི་ཕྱག་ལེན་ཙམ་གནང་རྒྱུའི་གཟིགས་བཟོས་གཟེངས་བསྟོད་རྒྱུན་འཇགས་སུ་ཐོབ་བྱུང་བས་ཡབ་སྲས་ཟུང་གི་བསྟན་སྲིད་ལ་སྲི་ཞུ་ནི་ཕྱོགས་ལས་རྣམ་རྒྱལ་གྱུར་སོང་ངོ་ཞེས་རིག་འཛིན་དེ་ཉིད་ཀྱིས་རྗེ་ཆོས་འབྱུང་ལ་གནང་བའི་གསུང་ཕྲིན་ཕྱག་བྲིས་ངོ་མ་མིག་མཐོང་དུ་བྱུང་བ་སོགས་ཀྱིས་ཀྱང་དུ་བའི་རྟགས་


SPN003_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མེ་བཞིན་རྒྱུ་མཚན་མཚོན་ནུས་སོ། །སྤྱིར་སི་ཏུའི་སྐུ་ཕྲེང་རྣམས་བྱམས་པ་མགོན་པོའི་རྣམ་འཕྲུལ་ནི་ཡོངས་གྲགས་ལྟར་ལ། འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་ཌོམྦྷི་ཧེ་རུ་ཀ །བོད་ཡུལ་དུ་མར་པ་ལོ་ཙཱ་སོགས་དང་། དགོངས་འདུས་བཀའ་རྒྱ་མ་ལས། ཨོ་རྒྱན་ཆེན་པོ་པདྨའི་རྣམ་རོལ་ཆོས་ཀྱི་སྤྱན་ཅན་དྲུག་དང་། པདྨའི་ལྗགས་ལྡན་དྲུག་འབྲེལ་ཆགས་སུ་འབྱུང་བ་ལུང་དུ་བསྟན་པ་དང་། དམིགས་བསལ་རྗེ་འདི་རང་ཉིད་ཀྱི་སྔོན་གནས་རྗེས་དྲན་ལྟ་བུ་འགའ་ཞིག །ཤྲཱི་སིདྷ། ལོ་ཙཱ་བ་འདན་མ་རྩེ་མང་། སྤང་མཁན་ཆེན་འོད་ཟེར་བླ་མ་སོགས་གསལ་བར་བྱུང་འདུག་ཅིང་། གཞན་ཡང་ཡོངས་དགེ་མི་འགྱུར་རྡོ་རྗེས། ས་སྐྱ་པཎ་ཆེན། བོ་དོང་འཇིགས་བྲལ། ཇོ་ནང་རྗེ་བཙུན། རྔོག་ལོ་ཆེན་པོ། རྗེ་ཙོང་ཁ་པ་སོགས་ཀྱི་སྐུ་སྐྱེ་ཡིན་ཚུལ་ཡང་ཡང་ཞལ་ནས་གསུངས་པ་དང་། དབུས་ནས་རྒྱ་ནག་ཏུ་འགྲོ་བའི་མཁན་ནང་ཞིག་བུད་མེད་སོགས་ཀྱིས་ཇ་ཆང་གིས་སྐྱེལ་ནས་བཞད་འཐེན་གྱིས་གཤར་ཡོང་བ་དང་འཕྲད་ནས་བཞད་ཀྱི་གླུ་རྟ་འདི་གདངས་ཞིག་ལ་སྦྱར་ན་རུང་ངོ་སྙམ་ནས་གྲོ་ལོད་སྤྱན་འདྲེན་སོགས་ལ་སྦྱར་དགོས་དགོངས་ཏེ་ཐུགས་ལ་གསལ་འདེབས་སྐབས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་བའི་གྲོ་ལོད་ཀྱི་སྐུ་ཆེ་ཕྲ་དུ་མའི་ཞལ་གཟིགས། མཚུར་ཕུ་གུང་གི་


SPN003_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་དུ་སྒྲོལ་དཀར་ལྗགས་བསྙེན་མཛད་སྐབས་སྒྲོལ་དཀར་གྱི་ཞལ་གཟིགས། དཔལ་སྤུངས་དགུ་གཏོར་གྱི་གྲལ་དབུར་བྱོན་ནས་མགོན་པོའི་གདན་འབུལ་སྐབས་ཤིག་མགོན་པོ་བེར་ནག་གསལ་བར་མཇལ་རྒྱུ་དང་དཔལ་འཁོར་ལོ་བདེ་མཆོག་གི་སྐུ་གཟུགས་ཤིན་ཏུ་ཆེ་བ་གསལ་བར་མཇལ་རྒྱུ་བྱུང་འདུག་པ་སོགས་ནི་ཆ་ཤས་ཙམ་མོ། །ཙཱ་རི་རྩེ་སྐོར་ལ་ཕེབས་དུས་ས་རྡོ་རི་བྲག་སོགས་ཡུལ་ཁམས་དང་དེར་ཡོད་མི་ཐམས་ཅད་སྟོང་གཟུགས་འཇའ་འོད་ཀྱི་རང་བཞིན་དུ་གཟིགས། དབུ་མ་སོགས་གསན་བསམ་ཁོང་ནས་རྒྱུད་བླ་གསན་ནུབ་འཕགས་པ་ཐོགས་མེད་ཡིན་སྙམ་པའི་ལྷའི་རྣམ་པ་ཞིག་གསལ་བར་མཇལ་བའི་ཉམས་སྣང་བྱུང་བ་ལ་བརྟེན། དགོན་འདི་ལ་ས་ལ་སྤྱོད་པའི་དགའ་ལྡན་ཡིད་དགའ་ཆོས་འཛིན་ཞེས་བའི་མིང་དུ་བཏགས་པ་ཡིན་གསུངས་འདུག །བླ་མའི་གཙོ་བོ་ཞྭ་དམར་བརྒྱད་པ། རིག་འཛིན་ཚེ་དབང་ནོར་བུ་སོགས་དང་། སློབ་མའི་གཙོ་བོ་རྒྱལ་དབང་བཅུ་གཉིས་པ་དང་། བཅུ་གསུམ་པ། ཞྭ་དམར་བཅུ་པ། རིག་འཛིན་ཆེན་པོ་དང་། ཀར་འབྲུག་ཡོངས་རྫོགས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཡོད་དོ་ཅོག་དང་། ས་དགེ་རྙིང་སོགས་ཀྱི་བསྟན་འཛིན་དགེ་བཤེས་དཔག་ཏུ་མེད་པ་རྣམས་སོ། །སྦྱིན་བདག་གི་གཙོ་བོ་ལུང་ནས་ཟིན་རིགས་མི་དབང་བསོད་ནམས་སྟོབས་རྒྱལ། སྡེ་དགེ་


SPN003_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མགོན་པོ། ཆོས་རྒྱལ་བསྟན་པ་ཚེ་རིང་། ཆོས་རྒྱལ་ཤཱཀྱ་རྒྱལ་མཚན་སྐུ་མཆེད་ཡབ་སྲས་རྣམས་དང་། རྡོ་སྟོད་སྨད་ཀྱི་དཔོན་ལ་སོགས་པའོ། །ཆོས་ཀྱི་འབྱུང་གནས་ཀྱི་སྤྲུལ་པའི་སྐུ་དེ་མ་ཐག་པ་སི་ཏུ་དགུ་པ་རྗེ་པདྨ་ཉིན་བྱེད་དབང་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཕྱི་ནང་གསང་བའི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་ཀྱང་། རྣམ་ཐར་གསོལ་འདེབས་ཚིགས་བཅད་ལོ་ཆེན་གྱིས་མཛད་པ་ཞིག་དང་། འཇམ་མགོན་རིན་པོ་ཆེས་གཏེར་བརྒྱའི་རྣམ་ཐར་གྲས་སུ་ས་བོན་ཙམ་སྨོས་པ་ལྟར་ལས། ཞིབ་ཏུ་ཡི་གེར་བཀོད་པ་སོགས་གང་ཡང་མཇལ་རྒྱུ་མི་འདུག །འདི་ཉིད་ཀརྨ་པ། ཞྭ་དམར། དཔའ་བོ་གསུམ་གྱིས་ངོས་འཛིན་མཛད། ཁྱད་པར་དཔའ་བོས། སློབ་དཔོན་པད་འབྱུང་ཆོས་དབྱིངས་ཡེ་ཤེས་ཀྱི་ཀློང་དུ་མཇལ་ནས། སྦྲ་སྒོ་ཤར་དུ་བསྟན་ཅིང་། །ལོངས་སྤྱོད་འགྲང་ལྟོགས་སྙོམས་པར། །བྱིས་པ་ཤིང་རྟ་ལོ་པ། །མགྲིན་རྩ་དུང་དཀར་དབྱིབས་འདྲ། །ལྟེ་ལྟག་སྨེ་བ་དམར་ནག །བརླ་གཡས་སྟག་རིས་ཡོད་དེ། །འཕགས་པའི་ས་ལ་བཞུགས་པའི། །བྱང་ཆུབ་སེམས་དཔའ་ཆེན་པོའི། །རྣམ་འཕྲུལ་ཆོས་ཀྱི་འབྱུང་གནས། །འཁྲུལ་མེད་སྤྲུལ་སྐུ་ཉིད་དོ། །ཞེས་ལུང་བསྟན་པ་དང་རྗེ་


SPN003_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མའི་ཞལ་ཆེ མས་དང་ཡང་མཐུན་པར་ཡིད་ལྷུང་འབྲོག་སྡེའི་ནང་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། ཞྭ་དམར་ཆོས་འགྲུབ་རྒྱ་མཚོས་ཁྲི་འདོན་སོགས་གནང་། དགོངས་འདུས་ལུང་བྱང་ཆོས་འབྱུང་ཡན་ཆོས་ཀྱི་སྤྱན་ཅན་དྲུག་རྫོགས་ནས། རྗེ་འདི་ཉིད་པདྨའི་ལྗགས་ལྡན་དང་པོར་ངེས་པས་པདྨ་དབང་ཆེན་ཞེས་པའི་མཚན་དང་དཔའ་བོས་ཀྱང་དག་སྣང་དུ་དེ་བཞིན་གསལ་བ་ལྟར། དཔལ་ལྡན་འགྱུར་མེད་བསྟན་འཛིན་ཕྱོགས་ལས་རྣམ་གྲོལ་པདྨ་ཉིན་བྱེད་དབང་པོའི་སྡེ་ཞེས་པའི་མཚན་གྱི་ཅོད་པན་བཅིངས་། གཏེར་ཆེན་བདུད་འདུལ་བའི་མ་འོངས་སྤྱི་ལུང་དུ། ཡིད་ལྷུང་ཕྱོགས་ནས་པདྨའི་མིང་ཅན་འབྱུང ༔ ཞེས་པའི་མིང་དང་ཤུགས་ཀྱིས་འགྲིགས་པར་གྱུར། རྒྱལ་དབང་བཅུ་གསུམ་པ་ལས་རབ་བྱུང་གསན་སྐབས། དཔལ་ལྡན་བསྟན་འཛིན་ཉིན་བྱེད་ཕྲིན་ལས་ཀུན་ཁྱབ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་གནང་། རྒྱལ་བ་དེ་ཉིད་དང་། ཞྭ་དམར་ཆོས་འགྲུབ་རྒྱ་མཚོ། འབྲུག་ཆེན་ཀུན་གཟིགས་ཆོས་ཀྱི་སྣང་བ། གར་དབང་ཆོས་སྐྱོང་འགྱུར་མེད། འཛི་སྒར་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་སོགས་བླ་མར་བསྟེན་ཅིང་། གཙོ་བོར་རྗེ་བདུད་འདུལ་རྡོ་རྗེ་རྩ་བའི་བླ་མར་འཛིན། དེ་རྣམས་ལས་བཀའ་བརྒྱུད་ཀཾ་ཚང་གི་སྨིན་གྲོལ་ཡན་ལག་དང་བཅས་པའི་རྒྱུན་ཅི་མཆིས་


SPN003_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འབྲི་འབྲུག་སྟག་ལུང་ཤངས་པ་ཞི་བྱེད་བཀའ་གདམས་སྐོར། རྙིང་མ་བཀའ་གཏེར་གྱི་ཆོས་རྒྱུན་ཕལ་ཆེ་བ་སོགས་གྲུབ་མཐའ་རིས་མེད་ཀྱི་ཆོས་ལུགས་ཀུན་ལ་གསན་བསམ་རྒྱ་ཆེར་མཛད། ཁྱད་པར་སྡོམ་པ་གསུམ་གྱི་བཅས་ཁྲིམས་ཕྲ་མོ་ཙམ་ལས་ཀྱང་ནམ་ཡང་མི་འདའ་བའི་སྐུ་བཙུན་པའི་མཆོག་ཏུ་གྱུར། སྐྱེས་ཐོབ་ཀྱི་ཡོན་ཏན་འབད་མེད་དུ་སད་པའི་དབང་གིས་རིག་གནས་སྐོར་དང་། ལྷག་པར་མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་མཁྱེན་པ་རྒྱས་པས་མཁས་པའི་ཕུལ་དུ་སོན། གཞན་ཡང་རྒྱ་དཀར་ནག་གི་ཡིག་རིས། སྐུ་བརྙན་གྱི་བྲི་བཀོད། གསར་རྙིང་རྒྱུད་སྡེ་རྒྱ་མཚོའི་ཕྱག་ལེན་གར་ཐིག་དབྱངས་རོལ་སོགས་ཤེས་བྱ་ཆེ་ཕྲ་མཐའ་དག་རང་བཞིན་གྱིས་མ་མཁྱེན་པ་གང་ཡང་མེད་པ་ངོ་མཚར་བའི་གནས་དང་། སྒོམ་བྱུང་གི་ཤེས་རབ་ཀློང་ནས་བརྡོལ་བས་འཆད་རྩོམ་རིགས་ལ་འཇིགས་པ་མེད་པའི་སྤོབས་པ་ཐོབ། མགྲིན་པའི་རྩ་མདུད་གྲོལ་བས་རྡོ་རྗེའི་མགུར་མ་ཐོལ་བྱུང་དུ་བླངས་པ་རྣམས་ལྷག་པར་ངོ་མཚར་ཆེ། བསྟན་འགྲོའི་དོན་ལ་གཅིག་ཏུ་གཞོལ་བའི་ཐུགས་བསྐྱེད་རླབས་ཆེན་དུ་མངའ་བས་བཟང་པོའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ། ཀརྨ་པ་བཅུ་གསུམ་པས་ངེས་དོན་སྙིང་པོའི་བསྟན་པ་གཏད། བཅུ་བཞི་པའི་རིགས་བདག་གཅིག་པུར་ཕེབས། དབུས་


SPN003_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་ལན་གསུམ་བཞུད། གཞི་བྱེས་ཀུན་ཏུ་ཕྱོགས་འདུས་བགྲང་དུ་མི་ལངས་པ་ལ། རྟག་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བས་དུས་འདའ་བར་མཛད། སྟོད་མངའ་རིས་ནས་འཇང་རྒྱ་མཚམས་ཡན། རྡོ་སོག་ཚུན་བཀའ་བརྒྱུད་ཀྱི་བསྟན་པ་གང་མཆིས་ཉམས་པ་སོར་ཆུད། མ་ཉམས་གོང་འཕེལ་ཐོག །དགོན་སྡེ་གསར་བསྐྲུན་འགའ་ཞིག་དང་། དེ་དག་རྣམས་སུ་དབང་ལུང་ཁྲིད་གསུམ་སོགས་སྨིན་གྲོལ་ཆོས་ཀྱི་ཆར་པ་ཕབ་ཅིང་། བླང་དོར་བཅས་ཁྲིམས་ཀྱི་རིམ་པ་ལས་ནམ་ཡང་འདའ་བ་མེད་པའི་བཅའ་བཀོད་གཙང་བཙན་བསྟར། མཆོད་རྒྱུན་དང་སྒྲུབ་རྒྱུན་བརྒྱ་ཕྲག་མང་པོ་བཙུགས། སྐུ་གསུང་ཐུགས་གསུམ། མཆོད་ཆས་ཡོ་བྱད་སྐོར་སོགས་བགྲང་ཡས་སྤུས་ཁྱད་གྱ་ནོམ་ལྡན་པ་བསྟན་དགོན་ཆེ་ཆུང་གི་བབས་དང་བསྟུན་པའི་རྟེན་བཞག་ཤིན་ཏུ་རྒྱ་ཆེར་གནང་བས་མ་ཐེམ་པ་སུའང་མེད་པ་ལྟ་བུ་མངོན་སུམ་དུ་གྲུབ་པ་ལྟར་དང་། སྔ་ཕྱིར་དངུལ་འགྱེད་སྤོམ་མཐོ་ཁོ་ན་ལན་གསུམ་སོགས་ལན་མང་གནང་བས་མཚོན། རྟེན་བཞག་སོགས་མཛད་ཚུལ་བཀའ་འབུམ་ནང་ཐོ་ཙམ་འདི་རེས་འགའ་བ་ཞིག་སྟེས་དབང་གིས་ཡི་གེར་འཁོད་པ་མ་གཏོགས་དེ་ལས་རྒྱ་ཆེ་བ་ཕལ་ཆེར་མངོན་སུམ་མཐོང་ཆོས་སུ་གསལ་རུང་མཐའ་དག་ཡིག་


SPN003_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

རིས་སུ་བཀོད་རྒྱུའི་སྤྲོས་པ་ཆེད་གཏད་མཛད་སྲོལ་མེད་འདྲ་སྟེ་མདོར་ན་བློ་ཡི་རྭ་བ་ལས་འདས་པ་ལྟ་བུའོ། །སྤྱིར་རྒྱུན་དུ་རྟེན་བཞེངས་རྒྱ་ཆེ་ཁོར་མོ་ཡུག་ཏུ་མཛད་རིགས་རྣམས་ཀར་དགོན་བརྒྱ་དང་བརྒྱད་ཅུ་ཞེས་གྲགས་པའི་དགོན་ཁག་ལ་སོགས་པ་རྣམས་སུ་ཆེད་དུ་གནང་རྒྱུའི་སྤྲོས་པ་ལས་གདན་ས་འདིར་དགོས་འོས་གལ་ཆེ་འགའ་ཞིག་ལས་དམིགས་བསལ་རྒྱ་ཆེར་མཛད་པའི་བཞེད་སྲོལ་མེད་པ་ལྟ་བུར་གྲུབ་བོ། །དེས་ན་ཕྱི་དུས་བསྟན་པ་ཉམས་དམན་སྐབས་བཀའ་བརྒྱུད་བསྟན་པ་སྔར་ཡོད་རྣམས་ཕྱོགས་གང་དུ་ཡང་ཉི་མ་ནུབ་རིར་མ་ཕྱོགས་ཙམ་བྱུང་བ་འདི་སི་ཏུ་གོང་འོག་གི་བཀའ་དྲིན་ཐུགས་རྗེ་ཁོ་ན་ལ་རག་ལས་པ་སྟེ། དེ་ལྟ་བུ་རྒྱུ་མཚན་དུ་བྱས་ནས་དཔལ་སྤུངས་དགོན་འདི་བཀའ་བརྒྱུད་བསྟན་པ་རྒྱ་མཚོའི་ཆུ་མགོ་གཉིས་པ་ཁྱད་འཕགས་ཉིད་དུ་གྱུར་ཏོ་ཞེས་གྲགས་པ་དོན་ལ་གནས་པ་ཉིད་དོ། །གཙོ་བོར་དུས་དང་རྒྱུན་དུ་ཟབ་མོའི་རྣལ་འབྱོར་ཁོ་ན་ལ་གཞོལ་ཞིང་། ཉམས་བཞེས་ཀྱི་གཙོ་བོ་བདེ་ཕག །རྒྱལ་རྒྱམ། དཀོན་སྤྱི་སོགས་དང་། ཁྱད་པར་ཡི་དམ་སྙིང་པོ་སྒྲོལ་དཀར་ལ་མཛད། བློ་སྦྱོང་། ཆོས་དྲུག །ཕྱག་ཆེན། རྫོགས་ཆེན་ཁྲེགས་ཐོད་སོགས་ལ་རྟག་ཏུ་བརྩོན་ཅིང་བསྐྱེད་རྫོགས་ཀྱི་ཏིང་འཛིན་མཐར་ཕྱིན་པའི་སྒོ་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་སྟེ། དབང་རབ་ཀྱི་འབྲིང་


SPN003_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་ཚུལ་བསྟན། ཐུན་བཞི་བཅད་ཁྲིགས་ནམ་ཡང་ཐང་ལྷོད་མེད་ཅིང་། མཚན་མོར་ཡང་ཅུང་ཟད་རེ་མནལ་བ་ལས་ཕལ་ཆེར་གཉིད་སྤང་གི་བརྟུལ་ཞུགས་འཛིན་པ་སོགས་གདོད་ནས་སངས་རྒྱས་ཀྱང་ལམ་སྦྱོང་བའི་ཚུལ་སྟོན་གྱི་རིམ་པ་ཡང་དཔེ་ལས་འདས་པའི་ཐུགས་བརྩོན་གནང་ཞིང་། ཕྱིས་སུ་རྗེས་འཇུག་གདུལ་བྱ་རྣམས་མིག་ལྟོས་འདྲེན་སླད་དགུང་ལོ་རེ་གཅིག་ནས་བརྒྱད་ཅུའི་བར་སྒྲུབ་ཁང་ཆེན་མོར་ཐེམ་པ་མི་འདའ་བའི་སྤོང་བ་བསམ་གཏན་གྱི་འཁོར་ལོར་རྩེ་གཅིག་ཏུ་བཞུགས་པ་ཉིད་དོ། །རྣམ་ཀུན་གསོལ་འདེབས་རྗེས་དྲན་གྱི་ཡུལ་ནི་བླ་མ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ་ཁོ་ན་ཡིན་པར་སྣང་སྟེ། རྗེ་བཅུ་གསུམ་པས། པདྨ་འབྱུང་གནས་ཐུགས་རྗེའི་སྟོབས་ཆེན་པོ། །མཆོག་གི་སྤྲུལ་སྐུ་པདྨ་ཉིན་བྱེད་ཞབས། །ཞེས་ཨོ་རྒྱན་ཆེན་པོའི་སྤྲུལ་པ་དངོས་ཡིན་རྒྱུར་གསུངས་པའི་བག་ཆགས་ཐུགས་ལ་འཁྱིལ་བའི་ཉེར་ལེན་གྱི་དབང་དུ་གྱུར་པས་སོ། །ཐུགས་སྲས་ཀྱི་གཙོ་བོ་ནི་དཔལ་ཀརྨ་པ་ཐེག་མཆོག་རྡོ་རྗེ། འབྲུག་ཆེན་རིན་པོ་ཆེ། དཔའ་བོ་གཙུག་ལག་ཆོས་རྒྱལ། ཏྲེ་ཧོ་སོགས་ཀར་འབྲུག་གི་སྐྱེས་ཆེན་མཐའ་ཡས་རྣམས་དང་། ནང་ཐུགས་ཀྱི་སྲས་ཟླ་བཟང་ངེས་དོན་བསྟན་པ་རབ་རྒྱས། ཁྱད་པར་དུ་རྒྱལ་བས་ལུང་བསྟན་ཛམ་གླིང་ཆོས་ཀྱི་ཤིང་རྟ་འཇམ་མགོན་ཀོང་སྤྲུལ་


SPN003_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ཡོན་ཏན་རྒྱ་མཚོ་གཉིས་ཡིན་ལ། དེ་མཚུངས་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ཕྱག་ཆེན་ཆོས་དྲུག་སོགས་སྨིན་གྲོལ་ཅི་རིགས་པ་གནང་། ཐུགས་གཏད་ཤིན་ཏུ་ཆེ། དོན་བརྒྱུད་བྱིན་གྱིས་བརླབས་པར་ཞལ་གྱིས་བཞེས། ཐུགས་སྲས་ཀྱི་མཆོག་ཏུ་གྱུར། གཏེར་རྙིང་སྐོར་འཆད་སྤེལ་དང་། ཕྱོགས་བསྡུ་བྱུང་ན་ལེགས་ཚུལ་བཀའ་ཕེབས་པའང་རིན་གཏེར་ཆེན་མོའི་ལུང་བསྟན་དོན་གྱིས་གནང་བ་མཐར་ཕྱིན་མངོན་དུ་གྱུར་པ་འདི་ལྟར་ཡིན་འཇམ་མགོན་རིན་པོ་ཆེས་གསུངས། གཞན་ཡང་རྙིང་ཕྱོགས་ཀྱི་བསྟན་འཛིན་རྣམས་དང་། རང་དགོན་དབོན་སྤྲུལ་གོང་འོག་རྣམས་དང་། དཔལ་ཡུལ་ཀརྨ་འགྱུར་མེད་སོགས་ཤིན་ཏུ་མང་ངོ་། །གྲུབ་པའི་ཡོན་ཏན་ནི། ཏེ་ལོ་ནཱ་རོ། མར་མི་དྭགས་གསུམ་སོགས་དང་མཉམ་ཡང་དགོངས་གཞི་དགོས་པའི་དབང་གིས་བཀའ་གདམས་པའི་དགེ་བཤེས་རྣམས་ཀྱི་རྣམ་ཐར་ལྷུར་ལེན་མཛད་སྟབས་རང་གི་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦེད་ཅིང་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་ཕྱི་ནང་སུས་ཀྱང་ཕྲ་མོ་ཙམ་ཡང་གཏིང་མི་དཔོག །སྐབས་འགར་རབ་གནས་ཟང་ཐལ་དུ་ཕེབས་ཤིང་། རྡོ་ལ་ཞབས་རྗེས། ཞབས་ས་ལ་མི་རེག་པ་སོགས་དང་། ཆུ་རྡོ་ནག་པོ་ལ་ཨ་དཀར་


SPN003_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

འབུར་དུ་དོད་པ་རྫུ་འཕྲུལ་གྱིས་རང་བྱོན་དུ་བརྐོས་པ་ཞིག་ད་ལྟ་སྒྲུབ་ཁང་གི་རྟེན་སྒམ་དུ་མཇལ་རྒྱུ་ཡོད་པ་སོགས་ཐུན་མོང་གི་སྤྱོད་ཡུལ་དུ་དེ་འདྲ་འགའ་ཞིག་བསྟན། ལྷག་པར་གཞན་སེམས་མཁྱེན་པ་སོགས་ཟག་མེད་ཀྱི་མངོན་ཤེས་ནི་སངས་རྒྱས་ལྟ་བུ་མཉམ་རྗེས་དབྱེ་བ་མེད་པར་རྒྱུན་ལྡན་མངའ་བ་ཡོངས་སུ་གྲགས་ཤིང་། སྤྲུལ་སྐུ་ངོས་འཛིན་གནང་རིགས་རྣམས་ཀྱང་འཁྲུལ་པ་དང་བྲལ་བ་བསྟན་པ་ལ་ཕན་ཐོགས་པའི་ཡོན་ཏན་ཁྱད་འཕགས་དང་ལྡན་པ་ཤ་སྟག་བྱུང་ངོ་། །ངེས་དོན་སྙིང་པོའི་བསྟན་པ་ཀརྨ་པ་བཅུ་བཞི་དང་། འཇམ་མགོན་བླ་མ་ཟུང་ལ་གཏད། བགྲང་བྱ་བརྒྱད་ཅུར་ཕེབས་པ་ན་གཞན་དོན་དུ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་པའི་སྐབས། འདི་ལྟར། ནམ་མཁའ་སྤྲིན་དང་རླུང་སེར་རྡུལ་ཙམ་མེད་པའི་གཡའ་དག །ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པའི་རྟགས་སུ་ཡངས་པའི་ས་ཆེན་རྣམ་པ་དྲུག་ཏུ་གཡོས། སྐུ་སྤུར་བཞུགས་གདན་ལ་མ་རེག་པར་ཞག་བདུན་ཕྲག་ལྔའི་བར་དུ་བར་སྣང་ལ་ཏིང་ངེ་འཛིན་དུ་བཞུགས་ཤིང་། སྤུར་སྦྱོང་བའི་དུས་རྗེས་འཇུག་སློབ་ཚོགས་དང་། འཇིག་རྟེན་ལྷ་མི་ཀུན་གྱི་ཕྱག་མཆོད་རྟེན་དུ་དབུ་བུམ་རིལ་དུ་བྱོན་ཅིང་། དེ་ལ་གུ་རུ་རིན་པོ་ཆེའི་སྣང་བརྙན་ཟ་ཧོར་ལུགས་འབུར་དུ་དོད་པ། ལུགས་སུ་བླུགས་པ་ལྟ་བུ་


SPN003_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱོན་དུ་ཕེབས་པ་སོགས་ངོ་མཚར་དུ་མ་མངའ་བའི་འཕགས་ཆེན་དམ་པ་ཉིད་དོ་ཞེས་འཇམ་མགོན་རིན་པོ་ཆེས་ཡི་གེར་བཀོད་པའི་ཕྱག་བྲིས་ངོ་མ་མཇལ་དུ་བྱུང་བ་སོགས་ཡ་མཚན་མཐའ་ཡས་པ་ལགས་སོ། །རྗེ་འདི་ཉིད་ཀྱི་གཅུང་དཔའ་བོ་བརྒྱད་པ་སྟེ། ཟབ་གཏེར་སོགས་ཀྱི་བཀའ་བབས་ཤིང་དམ་པའི་སྐྱེས་བུ་འགྲན་ཟླ་བྲལ་བ་ཞིག་བཞུགས་པར་གྲགས་སོ། །རྗེ་པདྨ་ཉིན་བྱེད་དབང་པོའི་སྐུ་སྐྱེ་སི་ཏུ་བཅུ་པ་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོ་དེ་ཉིད་ནི་རྗེ་ཉིད་ཞིང་གཞན་དུ་ཕེབས་ཁར་ཐུགས་སྲས་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་བསྟན་འགྲོའི་དཔུང་གཉེན་དུ་ཡང་སྲིད་མྱུར་དུ་འབྱོན་པར་ཞལ་གྱིས་བཞེས། དེ་རྒྱལ་དབང་རིན་པོ་ཆེར་ཞུས་དང་ཐེ་ཚོམ་དང་བྲལ་བར་ཐག་ཆོད་པ་འབྱུང་ངོ་ཞེས་གསུངས་པ་ལྟར་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་ཟག་བྲལ་ཡེ་ཤེས་ཀྱི་གཟིགས་པར་སྐུ་འཁྲུངས་པའི་ཡུལ་དང་སྦྲ་ཁྱིམ་ཡབ་ཡུམ་གྱི་མཚན་དགུང་སྙིང་རིགས་རུས་བཅས་ས་ལེར་ཤར་བ་རང་བྱུང་རྡོ་རྗེའི་མགུར་མ་ཚིགས་སུ་བཅད་པ་མང་པོས་ལུང་བསྟན་པ་ངེས་གསལ་སོམ་ཉི་དང་བྲལ་བ་ནི་བྱང་གནམ་མཚོ་ཁར་ཤིང་ཕག་ལོར་འཁྲུངས་འདུག་པ་ངེས་རྙེད་གྱུར་ཏེ་ཐུགས་ཐག་བཅད་ནས་ངོས་འཛིན་མཛད། དུས་གསུམ་སྒྲིབ་བྲལ་དུ་མཁྱེན་ཅིང་སྔོན་གནས་རྗེས་དྲན་


SPN003_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ངོ་མཚར་བའི་ཡོན་ཏན་དུ་མ་མངའ། གཏེར་ཆེན་མཆོག་གླིང་གི་ཡེལ་ཕུག་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་ཀྱང་། ཐང་གི་ལྷ་ལ་གནམ་གྱི་མཚོ་ཡོད་པར། །ང་ཡི་སྤྲུལ་པ་ས་མནྟ་བྷ་དྲ། །ཤིང་ཕག་ལོ་ལ་འགྲོ་བའི་དོན་བྱེད་འབྱུང་། །ཞེས་སོགས་ཀྱི་ལུང་བྱང་དང་ཡང་ཇི་ལྟ་བ་བཞིན་དུ་འགྲིགས་པར་གྱུར་ནས་ཀུན་ཀྱང་ཡིད་ཆེས་ཀྱི་ཕུལ་དུ་གྱུར། རྗེ་ཉིད་སྐུ་གཤེགས་ཁར་ཐང་ལྷའི་ཞལ་ཐང་ནུབ་ནས་ཤར་དུ་ཡོང་པ་ཞིག་བྲི་དགོས་གསུངས་ནས་བྲི་རྒྱུ་མཛད་པའང་འདི་ལྟའི་རྟེན་འབྲེལ་གྱི་བརྡ་སྟོན་ཡིན་པར་གསུངས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སྟོན་འཁོར་མཚུར་ཕུར་གདན་ཞུས་སུ་ཆེད་ཕེབས་ཐོག་རིམ་པར་དཔལ་སྤུངས་དགོན་དུ་སྤྱན་དྲངས་པ་དང་ལྷན་ཅིག །ཀརྨ་པ་ཆེན་པོས་ཁྲི་ཁར་མངའ་གསོལ། སྐུ་ཆུང་ངུའི་དུས་ནས་མངོན་ཤེས་དང་རྫུ་འཕྲུལ་ཡ་མ་ཟུང་སྟོན་པ་ལ་ཐོགས་པ་མེད། རྒྱལ་དབང་རིན་པོ་ཆེའི་མདུན་ནས་རབ་བྱུང་བསྙེན་རྫོགས་གསན། རྣམ་ཀུན་སུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ་དུ་བཞུགས། མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར་ཡོངས་འཛིན་དུ་བསྟེན་ནས་བོད་བརྡ་སུམ་རྟགས་སོགས་དང་གཞུང་ལུགས་འགའ་རེ་གསན། ཀརྨ་པའི་མདུན་ནས་དོན་བརྒྱུད་ཀྱི་མན་ངག་སྙིང་པོར་དྲིལ་བ་རྣམས་དང་། འཇམ་མགོན་རིན་པོ་ཆེའི་མདུན་ནས་བཀའ་བརྒྱུད་སྔགས་


SPN003_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། རིན་ཆེན་གཏེར་མཛོད་སོགས་ཤིན་ཏུ་རྒྱ་ཆེན་དང་། ཀུན་གཟིགས་མཁྱེན་བརྩེའི་མདུན་ནས་དེ་བཞིན་དབང་ལུང་ཁྲིད་སོགས་མང་དུ་གསན། རིགས་བདག་གི་བླ་མ་མང་དུ་བསྟེན་ཀྱང་། གཙོ་བོར་ཀརྨ་པ་དང་འཇམ་མགོན་རྣམ་གཉིས་རྩ་བའི་བླ་མར་འཛིན། དགོན་འདིའི་ཚོགས་སྒོ་སྔར་ཡོད་དང་། གསར་སྤྲོས་ཀྱི་རིམ་པ། བཅའ་ཁྲིམས། སྒྲིག་ལམ་སྐོར་ཡར་འཕེལ་ཚགས་ཚུད་ཁོར་མོ་ཡུག་ཏུ་དཔེ་ཟླ་བྲལ་པར་མཛད། གཞན་ཁམས་བོད་ཀྱི་དགོན་ལག་མཐའ་དག་རྣམས་ལུགས་གཉིས་ཀྱི་སྒོ་ནས་གཟིགས་རྟོག་ཉམས་སྐྱོང་། ཉམས་གསོའི་ཐེབས་རྩ། ཕན་ཆ་སྦྱིན་སྒོ་སོགས་བསྟན་པ་ཉམས་མེད་ཡར་དར་ཡོང་བའི་ཐུགས་ཁུར་ཟབ་པ་ཁོ་ན་ལ་རྩེ་གཅིག་རྒྱུན་བརྩོན་གནང་། དབུས་ཕྱོགས་སུ་ལན་ཁ་ཤས་ཕེབས། གཏེར་ཁ་གསར་རྙིང་སྔ་ཕྱི་དུ་མ་ནས་པདྨའི་སྙིང་པོ་ཞེས་ལུང་དུ་བསྟན་ཅིང་། པདྨའི་ལྗགས་ལྡན་གཉིས་པར་སོན། ཐུགས་རྗེ་ཡས་སྤྲུལ་གྱི་བདག་ཉིད་ཨོ་རྒྱན་ཆེན་པོ་སྐུ་ཤ་རློན་པ་དངོས་སུ་གྲུབ་བོ་ཞེས་ཀུན་གཟིགས་མཁྱེན་བརྩེས་དུས་རྒྱུན་དད་འདུན་བསྔགས་བརྗོད་གནང་བ་ལྟར། དུས་གསུམ་ས་ལེར་གཟིགས་པ་ལས་ནམ་ཡང་གཡོ་བ་མི་མངའ། ལྐོག་གྱུར་དང་། མ་འོངས་པ་ལུང་དུ་བསྟན་


SPN003_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཐམས་ཅད་ཐོག་ཏུ་མ་ཁེལ་བ་གཅིག་ཀྱང་མེད་པས་ཀུན་གྱིས་ཡིད་ཆེས་ཚད་མར་འཛིན་པར་གྱུར། སྐུ་ཤིན་ཏུ་ཆུང་ངུའི་དུས་བླ་བྲང་དུ་བཞུགས་ཡོད་པའི་ཉིན་གུང་ཞིག་ལ་རི་ཁྲོད་རྒྱབ་རིའི་ཕྱོགས་ནས་འཇམ་མགོན་རིན་པོ་ཆེ་བྱོན་པ་ཆིབ་བརྡབ་ཕོག་པ་དེ་འཕྲལ་དུ་མཁྱེན་ནས་སྐྲག་དངངས་ཤོར་ཏེ་སྐྱབས་གསོལ་མཛད་པ་དེ་ཉིན་ཁོང་ལ་བར་ཆད་ཆེ་བ་ཞིག་ཡོད་འདུག་པ་སྐྱབས་མགོན་རིན་པོ་ཆེས་བསལ་བ་ཡིན་འདུག །གཞན་དང་མི་འདྲ་ཚུལ་ཕྱིས་ཀྱང་རྒྱུན་ལྡན་གསུང་སྲོལ་ཡོད་དར་བཤད་རྒྱུ་འདུག །ཚུར་མཐོང་གྲུབ་པ་ཆེན་པོའི་བརྟུལ་ཞུགས་འཆང་བའི་ཚུལ་འཛིན་པས། སྣང་སེམས་རོ་གཅིག་ཏུ་འདྲེས་པའི་རྟགས་གདན་ས་འདི་དང་། རང་གཏོགས་དགོན་ཁག་ཕྱོགས་དང་ས་ཡུལ་གང་དང་གང་དུ་གཤེགས་པ་ན་སྲ་མཁྲེགས་རྡོ་ལ་ཕྱག་ཞབས་ཀྱི་རྗེས་འདམ་བུའི་ཚལ་དུ་གླང་པོའི་རྗེས་བཞིན་བཞག་པ་མང་ཞིང་། ཁྱད་པར་བྱང་ཁ་རྫ་རྒྱུད་ཀྱི་ས་ཆར་རྡོ་ལེབ་སྲ་མཁྲེགས་ཤིན་ཏུ་ཆེན་པོ་ཞིག་གི་སྟེང་དུ་ཞབས་རྗེས་དང་། ཆིབས་པའི་རྗེས་རེ་ཟུང་ཟབ་ལ་གསལ་བ་ཁྱད་མཚར་ཞིག་བཞག་པ་དེང་སང་མཇལ་རྒྱུ་ཡོད། ཕྱོགས་དེའི་གཞི་བདག་ནག་ཕྱོགས་པ་ཞིག་དམ་ལ་བཏགས་པའི་ཆེད་དུ་ཡིན་པར་གྲགས། ཕྱིས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་དེ་གཟིགས་ས་ཆེད་དུ་ཕེབས་པ་ན་


SPN003_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མཚུངས་མེད་པའི་རྗེས་རྣམས་དང་། ཁྱད་པར་ཆིབས་པའི་རྗེས་འདི་འདྲ་ཤིན་ཏུ་དཀའ་བས་ངོ་མཚར་མཆོག་ཏུ་ཆེ་སྟེ་ཨོ་རྒྱན་རིན་པོ་ཆེ་དངོས་ཡིན་འདུག་ཅེས་ཐུགས་ཡིད་འཕྲོག་པའི་གསུང་དངོས་སུ་ཐོས་ཚུལ་གྲྭ་སློབ་འགའ་ཞིག་གི་ཁ་ནས་བཤད་རྒྱུ་འདུག །འདན་ཁོགས་ཕྱོགས་ནས་འབྲི་ཆུ་ཆེན་མོར་ཆིབས་བཅིབས་པ་དང་བཅས་སྐུ་སྟོད་མན་ནུབ་ཙམ་ཐོལ་བྱུང་གིས་བརྒལ་བས་ཕ་རིར་ཟིན་ཁར་རྟ་དང་སྐུ་ལུས་ན་བཟའ་ལ་ཆུ་ཡི་ཟིལ་པ་ཙམ་ཡང་གོས་མི་འདུག་པ་མངོན་སུམ་མཐོང་ཞེས་ཕྱོགས་དེར་ཡོད་པ་རྣམས་ཀྱིས་གླེང་རྒྱུ་བྱུང་བ་སོགས་འབྲི་ཆུ་ལ་ཟང་ཐལ་དུ་གཤེགས་པ་ལན་ཁ་ཤས་དང་། བོད་དུ་ཕེབས་ལམ་ཆུ་ཆེན་རྒྱལ་མོ་དངུལ་ཆུ་དབྱར་ཆུ་རྒྱས་པས་གྲུས་ཀྱང་བརྒལ་དུ་བྱ་ཐབས་མེད་དུས། རྟ་དྲེལ་སྟོན་འཁོར་ཚང་མ་ཚམ་ཚོམ་མེད་པར་དྲག་རྩལ་གྱིས་གཤེགས་རྒྱུར་མཛད་བྱུང་བས་ཆུ་རྐང་པ་ནུབ་ཙམ་ལས་མ་མཐོང་ངོས་ཕར་ཀར་བདེ་བླག་ཏུ་འབྱོར་སོང་ཞེས་གྲྭ་ཚང་དུ་སོང་བའི་གྲྭ་རྒན་འགའ་ཡི་ངག་ནས་དངོས་སུ་ཐོས། ཉིན་གཅིག་འབྲལ་སྤང་བེར་ནག་སྐུ་བརྙན་མདུན་རང་ཕྱོགས་ཀྱི་བསྟན་དང་བསྟན་འཛིན་ལ་སྐྱོབ་སྲུང་མེད་ཁར་བསྟན་དགྲ་མི་སྒྲོལ་བར་དོན་མེད་ཞལ་གདངས་མཆེ་གཙིགས་སུ་བཞུགས་པ་ཅི་འདྲ་ཡིན་ཞེས་བཀའ་བཀྱོན་ལྟ་བུར་མཛད་སོང་


SPN003_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེ་ཉིན་རྒྱལ་རོང་ཤུ་བྷམ་དགོན་པའི་བསྟན་པ་ལ་ཕན་ཐོགས་དཔེ་ཟླ་བྲལ་བ་ཅན་ཁྲོ་ཆུ་རྒྱལ་པོའི་སྲས་བླ་མ་ཉིད་དགོན་པར་གཟིགས་རྟོག་ཕྱོགས་ལྷུང་ཆེ་བར་མ་བཟོད་ནས་སྤུན་ཡ་དཔོན་སྐྱ་ནག་ཕྱོགས་ཅན་ནས་ནང་དམེ་བྱས་ཏེ་བསད་སོང་བ་ཡིན་རྒྱུ་དང་། ཁོ་རང་ཡང་དེ་འཕྲལ་དུ་རྐྱེན་ལམ་སོང་བ་ཡིན་ཚུལ་སོགས་ཀྱི་གླེང་གཞི་བཅས། སྤྱིར་གར་བྱོན་ཐམས་ཅད་དུ་རྫུ་འཕྲུལ་སྣ་ཚོགས་སྟོན་རྒྱུ་དང་། དགོས་པའི་དུས་མངོན་ཤེས་ལུང་བསྟན་ཐོགས་མེད་དུ་སྟོན་པ་སོགས་ཀྱི་ལོ་རྒྱུས་ངོ་མཚར་བ་རྒྱུས་ཡོད་བླ་རྒན་རྣམས་ནས་འབྱམས་ཀླས་བཤད་རྒྱུ་འདུག་ཀྱང་བརྗེད་ཐོར་མ་འཁོད་པ་སོགས་ཀྱིས་འདིར་ཇི་བཞིན་བྲི་བ་རྔོ་མ་ཐོགས། འཇང་དང་། རྒྱལ་རོང་། རྡོ་སོགས་དགོན་ལག་འགའ་རེར་རབ་གནས་ཟླ་ལམ་ཙམ་རེར་ཟང་ཐལ་དུ་སོང་བ་དང་། སྤུ་བོ་ཤུལ་རྫོང་དགོན་དུ་རབ་གནས་ཀྱི་མེ་ཏོག་འདི་ནས་འཐོར་བ་ལྷ་ཁང་ནང་དུ་ཁ་བ་བཞིན་བབས་བྱུང་བ་ཁོ་ན་ཚུར་བསྡུས་པ་ད་ལྟ་འདང་བརྒྱད་དགུ་ཙམ་ལོངས་པ་ནང་རྟེན་དུ་བཞག་འདུག་ཟེར། མཐའ་ཡི་དགོན་ལག་རིགས་གྲྭ་རྒོད་རྣམས་རང་མོས་བྱུང་རྒྱལ་གྱི་སྤྱོད་པ་དང་། དགོན་ཡུལ་སྡེ་གང་ས་ནས་ཁྲིམས་མེད་ངན་པ་ལང་ཤོར་བྱུང་རིགས་རྣམས་རྫུ་འཕྲུལ་གྱིས་སྤ་བཀོང་བ་དང་། སྨན་དཔྱད་ཀྱིས་ཀྱང་བཅོས་རྒྱུ་མེད་པའི་ཕོ་སྐྲན་


SPN003_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱིས་གཙོས། ནད་གདོན་བགེགས་རིགས་རྣམས་འགའ་ཞིག་གསང་ཆབ་ཁ་ལ་སོང་བ་སོགས་ཀྱིས་རྩད་ནས་འཇོམས་པ་དང་། འགའ་ཞིག་ཕྱག་འབེབས་དང་ཞབས་དབང་ཙམ་གྱིས་འཇོམས་པ་སོགས་མང་དུ་བྱུང་བ་ཀུན་ལ་ཡོངས་གྲགས་ལྟར་དང་། ནད་པ་ཚེ་ཟད་ཤི་ལ་ཁད་པ་འགའ་ཐུགས་གཏད་ཙམ་གྱིས་ཚེ་རིང་དུ་བསྲིང་བ་སོགས་དེ་དང་དེ་འདྲ་བའི་ལོ་རྒྱུས་ཤིན་ཏུ་མང་། ལྷ་གདན་དུ། མ་ད་ནས་བཀང་བའི་དཀར་ཡོལ་གྱི་ཁ་སྨན་ཁུག་བཞིན་དུ་བསྡུས་ནས་བལ་པོའི་ཚོང་པ་ཞིག་ལ་གཡང་རྟེན་དུ་གནང་བ། ཕྱིས་སྣོད་བཅུད་གཉིས་ཀ་མ་ཉམས་པ་དངོས་སུ་མཐོང་ཞེས་ཁམས་པའི་ཚོང་དཔོན་ཞིག་གི་ཁ་ནས་ལབ་པ་ཐོས། རྩ་གསུམ་ལྷ་ཡི་ཞལ་གཟིགས་དང་། ཁྱད་པར་སྲུང་མའི་གཙོ་བོ་བེར་ནག་པོ་ཅན་འཁོར་བཅས་ལུས་དང་གྲིབ་བཞིན་འགྲོགས་པས་མཚོན་རང་བསྟན་སྲུང་མ་རྒྱ་མཚོས་ཅི་བཅོལ་བཀའ་བཞིན་བསྒྲུབ་པ་དང་། ན་བཟའ་ཕྱག་མདུད་ཙམ་འཆང་བ་རྣམས་ཕ་རོལ་དགྲ་སོགས་ཀྱི་མཚོན་ཆ་ལུས་ལ་མི་ཐེབས་ཤིང་། ནད་གདོན་བགེགས་བར་སོགས་ཀྱིས་མི་ཚུགས་པ་དེ་འདྲ་མངོན་སུམ་མཐོང་ཆོས་སུ་གྱུར་པ་བགྲང་ལས་འདས་སོ། །སློབ་མའི་ཚོགས་བཀའ་བརྒྱུད་བསྟན་འཛིན་ཆེ་གྲས་རྣམས་ཏེ། སྐུ་ཚེ་ཆེར་མ་བཞེས་སྟབས་


SPN003_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲགས་མང་ཚན་ཡོད་པར་མ་མངོན་ནོ། །ཕྱི་དུས་ཀྱི་གྲུབ་ཐོབ་ཆེན་པོ་བྷྱོ་རིག་འཛིན་སྤྲུལ་བསྒྱུར་གྱིས་དགའ་ལྡན་དུ་ཕེབས་པས་བྱམས་པའི་མདུན་སྐུ་ཞབས་སི་ཏུ་ཕེབས་འོང་རྒྱུའི་འུར་སྒྲ་ཞིག་གི་ངང་དགའ་ལྡན་ཕོ་བྲང་དུ་དངོས་སུ་བྱོན་བྱུང་བ་མཇལ་བས་ད་ནི་ཞིང་འདིར་ཡུན་རིང་མི་བཞུགས་ངོ་མ་ལ་བྱམས་པ་དངོས་ཡིན་འདུག་པའི་ད་ལྟ་མཇལ་རྒྱུ་ཡོད་དུས་མཇལ་སར་མགྱོགས་པར་སོང་ཞེས་སློབ་ཚོགས་རྣམས་ལ་བཀའ་ཕེབས་པ་ལྟར་ཐམས་ཅད་ཅི་མགྱོགས་ཀྱིས་ཡོང་བས་བསྙུན་ཁམས་ལྗིད་སྐབས་ཁེལ་འདུག་རུང་རྒྱུ་མཚན་ཞུས་པས་ཞལ་མཇལ་ཙམ་བྱུང་བས་གྲུབ་ཐོབ་ཆེན་པོས་དོན་ཆེན་པོ་འགྲུབ་འདུག་ཅེས་གསུངས་བྱུང་ཚུལ་ཐུགས་སྲས་ཀྱི་ཐུ་བོ་བཀའ་འགྱུར་བ་བླ་མ་ལྷ་རྒྱལ་གྱི་ཞལ་ལས་དངོས་སུ་ཐོས་སོ། །ལྗགས་གླིང་རྫོང་སར་མ་ཞེས་སྔོན་མེད་གསར་རྩོམ་འདི་ཡང་དེང་སང་ཀར་རྙིང་ཀུན་དང་། སེ་འབྲས་དགའ་གསུམ། ས་སྐྱ་གོང་མན་དགོན་ཁག་ཀུན་ལ་ལུགས་སྲོལ་ཁྱབ་བརྡལ་ཆེ་ཐང་དུ་གྱུར་སྐད་འདུག་པ་དགོངས་གཞི་དགོས་པ་ཁྱད་པར་ཅན་འཕགས་པའི་སྤྱོད་ཡུལ་གྱི་གནས་སོ། །གཞན་དོན་དུ་གཤེགས་དགོས་པའི་དགོངས་པ་ལྟར་བགྲང་བྱ་སོ་གཉིས་ལ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་པའི་དེ་མ་ཐག་ཀུན་གཟིགས་མཁྱེན་བརྩེའི་མདུན་དུ་ཕེབས་ནས་ད་ནི་འདི་


SPN003_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་འགྲོ་དོན་མི་འོང་བས་རྒྱ་ནག་གི་ཡུལ་ཕྱོགས་སུ་གཤེགས་ཚུལ་གསུངས་པ་དེ་འདྲ་ལ་དགོངས་པ་མི་གཏད་པའི་བཤོལ་འདེབས་ནན་ཏན་ཞུས་པས་མཐར་ལི་ཐང་ཕྱོགས་ནས་བསྐོར་ཏེ་ཡར་བཞུད་ཡོང་བས་མྱུར་དུ་མཇལ་ཡོང་ཞེས་གསུངས་ནས་མི་སྣང་བར་གྱུར་ཅེས་རྗེ་བླ་མའི་ཞལ་ནས་དངོས་སུ་ཐོས་ཞེས་ཞབས་སློབ་རིགས་ཀྱི་ཞལ་ནས་ཐོས་སོ། །ཁུངས་བཙུན་གང་ཐོས་ཕྲན་བུ་འདི་ཙམ་ལས་རྣམ་ཐར་ཡི་གེར་བཀོད་པ་སོགས་ཀྱི་རྩོལ་བ་སུས་ཀྱང་མ་མཛད་སྟབས་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་ཞིབ་པ་ནི་གདུལ་བྱ་ཐུན་མོང་ངོར་སྣང་མེད་དུ་གྱུར་པ་སྟེ། མདོར་ན་འཕགས་བོད་ཀྱི་གྲུབ་ཐོབ་ཆེན་པོ་སོགས་དང་མཉམ་ངེས་པ་བཅས་དུས་ཕྱིས་བོད་ཁམས་སུ་གྲུབ་ཐོབ་ཀྱི་སྤྱོད་པ་ཅན་འདི་འདྲ་བ་འགའ་ཡང་མ་བྱུང་བ་ལྟ་བུའོ། །པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོའི་སྐུ་སྐྱེ་དེ་མ་ཐག་པ་ནི་སི་ཏུ་སྐྱེ་ཕྲེང་བཅུ་གཅིག་པདྨ་དབང་མཆོག་རྒྱལ་པོ་ཞེས་ད་ལྟ་འཚོ་ཞིང་གཞེས་པ་ཉིད། རྒྱལ་དབང་བཅོ་ལྔ་པས་ཚེ་རིང་མཆེད་ལྔ་དང་ཞུ་བ་ཞུ་ལན་དུ་བགྲོས་ནས་ལུང་བསྟན་ཚིགས་སུ་བཅད་པ་མང་པོའི་དོན་དང་མཐུན་པར་ཡབ་ཡུམ་ཀྱི་མཚན་དང་། ས་ཆ་ཡུལ་རིས་ཁང་ཁྱིམ་སོགས་ས་བཀྲར་བཀོད་པ་ནས། འཇམ་མགོན་རྣམ་གཉིས་ཀྱི་གཟིགས་པ་སྔར་ཞིག་ནས་ཐུགས་ལ་མངའ་བ་དང་ཡང་དགོངས་པ་གཅིག་མཐུན་གྱིས་ལི་


SPN003_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་གནམ་ཆེན་བྲག་དཀར་གྱི་ཉེ་འདབས་དང་འབྲེལ་བའི་ཡུལ་ལྗོངས་སུ་སྔགས་རིག་འཛིན་པ་ཆེན་པོའི་རིགས་རུས་གཙང་མར་རབ་བྱུང་བཅུ་དྲུག་པའི་ནང་གསེས་མེ་ཁྱི་ལོར་སྐུ་འཁྲུངས་པ་ངེས་རྙེད་གྱུར་ནས་ངོས་འཛིན་མཛད། ཀརྨ་པ་དང་གོང་མའི་ཕྱག་ཕྲེང་སོགས་སོ་སོར་ངོས་འཛིན་ཡིད་ཆེས་སུ་གནང་། བལྟམས་མ་ཐག་ནས་བཟུང་ངོ་མཚར་བའི་ལྟས་ཁྱད་འཕགས་མཐུན་སྣང་དུ་གྲུབ། ཆུང་དུས་ནས་ཆགས་ཐོགས་མེད་པའི་མཁྱེན་པ་ལ་མངའ་དབང་འབྱོར། དགུང་ལོ་བཞི་སོན་པས་གླང་ལོར་དཔལ་སྤུངས་གདན་སར་སྤྱན་དྲངས། རྒྱལ་དབང་བཅོ་ལྔ་པས་ཁྲི་འདོན་མཛད། མཚན། དཔལ་ལྡན་ཀུན་ཁྱབ་ངེས་དོན་སྨྲ་བའི་སེངྒེ་འཆི་མེད་པདྨ་དབང་མཆོག་གྲུབ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། ཞེས་པ་གསོལ། རབ་ཏུ་བྱུང་བར་མཛད་ནས། ཚུལ་བསྟན་ལྗགས་ཀློག་སྐོར་ཚེགས་མེད་པ་དང་། ཡིག་རིས། སུམ་རྟགས། སྙན་ངག །སྒྲ་ཙཱནྜ་པ་སོགས་རིག་གནས་ལ་བརྩོན་པ་ཆེན་པོས་སྦྱངས། ཀརྨ་པ། འཇམ་མགོན་རིན་པོ་ཆེ། འཇམ་དབྱངས་མཁྱེན་བརྩེ། མཁན་ཆེན་བཀྲ་ཤིས་འོད་ཟེར། བླ་མ་སྟོབས་ལྡན་ནམ་ཐུབ་བསྟན་རྒྱལ་མཚན། ངོར་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོ། བཀའ་འགྱུར་བ་བླ་མ་བཙད་པོ་ལྷ་རྒྱལ་སོགས་བླ་མ་མང་དུ་བསྟེན། དེ་དག་རྣམས་ལས་ཀཾ་ཚང་རང་ལུགས་གཙོ་བོར་གྱུར་པའི་བཀའ་


SPN003_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་སྤྱི་བྱེ་བྲག་གི་སྨིན་གྲོལ་གྱི་རིམ་པ་དང་། ཕྱག་ཆེན། ཆོས་དྲུག་སོགས་མན་ངག་ཟབ་གནད་ཀྱི་རྒྱུན་ཅི་མཆིས་ལྷག་མེད་བཞེས་པས་མཚོན་རིས་སུ་མ་ཆད་པའི་བསྟན་པ་ཀུན་ལ་གཅིག་ཏུ་གུས་པས་ས་དགེ་རྙིང་གསུམ་གྱི་སོ་སོའི་བཤད་སྒྲུབ་གྱི་རྒྱུན་ཕལ་ཆེ་བ་གསན་པ་སོགས་ནི་ཞིབ་པར་གསན་ཡིག་ཏུ་གསལ། དགུང་ལོ་ཉེར་བཞིའི་དུས་མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར་མདུན་ནས་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་སྟབས་གཅིག་བཞེས། དགེ་སློང་གི་མཚན། ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེ་ངེས་དོན་བསྟན་པའི་རྒྱལ་མཚན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ། ཞེས་པ་གསོལ། དགུང་ལོ་ཉེར་ལྔའི་དུས་ནས་བཟུང་ལོ་བཅུ་ཕྲག་ལྷག་ཙམ་བར་དཔལ་སྤྲུལ་རིན་པོ་ཆེའི་སློབ་བརྒྱུད་འཇམ་པའི་དབྱངས་གཞན་ཕན་ཆོས་ཀྱི་སྣང་བའི་མདུན་ནས། དབུ་ཕར་འདུལ་མཛོད་སོགས་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ། སྒོམ་རིམ་སོགས་མདོ་ཕྱོགས་ཀྱི་སྐོར་རྣམས་དང་། རྒྱུད་གསང་སྙིང་སོགས་སྔགས་གཞུང་གི་སྐོར་དང་། རོང་ཟོམ་པ། ཀློང་ཆེན་པའི་རྫོགས་ཆེན་སྐོར་གྱི་མན་ངག་ཟབ་མོ་རྣམས་ཞིབ་པར་གསན་སྦྱངས་མཛད་པས་མཚོན་མདོ་སྔགས་ཀྱི་གཞུང་ལུགས་རིག་གནས་དང་བཅས་པ་ལ་མཁས་པའི་ཕུལ་དུ་སོན། སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས་པས་བཙུན་པའི་མཆོག་


SPN003_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྱུར། གདུལ་བྱ་གང་ལ་གང་འདུལ་རྣམས་སུ་ཐབས་མཁས་ཐུགས་རྗེ་ཆོས་དང་ཟང་ཟིང་མི་འཇིགས་པའི་སྦྱིན་པ་སོགས་ཕན་བདེ་ཁོར་མོ་ཡུག་ཏུ་བརྡལ། རང་གཏོགས་བཀའ་དགོན་སྤྱི་བྱེར་རྣམས་ལ་དུས་གཟར་ཅི་ཆེའི་སྐབས་ཉམས་པ་སོར་ཆུད་ཉམས་ཕན་འཚོ་སྐྱོང་། མ་ཉམས་གོང་འཕེལ་སོགས་ཅི་འགབ་དང་། སྒྲིག་ཁྲིམས་བཅའ་བ་ཉམས་གསོས་ཐེབས་རྩ། རྟེན་བཞག་སྦྱིན་སྒོ་སོགས་རྒྱ་ཆེ་མུ་མེད་དང་། དབང་ལུང་ཁྲིད་གསུམ། སོ་ཐར་སྡོམ་འབོག་སོགས་བགྲང་ཡས་དང་། གཞན་རྒྱ་བོད་འཁྲུགས་ཟིང་སྐབས་སོགས་སུ་རྫོགས་ཆེན་གཙོས་རྙིང་དགོན་རིགས་དང་ས་དགོན་སོགས་ལ་ཞབས་འདེགས་ཕན་ཆ་ཅི་དྲག་དང་། སྡེ་དགེའི་རྒྱལ་ཁབ་ལའང་རང་དབང་བདག་ཐོབ་ཡོང་བ་སོགས་ཀྱི་ཐུགས་ཁུར་ལྷུར་བཞེས་གནང་བ་སོགས་བཟང་པོའི་ཕྲིན་ལས་ཚད་ལས་འདས། ལོ་རེ་བཞིན་སྲོག་བླུ་བརྒྱ་ཕྲག་མང་པོ། ཉམ་ཐག་དུད་འགྲོ་ཡན་བྱམས་པས་སྐྱོང་བ་སོགས་སྙིང་རྗེའི་མངའ་བདག་ཏུ་གྱུར། དུས་བཟང་སྐབས་སོགས་དུས་རྒྱུན་མར་མེ་སྟོང་དང་ཁྲི་མང་པོ་ཁ་ཡར་གང་འགྲོ། མཆོད་འབུལ་ཚོགས་གསོག་རྒྱ་གང་ཆེ། རྡོ་འབུམ་ཤིན་ཏུ་བགྲང་ཡས། རྡོར་སེམས་སྒྲུབ་མཆོད་ཚད་ལྡན་གསར་འཛུགས། དགོན་འདིའི་མཆོད་ཆས་སྐོར་གསེར་དངུལ་ལས་གྲུབ་པ་སྤུས་དག་དང་། ཚེས་བཅུ་ཆེན་མོའི་ཡོ་བྱད་ནོམ་


SPN003_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རིན་ཐང་བྲལ་བ་རྣམས་བཞེངས། སྤར་ཁང་། དུང་འཁོར་ཁང་། ཁྱད་པར་འདུ་ཁང་ཆེན་མོ་བླ་བྲང་གོང་འོག་རྣམས་དང་བཅས་པ་ཞིག་གསོས་འགྲན་བྲལ་མཐོང་བས་ཡིད་འཕྲོག་ཅན་རྐང་ནས་གསར་བཟོས། ནང་རྟེན་བྱམས་ཆེན་གཙོས་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་དང་མཆོད་རྟེན་རིགས་ཤིན་ཏུ་ཆེ་ལེགས་གྲངས་མང་། ཐུབ་པ་དང་། བྱམས་པའི་སྐྱེས་རབས། ཕུར་པ་གཙོ་འཁོར་བཅས་པའི་ཞལ་ཐང་དཔེ་བྲལ་སྐོར། མཛོད་ཆེན་རྣམ་ལྔའི་ཁ་སྐོང་དང་། བསྟན་བཅོས་བཀའ་དང་མཚུངས་རིགས་སྤར་དུ་བརྐོས་པ་པུསྟི་ཀ་ཤིན་ཏུ་གྲངས་མང་ལོངས་པ་སོགས་ཕྱི་ནང་རྟེན་བཞེངས་རིགས་ཁོར་མོ་ཡུག་ཏུ་མཛད་དང་མཛད་བཞིན་པ་སྟེ། དགོན་འདིར་སྔར་ཐུབ་ཆེན་འདག་བཟོ་ཙམ་ལས་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་སོགས་ཆེ་རིགས་གྲངས་མང་འགའ་ཡང་མི་བཞུགས་པ་ལྟར་ན། དེང་སང་རྟེན་གསུམ་མང་ཉུང་ཆེ་ཆུང་ཇི་བཞུགས་མཆོད་ཆས་ཡན་བཅས་ཕྱི་བཀོད་ནང་རྟེན་ཚང་མ་སྐྱབས་མགོན་འདི་ཉིད་ཀྱི་ཕྱག་རྗེས་ཏེ། མདོར་ན་རྣམ་དཀར་གྱི་བྱ་བ་རླབས་སུ་ཆེ་བ་བསམ་ལས་འདས་པ་འདི་འདྲ་ནི་སི་ཏུ་སྐུ་ཕྲེང་གོང་མ་རིམ་བྱོན་རྣམས་ལའང་མ་བྱུང་བ་མངོན་སུམ་ལྟར་རོ། །ཕྱི་དུས་རྒྱ་ནག་རྒྱལ་ཁབ་ནས་ཀྱང་སྐྱབས་འཇུག་ཞུ་རྒྱུ་ཡོང་བ་སོགས་ཀྱིས་མཚོན་ཆོས་སྲིད་གཉིས་ཀའི་མཁྱེན་རྒྱ་ཆེ་བས་རྒྱ་བོད་ཕལ་ཆེར་གུས་འདུད་དབང་དུ་འདུས་ཤིང་། དྲག་ཞན་སེར་སྐྱ་སུ་ཡང་


SPN003_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་མ་ཐག་ཏུ་དད་པས་ཡིད་དགའ་ཞིང་གྲོལ་བ་དང་། ཅི་གསུང་བཀའ་ལ་ཉན་པ་འབའ་ཞིག་ཏུ་གྱུར། ཡབ་སྲས་ལི་ཐང་དུ་ཕེབས་སྐབས་སྨྲི་ཏི་དང་ལྕག་སྦུབ་ཟེར་བ་གཉིས་དམེ་འཁྲུགས་ལོ་མང་དེ་ཕྱོགས་ཀྱི་ཡུལ་ཁམས་སྡུག་མནར་ཆེ་བ་དྲུང་ལྷན་རྒྱས་ནས་བསྡུམས་པར་མཛད་པས་དགེ་ཕན་ཤིན་ཏུ་ཆེ་བར་གྱུར། ཀུན་གཟིགས་མཁྱེན་བརྩེས་ཀྱང་ཁོང་གི་ཐུགས་རྒྱུད་འཕོ་བའི་སྤྲུལ་སྐུ་ཡིན་རྒྱུར་འཇམ་མགོན་རིན་པོ་ཆེ། མཁན་ཆེན་བླ་མ་སོགས་ལ་ཞལ་བཞེས་གནང་བ་དང་། རྟེན་འབྲེལ་ཞིག་གི་རྒྱུ་རྐྱེན་ལས་སྐུ་བསོད་དབང་ཐང་། འགྲོ་དོན་ཕྲིན་ལས་ཆེན་པོ་ཞིག་ཡོང་གསུངས་པའང་ཐོས། སྤྲུལ་སྐུ་ངོས་འཛིན་དགོས་རིགས་འཁྲུལ་པ་དང་བྲལ་བའི་ངོས་འཛིན་ངོ་མཚར་བ་ཤ་སྟག་དང་། ཁྱད་པར་རྒྱལ་དབང་ཀརྨ་པ་བཅུ་དྲུག་རང་བྱུང་རིག་པའི་རྡོ་རྗེ་ཉིད་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པར་ཤར་བའི་ཐོལ་བྱུང་དུ་ངོས་འཛིན་གནང་བ་ཕྱིས་གོང་མའི་འདའ་ཀའི་ཞལ་ཆེམས་ཉེ་གནས་རྣམས་ཀྱིས་གསང་རྒྱས་བཏབ་པ་དང་གུང་འགྲིགས་ཏེ་རང་གཞན་ཐམས་ཅད་ཡིད་ཆེས་ཡ་མཚན་གྱི་གནས་སུ་གྱུར། སྐབས་སུ་བབས་པའི་ཚེ་ན་བཟའ་མཚན་གསོལ་དང་། གདན་སར་ཁྲི་འདོན་ལེགས་གྲུབ་སོགས་ཀྱི་མཛད་པ་དང་འབད་པ་བརྒྱ་ཕྲག་བསྐྱངས་བ་མཐར་ཕྱིན་བྱུང་བ་འདི་ཉིད་ནི་རྣམ་ཐར་རྒྱ་མཚོའི་སྙིང་པོ་ལྟ་བུའོ། །དུས་


SPN003_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་དགོན་འདིར་སྡོམ་ཞིབ་དབྱེ་བསལ་ཤིན་ཏུ་ཚད་ལྡན་ཐོག་ཕྱིན་ཆད་གཙང་གྲའི་སྲོལ་ཁྲིགས་ཆགས་ཀྱི་དམ་རྒྱ་རྒྱུན་མཛེས་སུ་བསྟར་བ་ནི་ཀུན་ལ་མིག་ལྟོས་ཡར་ལྡན་གྱི་མཛད་པ་ཆེ་ཤོས་དང་། སྤྱིར་སྐྱབས་མགོན་འདིའི་སྐུ་རིང་ཀར་དགོན་ཆེ་ཕྲ་ཚང་མར་འདུལ་ཁྲིམས་ལ་གཅེས་སྤྲས་གཙོར་བཟུང་འཁོར་ལོ་གསུམ་གྱི་འདུས་སྡེ་དབྱར་མཚོ་ལྟར་འཕེལ་རྒྱས་སུ་བྱུང་བ་ཡང་མངོན་སུམ་ཡོངས་གྲགས་བཞིན་ནོ། །རྒྱལ་དབང་བཅོ་ལྔ་པ་དང་། འཇམ་མགོན་བླ་མ་ཟུང་ནས་ངེས་དོན་སྙིང་པོའི་བསྟན་པ་གཏད། རྒྱལ་དབང་བཅུ་དྲུག་རང་བྱུང་རིག་པའི་རྡོ་རྗེ་མཆོག་ནས། རབ་བྱུང་སོ་ཐར་ནས་བཟུང་། ཀཾ་ཚང་རང་ལུགས་ཀྱི་སྨིན་གྲོལ་གྱི་ཆོས་སྐོར་ཇི་སྙེད་ཀྱིས་མཚོན་སྔགས་མཛོད་དང་གདམས་མཛོད། སྒྲུབ་བཏུས་སོགས་ཤིན་ཏུ་ཆོས་བཀའ་རྒྱ་ཆེན་གསན་དང་གསན་འགྱུར་བཅས། རིགས་བདག་གཙུག་གི་ནོར་བུ་གཅིག་པུར་བཀུར་བར་མཛད་ཅིང་། རྒྱལ་དབང་གོང་མ་ནས་ཀྱང་བཀའ་བརྒྱད་དགོངས་འདུས་ཀྱི་ལུང་སོགས་སྨིན་གྲོལ་ཅི་རིགས་གསན། སྤྱིར་བཀའ་བརྒྱུད་སྔགས་མཛོད་ལན་གྲངས་དང་། དབང་ལུང་གསན་རིགས་ཕལ་ཆེར་སྐབས་སྐབས་འཆད་སྤེལ་གྱི་ཆོས་འཁོར་རྒྱ་ཆེ་བ་བསྐོར་བར་མཛད་པ་སོགས་མདོར་ན་བསྟན་འགྲོར་སྨན་པའི་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་ནོ། །དེར་མ་ཟད་མཁན་ཆེན་བཀྲ་ཤིས་འོད་ཟེར་དགོངས་བཞེད་ཉག་གཅིག་འཇམ་པའི་དབྱངས་གཞན་དགའ་རིན་པོ་ཆེ་འདི་དགོན་དུ་


SPN003_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ཞུས་ཡུན་རིང་བཞུགས་འཇགས་སྟེང་རིན་པོ་ཆེས་གསན་བསམ་གོང་སྨོས་ལྟར་དང་། དབྱར་གནས་སུ་མདོ་སྔགས་སློབ་གྲྭའི་རྒྱུན་གསར་འཛུགས་བཤད་སྒྲུབ་གཉིས་ཀ་ཚང་བའི་ཆོས་སྡེ་ཆེན་པོའི་མཚན་གཞི་ཐོགས་པའི་རྒྱུར་ངོ་མཚར་བའི་མཛད་པ་བླ་མེད་དུ་ཆེ་ཞིང་དར་རྒྱས་ཡུན་དུ་གནས་པར་སྨོན་ནོ། །བླ་མ་མང་དུ་བཞུགས་པའི་ནང་ནས་ཡིད་འཕྲོག་དོན་གྱི་བླ་མ་ནི་ཀརྨ་པ་བཅོ་ལྔ་པ། འཇམ་མགོན་རིན་པོ་ཆེ། མཁན་ཆེན་བཀྲ་ཤིས་འོད་ཟེར། གཞན་ཕན་ཆོས་ཀྱི་སྣང་བ་རྣམ་པ་བཞི་པོ་ཁོ་ན་དང་། རྩ་བའི་བླ་མ་དངོས་འཇམ་མགོན་རིན་པོ་ཆེ་ཡིན་པ་འདྲའོ། །གདོད་ནས་སངས་རྒྱས་ཐུགས་རྗེ་ཡས་སྤྲུལ་ལ་ས་ལམ་སྦྱངས་ཅི་ལ་དགོས་ཀྱང་། ཚུལ་བསྟན་ཙམ་དུ་ཕྱག་རྫོགས་ཆོས་དྲུག་སོགས་ཉམས་བཞེས་ལ་དུས་རྟག་ཏུ་རང་བབ་ཀྱིས་བརྩོན་ཅིང་རིག་པ་གཅིག་ཅར་བའི་འགྲོས་ཀྱིས་གནས་ལུགས་ལ་རང་བྱན་ཆུབ་པའི་ཀློང་ཆེན་པོར་གཡོ་བ་མེད་པ་མཉམ་རྗེས་དབྱེར་མེད་དུ་བཞུགས་པར་ངེས་ཀྱང་དགོངས་པ་རྒྱ་མཚོའི་འཇིང་ལྟར་ཟབ་པས་སུས་ཀྱང་གཏིང་མི་དཔོག །ཡི་དམ་གྱི་ལྷ་གང་ལ་མཛད་ངེས་ཏིག་མ་འཚལ་ཡང་ཐུན་མོང་ཙམ་དུ་སྒྲོལ་དཀར་ལ་མཛད་ཅིང་ལྗགས་བསྙེན་དུང་ཕྱུར་ཁ་ལོངས་པ་དང་། སོའུ་མང་དུ་སྐྱེས་པ་སོགས་འགྲུབ་རྟགས་ཀྱང་ཅི་རིགས་བྱུང་བར་མངོན། དག་སྣང་མོས་གུས་ཕྱོགས་མེད་དུ་འབྱོངས་པ་མཐུན་སྣང་དུ་གྲུབ་ཅིང་། རྣམ་ཀུན་ཁྱེར་སོ་གསུམ་གྱི་རང་གཤིས་རྣལ་དུ་རྩོལ་མེད་འབྱོར་བཞིན་བཞུགས། ལྷག་པར་རང་བཞིན་ཤུགས་འབྱུང་དང་། དགོས་པའི་དུས་སུ་གསུང་ཟུར་ཕེབས་


SPN003_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་དང་དཔག་དུས་གསུམ་ས་ལེར་མཁྱེན་པར་གདོན་མི་ཟ་བའི་མཚན་མ་ནི་རང་གཞན་ཀུན་གྱི་སྣང་ངོར་སྐབས་འགར་མངོན་སུམ་གསལ། འོན་ཀྱང་ཞལ་གཟིགས་ལུང་བསྟན། མངོན་ཤེས་ཉམས་སྣང་སོགས་ལ་ཐུགས་དགྱེས་ཚོར་ཆེར་མི་མཛད། རྩིང་སྤྱོད་མཁན་རྣམས་རྟག་ཏུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་མནན། འདོད་ཆུང་ཆོག་ཤེས། མཁས་བཙུན་བཟང་གསུམ། ཐོས་བསམ་སྒོམ་གསུམ་དང་ལྡན་པའི་གང་ཟག་ཆོས་ལ་སྤྱོད་པ་རྣམས་དང་ལེན་གོང་བཀུར་དཔེ་མེད་གནང་། གཞན་དུ་མ་རོ་གཅིག་ལ་མངའ་དབང་འབྱོར་པའི་རྟགས། འདི་ཕྱོགས་དང་། རྫ་རྒྱུད་བྱང་ཁ་སོགས་སུ་ཞབས་རྗེས་བཞག་པ་མང་ཞིང་། ས་སྟག་ལོར་ཡབ་སྲས་ལྷན་རྒྱས་ལི་ཐང་འདབ་སྨད་དུ་ཕེབས་པ་ན་སྤང་ཕུག་དགོན་གྱི་གཙུག་ལག་ཁང་མདུན་རྒྱབ་ཉེ་ལོགས་སོགས་ལ་ཀརྨ་པ་གཞོན་ནུའི་ཞབས་རྗེས་མང་ཙམ། རིན་པོ་ཆེའི་ཞབས་རྗེས་གསལ་བར་ཁ་ཤས། ལྷག་པར་སི་ཏུ་རིན་པོ་ཆེ་ཉིད་ཀྱི་ཆིབ་པ་ཐང་སྨུག་གི་རྗེས་འདམ་ནང་བརྫིས་པ་ལྟ་བུ་དྲུག་བདུན་ཙམ་འཆམ་སར་རྡོ་གཅལ་སྟེང་དུ་ཟབ་ལ་གསལ་བ་བཞག་འདུག་པ་དེར་ཡོད་ཀུན་གྱི་མིག་གི་སྤྱོད་ཡུལ་དུ་གྱུར། སྔར་བྱེས་ཕེབས་ཞིག་གི་སྐབས་སྒ་སྟོད་ནས་ཕེབས་ལམ་འབྲི་ཆུ་ལ་ལྷ་དར་


SPN003_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གཅིག་ཙམ་གློ་བུར་ཆགས། དབུ་ཆེ་ནས་རབ་གནས་ཀྱི་མེ་ཏོག་འཐོར་བ་དཔེ་ཝར་འབལ་མོ་ནང་གི་གཞི་བདག་གི་རི་མགོར་ཟང་ཐལ་དུ་སོང་བ་མངོན་སུམ་དང་། རྒྱལ་དབང་ཆིབ་སྐྱེལ་བོད་ཕེབས་སྐབས་ཧོར་སོག་སྡེ་དང་འབྲང་སྡེ་གཉིས་ཤ་འཁོན་ཐུག་སྒོ་ཆེ་བའི་འབྲང་སྟོད་དཔོན་ནས་སྐྱབས་འཇུག་ཞུས་པ་གསོལ་ཀ་དང་དགྲ་ཆོས་རྒྱས་པ་ཚར་གཅིག་གསུངས་པས་དེ་རྗེས་སོག་སྡེའི་དམག་རྒྱུས་ཡོད་ཀྱིས་འབྲང་དཔོན་གྱི་དགུན་རུ་སྡོད་བཞིན་པའི་ས་ཆར་བབས་ཀྱང་དཔོན་གྱི་སྦྲ་དང་རུ་འཁོར་བཅས་གཏན་ནས་མ་མཐོང་ཞིང་ལུང་སྟོང་ཞིག་ཏུ་མཐོང་ནས་ཕྱིར་ལོག་སོང་བ་ཡིན་ཞེས་སོག་སྡེའི་དམག་འགྲོ་མཁན་རྣམས་ཀྱི་ཁ་ནས་ཡོངས་གྲགས་ལབ་པ་དང་། འབྲང་དཔོན་ནས་ཀྱང་ལུང་པའི་རི་དྭགས་རྣམས་སུ་བསྐོར་ཉུལ་བྱས་ནས་རང་བཞིན་གྱིས་ཕྱིར་ཐེགས་སོང་ཞེས་དངོས་སུ་བཤད་རྒྱུ་འདུག་པ་སོགས་འདི་འདྲའི་རིགས་ཤིན་ཏུ་ཆེས་མང་སྟེ་བྲི་བ་ལ་དགོས་པ་ཆེར་མི་འདུག །གནས་གཟིགས་ཕེབས་སྐབས་གཙང་འབྲུག་ར་ལུང་དགོན་དུ་གླིང་རྗེ་རས་པའི་འདྲ་ཞལ་གསུང་བྱོན་མ་དེའི་ཞལ་ངོ་ཚོན་དཀར་པོ་བྱུགས་པ་ཅན་ཞིག་རེད་འདུག་ནན་ཏན་གསུངས་ཀྱང་ཡང་ཡང་བལྟས་པས་དངོས་གནས་གསེར་ཆབ་གསོལ་བ་ཞིག་ཡིན་འདུག་གོ། ནད་པ་ཚབ་ཆེན་རིགས་


SPN003_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བསྒོ་བྱིན་རླབས་དང་ཐུགས་གཏད་ཙམ་གྱིས་འཇོམས་པ། ཕྱག་མདུད་ལུས་ལ་འཆང་བ་འགའ་ཞིག་ཕ་རོལ་གྱི་མཚོན་གྱིས་མི་ཚུགས་པ། གཅན་གཟན་གྱི་འཇིགས་པ་ལས་སྐྱོབ་པ་སོགས་དངོས་མཐོང་རེ་དང་། ཁང་པ་མེ་ཤོར་བ་སོ་སོའི་ཁུངས་སུ་དད་རྟེན་ཆགས་ལྷྭམ་དང་། ཆོས་གོས་གནང་བ་ཡོད་པ་འགའ་ཞིག་ལ་མེ་དྲེག་ཙམ་ཡང་གོས་མི་འདུག་ཚུལ་ལྗོངས་ཕྱོགས་ཕྱོགས་འགའ་ནས་བཤད་རྒྱུའང་འདུག །འབྲང་སྲས་བླ་མ་བློ་གྲོས་རབ་གསལ་དུས་རྒྱུན་ནད་གདོན་གྱིས་མནར་བ་ལ་གུ་གུལ་ལ་ལྗགས་སྔགས་ཤིག་མཛད་ནས་རྒྱུན་དུ་བདུག་རྒྱུ་གནང་བའི་ནང་ཕྱིས་སུ་རིང་བསྲེལ་དཀར་པོ་བརྒྱ་ཕྲག་སོགས་གྲངས་མང་འཁྲུངས་འདུག་པ་བདག་གིས་ཀྱང་དངོས་མཐོང་བྱུང་བ་སོགས་མཐའ་ཡས་སོ། །སློབ་མའི་གཙོ་བོ་ནི་རྒྱལ་དབང་བཅུ་དྲུག་པ། དཔའ་བོ་རིན་པོ་ཆེ། ཏྲེ་བོ་ཞབས་དྲུང་། སངས་རྒྱས་མཉན་པ། ཟུར་མང་བསྟན་སྤྲུལ། འདིར་དགོན་གྱི་སྐུ་མཆེད་རྣམས་སོགས་ཀྱིས་གཙོས་བཀའ་བརྒྱུད་པའི་བླ་སྤྲུལ་ཕལ་ཆེ་བ་རྣམས་སོ། །སྐྱབས་མགོན་འདི་ཉིད་ཀྱི་རྣམ་ཐར་ཅུང་ཞིབ་རྒྱས་ནི་སློབ་མའི་ཐུ་བོ་མཁས་བཙུན་གྲུབ་པའི་བདག་ཉིད་ཅན་གྱིས་རྩོམ་པར་གནང་འགྱུར་ལྟར་ལས་མ་མཆིས་ཤིང་། འདིར་དཔལ་སྤུངས་དགོན་གྱི་གདན་རབས་ཀྱི་རྣམ་ཐར་སྐྲ་རྩེ་ཙམ་བཀའ་འབུམ་


SPN003_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆགས་ཀྱི་ཁོགས་དབུབ་ལྟ་བུར་བྲིས་པ་ཡིན་ལ། ཡང་སྙིང་སི་ཏུའི་སྐུ་ཕྲེང་རྣམས་ནི་བྱམས་པ་མགོན་པོ་དང་། ཨོ་རྒྱན་རིན་པོ་ཆེ་ཟུང་དུ་འཇུག་པའི་རྣམ་འཕྲུལ་ཤ་སྟག་པ་སྟེ། མ་འོངས་རྣམ་འདྲེན་ལྔ་པར་འཚང་རྒྱ་རྒྱུར་མགྲིན་གཅིག་ལུང་ནས་གསལ་བ་བཅས་སངས་རྒྱས་དངོས་སུ་གྲུབ་པ་ལ་རྨོངས་པས་དོན་མི་འགྱུར་པའི་གྱ་ཚོམ་གྱི་ཚིག་རིས་མང་པོ་བྲི་བ་ནི་སྒྲོ་སྐུར་གྱི་གཞི་དང་ཡོན་ཏན་བསླད་པའི་སྐྱོན་དུ་འགྱུར་ཉེན་ཆེ་བས་འབྲེལ་ཡོད་མེད་ནི་ཅི་ཆ་སྟེ་སྤྱིར་འཐད་པ་དང་བྲལ་ལོ་སྙམ་མོ། །དམིགས་བསལ་སྐབས་དོན་ངོ་མ། རྗེ་བདག་ཉིད་ཆེན་པོ་མཆོག་འདི་གསུང་རྩོམ་ཆོག་བསྒྲིགས་སོགས་སྔར་ཡོད་ལས་གསར་སྤྲོས་རིགས་ལ་ཐུགས་དགྱེས་ཚོར་ཆེར་མེད་ཚུལ་གསུངས་པ་ལྟར་ཡང་། རྒྱལ་དབང་རིན་པོ་ཆེས་གཙོས་སློབ་མ་རྣམས་དང་། གཞན་མཆོག་ཕལ་གྱི་གདུལ་བྱ་རྣམས་ཀྱིས་ནན་ཏན་དུ་གསོལ་བ་བཏབ་པའི་ངོར། སྒྲུབ་དཀྱིལ་དང་ཆོག་བསྒྲིགས། དབང་ཆོག་མཚམས་སྦྱོར་བཅས་དང་། ཞལ་གདམས་གསོལ་འདེབས། མཆོད་ཆོག །སྨོན་ལམ། ཟིན་བྲིས་ཀྱི་རིམ་པ་ཇི་སྙེད་སོགས་དང་། ཁྱད་པར་ཨོ་རྒྱན་རྗེ་འབངས་ཉེར་ལྔའི་སྒྲུབ་ཐབས་འདི་དགོངས་གཏེར་བྱིན་རླབས་ཀྱི་ཚན་ཁ་ཆེས་ཁྱད་འཕགས་དང་ལྡན་པ་


SPN003_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་འཇམ་མགོན་རིན་པོ་ཆེས་ཞལ་གྱིས་བཞེས་པ་བཅས་གང་ཅིར་བྲིས་མ་གླེགས་བམ་གསུམ་ཙམ་བཞུགས་པ་འདི་རིགས་ཉེར་མཁོ་ཤིན་ཏུ་ཆེ་བ་མེད་ན་ཐབས་ཆག་ལྟ་བུ་མང་བར་མ་ཟད། མཛོད་ལྔའི་ཤིང་རྟ་པདྨའི་རྒྱལ་ཚབ་རྗེ་རང་གི་ཐུགས་ཀྱི་སྲས་གཅིག་རྒྱལ་བས་ལུང་བསྟན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལ་ལྗགས་ལུང་གདམས་གཏད་དང་། དེ་རྗེས་ཡེ་ཤེས་ཀྱི་སྐུས་ཀྱང་ལན་གཅིག་བསྐྱར་གནང་ཉེ་བརྒྱུད་ཀྱི་བྱིན་རླབས་ངོ་མཚར་བ་དང་། གཞན་ལའང་འཆད་སྤེལ་དགོས་པའི་བཀའ་ལུང་བཅས་ཆེད་དུ་བསྩལ་འདུག་པ་སོགས་བྱིན་རླབས་ཀྱི་ངད་མ་ཡལ་བའི་ལུང་རྒྱུན་ཁྱད་འཕགས་ད་ལྟ་བཞུགས་བཞིན་པ་སོགས་སྒོ་གང་ཐད་ནས་སྤར་དུ་བསྐྲུན་པའི་ཐུགས་རྩོལ་ཞིག་བཀའ་དྲིན་མ་ཆུང་ཞེས་མཁས་བཙུན་བཟང་གསུམ་སོགས་དམ་པའི་ཚུལ་དགུས་ཕྱུག་པ་ཟུར་མང་བསྟན་འཛིན་སྤྲུལ་སྐུ་མཆོག་ནས་གསོལ་བ་བཏབ་པ་ཐུགས་ལ་བཞག་པ་དང་འབྲེལ་སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་ཀུན་གཟིགས་བྱམས་མགོན་རིན་པོ་ཆེ་སི་ཏུ་སྐུ་ཕྲེང་བཅུ་གཅིག་པ། ཀརྨ་པ་དང་། འཇམ་མགོན་བླ་མ་ཟུང་གི་ལུང་དོན་དང་མཐུན་པའི་མཚན་བསྡུས་པ་ཡོངས་གྲགས་སུ་པདྨ་དབང་མཆོག་རྒྱལ་པོ་ཞེས་གསོལ་བའི་པདྨའི་ལྗགས་ལྡན་གསུམ་པས་ཆོས་སྦྱིན་གྱི་ཕྱི་མོར་རབ་བྱུང་བཅུ་དྲུག་པའི་ནང་གསེས་ས་ཡོས་ལོ་ནས་འགོ་བརྩམས། བྲིས་རྐོས་མི་


SPN003_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བརྒྱད་དགུ་རེ་ལ་ལག་བརྐོས་སུ་བརྐོ་བཅོལ་རྒྱུ་མཛད་པ་འདི་ལོ་ཁྱུ་མཆོག་ཅེས་པ་ལྕགས་སྦྲུལ་སྟོན་ཀའི་ལང་ཚོ་དར་ལ་བབས་པའི་སྐབས་སུ་ཞུ་དག་བརྐོ་བཙུགས་བཅས་མཐར་ཕྱིན་པར་གྲུབ་པ་ཡིན་ནོ། །གཞི་ནས་བཀའ་འབུམ་ཆེད་དུ་བསྒྲིག་རྒྱུའི་ཐུགས་གཉེར་ཡོད་མ་འདྲ་བ་དང་། ཉེར་མཁོ་ཆེ་རིགས་རྣམས་འཐོར་འཁྱར་དུ་སོང་བ་ཡིན་སྙམ་བཅས་ད་དུང་འདི་ནང་གསུང་ཡོངས་རྫོགས་མ་ཚང་བ་མང་ཚན་ཡོད་ངེས་ཏེ། མ་དཔེ་བྲིས་མའི་ཀ་ཐོ་ནང་དུའང་མ་འཁོད་པ་དངོས་མཐོང་མང་ཞིང་། འཁོད་རིགས་གྲས་ནས་ཞྭ་ནག་རྟོགས་བརྗོད་དང་། དབང་བསྐུར་གྱི་དགེ་བསྐུལ། ཚེ་རིང་མའི་གཡང་སྐྱབས་སོགས་མཁོ་ཁྱད་ཆེ་བ་ཅན་འགའ་དང་འགའ་ཞིག་ཀྱང་ཕྱིས་སུ་དཔེ་གྲས་སུ་མ་བཞུགས་པ་སོགས་ཀྱིས་མཚོན། སླད་ནས་གསུང་ཚོགས་ངོ་མ་རིགས་ཕྱོགས་གང་ནས་གལ་སྲིད་ཤུགས་འབྱུང་དང་རྩོལ་བ་ཟུང་དུ་འཇུག་པས་ངེས་རྙེད་ལྟ་བུ་བྱུང་ཚེ་རིམ་པར་ཁ་སྐོང་དུ་འཇོག་འོས་ཤིན་ཏུ་ཆེ་བའང་ཞར་བྱུང་གི་འཕྲོས་པའོ། །དེ་ལྟར་རྣམ་པར་དཀར་བའི་ལེགས་བྱས་རབ་ཏུ་བསྒྲུབས་པའི་དགེ་བའི་རྩ་བ་ཟླ་བ་བདུད་རྩི་ལྟ་བུ་ཅི་མཆིས་པ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་སྙིང་པོར་ཡོངས་སུ་སྨིན་པའི་རིམ་པ་ནི་དམིགས་མེད་ཐུགས་རྗེ་ཆེན་པོའི་ཀློང་ནས་ཀུན་


SPN003_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་བྱམས་མགོན་རིན་པོ་ཆེ་མཆོག་གིས་འཁོར་གསུམ་རྙོག་བྲལ་གྱི་རང་བཞིན་དུ་བསྔོ་བའི་དགོངས་གཏད་རྩོལ་མེད་ལྷུན་གྱིས་གྲུབ་པར་གནང་བ་གོར་མ་ཆག་པ་ལྟར་ལས་གཞན་དུ་སྤྲོས་འོས་མ་མཆིས་སོ། །ད་ནི་དཀར་ཆག་གི་རིམ་པ་དངོས་འགོད་པ་ལ། མདོ་རྗི་ༀ་ཨཱཿཧཱུྃ་དང་འབྲེལ་བའི་པོད་གསུམ་དུ་བསྒྲིགས་པ་སྟེ།

དང་པོར། ༀ། པོད་ལ།


SPN003_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར། ༀ། པོད་ལ། ལམ་ཟབ་བླ་མའི་རྣལ་འབྱོར་སྤྱི་དང་བྱེ་བྲག་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཡེ་ཤེས་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༩༤ གུ་རུ་དྷརྨ་རཱ་ཛའི་རྣལ་འབྱོར་གྱི་ཉམས་དབྱངས་མཆོད་སྤྲིན་རབ་འབྱམས་ཀྱི་གླུ་ཞེས་བྱ་བ་ལ་ལྡེབ། ༢ བདེ་ཆེན་ཞིང་གི་སྒྲུབ་པ་ལྷ་དང་བླ་མ་དབྱེར་མེད་ཀྱི་རྣལ་འབྱོར་རྟ་མཆོག་བ་ལ་ཧ་ལ་ལྡེབ། ༧ ཨོ་རྒྱན་རིན་པོ་ཆེ་བདེ་གཤེགས་སྤྱི་དྲིལ་དུ་བསྒྲུབས་པའི་རྣལ་འབྱོར་གྲུབ་གཉིས་ནོར་བུའི་ཆར་འབེབས་ལ་ལྡེབ། ༡༤ ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉེར་ལྔའི་ལས་བྱང་དངོས་གྲུབ་སྤྲིན་ཕྲེང་བྱིན་རླབས་ཆར་འབེབས་ལ་ལྡེབ། ༨ རྒྱུན་ཁྱེར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་དངོས་གྲུབ་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༡༥ གསོ་སྦྱོང་རྒྱུན་ཁྱེར་ལྡེབ། ༢ མ་ཧཱ་མཱ་ཡའི་ཚོགས་མཆོད་འདོད་རྒུ་མྱུར་སྟེར་ལ་


SPN003_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེབ། ༤ གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༥༣ ཐུན་མིན་ཞལ་གདམས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངེས་དོན་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༣༣ དབང་བཤད་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་ངོ་མཚར་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༣༥ བདེ་མཆོག་ལྷ་ལྔའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་རིམ་པ་ཟབ་མོའི་སྒོ་འབྱེད་ལ་ལྡེབ། ༢༢ འཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་བསྐུར་ཡེ་ཤེས་མྱུར་འབེབས་ལ་ལྡེབ། ༢༥ བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་མངོན་དཀྱིལ་གསང་ཆེན་མྱུར་ལམ་དང་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད་སྦྲེལ་མ་ལ་ལྡེབ། ༣༡ ཀུན་རིག་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེའུ་མིག་ལ་ལྡེབ། ༡༥ རྗེ་མཁའ་སྤྱོད་དབང་པོས་མཛད་པའི་མ་མགོན་ཞལ་སྦྱོར་གྱི་དབང་བཞི་ཡོངས་རྫོགས་རྒྱན་དབང་དང་བཅས་པའི་ཡིག་སྣ་གཉིས་གབ་སྤྲད་འཁྲུགས་བསལ་བལྟས་ཆོག་ཏུ་བཀོད་པ་ལ་ལྡེབ། ༣༩ བཅས། །།

གཉིས་པ། ཨཱཿ པོད་ལ།


SPN003_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། ཨཱཿ པོད་ལ། ཚེ་དཔག་ལྷ་དགུའི་དཀྱིལ་ཆོག་སྨིན་དབང་རབ་གསལ་སྣང་བའི་ཉིན་བྱེད་ལ་ལྡེབ། ༢༡ འཕགས་སྒྲོལ་


SPN003_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དོན་འགྲུབ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ་ལྡེབ། ༢༦ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གྲུབ་གཉིས་མཆོག་སྩོལ་ལ་ལྡེབ། ༢༠ འཕགས་མ་སྒྲོལ་མ་ཉེར་གཅིག་གི་ཆོ་ག་དབང་ཆོག་དང་བཅས་པ་མེ་ཏོག་པད་དཀར་ཕྲེང་བ་ལ་ལྡེབ། ༣༦ སྒྲོལ་མའི་རྣམ་བཤད་གསལ་པའི་འོད་ཟེར་སྔར་ཡོད་ལྡེབ། ༧ གཙུག་ཏོར་རྣམ་རྒྱལ་མའི་མཆོད་ཆོག་ཡིད་བཞིན་རེ་སྐོང་ནོར་བུའི་གྲུ་ཆར་ལ་ལྡེབ། ༡༨ རྩ་གསུམ་དྲིལ་སྒྲུབ་ཚེ་གཡང་འགུགས་པའི་རིམ་པ་འདོད་རྒུའི་བུམ་བཟང་ལ་ལྡེབ། ༤༠ སྟོན་པ་མཆོག་དང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་བཅས་མཆོད་ཅིང་གསོལ་བ་དང་སྨོན་ལམ་གདབ་པའི་ཆོ་ག་བྱང་ཆུབ་ཆེན་པོའི་སྤྱོད་པ་རབ་ཏུ་རྒྱས་པ་ཞེས་བྱ་བ་ལ་ལྡེབ། ༣༧ ཆོས་དྲུག་བདུད་རྩིའི་ཉིང་ཁུའི་སྔོན་འགྲོ་དངོས་གྲུབ་མྱུར་སྩོལ་ལ་ལྡེབ། ༤ ཟབ་ལམ་ནཱ་རོ་ཆོས་དྲུག་གི་འཁྲུལ་འཁོར་ཟིན་བྲིས་མཐོང་བས་ཁོང་ཆུད་གསུང་རྒྱུན་གོ་བདེ་རབ་གསལ་ལ་ལྡེབ། ༩ དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་བརྒྱུད་འདེབས་དང་བཅས་པ་ལ་ལྡེབ། ༡༢ དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་རྫོགས་རིམ་སྐོར་གྱི་ཟབ་ཁྲིད་ལ་ལྡེབ།


SPN003_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

༢༢ རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་སྔོན་འགྲོའི་འདོན་ཆ་རབ་གསལ། ཁྲིད་ཡིག་མན་ངག་བླ་མའི་ཞལ་ཤེས་ཀྱི་ཟིན་བྲིས། རྩ་གསུམ་འཆི་མེད་དྲིལ་སྒྲུབ་རྒྱུན་ཁྱེར་བཅས་སྦྲེལ་མ་ལ་ལྡེབ། ༤༥ རབ་གནས་ཆོ་ག་མདོར་བསྡུས་ལྡེབ། ༡༣ སྨོན་ལམ་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཐར་ལམ་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༤༤ གསང་སྔགས་ནང་གཏོར་ཀུན་གྱི་དོན་བསྡུས་ལ་ལྡེབ། ༦ གཏོར་བསྔོས་ཁྱེར་བདེའི་རིགས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཕྲིན་ལས་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༡༨ སྔགས་ཡིག་སྣ་ཚོགས་པ་ལྡེབ། ༣ ཇོ་བོ་སྔགས་ཀྱི་བདག་པོའི་གཡང་སྐྱབས་དངོས་གྲུབ་འབྱུང་བའི་རྒྱ་མཚོ་ལ་ལྡེབ། ༡༠ རྡུལ་ཚོན་ཆུར་གཤེགས་སམ་ཀླུ་ཆོག་གདེངས་ཅན་འདོད་འཇོ་ལ་ལྡེབ། ༢ བཅས། །

གསུམ་པ། ཧཱུྃ། པོད་ལ།


SPN003_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ། ཧཱུྃ། པོད་ལ། བསྟན་པའི་བཀའ་སྲུང་ཨ་ཕྱི་ཆེན་མོའི་མཆོད་ཕྲེང་བཀྲ་ཤིས་ཆར་འབེབས་ལ་ལྡེབ། ༢༣ བསང་མཆོད་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཕན་བདེ་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༨༥ ཟིན་བྲིས་ཀྱི་རིམ་པ་སྣ་ཚོགས་པའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཡོན་ཏན་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༡༣༡ ཡན་ལག་བརྒྱད་


SPN003_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསོ་སྦྱོང་སྨྱུང་གནས་སྒྲུབ་ཐབས་དང་འབྲེལ་བའི་ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ་ལ་ལྡེབ། ༥༡ སྤྲིངས་ཡིག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་རྡོ་རྗེ་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༨ བཅའ་ཡིག་ལེ་ཚན་གསུམ་ལ་ལྡེབ། ༡༥ འབུལ་ཐོ་སྐོར་ལྡེབ། ༢༡ ཕྲིན་ཡིག་སྐོར་ལྡེབ། ༦ རྟེན་བཞག་སྐོར་ལྡེབ། ༡༡ སྤྲུལ་སྐུ་མྱུར་འབྱོན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་མཆོག་སྣང་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༡༧ ཞབས་བརྟན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཚེ་མཆོག་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༢༡ ཆོས་སྦྱིན་ཕྱི་མོའི་འཕྲུལ་དུ་བསྒྲུབས་པའི་བཀའ་འབུམ་གྱི་དཀར་ཆག་ཡིད་འཕྲོག་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༢༤ བཅས་བཞུགས། སྨྲས་པ། མཁའ་ཁྱབ་གདུལ་བྱའི་ཡུལ་རྣམས་དོན་གཉིས་ལ། །ལོངས་སུ་སྤྱོད་པའི་ཉེར་ལེན་བྱིན་རླབས་དང་། །དངོས་གྲུབ་ཕྲིན་ལས་ཀུན་གྱི་འབྱུང་གནས་ཕུལ། །རྩ་གསུམ་རྒྱལ་བ་རྒྱ་མཚོས་དེང་འདིར་སྐྱོངས། །གང་ཞིག་འདྲེན་པ་མཆོག་རྣམས་གཞན་དོན་སླད། །ཆོས་ཀྱི་འཁོར་ལོ་བསྐོར་ལ་དུས་ནམ་ཡང་། །འདའ་བ་མེད་པས་འགྲོ་ལ་རྣམ་གྲོལ་གྱི། །སྒོ་ཆེན་མཁའ་དང་མཉམ་པར་རྟག་ཏུ་ཕྱེས། །འདི་ན་རྒྱལ་


SPN003_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཡེ་ཤེས་གཅིག་འདུས་པ། །བཀའ་བརྒྱུད་བླ་མའི་ཚོགས་རྣམས་གསང་གསུམ་གྱི། །རྣམ་ཐར་མཛད་སྒོ་ལྔ་ལྡན་ཞིང་ཁམས་ཀྱི། །མཚན་ཉིད་ཡོངས་སུ་རྫོགས་ལས་གཞན་དུ་མིན། །ལྷག་པར་མདོ་སྔགས་ཆོས་ཀྱི་རང་གཟུགས་དངོས། །བྱམས་པ་མགོན་དང་པདྨཱ་ཀཱ་ར་སྟེ། །ཟུང་འཇུག་རྣམ་འཕྲུལ་པདྨའི་མཚན་ཅན་མཆོག །སྟོན་པ་ཀུན་ཏུ་བཟང་དང་རྣམ་དབྱེ་ཅི། །གང་ཉིད་གཅིག་ཤེས་ཀུན་གྲོལ་རྒྱལ་ས་ལ། །ལྷུན་གྲུབ་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ནས། །ཐམས་ཅད་མཁྱེན་པར་བཞུགས་བཞིན་སྐུ་གསུམ་གྱི། །ཁ་ལོ་སྒྱུར་བའི་ཆོ་འཕྲུལ་ཅི་ཡང་ངོམ། །རང་བྱུང་ཡེ་ཤེས་ཀློང་ནས་རྩོལ་མེད་དུ། །དགོངས་པའི་རྩལ་ཕྱུངས་རིམ་གཉིས་ཟབ་དོན་གྱི། །སྙིང་པོ་གསེར་གྱི་ཞུན་མ་བརྒྱ་ཕྲག་དག །སྤྲོས་འདི་ཁྱད་ཆོས་འབུམ་དང་ལྡན་པས་འཕགས། །ཐེག་པ་སྣ་ཚོགས་དཀོན་མཆོག་ཀུན་འདུས་བཞིན། །ཁྱད་པར་གསང་ཆེན་ཐབས་གྲོལ་མན་ངག་བཅས། །མཚན་ཉིད་ལྡན་པའི་སྙིང་ཐིག་བྱིན་རླབས་ཀྱི། །ངད་དང་ལྡན་ལ་འདི་འདྲ་སྲིད་ན་དཀོན། །མཆོག་དམན་བར་མ་ཀུན་གྱི་སྤྱོད་ཡུལ་དུ། །ཉེར་འབབས་ཀུན་ལ་ཟུག་རྔུ་བཅིལ་བའི་སྨན། །སྙིང་གའི་རྫིང་བུར་གལ་ཏེ་བསྐྱིལ་ཙམ་ན། །བདུད་རྩིའི་ཆུ་དང་མཚུངས་མིན་ད་གདོད་ཤེས། །སོ་སོར་རྟོག་པས་ལེགས་


SPN003_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེས་ཚིག་དང་དོན། །རིགས་འདུས་ཆོས་ཀྱི་ཕོ་བྲང་ཕྱོགས་གཅིག་ཅེས། །དགོངས་བརྡ་སྙན་བརྒྱུད་རྣམས་ཀྱང་གཟེངས་མཐོ་ནས། །དལ་གྱིས་རྩེ་དགས་འཁྱུད་ལ་བྲེལ་བ་བཞིན། །རྡོ་རྗེ་འཆང་ནས་རིམ་བརྒྱུད་མན་ངག་སྒོར། །ཐབས་དང་སྤྲོས་པ་འཕྱུགས་མེད་བསྟན་པའི་རྒྱུན། །སྲིད་མཐར་བཟུང་སླད་ལེགས་བཤད་ཆ་རེ་ཡང་། །རྒྱལ་བསྟན་གཡང་དུ་ཆགས་པའི་རྒྱུ་རུ་མཛེས། །རང་གཞན་བདེ་ལེགས་ལག་ཏུ་བསྟར་འདོད་པ། །ཀུན་ལ་ཆུ་བཞིན་བྲིམ་པའི་ཆོས་བཀའ་སྟེ། །དེ་ཕྱིར་ཁྱབ་བདལ་འཕེལ་བའི་རི་མོ་དག །འབྲི་བ་འདི་འདྲར་ཕན་ཡོན་བརྗོད་མི་ཤེས། །འདི་བྲིས་ལྷག་བསམ་རྣམ་པར་དཀར་བའི་མཐུས། །ལེགས་བྱས་ཉིད་དུ་རློམ་ན་དགེ་བའི་ཚོགས། །ཅི་མཆིས་མཁའ་ཁྱབ་སྐྱེ་རྒུ་མུ་མེད་རྣམས། །བྱང་ཆུབ་ལམ་ལ་འགོད་པའི་རྒྱུ་རུ་བསྔོ། །ལུང་རྟོགས་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་སྒོར། །དར་ཞིང་རྒྱས་ལ་བསྟན་འཛིན་སྐྱེས་བུ་རྣམས། །བསྐལ་བརྒྱར་ཞབས་བརྟན་སྣོད་བཅུད་རྫོགས་ལྡན་གྱི། །དཔལ་དང་ལྡན་པའི་དགེ་མཚན་ལྷུན་འགྲུབ་ཤོག །ཅེས་བྱམས་མགོན་ཆོས་ཀྱི་རྒྱལ་པོ་པདྨའི་ལྗགས་ལྡན་དང་པོ་གང་གི་གསུང་རབ་རྣམས་ཆོས་སྦྱིན་ཕྱི་མོའི་འཕྲུལ་དུ་བསྒྲུབས་པ་ལས་བརྩམས་པའི་དཀར་ཆག་དང་འབྲེལ་བའི་འགྲོས་གཏམ་ཉུང་ངུ་འདི་ཡང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ནས་སུག་བྲིས་སུ་བགྱིས་པ་དགེའོ། །


previousཏཱའི་སི་ཏུ་པདྨའི་ལྗགས་ལྡན་དང་པོ་རྗེ་པདྨ་ཉིན་བྱེད་དབང་པོའི་བཀའ་འབུམ་གྱི་དཀར་ཆག་ཡིད་འཕྲོག་བདུད་རྩིའི་གཏེར་མཛོད།next