cover

རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་འབུམ།

གླེགས་བམ་དང་པོ།

རྒྱལ་སྲས་གཞན་ཕན་མཐའ་ཡས།

སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གྱི་སྔོན་དུ་འགྲོ་བའི་གཏམ།

འགྲོ་བ་མིའི་རིགས་གོམ་གང་མདུན་ཕྱོགས་སུ་སྤོས་པར་འདོད་པའི་དུས་རབས་ཏེ། ཡར་ཐོན་ནམ་ཡང་ན་རྗེས་ལུས། དར་རྒྱས་སམ་ཡང་ན་ཉམས་རྒུད། ཤེས་རབ་བམ་ཡང་ན་བླུན་རྟགས། གང་ལྟར་ཤོག་སྒོར་ལས་ཡོད་ཚད་ལ་རིན་ཐང་ཆུང་བའི་གནས་དུས་འདིར་གནའ་དཔེ་ཞིག་གི་ལྡེབ་གྲངས་ཚང་མིན་ལ་རེ་དོགས་དང་དགའ་སྡུག་གི་སེམས་ཚོར་མྱོང་བཞིན་པ་རང་ཉིད་ལས་ཐམས་ཅད་ལ་ལྐོག་ཏུ་གྱུར་པ་སྨོས་ཅི་དགོས། འོན་ཀྱང་དད་པ་དང་དུང་ཞེན་འདྲེས་པའི་ཀུན་སློང་གསོན་པོའི་མེ་རྩ་ཞིག་དེ་རིང་ཙམ་མིན་པར་ཆུང་དུས་ཐོས་བསམ་ལ་འཇུག་པ་ནས་སྙིང་ཁོང་དུ་གནས་ཀྱང་ཉམས་ཞན་པའི་རེ་བའི་ངོ་བོར་ཡུན་རིང་ལུས་པ་སྟེ། མཚན་དོན་དང་ལྡན་པ་སུ་ཞིག་གིས་ནམ་ཞིག་ན་དམ་པའི་གསུང་རབ་འདི་དག་འཚོལ་སྒྲིག་དར་སྤེལ་གྱི་མཛད་རྒྱུན་བསྐྱོངས་པར་ངེས་སྙམས་པའི་ཡིད་ཆེས་དང་རེ་བས་ལོ་ཟླའི་འཁོར་ལོ་དུ་མ་ཞིག་ཤུགས་ཀྱིས་འདས། ད་ལམ་མཐུན་པའི་རྐྱེན་ཅུང་ཟད་ཚོགས་པ་དང་བསྟུན་སྤྲོ་བ་ཆེན་པོས་རང་ཉིད་ཀྱི་ཁུར་དུ་ངང་གིས་བླང་སྟེ་གྲུབ་དབང་རྫོགས་ཆེན་པའི་མཁས་གྲུབ་རྣམས་ཀྱི་གསུང་འབུམ་གཙོ་བོར་གྱུར་པའི་དཔེ་ཚོགས་འདི་བཞིན་འཚོལ་སྡུད་དང་། དཔེ་བསྡུར། དག་ཞུས་ཀྱིས་འགྲེམ་སྤེལ་བྱུང་ན་ཁ་བའི་ལྗོངས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་མི་ཉམས་དར་སྤེལ་གྱི་བྱ་བའི་ཆ་ཤས་ཤིག་ལ་ཕྱར་བ་གྲུ་འདེགས་དང་། གང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་བརྒྱུད་ལྡན་བླ་མ་རྣམས་ཀྱི་གསུང་གི་ཕྲིན་ལས་ལ་སྲི་ཞུའི་མཆོད་པ་ཅུང་ཟད་འགྱུར་བའི་ལྷག་བློ་དང་བཅས་བགྱི་བ་འདི་བརྩོན་པས་སྒྲུབ་ན། རྣམ་པར་དཀར་བའི་དགེ་རྩ་གང་མཆིས་མཁའ་མཐས་ཁྱབ་པའི་འགྲོ་བ་ཀུན་ལ་རྡུལ་བྲལ་ཡེ་ཤེས་ཀྱི་མིག་དམ་པ་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བ་དང་། འགལ་འཛོལ་གྱིས་དམ་པའི་གསུང་ལ་བསླད་པ་སྲིད་ཚེ་འཕྲལ་དང་ཡུན་དུ་སྒྲིབ་པར་མི་འགྱུར་ཞིང་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་ནོར་བཅོས་དགོངས་འཆར་ལྷུག་སྩོལ་ཡོད་པའི་རེ་སྨོན་དང་། ཐོག་མཐའི་བྱ་བར་དངོས་སུ་ཞུགས་པ་དང་བསམ་སྦྱོར་གང་ཐད་ནས་རྒྱབ་སྐྱོར་རོགས་དན་མཛད་པོ་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་བཅས།

བསྟན་འཛིན་ལུང་རྟོགས་ཉི་མས་ཙི་ནའི་ཡུལ་གྱི་གྲོང་ཁྱེར་ཨུདྤལ་ཅན་དུ། སྤྱི་ལོ་༢༠༡༡ལོའི་ཟླ་བ་༣པའི་ཚེས་༨ཉིན་བྲིས།

དཔེ་སྒྲིག་ལས་ཁང་།

སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།

སྤྱི་ཁྱབ་བསྡུ་སྒྲིག་གཙོ་འགན་པ།

རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ།

དཔེ་སྡུར་ཞུ་དག་པ།

ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཨོ་རྒྱན་རིག་འཛིན། མཁན་པོ་ཚེ་ནོར། མཁན་པོ་ཐུབ་བསྟན་ཚེ་འཕེལ། མཁན་པོ་ཐུབ་བསྟན་དབང་རྒྱལ། མངོན་པའི་འཛིན་གྲྭའི་སྐྱོར་དཔོན་བསོད་ཕུན། སྡེ་སྣོད་འཛིན་པ་བསྟན་འཛིན་ཉི་མ་དང་། འཆི་མེད་བཟོད་པ། བསྟན་འཛིན་ཚེ་རིང་། པདྨ་འགྲོ་འདུལ། བཀྲ་བ་བཅས་དང་།

དཔེ་སྒྲིག་པ།

དབྱིན་ཇི་བ་པདྨ་མཐུ་སྟོབས།

རྩིས་འཕྲུལ་པ།

དོན་ཡོད་རྣམ་རྒྱལ། རྒྱལ་མཚན་གྲགས་པ། བྱང་ཆུབ་ཆོས་མཚོ། གསང་སྔགས་དབང་མོ།

མདུན་ཤོག་མཛེས་རིས་པ།

ཡུས་ཁུ་ཡུས།

ལས་སྒྲུབ་པ།

ཕུར་བཟང་། སྐལ་བཟང་དབྱངས་ཅན།

དཔེ་སྐྲུན་གསལ་བཤད།

༧གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་མཁན་རབས་གཉིས་པ། ཕྱི་མའི་དུས་སུ་ཡུལ་མདོ་ཁམས་ཀྱི་ལྗོངས་ན་སྔ་འགྱུར་རྙིང་མའི་འདུལ་བསྟན་གྱི་སྒྲོན་མེ་སྦར་བའི་གནས་བརྟན་ཆེན་མོ། ཁྱབ་བདག་བཀའ་འགྱུར་བ་རྒྱལ་སྲས་གཞན་ཕན་མཐའ་ཡས་ནི་དམ་པའི་ཚུལ་དགུའི་ཡོན་ཏན་གྱིས་ཕྱུག་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོར་བྱོན་པ་ཡོངས་ལ་གྲགས་ཤིང་ཀུན་གྱིས་མངོན་པར་བསྟོད་མོད། ད་དུང་འོལ་སྤྱི་ཙམ་མིན་པར་རྗེ་འདི་ཉིད་ཀྱི་ཐུགས་བསྐྱེད་དང་ཕྲིན་ལས་ལ་ཞིབ་མོའི་བློས་རྗེས་དྲན་བྱས་ཚེ་སྨོན་ལམ་རྒྱ་མཚོའི་མཐུ་གྲུབ་པའི་འཕགས་ཆེན་དམ་པར་ཡང་དུ་ངེས་པ་མི་འདྲེན་པ་ག་ལ་སྲིད། ཁོང་ཉིད་དགུང་གྲངས་ལྔ་བཅུ་རྩ་དྲུག་ལས་ཞལ་མ་བཞུགས་ཀྱང་དུས་ཡུན་ཐུང་ངུ་འདིའི་ནང་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་པའི་བསྟན་པ་ལ་རླབས་ཆེན་གྱི་མཛད་རྗེས་རབ་དང་རིམ་པ་མངོན་པ་བྱུང་ཞིང་། ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་མཛད་རྒྱུན་ཕྱི་མའི་དུས་སུའང་ཉམས་པ་མེད་པ་གོང་ནས་གོང་དུ་འཕེལ་བཞིན་པ་ནི་ཆེས་ངོ་མཚར་བ་ཞིག་སྟེ། དང་པོ། རྗེ་ཉིད་དགུང་གྲངས་ཉེར་དགུ་ཙམ་ན་རུ་དམ་ཤྲཱི་སེངྷའི་བཤད་གྲྭ་ཕྱག་བཏབ་ཅིང་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཤད་ཀྱི་སྲོལ་བཙུགས་པ་ནི། བོད་ཁམས་ཁུལ་དུ་ཆེས་ཐོག་མའི་བཤད་གྲྭ་གཅིག་པོ་ཡིན་པ་སྟེ་འདིའི་སྔོན་དགོན་གནས་ཆེ་ཕྲ་རྣམས་སུ་འཆད་ཉན་ཐོས་བསམ་གྱི་སྲོལ་དར་ནའང་དམིགས་བསལ་མཚན་ཉིད་ཀྱི་སྡེ་གྲྭ་དང་བཤད་གྲྭ་ཞེས་མཚན་དུ་གྲགས་པ་མེད་པར་སྙམ། ཕྱིས་སུ་དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་ནང་རིམ་པས་བཤད་གྲྭ་འདི་ཉིད་ལ་མིག་དཔེ་བྱས་ཏེ་ཁམས་ཕྱོགས་ཀྱི་སྔ་འགྱུར་རྙིང་མ་དང་། བཀའ་བརྒྱུད། ས་སྐྱའི་ཕྱོགས་སུ་བཤད་གྲྭ་ཆེ་ཕྲ་མང་པོ་ཆར་རྗེས་ཀྱི་མེ་ཏོག་བཞིན་རྡོལ་ཏེ་དབུས་གཙང་དང་ཨ་མདོའི་ཕྱོགས་སུའང་འཕེལ། གཉིས་པ། རྗེ་ཉིད་ཀྱིས་རུ་དམ་ཤྲཱི་སེངྷའི་ཆོས་གྲྭ་ནས་སྔ་འགྱུར་སྨད་འདུལ་གྱི་སྡོམ་བརྒྱུད་སྤེལ་ཞིང་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་གཙོ་བོར་གྱུར་པའི་དགོན་སྡེ་ཆེ་ཕྲ་མང་པོར་གཞི་གསུམ་གྱི་ཕྱག་བཞེས་ནན་ཏན་གྱིས་སྤེལ་བའི་རྒྱུན་ཡོངས་སུ་འཕེལ་ཏེ། དེང་དུས་སྨད་འདུལ་ཞི་འཚོའི་སྡོམ་རྒྱུན་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཞིག་ཡིན་ཕྱིན་རྗེ་འདི་ཉིད་ཀྱི་སྡོམ་བརྒྱུད་ཏུ་མ་གྱུར་པ་མེད་ཅིང་སྔ་འགྱུར་རྙིང་ཕྱོགས་སུ་དགེ་འདུན་གྱི་སྡེ་ཆེན་པོས་ཡོངས་སུ་ཁྱབ་པ་བྱུང་། གསུམ་པ། དམ་པ་ཉིད་སྟོད་ཀྱི་གངས་རི་ཏི་སེ་ནས་སྨད་རྒྱ་ནག་གླང་ཆེན་འགྱིང་རིའི་བར་གནས་གཟིགས་སྒྲུབ་པ་མཛད་དེ་ཕེབས་ཤིང་། དེ་དག་གི་སྐབས་སུ་བཤེས་གཉེན་བཅུ་ཕྲག་ལྔ་ལྷག་གི་ཞལ་སྔ་ནས་བཀའ་བསྟན་མཆིས་སོ་ཅོག་གི་ལུང་དང་བཤད་པ། སྔ་འགྱུར་རྙིང་ལུགས་བཀའ་གཏེར་གྱི་སྨིན་ཁྲིད་མན་ངག་ཕྱག་བཞེས་བཅས་གསན་བསམ་ཕྱོགས་མེད་དུ་མཛད་དེ་ཁམས་ཕྱོགས་སུ་སྤེལ་བའི་རྒྱུན་ད་ལྟའི་བར་མ་ཉམས་པ་ཡོངས་སུ་འཕེལ་བ་སྟེ། རྒྱལ་བཀའ་རིན་པོ་ཆེ་ཁོ་ནའང་ལན་གྲངས་དུ་མར་གསུངས་པས་ཁྱབ་བདག་བཀའ་འགྱུར་པ་གཞན་ཕན་མཐའ་ཡས་ཞེས་མཚན་དུ་གྲགས་པ་བྱུང་། བཞི་པ། རྗེ་ཉིད་ཀྱིས་ཐུགས་སྲས་ཞལ་སློབ་མཁས་གྲུབ་ཀྱི་སྐྱེས་བུ་བཟང་ལ་མང་བ་བསྐྱེད་སྲིང་གནང་བ་ལས་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ། ཨོ་རྒྱན་བསྟན་འཛིན་ནོར་བུ་སྟེ་ཉི་ཟླ་སྐར་གསུམ་ལྟ་བུའི་མཁས་གྲུབ་སྐྱེས་ཆེན་བྱོན་ཞིང་། དམ་པ་འདི་གསུམ་གྱི་སྐུ་ཚེ་གང་བོར་མཁས་ཚུལ་གསུམ་གྱིས་རྗེ་གང་གི་བཤད་སྒྲུབ་ཕྲིན་ལས་ཀྱི་རྒྱུན་བསྐྱངས་པའི་རྣམ་ཐར་རྨད་དུ་བྱུང་བ་སྟེ། ཞལ་སློབ་མཁས་གྲུབ་ཀྱི་ཁྱུ་ཚོགས་ལས་འཇམ་མགོན་མི་ཕམ་རྣམ་རྒྱལ་དང་། མཁན་ཆེན་གཞན་ཕན་སྣང་བ་རྣམ་གཉིས་བྱོན་པས་སྔ་འགྱུར་གཞུང་བཤད་ཀྱི་བསྟན་པ་རྒྱས་པར་བྱས་ཏེ་མཁས་པའི་ཚང་ཆེན་པོ་རྡོལ་བ་བྱུང་། ལྔ་པ། རྗེ་ཉིད་དགུང་གྲངས་བཞི་བཅུ་རྩ་གཅིག་པར་སྔ་འགྱུར་བཀའ་མའི་སྒྲུབ་འཕྲིན་ཐེངས་དང་པོ་བསྡུ་སྒྲིག་མཛད་དེ་གླེགས་བམ་ཐེག་དགུའི་གྲངས་ལྡན་ཤིང་པར་དུ་རྐོས་ཤིང་དབང་ལུང་གི་རྒྱུན་སྤེལ་བས་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་ཟབ་པ་སྒྲུབ་སྡེའི་བསྟན་པའི་རྒྱུན་མཐུད་པར་བྱས་ཤིང་། དེ་ནས་ད་ལྟའི་བར་སྔ་འགྱུར་བཀའ་མ་རྒྱབ་ཆོས་བཅས་བསྡུ་སྒྲིག་ཐེངས་བཞི་བྱུང་བའི་ཕྲིན་ལས་ཀྱི་སྒོ་མོ་ཕྱེས་པའི་རྒྱུན་གོང་ནས་གོང་དུ་འཕེལ་བཞིན་པ་བཅས་སྐུ་ཚེའི་མཛད་ཆེན་ཁག་ལྔ་ཚན་གཅིག་ཏུ་སྙིང་པོར་དྲིལ་ན་དོན་ལ་ཁེལ་བར་སེམས་ཤིང་། མདོར་ན་རྗེ་འདི་ཉིད་ཕྱི་དུས་འདིར་མདོ་ཁམས་ཀྱི་ཕྱོགས་སུ་སྔ་འགྱུར་རྙིང་མའི་བསྟན་པ་དར་རྒྱས་ཆེ་བ་བྱུང་བའི་རྩ་ལག་ཉག་གཅིག་ཏུ་གྱུར་པ་མཁྱེན་སྤྱན་ཡངས་པ་ཀུན་ལ་སྣང་བྱེད་བཞིན་གསལ་བས་མང་དུ་སྨྲ་ག་ལ་དགོས། ད་ལམ་རྗེ་གང་གི་གསུང་འབུམ་ཐོར་བུར་ལུས་པ་རྣམས་བསྡུ་སྒྲིག་ཞུས་དག་གིས་དཔེ་སྐྲུན་ཇི་ལྟར་བྱས་པའི་ཚུལ་ནི། སྔར་དུས་ཤྲཱི་སེང་ཆོས་གྲྭར་བཞུགས་པའི་གསུང་འབུམ་དང་བཀའ་མ་པོད་དགུའི་ཤིང་པར་རྣམས་དུས་ཀྱི་གོད་ཆག་གིས་རྩ་མེད་དུ་གྱུར་ཞིང་ཐ་ན་ཡིག་རྙིང་ཁ་ཚང་བའི་ཕྱི་མོ་ཞིག་ཀྱང་མཐོང་བ་མེད་པར་གྱུར། གངས་ལྗོངས་རྒྱལ་བསྟན་ཡང་དར་གྱི་དུས་སུ་སྐྱབས་རྗེ་པདྨ་སྐལ་བཟང་མཆོག་ནས་ཐུགས་བསྐྱེད་གོ་ཆ་ལྷུར་བཞེས་ཀྱིས་ཤྲཱི་སེང་ཆོས་གྲྭ་ཆེན་མོ་སྐྱར་གསོའི་སྐབས་དཔེ་རྙིང་ལུས་པ་རྣམས་བསྡུ་སྒྲིག་གིས་གསུང་འབུམ་ཐོར་བུ་པོད་གཅིག་ཤིང་པར་དུ་རྐོས་པ་ནས་དཔེ་ལུང་གི་རྒྱུན་མ་ཆད་པའི་བཀའ་དྲིན་རྨད་དུ་བྱུང་། ཉེ་བའི་ལོ་ཤས་ནས་རྗེ་གང་གི་གསུང་གི་ཕྲིན་ལས་ལ་སྲི་ཞུའི་ལྷག་བསམ་ཆེར་བསྐྱེད་ཀྱིས་གསུང་ཚན་བཞུགས་སོ་ཅོག་ཀུན་འཚོལ་བསྡུ་ཅི་ནུས་བྱས་པས་འགའ་ཞིག་གསར་རྙེད་བྱུང་སྟེ་སྔར་གྱི་སྟེང་ཁ་སྣོན་བྱུང་བས་སྤྲོ་བ་རབ་ཏུ་འཕེལ། གསང་བ་སྙིང་པོའི་འགྲེལ་བའི་མ་དཔེ་ཁག་གཉིས་ཙམ་ལག་སོན་བྱུང་ཡང་མཇུག་མི་ཚང་བ་འདྲ་མཚུངས་སུ་འདུག་ཕྱིར་སྔར་ནས་རྩོམ་པ་མཇུག་མ་རྫོགས་པ་སྙམ་མོད། གལ་ཏེ་ཆོས་ཚན་འདི་ཉིད་ཀྱི་མཇུག་དང་། གཞན་དག་གསར་རྙེད་བྱུང་ཚེ་འདི་གའི་དཔེ་ཚོགས་བསྡུ་སྒྲིག་ཁང་ལ་འབྲེལ་གཏུག་གནང་བར་འཚལ་ཞེས་ཞུ་བ་དང་། ཐེངས་འདིར་ཆོས་ཚན་གྱི་གོ་རིམ་འཆོལ་བ་སྡེ་ཚན་དུ་སྒྲིག་ཅིང་ཡི་གེ་ནོར་བ་ལན་གྲངས་དུ་མར་ཞུས་དག་ནན་ཟབ་ཀྱིས་བཅོས་པར་བྱས་ཀྱང་དམ་པའི་གསུང་ལ་སྣོན་འཕྲིའི་སྐྱོན་དུ་གྱུར་པ་སྲིད་ཚེ་ཆོས་སྤྱན་ཡངས་པ་ཡོངས་ལ་བཟོད་གསོལ་དང་། ལེགས་བྱས་ཀྱི་དགེ་ཚོགས་འགྲོ་ཀུན་ཤེས་རབ་ཀྱི་མིག་དང་ལྡན་པའི་གྱུར་ཡོངས་སུ་བསྔོ་བ་ལགས་ན་དེ་བཞིན་མཐུན་འགྱུར་གནང་བར་ཞུ། །

གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ལྔ་རིག་ཆོས་གྲྭ་ཆེན་མོ་ནས་དཔེ་སྐྲུན་གྱི་དགོས་ཆེད་དུ་བསྟན་འཛིན་ལུང་རྟོགས་ཉི་མས་སྤེལ་བ་དགེ།

ཁྱབ་བདག་བཀའ་འགྱུར་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར།

དེ་ཡང་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་ནི། ཇི་སྐད་དུ། རྗེ་ཉིད་ཀྱིས་མཛད་པའི་སྐྱེ་ཕྲེང་གསོལ་འདེབས་ཐར་པའི་འཁྲི་ཤིང་ལས། ཁྱད་པར་རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་གར། །ཅིར་ཡང་བསྒྱུར་བའི་བྱེ་བྲག་འཕགས་ཡུལ་གྱི། །གསང་ཆེན་བཀའ་བབ་རྒྱལ་པོ་ཛ་ཞེས་པ། །ཨིནྡྲ་བྷུ་ཏི་ཆེན་པོར་གསོལ་བ་འདེབས། །མགོན་ཁྱོད་སྐུ་གསུམ་སྟོན་པའི་གསུང་རབ་ཀུན། །སྡུད་མཛད་སོ་སོའི་རྣམ་པར་སྣང་བ་ལས། །ཞིང་འདིའི་ཐུབ་དབང་དྲུང་དུ་ཀུན་དགའ་བོར། །བསྟན་ཀྱང་ཐ་མི་དད་པར་གསོལ་བ་འདེབས། །གང་ལས་མཁའ་ཟླ་ཆུ་མཚོར་ཤར་བ་བཞིན། །འགྲོ་ངོར་སྣང་བ་འཇམ་དཔལ་བཤེས་གཉེན་དང་། །མདོ་ལུང་འགྲེལ་མཛད་དུར་ཁྲོད་བདེ་བ་གསལ། །ཀུ་ཀཱུ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །དེ་བཞིན་སློབ་དཔོན་དཔའ་བོ་བི་ན་ས། །ཐུ་མི་སམྦྷོ་ཊ་དང་རྣམ་སྣང་མཛད། །དྷརྨ་བྷ་དྲ་ཟུར་ཆེན་ཤཀྱཱ་འབྱུང་། །གླང་ལུང་པར་གྲགས་རྣམས་ལ་གསོལ་བ་འདེབས། །གཞན་ཡང་དབུ་ཕྱག་སྲོལ་འཛིན་ཇི་སྙེད་དང་། །རྡོ་རྗེ་གླིང་སོགས་ཟབ་གཏེར་སྒོ་འབྱེད་པ། །དུ་མའི་གྲངས་མཐར་གཏེར་བདག་གླིང་པ་ཞེས། །ཡོངས་གྲགས་མཆོག་གཟིགས་རྣམས་ལ་གསོལ་བ་འདེབས། །ཞེས་ཉིད་ཀྱི་རྡོ་རྗེའི་གསུང་གིས་ཞལ་བཞེས་མཛད་པ་དང་། དེ་བཞིན་རྗེ་ཉིད་ཀྱི་ཐུགས་སྲས་ཐུ་བོ་མཁས་གྲུབ་པདྨ་བཛྲ་གྱི་ཞལ་སྔ་ནས་མཛད་པའི་རྣམ་ཐར་དུའང་ཇི་སྐད་དུ། རྗེ་འདི་ཉིད་ངེས་པའི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཆེན་པོར་མངོན་པར་སངས་རྒྱས་ནས། སླར་ཡང་གདུལ་བྱའི་ཞིང་ཁམས་འཇིག་རྟེན་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་ཚད་མེད་པ་བཀོད་པ་དང་། གཞན་ཡང་བརྒྱ་བྱིན་དང་། འཁོར་ལོས་བསྒྱུར་བ་སོགས་སྤྲུལ་པའི་རྣམ་རོལ་སྒྱུ་མ་ལྟར་རིས་སུ་མ་ཆད་པར་སྣང་བ་ལས། བྱེ་བྲག་ཏུ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཐབས་ལ་མཁས་པའི་ཡེ་ཤེས་ཀྱི་རོལ་བ་ཚད་མེད་པས་སྟོན་འཁོར་ཐ་དད་པ་ལྟར་བསྟན་ཀྱང་དོན་ལ་དགོངས་པ་དབྱེར་མི་ཕྱེད་པའི། རྒྱལ་སྲས་རིགས་གསུམ་སེམས་དཔའ་དང་། མཉམ་མེད་ཐུབ་པའི་དབང་པོའི་ཉེ་གནས་མང་དུ་ཐོས་པའི་མཆོག་ཏུ་གྱུར་པ་འཕགས་པ་ཀུན་དགའ་བོ། །གསང་ཆེན་རྒྱུད་སྡེ་ཀུན་གྱི་བདག་པོར་དབང་བསྐུར་བ་ཆོས་རྒྱལ་ལུང་བསྟན་རྡོ་རྗེ། དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་བཀའ་བབས་སློབ་དཔོན་ཀུ་ཀུ་རཱ་ཛ། སེམས་ཕྱོགས་མན་ངག་གི་བདག་པོ་འཇམ་དཔལ་བཤེས་གཉེན། མདོ་ལུང་རྒྱུད་འགྲེལ་གྱི་ཤིང་རྟ་བདེ་བ་གསལ་མཛད་སོགས་དང་། གཞན་ཡང་གངས་ཅན་གྱི་མིག་གཅིག་ལོ་ཙཱ་བ་ཆེན་པོ་ཐོན་ནི་སམ་བྷོ་ཊ། པཎ་ཆེན་བཻ་རོ་ཙ་ན། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། རོང་ཟོམ་ཆོས་ཀྱི་བཟང་པོ། རས་ཆུང་རྡོ་རྗེ་གྲགས་པ། གླང་ལུང་པ་རྒྱལ་བ་དོན་འགྲུབ། འཇམ་དབྱངས་ཀུན་དགའ་རྒྱལ་མཚན། ཆོས་རྒྱལ་རྡོ་རྗེ་གླིང་བ། ཨོ་རྒྱན་ཀུན་སྐྱོང་གླིང་བ། གྲུབ་ཐོབ་མེ་ལོང་རྡོ་རྗེ། གཏེར་ཆེན་ཤེས་རབ་འོད་ཟེར། རིག་འཛིན་འགྱུར་མེད་རྡོ་རྗེ་སོགས་དུས་རིམ་དང་ཅིག་ཆར་སྣ་ཚོགས་སུ་གཅིག་ལས་དུ་མར་འཆར་བ་ཆུ་ཟླའི་རོལ་བ་ལྟ་བུའི་དག་ཆེན་སྐྱེ་བའི་ཕྲེང་བ་དུ་མར་འབྱམས་ཀླས་པའི་མཐར། དེང་གི་དུས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་དམའ་བར་གྱུར་པའི་སྐབས་འདིར། སྔོན་རབ་དུ་མའི་ཐུགས་བསྐྱེད་དང་སྨོན་ལམ་སྟོབས་སུ་གྱུར་པས། སླར་ཡང་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་དྲི་མ་མེད་པའི་གྲུབ་མཐའ་གཞི་བཞེངས་སུ་སློང་བའི་ཤིང་རྟ་ཆེན་པོར་བྱོན་པ་འདི་ཉིད་དོ། དེ་ལྟར་ཡང་རིག་འཛིན་འགྱུར་མེད་རྡོ་རྗེའི་གཏེར་ལུང་གབ་རྒྱ་ཅན་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེཿ ཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནིཿ སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོནཿ སེམས་ཅན་སངས་རྒྱས་མཉམ་ཉིད་ཁྱབ་བརྡལ་ཡངཿ ཁམས་གསུམ་འགྲོ་བའི་འདྲེན་པར་རྡོ་རྗེ་ཆོསཿ ཤཱཀ་ཐུབ་ཉེ་གནས་ཨཱ་ན་ནྟ་ཞེས་དངཿ རྒྱལ་པོ་ཛ་དང་ཤིནྟཾ་གརྦྷ་དངཿ བོད་དུ་སམ་བྷོ་ཊ་སོགས་དག་པ་ཡིཿསྐྱེ་བ་དེ་ཙམ་སྣང་གི་མ་དག་པའིཿ སྐྱེ་ཚུལ་བརྗོད་དུ་ལོང་བའི་གནས་མ་ཡིནཿ དེ་ལྟར་དག་པའི་སྐྱེ་བ་དེ་དག་གིསཿ འགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པའངཿ བཻ་རོ་ཁྱོད་དུ་སྐྱེ་བ་བླངས་པ་ཡིནཿ ཁྱོད་ཀྱང་ཤྲཱི་སེངྷ་ཡེ་ཤེས་མདོཿ པདྨ་བདག་སོགས་གཙུག་གི་བླ་མར་བསྟེནཿ གདམས་པའི་གནད་རྣམས་ཕུ་ཐག་བཅད་བྱས་ནསཿ ཆོས་སྐུའི་རང་ཞལ་མངོན་སུམ་རྟོགས་གྱུར་པསཿ ལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིདཿ འོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིསཿ མཚམས་སྦྱོར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུཿ དབང་ཕྱུག་འབར་དང་ར་ཤག་རྡོ་རྗེ་གླིངཿ ཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགསཿ པདྨ་བདག་གི་ཟབ་གཏེར་བདག་པོ་དངཿ གཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ལཿ དེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངསཿ བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐརཿ ཞེས་རིམ་པར་ལུང་བསྟན་པ་ལས་ཁྱད་པར་ཆོས་རྒྱལ་གཏེར་བདག་གླིང་པའི་དུས་སུ། བཀའ་གཏེར་སྤྱི་དང་། ཁྱད་པར་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་སྐོར་རྣམས་ལ། རྒྱ་ཆེན་པོ་སྡུད་པ་དང་། ཟབ་མོ་རྣམ་པར་འབྱེད་པ་དང་། འཁྲུགས་པ་གོ་རིམས་སུ་སྡེབས་པ་དང་། སྒྲུབ་པ་ཕྱག་བཞེས་སུ་འདེབས་པ་སོགས་འཛིན་སྐྱོངས་སྤེལ་བའི་ཕྲིན་ལས་རྒྱ་ཆེན་པོ་མཛད་བཞིན་པའི་ངང་ནས། སྐུ་མྱ་ངན་ལས་འདས་ཁར་ཤར་ཕྱོགས་སུ་འགྲོ་དགོས་པར་ཡོད་གསུངས་ཏེ་བཞེངས་ནས་གོམ་པ་བདུན་བོར་བར་མཛད་པའང་། དེ་དུས་ཀྱི་མཛད་པའི་འཕྲོ་རྣམས་ད་ལྟའི་དུས་སུ་ཁམས་ཀྱི་ཕྱོགས་འདིར་རྗེ་འདི་ཉིད་ཀྱིས་སྐྱོངས་པ་ལ་དགོངས་པར་གདོན་མི་ཟ་ཞིང་། དེར་མ་ཟད་ལྐོག་གྱུར་གྱི་ཆོས་རྣམས་ལ་སྒྲིབ་མེད་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་རིག་འཛིན་བྱང་ཆུབ་རྡོ་རྗེ་དང་། གཞོན་ནུ་དྲི་མེད་ཟླ་ཤར་སོགས་ཀྱིས་ཀྱང་གཏེར་བདག་གླིང་པའི་སྤྲུལ་པ་འཁྲུལ་མེད་དུ་ལུང་བསྟན། གཞན་ཡང་དམ་པ་འདི་ཉིད། རྩོད་བྲལ་གྱི་གཏེར་སྟོན་པདྨ་འགྲོ་འདུལ་རྩལ་གྱི་གདན་ས་རྒྱབ་སྟོད་བྲག་དཀར་དུ་ཕེབས་པའི་ཚེ། དེའི་ཐོ་རང་ཁར་རྗེ་དེ་ཉིད་ཀྱི་གཟིགས་སྣང་ལ། ཞིང་སྐྱེས་ཀྱི་ཌཱཀྐི་མ་གསལ་འདེབས་ཀྱི་ཚུལ་དུ་སྨྲས་ནས་དེར་འཕྲོ་འཇོག་པ་ཞིག་གསན་པས། གཏེར་ཆེན་གྱི་སྤྲུལ་བར་ཐུགས་ཐག་ཆོད་དེ་སྨིན་གྲོལ་གྱི་གདམས་པའང་མང་དུ་གསན། དེ་དང་མཚུངས་པར་རྫོགས་ཆེན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེའི་གནས་ཡུལ་གྱི་ལུང་བྱང་ལས་ཀྱང་། གནས་འདིའི་ཉེ་ཕྱོགས་སྤྱིལ་ཆུང་བཀོད་མཛེས་ནང་། །བཻ་རོའི་རྣམ་འཕྲུལ་དྲང་སྲོང་བརྟུལ་ཞུགས་ལ། །ཞུགས་དེས་འབྲེལ་ཚད་བདེ་ཆེན་ཞིང་དུ་འདྲེན། །ཞེས་དང་། བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས་ཀྱང་། དམ་པ་འདི་ཉིད་གང་དུ་ཕེབས་པའི་ཆོས་བརྒྱུད་དང་བཅས་པའང་གསལ་བར་གསུངས་ཏེ། དེ་ལ་ཐོག་མར་སློབ་དཔོན་པདྨ་སམ་བྷ་ཝ་དང་ཀུན་མཁྱེན་དྲི་མེད་འོད་ཟེར་སོགས་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བས་དོན་བརྒྱུད་ཀྱི་བཀའ་བབས་ཤིང་ཀློང་ཆེན་དགོངས་པའི་གསང་མཛོད་བརྡོལ་བ་གར་གྱི་དབང་ཕྱུག་རིག་འཛིན་འཇིགས་མེད་གླིང་པའམ། རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་བླ་མ་དགོངས་པ་འདུས་པའི་ཆོས་ཀྱི་བདག་པོར་ལུང་བསྟན་པ་ནི། ཇི་སྐད་དུ། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུཿ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེནཿ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུངཿ ཞེས་དང་། རྗེ་དེ་ཉིད་ཀྱི་ཐུགས་སྲས་དམ་པ་མདོ་ཁམས་ཀྱི་ཕྱོགས་སུ་བསྟན་པའི་རྒྱལ་མཚན་འཛིན་པ་གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་ཡང་། དེ་ལས། ཤར་ཕྱོགས་འོད་ཟེར་མིང་ཅན་གདུང་ཤུགས་ཅནཿ ཕྲིན་ལས་རྨད་བྱུང་བློ་སྟོབས་ཤེས་རབ་ལྡནཿ ཐུགས་ཀྱི་གསང་མཛོད་རྡོལ་བའི་གདམས་པ་འཛིནཿ བསྟན་པ་སྤེལ་གྲོགས་བྱེད་པའི་སྐལ་ལྡན་འབྱུངཿ ཞེས་ཀློང་ཆེན་བརྡའ་བསྒྱུར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་ཀྱི་བདག་པོ་དང་བསྟན་པ་སྤེལ་བའི་བྱེད་པོར་བསྔགས་པའི་སྐྱེས་བུ་དམ་པ་དེ་ཉིད་ལ་ཆོས་བརྒྱུད་འཛིན་པའི་སློབ་བུ་ཇི་ལྟར་འབྱུང་བའང་། རྩ་བའི་འཁོར་སློབ་གདུང་ཤུགས་ལྡན་པ་ནིཿ བུདྡྷ་མཆེད་དྲུག་རྡོ་རྗེའི་གདུང་བཞི་སྟེཿ ཤར་གྱི་ཕྱོགས་ནས་དུང་དཀར་འཁྱིལ་འདྲ་འབྱུངཿ སྙན་གྲགས་སྒྲོགས་དང་བསྟན་པ་སྤེལ་བར་བྱེདཿ ལྷོ་ཡི་ཕྱོགས་ནས་སློབ་མ་འབྱུང་འགྱུར་ཏེཿ འབྲས་ཀྱི་ཕུང་པོ་སྤུང་པ་ལྟ་བུ་ཡིསཿ འདོད་ཡོན་ཟས་ནོར་ལོངས་སྤྱོད་སྤེལ་བར་བྱེདཿ ནུབ་ནས་པདྨ་དམར་སེར་འཁྲིགས་འདྲ་བའིཿ སྒྲིབ་མེད་སྒྲུབ་ཚུག་འཛིན་པའི་སློབ་མ་འབྱུངཿ བྱང་གི་ཕྱོགས་ནས་ལྕགས་ཕུར་ལྟ་བུ་ཡིཿ མཐུ་རྩལ་ལྡན་པའི་སློབ་མ་འགའ་ཞིག་ནིཿ བསྟན་པ་འཕེལ་བྱེད་ཕྲིན་ལས་སྒྲུབ་པ་འབྱུངཿ ཞེས་སོགས་མང་དུ་གསུངས་པ་ལས། ཁྱད་པར་དུ་གྱུར་པ་རྡོ་རྗེའི་གདུང་ཆེན་བཞིའི་ནང་ཚན། ནུབ་ཕྱོགས་ནས་འབྱུང་བར་ལུང་བསྟན་པ་ནི་རྗེ་འདི་ཉིད་ཡིན་ཏེ། གང་གི་ཚེ་གསང་ཆེན་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་གསང་མཚན་དུ། རིག་པའི་རྡོ་རྗེ་བཻ་རོ་ཙ་ན་རྩལ་ཞེས་འབོད་པས། མཚན་ཟུར་དང་། མཚུངས་དཔེ། འཁྲུངས་ཡུལ་སོགས་གང་གི་སྒོ་ནས་ཀྱང་འཁྲུལ་པའི་གནས་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཚད་མར་གྱུར་པའི་ལུང་གིས་གྲུབ་ཅིང་། གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་སྤྱན་ཅན་དཔྱད་གསུམ་རྣམ་པར་དག་པའི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཀྱང་། བསྔགས་བརྗོད་ཀྱི་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་འགྲེམ་ཞིང་། དད་གསུམ་གྱི་རྣམ་འགྱུར་ཅིར་ཡང་ངོམས་པས་གུས་འདུད་ལྷུར་ལེན་པའི་སྐྱེས་བུ་དམ་པ་འདི་ཉིད་ནི། ཞེས་གསུངས་པ་ལྟར་རྗེས་སུ་ཆགས་པའི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་ཁམས་དང་ཞིང་ཁམས་སྣ་ཚོགས་པར་སངས་རྒྱས་དང་བྱང་སེམས་ཀྱི་རྣལ་རོལ་བསམ་མི་ཁྱབ་པས་མཐའ་ཡས་པའི་འགྲོ་ཚོགས་སྨིན་པ་དང་གྲོལ་བའི་ས་ལ་བཀོད་ཅིང་། སླར་ཡང་ཡུལ་མདོ་ཁམས་ཀྱི་ལྗོངས་འདིར་གསང་ཆེན་སྙིང་པོའི་བསྟན་པ་སྤེལ་བར་བསམ་བཞིན་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་ཇི་ལྟར་བྱོན་པའི་སྐུའི་འཁྲུངས་ཡུལ་ནི། མདོ་སྨད་གླིང་དཀར་གྱི་སའི་ཐིག་ལེ་རྫ་ཆབ་སྔོན་མོ་དལ་གྱིས་འབབ་པའི་ཉེ་འགྲམ། ཡུལ་སྐྱོང་རྡོ་རྗེ་འཕན་ཕྱུག་གིས་བདག་ཏུ་བཟུང་བའི་གནས་མཆོག །མེ་ཏོག་དང་རྩི་སྨན་གྱིས་བརྒྱན་པའི་སྤང་ཐང་ཉམས་དགའ་བ་དགེ་མང་སྐམ་ཆུང་དུ་གྲགས་པའི་ནོར་འཛིན་གྱི་ལྟེ་བ་རུ། ཡབ་སྨུག་པོ་ལྡོང་གི་རིགས་ལ་བཙན་ཁ་བཞི་ཞེས་གྱེས་པའི་བྱེ་བྲག་དགེ་རྩེའི་ཨ་དོན་ཚེ་དབང་ནོར་བུ་དང་། ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཀརྨ་ཆོས་སྒྲོན་གཉིས་ཀྱི་སྲས་སུ། སྤྱི་ལོ་༡༨༠༠པ་བོད་རབ་བྱུང་བཅུ་གསུམ་པའི་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོར་སྐུ་བལྟམས། གཞོན་ནུ་ཉིད་ནས་དད་བརྩོན་སྙིང་རྗེ་ཤེས་རབ་སོགས་འཕགས་པའི་ཆོས་ཀུན་ལྷན་སྐྱེས་སུ་མངའ་བ་དང་། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་གཟིགས་ཤིང་རྡོ་རྗེའི་ཆོས་སྲུང་ལུས་དང་གྲིབ་བཞིན་འགྲོགས་པ་སོགས་སོ་སོའི་སྐྱེ་བོ་ལས་རིང་དུ་འདས་པའི་མངོན་རྟགས་མཐོང་ཆོས་སུ་མངའ། དགུང་གྲངས་གསུམ་ཙམ་ན་དམ་པའི་སྐྱེས་བུ་དུ་མས་སྐྱེ་སྲིད་དུ་ལུང་གིས་བསྔགས་ཤིང་དགོན་པ་འགས་ཐོབ་ཤ་བྱས་ཀྱང་མ་བྱིན། རྗེ་ཉིད་དང་གདུང་རུས་གཅིག་པའི་མཁས་པ་ཆེན་པོ་བླ་མ་སྨོན་ལམ་དར་རྒྱས་པའི་དྲུང་ནས་ཡི་གེ་འབྲི་ཀློག་དང་བོད་ཀྱི་བརྡའ་དག་ཐམས་ཅད་ཀྱི་ཕྱི་མོར་གྱུར་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་རྩ་འགྲེལ། གཞན་ཡང་སྙན་ངག་མེ་ལོང་དང་དཀར་རྩིས་སོགས་ཐུན་མོང་གི་རིག་གནས་ལ་སྦྱང་པས་སྐྱེས་ཐོབ་ཀྱི་མཁྱེན་རབ་ཁྱད་པར་ཅན་མངའ་བས་ཚེགས་ཆུང་ངུས་མཁྱེན། སྐུ་ན་ཅུང་ཟད་སོན་ཙམ་པའི་སྐབས་ཤིག་ན་ཁྱིམ་གྱི་རྟ་འགའ་ཨར་ཇག་གིས་བརྐུས་པའི་ར་འདའ་ལ་ཕ་ཡབ་རྒྱུག་པ་ལྔ་ལམ་དུ་བཏང་བ་དང་། རྗེ་ཉིད་ཐོག་མ་ནས་འཁོར་བའི་གནས་ལས་ངེས་པར་འབྱུང་བའི་བློ་བཅོས་མིན་མངའ་བ་བཅས་ཀྱིས་རྐྱེན་བྱས་ཏེ་ཕྱོགས་མེད་དབེན་པར་གཤེགས་འདོད་ཁོ་ན་ཐུགས་ལ་འཁྲུངས་པའི་སྐབས་ཙམ་ན། རིག་འཛིན་འཇིགས་མེད་གླིང་པའི་དངོས་སློབ་འཇིགས་མེད་རྒྱལ་བའི་མྱུ་གུས་རྫ་སྟོད་དུ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བ་དང་རྟེན་འབྲེལ་གྱི་སྒོ་འགྲིགས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་སྤྱི་དང་། ཁྱད་པར་སྐྱེས་བུ་ཆེན་པོའི་བློ་སྦྱོང་གི་སྐོར་རྣམས་ཞལ་ཁྲིད་དུ་གསན་པའི་རྐྱེན་གྱིས་ བསྐལ་བ་དུ་མར་བྱང་ཆུབ་ཀྱི་སེམས་ལ་གོམས་པའི་རིགས་ཡོངས་སུ་སད་ཅིང་། འཇིག་རྟེན་སྲིད་པའི་ཕུན་ཚོགས་རྣམས་ལ་ཐུགས་ཞེན་གཏིང་ནས་ལོག་པ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་དང་། སེམས་ཅན་ལ་བརྩེ་བ་ཤུགས་དྲག་པོ་ཐུགས་རྒྱུད་ལ་འཁྲུངས་ཏེ་འདིར་སྣང་མཐུན་འཇུག་གི་བྱ་བ་ཐམས་ཅད་རྒྱབ་ཏུ་དོར་ཏེ། ཚེ་འདིར་སྒྲུབ་པའི་རྒྱལ་མཚན་ཞིག་བཙུགས་ནས་རང་གཞན་གྱི་དོན་གཉིས་ལྷན་གཅིག་ཏུ་འགྲུབ་པ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་གོང་མ་རྣམས་ཀྱི་རྗེས་སུ་སྙོགས་པ་ཞིག་ཅི་ནས་ཀྱང་བྱེད་དགོས་དགོངས་པའི་ཐུགས་དམ་ཡང་དུ་འཁྲུངས། གླིང་གྲུབ་ཆེན་བསོད་ནམས་སྦྱིན་པའི་དྲུང་ནས་བསྟན་པ་ལ་འཇུག་པའི་སྒོ་ཡོངས་རྫོགས་དགེ་བསྙེན་གྱི་ཁྲིམས་གསན་ཞིང་ཕྱིས་སུ་སྨིན་གྲོལ་གྱི་གདམས་པ་མང་དུ་ནོས། དུས་དེ་ཙམ་ན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ་རྡོ་བླ་འཇིགས་མེད་སྐལ་བཟང་ཡུལ་དེར་ཕེབས་པས་ཐུགས་བརྩེ་ཆེན་པོས་རྗེ་གཏེར་བདག་གླིང་པའི་རྣམ་སྤྲུལ་བཀའ་འགྱུར་པ་ཆེན་པོ་མཁས་གྲུབ་བཀྲ་ཤིས་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་ནས་ཁྲི་འདོན་དང་མངའ་གསོལ་མཛད་ནས་ཁྱེད་ཀྱི་བདག་པོ་ཁོ་བོ་ལས་མེད་ཅིང་། མི་རིང་བར་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཞལ་མཇལ་དགོས་པ་དང་རྫོགས་ཆེན་དགོན་དུ་ཕེབས་དགོས་པའི་བཀའ་ལུང་བསྩལ། གཞན་ཡང་མཁས་གྲུབ་འཇིགས་མེད་ངོ་མཚར་ལས་རྙིང་མ་རྒྱུད་འབུམ་དང་། དགེ་མང་རབ་འབྱམས་པ་དགེ་ལེགས་ཡར་འཕེལ་ལས་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་གསན། དགུང་གྲངས་བཅུ་དགུ་པ་ས་སྟག་ལོར་དོན་མཐུན་གྱི་གྲོགས་འགའ་ཞིག་དང་བཅས་བྲག་ཆེན་ཡར་ལུང་པདྨ་བཀོད་ཀྱི་སྒྲུབ་སྡེ་རྩ་གསུམ་མཁའ་འགྲོ་འདུ་བའི་གླིང་ཆེན་པོར་ཚེ་རབས་དུ་མའི་རིགས་ཀྱི་བདག་པོ་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་མཇལ་དུ་ཕེབས། སྐུ་དངོས་མ་མཇལ་བའི་ལམ་བར་ནས་ཀྱང་འབྲལ་བ་མེད་པའི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུས་ཞལ་གཟིགས་ལུང་བསྟན་གནང་བས་དགོངས་བརྒྱུད་ཀྱི་རྟོགས་པ་བརྙེས། གྲུབ་དབང་བླ་མའི་མདུན་དུ་ལོ་ངོ་གསུམ་ལ་བཞུགས་རིང་ཐུགས་ཤིན་ཏུ་བརྩེ་བས་མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང་ཟབ་གསང་སྙིང་ཐིག་གོང་འོག་གི་གདམས་ཁྲིད་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཞིང་། བདག་ལ་གཞན་ཕན་བྱང་ཆུབ་སེམས་ཀྱི་བརྒྱུད་པ་ཞིག་ཡོད་པ་འདི་ཁྱོད་ཀྱིས་འཛིན་པར་རེའོ། །ཞེས་གསུངས་ནས་དོན་གྱིས་རྒྱལ་བའི་གདུང་འཚོབ་ཏུ་མངའ་གསོལ་ཞིང་མཚན་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་བཏགས་པ་སྟེ། གྲུབ་རྗེའི་གསུང་ལས། བསྐྱེད་རྫོགས་དང་སྒོམ་བཟླས་གང་བྱསཿ ཕ་རོལ་དུ་ཕྱིན་པ་དྲུག་དངཿ འབྲལ་མེད་དུ་ཉམས་སུ་ལོངས་དངཿ ཁྱོད་རང་ལ་གཞན་ཕན་མཐའ་ཡསཿ ཞེས་བྱ་ཡི་མིང་དོན་མཚུངས་བཞིནཿ ཕན་བདེ་ཡི་རྩ་ལག་ཉིད་འགྱུརཿ ཞེས་འབྱུང་འགྱུར་གྱི་ལུང་བསྟན་དང་བཅས་གསལ་བར་གསུངས། དེ་དག་གི་སྐབས་སུ་བླ་མ་སངས་རྒྱས་དངོས་མཐོང་གི་མོས་གུས་ཟབ་མོས་བསྙེན་ཞིང་སྤང་དག་ལན་ལྔ་མཛད་དེ་དངོས་འབྱོར་གྱི་མཆོད་པས་མཉེས་པར་བྱས། དུས་མཚུངས་རྡོ་བླ་འཇིགས་མེད་སྐལ་པ་བཟང་པོ་ལས། དཔལ་གསང་བའི་སྙིང་པོའི་བཤད་པ་དང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་གདམས་ཁྲིད་ཀྱི་སྐོར་སོགས་མང་དུ་གསན། གཞན་ཡང་ཐུགས་སྲས་ཀྱི་བུ་ཆེན་རྣམས་ལས། གཏུམ་མོ་རྩ་རླུང་གི་སྐོར་འགའ་ཞིག་དང་། ན་རོ་ཆོས་དྲུག །གཅོད་ཡུལ་སོགས་ཟབ་རྒྱས་ཀྱི་གདམས་ངག་མཐའ་ཡས་པ་གསན། ལྕགས་སྦྲུལ་ལོར་གྲུབ་དབང་བླ་མ་ཞིང་དུ་གཤེགས་པས་བྱ་བཏང་རྣལ་འབྱོར་ཆེན་པོའི་སྤྱོད་པ་བསྐྱངས་ཤིང་ངེས་མེད་ཀྱི་རི་ཁྲོད་འགྲིམ་སྟེ་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པ་སྟེ། རྒྱ་རོང་བཻ་རོའི་སྒྲུབ་གནས་དང་། ཁམས་ཀྱི་རྩ་རི་ཏྲའམ་རིགས་ལྔའི་རྫོངས་སུ་གྲགས་པའི་མགུར་ཆུ་ཉི་ཟླ་ཕུག །ག་གོང་སེང་གེ་ཡང་དགོན། ཀ་ཏི་ཤེལ་གྱི་ཕུག་པ། རི་བོ་དན་ཏིག་དང་ཡང་ཏིག་ཏུ་གྲགས་པ་རྣམས་སུ་བཅུད་ལེན་དང་གཏུམ་མོའི་རྣལ་འབྱོར་གྲོགས་སུ་བརྟེན་ནས་ཟབ་གསང་བླ་ན་མེད་པའི་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ཉམས་བཞེས་སྤྱི་དང་། འོད་གསལ་རྫོགས་པ་ཆེན་པོའི་གནད་ལ་རྩེ་གཅིག་ཏུ་གཞོལ་བས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་དྲོད་རྟགས་བརྙེས་ཤིང་། ཁྱད་པར་གཉུག་མའི་དེ་ཉིད་མངོན་དུ་གྱུར་པས་སྐབས་འདི་དག་ཏུ་ཉམས་དབྱངས་རྡོ་རྗེའི་མགུར་མ་ཐོལ་བྱུང་དུ་བཞེས། གཞན་ཡང་སོག་པོའི་ཡུལ་གྲུ་མཚོ་སྔོན་གྱི་ཕྱོགས་ཚུན་ཆད་དང་། རྒྱ་ནག་གླང་ཆེན་འགྱིང་རི་ཡན་ཆད་ཀྱི་གནས་རི་དང་སྒྲུབ་གནས་ཐམས་ཅད་དུ་ཕེབས་ཤིང་སྒྲུབ་པ་ཁོ་ན་མཛད་ཅིང་བཞུགས་པའི་བར་སྐབས་རྣམས་སུ་ལས་དང་སྐལ་བར་ལྡན་པའི་བུ་སློབ་འགའ་ལ་སྨིན་གྲོལ་གྱི་གདམས་པ་ཕོག་ཅིང་། དད་འདུས་ཀྱི་ཚོགས་པ་སྤྱི་ལའང་ལས་འབྲས་ཀྱི་ཆོས་མང་དུ་གསུངས་པས་གདུལ་བྱ་རྣམས་ལ་ཕན་འདོགས་པར་མཛད་ཅིང་ཁྱད་པར་རྒྱལ་མོ་རོང་གི་ཕྱོགས་ཚ་ཁོ་དང་མདོ་ཆེན་སོགས་སུ་རྗེ་འདི་ཉིད་ཀྱིས་ཕྱག་འདེབས་མཛད། སྐབས་དེ་ཙམ་ན་སྔར་གྲུབ་དབང་ཆེན་པོའི་འབྱུང་འགྱུར་གྱི་ལུང་བྱང་ལས། དེ་ཕྱིར་ན་རུ་དམ་དབེན་པར། །འདུ་འཛི་ཡི་སྤྲོས་པ་བཅད་བཞིན། །བསྐྱེད་རྫོགས་ལ་བརྩོན་པ་བསྐྱེད་ན། །གཟུགས་ཅན་དང་གཟུགས་མེད་འགྲོ་བ། །ཕལ་མོ་ཆེ་གདུལ་བྱར་འགྱུར་ཞིང་། །རང་གཞན་གྱི་དོན་གཉིས་ལྷན་གཅིག །འགྲུབ་ངེས་པ་པདྨའི་བཀར་མཚུངས། །ཞེས་སོགས་གསུངས་པ་ལ་བརྟེན་ནས། རུ་དམ་གྱི་དབེན་གནས་རྣམས་སུ་སྒྲུབ་པ་རྩེ་གཅིག་མཛད་པར་བཞེད་དེ་ཕྱོགས་འདིར་ཕེབས། རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་གྱི་དོན་ལ་དབང་འབྱོར་པ་གྲུབ་པའི་དབང་ཕྱུག་མི་འགྱུར་ནམ་མཁའི་རྡོ་རྗེ་དང་མཇལ་ཞིང་འདུས་པ་མདོ་དབང་ཆེན་མོ་དང་། ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་དང་བཅས་པ་ཞིབ་རྒྱས་སུ་གསན། མཁན་ཆེན་སེང་ཕྲུག་པདྨ་བཀྲ་ཤིས་ཀྱི་ཞལ་སྔ་ནས་བསྟན་པའི་གཞི་མ་འདུལ་བ་སོ་ཐར་གྱི་རབ་བྱུང་གཞི་ཆོག་ལ་བརྟེན་ནས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་པས་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དཔལ་བཟང་པོ་ཞེས་མཚན་གྱི་ཅོད་པན་གསོལ། མཁན་ཆེན་བླ་མ་འདི་ཉིད་ལས་དབུ་མ་ལུགས་ཀྱི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ཆོ་ག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་བཞེས་པ་དང་། གཞན་ཡང་སྒྱུ་འཕྲུལ་ཞི་ཁྲོ། ཡང་དག །གཤིན་རྗེ་གཤེད་དམར་ནག །ཕུར་པ་རོང་ཟོམ་པའི་ལུགས། དཀའ་འགྲེལ་འབུམ་ནག་ཏུ་གྲགས་པ་རྣམས་དང་། སྔ་ཕྱི་ཅི་རིགས་སུ། འདུས་པ་མདོ་དང་། སེམས་ཀློང་མན་ངག་གི་སྡེ་གསུམ། བཀའ་བརྒྱད་བདེ་གཤེགས་འདུས་པ། བླ་མ་དགོངས་འདུས། འདོད་འཇོ་བུམ་བཟང་སོགས་སྔ་འགྱུར་བཀའ་གཏེར་གྱི་གཞུང་རྒྱ་མཚོ་ལྟ་བུའི་རྒྱུན་ཕལ་ཆེ་བ་གསན། གཤིན་རྗེ་ཕུག་དང་ཚེ་རིང་ཕུག་སོགས་སུ་སྒྲུབ་པ་མཛད་དེ་བཞུགས་པའི་བར་སྐབས་ཤིག་ན་གྲུབ་དབང་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་རྗེ་ཉིད་ལ་གདན་ས་འདིར་བཤད་སྒྲུབ་ཀྱི་སྲོལ་ཀ་རེ་བཏོད་རྒྱུ་བྱུང་ན་ལེགས་ཚུལ་གྱི་གསུང་ནན་ཡང་ཡང་ཕེབས་པར་བརྟེན། དགུང་གྲངས་ཉེར་དགུ་བཞེས་པ་རབ་བྱུང་བཅུ་བཞི་པའི་ས་བྱི་སྟེ་སྤྱི་ལོ་༡༨༢༨པར་ལུང་རྟོགས་བསྟན་པའི་རྩ་ལག་བཤད་པའི་ཆོས་སྡེ་ཞིག་ཕྱག་འདེབས་པར་དགོངས་ཏེ་དགོན་ལས་རྒྱང་གྲགས་གཅིག་གིས་རིང་བའི་མདུན་ཐང་ཆེན་མོའི་དཀྱིལ་དབུས་མཁས་པའི་ལྗགས་སམ་ཤེས་རབ་ར་གྲའི་དབྱིབས་དང་མཚུངས་པའི་གནས་སུ་ཕེབས་ཏེ་ས་བཙལ་བ་ན་རིག་འཛིན་ཤྲཱི་སེང་ཧཱ་དང་མཇལ། སློབ་དཔོན་ཤྲཱི་སེང་ཧཱ་རྡོ་ཕ་ཝང་ཞིག་ཡོད་པའི་སྟེང་དུ་བཞུགས་ཏེ་བྱིན་རླབས་རྗེས་བཟུང་མཛད་ཅིང་མཐར་སྐུ་ལུས་མི་སྣང་བ་རྡོ་ཕ་ཝང་དུ་ཐིམ་པའི་ཤུལ་ན་སྐུ་རྗེས་མངོན་པ་དེང་སང་ཡང་མཇལ་དུ་ཡོད། གནས་འདིར་སློབ་དཔོན་གྱི་མཚན་ལས་ཤྲཱི་སེང་ཧཱའི་ཆོས་གྲྭ་ཞེས་ཐོག་མར་ཕྱག་བཏབ་ཅིང་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཙུགས་པ་ནས་གྲུབ་དབང་རྫོགས་ཆེན་པའི་རིང་ལུགས་འཛིན་པའི་ཆོས་སྡེ་ཡོངས་ཀྱིས་གཙོས་མདོ་ཁམས་ཕྱོགས་ཀྱི་སྔ་འགྱུར་བའི་བསྟན་པ་དྭངས་གཙང་པདྨའི་སྦུབས་ལྟར་བྱི་དོར་བྱུང་བ་ནས། དེང་གི་དུས་འདིར་སྔ་འགྱུར་པའི་རིང་ལུགས་འཛིན་པ་ཞེས་མཁན་ཆེན་ཞི་འཚོ་ནས་རྒྱུད་པའི་སྨད་འདུལ་སྡོམ་རྒྱུན་འཛིན་པའི་རབ་བྱུང་གི་སྡེ་ཆེན་པོས་སའི་ཁྱོན་ཡོངས་སུ་ཁེངས་པ་བདག་ཉིད་ཆེན་པོ་འདིའི་བཀའ་དྲིན་ཁོ་ན་ལས་བྱུང་བ་མངོན། རྗེ་ཉིད་ཤྲཱི་སེང་ཆོས་གྲྭའི་མཁན་རབས་གཉིས་པའི་གསེར་ཁྲིར་བཞུགས་ཏེ་གཞི་བྱེས་ཀྱི་བླ་སྤྲུལ་གྲྭ་ཚང་བཅས་བརྒྱ་སྐོར་ཙམ་ལ་མདོ་སྔགས་སྨོན་ལམ། ཡོན་ཏན་མཛོད། སྡོམ་གསུམ་རྣམ་ངེས་སོགས་མདོ་སྔགས་གཞུང་འགྲེལ་གྱི་འཆད་ཁྲིད་སྤྱི་དང་། ཁྱད་པར་རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་པ་གདུལ་བྱའི་བློ་དང་མཚམས་པར་ལུང་རིགས་ཀྱི་ལམ་ནས་ངེས་པ་འདྲོང་བའི་བཤད་པ་མཛད་པས་སློབ་དང་ཡང་སློབ་ཕྱོགས་བརྒྱར་འཕེལ་ཏེ་ས་བཀའ་རྙིང་གསུམ་གཙོ་བོར་གྱུར་པའི་གངས་ལྗོངས་མཐའ་དབུས་ཀྱི་བསྟན་པའི་མེ་རྩ་ཆེན་མོར་གྱུར་པ་སྟེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་རྣམ་ཐར་གསོལ་འདེབས་བྱིན་རླབས་སྣང་གཏེར་ལས། རྒྱལ་སྲས་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་བ། །གཞན་ཕན་ཕ་མཐའ་ཡས་པའི་ཕྲིན་ལས་ཅན། །ཀུན་མཁྱེན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཅེས་དང་། སོ་སོར་ཐར་བ་གཞི་གསུམ་ཕྱག་བཞེས་དང་། །རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་སྲོལ་སོགས། །མདོ་སྔགས་ཤིང་རྟའི་ལམ་ཆེན་རབ་དབྱེ་བས། །རྒྱལ་བསྟན་ཉིན་མོར་མཛད་ལ་གསོལ་བ་འདེབས། །དགེ་འདུན་འདུས་སྡེ་ཉམས་གསོ་གསར་སྤེལ་དང་། །གསང་གསུམ་རྟེན་བཞེངས་མཆོད་སྤྲིན་སྤྲོ་བས་མཚོན། །རླབས་ཆེན་བྱ་བ་ལས་ཀྱི་འཁོར་ལོ་ཡིས། །ཕན་བདེའི་དགའ་སྟོན་སྦྱིན་ལ་གསོལ་བ་འདེབས། །ཞེས་སོགས་བསྔགས་བརྗོད་རྒྱ་ཆེར་མཛད། སྤྱིར་རྗེ་འདི་ཉིད་ཟབ་གཏེར་གྱི་སྐལ་བ་ལྡན་པའི་སྐྱེས་བུ་ཡིན་པར་གསུངས་ཏེ། དགུང་ལོ་བརྒྱད་ལ་སོན་སྐབས་དཔལ་གྱི་བསམ་ཡས་ཆོས་སྡེ་ལ་མེའི་འཇིག་པ་ཟློག་ཐབས་ཀྱི་ཟབ་གཏེར་ཁ་བྱང་ཕྱག་ཏུ་འབྱོར་ཡང་ས་ཐག་རིང་བས་ཕེབས་མ་ཐུབ་ཅིང་། ཕྱིས་བསམ་ཡས་གཙུག་ལག་ཁང་ལ་མེ་འཇིག་པ་བྱུང་བ་གསན་པས་ཐུགས་འགྱོད་ཆེན་པོ་གནང་། དེ་བཞིན་ལྷ་སར་ཆུའི་འཇིག་པ་བཟློག་པའི་ལུང་བྱང་ཡོད་པ་གཞན་ལ་སྦས་ཚུལ་གྱིས་ལྷ་ལྡན་དུ་བྱོན་ཏེ་ཕྱག་རྡོར་དྲེགས་འདུལ་གྱི་སྐུ་མཚམས་ལ་བཞུགས་པས་ཆུ་ལོག་ཆེན་པོ་བྱུང་ཡང་གནོད་པ་ཆེན་པོ་མ་ནུས་པ་སོགས་ཀྱི་རྣམ་ཐར་དང་། ཕྱིས་སུ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་ཆབ་ཤོག་གི་ལམ་ནས། སོར་མོས་མ་ཡིན་སྨྱུག་གུས་ལྟ་ཅི། །དགོངས་བརྒྱུད་ཁྲོལ་དཀའ་འཁོར་ལྔའི་མདུད་རྒྱ། །གང་གིས་གཞིག་ནུས་བཅོམ་ལྡན་ལྡན་པ། །གྲུབ་བརྒྱས་བསྟེན་པའི་བཞེས་འཕྲོ་མིན་ནམ། །སྟག་ཤམ་ཐིག་ལེའི་འཛུམ་ཆེན་དགོངས་དང་། །ཟླུམ་པོའི་མཐང་གོས་པུས་མོའི་འཆིང་ཐག །བསླབ་པའི་བཙོན་བུས་སྡོམ་པའི་གྲོགས་ལ། །རོ་མཉམ་རིག་སྔགས་ད་ནི་འདེབས་རན། །རྒྱན་དྲུག་རི་མོའི་འཕྱང་འཕྲུལ་དགོངས་དང་། །ཟླུམ་ཚལ་སྣམ་ཕྲན་རེ་དོགས་འཆིང་ཐག །བླང་འདས་བརྩི་བའི་གུ་དོག་བཙོན་ཁང་། །སྤང་བླང་མེ་སྒྱོག་ད་ནི་བརྡེག་རན། །ཐོར་ཚུགས་འཁོར་ལོའི་མཛེས་པ་དགོངས་དང་། །མགོ་རེག་བརྟུལ་ཞུགས་དཀྱིལ་འཁོར་བརྙས་བཅོས། །གསོ་སྦྱོང་སྒྲིག་བཅད་འཛིན་པའི་བཙོན་སྲུང་། །གཏད་སོའི་སྲོག་དང་ད་ནི་བྲལ་རན། །ཕ་གཅིག་པདྨའི་ཚོམ་བུའི་ཚོགས་སུ། །སྨོན་ལམ་མཐུན་པའི་སྤྱོད་པའི་བོགས་འབྱིན། །རྒྱུད་པ་ཀུན་ལ་བགོ་སྐལ་ལགས་ན། །སྟོན་མོ་རང་སྐལ་ད་ནི་བཞེས་རན། །ཞེས་སོགས་སྔགས་སྤྱོད་མཛད་ན་སྐུ་ཚེ་མཐར་ཕྱིན་པ་དང་ཟབ་གཏེར་གྱི་ཕྲིན་ལས་རྒྱ་ཆེན་འབྱུང་བར་གསུངས་ཀྱང་།ཕྱི་དུས་འདིར་སྔ་འགྱུར་ཆོས་སྡེ་ཆེན་མོར་གྲགས་པ་ཀུན་ལ་འདུལ་བསྟན་རི་མོའི་མར་མེ་ལྟར་གྱུར་ཅིང་། བསྟན་རྩ་ཆོས་འདུལ་རིན་པོ་ཆེ་རྒྱལ་བསྟན་ཡུན་དུ་གནས་པའི་གཞི་མར་དགོངས་ནས་རྗེ་ཉིད་སྐུ་ཚེ་གང་པོར་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་ཉེ་བ་འཁོར་སླར་བྱོན་པ་ལྟ་བུའི་རྣམ་ཐར་བསྐྱངས། བར་ལམ་སྦས་པའི་རྣལ་འབྱོར་འཁོས་ཆུང་གི་རྣམ་ཐར་བསྐྱངས་ཏེ་སྟོད་གངས་རི་ཏི་སེ་ནས་སྨད་རྒྱ་ནག་རི་བོ་རྩེ་ལྔ་ཡན་གྱི་དགོན་གནས་ཆོས་སྡེ་ཁག་དང་དབེན་ཁྲོད་སྒྲུབ་གནས་རྣམས་སུ་མཇལ་སྐོར་དང་གནས་འབྲེལ་ཕེབས། ཁྱད་པར་དབུས་ཕྱོགས་སུ་ལན་གཉིས་ཙམ་ཕེབས་ཤིང་བསམ་ཡས་མཆིམས་ཕུ། སྒྲགས་ཀྱི་ཡངས་རྫོང་། གངས་ཏི་སེ། དཔལ་གྱི་རྩྭ་རི་ཏྲ་སོགས་སུ་སྒྲུབ་པ་ཡུན་རིང་མཛད་ཅིང་དེ་དག་ཏུ་གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དུ་མ་མཇལ་བ་ལས་གསན་བསམ་མཐའ་ཡས་མཛད་པ་སྟེ། རྒྱུད་སྟོད་མཁན་པོ་དགེ་འདུན་དར་རྒྱས་ལས་ བྱམས་ཆོས་སྡེ་ལྔ་དང་། དབུ་མ་རིག་པའི་ཚོགས་དྲུག་སོགས་འཕགས་ཡུལ་མཁས་པའི་གཞུང་ལུགས་ཀྱི་རྒྱུན་ཡོད་དོ་ཅོག་ཐམས་ཅད་དང་། ཨོ་རྒྱན་སྨིན་གྲོལ་གླིང་གི་རྡོར་འཛིན་མཁན་པོ་འགྱུར་མེད་མི་ཕམ་དཔལ་བཟང་པོ་ལས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཡོངས་རྫོགས། ལྷ་ལུང་པད་རི་སྤྲུལ་སྐུ་ལས་གཤིན་རྗེ་གདོང་དྲུག་དང་། མི་ཏྲ་བརྒྱ་རྩ་སོགས་ཀྱི་སྐོར། སྨིན་གླིང་ཁྲི་ཆེན་ལས་གཏེར་ཆེན་བཀའ་འབུམ་ཡོངས་རྫོགས། ན་ལེནྟྲའི་གཟིམས་འོག་སྤྲུལ་པའི་སྐུ་ལས་བ་རི་བརྒྱ་རྩ་དང་། སྒྲུབ་ཐབས་རྒྱ་མཚོ། ཡོངས་འཛིན་དམ་བྱམས་པ་འཕྲིན་ལས་ཡོན་ཏན་ལས། ཀྱཻ་རྡོར་རྒྱུད་དབང་དང་། ལམ་འབྲས་ཀྱི་སྐོར་སོགས་གསན་བསམ་ཕྱོགས་མེད་དུ་མཛད་ནས་ཕྱིས་སུ་རུ་དམ་གདན་ས་ནས་རྒྱལ་བའི་བཀའ་འགྱུར་གྱི་ལུང་དང་བསྟན་བཅོས་ཁག་གི་བཤད་པས་མཚོན་མདོ་སྔགས་བཀའ་གཏེར་གྱི་རྒྱུན་ཉག་ཕྲ་བ་རྣམས་ལ་འཆད་སྤེལ་བསྐྱངས་པའི་རྒྱུན་ད་ལྟའི་བར་དཀར་ནག་རྒྱ་ཡི་ཡུལ་གྲུ་ཚུན་ཡོངས་སུ་ཁྱབ་པ་བྱུང་། དུས་དེར་དཔལ་རི་སྤྲུལ་སྐུ་པདྨ་དབང་རྒྱལ་དང་སྨིན་གླིང་ཁྲི་ཆེན་སངས་རྒྱས་ཀུན་དགའ་སོགས་ཀྱི་བཀས་བསྐུལ་བ་ལྟར་སྔ་འགྱུར་གྱི་ཕྲིན་ཆོག་བཞུགས་སོ་འཚལ་ཀུན་ཕྱོགས་སྒྲིག་གནང་བ་སྔ་འགྱུར་བཀའ་མའི་གླེགས་བམ་ཕྱོགས་སྒྲིག་ཐེངས་དང་པོ་ཐེག་དགུའི་གྲངས་ལྡན་པར་དུ་བརྐོས་ཏེ་དབང་ལུང་གི་རྒྱུན་སྤེལ་ཚུལ་མཁན་ཆེན་པདྨ་བཛྲ་གྱི་ཞལ་སྔ་ནས་མཛད་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། སྔར་གྲུབ་དབང་བླ་མའི་གདན་སར་བཞུགས་ཡོད་པའི་སྐབས་ཤིག་ཏུ། མནལ་ལམ་ན་གཞན་ཞིག་གིས་འདི་སློབ་དཔོན་པདྨའི་གསུང་དངོས་ཡིན་ཟེར་ནས་པུ་སྟི་ཞིག་གཏད་བྱུང་བས། ཕྱི་ཉིན་མཆེད་གྲོགས་ཀུན་ལ། དེང་སང་སློབ་དཔོན་ཆེན་པོའི་གསུང་དངོས་བཀའ་མར་གྱུར་པའི་ཡིག་ཆ་ཁུང་ལྡན་འདྲ་འདིར་ཡོད་མིན་སོགས་གླེང་མོལ་མཛད་པས། ཁོང་རྣམས་ནས་མན་ངག་ལྟ་བའི་ཕྲེང་བ་རྩ་འགྲེལ་བཅས་སྔར་ཡོད་ཀྱང་། དེའི་དཔེ་སྟོར་ནས་ཡུན་རིང་སོང་ཡང་རྩད་མ་ཆོད། གཞན་དེ་འདྲ་ཅང་མེད་ཟེར་བ་ལ། རྗེའི་ཞལ་ནས། ཁོ་བོ་ལ་རྨིས་ལྟས་འདི་འདྲ་ཞིག་བྱུང་བས་ད་ལན་དཔེ་མཛོད་དུ་བཙལ་ན་རྙེད་པ་སྲིད་དམ་གསུངས་ནས། ཐམས་ཅད་ཀྱིས་བཙལ་ཀྱང་ཕྱག་དཔེའི་ཁྲོད་ནས་རྙེད་རྒྱུ་མ་བྱུང་ཞིང་། སྔར་ཆོས་ཁྲིའི་འོག་གི་ས་རྡུལ་རྣམས་ལ་གད་བརྒྱབ་པའི་ཁྲོད་ནས་ལྟ་ཕྲེང་གི་དཔེ་ཆ་ཐོན་བྱུང་བ་གཟིགས་པས་ཚིག་དོན་ཕུན་སུམ་ཚོགས་པར་འདུག་པ་ལ་ངེས་ཤེས་ཐུན་མོང་མ་ཡིན་པ་འཁྲུངས་པའི་རྐྱེན་གྱིས། རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར། ཨོཾ་སྭ་སྟི། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི། །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི། །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི། །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་བར་བརྟེན། ལྷ་གཉེན་ཆེན་པོ་རྡོ་རྗེ་གཡུང་དྲུང་གི་རི་ཞོལ་འོག་མིན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གནྡྷོ་ལའི་ཉེ་གམ། དཔལ་སེང་གེ་རིའི་གདན་ས་འདིར། སྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་ དབང་པོ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་ནས་ད་ལྟའི་བར་གྱི་འདས་ལོའི་ཚུལ་ལ་བཞེད་པ་མང་དུ་སྣང་ཡང་། རང་ལུགས་ལོ་ཆེན་དྷརྨ་ཤྲིའི་རྩིས་གཞུང་ཉིན་བྱེད་སྣང་བ་ལྟར་ན། བགྲང་བྱའི་འཁོར་ལོ་ཉིས་སྟོང་དང་བདུན་བརྒྱ་དྲུག་ཅུ་རྩ་དྲུག་འདས་ཤིང་། རྗེ་ཉིད་ཀྱིས་དགུང་ལོ་བཞི་བཅུ་རྩ་གཅིག་བཞེས་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོའི་ཧོར་ཟླ་གསུམ་པ་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་དཔལ་ལྡན་ལྷ་མོ་ནག་པས་ཉ་བའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོ། གཟའ་ལྷག་པ། སྐར་མ་སྣུབས་འཕྲོད་སྦྱོར་རྒྱལ་མཚན་སོགས་ཕུན་སུམ་ཚོགས་པའི་དུས་ཚེས་དགེ་བ་ལ་བྱ་བ་ལས་ཀྱི་འཁོར་ལོ་ཆེན་པོ་འདིར་དབུ་འཛུག་པར་མཛད་པ་ཡིན་ནོ། ཞེས་གསལ་བ་ལྟར་དང་། གཞན་ཡང་དཔལ་གསང་བ་སྙིང་པོའི་རྒྱུད་འགྲེལ་ཆེན་མོ་རྣམས་དང་ཀུན་མཁྱེན་རོང་ཟོམ་པའི་གསུང་འབུམ་སོགས་ཆེས་ཉམས་པར་ཕངས་པའི་གསུང་རབ་དུ་མ་དབུས་གཙང་གི་ཕྱོགས་ནས་སྐུ་ངལ་ཆེན་པོས་འཚོལ་སྡུད་མཛད་ཅིང་པར་དུ་བརྐོས་ནས་བཤད་ལུང་གི་རྒྱུན་སྤེལ་བ་སོགས་གསང་ཆེན་སྔ་འགྱུར་གྱི་བསྟན་པ་ལ་སྨན་པའི་མཛད་པ་མཐའ་ཡས་པ་བསྐྱངས་ཚུལ། མཁྱེན་བརྩེའི་དབང་པོས་མཛད་པའི་རྣམ་ཐར་གསོལ་འདེབས་ལས། ཐུབ་བསྟན་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག །སྔགས་གཞུང་སྤྱི་དང་ཁྱད་པར་སྔ་འགྱུར་ཏེ། དེ་ཉིད་སྤྱི་དང་ཁྱད་པར་བཀའ་མའི་གཞུང་། དྲི་མེད་ཕྱོགས་བརྒྱར་སྤེལ་ལ་གསོལ་བ་འདེབས། ཞེས་ཚད་མར་གྱུར་པའི་གསུང་གིས་བསྔགས་བརྗོད་ཡང་ཡང་མཛད་པ་ལྟར་དང་། ཞལ་སློབ་མཁས་གྲུབ་གཉིས་ལྡན་གྱི་བརྒྱུད་འཛིན་པ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་ཆེན་པདྨ་བཛྲ། ཞེ་ཆེན་མ་ཧཱ་པཎྜི་ཏ་མཐུ་སྟོབས་རྣམ་རྒྱལ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། སྨིན་གླིང་ཁྲི་ཆེན་སངས་རྒྱས་ཀུན་དགའ། ལྷ་ལུང་པད་རི་སྤྲུལ་སྐུ། རྒྱལ་རོང་དབོན་སྤྲུལ། པད་གླིང་བརྒྱད་པ་ཀུན་བཟང་བདེ་ཆེན་རྡོ་རྗེ། རྡོ་བྲག་རིག་འཛིན་ཆེན་པོ་སོགས་བགྲངས་ཀྱིས་མི་ལངས་པ་བྱུང་། ཕྱི་རབས་བསྟན་པའི་བཙས་སུ་ལེགས་བཤད་ལྗགས་རྩོམ་མཛད་པ་ཐམས་ཅད་ཐོག་མར་བཀའ་བསྡུ་མ་གྲུབ་པ་དང་དུས་དབང་གིས་འཐོར་བ་སོགས་ཀྱིས་ཚང་བར་མི་བཞུགས་ཤིང་། གང་བཞུགས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བསྟན་པ་སླར་གསོའི་སྐབས་འདིར་ཤྲཱི་སེང་ཆོས་གྲྭར་ཤིང་པར་དུ་འཁོད་ཅིང་། དེ་ཉིད་གཞིར་བཞག་ཐོག་གསར་དུ་འབྱོར་བ་ཁག་གིས་ཁ་སྣོན་དང་བཅས་ཏེ་རྗེ་ཉིད་ཀྱི་གསུང་གི་ཕྲིན་ལས་མི་ནུབ་ཕྱོགས་ཀུན་སྤེལ་བར་སྲི་ཞུའི་ལྷག་པའི་བསམ་པ་རིང་མོ་ཞིག་ནས་ཡོད་ཐོག །འདི་ལོར་བརྩོན་པ་ཆེར་བསྐྱེད་ཀྱིས་ཞུས་དག་དང་ཆོས་ཚན་ཆེ་ཕྲ་བརྒྱ་དང་བརྒྱད་བཅུ་ལྷག་སྐོར་ཚོ་བདུན་དུ་ཕྱེས་ཤིང་དག་པར་ཞུས་ཏེ་དཔེ་དེབ་ཏུ་སྐྲུན་པའི་སྐལ་བ་འདི་བཞིན་བྱུང་བ་དང་། སླད་ནས་ཀྱང་ཆོས་སྤྱན་ལྡན་པ་སྤྱི་དང་ཁྱད་པར་དམ་པའི་མཚན་གྱི་ཅོད་པཎ་གྱིས་མངོན་པར་མཛེས་ཤིང་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་རོལ་མོ་ཆུད་མི་ཟ་བའི་འཇུག་པ་འཇིག་རྟེན་དུ་མཆིས་པར་སྲིད་ཚེ་གསུང་གི་ཕྲིན་ལས་ཀྱི་རྒྱུན་ཕྱོགས་མཐར་སྤེལ་བར་གསོལ་བ་འདེབས་པའོ། དེ་ལྟར་གསང་ཆེན་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་ཞེས་བསྟན་པའི་སྒྲོན་མེ་འགྲོ་བའི་དེད་དཔོན་ཉག་གཅིག་ཏུ་བྱོན་ཡང་སྙིགས་དུས་འགྲོ་བའི་བསོད་ནམས་ཀྱི་མཐུ་ཞན་པས་སྐུ་ཚེ་དང་མཛད་པ་མཐར་མ་ཕྱིན་པར་དགུང་གྲངས་ལྔ་བཅུ་རྩ་དྲུག་བཞེས་པ་རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ལོར་སྐུ་གཤེགས་སོ། །གསུང་འབུམ་རིན་པོ་ཆེ་དཔེ་དེབ་ཏུ་བསྐྲུན་པའི་དགོས་མཁོར་རང་ཉིད་ཀྱིས་བྲིས་པའི་སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ་ལས་ཚན་བཤུས་འཕྲི་སྣོན་ཅུང་ཟད་དང་བཅས་ཙི་ནའི་ཡུལ་གྱི་གྲོང་ཁྱེར་ཨུཏྤལ་ཅན་དུ།

བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ཧོར་ཟླའི་ཚེས་ཉེར་གསུམ་ཉིན་བསྟན་འཛིན་ལུང་རྟོགས་ཉི་མས།

ལེགས་བཤད་གཞུང་འགྲེལ་གྱི་སྐོར་ཚོ།

བྱཱ་ཀ་ར་ན་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ།

༄༅། །བྱཱ་ཀ་ར་ན་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་བཞུགས་སོ། །རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་བ་ཞེས་བྱ་བ། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །གང་གིས་སྒྲ་དབྱངས་ཀུན་གསུངས་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་མིང་གཞི་སྔོན་གསུངས་པའི། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་ལ་ཡང་ཕྱག་འཚལ་ནས། །བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ནི་སྔོན་དུའང་འཇུག །མི་འཇུག་པ་ནི་ཉི་ཤུའོ། །ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལས། །དང་པོ་གསུམ་པ་བཞི་བ་ཡི། །མས་གཉིས་དྲུག་པའི་གསུམ་པ་དང་། །བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་འདོད། །རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་བ་དྲུག །བདུན་པ་རྣམས་ནི་སྔོན་དུའང་འཇུག །མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །དེ་ལ་དབྱངས་ཀྱི་བཞིར་ལྡན་ཡང་། །གང་དུའང་འཇུག་མིན་སྦྱར་བའང་མིན། །རྗེས་འཇུག་ཡི་གེ་བཅུ་བོ་ནི། །མིང་གང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་བ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །གང་མིང་མཐའ་ན་བཅུ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་བ་དགུ་བ་དངོས་ཀྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང་། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །རྗེས་འཇུག་ཡི་གེ་བཅུ་བོ་ནི། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །དེ་ཉིད་ལ་ནི་བཅུ་བ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨཱ་ལི་གསུམ་པ་སྦྱར། །དེ་ནི་ལྷག་དང་བཅས་པའོ། །རྗེས་འཇུག་ཡི་གེ་བཅུ་བོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །རྗེས་འཇུག་ཡི་གེ་བཅུ་བོ་ཡི། །བཞི་བ་དགུ་བ་ལ་བཅུ་བ། །སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །དགར་དང་སྡུད་པའང་དེ་བཞིན་ནོ། །གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། །གང་མིང་མཐའ་དང་མཐུན་པ་ཡི། །བཞི་བ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་འགྱུར། །མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། །དེ་ནི་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲི་ལིང་ག་ཡི་སྒྲ་མེད་པ། །དེ་ལ་སྟྲི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །གང་མིང་གི་ནི་ཡ་མཐའ་རུ། །གསུམ་པ་ལ་ནི་ཨེ་སྦྱར་བ། །ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱར་བར་བྱ། །སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞིའི་ཡི་གེ་གང་ཡིན་ལ། །གཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད། །ཨཱ་ལི་བཞི་ལས་གང་ལྡན་ཡང་། །རྗེས་འཇུག་བཅུ་བོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །རྗེས་འཇུག་བཅུ་ཡི་དོན་ཤེས་ན། །འབྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །འབྲེལ་བར་སྨྲ་བའི་མཆོག་ཏུ་འགྱུར། །གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང་། །དོན་དང་མཐུན་པའི་སྦྱོར་བ་ཤེས། །རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང་། །བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། །བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང་། །སྔོན་འཇུག་རྗེས་འཇུག་མིང་གཞི་གསུམ། །ཀློག་གི་ཆེད་དུ་བསླབས་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །ཉན་བསམ་བསྟན་པའི་ཆེད་དུ་སྦྱར། །མན་ངག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་དོན་ལ་དབབ། །བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་གཉན་བྱས་ཏེ། །བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་དག་ལས་ཉན། །སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། །ལེ་ལོ་གཡེང་བ་རྣམ་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པའི། །སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ། །དེ་ལྟར་ཀུན་གྱིས་རྟོགས་གྱུར་ཅིག །བྱཱ་ཀ་ར་ཎའི་རྩ་བ་ཤླཽ་ཀ་སུམ་ཅུ་བ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ།། །།

ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ།

༈ རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལིངྒ་བ་ཏཱ་ར་ནཱ་མ། བོད་སྐད་དུ། ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། བྱཱ་ཀ་ར་ཎའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་བ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་བ་བཞི་བ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །མོ་ཡི་ཡི་གེ་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །སྔོན་འཇུག་ཡི་གེ་ལྔ་བོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །དེ་དག་རེ་རེའང་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །གང་ལ་འཇུག་པར་བྱེད་ཅེ་ན། །ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང་། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །མི་འཇུག་པ་ནི་འདི་ལྟ་སྟེ། །ཕོ་ནི་མ་ནིང་ལ་མི་འཇུག །མོ་ཡང་ཕོ་ལ་འཇུག་མི་འགྱུར། །མ་ནིང་རང་ལ་རང་མི་མཇུག །རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །རྗེས་འཇུག་ཡི་གེ་བཅུ་བོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་དུ་འདོད། །དེ་ཡང་བྱེད་པ་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅིའི་ཕྱིར་བྱེད། །གང་ལ་ཡི་གེ་ཐམས་ཅད་ལ། །གང་གིས་བཅུ་བོ་དེ་དག་གིས། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །ཕོ་གསུམ་མོ་གཉིས་མ་ནིང་གསུམ། །དྲག་ཞན་བར་མ་གསུམ་དུ་འཇུག །དྲག་པ་གསུམ་ཉིད་ནང་ཕྲད་དམ། །གལ་ཏེ་ཞན་པ་ནང་ཕྲད་ན། །དེ་ལའང་ནང་གི་ཆ་ཤས་ཀྱིས། །དེ་ཡང་དྲག་ཞན་གཉིས་སུ་དབྱེ། །མ་ནིང་གསུམ་དུ་གང་གཏོགས་པ། །དྲག་དང་ཕྲད་ན་དྲག་པར་འགྱུར། །ཞན་དང་ཕྲད་ན་ཞན་པར་འགྱུར། །གཉིས་ཀ་དང་ནི་ཕྲད་གྱུར་ན། །དེ་ནི་གཉིས་ཀ་ཅན་དུ་འགྱུར། །གཉིས་ཀ་དག་དང་མ་ཕྲད་ན། །གང་དུ་ཡང་ནི་མི་འགྱུར་རོ། །དེས་ན་འགྱུར་དང་མཚན་གཉིས་དང་། མཚན་མེད་དག་དང་གསུམ་དུ་འདོད། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །དོན་ནི་རྣམ་པ་གཉིས་ཡིན་ཏེ། །སྔ་མ་གང་ལྟར་གྱུར་པ་དང་། ཕྱི་མ་གང་ལྟར་འགྱུར་བའོ། །སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཕྱི་མ་དག་གི་འདྲེན་ཚུལ་ནི། །ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །མོ་ཡིས་མོ་ཡི་མིང་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་ངོ་། །མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་པ་དང་། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །གནས་དང་བོད་པའི་སྒྲ་ཡང་དྲངས། །གཞན་ཡང་སླར་བསྡུ་ལྷག་བཅས་དང་། །འབྱེད་སྡུད་བསྣན་དང་བདག་པོ་དང་། །དགག་སྒྲུབ་རྒྱན་དང་དུས་ལའང་འཇུག །དེ་དག་སྔ་ཤུགས་འདྲེན་པས་འབྱུང་། །དེ་དག་ནང་གསེས་གང་འཇུག་པ། །མཐའ་སྦྱར་འོག་མའི་མིང་དོན་ལས། །སྤྱི་འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །གཞན་ཡང་ཚིག་དོན་འོག་མ་ལས། །བསྡུ་རྒྱུ་ཡོད་དམ་མེད་པ་དང་། །གོང་མ་ལས་ཀྱང་དེ་བཞིན་ཏེ། །རྣམ་གྲངས་དག་ནི་བཀོད་པ་ལས། །བསྐྱར་བ་ཡོད་དམ་མེད་པ་དང་། །ཕོ་སྒྲ་དང་ནི་མོ་སྒྲ་དག །མིང་གི་མཐའ་ན་ཡོད་མེད་དང་། །རྒྱན་དུ་གྱུར་པ་རྣམས་ལ་ཡང་། །དོན་ལ་བསྙེགས་པ་ཡོད་མེད་དང་། །བསྟན་བྱ་ལྷག་མ་ཡོད་མེད་དང་། །ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །དེ་དག་ནང་གསེས་རྣམ་པར་དབྱེ། །ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །ཡི་གེ་ཁོངས་ནས་མིང་ཕྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང་། །འཇུག་པར་བཅས་པ་མེད་པར་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །དེ་ལྟར་གྱུར་ན་འཇིག་རྟེན་དུ། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཇི་ལྟར་འཇིག་རྟེན་སེམས་ཅན་དག །ཕུང་བོ་ཁམས་དང་སྐྱེ་མཆེད་དང་། །གྲུབ་མཐའ་གཞན་ཡང་ཡོད་ན་ཡང་། །རང་ཉིད་ཀྱིས་ནི་མི་ཤེས་བཞིན། །དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །རང་ཚུལ་དེ་ཉིད་མི་ཤེས་པས། །དོན་ལ་སྦྱོར་བ་ག་ལ་ཤེས། །དེ་ཕྱིར་སྨྲ་བའི་དབང་ཕྱུག་གི །རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག། །བྱཱ་ཀ་ར་ནའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ།། །།

སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་འབྲུ་འགྲེལ་འཕྲུལ་གྱི་ལྡེ་མིག

༄༅། །སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་འབྲུ་འགྲེལ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །བླ་མ་དང་དབྱེར་མེད་པ་འཇམ་མགོན་སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨ་ཡིག་སྐྱེ་བ་མེད་པའི་དབྱིངས་ཉིད་ལ། །རྟོག་པའི་གྲྭ་ཟུར་རྩུབ་མོ་ཉེར་ཞི་ཡང་། །མཁྱེན་གཉིས་ལང་ཚོ་གཅིག་ཏུ་བདོ་བའི་གར། །ཁོ་བོའི་སྙིང་ལ་ཅིར་ཡང་བརྩོན་པར་མཛོད། །འདི་ན་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཀྱི། །འཕྲང་ལས་ལེགས་བཤད་སྨྲ་བའི་ལམ་དོག་ཀྱང་། །ནང་གི་མུན་སེལ་དེ་ཡིས་དེངས་བཟུངས་བས། །ནང་གི་དགའ་ཚལ་གང་ཞིག་བཞད་པར་བྱས། །དེ་ཕྱིར་སྐལ་ལྡན་མེ་ཏོག་ཟས་ཅན་དག །མན་ངག་བཅུད་ལྡན་བརྡ་སྦྱོར་གཞུང་འདི་ལ། །དད་དམ་མཆོག་ལྡན་ངང་ནས་རོལ་མཛོད་དང་། །སླར་ཡང་བློ་ལྡན་དགྱེས་པའི་གཏམ་འདི་སྤྲོ། །ཞེས་ཚིགས་སུ་བཅད་པས་མདུན་བསུས་ཏེ་བཤད་པར་བྱ་བ་ནི། རང་རེ་གངས་ཅན་པ་རྣམས་ཀྱི་ཡི་གེ་དང་བརྡ་སྦྱོར་གྱི་གཞུང་ཐོག་མར་མཛད་པ་པོ་ཐུ་མི་སཾ་བྷོ་ཊ་ཞེས་གྲགས་པ་གང་དེས་བོད་ལ་ཉེ་བར་མཁོ་བའི་བསྟན་བཅོས་བརྒྱད་མཛད་པའི་ཕྱི་མོ་ལྟ་བུར་གྱུར་པ་སུམ་ཅུ་བ་དང་། དེའི་རྟགས་ཀྱི་འཇུག་ཚུལ་གུད་དུ་བཤད་པ་དང་བཅས་པ་སྟེ། དེ་ལྟར་གཉིས་ལས། དང་པོ་སུམ་ཅུ་བའི་གཞུང་འཆད་པ་ལ་ཡང་། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བསྟན་བཅོས་དངོས་གཉིས་ཀྱི་དང་པོ་ལའང་མཚན་སྨྲོས་པ་དང་། འགྱུར་ཕྱག་གོ །དེ་ལས་སྔ་མ་ལའང་མཚན་དངོས་བཤད་པ་དང་། དེའི་དོན་བཤད་པ་གཉིས་ལས། དང་པོ་ནི། རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ན་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་བ་ཞེས་བྱ་བ། ཞེས་འབྱུང་བའི་སྐད་གཉིས་ཤན་སྦྱར་ན། བྱཱ་ཀ་ར་ཎ་ལུང་སྟོན་པ། མཱུ་ལ་རྩ་བ། ཏྲིཾ་ཤད་སུམ་ཅུ་བ། ན་མ་ཞེས་བྱ་བའོ། །གཉིས་པ་དེའི་དོན་ནི། སྒྲའི་མཚན་ཉིད་ཐམས་ཅད་ལུང་དུ་སྟོན་པར་བྱེད་ཅིང་ལེའུ་ཕྱི་མ་རྣམས་ཀྱི་རྩ་བ་ལྟ་བུར་གྱུར་པ་གང་ཞིག་བསྟན་བཅོས་སྤྱིའི་ཡན་ལག་བརྩམ་པར་དམ་བཅའ་བ་ཡན་ཆད་དོར་བས་རང་གི་གཞུང་ཚད་ཤྭ་ལོ་ཀ་སུམ་ཅུ་ཐམ་པ་རུ་གནས་པས་ན་དོན་དང་མཐུན་པར་མིང་ཡང་དེ་ལྟར་རོ་ཞེས་བྱ་བའོ། །གཉིས་པ་འགྱུར་ཕྱག་ནི། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་སྨྲོས་ཏེ། དེ་ཡང་བསྟན་བཅོས་འདི་རྒྱ་གར་གྱི་སྒྲ་གཞུང་རྣམས་དང་ཕྱོགས་བསྟུན་ནས་གཏན་ལ་ཕབ་པ་ཡིན་པས་ན་རྗེས་འཇུག་རྣམས་ཀྱིས་ཀྱང་འཕགས་ཡུལ་ནས་བསྒྱུར་པའི་བསྟན་བཅོས་ཁྱད་པར་འཕགས་པ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་ཐུ་མི་ཉིད་ཀྱིས་བསྒྱུར་པའི་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་བར་མཛད་པ་སྟེ་ཚིག་གི་དོན་ནི་འོག་ཏུ་གསལ་ལོ། །གཉིས་པ་བསྟན་བཅོས་དངོས་ལ། གཞུང་སྤྱིའི་ཡན་ལག་ཏུ་མཆོད་པར་བརྗོད་ཅིང་བརྩམ་པར་དམ་བཅའ་བ་དང་། སྐབས་དོན་དངོས་སུམ་ཅུ་བ་ཉིད་རྒྱས་པར་བསྟན་པའོ། །དང་པོ་ལ། ནང་གསེས་མཆོད་བརྗོད་དང། བཤད་པར་དམ་བཅའ་བ་གཉིས་ལས། སྔ་མ་ལའང་དབྱེ་ན། སྤྱིར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་། བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ་དང་། དགོས་པའི་དབང་གི་རྟག་ཞི་བ་ལ་ཕྱག་འཚལ་བ་དང་། དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བ་སྟེ་བཞི་ལས། དང་པོ་ནི། གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་ཅོག་དེ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན། དེ་ཡང་སུ་གང་ཞིག་ལ་སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཀྱི་མཆོག་མངའ་བ་པོ་ནི་བསླུ་བ་མེད་པའི་སྐྱབས་གནས་རིན་པོ་ཆེ་འཇིག་རྟེན་འདི་ན་དཀོན་པའི་མཆོག་ཏུ་གྱུར་པ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་སྟེ། དེས་ན་སྐྱབས་ཡུལ་དེ་གསུམ་ལ་གཞུང་ཉིད་ཡང་དག་པར་བསྒྲུབ་པའི་ཕྱིར་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་པའོ། །གཉིས་པ་ནི། གང་གིས་སྒྲ་དབྱངས་ཀུན་གསུངས་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན། དེ་ཡང་གང་སུ་ཞིག་གིས་བརྗོད་པ་སྒྲ་ཡི་དབྱངས་ཀུན་ཐོག་མར་གསུང་བ་པོ་ནི། རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་དབྱིངས་དང་གཉིས་སུ་མེད་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་སྟེ། དེ་ཡང་ཉེས་པའི་རྩུབ་རེག་ཐམས་ཅད་ཡོངས་སུ་སྤངས་པས་འཇམ་པའི་ཡོན་ཏན་དང་ལྡན་པའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་ཁམས་དབང་དང་མཐུན་པར་རྗེས་སུ་འཇུག་པའི་དབྱངས་ཀྱི་བདག་ཉིད་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །གསུམ་པ་ནི། གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན། དེ་ཡང་སུ་གང་ཞིག་གིས་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པ་ཡི་གེའི་སྦྱོར་བ་ཉིད་སྔོན་གྱི་དུས་སུ་གསུང་བ་པོ་ནི་རིག་བྱེད་ཀྱི་གཞུང་དུ་བྱེད་པོ་ཉེར་བཞིར་བཤད་པའི་ནང་ཚན་ཡི་གེའི་བྱེད་པོ་ལྷ་ཆེན་དབང་ཕྱུག་སྟེ། དེ་ལ་འཕགས་ཡུལ་བ་རྣམས་ཀྱིས་ས་ཏཱ་ཤི་པ་ཞེས་རྟག་ཏུ་ཞི་བར་འབོད་པ་གང་ལ། ཕྱི་ནང་གཉིས་ཀ་རྗེས་སུ་འཛིན་པར་བྱ་བའི་ཕྱིར་དང་། གཞུང་འདི་ཐུན་མོང་གི་རིག་གནས་ཡིན་པའི་ཕྱིར་དང་། ཡི་གེའི་བྱེད་པོ་ཡིན་པའི་ཕྱིར་ལ་སོགས་དགོས་པ་དུ་མའི་དབང་གིས་ཕྱག་འཚལ་ལོ། །ཞེས་པ་སྟེ། དེ་ཡང་མདོ་སྡེ་ཟ་མ་ཏོག་བཀོད་པ་ལ་སོགས་པར་ལྷ་ཆེན་པོ་འདི་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པར་ལུང་བསྟན་པའི་ཕྱིར་འཇིག་རྟེན་པ་ལ་ཕྱག་འཚལ་བའི་སྐྱོན་ཡང་འདི་ལ་འཇུག་པ་མ་ཡིན་ནོ། །བཞི་བ་ནི། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་ལ་ཡང་ཕྱག་འཚལ་ནས། །ཞེས་པས་བསྟན། དེ་ཡང་སྒྲ་སྐད་ཀྱི་བརྗོད་པ་དང་དོན་སྡེབ་ཇི་ལྟར་སྦྱོར་བའི་ཚུལ་ལེགས་པར་སྟོན་པའི་སྒོ་ནས་ཚིག་དོན་གཉིས་ཀ་ལ་མི་རྨོངས་པའི་ཤེས་རབ་བསྐྱེད་པར་བྱེད་ནུས་པའི་གཞུང་རྩོམ་ཞིང་འདོམས་པར་མཛད་པའི་མཁས་པ་རྣམས་དང་། བྱེ་བྲག་ཏུ་མཁན་པོ་ཉིད་ལ་དེ་ལྟའི་བྱ་བ་མཛད་པའི་བྲམ་ཟེ་ལི་བི་ཀ་ར་ལ་སོགས་པའི་བླ་མ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཞེས་པའི་དོན་དང་། ནས་ཀྱི་སྒྲ་ནི། དེ་ལྟར་བཙལ་ནས་ཕྱི་མ་རྣམས་ཀྱང་རིམ་པར་འཆད་དོ། །ཞེས་སྟོན་པའི་ཕྱིར་ལྷག་མ་འདྲེན་པའི་ཚིག་གོ །གཉིས་པ་རྩོམ་པ་དམ་བཅའ་བ་ནི། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་པས་བསྟན། དེ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སོགས་པའི་ནང་བ་སངས་རྒྱས་པའི་བསླབ་པར་བྱ་བ་ཀུན་གྱི་གཞི་ཡང་ལྟོས་པའི་སྒོ་ནས་འཛིན་པར་བྱེད་ཅིང་། ཕྱི་རོལ་པའི་ངེས་བརྗོད། མཆོད་སྦྱིན། སྙན་ཚིག སྲིད་སྲུང་སྟེ་རིག་བྱེད་བཞི་ཡན་ལག་དང་བཅས་པ་རྣམས་དང་། བཟོ་གསོ་ལ་སོགས་ཤེས་བྱ་རིག་གནས་ཀྱི་གཞུང་ལུགས་མཐའ་དག་སྨྲ་བ་རྣམས་ཀྱི་རྒྱུའང་ཡིན་ལ། སྤྱིར་ཡི་གེ་ལས་མིང་། མིང་ལས་ཚིག་འབྱུང་བ་ཡིན་པའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བརྗོད་པ་ཀུན་གྱི་གཞིར་གྱུར་པ་ནི་ཡི་གེའི་སྦྱོར་བ་སྟེ། དེས་ན་དེའི་སྦྱོར་ཚུལ་འདིར་བཤད་པར་བྱའོ། །ཞེས་པའོ། །གཉིས་པ་སྐབས་དོན་སུམ་ཅུ་བ་དངོས་ལ། ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། གདམས་ངག་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ་སྦྱར་བྱ་ཡི་གེའི་རྣམ་བཞག་དང་། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་གཉིས་ལས་དང་པོ་ལའང་བོད་ཡིག་གི་དབྱངས་གསལ་ངོས་བཟུང་བ་དང་། ཁྱད་པར་གྱི་དབྱེ་བ་བསྟན་པ་གཉིས་ལས་དང་པོ་ནི། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །ཞེས་པས་བསྟན། དེ་ཡང་ཡི་གེ་ཞེས་བྱ་བ་ལེགས་སྦྱར་གྱི་སྐད་དུ་ཨཀྵ་ར་སྟེ་མིག་ལྟ་བུ་ལྟ་བྱེད་འདྲེན་བྱེད་ལ་སོགས་པ་མིང་དུ་མས་བསྙད་དུ་ཡོད་ལ་ཀ་ལྟ་བུ་ནི་གཞན་གྱིས་མ་ཡིན་པས་འགྱུར་མེད་དང་། བྱཉྫ་ནཾ་སྟེ་མིང་ཚིག་མཐའ་དག་འདིས་གསལ་བས་ན་གསལ་བྱེད་དང་། ཝཪྞ་སྟེ་དོན་མཐའ་དག་འདིས་བརྗོད་པའི་ཕྱིར་རྗོད་བྱེད་ཀྱང་ཡིན་ཞིང་དེ་ཉིད་ལྷའི་སྐད་ཀྱི་དབང་གིས་དབྱངས་ཡིག་བཅུ་དྲུག་དང་། གསལ་བྱེད་སུམ་ཅུ་རྩ་གསུམ་དུ་བསྡུ་བ་སོགས་སྐད་ཀྱི་བྱེ་བྲག་དང་སྐབས་ཐོབ་ལས་སྣ་ཚོགས་པར་འགྱུར་ནའང་རིགས་མཐུན་ཚོགས་པར་བྱས་པའི་དབྱངས་གསལ་གཉིས་སུ་དབྱེ་བ་ཙམ་གྱི་སྒོ་ནས་ཡི་གེ་མཐའ་དག་བསྡུས་པའི་ཕྱིར་ཨཱ་ལི་སྟེ་ཨ་ཕྲེང་དང་ཀཱ་ལི་སྟེ་ཀ་ཕྲེང་གཉིས་སུ་དབྱེའོ། །དེ་ལས་བོད་འདིར་འཇེབས་པར་བརྩི་བའི་སྐད་ལ་ཡོངས་སུ་གྲགས་ཤིང་ཉེ་བར་མཁོ་བ་ནི་ཨཱ་ལིའི་བྱ་བ་གསལ་བར་མཚོན་པར་བྱེད་པའི་ཡི་གེ་ཨི་སོགས་སྟེ་ཨུ་ཨེ་ཨོ་གསུམ་བསྣན་པའི་བཞི་དང་། ཀཱ་ལི་མཚོན་པར་བྱེད་པ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་སྟེ་སུམ་ཅུ་ཐམ་པ་ཡོད་པའོ། །དེ་ལས་ཀྱང་དབྱངས་ཡིག་བཞི་ནི་གི་གུ། ཞུབས་ཀྱུ། འགྲེང་བུ། རྣ་རུ་བཞིས་མཚོན་ནུས་པ་ཙམ་ལ་དགོངས་པ་ལས། རྒྱ་གར་གྱི་ལྟར་གསལ་བྱེད་སྲོག་མེད་ལ་དབྱངས་ཡིག་སྲོག་ཞུགས་འདོད་པ་ནི་མ་ཡིན་ནོ། །གཉིས་པ་ཁྱད་པར་ཀྱི་དབྱེ་བ་བསྟན་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས་དང་པོ་ནི། དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ནི་སྔོན་དུའང་འཇུག །མི་འཇུག་པ་ནི་ཉི་ཤུའོ། །ཞེས་པས་བསྟན། དེ་ཡང་བཤད་མ་ཐག་པའི་ཡི་གེ་ཀཱ་ལི་དེ་དག་ལ་རྗེས་སུ་འཇུག་པ་ནི་བཅུ་ཡོད་པ་ཡིན་ཏེ། རྗེས་འཇུག་དེ་ཉིད་ལས་ལྔ་ནི་སྔོན་དུའང་འཇུག་པས་སྔོན་འཇུག་ལྔ་ཞེས་ཀྱང་བྱའོ། །སྔོན་རྗེས་གཉིས་ཀར་མི་འཇུག་པ་ནི་ཉི་ཤུ་སྟེ་ཚན་པ་གསུམ་དུ་དབྱེ་བའོ། །དེ་ཡང་སྔོན་རྗེས་མིང་གསུམ་གང་རུང་ལ་འཇུག་པའི་ཡི་གེ་ནི་སྔོན་འཇུག་ལྔའོ། །མིང་གཞི་རྗེས་འཇུག་གང་རུང་ལ་འཇུག་པའི་ཡི་གེ་ནི་སྔོན་འཇུག་དོར་བའི་ལྷག་མའི་རྗེས་འཇུག་ལྔའོ། །མིང་གཞི་རྐྱང་བ་ལ་འཇུག་པའི་ཡི་གེ་ནི་དེའི་ལྷག་མ་ཉི་ཤུ་བོ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་དབྱེ་སྒོ་སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོར་བཤད་པ་གཉིས་ལས་དང་པོ་ནི། ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། ། བཞི་བཞི་དག་ཏུ་ཕྱེ་བ་ལས། །ཞེས་པས་བསྟན། དེ་ཡང་རྗེས་འཇུག་ལ་སོགས་པར་དབྱེ་བའི་ཐོག་མར་སྡེ་བ་སོ་སོར་ངེས་པར་བྱ་དགོས་པས། ཀཱ་ལི་དེ་རྣམས་སྡེ་བ་ཕྱེད་དང་བརྒྱད་དུ་བགོས་པའི་སྡེ་བ་དེ་དག་ནི། སླར་ཡང་སྡེ་ཚན་རེ་རེ་བཞིན་ཡི་གེ་བཞི་བཞི་དག་ཏུ་ཕྱེ་བ་ཡིན་ཏེ། དེའང་། ཀ་ཁ་ག་ང་སྡེ་བ་དང་པོ་སོགས་ནས་ཧ་ཨ། སྡེ་བ་ཕྱེད་པའི་བར་དུ་སོ་སོའི་མིང་ཤེས་པར་བྱའོ། །ལས་ཞེས་པ་ནི། དབྱེ་བ་བྱས་པ་འདི་ལས་འོག་ཏུ། དང་པོ་གསུམ་པ་སོགས་ཀྱི་སྐབས་སུ་སོ་སོའི་ཡི་གེ་རྣམས་དྲན་པར་བྱའོ་ཞེས་པའི་དོན་ཏེ་འབྱུང་ཁུངས་དང་འདྲ་བའི་རྒྱུ་མཚན་གྱི་སྒྲའོ། །གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ། རྗེས་འཇུག་བཤད་པ། སྔོན་འཇུག་བཤད་པ། མི་འཇུག་པ་བཤད་པ་དང་གསུམ་ལས། དང་པོ་ནི། དང་པོ་གསུམ་པ་བཞི་བ་ལ། །མས་གཉིས་དྲུག་པའི་གསུམ་པ་དང་། །བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་འདོད། །ཅེས་པས་བསྟན། དེ་ཡང་གོང་དུ་རྗེས་འཇུག་བཅུ་ཞེས་བཤད་པ་དེ་གང་ཞེ་ན། སྡེ་བ་དང་པོ་གསུམ་པ་དང་བཞི་བ་རྣམས་ཀྱི་གཤམ་ལ་གནས་པའི་མས་ཀྱི་ཡི་གེ་གཉིས་གཉིས་ཏེ། ག་ང་ད་ན་བ་མ་རྣམས་དང་། སྡེ་བ་དྲུག་པའི་གསུམ་པ་འ་དང་། བདུན་པའི་སྡེ་བ་ལ་ནི་ཤ་མ་གཏོགས་པའི་ལྷག་མ་ར་ལ་ས་གསུམ་མོ། །དེའང་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འདི་དག་འཇུག་པའི་ཕྱིར་རྗེས་འཇུག་ཅེས་བྱ་ཞིང་ཡི་གེའི་གྲངས་བཅུ་རུ་འདོད་པ་ཡིན་ནོ། །ཞེས་པའོ། །གཉིས་པ་སྔོན་འཇུག་བཤད་པ་ནི། རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་བ་དྲུག །བདུན་པ་རྣམས་ནི་སྔོན་དུའང་འཇུག །ཅེས་པས་བསྟན། དེ་ཡང་གོང་དུ་སྔོན་འཇུག་ཅེས་པ་དེ་གང་ཞེ་ན་རྗེས་འཇུག་ཡི་གེ་བཅུ་བོ་དེ་དག་ཉིད་ལས། དང་པོ་ག གསུམ་པ་ད། ལྔ་བ་བ། དྲུག་པ་མ། བདུན་པ་འ་རྣམས་ཡིན་ཏེ། དེ་དག་ནི་རྗེས་སུ་འཇུག་པར་མ་ཟད་ཡི་གེ་རྣམས་ཀྱི་སྔོན་དུའང་འཇུག་གོ །ཞེས་པའོ། །སྔོན་རྗེས་འདི་དག་གི་འཇུག་ཚུལ་ནི་རྟགས་འཇུག་གིས་རྒྱས་པར་འཆད་པར་འགྱུར་རོ། །གསུམ་པ་མི་འཇུག་པ་བཤད་པ་ནི། མིང་གཞི་གཉིས་སམ་གསུམ་སྒྲེལ་ལམ། །དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་། །གང་དུའང་འཇུག་མིན་སྦྱར་བའང་མིན། །ཞེས་པས་བསྟན། དེ་ཡང་སྔོན་འཇུག་དང་རྗེས་འཇུག་བསལ་བའི་ལྷག་མ་མིང་གཞི་ཁོ་ན་ཡིན་པ། ཀ་ཁ། ཅ་ཆ། ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ་ཧ་ཨ་སྟེ་ཡི་གེ་ཉི་ཤུ་ཐམ་པ་དེ་དག་ནི་ཚེག་བར་གཅིག་ཏུ་གཉིས་སམ་གསུམ་སྦྲེལ་ལམ། དེ་ལ་དབྱངས་ཡིག་ཨི་སོགས་ཀྱིས་བཞི་ལྡན་དུ་བྱས་པ། ཙ་ཀ ཚ་ཕ་ཁ། ཝ་ཟི་ཡ། ལྟ་བུ་གང་ཡང་བོད་དུ་གྲགས་པའི་ཐ་སྙད་གང་དུའང་འཇུག་པ་མིན་པས་འདི་བཞིན་སྦྱར་བར་རིགས་པའང་མིན་ནོ། །ཞེས་པའོ། །དེ་ཡང་སྤྱིར་མིང་ཚིག་གི་གཞིར་གྱུར་པའི་མིང་གཞི་ནི་གོང་སྨྲོས་ལྟར་ཡི་གེ་ཐམས་ཅད་ཡིན་ཀྱང་། སྔོན་རྗེས་མིང་གསུམ་གྱི་ཟླས་ཕྱེ་བའི་མིང་གཞི་ནི་འཕུལ་རྟེན་གྱི་འཇུག་ཡུལ་ཙམ་ལ་སྨྲོས་པ་སྟེ། དེ་ནི་གསལ་བྱེད་སུམ་ཅུ་བོ་མཐའ་དག་ཡིན་ཞིང་དེ་ལ་དབྱངས་དང་ལྡན་པའི་གི་གུ་སོགས་ནི་དེ་ལས་ཀྱང་མིང་གཞིའི་ཡན་ལག་ཙམ་སྟེ་བོད་ཀྱི་དབྱངས་གཅིག་པུས་འཕུལ་རྟེན་གྱི་འཇུག་ཡུལ་མི་བྱེད་པའི་ཕྱིར་རོ། །དེ་དག་ལས་སྐབས་འདིར་བཤད་པའི་མིང་གཞི་ནི་མིང་གཞི་ཁོ་ན་ལས་གཞན་གང་ལའང་མི་འཇུག་པ་ཉིད་ཡིན་པས་ན་འདི་དག་གི་ཁྱད་པར་འབྱེད་པ་གལ་ཆེའོ། །གཉིས་པ་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་དང་། ཕྲད་རང་དབང་ཅན་བཤད་པ་གཉིས་ལས། དང་པོ་ལའང་། སླར་བསྡུ། ལ་དོན། ཨི་ལྡན་གྱི་རྣམ་དབྱེ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། འབྱུང་ཁུངས། བོད་པའི་སྒྲ་བསྟན་པ་སྟེ་བརྒྱད་ཡོད་པ་ལས། དང་པོ་ནི། རྗེས་འཇུག་ཡི་གེ་བཅུ་བོ་ནི། །མིང་གང་གི་ནི་མཐའ་སྦྱར་བ། །དེ་ལ་ཨཱ་ལི་བཞི་བ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །ཞེས་པས་བསྟན། དེ་ཡང་སྔར་བཤད་པའི་རྗེས་འཇུག་ཡི་གེ་བཅུ་བོ་དེ་རྣམས་ནི་མིང་ཚིག་གང་ཡང་རུང་བ་ཞིག་གི་ནི་མ་མཐར་སྦྱར་བ། དེ་དག་ལ་ཨཱ་ལི་བཞི་བ་ཨོ་ཡིག་སྟེ། རྣ་རུ་སྦྱར་བ། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་སྟེ་བཅུ་དང་། ད་དྲག་གི་མཐར་དོན་གྱིས་ཐོབ་པ་ཏོ་རྣམས་ཏེ། འདི་དག་ནི་སྐབས་བབས་ཀྱི་བརྗོད་བྱའི་དོན་ནམ་ཚིག་དེ་ཉིད་དེ་ཙམ་གྱིས་བསྡུ་བར་སོང་བས་སླར་བསྡུའི་སྒྲ་ཞེས་བྱ་བར་ནི་ཤེས་པར་བྱ་དགོས་སོ། །ཞེས་པའོ། །གཞན་དུ་རྫོགས་ཚིག་ཅེས་པ་དང་ཟླ་སྡུད་ཅེས་གྲགས་པ་རྣམས་ཀྱང་འདི་ཁོ་ན་ལས་མ་འདས་པ་ཤེས་པར་བྱའོ། །གཉིས་པ་ལ་དོན་ལའང་། གཞུང་དོན་འགྲོལ་བ་དང་སྦྱོར་ཚུལ་བཤད་པ་གཉིས་ལས། དང་པོ་ནི། རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །གང་མིང་མཐའ་ན་བཅུ་བ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་བ་དགུ་བ་དངོས་ཀྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །ཞེས་པ་སྟེ། དེ་ཡང་རྗེས་འཇུག་ཡི་གེ་བཅུ་བོ་དེ་རྣམས་ཉིད་ལས། གང་ཡང་རུང་བའི་མིང་གི་མཐའ་ན་ལ་དོན་གྱི་རྣམ་དབྱེ་སྦྱར་བའི་ཆེད་དུ་བཅུ་བ་ས་ཡིག་གནས་པ། དེ་ལ་ཨཱ་ལི་གཉིས་པ་ཨུ་ཡིག་སྟེ་ཞབས་ཀྱུ་སྦྱར་བས་སུ་ཞེས་གྲུབ་པ་དང་། དེ་བཞིན་དུ་གང་ཡང་རུང་བའི་ཚེག་བར་གཅིག་ཉིད་དུ་མིང་གཞིའི་མཐའ་ན་བརྒྱད་པ་ར་ཡིག་སྦྱར་ཏེ་གནས་པ་ལྷག་པར་ལྟ་བུ་དང་། ཡང་ར་ཡིག་དེ་ཉིད་ཚེག་བར་ཕྱིས་པ་ལ་ཨཱ་ལི་གཉིས་པ་ཨུ་སྟེ་ཞབས་ཀྱུ་སླར་ཡང་སྦྱར་བས་རུ་ཞེས་གྲུབ་པ་དང་། གང་ཡང་རུང་བའི་མིང་མཐའ་ན་རྗེས་འཇུག་གསུམ་པ་ད་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་སྟེ་སྔ་མ་ལྟར་ཞབས་ཀྱུ་སྦྱར་བས་དུ་ཞེས་པ་དང་། རྗེས་འཇུག་བཞི་བ་ན་དང་དགུ་བ་ལ་གཉིས་ནི་དབྱངས་ཀྱིས་མ་བརྒྱན་པའི་དངོས་པོ་ཉིད་དུ་གནས་པ་དེ་ཉིད་ཀྱང་ཡིན་སྟེ། དེས་ན་དྲུག་པོ་དེ་དག་དང་། འདི་ནས་མ་གསུངས་ཀྱང་གོང་བཤད་སླར་བསྡུའི་སྐབས་ལྟར་དོན་གྱིས་ཐོབ་པའི་ཏ་ཡིག་ཨུ་ཞུགས་དང་བཅས་ལ་དོན་བདུན་དུ་ངེས་ཤིང་། འདི་དག་ཀྱང་སྐྱབས་སུ་མཆིའོ། །ལྟ་བུ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དོན་ཅན་དུ་སྦྱར་ན་ལས་ཀྱི་སྒྲ་དང་། དབུལ་ཕོངས་ལ་སྦྱིན་པ་གཏོང་ལྟ་བུ་ཆེད་དུ་བྱ་བའི་དོན་ཅན་ཡིན་དགོས་ཆེད་ཀྱི་སྒྲ་དང་། ཤར་ཕྱོགས་སུ་ཡོད་ལྟ་བུ་བདུན་པ་གནས་གཞིའི་དོན་ཅན་ཡིན་ན་རྟེན་གནས་ཀྱི་སྒྲ་དང་འོད་དུ་གསལ་ལྟ་བུ་སྤྱིར་བཏང་ལས་ཀྱི་སྒྲ་ཡིན་པ་ལས། ཁྱད་པར་ལས་དང་བྱ་བ་ཐ་མི་དད་པའི་རང་གི་དེ་ཁོ་ན་ཉིད་སྟོན་པའི་དོན་ཅན་ཡིན་ན་དེ་ཉིད་ཀྱི་སྒྲ་དང་། ཉི་མ་ཤར་བ་ན་ཆོས་སྟོན་ལྟ་བུ་དུས་བརྗོད་པའི་བདུན་པ་ཡིན་ན་ཚེ་སྐབས་ཀྱི་སྒྲར་ཤེས་དགོས་ཤིང་། དེ་དག་ཐམས་ཅད་རྣམ་དབྱེར་སྦྱོར་བ་ན་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པས་ལ་སྒྲ་ཞེས་ཀྱང་བརྗོད་པར་བྱ་བ་ཡིན་ནོ། །ཞེས་པའོ། །འདི་དག་གི་དཔེ་བརྗོད་རྒྱས་པ་ནི་ཟུར་དུ་འགོད་པར་བྱའོ། །གཉིས་པ་སྦྱོར་ཚུལ་ལའང་སྒྲ་དོན་གྱི་སྦྱོར་ཚུལ་གཉིས་ལས་དང་པོ་ནི། སྐབས་འདིའི་གཞུང་གི་དངོས་བསྟན་དུ་རྣམ་དབྱེའི་རྐྱེན་གྱི་ངོ་བོ་ཙམ་ལས་དེ་དག་མིང་མཐའི་རྗེས་འཇུག་དང་སྦྱོར་ཚུལ་མི་གསལ་ཡང་ཤུགས་ཀྱིས་རྟོགས་ནུས་པའི་དབང་དུ་མཛད་པས་རྗེས་འཇུག་ག་བ་གཉིས་དང་ད་དྲག་ཅན་གྱི་མཐར་གོང་སྨྲོས་ལྟར་དོན་གྱིས་ཐོབ་པས་ཏ་ཡིག་ཨུ་ལྡན་ཏུ་ཉིད་སྦྱར་བ་དང་། ང་ད་ན་མ་ར་ལ་རྣམས་ཀྱི་རྗེས་སུ་དུ་དང་། ས་མཐར་སུ་འ་ཡིག་གི་མཐའ་ར་ཡིག་རྐྱང་བའམ་རུ་སྦྱར་བར་བྱ་ཞིང་། ལ་ན་དག་ནི་སྐབས་དང་བསྟུན་ཏེ་རྗེས་འཇུག་ཐམས་ཅད་ལ་བྱེ་བྲག་མེད་པར་ཅི་རིགས་སུ་སྦྱར་བར་བྱའོ། །དེ་དག་ལས་ཀྱང་ཏ་ཡིག་ཨུ་ལྡན་སྦྱོར་བ་རྣམས་ནི་ཕོས་ཕོའི་མིང་མཐའ་འདྲེན་པའི་ལུགས་ཏེ་ཀློག་ཚུལ་ཟུར་ཕྱིན་པ་དག་ལ་ནི་བརྗོད་པ་དེའང་ཡིན་ནོ། །དེ་བཞིན་དུ་ང་མ་འ་རྣམས་ལ་དུ་སོགས་སྦྱོར་བའི་ཚུལ་དེ་ནི་མོས་མོ་ཡིག་འདྲེན་པ་དང་། ས་མཐར་སུ་སྦྱོར་བ་དང་། ད་མཐར་དུ་སྦྱོར་བ་དག་ནི་རྟགས་མཚུངས་སུ་སྦྱར་ན་བརྗོད་མི་བདེ་བས་བརྗོད་བདེ་འདྲེན་པ་དང་། ལྷག་མ་ན་ར་ལ་རྣམས་ལ་དུ་སྦྱོར་བ་ནི་རྟགས་མཚུངས་དྲང་དུ་མེད་པས་བརྗོད་བདེ་འདྲེན་པའི་ལུགས་སུ་བྱས་པའོ། །གཉིས་པ་དོན་གྱི་སྦྱོར་ཚུལ་ནི། སྤྱིར་སུ་ར་རུ་དུ་ཏུ་ལྔ་པོ་དེ་རྣམས་ནི་ལས་སོགས་དོན་ལྔ་ལ་མཚུངས་པར་འཇུག་ཅིང་ན་ལ་གཉིས་ནི་གཞན་བཞི་བོར་འཇུག་ཀྱང་དེ་ཉིད་ལ་མི་འཇུག་པ་དང་འདིར་དངོས་དུ་མ་བསྟན་པའི་འཇུག་ཚུལ་གཞན་ཡོད་དེ། འདི་ལྟར་ནའི་སྒྲ་དམིགས་ཀྱིས་དབྱེ་བའི་དོན་དུ་སྦྱར་བ་དངོས་སུ་ན་མདོར་བསྡུ་ན་ལྟ་བུ་དང་། རྒྱུ་མཚན་གྱི་དོན་དུ་སྦྱར་བ་འདི་ཡོད་ན་འདི་འབྱུང་། མེ་ཡོད་ན་དུ་བ་འབྱུང་ལྟ་བུ་དང་། རྒྱུ་མཚན་དོན་གྱིས་བསྟན་པའི་དོན་དུ་སྦྱར་བ་འདིར་ཤིང་ཡང་མེད་ན་ཤིངྴ་པ་ཇི་ལྟར་ཡོད་ལྟ་བུ་དང་། སྔ་མ་དེ་ལས་ཚིག་ཕྱི་མ་འགལ་བའམ་མ་ཡིན་པ་སོགས་སྟོན་པའི་དོན་དུ་སྦྱར་བ། འདི་སྔོན་དུ་སྡིག་པ་སྤྱོད་པ་ཞིག་ན་ད་ནི་དགེ་བ་ལ་ཡིད་འཇུག་པར་བྱེད་དོ། །ཞེས་པ་ལྟ་བུ་དང་། འོས་པར་དཀའ་བ་སྟེ་མི་འོས་པའི་ཚིག་གམ་ཚོད་འཛིན་པའི་སྒོ་ནས་ཚིག་དོན་ཕྱི་མ་ངེས་པར་བྱེད་པའི་དོན་དུ་སྦྱར་བ་ལྷས་བཏུད་ན་མིས་ལྟ་ཅི་སྨྲོས་ལྟ་བུ་དང་། འོས་པ་ནན་གྱིས་བཟུང་ནས་ཕྱི་ཚིགས་ངེས་པར་བྱེད་པའི་དོན་དུ་སྦྱར་བ། དུད་འགྲོ་རྣམས་བླུན་པ་ཉིད་ན་མིའང་དེ་ལྟ་བུ་དག་མཐོང་ངོ་ལྟ་བུ་དང་། སྨོན་པའི་དོན་དུ་སྦྱར་བ་བདག་བྱང་ཆུབ་ཐོབ་ན་ཅི་མ་རུང་ལྟ་བུ་དང་། ཐེ་ཚོམ་གྱི་གཞིའི་དོན་དུ་སྦྱར་བ། ས་བོན་ནི་བཏབ་ཟིན་ན་འདི་ལས་མྱུ་གུ་འབྱུང་ངམ་མི་འབྱུང་ལྟ་བུ་སྟེ་མང་དུ་འབྱུང་ངོ་། །དེ་བཞིན་དུ་ལའི་སྒྲ་ཡང་ཚིག་ལྷག་མ་འདྲེན་པ་ལྷག་བཅས་ཀྱི་དོན་དུ་སྦྱར་བ། མཉམ་པར་བཞག་ལ་དེ་ཁོ་ན་ཉིད་སེམས་ལྟ་བུ་དང་། ཚིག་སྔ་ཕྱི་མཚམས་སྦྱོར་བ་ཙམ་གྱི་དོན་དུ་སྦྱར་བ། བདེ་བ་དང་ལྡན་ལ་གནོད་པ་མི་མངའ་བ་གསལ་ཞིང་དྭངས་ལ་དྲི་མ་མེད་པ་ཞེས་སོགས་རྒྱ་ཆེར་འབྱུང་བ་རྣམས་ཏེ། འདི་དག་ན་འདིར་གབ་པ་ཉིད་སྨྲ་སྒོ་ལས་འབྱུང་བ་ལྟར་བཀྲལ་བའོ། །གསུམ་པ་ཨི་ལྡན་གྱི་རྣམ་དབྱེ་འཆད་པ་ལའང་། མདོར་བསྟན་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ན། རྗེས་འཇུག་ཡི་གེ་བཅུ་བོ་ལ། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །ཞེས་པ་སྟེ། དེ་ཡང་རྗེས་འཇུག་ཡི་གེ་བཅུ་བོ་དེ་དག་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ། ཨི་ཡིག་དང་སྦྱར་བའི་རྣམ་དབྱེའི་ཕྲད་རྣམས་ཇི་ལྟར་མཐུན་པར་སྦྱོར་བའི་ལུགས་འདི་དང་འདིའོ། །ཞེས་བསྟན་པར་བྱའོ། །ཞེས་པའོ། །གཉིས་པ་རྒྱས་བཤད་ལའང་། འབྲེལ་སྒྲ་བཤད་པ་དང་། བྱེད་པ་པོའི་སྒྲ་བཤད་པ་གཉིས་ལས་དང་པོ་ནི། དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །ཞེས་པས་བསྟན། དེ་ཡང་རྗེས་འཇུག་བཅུའི་དང་པོ་ག་དང་ང་གཉིས་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ་ནི། རྗེས་འཇུག་དང་པོ་ག་ཉིད་མཐུན་ཞིང་། དེ་བཞིན་དུ་རྗེས་འཇུག་གསུམ་པ་ད། །ལྔ་བ་བ་བཅུ་བ་ས་རྣམས་རྗེས་སུ་ཞུགས་པ་ལ་ཀྱ་དང་སྦྱར་བ་དང་། བདུན་པ་འ་ཡིག་གི་མཐའ་ཅན་རྣམས་ལ་དངོས་སུ་འ་ཡིག་ཡོད་དམ་མེད་ཀྱང་རུང་སྟེ་དེ་ཉིད་ལ་རྗེས་འཇུག་བདུན་པ་འ་ཉིད་སྦྱར་བ་དང་། འདིར་རྗེས་འཇུག་གི་ཡི་གེའི་བྱ་བ་གཙོ་བོར་བསྟན་པས་དངོས་སུ་མི་འབྱུང་ཡང་འ་ཡིག་གི་མཐར་རྐང་བ་ཁ་སྐོང་དགོས་པའི་ཚེ་ཡ་ཡིག་སྦྱར་བ་སྟེ། དེ་ལས་གཞན་ལྷག་མ་ན་མ་ར་ལ་བཞི་བོའི་མཐའ་ཅན་རྣམས་ལ་ནི་གྱ་ཉིད་སྦྱར་བ་མཐུན་པ་བཅས། དེ་དག་ཐམས་ཅད་ལ་རིམ་པ་བཞིན་ཨི་ཡིག་སྟེ་གི་གུ་སྦྱར་བས་གི་ཀྱི་འི་ཡི་གྱི་རྣམས་སུ་གྲུབ་པ་དེ་རྣམས་གང་ཞིག་གང་དང་སྒྲ་མཐུན་པའི་མིང་མཐའ་སོ་སོ་དང་སྦྱར་བས། བདག་གི གང་གི ཐམས་ཅད་ཀྱི། རབ་ཀྱི། ཕྱོགས་ཀྱི། དེའི། དེ་ཡི། གཏན་གྱི། ལམ་གྱི། གསེར་གྱི། དཔལ་གྱི་སོགས་སུ་འགྱུར་ཏེ་དེ་དག་ནི་གཞུང་གཞན་དུ་རྣམ་དབྱེ་དྲུག་པ་ཞེས་འབྱུང་བ་རྟེན་དང་བརྟེན་པའམ་ཡན་ལག་དང་ཡན་ལག་ཅན་སོགས་མིང་དོན་ཕན་ཚུན་འབྲེལ་བ་བརྗོད་པའི་དོན་ཅན་གྱི་སྒྲ་ཡིན་པས་འབྲེལ་བའི་ས་ཞེས་བྱའོ། །ཞེས་པའོ། །གཞན་ཡང་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ །དེ་ལྟ་མོད་ཀྱི་འོན་ཀྱང་ལྟ་བུ་ཕྱི་ཚིག་འགལ་བའམ་མི་མཐུན་པར་སྟོན་པའི་ཚིག་གི་རྒྱན་ལའང་འདི་དང་འཇུག་པ་ཤེས་པར་བྱའོ། །གཉིས་པ་བྱེད་སྒྲ་ནི། དེ་ཉིད་ལ་ནི་བཅུ་བ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །ཞེས་པས་བསྟན་ཏེ། དེ་ཡང་བཤད་མ་ཐག་པའི་རྣམ་དབྱེ་དྲུག་པའི་སྒྲ་གི་ལ་སོགས་པ་དེ་དག་ཉིད་ལ་ནི་རྗེས་འཇུག་བཅུ་བ་ས་ཡིག་སྦྱར་བས་གིས། ཀྱིས་འིས་ཡིས་གྱིས་རྣམས་སུ་གྲུབ་པ་ནི་བྱེད་པ་པོས་བྱ་བ་ལ་སྦྱོར་བ་སྟོན་པས་ན། གཞུང་གཞན་དུ་རྣམ་དབྱེ་གསུམ་པ་ཞེས་འབྱུང་བ་བྱེད་པ་པོའི་ས་རུ་ཤེས་པར་བྱའོ། །ཞེས་པའོ། །དེ་རྣམས་མིང་མཐར་སྦྱོར་ཚུལ་ནི་འབྲེལ་སྒྲའི་སྐབས་ལྟར་རོ། །གཞན་ཡང་བྱེད་དུ་རུང་གིས་གྱིས་ཤིག་ལྟ་བུའི་བྱེད་སྒྲ་རྣམས་ནི་རྒྱུ་མཚན་གྱི་དོན་གྱིས་བྱེད་པ་པོའི་རྣམ་དབྱེ་ཡིན་པ་ཤེས་དགོས་སོ། །བཞི་བ་རྒྱན་སྡུད་ཀྱི་སྒྲ་ནི། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ཞེས་བསྟན། དེ་ཡང་གོང་དུ་བཤད་པའི་འབྲེལ་སྒྲ་དེ་དག་ལས། ཀྱི་འི་གཉིས་ཀྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་སོ་སོར་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས་ཀྱང་འང་ཞེས་གྲུབ་པ་དང་། འདིར་མ་བསྟན་ཀྱང་དོན་གྱིས་ཐོབ་པའི་ཡང་གི་སྒྲ་དང་གསུམ་པོ་དེ་རྣམས་ནི། མཛེས་ཀྱང་མཛེས་ལྟ་བུ་ཚིག་སྔ་ཕྱི་མཐུན་པའི་རྒྱན་དང་། བཏུལ་ཀྱང་ཁྲོ་ལྟ་བུ་མི་མཐུན་པའི་རྒྱན་སྟེ་གཉིས་དང་། འདི་ནི་ཨུཏྤལའང་ཡིན་ལ་སྔོན་པོའང་ཡིན་ལྟ་བུ། གཞི་གཅིག་ལ་ཆོས་གཉིས་སམ་དུ་མ་སྡུད་ཅིང་སྦྱོར་བའི་སྒྲ་སྟེ་གསུམ་པོ་དེ་རྣམས་ལ་འཇུག་པར་འགྱུར་རོ། །ཞེས་པའོ། །དེ་རྣམས་མིང་མཐར་ཇི་ལྟར་སྦྱོར་ཚུལ་ཡང་རྗེས་འཇུག་གི་ཕོ་ཡིག་ག་ད་བ་ས་རྣམས་དང་ད་དྲག་གི་མཐར་རྟགས་མཚུངས་བརྗོད་པ་དེ་གཉིས་ཀའི་སྒོ་ནས་སྒྲ་མཐུན་པ་ཀྱང་ཉིད་སྦྱར་ཞིང་། དེ་བཞིན་དུ་དངོས་སུ་ཡོད་མེད་ཇི་ལྟར་རུང་འ་མཐའ་ཅན་རྣམས་ལའང་དང་། ང་མ་དག་གི་མཐའ་ཡང་གི་སྒྲ་འཇུག་པ་དང་། ན་ར་ལ་གསུམ་གྱི་རྗེས་སུ་བརྗོད་བདེ་ཁོ་ནའི་དབང་གིས་ཡང་ཉིད་འཇུག་གོ །ཚིགས་བཅད་ཀྱི་རྐང་བ་ཁ་སྐོང་དགོས་པའི་ཚེ་ནི་འ་མཐར་ཡང་ཡང་གི་སྒྲ་སྦྱར་དགོས་སོ། །ལྔ་བ་ལྷག་བཅས་ཀྱི་སྒྲ་བཤད་པ་ནི། ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨཱ་ལི་གསུམ་པ་སྦྱར། །དེ་ནི་ལྷག་དང་བཅས་པའོ། །ཞེས་པ་སྟེ། དེ་ཡང་སྔར་བཤད་པའི་ལ་དོན་གྱི་ནང་ཚན་སུ་ཞེས་པ་དེ་ལ་ཨུ་སྟེ་ཞབས་ཀྱུ་ཕྱིས་ནས། ས་ཞེས་གནས་པ་དེ་ལ་ཀཱ་ལི་སྡེ་བ་གསུམ་པའི་དང་པོ་ཏ་ཡིག་སྦྱར་ཞིང་། དེ་ལ་སླར་ཡང་སྟེང་དུ་ཨཱ་ལི་གསུམ་པ་སྟེ་འགྲེང་བུ་སྦྱར་བས། སྟེ་ཞེས་གྲུབ་པ་དེ་དང་། འདིར་དངོས་སུ་མ་བཤད་ཀྱང་ཤུགས་ཀྱིས་བསྟན་པ་ཏེ་དེ་གཉིས་ཏེ་གསུམ་པོ་འདི་ནི་མིང་ཚིག་གང་གི་མཐར་སྦྱར་ཡང་བསྟན་བྱའི་ལྷག་མ་འདྲེན་པའི་དོན་དུ་འགྱུར་བས་ལྷག་མ་དང་བཅས་པའི་སྒྲ་ཞེས་བྱའོ། །ཞེས་སོ། །དེ་དག་མིང་མཐའ་ཇི་ལྟར་སྦྱོར་ཚུལ་ཡང་། ག་ང་བ་མ་འ་རྣམས་ཀྱི་མཐར་སྟེ་ཡིག་ས་ཡི་སྒྲ་དང་ལྡན་པ་དེ་བརྗོད་བདེ་བས་འཇུག་ཀྱང་། ན་ར་ལ་གསུམ་དང་ད་དྲག་གི་མཐར་ནི་དེ་ཉིད་ཤིན་ཏུ་བརྗོད་མི་བདེ་བའི་ཕྱིར་དང་། ས་ཡིག་གི་མཐར་ནི་ས་སྒྲ་སྔ་མ་དེ་ཉིད་དང་། སྟེ་ཡིག་གི་ས་སྒྲ་གཅིག་ཏུ་འདྲེས་པས་སོ་སོར་མི་མངོན་པའི་ཕྱིར་དགོས་པ་མེད་པས། དེ་རྣམས་ཀྱི་མཐར་ས་ཡིག་ཕྱིས་ནས་ཏེ་རྐྱང་ཉིད་སྦྱར་བ་དང་། དེ་བཞིན་དུ་ད་མཐར་ཡང་ས་སྒྲ་ཅན་ཀློག་མི་བདེ་བས་ལ་དོན་གྱི་སྐབས་སུ་ད་མཐར་དུ་སྦྱོར་བ་ལྟར་དེ་ཉིད་སྦྱར་རོ། །དེ་དག་ཀྱང་ལྷག་མ་འདྲེན་ཚུལ་གྱི་སྒོ་ནས་དབྱེ་ན་གསུམ་དུ་འགྱུར་ཏེ། མཚམས་སྦྱོར་དང་། དམ་བཅའ་དང་། གཞན་འདྲེན་ནོ། །དང་པོ་ལའང་མདའ་འཕངས་ཏེ་ཕོག་ལྟ་བུ། ཚིག་སྔ་མ་བྱེད་པ་དང་ཕྱི་མ་བྱ་བར་སྦྱོར་བའི་འདྲེན་བྱེད་དང་འདྲེན་བྱ་དུས་རིམ་པར་འཇུག་པ་ཞིག་དང་། ལྷ་མཆོད་དེ་ལས་བྱ་ལྟ་བུ། སྔ་ཕྱི་གཉིས་ཀ་བྱ་བར་སྦྱོར་ཞིང་དུས་རིམ་གྱིས་འཇུག་པ་ཞིག་དང་། དེ་ཉིད་ལ་སྔ་ཕྱི་མེད་པ། ཚེག་སྒྲ་དང་བཅས་ཏེ་འབར་ལྟ་བུ་ཞིག་སྟེ་གསུམ་ཡོད་ལ། འདི་རྣམས་ནི་ནས་དང་ཅིང་སོགས་ཀྱི་ཕྲད་དང་ཡང་འཇུག་པ་མཐུན་ནོ། །དམ་བཅའ་ཞེས་པ་ནི་ཚིག་སྔ་མ་དམ་བཅས་པ་དེའི་གསལ་བྱེད་དམ་སྒྲུབ་བྱེད་དུ་ཚིག་ཕྱི་མ་འདྲེན་པ་སྟེ། དེ་ལའང་དབྱེ་ན། དངོས་པོ་ནི་གསུམ་སྟེ། བེམ་པོ་དང་། ཤེས་པ་དང་། ལྡན་མིན་འདུ་བྱེད་དོ། །ཞེས་པ་ལྟ་བུ་དབྱེ་བ་འདྲེན་པ་དང་། རྟག་པ་ཡིན་ཏེ་འདུས་མ་བྱས་ཡིན་པའི་ཕྱིར་ལྟ་བུ་གཏན་ཚིག་འདྲེན་པ་དང་། སངས་རྒྱས་ཏེ་མ་རིག་པའི་གཉིད་སངས་པ། ཤེས་བྱ་ལ་བློ་གྲོས་རྒྱས་པའོ་ཞེས་པ་ལྟ་བུ་ངེས་ཚིག་འདྲེན་པ་དང་། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །ཞེས་གསུངས་ཏེ། བསླབ་པ་ནི་ལྷག་པ་ཚུལ་ཁྲིམས་དང་། སེམས་དང་། ཤེས་རབ་ཀྱི་བསླབ་པ་གསུམ་དུ་ནང་བ་ལ་གྲགས་པ་དང་། ཕྱི་རོལ་པ་ལའང་འདི་ལྟར་ཞེས་སོགས་དབྱེ་བ་ལྟ་བུ། རྒྱས་བཤད་འདྲེན་པ་སྟེ། དེ་ལྟ་བུའི་ནང་གསེས་མང་བོ་ཡོད་དོ། །གཞན་འདྲེན་ནི་མཚམས་སྦྱོར་དང་དམ་བཅའ་གཉིས་སུ་མ་གཏོགས་པའི་ལྷག་མ་ཡོད་པ་ཙམ་སྟོན་པའི་སྒྲ་གཞན་རྣམས་ཏེ། ཁྱོད་ནི་དཔལ་ཏེ་ཁྱོད་ནི་མགོན། །ལྟ་བུ་རྣམས་ཏེ་འདི་དག་ཀྱང་སྨྲ་སྒོར་གསལ་བ་ལྟར་རོ། །གཞན་གོང་དུ་སྨྲོས་པའི་ལ་དང་འཆད་འགྱུར་གྱི་ནས་དག་ལྷག་བཅས་ལ་འཇུག་པ་ནི་རྗེས་འཇུག་གི་ཁྱད་པར་ལ་མི་ལྟོས་པའི་ཕྱིར་ཕྲད་རང་དབང་ཅན་དུ་ཤེས་པར་བྱའོ། །དྲུག་པ་འབྱེད་སྡུད་ནི། རྗེས་འཇུག་ཡི་གེ་བཅུ་བོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །ཞེས་པས་བསྟན། དེ་ཡང་རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་རྣམས་ལ་དེ་ཉིད་ཀྱི་དྲུག་པ་མ་ཡིག་སྦྱར་བ་ན། གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་རྣམས་སུ་གྲུབ་པ་དེ་དག་དང་། དོན་གྱིས་ཐོབ་པའི་ཏམ་བཅས་བཅུ་གཅིག་པོ་རྣམས་ནི། ཆོས་ནི་གཉིས་ཏེ། འདུས་བྱས་སམ་འདུས་མ་བྱས་སོ། །ལྟ་བུ་དབྱེ་གཞི་གཅིག་ལས་དུ་མར་འབྱེད་པའི་དོན་དང་། འདུས་བྱས་སམ་འདུས་མ་བྱས་ནི་ཆོས་སོ། །ལྟ་བུ་ཚིག་དོན་དུ་མ་དོན་གཅིག་ཏུ་སྡུད་པའི་སྒྲ་སྟེ་གཉིས་ལ་འཇུག་པ་ཡིན་ནོ། །ཞེས་སོ། །དེ་རྣམས་མིང་ཚིག་གང་གི་མཐར་ཡང་རུང་སླར་བསྡུའི་སྐབས་དང་མཚུངས་པར་སྤྱིར་བཏང་རྗེས་འཇུག་སོ་སོར་རང་རང་ལ་མ་ཡིག་སྦྱར་བ་ཉིད་འཇུག་པ་མཐུན་པ་ཡིན་ཡང་། དམིགས་བསལ་ད་དྲག་ཅན་རྣམས་ཀྱི་མཐར་ཏམ་ཡིག་སྦྱོར་དགོས་པ་ཡིན་ནོ། །གཞན་དུ་རྟག་གམ་མི་རྟག་ལྟ་བུ་དྲི་བ་དང་ཐེ་ཚོམ་གྱི་ཚིག་ཅན་རྣམས་ཀྱང་དོན་གྱི་ཁྱད་པར་བརྟག་ཅིང་འབྱེད་པའི་དོན་ཡིན་པས། དེ་འདྲའི་འམ་ལ་སོགས་པའང་འབྱེད་པའི་སྒྲར་བསྡུའོ། །བདུན་པ་འབྱུང་ཁུངས་ལའང་། དངོས་དང་། དེ་དགར་སྡུད་ལ་འཇུག་པའི་ཚུལ་གཉིས་ལས། དང་པོ་ནི། རྗེས་འཇུག་ཡི་གེ་བཅུ་བོ་ཡི། །བཞི་བ་དགུ་བ་ལ་བཅུ་བ། །སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །ཞེས་པས་བསྟན། དེ་ཡང་རྗེས་འཇུག་ཡི་གེ་བཅུ་བོ་དེ་ཡི་ནང་ནས་བཞི་བ་ན་དང་དགུ་བ་ལ་གཉིས་ལ་སོ་སོར་བཅུ་བ་ས་ཡིག་སྦྱར་བས་ནས་ལས་ཞེས་གྲུབ་པ་ནི། ཆོས་གང་ལས་གང་ཞིག་བྲལ་བའམ། བྱུང་བ་སྟོན་པའི་དོན་དུ་མཚུངས་པར་འཇུག་པ། དཔེར་ན་རྒྱ་མཚོ་ནས་ནོར་བུ་བླངས། མཁས་པ་ལས་རིགས་པ་བསླབ་ལྟ་བུ་དངོས་དང་། དེ་དངོས་མ་ཡིན་ཡང་སྐབས་དེར་དེ་ལས་བྱུང་བས་འབྱུང་ཁུངས་དང་འདྲ་བ་རྟ་ལས་ལྷུང་། ཤར་ཕྱོགས་ནས་འོད་སྣང་ལྟ་བུ་དག་སྟེ། འདི་དག་གཞུང་གཞན་དུ་རྣམ་དབྱེ་ལྔ་བ་ཞེས་བཤད་པ་འབྱུང་ཁུངས་ཀྱི་ས་ཡིན་ནོ། །ཞེས་པའོ། ཏེ་ཞེས་པ་ནི་ལྷག་མ་འདྲེན་པའི་དོན་ཏོ། །གཞན་དུ་དུ་བ་ལས་མེར་ཤེས་ལྟ་བུ་ལས་ཀྱི་སྒྲ་ཁོ་ན་རྒྱུ་མཚན་ལ་འཇུག་པ་ཡོད་ཀྱང་། མེར་ཤེས་པ་སོགས་རྒྱུ་མཚན་དེ་དུ་བ་མཐོང་བ་སོགས་ཀྱི་རྒྱུ་མཚན་ལས་བྱུང་བའི་ཕྱིར་འབྱུང་ཁུངས་དང་འདྲ་བའི་རྣམ་དབྱེ་ལྔ་བ་ཉིད་དོ། །གཉིས་པ་ནི། དགར་དང་སྡུད་པའང་དེ་བཞིན་ཡིན། །ཞེས་པ་སྟེ། བཤད་མ་ཐག་པའི་ནས་ལས་ཀྱི་སྒྲ་དེ་དག་འབྱུང་ཁུངས་ཁོ་ནར་མ་ཟད་རྣམ་དབྱེ་སྦྱར་གཞི་དེ་ལས་རིགས་དང་བྱ་བ་ཡོན་ཏན་རྣམས་ཀྱི་ཁྱད་པར་གང་ཡང་རུང་བ་ལོགས་སུ་དགར་བའི་དོན་ཏེ། མིའམ་ཅི་ལས་དྲི་ཟ་ཐ་དད་དོ། །མི་རྣམས་ཀྱི་ནང་ནས་རྒྱལ་རིགས་དཔའ་ལྟ་བུ་གཞི་གམ་ཐ་དད་ལས་དགར་བ་དག་སྟེ། དེ་དག་ལའང་ནང་གསེས་མཆོག་དགར་བ། དམན་པ་དགར། ཐ་དད་པ་དགར་བ་སོགས་མང་དུ་འབྱུང་ཞིང་དེ་ཀུན་ལ་ནས་ལས་ཀྱི་འཇུག་པའང་སོ་སོར་ཡོད་དེ། དེས་ན་དགར་སྒྲ་དེ་དང་། དེ་ལས་ཀྱང་བྱེ་བྲག་ནས་ཀྱི་སྒྲ་གཅིག་པུ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ལྟ་བུ་ཡུལ་དང་དུས་དང་། དངོས་པོ་ལ་སོགས་པ་མཚམས་འཛིན་ཅིང་སྡུད་པའི་དོན་དུའང་དེ་བཞིན་དུ་འཇུག་པ་ཡིན་ནོ། །ཞེས་པའོ། །དེ་ལྟར་དགར་སྡུད་ལ་འཇུག་པའི་སྒྲ་འདི་རྣམས་ཀྱང་ཕྲད་གཞན་མ་ཡིན་པར་རྣམ་དབྱེ་ལྔ་བའི་ཡན་ལག་གཉིས་སུ་ཤེས་དགོས་ཏེ། དགར་བ་ནི་གང་ལས་དགར་བའི་གཞི་དེ་ལས་ཁྱད་པར་དུ་བྱུང་བ་ལྟར་སྣང་བ་དང་། སྡུད་པ་ནི་ཐོག་མ་གང་ནས་བརྩམ་པ་དེ་ལས་བསྡུ་རྒྱུའི་གནས་སྐབས་ཐམས་ཅད་བྱུང་བ་དང་འདྲ་བའི་ཕྱིར་འབྱུང་ཁུངས་ཀྱི་རྣམ་དབྱེ་སྦྱར་བར་སྣང་བའི་ཕྱིར་རོ། །གཞན་དུ་ཕྱག་འཚལ་ནས་བཤད་ལྟ་བུ། ནས་ཀྱི་སྒྲ་ཉིད་མཚམས་སྦྱོར་བའི་ལྷག་བཅས་ལའང་འཇུག་ཚུལ་གོང་དུ་ལྷག་བཅས་ཀྱི་སྐབས་སུ་ཕྱོགས་ཙམ་སྨོས་པ་བཞིན་ནོ། །བརྒྱད་པ་བོད་པའི་སྒྲ་ནི། གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་ན་ནི་བོད་པ་ཡིན། །ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་སྟེ་ཐོག་མ་རུ་ཀྱེ་ལྷ་ཡི་ལྷ་ལྟ་བུར་ཀྱེ་ཞེས་བྱ་བ་སྦྱར་བར་བྱས་ན་ནི་བོད་པའི་རྣམ་དབྱེ་གསལ་བར་བྱེད་པའི་སྒྲ་ཡིན་ནོ། །ཞེས་པའོ། །དེ་ཡང་ཐོག་མར་སྦྱོར་བ་གཙོ་ཆེ་བའི་དབང་གིས་གསུངས་པ་ལས། ཚིགས་བཅད་སོགས་སྦྱོར་བའི་ཚེ་བདག་ལ་དགོངས་ཤིག་མགོན་པོ་ཀྱེ། ལྟ་བུ་མཐར་སྦྱར་བའང་ཡོད་དོ། །འདི་ནས་མ་བསྟན་པ། ཀ་ཡེ། ཀྭའི་སྒྲ་དག་ཀྱང་བོད་པ་གསལ་བྱེད་ཡིན་མོད་ཀྱང་དམན་པ་ལས་གོང་མ་ལ་བརྗོད་མི་བདེ་བ་ཙམ་ཡིན་ནོ། །གཉིས་པ་ཕྲད་རང་དབང་ཅན་ཁོ་ན་བཤད་པ་ལ། ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ་བཤད་པ་སྟེ་དྲུག་ལས། དང་པོ་ནི། གང་མིང་མཐའ་དང་མཐུན་པ་ཡི། །བཞི་བ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་གྱུར། །ཞེས་སྟེ། གང་ཡང་རུང་བའི་མིང་ཚིག་གི་མཐའ་དང་མཐུན་པར་སྦྱར་རུང་བ་ཡི་ཕྲད་དུ་རྗེས་འཇུག་བཞི་བ་ན་ཡིག་ལ་ནི་དབྱངས་ཨི་སྦྱར་བས་ནི་ཞེས་གྲུབ་པ་དེ་ནི་ཁྱབ་འཇུག་ནི་ལྷ་རྣམས་ཀྱི་ནང་ནས་བརྟུལ་ཕོད་པའོ་ལྟ་བུ། གཞི་ལས་མཆོག་ཏུ་དགར་བའམ་རིགས་རྣམས་ལས་ནི་གདོལ་བའི་རིགས་ཐ་ཆད་དོ་ལྟ་བུ། དམན་པར་དགར་བའམ། མཐིང་ག་ནི་སྔོ་སངས་ལས་གཞན་ནོ། །ལྟ་བུ་ཐ་དད་པ་ཙམ་དུ་དམིགས་བཟུང་ནས་དགར་བ་སྟེ་དགར་བའི་སྒྲ་དང་། ཁྱོད་ནི་གཉེན་དང་ཁྱོད་ནི་བཤེས་ལྟ་བུ། དོན་གང་ཡིན་པ་དེ་ཉིད་ལ་ནན་ཏན་དུ་བརྣན་པའི་དོན་ལའང་འཇུག་པའི་ཚིག་ཏུ་འགྱུར་རོ། །ཞེས་སོ། །གཉིས་པ་དང་སྒྲའི་འཇུག་ཚུལ་ནི། མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། །དེ་ནི་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །ཞེས་པས་བསྟན། དེ་ཡང་མིང་ཚིག་གང་ཡང་རུང་བའི་བར་མཚམས་རྣམས་སུ་རྗེས་འཇུག་གསུམ་པ་ད་ཡིག་ལ་ནི་གཉིས་པ་ང་ཡིག་སྦྱར་བས། དང་ཞེས་གྲུབ་པ་དེ་ནི། འདུས་བྱས་དང་འདུས་མ་བྱས་ནི་ཆོས་སོ་ལྟ་བུ་ཚིག་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུད་པའི་སྒྲ་དང་། ཆོས་ནི་འདུས་བྱས་དང་འདུས་མ་བྱས་པའོ། །ལྟ་བུ་སོ་སོར་འབྱེད་པའི་སྒྲ་དང་། སྨན་ཟོས་པ་དང་ནད་སོས་སོ་ལྟ་བུ་རྒྱུ་མཚན་གྱི་དོན་དང་། ཉི་མ་ཤར་བ་དང་ཆོས་སྟོན་ལྟ་བུ་ཚེ་སྐབས་ཀྱི་དོན་དང་། ཁ་ཏོན་གྱིས་དང་། ཡིད་ལ་ཟུངས་དང་། ལྟ་བུ་གཞན་ལ་གདམས་ངག་བརྗོད་པའི་དོན་ཏེ། དོན་ལྔ་ལ་འཇུག་པའོ། ཞེས་སོ། །གསུམ་པ་དེ་སྒྲའི་འཇུག་ཚུལ་བཤད་པ་ནི། གང་མིང་གི་ནི་ཡ་མཐའ་རུ། །གསུམ་པ་ལ་ནི་ཨེ་སྦྱར་བ། །ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་གི་ནི། ཡ་མཐའ་སྟེ་ཐོག་མ་རུ་རྗེས་འཇུག་གསུམ་པ་ད་ཡིག་ལ་ནི། དབྱངས་ཨེ་སྟེ་འགྲེང་བུ་སྦྱར་བས། དེ་ཞེས་གྲུབ་པ་ནི་ཐ་སྙད་ཙམ་གྱི་དབང་དུ་བྱས་ན། དེ་བཞིན་བཤེགས་པ། དེ་དེ་བཞིན་ནོ་ལྟ་བུ་ཚིག་ཟིན་ལ་དངོས་སུ་གསལ་མིན་གང་ལྟར་ཡང་རྣམ་གྲངས་གཞན་ཞིག་ལ་སྦྱོར་རྒྱུ་ཡོད་པར་སྟོན་པའི་དོན་ཅན་དང་། ཤིང་བཅད་དེ་ཅི་བྱེད་ལྟ་བུ་ལྷག་མ་དང་བཅས་པའི་དོན་ཏེ། དབྱེ་བ་མཚན་ཉིད་པ་གཉིས་དང་། དབྱེ་གཞི་སྤྱི་ཁྱབ་ཏུ་དུས་ད་ལྟ་དང་མ་འོངས་པ་བསལ་བའི་འདས་པ་ཁོ་ནར་འཇུག་པ། ཤིང་བཅད་དེ་འབུད་ལྟ་བུ་ཚིག་དོན་གཉིས་ཀ་འདས་མ་ཐག་པ་དང་། ཐ་སྙད་སྔ་མ་གཉིས་ཀྱང་དུས་གསུམ་ལས་འདས་པར་ངེས་ཚུལ་གྱི་དབྱེ་བ་རྗེས་མཐུན་པ་གཅིག་བཅས་གསུམ་དུ་ངེས་པ་ཡིན་ཏེ། དེ་ཡང་སྤྱིར་ལྷག་བཅས་མ་གཏོགས་དེ་སྒྲའི་འཇུག་པ་ཐམས་ཅད་ལ་རྣམ་གྲངས་གཞན་ཡོད་ཀྱི་ཁྱབ་ཚུལ་ཡང་ཤེས་དགོས་སོ། །འདི་དག་ནི་ཐ་སྙད་ཀྱི་སྒོ་ནས་དབྱེ་བ་ཡིན་ཏེ། དངོས་པོའི་དབང་དུ་བྱས་ན་ནི། །དེ་ཁོ་ན་ཉིད་དོ་ལྟ་བུ་བདེན་པའི་དངོས་པོ་སྟོན་པ་དང་། སྔར་སྨྲོས་པ་དེ་ཡོད་དམ་ལྟ་བུ་གསང་བའི་དངོས་པོ་སྟོན་པར་བྱེད་པ་དང་། བདག་གི་ལྷ་དེ་ལྟ་བུ་བདག་གི་བའི་དངོས་པོ་སྟོན་པ་དང་། ཁྱོད་ཀྱི་ནོར་དེ། གཞན་གྱི་རྫས་དེ་ལྟ་བུ་ཕ་རོལ་པོའམ་བཞན་གྱི་དངོས་པོ་སྟོན་པ་སྟེ། བཞི་བོ་དེ་རུ་དུས་གསུམ་གར་འཇུག་པར་འགྱུར་ཡང་། རང་གིས་རང་ལ་དེ་ཞེས་མི་བརྗོད་པའི་ཕྱིར་བདག་ཉིད་ཀྱི་དངོས་པོ་ལ་ནི་འཇུག་པ་མ་ཡིན་ནོ། །འདི་དག་ནི་དངོས་པོ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། དེ་དག་ལ་མ་ལྟོས་པར་དུས་བརྗོད་པ་གཅིག་པུ་ཉིད་ཀྱི་དབང་དུ་བྱས་ན་སྔོན་གྱི་དུས་དེ། སྐད་ཅིག་སྔ་མ་དེ་ལྟ་བུ་འདས་པའི་དུས་བརྗོད་པ་དང་། འབྱུང་འགྱུར་གྱི་དུས་དེ། སྐད་ཅིག་མ་ཕྱི་མ་དེ་ལྟ་བུ་མ་འོངས་པའི་དུས་བརྗོད་པ་དང་འབྲེལ་བ་སྟེ་གཉིས་ལ་འཇུག་པ་ཡིན་ནོ། །ཞེས་པའོ། །ད་ལྟའི་དུས་བརྗོད་པ་ལ་ནི་ནམ་ཡང་མི་འཇུག་སྟེ། ད་ལྟའི་ལོ་འདིར་སོགས་ལས། ད་ལྟའི་ལོ་དེར་སོགས་མི་བརྗོད་པའི་ཕྱིར། དེ་ལྟར་གཞུང་ནས་མིང་གི་ཡ་མཐར་འཇུག་ཚུལ་གསུངས་པ་ཡང་གཙོ་ཆེ་བའི་དོན་ཡིན་གྱི་མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ནོ། །བཞི་བ་གང་སྒྲའི་འཇུག་ཚུལ་ནི། གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་རུ་རྗེས་འཇུག་དང་པོ་ག་ལ་ནི་གཉིས་པ་ང་སྦྱར་བས། གང་ཞེས་གྲུབ་པ་དེ་ནི་གཙོ་བོར་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་ཉིད་དུ་ངེས་ཏེ། དེ་ཡང་གང་ཞིག་རྟག་ཏུ་གང་ཡང་རུང་བ་ལྟ་བུ་སྤྱི་སྒྲ་དངོས་དང་། གང་ཞིག་བསྟེན་ན་མཆོག་སྦྱིན་བླ་མ་ཉིད་ལྟ་བུ་བྱེ་བྲག་ལ་འཇུག་པའི་སྤྱིའི་སྒྲ་དང་། ཁྱོད་ཀྱི་ལྷ་གང་ཡིན། ལྟ་བུ་སྤྱི་སྒྲ་འདྲི་བའི་དོན་དུ་སྦྱར་བ་རྣམས་སུ་འགྱུར་རོ། །ཞེས་པའོ། །འདིར་མིང་ཐོག་ཏུ་སྦྱར་བར་གསུངས་པའང་གཙོ་ཆེ་བ་ཙམ་ལ་དགོངས་པ་སྔ་མ་ལྟར་རོ། །འདི་ནས་མ་བསྟན་ཀྱང་། ཅི་དང་ཇི་དང་། སུའི་སྒྲ་རྣམས་ཀྱང་གང་དང་སྐབས་ཕལ་ཆེར་འཇུག་པ་མཚུངས་ཀྱང་། རྣམ་པ་ཐམས་ཅད་དུ་མཚུངས་པ་ནི་མ་ཡིན་ཏེ། སུའི་སྒྲ་གང་ཟག་ཁོ་ན་ལ་སྦྱོར་གྱི་བེམ་པོ་སོགས་དངོས་པོ་གཞན་ལ་མི་འཇུག་པ་དང་། ཇི་སྙེད་དང་ཇི་སྲིད་ལྟ་བུ་ལ་གང་སྒྲ་མི་འཇུག་པ་དང་། ཅེས་ཀྱང་ལྟ་བུ་ལའང་གང་དང་ཇིའི་སྒྲ་མི་འཇུག་པ་སོགས་ཀྱང་ཤེས་པར་བྱའོ། །ལྔ་བ་བདག་སྒྲ་བཤད་པ་ནི། གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཞེས་པ་སྟེ། གང་ཡང་རུང་བའི་མིང་གི་ནི་མ་མཐའ་རྣམས་ན། །པུ་ལིངྒ་སྐྱེས་བུའི་རྟགས་མཚོན་པར་བྱེད་པ་ཡི་སྒྲ་སྔར་མེད་པ་ཞིག་ཡིན་ན། དེ་ལ་པུ་ལིངྒའི་སྒྲ་པ་དང་པོ་གཉིས་གང་རུང་སྦྱར་བ་ན་དེའི་དོན་གསལ་བར་ནུས་པ་སྟེ། དེ་ཡང་སྔར་མེད་པ་ལ་གསར་དུ་སྦྱར་བ། བྲིས་པ་གཏོང་བ་པོ་སོགས་དང་། སྔོན་ནས་ཡོད་པའི་སྒྲའི་བདག་པོའི་དོན་མི་སྟོན་པའི་པུ་ལིངྒའི་སྒྲ་མིན་པས་སླར་པུ་ལིངྒའི་སྒྲ་སྦྱར་བ་དེ་བདག་པོའི་དོན་ཅན་དུ་སོང་བ། ཡོད་པ་པ། ཤེས་པ་པོ་ལྟ་བུ་དག་སྟེ། དེ་རྣམས་ནི་བདག་པོའི་ངོ་བོ་སྟོན་པར་བྱེད་པའི་སར་ནི་ཤེས་པར་བྱའོ། །ཞེས་པའོ། །དྲུག་པ་དགག་སྒྲ་བཤད་པ་ནི། གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ་ཐོག་མ་ན་སྟྲི་ལིངྒ་སྟེ། མོ་ཡི་རྟགས་ཀྱི་སྒྲ་མེད་པ་དེ་རྣམས་ལ་སྟྲི་ལིངྒའི་སྒྲ་དངོས་མ་དང་། ཞར་གྱིས་ཐོབ་པའི་མི་གཉིས་སྦྱར་བ་ན་སྦྱོར་ཡུལ་གྱི་དོན་དེ་མ་ཡིན་པའམ་མེད་པར་སྟོན་པ་མ་ཡིན། མི་སྣང་ལ་སོགས་པ་ལྟ་བུ་དག་སྟེ། འདི་དག་ནི་དགག་པའི་གནས་སུ་ཤེས་པར་བྱའོ། །ཞེས་པའོ། །དོན་གཉིས་པ་གདམས་ངག་བརྗོད་པས་མཇུག་བསྡུས་པ་ལ་བཞི་སྟེ། ཚིག་བཅད་འགྲོལ་ཚུལ་ལ་འདོམས་པ། ཉན་པ་པོ་སྤྲོ་བ་སྲིང་བའི་སྒོ་ནས་འདོམས་པ་དང་། བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ། གདམས་ངག་སྣོད་རུང་ལ་བསྟན་དགོས་པར་འདོམས་པའོ། །དང་པོ་ནི། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱར་བར་བྱ། །ཞེས་པ་སྟེ་དེའང་བདེ་བར་གཤེགས་པའི་བཀའ་དགོངས་འགྲེལ་དང་བཅས་པ་རྣམས་ལ་ཚིགས་སུ་བཅད་པ་ཡང་དག་པར་སྦྱར་བའི་རྣམ་དབྱེ་དང་ཚིག་ཕྲད་ལ་སོགས་པའི་མཚམས་སྦྱོར་རྣམས་མང་དུ་བསྡུས་པ་ཡོད་ན་ལྟ་ཅི་སྨྲོས། ཅུང་ཟད་བསྡུས་པར་གྱུར་པ་ཡོད་ན་ཡང་། དེ་ནི་འདིར་སྔོན་དུ་བསྟན་པའི་སླར་བསྡུ་ལ་སོགས་པ་ཇི་སྐད་བཤད་པ་དེ་བཞིན་དུ་བསྣན་ཅིང་སྦྱར་ཏེ་བཤད་པས་དོན་ཁོང་དུ་ཆུད་པར་བྱའོ། །ཞེས་སོ། །དེ་ཡང་། ཟག་བཅས་ཟག་པ་མེད་ཆོས་རྣམས་ཞེས་པ་ལྟ་བུར་ཟག་པ་དང་བཅས་པའི་ཆོས་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་ཞེས་སྡུད་པའི་སྒྲ་དང་འབྲེལ་སྒྲ་སོགས་བསྣན་ནས་དོན་རང་གིས་བསམ་པ་དང་གཞན་ལ་འཆད་དགོས་བཞིན་ཚིག་ལྷུག་ལའང་སྦྱར་ཤེས་པར་བྱའོ། །གཉིས་པ་ལ། རྗེས་འཇུག་མེད་མི་རུང་དུ་བསྟན་པ། རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ། དེ་དོན་ལ་དབབ་པའི་ཚུལ་བསྟན་པ་དང་གསུམ་ལས། དང་པོ་ནི། སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞིའི་ཡི་གེ་གང་ཡིན་ལ། །གཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད། །ཨཱ་ལི་བཞི་ལས་གང་ལྡན་ཡང་། །རྗེས་འཇུག་བཅུ་བོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །ཅེས་པ་སྟེ། དེ་ཡང་མིང་ཚིག་གི་སྦྱོར་བ་རྣམས་ལ་གོང་དུ་བཤད་པའི་སྔོན་འཇུག་གི་ཡི་གེ་རྣམས་སྔོན་དུ་ཞུགས་པ་ཡོད་དམ་མེད་ཀྱང་རུང་སྟེ། བསྒྲུ་སྒྲུ་ལྟ་བུ་ཅི་རིགས་པར་སྣང་ཞིང་འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞིའི་ཡི་གེ་གང་ཡིན་ལའང་། ལྔ་ལྷ་ལྟ་བུ་གཉིས་འབྲེལ་ཡོད་དམ། སྒྲ་རྒྱ་ལྟ་བུ་གསུམ་འབྲེལ་ཡོད་དམ། དེ་དག་ལ་ཨཱ་ལི་བཞི་ལས་གང་ཡང་རུང་བ་ལྡན་པ་ལྷུ་སྒྲོ། ལྟ་བུ་རྣམས་ལ་ཡང་རྗེས་འཇུག་བཅུ་བོ་གང་ཡང་རུང་བ་ཞིག་མ་ཞུགས་ན་ཡི་གེའི་གཟུགས་དེ་ཉིད་ལས་མིང་དོན་གཞན་ལ་འཇུག་ཅིང་སྦྱོར་བ་ནི་ཚུལ་འདི་ལ་ནམ་ཡང་ཡོད་མི་སྲིད་དོ། །ཞེས་པའོ། །གཉིས་པ་ནི། རྗེས་འཇུག་བཅུ་ཡི་དོན་ཤེས་ན། །འབྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར། །གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང་། དོན་དང་མཐུན་པའི་སྦྱོར་བ་ཤེས། །ཞེས་པ་སྟེ། དེ་ལྟར་རྗེས་འཇུག་གི་ཡི་གེ་བཅུ་ཡི་བྱ་བ་དང་གཙོ་བོར་འབྲེལ་བའི་ཕྲད་དང་རྣམ་དབྱེ་ལ་སོགས་པའི་སྒྲ་དོན་གྱི་འཇུག་ཚུལ་ལེགས་པར་ཤེས་ན། མདོ་རྒྱུད་བསྟན་བཅོས་རྣམས་ཡི་གེར་འབྲི་བ་དང་བྲིས་ཟིན་པ་རྣམས་དག་པར་ཀློག་པ་དང་། ཚིག་དོན་རྒྱ་ཆེར་བཀྲོལ་ནས་བཤད་པ་དང་། དེར་མ་ཟད་རྩོད་པ་དང་རྩོམ་པ་ལ་སོགས་པ་རྣམས་ཀྱི་ཚེའང་ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་དོན་རྣམས་ལ་བློ་གྲོས་ཀྱི་སྣང་བ་འཇུག་པར་ཐོགས་པ་མེད་ཅིང་ཚིག་དང་དོན་མི་འབྲེལ་བ་ལ་སོགས་པའི་སྐྱོན་མེད་པར་འབྲེལ་ཆགས་པ་ཁོ་ན་སྨྲ་བའི་མཆོག་ཏུ་འགྱུར་བ་དང་། གཞན་ཡང་རྗེས་འཇུག་གི་དོན་ཚུལ་བཞིན་ཤེས་པ་དེ་ཡིས་ནི། ཡི་གེ་མཐོང་བའམ། གཞན་གྱིས་ལེགས་པར་སྨྲས་པ་ཐོས་ཀྱང་རུང་། རང་ཉིད་ཀྱིས་དེའི་དོན་གྱི་སྦྱོར་བ་སྔར་མ་མཐོང་བ་སྟེ་སྤྱོད་ཡུལ་དུ་མ་གྱུར་པ་ཞིག་ཡིན་ཡང་། བརྗོད་པ་དེའི་ཕྲད་སོགས་ཀྱི་ནུས་པས་དོན་དང་མཐུན་པའི་སྦྱོར་བ་གང་ཡང་རྗེས་སུ་དཔག་སྟེ་ཤེས་པར་ནུས་པ་ཡིན་ནོ། །ཞེས་སོ། །གསུམ་པ་ནི། རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང་། །བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། །ཞེས་པས་བསྟན། དེ་ཡང་རྗེས་འཇུག་གི་སྦྱོར་བ་རྣམས་ལ་མཁས་པར་གྱུར་པའི་གང་ཟག་གིས་རང་ཉིད་ཤེས་བྱ་རིགས་པའི་གནས་གང་ལ་འཇུག་ཅིང་ཤེས་པར་འདོད་པ་ན་དེ་དང་དེའི་ལུང་ཐུན་མོང་བ་དྲང་སྲོང་དང་པཎྜི་ཏས་བྱས་པའི་བསྟན་བཅོས་དང་། ཐུན་མོང་བ་མ་ཡིན་པ་བཅོམ་ལྡན་འདས་ཀྱི་གསུངས་རབ་དགོངས་འགྲེལ་དང་བཅས་པ་དག་གི་དོན་དང་སྐབས་སུ་ཇི་ལྟར་མཚམས་སྦྱོར་བར་བྱེད་པ་དང་། བསླབ་པར་བྱ་བ་གང་ཡིན་པ་དེ་ལ་མཁས་ཤིང་དོན་ཚུལ་བཞིན་དུ་འདོམས་པའི་བླ་མའི་མན་ངག་དག་ཀྱང་མཉན་ནས། རྗེས་འཇུག་གི་སྦྱོར་བ། ལུང་གི་དོན། བླ་མའི་མན་ངག་སྟེ་གསུམ་པོ་དེ་དག་ཕྱོགས་གཅིག་ཏུ་སྦྱར་ནས་གང་ཤེས་པར་འདོད་པའི་དོན་དེ་ཉིད་ཀྱི་ཐོག་ཏུ་དབབ་པས་བདེ་བླག་ཏུ་རྟོགས་པར་འགྱུར་བས་དེ་ལྟར་བྱའོ། །ཞེས་པའོ། །དེ་དག་ཀྱང་ཚིག་སྦྱོར་ཕྲ་མོ་རེའི་དོན་ལའང་དེ་གསུམ་ག་ངེས་པར་འཚོགས་དགོས་པའི་ངེས་པ་ནི་མེད་དོ། །གསུམ་པ་བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ་ནི། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱངས། །སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །མཉན་བསམ་བསྟན་པའི་དོན་དུ་སྦྱར། །ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་དོན་ལ་དབབ། །བསླབ་པའི་རིམ་པ་འདི་ཡིས་ནི། གང་ཞིག་འབད་པ་ཆུང་ངུས་ཀྱང་། ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པ་མཉན་བྱས་ཏེ། །བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་དག་ལས་མཉན། །ཞེས་པས་བསྟན། དེ་ཡང་རིག་པའི་ཚུལ་གང་ཞིག་བསླབ་པར་བྱ་བ་ལ་བརྩོན་པས་འཇུག་པར་བྱེད་འདོད་པའི་གང་ཟག་ལས་དང་པོ་བདག་གིས་ནི། དང་པོ་ཉིད་དུ་ང་རོ་སྟེ་ཡི་གེ་རྐྱང་བ་རྣམས་རང་རང་གི་སྐྱེ་གནས་དང་མ་གྲུབ་པ་དང་། དབྱངས་ལྡན་རྣམས་ཀྱང་སོ་སོའི་ང་རོ་དབྱུང་ཚུལ་བཅས་ཡི་གེ་རེ་རེ་ནས་ཀློག་པའི་སྒྲ་གདངས་ལ་སྦྱང་བར་བྱ་ཞིང་། དེ་ནས་སྔོན་འཇུག་ལྔ་དང་འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞི་སུམ་ཅུ་དང་། དེ་ལས་རྗེས་འཇུག་བཅུ་སྟེ། དེ་གསུམ་ཅི་རིགས་པར་ཚེག་བར་གཅིག་ཏུ་སྦྱོར་བའི་ཚུལ་ཡང་ཀློག་ལེགས་པར་ཤེས་པ་དག་གིས་ཆེད་དུ་བསླབ་པར་བྱ་བ་ཡིན་པ་དང་། ཀློག་ཚུལ་ལ་བྱང་ནས་རྗེས་འཇུག་སྟེ་དེར་སྔོན་འཇུག་ཀྱང་འདུས་པས་དེ་དག་རྟགས་འཇུག་ནས་བཤད་པ་ལྟར་སྒྲ་དོན་གང་ལ་འཇུག་པ། ཡི་གེ་གང་གིས་འཇུག་པ། ཚུལ་ཇི་ལྟར་འཇུག་པ། དགོས་པ་ཅིའི་ཕྱིར་འཇུག་པ་སྟེ་རྣམ་པ་བཞི་ཡི་སྦྱོར་བ་རྣམས་ནི། བླ་མ་སོགས་ལས་ཆོས་མཉན་པ་དང་། ཉན་པའི་དོན་ལ་བསམ་བཞིག་གཏོང་བ་དང་། དོན་དེ་རང་གིས་རྟོགས་ནས་གཞན་ལ་བསྟན་པར་བྱ་བ་ལ་སོགས་པའི་དོན་དུ་སྦྱར་བར་བྱ་སྟེ། ཀློག་དང་བརྡ་སྦྱོར་གྱི་ཡན་ལག་དེ་དག་གི་མཐུ་ཡིས་ནི། གང་བསླབ་པར་བྱ་བ་དེ་ཤེས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་དོན་ལ་དབབ་ནས་ཉམས་སུ་བླང་བར་བྱའོ། །དེ་ལྟར་བསླབ་པར་བྱ་བའི་རིམ་པ་འདི་ཡིས་ནི་སྐྱེས་བུ་གང་ཞིག་ཐོས་བསམ་ལ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་རྣམས་ནི་སྨྲོས་ཅི་དགོས་ཏེ་འབད་པ་ཆུང་ངུ་ཙམ་བྱས་པས་ཀྱང་ཚིག་དོན་ལ་རྨོངས་པ་མེད་པའི་ཤེས་རབ་མྱུར་དུ་གྲོལ་པར་འགྱུར་རོ། །རྒྱུ་མཚན་དེའི་ཕྱིར་མཁས་པར་འདོད་པ་རྣམས་ཀྱིས་དང་པོ་ཁོ་ནར་སུམ་ཅུ་པའི་གཞུང་འདི་ཉིད་བསླབ་པར་བྱ་ཞིང་འདི་ཤེས་པ་དེ་ནས་རྟགས་འཇུག་ལ་སོགས་པ་འདིའི་སྐབས་ཕྱི་མ་རྣམས་དང་། བརྡ་སྤྲོད་པའི་གཞུང་རྒྱས་པ་གཞན་དང་གཞན་པའང་མཉན་པར་བྱས་ཏེ་ཁོང་དུ་ཆུད་པར་ན། ཐེག་པ་གསུམ་གྱི་གཞིར་གྱུར་པའི་བསླབ་པ་གང་ལ་རང་ཉིད་དད་ཅིང་སློབ་པར་འདོད་པ་ཡི་གཞུང་ལུགས་ཡན་ལག་དང་བཅས་པ་ཉིད་བླ་མ་དག་ལས་མཉན་པར་བྱའོ། །ཞེས་པའོ། །བཞི་བ་སྣོད་རུང་ལ་གདམས་ངག་བསྟན་དགོས་པར་འདོམས་པ་ནི། སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། ལེ་ལོ་གཡེང་བ་རྣམ་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ། །ཞེས་པ་སྟེ། དེ་ཡང་བརྡའི་སྦྱོར་བ་ལ་མཁས་པར་བྱེད་པའི་བསྟན་བཅོས་འདི་ལྟ་བུའི་གདམས་ངག་བསྟན་ཏུ་རུང་བའི་སྣོད་ནི་གདམས་ངག་སྟོན་མཁན་གྱི་སློབ་དཔོན་དེ་ཉིད་ལ་སློབ་དཔོན་དུ་འཛིན་ཅིང་ཞེ་ས་དང་བཅས་པས་དྲིན་དུ་གཟོ་བ་དང་། རིག་པ་སློབ་པའི་མི་མཐུན་ཕྱོགས་བསླབ་བྱ་དེ་ལ་མི་སྤྲོ་བའི་ལེ་ལོ་དང་། བྱ་བ་གཞན་ལ་འཇུག་པའི་གཡེང་བ་གཉིས་ཀ་རྣམ་པར་སྤངས་པ་སྟེ། སྐྱོན་དེ་དག་གི་གླག་མི་རྙེད་པའི་རྟག་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་དང་། རིག་པ་སློབ་པའི་མཐུན་རྐྱེན་ཟོ་སྟེ་རང་བཞིན་ནམ་ངང་ཚུལ་བཟང་ཞིང་བསླབ་པར་བྱ་བའི་གནས་ལ་མཆོག་ཏུ་དད་པ་ལ་བརྟེན་པའི་གུས་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་སྟེ། མཚན་ཉིད་གསུམ་དང་ལྡན་པ་དེ་ལྟ་བུའི་སྐྱེས་བུ་དེས་ནི་བསླབ་པར་བྱ་བ་གང་ཡིན་དེ་མྱུར་དུ་རྟོགས་པར་འགྱུར་ཏེ། དེས་ན་དེ་ལ་དུས་ཤེས་པར་བྱས་ནས་དུས་སུ་འདོམས་པར་བྱ་ཞིང་། ཅིག་ཤོས་གཞན་ནི་དེ་ལས་ལྡོག་པ་སྟེ། སློབ་དཔོན་ལ་མི་གུས་པ་དང་། ལེ་ལོ་དང་གཡེང་བ་ཅན་དང་། རང་བཞིན་ངན་ཞིང་དད་པ་མེད་པ་རྣམས་ལ་སྣོད་དང་མི་ལྡན་པས་རེ་ཞིག་འདོམས་པར་བྱ་བ་མ་ཡིན་ཀྱང་ཕྱི་ནས་དོན་དུ་གཉེར་ཞིང་འདུན་པར་གྱུར་ན་ནི་ལེགས་པར་རྗེས་སུ་བསྟན་པར་བྱའོ། །ཞེས་མཇུག་བསྡུས་པའོ། །དེ་དག་གིས་རྩ་བ་སུམ་ཅུ་པའི་འབྲུ་འགྲེལ་ལེགས་པར་བཤད་ཟིན་ཏོ། །

༈ ད་ནི་སྤྱི་དོན་གཉིས་པ་དེ་དག་གི་རྟགས་ཀྱི་འཇུག་པའི་འབྲུ་འགྲེལ་ཅུང་ཟད་ཅིག་འཆད་པ་ལ་གསུམ་སྟེ། མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ་དང་། སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་དང་། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པའོ། །དང་པོ་ནི། ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་བ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་བ་བཞི་བ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ན་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པས་བསྟན་དེ་ཡང་སྤྱིར་བོད་སྐད་ལ་ཉེ་བར་གྲགས་པའི་ཡི་གེ་རྣམས་ལ་ཕོ་མོ་གཉིས་སུ་དབྱེ་བའི་དབང་དུ་བྱས་ན་དབྱངས་ཡིག་མཚོན་བྱེད་ཨི་ཨུ་ཨེ་ཨོ་བཞི་ནི་ཤེས་རབ་ཀྱི་རང་བཞིན་མོ་དང་། ཀ་ནས་ཨའི་མཐར་ཐུག་པ་གསལ་བྱེད་སུམ་ཅུ་པོ་རྣམས་ནི་ཐབས་ཀྱི་རང་བཞིན་ཕོར་ཤེས་པར་བྱའོ། །དེས་ན་ཕོ་ཡི་ཡི་གེ་འབའ་ཞིག་སྟེ། གསལ་བྱེད་སུམ་ཅུ་པོ་ཁོ་ན་ལ་གོང་དུ་སུམ་ཅུ་པའི་སྐབས་སུ་བཤད་པ་ལྟར་སྡེ་བ་ཕྱེད་དང་བརྒྱད་དུ་གནས་པ་དེའང་། འདིར་ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ་སྟེ་སྡེ་ཚན་ལྔ་རུ་དྲིལ་བར་བྱས་ནས་འཆད་པ་ལ། དེ་གང་གི་དབྱེ་ཚུལ་ཡང་སྡེ་བ་དང་པོ་ནས་སྡེ་ཚན་རེ་རེ་བཞིན་ཕོ་དང་། མ་ནིང་དང་། མོ་དང་ནི། ཤིན་ཏུ་མོ་དང་བཞི་རེ་བཞི་རེ་རུ་སྡེ་བ་བཞི་བ་ཡན་ཆད་དབྱེ་བ་ཡིན་ཏེ། དེ་ཡང་ཇི་ལྟར་ན་སྡེ་བ་བཞི་བོ་རྣམས་ཀྱི་དང་པོ་ཀ་ཅ་ཏ་པ་རྣམས་ཕོ་དང་། གཉིས་པ་ཁ་ཆ་ཐ་ཕ་རྣམས་མ་ནིང་དང་། གསུམ་པ་ག་ཇ་ད་བ་རྣམས་མོ་དང་། བཞི་བ་ང་ཉ་ན་མ་ཤིན་ཏུ་མོར་ཤེས་པར་བྱའོ། །དེར་མ་ཕྱེ་བའི་ལྷག་མ་ཙ་སྡེ་ནས་བཟུང་ཡི་གེ་བཅུ་བཞི་གནས་པ་ལ། ཙ་སོགས་སྟེ་ཙ་ཚ་ཛ་གསུམ་ནི་རིམ་བཞིན་སྔར་བསྟན་པའི་ཅ་ལ་སོགས་པ་གསུམ་དང་འགྲོས་སྦྱར་བར་བྱ་སྟེ། འདི་ལྟར་ཙ་ཕོ་ཚ་མ་ནིང་ཛ་མོར་ཤེས་པར་བྱའོ། །དེ་བཞིན་དུ་ཝ་ནི་བ་དང་སྦྱར་བས་མོ་རུ་ཤེས་པར་བྱའོ། །དེའི་ལྷག་མ་ཞ་ཟ་འ་ཡ་ཤ་ས་སྟེ་དྲུག་པོ་དེ་རྣམས་ཀྱང་ནི་མོའི་ཡི་གེ་རུ་སྦྱར་བར་བྱའོ། །ར་ལ་ཧ་གསུམ་ནི་མོ་གཤམ་གྱི་ཡི་གེ་ཞེས་བྱ་སྟེ། ཨ་ཡིག་ནི་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད་མཚན་མེད་ཀྱི་ཡི་གེ་ཉིད་ཅེས་ཀྱང་བྱའོ། །ཞེས་པའོ། །འདིར་མིང་བཞིའི་ཡི་གེ་རྣམས་ཕོ་ལ་སོགས་པར་རྒྱུ་མཚན་གང་གི་སྒོ་ནས་བཞག་པའང་འདི་ལྟར་ཤེས་དགོས་ཏེ། དེ་ཡང་ཡི་གེ་རྣམས་སོ་སོར་ངག་ནས་བརྗོད་པའི་ཚེ་སོ་སོའི་སྐྱེ་གནས་ཀྱང་། བོད་ཡིག་གི་དབང་དུ་བྱས་ན། ཀ་ཁ་ག་ང་ཧ་ཨ་འ་རྣམས་ཀྱི་སྐྱེ་གནས་མགྲིན་པ། ཅ་ཆ་ཇ་ཉ་ཙ་ཚ་ཛ་ཞ་ཡ་ཤ་ཨི་ཨེ་རྣམས་ཀྱི་སྐྱེ་གནས་རྐན། ཏ་ཐ་ད་ན་ཟ་ལ་ས་རྣམས་ཀྱི་སྐྱེ་གནས་སོ། པ་ཕ་བ་མ་ཝ་ཨུ་ཨོ་རྣམས་ཀྱི་སྐྱེ་གནས་མཆུ། ར་ཡིག་གི་སྐྱེ་གནས་ལྕེ་རྩེ་དང་ཉེ་བའི་སྤྱི་བོ་སྟེ་ལྕེ་རྩེའི་སྟེང་ཕྱོགས། དེ་ལས་ང་ཉ་ན་མ་རྣམས་ནི་རང་རང་གི་གནས་སུ་མ་ཟད་སྣ་དང་བཅས་པའོ། །དེས་ན་རང་རང་གི་སྐྱེ་གནས་དང་ཕྲད་པའི་ཚེ་བྱེད་རྩོལ་གྱི་ཤུགས་ཆེ་ཆུང་ངམ་གྲིམ་ལྷོད་ཀྱི་དབང་གིས་ཤུགས་ཆེ་བའམ་གྲིམས་པ་རྣམས་ཕོ་ཡིག་དང་། རན་པ་རྣམས་མ་ནིང་དང་། ཅུང་ཟད་ཆུང་བའམ་ལྷོད་པ་རྣམས་མོ་དང་། དེ་ལས་ཀྱང་ཆུང་བའམ་ལྷོད་པ་རྣམས་ཤིན་ཏུ་མོ་དང་། ཤིན་ཏུ་རྩོལ་བ་ལྷོད་ཅིང་ཞན་པ་རྣམས་མོ་གཤམ་དུ་བཞག་པའོ། །དེས་ན་ཨ་ཡིག་ཀྱང་རྩོལ་བ་ཤིན་ཏུ་ལྷོད་པའི་སྒོ་ནས་མོ་གཤམ་དུ་བཞག་མོད་ཀྱི་ར་ལ་ཧ་གསུམ་ལ་ལྟོས་པའི་དེ་ལས་ཀྱང་རྩོལ་བ་ཞན་པའི་ཕྱིར་མཚན་མེད་དུའང་བཞག་གོ །གཉིས་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལའང་། མིང་གཞི་ལས་སྔོན་རྗེས་དབྱུང་བའི་ཚུལ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ། དེའི་འཇུག་ཚུལ་བཤད་པ་དང་གསུམ་གྱི་དང་པོ་ནི། མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །ཞེས་པས་བསྟན། དེ་ཡང་བཤད་མ་ཐག་པའི་མོ་ཡི་ཡི་གེ་ལ་མོ་ཙམ་དང་ཤིན་ཏུ་མོ་མོ་གཤམ་སྟེ་གསུམ་དུ་གནས་པ་སོ་སོར་མ་ཕྱེ་བའི་ནང་ནས་ནི་སུམ་ཅུ་བའི་སྐབས་ལྟར་རྗེས་སུ་འཇུག་པའི་ཡི་གེ་ག་སོགས་བཅུ་བོ་རྣམས་དབྱུང་བར་བྱ་ཞིང་། རྗེས་སུ་འཇུག་པ་བཅུ་བོ་དེ་ཡི་ནང་ནས་ནི་སྔོན་འཇུག་གི་ཡི་གེ་ལྔ་བོ་དབྱུང་བར་བྱའོ། །ཞེས་སོ། །གཉིས་པ་སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་ནི། སྔོན་འཇུག་ཡི་གེ་ལྔ་བོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །ཞེས་པས་བསྟན། དེ་ཡང་བཤད་མ་ཐག་པའི་སྔོན་འཇུག་གི་ཡི་གེ་ལྔ་བོ་དེ་ལ། ཕོ་བ་ཡིག་དང་། མ་ནིང་ག་ད་གཉིས་དང་། མོ་འ་ཡིག་དང་ནི་ཤིན་ཏུ་མོ་མ་ཡིག་དང་བཅས་བཞི་རུ་དབྱེ་བར་བྱའོ། །ཞེས་སོ། །དེ་དག་གི་རྟགས་ཀྱི་དབྱེ་ཚུལ་ཡང་མིང་གཞི་ལྟར་སྔོན་འཇུག་གི་ཡི་གེ་རང་རང་ཀློག་པའི་སྒྲ་གྲིམས་ལྷོད་སོགས་ལས་ནི་མ་ཡིན་ཏེ། འཆད་འགྱུར་ལྟར་དེ་དག་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློགས་པའི་ཚེ་སྒྲ་གདངས་ཤུགས་ཆེ་ཆུང་དུ་འགྱུར་བའི་ཆ་ནས་བཞག་པའོ། །གསུམ་པ་དེའི་འཇུག་ཚུལ་བཤད་པ་ལའང་། འཇུག་ཚུལ་རྟོགས་བྱེད་ཀྱི་ཡན་ལག་རྣམས་མདོར་བསྟན་པ་དང་། དྲི་ལན་གྱི་སྒོ་ནས་རྒྱས་པར་བཤད་པ་སྟེ་གཉིས་ལས། དང་པོ་ནི། དེ་དག་རེ་རེའང་བཞི་བྱེད་དེ། གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །ཅེས་པས་བསྟན་ཏེ། སྔོན་འཇུག་དེ་དག་གི་ཕོ་སོགས་རེ་རེའི་འཇུག་ཚུལ་ལའང་རྣམ་པ་བཞི་བཞིར་བྱེད་པ་ཉིད་དེ་བཞི་བཞིའི་སྒོ་ནས་རྟོགས་པར་བྱེད་དགོས་སོ། །དེའང་འཇུག་ཡུལ་མིང་གཞིའི་ཡི་གེ་གང་དང་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་སྔོན་འཇུག་གང་གིས་འཇུག་པར་བྱེད་པ་དང་། སྒྲའི་ཚུལ་ཇི་ལྟ་བུར་འཇུག་པར་བྱེད་པ་དང་། དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་པ་རྣམས་སོ། །གཉིས་པ་དྲི་ལན་གྱི་སྒོ་ནས་རྒྱས་པར་བཤད་པ་ལ། གང་ལ་འཇུག་པར་བྱེད་པ་དང་། གང་གིས་འཇུག་པར་བྱེད་པ་ཐུན་མོང་དུ་བསྟན་པ་དང་། ཇི་ལྟར་འཇུག་པར་བྱེད་པ་བསྟན་པ་དང་། ཅིའི་ཕྱིར་འཇུག་པར་བྱེད་པ་སྟེ་གསུམ་མོ། །དང་པོ་ལ་དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྟན་པའོ། །དང་པོ་ནི། གང་ལ་འཇུག་པར་བྱེད་ཅེ་ན། །ཞེས་པའོ། །གཉིས་པ་ལན་ལ། ལན་དངོས་དང་། ཞར་བྱུང་མི་འཇུག་པ་བཤད་པ་གཉིས་ཀྱི་དང་པོ་ནི། ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལ། མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང་། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཞེས་པས་བསྟན། དེ་ལ་གང་གིས་འཇུག་པར་བྱེད་པ་པོ་སྔོན་འཇུག་གི་ཕོའི་ཡི་གེ་བ་ནི་རང་གི་སྡེ་བ་མ་ཡིན་པའི་མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་ཙ་རྣམས་དང་མོ་ཡིག་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ལ་ཤ་ས་རྣམས་ལ་འཇུག་སྟེ། དེ་ཡང་ཀ་ག་གཉིས་ལ་བརྩེགས་འདོགས་རྐྱང་གསུམ་གར་དང་། ཏ་ཙ་ད་གསུམ་ལ་རྐྱང་བརྩེགས་གཉིས་ཀར་དང་། ང་ཇ་ཉ་ན་ཛ་ལ་རྣམས་ལ་བརྩེགས་མ་ཁོ་ནར་དང་། ཅ་ཞ་ཤ་གསུམ་ལ་རྐྱང་བ་ཁོ་ནར་དང་། ཟ་ས་གཉིས་ལ་རྐྱང་འདོགས་གཉིས་ཀར་དང་། ར་ལ་འདོགས་ཅན་ཁོ་ནར་སྟེ་དེ་རྣམས་ལ་འཇུག་པ་ཡིན་ནོ། །དེ་བཞིན་དུ་སྔོན་འཇུག་གི་མོ་འ་ཡིག་ནི། མིང་གཞིའི་མོ་ག་ཇ་ད་བ་ཛ་རྣམས་དང་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་རྐྱང་འཕུལ་གྱིས་འཇུག་ཅིང་། དེ་རྣམས་ལས་ག་ད་བ་ཁ་ཕ་རྣམས་ལ་འདོགས་འཕུལ་དུའང་འཇུག་གོ །སྔོན་འཇུག་གི་མ་ནིང་ག་ད་གཉིས་པོ་ཡང་ནི་འདི་ལྟར་འཇུག་སྟེ། ག་ཡིག་མིང་གཞིའི་ཕོ་ཅ་ཏ་ཙ་རྣམས་དང་། མོ་ཉ་ད་ན་ཞ་ཟ་ཡ་ཤ་ས་རྣམས་ལ་རྐྱང་འཕུལ་ཁོ་ནར་འཇུག་པ་དང་། ད་ཡིག་ནི་མིང་གཞིའི་ཕོ་ཀ་བ་གཉིས་དང་། མོ་ག་བ་གཉིས་ཏེ་བཞི་ལ་རྐྱང་འདོགས་གཉིས་ཀར་འཇུག་ཅིང་། མོ་ཡིག་ང་མ་གཉིས་ལ་རྐྱང་འཕུལ་ཁོ་ནར་འཇུག་པའོ། །སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་རྣམས་དང་། མོ་ཡིག་ག་ཇ་ད་ཛ་རྣམས་དང་། ཤིན་ཏུ་མོ་ང་ཉ་ན་རྣམས་ཉིད་ལ་རྐྱང་འཕུལ་གྱིས་འཇུག་ཅིང་། དེ་ལས་ཁ་ག་གཉིས་ལ་འདོགས་འཕུལ་དུའང་འཇུག་པའོ། །ཞེས་སོ། །འདིར་རྐྱང་བ་སོགས་ཀྱི་གོ་དོན་ནི་སྔོན་འཇུག་གི་འཇུག་ཡུལ་དུ་རྗེས་འཇུག་མི་བརྩི་བའི་མིང་གཞིའི་ཡི་གེ་ཉིད་རེ་རེ་ཡིན་ན་རྐྱང་བ་དང་། གཉིས་གསུམ་འབྲེལ་བ་ཡིན་ན་བརྩེགས་མའི་ཐ་སྙད་འཇུག་ཅིང་འདོགས་ཅན་ཞེས་ཐ་སྙད་ཟུར་དུ་བྱེད་པའང་བརྩེགས་མའི་བྱེ་བྲག་ཉིད་ཡིན་ཏེ། རིམ་པ་ལྟར། བཀའ་ལྟ་བུ་དང་། བསྐོན་ལྟ་བུ་དང་། བསྐྱེད་བཀྲག་སོགས་ལྟ་བུ་སྟེ་ཕྱི་མ་ནི་ཡ་ར་ལ་གསུམ་གྱི་འདོགས་ཟུར་དུ་བཤད་པ་ཙམ་མོ། །གཉིས་པ་ཞར་བྱུང་དུ་མི་འཇུག་པ་བཤད་པ་ནི། ཕོ་ནི་མ་ནིང་ལ་མི་འཇུག །མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག །རང་གི་སྡེ་དང་འཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་པས་བསྟན། དེ་ཡང་སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་མ་ནིང་ད་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་ཅིང་། སྔོན་འཇུག་མོ་འ་ཡིག་དང་དེའི་ཤུགས་ཀྱིས་ཤིན་ཏུ་མོ་མ་ཡིག་དག་ནི་མིང་གཞིའི་ཕོ་ཀ་ཅ་ཏ་པ་ཙ་རྣམས་ལ་འཇུག་པ་མིན། དེ་བཞིན་དུ་མ་ནིང་ནི་མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་རང་ལ་སྔོན་འཇུག་གིའང་མ་ནིང་རང་ག་ད་གཉིས་པོ་མི་འཇུག་པ་ཡིན་ནོ། །ཡང་གོང་དུ་ཕོ་ནི་ཕོ་དང་མོ་ལ་འཇུག །ཅེས་སོགས་བཤད་པའི་དམིགས་བསལ་སྔོན་འཇུག་རྣམས་རང་རང་གི་གནས་ཡུལ་སྡེ་བ་སྟེ། བཞི་ཚན་སོ་སོའི་མིང་གཞིའི་ཡི་གེ་རྣམས་དང་འཕྲད་པའི་ཚེ་ན་སྔོན་འཇུག་གི་ཕོ་བ་ཡིག་ཡང་ནི་མིང་གཞིའི་མོ་བ་མ་དག་ལ་འཇུག་པར་མི་འགྱུར་ལ། ཡང་སྒྲས་ཕོ་ཡིག་པ་ལའང་མི་འཇུག་པར་བསྟན་པ་དང་། དེ་བཞིན་དུ་སྔོན་འཇུག་གི་མ་ནིང་ག་ད་གཉིས་ཀྱང་རང་སྡེའི་ཕོ་མོ་དག་ལ་མི་འཇུག་སྟེ། ག་ཡིག་ནི་མིང་གཞིའི་ཀ་ག་ད་རྣམས་དང་། ང་ཡིག་ཏ་ད་ན་རྣམས་ལ་མི་འཇུག་པའོ། །སྔོན་འཇུག་གི་མོ་ཡིག་ལ་ནི་རང་སྡེའི་མིང་གཞིའི་མོ་ཞ་ཟ་འ་ཡ་རྣམས་དང་ཡང་སྒྲའི་ཤུགས་ཀྱིས་མོ་ཡིག་ཤ་ས་དག་ལའང་མི་འཇུག་པ་དང་། དེ་བཞིན་ཏུ་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་རང་སྡེའི་མིང་གཞིའི་མ་ནིང་ཕ་དང་མོ་དང་ཤིན་ཏུ་མོ་བ་མ་རྣམས་ལའང་མི་འཇུག་པ་ནི་སྔ་མ་དེ་དག་བཞིན་ནོ། །ཞེས་སོ། །གཉིས་པ་ཇི་ལྟར་འཇུག་པར་བྱེད་པ་བསྟན་པ་ལ་དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པ་གཉིས་ལས་དང་པོ་ནི། ཇི་ལྟར་འཇུག་པར་བྱེད་ཅེ་ན། ཞེས་པའོ། །གཉིས་པ་ནི། ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པ་སྟེ། དེ་ཡང་སྔོན་འཇུག་གི་ཕོ་ཡིག་བ་ནི་མིང་གཞིའི་ཡི་གེ་རང་གི་འཇུག་ཡུལ་དུ་རྣམས་ལ་སྒྲ་དང་བྱེད་རྩོལ་དྲག་པའི་ཚུལ་གྱིས་འཇུག་པ་ཡིན་ཏེ། མ་ནིང་ག་ད་གཉིས་ནི་སྒྲ་རྩོལ་རན་པར་འཇུག་པ་ཡིན་ལ། མོ་ཡིག་འ་ནི་སྒྲ་རྩོལ་ཞན་པའི་ཚུལ་གྱིས་འཇུག་པ་ཡིན་ཏེ། ཤིན་ཏུ་མོ་མ་ནི་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ལྷོད་པའི་ཚུལ་གྱིས་འཇུག་པ་ངེས་སོ། །ཞེས་པའོ། །སྐབས་འདིའི་འཇུག་ཚུལ་ཡང་དྲག་ཞན་སོགས་སྒྲ་གདངས་ཁོ་ནའི་སྒོ་ནས་བཞག་པའང་མ་ཡིན་ཏེ། མོ་དང་མ་ནིང་གི་འཇུག་ཚུལ་ལ་སྒྲ་དྲག་ཞན་གྱི་དབྱེ་བ་ཆེར་མེད་ཀྱང་གཙོ་བོར་བྱེད་རྩོལ་ཆེ་ཆུང་གི་སྒོ་ནས་འབྱེད་དགོས་ཤིང་། གཞན་རྣམས་ལའང་སྒྲ་གདངས་དྲག་ཞན་དུ་མ་ཟད་བྱེད་རྩོལ་ཆེ་ཆུང་གི་ཁྱད་པར་རེའང་ཞིབ་མོའི་བློས་དཔྱད་ན་མངོན་སུམ་གྱིས་གྲུབ་བའི་ཕྱིར་རོ། །གསུམ་པ་ཅིའི་ཕྱིར་འཇུག་པར་བྱེད་པ་བསྟན་པ་ལ་དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པའོ། དང་པོ་ནི། ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །ཞེས་པའོ། །གཉིས་པ་ལ་ཕོ་ཡིག་གི མ་ནིང་གི མོ་ཡིག་གི ཤིན་ཏུ་མོའི་འཇུག་དོན་བཤད་པ་སྟེ་བཞི་ལས། དང་པོ་སྔོན་འཇུག་གི་ཕོ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ་ནི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པ་ལྟར། དེ་ཡང་སྔོན་འཇུག་གི་ཕོ་ཡིག་བ་ནི་དགོས་པ་དུས་གསུམ་ལས་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་འདས་པ་བསྒྲུབ་པའི་ཕྱིར་ཞུགས་པ། ཆུས་བཀང་། གོས་བཀབ། ལྟ་བུ་དག་སྟེ། དེ་ཡང་བུམ་པ་ཆུས་བཀང་ལྟ་བུ་སྔོན་འཇུག་ཁོ་ནའི་བྱེད་པས་འདས་ཚིག་ཏུ་གྲུབ་པ་དང་། ཐུགས་དམ་བསྐངས་ལྟ་བུ་སྔོན་འཇུག་ཕོ་ཡིག་དང་འབྲེལ་བ་ཙམ་ལས་གཙོ་བོ་རྗེས་འཇུག་གི་བྱེད་པས་འདས་ཚིག་ཏུ་གྲུབ་པ་སོགས་བྱེ་བྲག་ཕྱེས་ནས་ཤེས་པར་བྱ་སྟེ། དེས་ན་འདས་ཚིག་གི་དོན་དེ་དང་དངོས་པོ་བདག་གཞན་གཉིས་ལས་གཞན་ཏེ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་བསྒྲུབ་པའི་ཕྱིར་ཞུགས་པ། བཀན་བྱའི་ལག་པ། བཀྱིག་བྱའི་དགྲ། ལྟ་བུ་དག་དང་བྱ་ཚིག་གིས་གསལ་མ་དགོས་པར་ཡུལ་གྱི་སྒྲ་མཚོན་ནུས་པ། གོས་སོགས་ལ་བགོ་བ། རྟ་ལ་བཅིབ་པ། བསླབ་བྱ་ལ་བསླབ་པ་སོགས་དང་། འཆད་འགྱུར་མ་ནིང་གི་འཇུག་པའི་སྐབས་སུ། གདམས་བྱ་ལ་གདམས་པ་སོགས་དང་། མོ་དང་ཤིན་ཏུ་མོའི་འཇུག་པའི་སྐབས་སུའང་དེ་འདྲ་མང་དུ་འབྱུང་བ་གོ་དགོས་སོ། །དེ་བཞིན་དུ་བ་ཡིག་དངོས་པོ་གཞན་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་ཉིད་ལ་འཇུག་པ་ནི། བཀལ་བར་བྱའོ། །བཀལ་ལོ། །ལྟ་བུ་དག་སྟེ་འདི་རྣམས་ལ་འཇུག་པ་ཡིན་ནོ། །ཞེས་པའོ། །གཉིས་པ་སྔོན་འཇུག་གི་མ་ནིང་དགོས་པ་གང་གིས་ཕྱིར་འཇུག་པ་ནི། མ་ནིང་གཉིས་ཀ་ད་ལྟར་ཆེད། །ཅེས་པས་བསྟན་ཏེ། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི་དངོས་པོའི་དབང་དུ་བྱས་ན་བདག་གཞན་གཉིས་ཀ་ལ་འཇུག་སྟེ། འདི་ལྟར་ག་ཡིག་བདག་བྱེད་པ་པོ་ལ་འཇུག་པ་ནི། རྔོ་བ་གཅོག་པ་པོ། གཅོག་བྱེད་ལྟ་བུ་དང་། བྱེད་པ་པོ་བདག་ལ་ཡོད་པའི་ལས་སམ་བྱེད་པ་ཙམ་ལ་འཇུག་པ་ནི། གཅར་བར་བྱེད། གཅར་རོ་ལྟ་བུ་དང་། གཞན་ཡང་ག་ཡིག་གཞན་བྱ་བའི་ཡུལ་ཉིད་ལ་འཇུག་པ་ནི། བཅད་བྱའི་ཤིང་། གཉེར་བྱའི་དོན་ལྟ་བུ་རྣམས་དང་། གཞན་བྱ་བའི་གཞི་དང་འབྲེལ་བའི་ལས་སམ་བྱ་བ་ཙམ་ལ་འཇུག་པ་ནི། གཅད་པར་བྱ། གཅད་དོ་ལྟ་བུ་རྣམས་ལ་འཇུག་ཅིང་། དེ་བཞིན་དུ་ད་ཡིག་བདག་བྱེད་པ་པོར་འཇུག་པ་ནི། སྣལ་མ་དཀྲི་བ་པོ། དཀྲི་བྱེད་ལྟ་བུ་དང་། བྱེད་པ་ཙམ་ལ་འཇུག་པ་ནི། དཀྲི་བར་བྱེད། དཀྲིའོ་ལྟ་བུ་རྣམས་དང་། གཞན་ཡང་ད་ཡིག་གཞན་བྱ་བའི་ཡུལ་ལ་འཇུག་པ་ནི། དཀྲི་བྱའི་མདོས་རིས། དགག་བྱའི་སྐྱོན་ལྟ་བུ་དང་། བྱ་བ་ཙམ་ལ་འཇུག་པ་དཀྲི་བར་བྱ། དཀྲི་ལྟ་བུ་དག་སྟེ། དེས་ན་མ་ནིང་གི་སྔོན་འཇུག་གཉིས་པོ་དེ་བཤད་མ་ཐག་པའི་འཇུག་ཡུལ་གཉིས་པོ་དེར་མི་གཏོགས་པའི་དུས་ད་ལྟར་གྱི་ཆེད་དུའང་འཇུག་སྟེ། འདི་ལྟར་གཅར་གྱིན་སྣང་ངོ་། །གཅར་བཞིན་པའོ། །དཀྲི་ཡིན་སྣང་ངོ་། །དཀྲི་བཞིན་པའོ། །ལྟ་བུ་སྔར་སྨོས་པའི་བདག་སྒྲའི་བྱེད་ཚིག་དེ་རྣམས་བརྗོད་ཚུལ་ཚིག་གྲོགས་ཀྱི་ཁྱད་པར་དང་བཅས་དཔེར་བརྗོད་པར་བྱའོ། །གསུམ་པ་སྔོན་འཇུག་གི་མོ་ཡིག་དགོས་པ་གང་གི་ཕྱིར་འཇུག་པ་ནི། མོ་ནི་བདག་ད་མ་འོངས་ཕྱིར། །ཞེས་པས་བསྟན། དེ་ཡང་སྔོན་འཇུག་གི་མོ་ཡིག་འ་ནི། ཁུར་འཁུར་བ་པོ། ཁུར་བྱེད་ལྟ་བུ། གང་ཞིག་ལས་སམ་བྱ་བ་དེ་ལས་ངེས་པར་ཐ་དད་པར་གྱུར་པའི་བདག་བྱེད་པ་པོའི་དངོས་པོ་སྟོན་པའི་ཚིག་དངོས་དང་། གང་ཞིག་ལས་སམ་བྱ་རྒྱུ་དེ་དང་ཐ་མི་དད་པ་ལྟར་སྣང་བའི་བྱེད་པ་པོའི་ཚིག འཁོར་བར་འཁོར་བ་པོ། འཁོར་བྱེད་ལྟ་བུ་རྣམས་དང་། བདག་དང་འབྲེལ་བའི་བྱེད་པ་ཙམ་ལ་འཇུག་པ་སྐུད་པ་འཁལ་བར་བྱེད་པ། འཁལ་ལོ་ལྟ་བུ་རྣམས་ལ་འཇུག་ཅིང་། དེར་མ་ཟད་སྔོན་འཇུག་གི་མོ་འ་ཡིག་དེ་ཉིད་གོང་སྨྲོས་ལྟར་བདག་གཞན་གྱི་དབྱེ་བ་མ་བསྡུས་པའི་དུས་ད་ལྟ་བར་འཇུག་པ་ནི། འཁལ་བཞིན་པ། འཁལ་གྱིན་སྣང་། ལྟ་བུ་དག་དང་། དེ་བཞིན་དུ་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་མ་འོངས་པའི་དོན་དུ་འཇུག་པ། གཞན་དུ་འཁྱར་བར་འགྱུར། ཡུལ་དུ་འཁྱམས་པར་འགྱུར། ལྟ་བུ་དག་སྟེ། རང་གི་ངང་གིས་འབྱུང་བ་ལྟ་བུ་བྱེད་པོ་གཞན་མེད་པ་དང་། རག་པར་བྱ་བྱེད་ཐ་དད་དུ་མི་སྣང་བའི་འབྱུང་འགྱུར་གྱི་ཚིག་རྣམས་ཏེ། དེ་དག་སྟོན་པའི་ཕྱིར་འཇུག་གོ །ཞེས་པའོ། གཞན་ཡང་། འགག འགྱུར། འགྲུབ་ལྟ་བུ་དག་ཀྱང་འདིར་བསྡུའོ། །བཞི་བ་སྔོན་འཇུག་གི་ཤིན་ཏུ་མོ་དགོས་པ་གང་གི་ཕྱིར་འཇུག་པ་ནི། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའོ། །དེ་ཡང་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་སྔར་བཤད་པའི་བདག་གཞན་དང་དུས་གསུམ་གྱི་བྱེ་བྲག་མེད་པར་ཐམས་ཅད་ལ་མཉམ་པ་སྟེ། མཚུངས་པ་ཉིད་བསྒྲུབ་པའི་ཕྱིར་འཇུག་སྟེ། འདི་ལྟར། མཁས་པར་བྱས། མཁས་པ། མཁས་པར་བྱེད། མཁས་བྱ། མཁས་པར་བྱ། མཁས་བཞིན་པ། མཁས་པར་འགྱུར་ལྟ་བུ་དང་། མཆི། མཆིས། མཆེད། མཆོད་ལ་སོགས་པ། བདག་གཞན་དང་དུས་གསུམ་ལ་སོ་སོར་མི་དགོས་པར་ཅི་རིགས་པར་སྦྱར་རོ། །ཞེས་སོ། །དེ་ཡང་མངག་དང་མཆིས་སོགས་འདས་ཚིག་ལ་ཁྱད་པར་ཡོད་པ་རྣམས་ནི་རྗེས་འཇུག་གི་བྱེད་པ་ཡིན་པས་སྔོན་འཇུག་མ་ཡིག་གི་འཇུག་པ་མི་མཉམ་པར་ཐལ་བའི་སྐྱོན་ཡང་མེད་དོ། །གཞན་ཡང་འདིར་བདག་གཞན་བྱ་བྱེད་དང་དུས་གསུམ་གྱི་ཚུལ་གསུངས་པ་ཡང་འདི་ལྟར་ཡིན་ཏེ། ལས་གང་ཞིག་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང་། དེའི་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱའོ། །དེ་བཞིན་དུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཇི་ལྟར་ཡང་རུང་བྱ་བ་བྱས་ཟིན་པ་ནི་དུས་འདས་པ་དང་། བྱ་བ་བྱེད་པར་འགྱུར་བ་ནི་དུས་མ་འོངས་པ་དང་། བྱ་བ་བྱེད་བཞིན་པ་ནི་དུས་ད་ལྟ་བ་ཡིན་ནོ། །གཞན་དུ་བྱེད་པའི་ལས་དང་བྱ་བའི་ལས་ཞེས་ལས་ཀྱི་ཚེག་ལ་གཉིས་སུ་དབྱེ་བའང་དབྱེ་བ་དེ་དག་ཏུ་འདུས་ཏེ་དུས་གསུམ་གྱི་དབང་གིས་བྱེད་པའི་ལས་ནི་དུས་ད་ལྟ་བ་དང་། བྱ་བའི་ལས་ནི་དུས་མ་འོངས་པར་འདུ་ཞིང་བདག་གཞན་གྱི་དབང་གིས་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པ་བདག་དང་། བྱ་བ་གཞན་ཡིན་པ་བཤད་མ་ཐག་པ་ལྟར་རོ། །རྒྱུ་མཚན་འདིས་དུས་གསུམ་གྱི་དབྱེ་བས་ནི་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་ཅིང་། བདག་གཞན་གྱི་དབྱེ་བས་ནི་དེ་ཙམ་དུ་ཁྱབ་པ་མ་ཡིན་ཡང་། གཞུང་འདིར་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་པ་ཡིན་ཞིང་། དེའི་ཞར་ལས་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་བསྡུས་པ་ཡིན་ནོ། །གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་ལ་གཉིས། རྟགས་སོ་སོར་ངོས་འཛིན་པ་དང་། དེའི་འཇུག་པ་རྒྱས་པར་འཆད་པའོ། །དང་པོ་ལ་སྤྱིར་རྟགས་གསུམ་དུ་དབྱེ་བ་དང་། ནང་གསེས་བརྒྱད་དུ་དབྱེ་བ་གཉིས་ཀྱི་དང་པོ་ནི། རྗེས་འཇུག་ཡི་གེ་བཅུ་བོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཞེས་པས་བསྟན། དེ་ཡང་རྗེས་འཇུག་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་བོ་དེ་རྣམས་ལའང་གསུམ་དུ་དབྱེ་བར་བྱ་སྟེ། འདི་ལྟར་ག་ད་བ་ས་བཞི་ཕོ་ཡིག་དང་། ང་མ་འ་གསུམ་མོ་ཡིག་དང་། ན་ར་ལ་གསུམ་མ་ནིང་སྟེ། །ས་བཅད་གསུམ་དུ་དབྱེ་བར་བྱའོ། །ཞེས་པའོ། །འདིར་ཕོ་མོ་མ་ནིང་གི་དབྱེ་ཚུལ་ཡང་རྗེས་འཇུག་དེ་ཉིད་མིང་གཞིའི་ཡི་གེ་གང་ལ་ཞུགས་པ་ལས་བརྗོད་པའི་སྒྲ་གདངས་དྲག་ཞན་བར་མར་འགྱུར་བའི་ཆ་ནས་བཞག་པ་སྟེ། དེ་ཡང་མིང་གཞི་གང་གི་མཐར་ཡང་རུང་ག་ད་བ་ས་རྣམས་ཞུགས་པ་སྒྲ་དྲག་པ་དང་། ང་མ་འ་རྣམས་ཞུགས་པ་སྒྲ་ཞན་པ་དང་། ན་ར་ལ་རྣམས་ཞུགས་པ་སྒྲ་བར་མ་གྱུར་པ་རྣམས་དག་པར་བཀླག་པའི་དབང་དུ་བྱས་ན་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །གཉིས་པ་དེའི་ནང་གསེས་ཀྱི་དབྱེ་བ་ནི། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་དུ་འདོད། །ཞེས་པས་བསྟན་ཏེ། དེ་ལྟར་རྗེས་འཇུག་རྟགས་གསུམ་དུ་ཕྱེ་བ་དེ་ལ་སླར་ཡང་ནང་གསེས་ཀྱི་སྒོ་ནས་རྣམ་པ་བརྒྱད་དུ་དབྱེ་སྟེ། འདི་ལྟར་རྗེས་འཇུག་ཕོ་ལ་དབྱེ་ན། རྗེས་འཇུག་ག་ཡིག་ལ་ཡང་འཇུག་ས་ཞུགས་པ་ནི་རྗེས་འཇུག་ནང་ཕྲད་ཀྱི་སྟོབས་ལས་སྒྲ་དྲག་པའི་དྲག་པར་འགྱུར་བའི་ཕྱིར་སྐྱེས་བུ་རབ་དང་། རྗེས་འཇུག་བ་ལ་ཡང་འཇུག་ས་ཡིག་ཞུགས་པ་ནི་སྒྲ་དྲག་པའི་འབྲིང་དུ་འགྱུར་བས་སྐྱེས་བུ་འབྲིང་བོ་དང་། ག་བ་གཉིས་ཀྱི་མཐར་ཡང་འཇུག་མ་ཞུགས་པ་དང་། ས་དའི་མཐའ་རྣམས་ནི་སྒྲ་དྲག་པའི་ཞན་པར་འགྱུར་བས་སྐྱེས་བུ་ཐ་མ་སྟེ་གསུམ་མོ། །དེ་བཞིན་དུ་རྗེས་འཇུག་གི་མོ་ལའང་དབྱེ་ན། ང་མ་གཉིས་ལ་ཡང་འཇུག་ཞུགས་པ་ནི་སྒྲ་ཞན་པའི་དྲག་པར་འགྱུར་བས་མོ་ཙམ་དང་། དེ་གཉིས་ལ་ཡང་འཇུག་མ་ཞུགས་པ་དང་འ་ཡིག་གི་མཐའ་རྣམས་ནི་སྒྲ་ཤིན་ཏུ་ཞན་པར་འགྱུར་བས་ཤིན་ཏུ་མོ་སྟེ་གཉིས་སུ་དབྱེ་བ་དང་། རྗེས་འཇུག་མ་ནིང་ལའང་དབྱེ་ན། མ་ནིང་ན་ར་ལ་གསུམ་པོ་མིང་གཞིའི་ཕོ་ཡིག་གི་མཐར་ཡང་འཇུག་ཡོད་མེད་གང་རུང་དང་མོ་ཡིག་གི་རྗེས་སུ་ཡང་འཇུག་མེད་པ་ཞུགས་པའི་ཚེ་ནི་སྒྲ་བར་མའི་དྲག་པའམ་ཞན་པར་འགྱུར་བས་འགྱུར་བ་མ་ནིང་དང་། མིང་གཞིའི་མོ་ཡིག་གི་མཐའ་ཞུགས་ཤིང་ཡང་འཇུག་དང་བཅས་པར་གྱུར་པའི་ཚེ་ནི་སྒྲ་བར་མ་ལས་དྲག་ཞན་གཉིས་ཀའི་ཆ་དང་ལྡན་པར་འགྱུར་བས་མ་ནིང་མཚན་གཉིས་པ་དང་། མིང་གཞིའི་མ་ནིང་གི་མཐར་ཞུགས་པའི་ཚེ་ཡང་འཇུག་ཡོད་མེད་ཇི་ལྟར་རུང་སྒྲ་བར་མ་ཙམ་ལས་དྲག་ཞན་གང་དུའང་མི་འགྱུར་བའི་ཕྱིར་འདི་རྣམས་ནི་མཚན་མེད་མ་ནིང་དག་སྟེ། དེ་དང་གསུམ་དུ་འདོད་པ་ཡིན་ནོ། །ཞེས་པའོ། །དེ་ལྟར་རྟགས་གསུམ་བསྡོམས་པའི་ནང་གསེས་བརྒྱད་དུ་འགྱུར་བ་ཡིན་ནོ། །གཉིས་པ་རྟགས་དེ་རྣམས་ཀྱི་འཇུག་པ་རྒྱས་པར་བཤད་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ཡང་བྱེད་པ་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅིའི་ཕྱིར་བྱེད། །ཅེས་པས་བསྟན། དེ་ཡང་རྗེས་འཇུག་ཕོ་མོ་མ་ནིང་གསུམ་རེ་རེ་ལའང་བྱེད་པ་བཞི་བཞིའི་སྒོ་ནས་འཇུག་ཚུལ་ཤེས་པར་བྱེད་དགོས་པ་ཉིད་དེ། འདི་ལྟར་འཇུག་ཡུལ་ཡི་གེ་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་གང་གིས་འཇུག་པར་བྱེད་པ་དང་། ཚུལ་ཇི་ལྟར་འཇུག་པར་བྱེད་པ་དང་། དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་པ་སྟེ་བཞིའོ། །ཞེས་སོ། །གཉིས་པ་དེ་དག་རྒྱས་པར་བཤད་པ་ལ་རྣམ་པ་བཞི་ལས། དང་པོ་གང་ལ་འཇུག་པ་ནི། །གང་ལ་ཡི་གེ་ཐམས་ཅད་ལ། །ཞེས་པས་བསྟན། དེ་ཡང་རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་དག་འཇུག་ཡུལ་ཡི་གེ་གང་དང་གང་ལ་འཇུག་པ་ནི་མིང་གཞིའི་ཡི་གེ་ཐམས་ཅད་ལ་བྱེ་བྲག་མེད་པར་འཇུག་པ་ཡིན་ནོ། །ཞེས་པའོ། །གཉིས་པ་གང་གིས་འཇུག་པ་ནི། །གང་གིས་བཅུ་བོ་དེ་དག་གིས། །ཞེས་པས་བསྟན། དེ་ཡང་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་པོ་ཡི་གེ་གང་དང་གང་ཞིག་གིས་འཇུག་པར་བྱེད་ཅེ་ན་སྔར་བཤད་པའི་རྗེས་འཇུག་ཡི་གེ་བཅུ་བོ་དེ་དག་གིས་འཇུག་གོ །ཞེས་པའོ། །གསུམ་པ་ཇི་ལྟར་འཇུག་པ་འཆད་པ་ལ་མདོར་བསྟན་པ་དང་རྒྱས་བཤད་གཉིས་ལས། དང་པོ་ནི། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །ཞེས་པས་བསྟན་ཏེ། རྗེས་འཇུག་རྣམས་ཚུལ་ཇི་ལྟར་འཇུག་པའང་རྣམ་པ་གཉིས་ཀྱི་སྒོ་ནས་ཤེས་པར་བྱ་དགོས་པ་ཡིན་ཏེ། རྗེས་འཇུག་ཞུགས་ཚུལ་གྱིས་སྒྲ་དྲག་ཞན་དུ་གྱུར་པ་སྒྲ་ཡི་འཇུག་ཚུལ་དང་། དེ་ལྟར་ཞུགས་པས་དོན་ཅི་ཞིག་སྟོན་པ་དོན་གྱི་འཇུག་ཚུལ་ལོ། །ཞེས་པའོ། །གཉིས་པ་རྒྱས་བཤད་ལ་སྒྲའི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས་ལས། དང་པོ་ལའང་། དྲག་ཞན་སྤྱིར་འཇུག་ཚུལ་དང་། ནང་གསེས་ཞིབ་ཏུ་འཇུག་ཚུལ་གཉིས་ལས། དང་པོ་ནི། ཕོ་གསུམ་མོ་གཉིས་མ་ནིང་གསུམ། །དྲག་ཞན་བར་མ་གསུམ་དུ་འཇུག །ཅེས་པ་སྟེ། དེའང་རྗེས་འཇུག་གི་ཡི་གེ་བཅུ་ལས་ཕོ་སྐྱེས་བུ་རབ་འབྲིང་ཐ་གསུམ་དང་། མོ་མོ་ཙམ་དང་ཤིན་ཏུ་མོ་གཉིས། མ་ནིང་འགྱུར་དང་མཚན་གཉིས་མཚན་མེད་གསུམ་སྟེ་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ་དེ་རྣམས་རིམ་པ་བཞིན་དུ་ཕོ་གསུམ་མིང་གཞིའི་ཡི་གེ་གང་ལ་ཞུགས་ཀྱང་རྗོད་པའི་སྒྲ་གདངས་དྲག་པར་འགྱུར་བས་དྲག་པར་འཇུག་པ་དང་། དེ་བཞིན་དུ་མོ་གཉིས་ཞན་པར་འཇུག་པ་དང་། མ་ནིང་བར་མ་སྟེ་རན་པར་འཇུག་པ་དང་གསུམ་དུ་འཇུག་གོ །ཞེས་སོ། །དེ་ལྟར་དྲག་ཞན་བར་མ་གསུམ་དུ་འཇུག་པའི་རྒྱུ་མཚན་དེས། སྤྱིར་བཏང་རྗེས་འཇུག་ལ་ཕོ་མོ་མ་ནིང་གསུམ་དུ་རྣམ་པར་བཞག་པའང་ཡིན་ནོ་ཞེས་ཞར་ལས་བསྟན་པར་གྲུབ་བོ། །གཉིས་པ་ནང་གསེས་ཀྱི་འཇུག་ཚུལ་ནི། དྲག་པ་གསུམ་ཉིད་ནང་ཕྲད་དམ། །གལ་ཏེ་ཞན་པ་ནང་ཕྲད་ན། །དེ་ལའང་ནང་གི་ཆ་ཤས་ཀྱིས། །དེ་ཡང་དྲག་ཞན་གཉིས་སུ་དབྱེ། །མ་ནིང་གསུམ་དུ་གང་གཏོགས་པ། །དྲག་དང་ཕྲད་ན་དྲག་པར་འགྱུར། །ཞན་དང་ཕྲད་ན་ཞན་པར་འགྱུར། །གཉིས་ཀ་དག་དང་ཕྲད་གྱུར་ན། །དེ་ནི་གཉིས་ཀ་ཅན་དུ་འགྱུར། །གཉིས་ཀ་དག་དང་མ་ཕྲད་ན། །གང་དུ་ཡང་ནི་མི་འགྱུར་རོ། །དེས་ན་འགྱུར་དང་མཚན་གཉིས་དང་། མཚན་མེད་དག་དང་གསུམ་དུ་འདོད། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །ཞེས་པས་བསྟན། དེ་ཡང་རྟགས་ངོས་འཛིན་གོང་དུ་སོང་བ་ལྟར་རྗེས་འཇུག་ལ་ནང་གསེས་ཀྱིས་རྟགས་བརྒྱད་དུ་དབྱེ་བ་ནི་སྒྲའི་འཇུག་ཚུལ་གྱི་དབང་གིས་ཡིན་པས་དེ་རྣམས་ལ་སྒྲའི་འཇུག་ཚུལ་ཐ་དད་པ་བརྒྱད་དུ་ཅི་ལྟར་དབྱེ་ཞེ་ན། དྲག་པ་གསུམ་སྟེ་ཕོ་ཡིག་སྐྱེས་བུ་རབ་འབྲིང་ཐ་གསུམ་ནི་རྗེས་འཇུག་ཉིད་ནང་ཕྲད་དུ་གྱུར་པ་ལ་ལྟོས་ནས་དབྱེ་སྟེ་མིང་གཞི་གང་གི་མཐར་ཡང་རུང་རྗེས་འཇུག་གི་ཕོ་ཡིག་རྣམས་ཡང་འཇུག་དང་བཅས་ཞུགས་པས་སྒྲ་དྲག་པ་གཞིར་བཞག་པའི་ནང་གསེས་དྲག་འབྲིང་གང་རུང་དུ་གྱུར་པའི་ཆ་ནས་སྐྱེས་བུ་རབ་འབྲིང་གཉིས་སུ་འབྱེད་ཅིང་། ཡང་འཇུག་མེད་པར་ཞུགས་པས་སྒྲ་དྲག་པའི་ཞན་པར་འགྱུར་བའི་ཆ་ནས་སྐྱེས་བུ་ཐ་མར་འབྱེད་པའི་ཕྱིར། འདིར་དམ་ཞེས་པ་སྡུད་པའི་ཚིག་ཕྲད་དེ་གཤམ་དུ་དབྱེ་ཞེས་གསུངས་པ་དང་སྦྲེལ་བའི་སླད་དུའོ། །དེ་བཞིན་དུ་གལ་ཏེ་ཞན་པ་སྟེ་མོ་ཡིག་རྣམས་རྗེས་འཇུག་ནང་ཕྲད་ཀྱིས་མིང་གཞིར་ཞུགས་པ་ཡོད་ན་དེར་ལྟོས་པས། དེ་དག་ལའང་ནང་གི་ཆ་ཤས་སྒྲ་འཇུག་དྲག་ཞན་སོགས་ཀྱིས། སྤྱིར་ཞན་པ་དེ་ལ་ཡང་ནད་གསེས་དྲག་ཞན་གཉིས་སུ་དབྱེ་སྟེ། ཡང་འཇུག་དང་བཅས་པའི་མོ་ཡིག་ཞུགས་པ་མོ་ཙམ་དང་། ཡང་འཇུག་མེད་ན་ཤིན་ཏུ་མོར་འབྱེད་པའི་ཕྱིར་རོ། །དེ་བཞིན་དུ་འགྱུར་བ་སོགས་མ་ནིང་གསུམ་དུ་གང་ཞིག་གཏོགས་པར་གྱུར་པའི་རྗེས་འཇུག་གི་ཡི་གེ་དེ་རྣམས་ནི་མིང་གཞིར་འཇུག་ཚུལ་དང་རྗེས་འཇུག་ནང་ཕྲད་གཉིས་ཀ་ལ་ལྟོས་ནས་དབྱེ་སྟེ། དེ་རྣམས་མིང་གཞིའི་ཡི་གེ་དྲག་པ་དང་ཕྲད་པར་གྱུར་ན་ཡང་འཇུག་ཡོད་མེད་ཇི་ལྟར་རུང་སྒྲ་དྲག་པར་འགྱུར་ཞིང་། ཞན་པ་དང་ཕྲད་པར་གྱུར་ན་ཡང་འཇུག་མེད་པའི་ཚེ་ཞན་པར་འགྱུར་བ་དང་། མིང་གཞི་ཞན་ཅིང་ཡང་འཇུག་དྲག་པའི་བར་དུ་ཆུད་པས་དྲག་ཞན་གཉིས་ཀ་དག་དང་ཕྲད་པར་གྱུར་ན། མ་ནིང་དེ་རྣམས་ནི་སྒྲ་དྲག་ཞན་གཉིས་ཀ་ཅན་དུ་འགྱུར་བ་དང་། མིང་གཞི་དྲག་ཞན་གཉིས་ཀ་དག་དང་མ་ཕྲད་པ་སྟེ་བར་མ་མ་ནིང་གི་ཡི་གེ་རྣམས་ལ་ཞུགས་པའི་ཚེ་ན་ཡང་འཇུག་ཡོད་མེད་ཇི་ལྟར་རུང་སྒྲ་དྲག་ཞན་གང་དུ་ཡང་ནི་མི་འགྱུར་བར་བར་མ་ཉིད་དུ་གནས་པར་འགྱུར་རོ། །དེ་ལྟར་གསུམ་དུ་འགྱུར་བའི་རྒྱུ་མཚན་དེས་ན་རིམ་པ་བཞིན་དུ་འགྱུར་བ་མ་ནིང་དང་མཚན་གཉིས་མ་ནིང་དང་མཚན་མེད་མ་ནིང་དག་དང་གསུམ་དུ་འབྱེད་པར་འདོད་པ་ཡིན་ཏེ། དེ་དག་ནི་སྒྲ་ཡི་འཇུག་པའི་ཚུལ་ལོ། །ཞེས་པའོ། །གཉིས་པ་དོན་གྱི་འཇུག་ཚུལ་ལའང་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དོན་ནི་རྣམ་པ་གཉིས་ཡིན་ཏེ། །སྔ་མ་གང་ལྟར་གྱུར་པ་དང་། །ཕྱི་མ་གང་ལྟར་འགྱུར་བའོ། །ཞེས་པས་བསྟན་ཏེ། རྗེས་འཇུག་རྣམས་དོན་གང་དང་གང་ལ་འཇུག་པར་འགྱུར་བའི་ཚུལ་ནི་རྣམ་པ་གཉིས་ཡིན་ཏེ། སྔ་མ་རྗེས་འཇུག་ཉིད་གང་ལ་ཞུགས་ཤིང་གནས་པའི་མིང་དེའི་དོན་གང་ལྟར་དེ་ཇི་ལྟ་བུ་ཞིག་ཏུ་གྱུར་པ་དང་། ཕྱི་མ་རྗེས་འཇུག་གམ་མཐའ་དེའི་མིང་མཐའ་ལ་སོགས་པ་འདྲེན་ཚུལ་གྱི་དོན་གང་ལྟར་འགྱུར་བ་ཤེས་པར་བྱ་བའོ། །ཞེས་སོ། །གཉིས་པ་དེ་རྒྱས་པར་འཆད་པ་ལ་གཉིས་ལས། དང་པོ་སྔ་མ་གང་ལྟར་གྱུར་པ་ནི། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་པས་བསྟན། དེ་ཡང་རྗེས་འཇུག་རྣམས་གང་ལ་ཞུགས་པའི་མིང་དེ་ཉིད་མིང་མཐའ་སོགས་ལ་ལྟོས་ནས་སྔ་མར་གྲུབ་པ་དེས་བདག་གཞན་སོགས་དོན་ཅི་ཞིག་སྟོན་པ་ནི་མིང་དེའི་སྔོན་དུ་གནས་པ་སྔོན་འཇུག་ལྔ་ལས་གང་ཞིག་ཡིན་པ་དེའི་དོན་དང་ཅི་ལྟ་བ་བཞིན་དུ་སྦྱར་ནས་རྟོགས་པར་བྱའོ། །ཞེས་པའོ། །དེས་ན་གཙོ་བོར་སྔོན་འཇུག་གི་ནུས་པ་དང་སྦྱར་ནས་རྗེས་འཇུག་རྣམས་ཀྱིས་ཀྱང་ཅི་རིགས་པར་བདག་གཞན་དང་དུས་གསུམ་གྱི་དོན་རྣམས་དེ་དང་མཚུངས་པར་སྟོན་པར་འགྱུར་བའི་ཚུལ་ཅུང་ཟད་ཅིག་སྨོས་ན་སྐྱེས་བུའི་རྟགས་རབ་འབྲིང་ཐ་གསུམ་ཅི་རིགས་པར་དུས་འདས་པ་ལ་འཇུག་པ་ནི། བརྟགས། བསྒྲུབས། བཀག བལྟས། བཅད། བརྒྱབ་ལྟ་བུ་དང་། དེ་རྣམས་བྱེད་པ་བདག་ལ་འཇུག་པ་ནི། འདོགས་བྱེད། གཞིབས་བྱེད། འཇོག་བྱེད་ལྟ་བུ་སོགས་དང་། དེ་རྣམས་བྱ་བ་གཞན་ལ་འཇུག་པ་ནི། གདགས་བྱ། གཏུབས་བྱ། དགག་བྱ་ལ་སོགས་པ་ལྟ་བུ་དང་། དེ་རྣམས་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་ད་ལྟ་དང་མ་འོངས་པ་ཅི་རིགས་པར་འཇུག་པ་ནི། འདེགས་བཞིན་པ། གཏུབས་བཞིན་པ་སོགས་དང་། གཤེགས་པར་འགྱུར། འགྲུབ་པར་འགྱུར་ལ་སོགས་ལྟ་བུའོ། །དེ་བཞིན་དུ་མོ་རྟགས་གཉིས་འདས་པ་ལ་འཇུག་པ་ནི། བསྐངས། བསྐུམས། བཀང་། བཀྲམ། ལྟ་བུ་རྣམས་དང་། དེ་ཉིད་བདག་ལ་འཇུག་པ་ནི། འདོམས་བྱེད། འགེངས་བྱེད་སོགས་དང་། གཞན་ལ་འཇུག་པ། གདམས་བྱ། བཟའ་བྱ། དགང་བྱ་སོགས་དང་། ད་ལྟ་དང་མ་འོངས་པར་འཇུག་པ་ནི། འདོམས་བཞིན་པ། གསུངས་བཞིན་པ་སོགས་དང་། འདོམས་པར་འགྱུར་ལ་སོགས་པ་ལྟ་བུའོ། །མ་ནིང་གསུམ་འདས་པ་ལ་འཇུག་པ། བསྟནད། བཀནད། བསྟརད། བཅོལད། མནནད། བགརད། བསལད། མཁྱེནད། མཚརད། འཁྲུལད། ལྟ་བུ་རྣམས་དང་། དེ་ཉིད་བདག་ལ་འཇུག་པ་བསྟུནད་བྱེད། གནོན་བྱེད་སོགས་དང་། གཞན་ལ་འཇུག་པ། བསྟེན་བྱ། བསྐུར་བྱ་སོགས་དང་། ད་ལྟ་དང་། མ་འོངས་པར། བསྟུན་བཞིན་པ་སོགས་དང་། དཀོན་པར་འགྱུར་ལ་སོགས་པ་ལྟ་བུ་རྣམས་སོ། །དེ་དག་ནི་སྔོན་འཇུག་ལ་ལྟོས་པ་གཙོ་བོར་གསུངས་པའི་དབང་དུ་བྱས་པ་སྟེ་གཞན་དུ་སྔོན་འཇུག་མེད་པར་དེ་དག་ལ་འཇུག་པའང་། གྲགས། བྱབས་སོགས། སྒྲོགས་བྱེད། ཀླུབས་བྱེད་སོགས་དང་། རྟོགས་བྱ་རྟོགས་བཞིན་པ། རྟོགས་པར་འགྱུར་སོགས་དང་། སྤངས། ཁེངས། སྟོངས་བྱེད། སྤངས་བྱ། རངས་བཞིན་པ། སྟོངས་པར་འགྱུར་སོགས་དང་། རྩལད། སྦྲནད། སྟོནད་བྱེད། སྦྱར་བྱ། སྟོནད་བཞིན་པ། ཕྱིནད་པར་འགྱུར་ལ་སོགས་པ་ལྟ་བུ་སྟེ་རྒྱ་ཆེར་ཤེས་པར་བྱའོ། །གཞན་ཡང་གཞུང་འདིར་དམིགས་བསལ་དུ་མ་བསྟན་ཀྱང་རྗེས་འཇུག་ས་ཡིག་གི་འཇུག་ཡང་འཇུག་གཉིས་ཀ་དང་། ད་ཡིག་ཡང་འཇུག་གིས་དུས་འདས་པ་ཤིན་ཏུ་མང་ཞིང་འ་ཡིག་འདས་པ་ལ་མི་འཇུག་པའི་ཁྱད་པར་ཙམ་ཡོད་པ་ནི་དཔེར་བརྗོད་དག་གིས་གསལ་ལ། གཞན་རྗེས་འཇུག་རྣམས་སྐུལ་ཚིག་ལ་འཇུག་པའི་ཚུལ་ཡང་། གཞུང་འདིའི་དངོས་ཤུགས་གཉིས་ཀར་མ་བསྟན་ཡང་ཞར་ལས་རྟོགས་པར་བྱ་བའི་ཕྱིར་སྨོས་ན། ས་ད་གཉིས་དང་ཁྱད་པར་ས་ཡིག་སྐུལ་ཚིག་ལ་འཇུག་པ་མང་སྟེ། ཀློགས་ཤིག བསློབས་ཤིག བྱོས་ཤིག སོལད་ཅིག ཉོནད་ཅིག་སོགས་ལྟ་བུ་དང་། རྗེས་འཇུག་གཞན་དེར་འཇུག་པ། ཤོག་ཅིག ཟུངས་ཤིག མ་སྨྲ་ཞིག་ལྟ་བུ་སྟེ། དེས་ན་སྐུལ་ཚིག་ཕར་ཆེར་ལ་སྔོན་འཇུག་མེད་ཅིང་། སྔོན་འཇུག་སྦྱར་དགོས་པའང་ཡོད་དེ། བཀྲོས་ཤིག མ་འགྲོ་ཞིག་སོགས་ཏེ་རྒྱ་ཆེར་ཤེས་པར་བྱའོ། །གཉིས་པ་ཕྱི་མ་གང་ལྟར་འགྱུར་བ་འཆད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཕྱི་མ་དག་གི་འདྲེན་ཚུལ་ནི། །ཞེས་པ་སྟེ། ཕྱི་མ་མིང་མཐའ་དང་རྣམ་དབྱེ་དག་གི་ཐོབ་ཐང་གི་དོན་ཇི་ལྟར་འཇུག་པར་འགྱུར་བའི་ཚུལ་ནི་སྔ་མའི་རྗེས་འཇུག་དང་ཕྱི་མའི་བརྗོད་བྱ་དག་ལ་ཅི་རིགས་པར་ལྟོས་པའི་སྒོ་ནས་འདྲེན་པའི་ཕྱིར་དེའི་ཚུལ་སྨྲོས་པ་ནི། ཞེས་པའོ། །གཉིས་པ་རྒྱས་བཤད་ལ་མིང་མཐའ་འདྲེན་ཚུལ་དང་། རྣམ་དབྱེ་སོགས་འདྲེན་ཚུལ་འཆད་པ་སྟེ་གཉིས་ལས་དང་པོ་ནི། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །མོ་ཡིས་མོ་ཡི་མིང་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་ངོ་། །ཞེས་པས་བསྟན་ཏེ། མིང་སྔ་མའི་མཐའི་རྗེས་འཇུག་ཕོ་ཡིས་ནི། ཕོ་ཡི་མིང་མཐའ་སྟེ་དེ་ཉིད་ཀྱི་ཕྱི་མའི་མིང་གཞིའི་ཕོ་ཡིག་དྲང་བ། རྟག་པ། སྟོནད་ཀ འགྲུབ་པ། བཟླས་པ་ལྟ་བུ་དང་། དེ་བཞིན་དུ་མིང་མཐའི་རྗེས་འཇུག་མོ་ཡིས་མོ་ཡི་མིང་མཐའ་སྟེ་མིང་གཞིའི་མོ་ཡིག་དྲང་བ། གང་བ། གསུམ་ག དཔའ་བ་ལྟ་བུ་སོགས་དང་། རྗེས་འཇུག་མ་ནིང་གིས་ནི་ཕྱི་མའི་མིང་གཞིའི་མ་ནིང་དྲང་བ། སྟོན་ཁ། དབྱར་ཁ། རལ་ཁ་སོགས་ཏེ། མིང་མཐའ་འདྲེན་ཚུལ་དེ་དག་ཏུ་ངེས་པར་མཐོང་ངོ་། །ཞེས་པའོ། །དེ་ལྟར་མིང་མཐའ་རྟགས་མཚུངས་ཁོ་ནར་འདྲེན་པ་ལྟ་བུར་གསུངས་པ་ནི་ཕོ་མོའི་རྟགས་ཕལ་ཆེར་གྱིས་དེ་ལྟར་འདྲེན་པས་གཙོ་ཆེ་བ་ཙམ་ལ་དགོངས་པ་སྟེ། འཆད་འགྱུར་ལྟར། དེ་ཉིད་རང་གི་སྒྲ་མཐུན་པའི། །ཞེས་གསུངས་པ་དང་སྦྱར་ན་འདྲེན་ཚུལ་གཞན་ཡང་ཡོད་པར་འགྲུབ་ཅིང་མངོན་སུམ་གྱིས་ཀྱང་འགྲུབ་སྟེ། བརྗོད་བདེའི་དབང་དུ་བྱས་ནས་མ་ནིང་གིས་མོ་རྟགས་དྲང་བ། ཤར་བ། འཐུལ་བ། སོགས་དང་། མོ་རྟགས་ཀྱིས་ཕོ་ཡིག་དྲང་བ། དམ་པ། སྟོང་པ་སོགས་དང་། ཕོ་ཡིག་གིས་རྟགས་དྲང་བ། བཙས་མ། ལྟད་མོ། སྟག་མ་སོགས་ཏེ། དེས་ན་འདིར་བརྗོད་བདེ་གཙོ་ཆེར་བྱས་པའང་ཡོད་པ་ཤེས་པར་བྱའོ། །གཉིས་པ་རྣམ་དབྱེ་སོགས་འདྲེན་ཚུལ་ལའང་། སྤྱིར་འདྲེན་ཚུལ་དང་། ནང་གསེས་འཇུག་ཚུལ་བཤད་པ་གཉིས་ལས། དང་པོ་ནི། མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་པ་དང་། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །གནས་དང་བོད་པའི་སྒྲ་ཡང་དྲང་། །གཞན་ཡང་སླར་བསྡུ་ལྷག་བཅས་དང་། །འབྱེད་སྡུད་བསྣན་དང་བདག་པོ་དང་། །དགག་སྒྲུབ་རྒྱན་དང་དུས་ལའང་འཇུག །དེ་དག་སྔ་ཤུགས་འདྲེན་པས་འབྱུང་། །ཞེས་པས་བསྟན། དེ་ཡང་བཤད་མ་ཐག་པའི་མིང་མཐའ་སྔ་ཕྱི་དེ་དག་ཉིད་ཀྱིས་ནི། མིང་མཐའ་དེ་ཉིད་རང་གི་རྟགས་མཚུངས་པའམ་བརྗོད་པ་བདེ་བས་སྒྲ་མཐུན་པར་འགྱུར་བའི་རྣམ་དབྱེ་དང་པོ་ཆོས་དངོས་ངོ་བོ་ཙམ་བརྗོད་པ་དང་། གཉིས་པ་ལས་སུ་བྱ་བ་དང་། གསུམ་པ་བྱེད་པའི་སྒྲ་དང་། བཞི་བ་སྦྱིན་པའི་ཡུལ་གྱིས་མཚོན་ནས་ཆེད་དུ་བྱ་བ་དང་། ལྔ་བ་འབྱུང་ཁུངས་དང་། དྲུག་པ་འབྲེལ་བ་དང་། བདུན་པ་གནས་གཞི་དང་། དེར་འཐུས་པ་བོད་པའི་སྒྲ་དང་བརྒྱད་པོ་ཡང་དྲང་བར་བྱ་ཞིང་། དེ་བཞིན་དུ་གཞན་ཡང་རྣམ་དབྱེའི་ཡན་ལག་ཏུ་གྱུར་པའམ་མ་གྱུར་པའི་ཚིག་ཕྲད། སླར་བསྡུ་དང་། ལྷག་བཅས་དང་། འབྱེད་སྡུད་དང་། བསྣན་པ་དང་། བདག་པོ་དང་། དགག་པ་དང་། སྒྲུབ་པ་དང་། ཚིག་རྒྱན་དང་། དུས་ཏེ་ཚེ་སྐབས་དང་བཅས་པ་ལའང་འཇུག་པའི་སྒྲ་ལ་སོགས་པ་དེ་དག་རྣམས་ཀྱང་སྔ་མ་མིང་མཐའི་ཤུགས་ཀྱིས་འདྲེན་པར་བྱས་པས་སྦྱར་ཚུལ་ལེགས་པར་འབྱུང་བ་ཡིན་ནོ། །ཞེས་པ་སྟེ་དེ་དག་རྣམས་ཇི་ལྟར་དྲངས་པ་ནི་སུམ་ཅུ་བའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ནང་གསེས་ཀྱི་འཇུག་ཚུལ་འཆད་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས་དང་པོ་ནི། དེ་དག་ནང་གསེས་གང་འཇུག་པ། །མཐར་སྦྱར་འོག་མའི་མིང་དོན་ལས། །ཞེས་པ་སྟེ། དེ་ལྟར་རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་གསེས་གང་དང་གང་ཞིག་འཇུག་པ་ནི་གཙོ་བོར་རྣམ་དབྱེའམ་ཕྲད་དང་བཅས་པའི་མིང་ཚིག་དེའི་མཐར་སྦྱར་རྒྱུའི་འོག་མའི་མིང་དོན་ལས་ཤེས་པར་བྱའོ། །ཞེས་པའོ། །གཉིས་པ་རྒྱས་བཤད་ལ་རྣམ་དབྱེའི་ནང་གསེས་གང་ཞིག་འཇུག་པ་དང་། ཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་གཉིས་ལས་དང་པོ་ནི། སྤྱི་འཇུག་ཡོད་དམ་བྱེད་པ་ཡོད། དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའང་། །ཞེས་པས་བསྟན་ཏེ། དེ་ལ་རྣམ་དབྱེའི་ནང་གསེས་གང་དང་གང་འཇུག་པ་ནི་རྣམ་དབྱེ་སྦྱར་བའི་མིང་བདུད་རྩི་ལྟ་བུ་ལ་དེའི་རྗེས་སུ་སྤྱི་ལ་འཇུག་པའི་སྒྲ་གང་ཞིག་ལྟ་བུ་ཡོད་ན་མིང་སྔ་མ་ལ་རྣམ་དབྱེ་དང་པོ་འཇུག་པ་ཡིན་ཡང་བོད་སྐད་ལ་མིང་རྐྱང་དང་རྣམ་དབྱེ་སོ་སོར་མཚོན་མི་ནུས་པས་མིང་རྐྱང་དེ་གར་གནས་པ་བདུད་རྩི་གང་ཞིག་ལྟ་བུར་འགྱུར་བ་ཉིད་དམ། མིང་དེའི་མཐར་འཚོ་བར་བྱེད་ལྟ་བུ་བྱེད་པའི་སྒྲ་ཡོད་ན་རྣམ་དབྱེ་གསུམ་པ་འཇུག་པས་བདུད་རྩིས་འཚོ་བར་བྱེད། ཅེས་པར་འགྱུར་བ་དང་། དེ་བཞིན་དུ་སྦྱར་དེ་མིང་དེའི་མཐར་ཆེད་དུ་བྱེད་པའི་སྒྲ་མོས་པ་ལྟ་བུ་ཡོད་ན་རྣམ་དབྱེ་བཞི་བ་འཇུག་པས་བདུད་རྩི་ལ་མོས་པ་ཞེས་སུ་འགྱུར་བ་དང་། བརྟེན་ལྟ་བུ་རྟེན་བྱེད་ཀྱི་སྒྲ་ཡོད་ན་བདུན་པ་འཇུག་པས་བདུད་རྩི་ལ་བརྟེན་ཅེས་པ་དང་། བསྒྱུར་ལྟ་བུ་ལས་སུ་བྱ་བའི་སྒྲ་ཡོད་ན་གཉིས་པ་ཐོབ་པས་བདུད་རྩིར་བསྒྱུར་ཅེས་དང་། བླང་བར་བྱ་ལྟ་བུ་བླང་བྱའི་སྒྲ་ཡོད་ན་ལྔ་བ་འཇུག་པས་བདུད་རྩི་ལས་བླང་བར་བྱ་ཞེས་དང་། བསྒྲུབ་པར་བྱ་བ་རྒྱ་མཚོ་ལྟ་བུའི་སྒྲ་ཡོད་ན་དྲུག་པ་འཇུག་པས་བདུད་རྩིའི་རྒྱ་མཚོ་ཞེས་དང་། སྔོན་དུ་འབོད་པར་འོས་པའི་མིང་མདུད་རྩི་མ་ལྟ་བུ་གནས་པ་ལ། ལས་བཅོལ་རྒྱུ་ལྟ་བུ་འབོད་པར་འོས་པའི་དོན་ཡོད་ནའང་རྣམ་དབྱེ་དང་པོ་འཇུག་ཅིང་བོད་པ་གསལ་བྱེད་ཀྱི་སྒྲ་དང་སྦྱར་བར་བྱ་སྟེ། བདུད་རྩི་མ་ཀྱེ་བདག་ལ་འཆི་མེད་སྩོལ་ལ་སོགས་པར་ཤེས་པར་བྱའོ། །ཞེས་པའོ། །འམ་ཞེས་པ་ནི་ཕྱི་མ་དང་སྦྲེལ་བའི་ཕྱིར་སྡུད་པའི་ཚིག་ཕྲད་དོ། །གཉིས་པ་ཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་ནི། གཞན་ཡང་ཚིག་དོན་འོག་མ་ལས། །བསྡུས་རྒྱུ་ཡོད་དམ་མེད་པ་དང་། །གོང་མ་ལས་ཀྱང་དེ་བཞིན་ཏེ། །རྣམ་གྲངས་དག་ཀྱང་བཀོད་པ་ལས། །བསྐྱར་བ་ཡོད་དམ་མེད་པ་དང་། །ཕོ་སྒྲ་དང་ནི་མོ་སྒྲ་དག །མིང་གི་མཐའ་ན་ཡོད་མེད་དང་། །རྒྱན་དུ་གྱུར་པ་རྣམས་ལ་ཡང་། །དོན་ལ་བསྙེགས་པ་ཡོད་མེད་དང་། །བསྟན་བྱ་ལྷག་མ་ཡོད་མེད་དང་། །ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །དེ་དག་ནང་གསེས་རྣམ་པར་དབྱེ། །ཞེས་པས་བསྟན་ཏེ། གཞན་ཡང་མིང་མཐའ་ཚིག་ཕྲད་ཀྱི་བྱེ་བྲག་གང་ཞིག་འདྲེན་པར་འགྱུར་བ་ནི་ཕལ་ཆེར་དེའི་མཐར་སྦྱར་རྒྱུའི་ཚིག་དོན་འོག་མ་ལས་ཤེས་དགོས་ཤིང་ཕྱི་ཚིག་ལ་ལྟོས་མ་དགོས་པར་བརྗོད་འདོད་ཙམ་གྱིས་འགྲུབ་པའང་ཡོད་པ་དཔེར་ན་ཚིག་དོན་འོག་མ་དེ་ཉིད་དང་མཚུངས་པ་ལས་སྔ་མ་བསྡུ་རྒྱུ་ཡོད་པ་ཡིན་ན། མིང་སྔ་མ་སྔ་མའི་མཐར་སྔ་མ་སྡུད་པའི་ཚིག་ཕྲད་སྦྱར་བར་བྱ་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། ལྟ་བུ་ཉིད་དམ་གལ་ཏེ་བསྡུ་རྒྱུ་མེད་པ་ལའང་འཇུག་པ་དང་། ཚིག་དོན་གོང་མ་དེ་ཉིད་དང་མཚུངས་པ་ལས་ཀྱང་ཕྱི་མ་བསྡུ་རྒྱུ་ཡོད་པ་ཡིན་ན་དེ་ལའང་གོང་བཞིན་དུ་ཕྱི་མ་བསྡུ་བའི་ཚིག་ཕྲད་འཇུག་པ་ཡིན་ཏེ། ལྷས་ཀྱང་བཏུད་ན་མིས་ལྟ་ཅི་སྨྲོས་ལྟ་བུ་དང་། མཇུག་ཏུ་བྱ་ཚིག་ལྟ་བུར་ལྷན་ཅིག་ཏུ་སྦྲེལ་བའི་ཕྱིར་ཚིག་དོན་སྔ་མ་ལ་ཕྱི་མ་བསྣན་དགོས་པ་ཡོད་ནའང་སྡུད་པའི་བྱེ་བྲག་བསྣན་པའི་ཕྲད་སྦྱར་ཏེ། སངས་རྒྱས་པའི་གྲུབ་མཐར་མ་ཟད། ཕྱི་རོལ་པའང་ཞེས་པར་བྱ་ལྟ་བུ་དང་། ཕྱི་མར་མིང་ཚིག་གི་རྣམ་གྲངས་དག་ཀྱང་གཅིག་གམ་གཉིས་སམ་མང་བོ་བཀོད་པ་ལས། དེ་ལའང་གལ་ཏེ་བསྐྱར་བ་ཡིན་ནའང་སྔ་མ་སྔ་མར་རྣམ་གྲངས་ཀྱི་འབྱེད་པའམ་སྡུད་པའི་ཕྲད་སྦྱར་བར་བྱ་སྟེ། དོན་བསྐྱར་བ་ལ། ཉི་འོད་ནི་གསལ་བའམ་སྣང་བའོ། །འཆི་མེད་དམ། རྣམ་སད་དམ། མིག་མི་འཛུམ་ནི་ལྷའོ། །ལྟ་བུ་དང་། ཚིག་དོན་གཉིས་ཀ་བསྐྱར་བ་ལ། བསྐོར་ཅིང་བསྐོར་ཅིང་སླར་ཡང་དེ་རུ་འབབ། ཞེས་པ་དེ་ལྟ་བུ་ཡོད་དམ། གལ་ཏེ་མེད་པ་ལའང་འཇུག་པ་དང་། མིང་གི་མཐར་ཕོ་སྒྲ་སྟེ་པུ་ལིངྒའི་སྒྲ་གསར་དུ་སྦྱར་བ། ཡོད་ན་མིང་མཐའ་དེ་ཉིད་བདག་པོའི་སྒྲར་འགྱུར་བ་ལ། རྟ་བ། བྱེད་པ་པོ། ལྟ་བུ་དང་། བདག་པོའམ། དགག་པའི་དོན་དུ་གསར་དུ་སྦྱར་བ་མ་ཡིན་པའི་མིང་མཐའ་ཉིད་པུ་ལིངྒའམ། སྟྲི་ལིངྒར་གནས་པ་ནི་ངོ་བོའམ་བྱ་བ་གང་ཡིན་དེ་ཉིད་དུ་སྒྲུབ་པའི་སྒྲར་འགྱུར་བ། རྟག་པ། དམ་པ། བླ་མ། གོང་མ་སོགས་ལྟ་བུ་དང་ ནི། མིང་གི་མཐར་དགག་དོན་དུ་སྦྱར་བའི་མོ་སྒྲ་སྟེ་སྟྲི་ལིངྒའི་སྒྲར་གཏོགས་པ་ཡོད་ན་ངོ་བོའམ་བྱ་བ་གང་ཡིན་དེ་ཉིད་དགག་པའི་སྒྲར། འཆི་མེད། གཟུགས་མེད། ལྟ་བུ་དང་། ཡོད་མིན་མེད་མིན་ལྟ་བུ་དག་སྟེ། དེ་རྣམས་ཀྱང་མིང་གི་མཐའ་ན་ཡོད་མེད་གང་ལྟར་འགྱུར་ལ་སོགས་པའང་བརྗོད་ཟིན་མ་རག་པ་ལྟར་དང་། ཚིག་དོན་སྔ་མ་དང་། ཆོས་མཐུན་པའི་ཕྱི་ཚིག་གཞི་གཅིག་ཏུ་བསྡུ་རྒྱུ་ཡོད་ན། སྔ་མ་ལ་མཐུན་པའི་རྒྱན་ཏུ་གྱུར་པའི་ཕྲད་སྦྱར་ཏེ། མཛེས་ཀྱང་མཛེས་ལ་འོད་ཀྱང་འཚེར་ལྟ་བུ་དང་། སྔ་ཕྱི་ཆོས་མི་མཐུན་པ་གཞི་གཅིག་ཏུ་བསྡུ་ན་སྔ་མར་མི་མཐུན་པའི་རྒྱན་འཇུག་སྟེ། ལྷ་ཉིད་ཡིན་ཡང་བདུད་ཀྱི་བདུད་ལྟ་བུ་སྟེ་རྒྱན་དུ་གྱུར་པའི་ཚིག་ཕྲད་དེ་དག་རྣམས་ལ་ཡང་ངེས་པར། དོན་ལ་བསྙེགས་པ་ཡོད་ན་མི་སྦྱར་མི་རུང་ཞིང་། དེ་འདྲ་མེད་པར་ཚིག་མཛེས་པར་བྱེད་པའི་རྒྱན་ཙམ་ཁོ་ན་ཡིན་ན་སྦྱོར་རམ་མི་སྦྱོར་ཇི་ལྟར་འདོད་པ་རུང་བ་དང་། ཚིག་དོན་སྔ་མའི་འཕྲོས་དེ་མ་ཐག་ཏུ་བསྟན་བྱ་ལྷག་མ་ཡོད་ན་སྔ་མ་ལ་ལྷག་བཅས་ཀྱི་ཕྲད་འཇུག་སྟེ། རྟག་སྟེ་འཇིག་པ་མེད་པའི་ཕྱིར། ལྟ་བུ་དང་ཚིག་གི་དོན་དེ་ཉིད་ཀྱི་འཕྲོས་དེ་མ་ཐག་ཏུ་བསྟན་བྱ་མེད་པས་རྫོགས་པ་ཡིན་ན་སླར་བསྡུའི་ཕྲད་སྦྱར་ཏེ། རྟག་གོ །རྫོགས་སོ། །ལྟ་བུ་རྣམས་དང་། དེའང་ཇི་ལྟར་དབྱེ་ན་ཚིག་དོན་རྫོགས་པ་དང་མ་རྫོགས་ཀྱིས་རྣམ་དབྱེ་དང་ཕྲད་དེ་དག་གི་ནང་གསེས་གང་དང་གང་ཞིག་འཇུག་ཅིང་དོན་ཅི་འདྲ་ཞིག་སྟོན་པ་རྣམ་པར་དབྱེ་བར་བྱའོ། །ཞེས་སོ། །དེ་ཡང་རྣམ་དབྱེ་དང་ཕྲད་ཀྱི་ཁྱད་པར་ནི་ཕྲད་ཀྱང་ཡིན་ལ་རང་གི་ནུས་པས་ཀྱང་བྱ་བ་མཚོན་ནུས་པ་ནི་རྣམ་དབྱེ་བདུན་པོ་དང་། གཞན་ལ་མ་ལྟོས་པར་རང་གཅིག་པུས་བྱ་བ་མཚོན་མི་ནུས་པ་རྣམ་དབྱེའི་རྐྱེན་དུ་གྱུར་པའི་སྦྱོར་བྱེད་ཙམ་ནི་ཚིག་ཕྲད་དོ། །བཞི་བ་རྗེས་འཇུག་གི་ཡི་གེ་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་འཆད་པ་ལ། རྗེས་འཇུག་གི་དགོས་པ་དངོས་བཤད་པ་དང་། ཞར་བྱུང་དུ་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ་གཉིས་ལས་དང་པོ་ནི། ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །ཡི་གེའི་ཁོངས་ན་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུངས་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་པས་བསྟན། དེ་ཡང་རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་རྣམས་དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་ཅེ་ན། སྔོན་འཇུག་ཡོད་མེད་གང་ཡང་རུང་བའི་མིང་གཞིའི་ཡི་གེ་གཅིག་གམ་གཉིས་སམ་དུ་མ་འདུས་པ་ཡིན་ཡང་རུང་རྗེས་འཇུག་ཡི་གེ་གང་རུང་ཞིག་མ་ཞུགས་པར་དོན་གྱི་ངོ་བོ་སྟོན་པའི་མིང་དུ་གྲུབ་པ་མི་སྲིད་པས་ན་ཡི་གེའི་ཁོངས་ནས་མིང་དབྱུང་བར་བྱ་བའི་ཕྱིར་ཏེ། མིང་དེ་ཡང་གཅིག་གམ་གཉིས་སམ་དུ་མ་སྦྲེལ་དུ་ཟིན་ཀྱང་མཚམས་སྦྱོར་བར་བྱེད་པའམ་དོན་གསལ་བར་བྱེད་པའི་རྣམ་དབྱེ་དང་ཕྲད་སོགས་ཕལ་ཆེར་རྗེས་འཇུག་ལས་བྱུང་ཞིང་རྗེས་འཇུག་ལ་ལྟོས་པ་དེ་རྣམས་མ་ཞུགས་ན་དོན་གྱི་ཁྱད་པར་བརྗོད་པའི་ཚིག་ཏུ་འགྲུབ་པ་མི་སྲིད་པའི་ཕྱིར་མིང་གི་ཁོངས་ནས་ཚིག་རྣམས་ཕྱུང་ནས་ཚིག་དེ་དག་གིས་འཇིག་རྟེན་དུ་དོན་གྱི་ངོ་བོ་དང་ཁྱད་པར་རྣམས་ཀྱང་སྟོན་པར་བྱེད་པས་ན་དོན་མཚོན་པའི་བརྗོད་པ་ཇི་སྙེད་པའང་རྗེས་འཇུག་གི་ཡི་གེ་རྣམས་འཇུག་པའི་དགོས་པར་གྲུབ་བོ། །ཞེས་སོ། །གཉིས་པ་ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ་ལ། ཡི་གེའི་འཇུག་པ་རྣམས་ཀྱི་རང་བཞིན་གྱི་དགོས་པ་བཤད་པ་དང་། ཡི་གེའི་འཇུག་པ་ལྟར་སྦྱོར་བའི་ཚུལ་གྱི་བསྟན་བཅོས་འདི་ཉིད་བརྩམས་པའི་དགོས་པ་བཤད་པ་གཉིས་ལས་དང་པོ་ལའང་དགོས་པ་ལྡོག་ཕྱོགས་ནས་བསྟན་པ་དང་། ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པའོ། །དང་པོ་ནི། མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང་། །འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །ཞེས་པས་བསྟན་ཏེ། མོ་ཡི་ཡི་གེ་གི་གུ་སོགས་ཨཱ་ལི་བཞི་བོ་མེད་པ་ན་ཕོ་ཡིག་ཀཱ་ལི་རྣམས་ཁོ་ནས་བརྗོད་པ་མེད་པར་འགྱུར་ཏེ་ཨཱ་ལི་རྣམས་ལ་ལྟོས་པའི་བརྗོད་པ་དེ་སྙེད་མི་ཚང་བར་འགྱུར་བའི་ཕྱིར་དང་། ཕོ་ཡིག་ཀཱ་ལི་དེ་དག་རྣམས་ལ་ཡང་ཨཱ་ལི་དང་ལྡན་མི་ལྡན་ཇི་ལྟར་ཡང་འཇུག་པར་བཅས་པ་སྟེ་འཇུག་པའི་ཡི་གེ་བཅུ་མེད་པར་གྱུར་ན་ནི་དོན་གྱི་ངོ་བོ་སྟོན་པའི་མིང་དང་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཀྱང་གསལ་བར་མི་ནུས་ཏེ། ཡི་གེའི་ཁོངས་ནས་མིང་དབྱུང་དགོས་ཚུལ་སོགས་བཤད་མ་ཐག་པ་ལྟར་ངེས་པའི་ཕྱིར་དང་། མིང་དང་ཚིག་གསལ་བར་གྱུར་པ་མེད་ན་ནི་དོན་གྱི་རྣམ་པ་རང་དང་གཞན་ལ་མཚོན་ཞིང་གོ་བར་བྱེད་པ་རྣམས་ཀྱི་བརྗོད་པ་ཡང་ཡོད་པར་མི་འགྱུར་རོ། །དེས་ན་ཨཱ་ལི་རྣམས་ནི་ཨཱ་ལིའི་ཡི་གེ་རྣམས་ཀྱི་བརྗོད་པའི་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་དང་། འཇུག་པའི་ཡི་གེ་རྣམས་ནི་གསལ་བར་བྱ་བའི་ཕྱིར་དང་། ཡི་གེའི་འཇུག་པ་མཐའ་དག་དང་ལྡན་པའི་མིང་ཚིག་རྣམས་ནི་དོན་ཇི་སྙེད་པ་དག་མཚོན་ཞིང་བརྗོད་པའི་ཕྱིར་འཇུག་པ་ཡིན་པས་ཡི་གེ་དང་ཡི་གེའི་ཚོགས་དང་སྦྱོར་བ་དེ་རྣམས་ནི་རང་གི་ངང་གིས་དོན་ནམ་དགོས་པ་དང་བཅས་པ་ཡིན་ནོ། །ཞེས་པའོ། །གཉིས་པ་ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པ་ནི། དེ་ལྟར་གྱུར་ན་འཇིག་རྟེན་དུ། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཞེས་པས་བསྟན་ཏེ། དེ་ལྟར་མིང་ཚིག་བརྗོད་པ་ཐམས་ཅད་མེད་པར་གྱུར་ན་ནི་འཇིག་རྟེན་འདི་ཉིད་དུ་དོན་མཚོན་པར་བྱེད་པའི་བརྗོད་པ་སྟེ་ལུང་དུ་སྟོན་པའི་སྒྲ་སྐད་ཀུན་ཀྱང་མི་འབྱུང་བས་མེད་ལ། དེས་ན་དེ་ལ་ལྟོས་པའི་འཇིག་རྟེན་པ་དང་ཐུན་མོང་བའི་བཟོ་གནས་དང་རྩིས་དང་སྙན་ངག་སོགས་རིག་བྱེད་སྨྲ་བ་མ་ལུས་པའང་ཡོད་པར་མི་འགྱུར་ཞིང་། འཇིག་རྟེན་ལས་འདས་པར་འཇུག་པའི་ཤེས་བྱ་ཐུན་མོང་མིན་པ་ཉན་ཐོས་དང་རང་རྒྱལ་དང་རྫོགས་པའི་སངས་རྒྱས་ཀྱི་བསླབ་པ་རྣམས་སྟོན་ཅིང་སྨྲ་བ་དག་ཀྱང་མེད་པར་འགྱུར་བ་དེའི་ཕྱིར། མིང་ཚིག་བརྗོད་པ་ཐམས་ཅད་ལེགས་པར་སྦྱར་བ་འཇིག་རྟེན་དུ་ཡོད་པའི་རང་བཞིན་གྱི་དགོས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་བྱ་དང་བསླབ་བྱ་མཐའ་དག་ཅི་རིགས་པར་སྟོན་ཅིང་སྨྲ་བ་འབྱུང་བ་དང་། དེ་དག་ལ་ཞུགས་ཤིང་བླང་དོར་ཕྱིན་ཅི་མ་ལོག་པར་བྱས་པ་ལ་བརྟེན་ནས་འདི་དང་གཏན་གྱི་བདེ་བ་དམ་པ་ཕུན་སུམ་ཚོགས་པར་འབྱུང་བ་རྣམས་ཡིན་ནོ། །ཞེས་པའོ། །གཉིས་པ་ཡི་གེའི་འཇུག་པ་སྟོན་པའི་བསྟན་བཅོས་འདིའི་དགོས་པ་བསྟན་པ་ལ་དངོས་དང་། དགོས་པ་དེ་འགྲུབ་པར་སྨོན་པ་གཉིས་ལས་དང་པོ་ནི། ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས། །ཕུང་བོ་ཁམས་དང་སྐྱེ་མཆེད་དང་། །གྲུབ་མཐའ་གཞན་ཡང་ཡོད་ན་ཡང་། །རང་ཉིད་ཀྱིས་ནི་མི་ཤེས་བཞིན། །དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །རང་ཚུལ་དེ་ཉིད་མི་ཤེས་པས། །དོན་ལ་སྤྱོར་བ་ག་ལ་ཤེས། །དེ་ཕྱིར་སྨྲ་བའི་དབང་ཕྱུག་གི །རྗེས་སྨྲས། ཞེས་གསུངས་ཏེ། དཔེ་ཇི་ལྟར་ན་འཇིག་རྟེན་གྱི་སེམས་ཅན་རྣམས་ལ། གཟུགས་ཕུང་ལ་སོགས་པའི་ཕུང་བོ་དང་། མིག་གི་ཁམས་ལ་སོགས་ཁམས་དང་། མིག་གི་སྐྱེ་མཆེད་ལ་སོགས་པའི་སྐྱེ་མཆེད་རྣམས་རང་རང་ལ་ཡོད་པ་དང་དེར་མ་ཟད། གྲུབ་པའི་མཐའ་བཞག་པ་གཞན་ཡང་གྲངས་ཅན་པའི་དེ་ཉིད་ཉེར་ལྔ་དང་། ནང་བའི་ཐེག་ཆེན་ལུགས་རྣམ་ཤེས་ཚོགས་བརྒྱད་སོགས་གཞན་དང་གཞན་ཡང་ཡོད་ཅིང་། ཐོག་མ་མེད་པའི་དུས་ནས་ལྷན་ཅིག་ཏུ་འགྲོགས་པ་ཡིན་ན་ཡང་ཐོག་མ་ནས་དེ་ལྟ་བུའི་རྣམ་བཞག་རང་ཉིད་ཀྱིས་ནི་ཕྱོགས་ཙམ་ཡང་མི་ཤེས་བཞིན་ཡོད་པ་ལ། དེ་བཞིན་དུ་རང་རང་གི་ཡི་གེའི་ཇི་ལྟར་འཇུག་པའི་ཚུལ་རྣམས་ཀྱང་ཡུལ་སོ་སོའི་ལུང་སྟོན་པའི་སྒྲ་སྐད་ཀྱི་སྨྲ་བ་ཀུན་ལ་རང་བཞིན་གྱིས་གནས་པར་གྱུར་པ་སྟེ་མེད་པ་མི་སྲིད་ཀྱང་གཞན་གྱི་བརྡ་སྤྲོད་པ་ལ་སོགས་པའི་རྐྱེན་མེད་པར་ཐོག་མ་ནས་ཡི་གེ་རྣམས་མིང་ཚིག་སོགས་ལ་ཇི་ལྟར་འཇུག་པའི་ངང་ཚུལ་དེ་ཉིད་ཀྱང་མི་ཤེས་པས་ན་མིང་ཚིག་ལ་སོགས་པ་དེ་རྣམས་བྱེ་བྲག་ཕྱེ་ནས་དོན་ལ་ཇི་ལྟར་སྦྱོར་བའི་ཚུལ་ག་ལ་ཤེས་ཏེ་མི་ཤེས་སོ། །དེ་བས་ན་ཐུ་མི་བདག་གིས་གངས་ཅན་པ་རྣམས་ལ་རབ་ཏུ་བརྩེ་བའི་བློས་འདི་དང་གཏན་གྱི་བདེ་བ་སྒྲུབ་པའི་ཐབས། ཐུན་མོང་དང་ཐུན་མོང་མིན་པའི་རིག་བྱེད་དང་བསྟན་བཅོས་དང་བསླབ་པ་གསུམ་དང་ཐོས་བསམ་སྒོམ་གསུམ་སོགས་ལེགས་པར་སློབ་ཅིང་ཤེས་སུ་རུང་བ་བརྡ་ཇི་ལྟར་སྦྱོར་བའི་ཚུལ། ཡི་གེ་དང་མིང་དང་ཚིག་གི་འཇུག་པ་རྣམས་ཚུལ་བཞིན་དུ་རྟོགས་པ་ལ་རག་ལས་པར་མཐོང་ནས་དགོས་པ་ཁྱད་པར་ཅན་དེ་ལྟ་བུའི་ཕྱིར་དུ་ཡུལ་འདི་ཉིད་ཀྱི་སྐད་དང་རྗེས་སུ་འཚམས་པའི། ཡི་གེའི་འཇུག་པ་གསལ་བར་ཕྱེད་པའི་བསྟན་བཅོས་འདི་འཕགས་ཡུལ་བ་ལ་སོགས་པའི་སྨྲ་བའི་དབང་ཕྱུག་མཁས་པ་དག་གི་བརྡ་སྤྲོད་པའི་བསྟན་བཅོས་འཆད་པའི་ཚུལ་གྱི་རྗེས་སུ་འབྲང་ནས་སྨྲས་པ་ཡིན་ནོ། །ཞེས་པའོ། །གཉིས་པ་ནི། འདི་ཀུན་རྟོགས་གྱུར་ཅིག ཅེས་པ་སྟེ། དེ་ལྟར་ཡི་གེའི་འཇུག་པ་ལེགས་པར་སྦྱར་བའི་ཚུལ་འདི་གངས་ཅན་གྱི་སྐྱེ་བོ་ཀུན་གྱིས་རྟོགས་ནས་མིང་ཚིག་བརྗོད་པ་ཐམས་ཅད་ལ་རྨོངས་པ་མེད་པར་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར་ཅིག ཅེས་པ་སྟེ། ཞར་ལ་སྔར་སྨྲོས་པའི་ཉིང་དགོས་དེ་རྣམས་ཀྱང་འགྲུབ་པའི་སྨོན་ལམ་མཛད་པ་ཡིན་ནོ། །དེས་ན་རེ་ཞིག་རྟགས་ཀྱི་འཇུག་པའི་འབྲུ་འགྲེལ་རྣམས་བཤད་ཟིན་ཏོ། །སླར་སྨྲས་པ། གངས་རིའི་ར་བས་འཁྱུད་ཀྱང་རྒྱལ་བསྟན་སྣང་བས་ཆེར་དབེན་མུན་གླིང་འདིར། །ཟླ་ཉི་འབུམ་ཕྲག་གིས་ཀྱང་འགྲན་བཟོད་མ་ཡིན་དམ་ཆོས་འོད་སྟོང་ཅན། །འདྲེན་པའི་ཁྱུང་སྔོན་སྐྱེས་ཀྱང་སྔོན་ནས་འགའ་མེད་ཐུ་མི་སམྦྷོ་ཊ། །དེ་གཞུང་འགྲེལ་བྱེད་དག་ཀྱང་ཕྱི་མར་བྱུང་ཀུན་དོན་མཐོང་མིན་བཞིན་སྨྲ། །དེ་ཚེ་ཡིན་དང་མ་ཡིན་པ། །འབྱེད་ཕྱིར་སླར་ཡང་ཐུ་མི་ཉིད། །སི་ཏུ་ཆོས་ཀྱི་སྣང་བ་རུ། འདི་ན་བྱོན་པ་དོན་དང་ལྡན། །འགའ་ཞིག་སྡེ་སྣོད་སྔ་འགྱུར་པའི། །བརྗོད་བྱའི་ནུ་ཞོས་འཚོ་བཞིན་དུ། །དེ་ལ་སླར་ཡང་འབུལ་བ་འདི། །འཛངས་པ་ལགས་སམ་གཟུར་གནས་དག །དེ་ཕྱིར་དེ་འདྲའི་རྣམ་ཐར་གྱིས། །མ་བསླད་བརྡ་སྦྱོར་རྩ་འགྲེལ་གཞུང་། །འདི་ལྟ་བུ་ལ་མི་བརྩོན་པའི། །ཐར་འདོད་འགའ་ཞིག་ཡོད་མ་ཡིན། །ཚུལ་དེ་ཡིད་ལ་ངེས་བྱས་ནས། །དང་པོའི་ལས་ཅན་མཐའ་དག་ལ། །ཕན་འདོད་བསམ་པས་བདག་གིས་ཀྱང་། །འགྲེལ་ཆེན་གཞུང་ནས་འདི་ཉིད་བཏུས། །དེ་ལས་བྱུང་བའི་དགེ་ཚོགས་ནི། །ཇི་སྟེ་འགའ་ཞིག་བསགས་ཡོད་ན། །དེའང་འཕྲལ་བདེའི་ཆེད་དུ་མིན། །རྣམ་མཁྱེན་ཁོ་ནའི་རྒྱུར་བསྔོའོ། །ཞེས་པའང་རྗེ་བཙུན་བླ་མ་དམ་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དང་། རང་ཉིད་ཀྱི་རྡོ་རྗེའི་མཆེད་པོ་བསོད་ནམས་རིན་ཆེན་སོགས་ཀྱི་བཀས་བསྐུལ་ངོར་ལས་དང་པོ་བ་རྣམས་ལ་ཕན་པའི་ཕྱིར། ༧གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་བཀའ་འབངས་ཀྱི་ཐ་ཤལ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་སི་ཏུའི་འགྲེལ་ཆེན་ལས་བཏུས་པ་སྟེ་འདི་ཉིད་ཤེས་ནས་སླར་གཞུང་དེ་ཉིད་ཞིབ་ཏུ་བལྟ་བ་གལ་ལོ། །དེས་ན་འགྲེལ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་གཞུང་ལ་བརྟེན་པ་ཡིན་པས་ནོར་འཁྲུལ་མེད་ཕྱིར་ཀུན་གྱིས་བརྩོན་པ་མི་གཡེལ་བར་འདི་ལ་ནན་ཏན་བགྱིད་པར་ཞུའོ།། །།ཨོཾ་སྭ་སྟི། ཟླ་བྲལ་ཐུབ་དབང་མཆོག་དེའི་ལུང་རྟོགས་ཀྱི། །བསྟན་པ་རིན་ཆེན་གངས་རིའི་ལྗོངས་འདི་རུ། །གསལ་བྱེད་འཇམ་དཔལ་དབྱངས་དངོས་ཐུ་མི་ཡིས། །བོད་ལ་ཉེར་མཁོའི་བསྟན་བཅོས་བརྒྱད་མཛད་པའི། །ཐོག་མ་སུམ་ཅུ་བ་དང་རྟགས་འཇུག་གཉིས། །རིག་གནས་ཀུན་གྱི་གཞི་མར་ལེགས་དགོངས་ནས། །སྨྲ་བའི་ཉི་མ་རྒྱལ་སྲས་ཆོས་ཀྱི་རྗེའི། །མཁྱེན་རབ་ལས་འཁྲུངས་བློ་གསལ་གོ་བདེའི་ཕྱིར། །དགོངས་དོན་ཟབ་མོའི་གཏེར་མཛོད་སྒོ་འཕར་ནི། །འབྱེད་བྱེད་འཕྲུལ་གྱི་ལྡེ་མིག་འདི་རྨད་བྱུང་། །གང་ཞིག་ཐོས་བསམ་དོན་གཉེར་ལྡན་པ་ལ། །ཆོས་སྦྱིན་འཛད་མེད་སྤར་དུ་སྒྲུབས་བྱེད་པ། །རྗེ་དེའི་གསུང་གི་བདུད་རྩིར་སྤྱོད་པ་ཡི། །ཞལ་སློབ་རྣམས་ཀྱིས་བཞེངས་ཚེ་དོ་དམ་པ། །འོད་གསལ་གྱིས་བགྱིས་རྣམ་དཀར་དགེ་དེའི་མཐུས། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་ཞིང་རྒྱས། །སྐྱེ་དགུ་མ་ལུས་རྫོགས་ལྡན་དཔལ་གྱིས་འཚོ། །ཁྱད་པར་ཐོས་བསམ་སྒོམ་ལ་སྤྱོད་པ་ཡི། །སྐལ་བཟང་སྐྱེ་བོས་ས་འདི་ཡོངས་གང་ཞིང་། །རྒྱལ་བསྟན་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་འཇམ་དབྱངས་ཐུ་མིས་མཛད་པའི་བརྡ་སྤྲོད་ཀྱི་གཞུང་སུམ་ཅུ་པ་དང་རྟགས་འཇུག་གཉིས་ཀྱི་འབྲུ་འགྲེལ་རྗེ་བླ་མས་གསུང་བ་འདི་ཉིད་ཐོས་བསམ་བྱེད་པ་རྣམས་ལ་མཆོག་ཏུ་ཕན་པར་རིག་ནས་རྗེ་དེ་ཉིད་ཀྱི་གདན་ས་ཐུབ་བསྟན་ཉིན་བྱེད་གླིང་དུ་སྤར་དུ་སྒྲུབ་སྐབས་སྤར་བྱང་ཉུང་ངུ་འདི་བཞིན་དགོས་ཞེས་དད་དམ་ཐོས་པའི་ནོར་གྱིས་ཕྱུགས་པའི་བླ་མ་དམ་པ་འོད་གསལ་སྙིང་བོ་ནས་ལྷ་རྫས་བཅས་བཀའ་ཕེབས་གནང་བཞིན་རྗེ་བླ་མའི་ཞལ་སློབ་ཀྱི་ཡང་མཐའ་སྤྲུལ་མིང་བ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོས་སྨྲས་པ་དགེ་ཞིང་བཀྲ་ཤིས་བར་གྱུར་ཅིག། དགེའོ། །

རྟགས་གསལ་འགོད་ཚུལ་གྱི་རྣམ་བཞག་ཉུང་ངུ་།

༄༅། །རྟགས་གསལ་འགོད་ཚུལ་གྱི་རྣམ་བཞག་ཉུང་ངུ་བཞུགས་སོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཟབ་ཡངས་ཆོས་ཚུལ་ཟླ་བའི་མ་མ་ལས། །འོངས་པའི་ལེགས་བཤད་རིན་ཆེན་སུ་ཝཪྞའི། །ཆ་ཤས་ཙམ་ཞིག་འདི་རུ་སྦྱིན་བགྱི་ན། །གང་ལ་རྒྱན་དུ་རེ་རྣམས་དང་ལོངས་ཤིག །དེ་ཡང་འདིར་གང་ཞིག་བཤད་པར་བྱ་བ་ལ། ཐོག་མར་གཞུང་མཛད་པ་པོའི་དབང་དུ་བྱས་ཏེ། དམ་པའི་ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་དུ་མཁས་པ་དང་། གྲུབ་པའི་དབང་ཕྱུག་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བ་ཡིན་ནའང་། དེ་དག་གི་ནང་ནས་ཀྱང་མཁས་པའི་མཆོག་ཏུ་གྱུར་པ་ནི། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་རྣམས་ཡིན་ཏེ། དེ་དག་གི་ངོས་འཛིན་ཀྱང་ཟུང་ཟད་མི་འདྲ་བ་ཙམ་གཞན་དག་འཆད་པར་བྱེད་མོད་དེ། འདིར་ནི་གཞུང་བཤད་བྱེད་པོ་རྣམ་གསུམ་དང་། དགོངས་འགྲེལ་མཛད་པོ་རྣམ་གསུམ་ཞེས་དྲུག་ཏུ་འཆད་པའི་ལུགས་ལྟར་བཤད་པར་བྱའོ། །དེ་ཡང་ཡིན་ཏེ། རིམ་པ་ལྟར་དབུ་མའི་གཞུང་མཛད་པ་པོ་དེ་སློབ་དཔོན་ཀླུ་སྒྲུབ། དེའི་དགོངས་པ་འགྲེལ་བ་པོ་སློབ་དཔོན་ཨརྱ་དཱེ་བ། རྣལ་འབྱོར་སྤྱོད་པའི་གཞུང་མཛད་པ་པོ་དེ་སློབ་དཔོན་ཐོགས་མེད། དེའི་དགོངས་པ་འགྲེལ་བ་པོ་སློབ་དཔོན་དབྱིན་གཉེན། ཚད་མའི་གཞུང་མཛད་པ་པོ་དེ་སློབ་དཔོན་ཕྱོགས་གླང་། དེའི་དགོངས་པ་འགྲེལ་བ་པོ་སློབ་དཔོན་ཆོས་ཀྱི་གྲགས་པ་རྣམས་ཡིན་པའི་ཕྱིར། འདི་དག་ལ་རྩོད་སྒྲུབ་གཞན་ཡང་ཡོད་དེ་རེ་ཞིག་དེ་ཙམ་མོ། །འདིར་དོན་བསྡུ་བ་ལ། སློབ་དཔོན་སྔ་མ་བཞི་བོས་ཐེག་ཆེན་གྱི་གྲུབ་མཐའ་གཉིས་པོ་གཙོ་བོར་བཀྲལ་བ་ཡིན་ཞིང་། ཕྱི་མ་གཉིས་པོས་ཐེག་དམན་གྱི་གྲུབ་མཐའི་བྱེ་བྲག་མདོ་སྡེ་བའི་གཞུང་ཉིད་དང་། དེ་ལས་ཀྱང་རིགས་པའི་རྗེས་འབྲང་གི་མདོ་སྡེ་བའི་གཞུང་ཉིད་གཙོ་བོར་བཀྲལ་བ་ཡིན་ཡང་། སློབ་དཔོན་དེ་དང་དེ་གྲུབ་མཐའ་དེ་དང་དེ་ཁོ་ན་འཛིན་པའི་ཁྱབ་པ་ནི་མེད་དོ། །དཔེར་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་ཉིད་གསུམ་ལ་འཇུག་པ་ལ་སོགས་རྣལ་འབྱོར་སྤྱོད་གཞུང་དང་འབྲེལ་བའི་བསྟན་བཅོས་དང་གཞན་ཡང་བཤེས་སྤྲིང་དང་དགེ་ཚུལ་གྱི་ཀ་རི་ཀ་ལྔ་བཅུ་པ་ལ་སོགས་ཐེག་དམན་དང་ཡང་ཐུན་མོང་དུ་གྱུར་པའི་བསྟན་བཅོས་སོགས་མང་དུ་མཛད་པའི་ཕྱིར་དང་། སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱིས་མངོན་པ་གོང་འོག་སོགས་ཐེག་དམན་དང་འབྲེལ་ཆེ་བའི་བསྟན་བཅོས་དང་། ཁྱད་པར་མངོན་པ་འོག་མར་གྲགས་པ་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ནི་རྩ་བར་བྱེ་བྲག་སྨྲ་བའི་གཞུང་དང་། འགྲེལ་བར་མདོ་སྡེ་བའི་གཞུང་གཙོ་བོར་བསྟན་ནས་མཛད་པའི་ཕྱིར་དང་སློབ་དཔོན་ཕྱོགས་གླང་ཡབ་སྲས་ཐོགས་མེད་སྐུ་མཆེད་ཀྱི་རྒྱུད་འཛིན་ཁོ་ན་ཡིན་པའི་ཕྱིར་གྲུབ་མཐའ་འོག་མ་རང་འཛིན་པའི་ངེས་པ་མེད་མོད་དེ། འོན་ཀྱང་དགོས་པའི་དབང་གིས་གྲུབ་མཐའ་ཐེག་ཆེན་འཛིན་ལ་ལམ་ཐེག་དམན་དུ་ཞུགས་པའི་གང་ཟག་ཀྱང་ཡོད་པ་དང་། གྲུབ་མཐའ་ཐེག་དམན་འཛིན་ལ་ལམ་ཐེག་ཆེན་དུ་ཞུགས་པའི་གང་ཟག་ཀྱང་ཡོད་པའི་ཕྱིར། སློབ་དཔོན་འདི་རྣམས་ནི་དགོས་དབང་ཁོ་ནས་གྲུབ་མཐའ་དེ་དང་དེ་འབྱེད་པའི་བསྟན་བཅོས་གཙོ་བོར་མཛད་པ་ཙམ་ཉིད་ཀྱི་སྒོ་ནས་བཞག་པའང་རིག་པར་བྱའོ། །དེས་ན་འདིར་དབུ་མའི་གཞུང་ལུགས་དང་འབྲེལ་བའི་ཐལ་འགྱུར་འགོད་པ་དང་། ཚད་མ་མདོ་དང་རྒྱས་པའི་བསྟན་བཅོས་ཀྱི་རྗེས་སུ་འབྲང་ནས་རྟགས་གསལ་ཁྱབ་གསུམ་གྱི་རིགས་ལམ་འགོད་པ་སོགས་རྒྱས་པ་འཆད་རྒྱུ་སྐབས་སུ་མ་བབས་ཀྱང་། བརྗོད་བྱའི་གོ་བ་ཙམ་སྨྲོས་པ་ལ། སྤྱིར་བཏང་མདོ་སྡེ་བ་ཉིད་ཀྱི་བཞེད་པའི་སྙིང་བོར་དྲིལ་ན། རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པའི་དོན་འགྲེལ་བ་ལ། གྲུབ་མཐའ་འདིའི་ལུགས་ཀྱིས་སྣང་བ་དང་མཐུན་པར་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད། འདི་དང་དོན་དམ་བདེན་པ་དོན་གཅིག དངོས་པོར་གྲུབ་པ་དང་། དོན་དམ་པར་ཡོད་པའང་དོན་གཅིག་གོ །དེ་ལས་གཞན་ཏེ། དོན་བྱེད་མི་ནུས་ཀྱང་ཡོད་པ་དེ་ནི་ཀུན་རྫོབ་ཙམ་དུ་ཡོད་པ་སྟེ། དེའི་སྒྲ་བཤད་ལ། ཀུན་མང་ཚིག་དང་། རྫོབ་ཅེས་པ་ཡ་མ་བརླའམ་སྙིང་པོ་མེད་པའི་དོན་ཅན་ནོ། །འདིའི་ལུགས་ཀྱིས་གཞི་གྲུབ་ལ་ཡོད་པས་ཁྱབ་ཀྱང་། ཡོད་པ་ལ་དངོས་པོར་གྲུབ་པས་མ་ཁྱབ་སྟེ། དཔེར་ན། ཀུན་རྫོབ་བདེན་པ་ཆོས་ཅན། དངོས་པོར་གྲུབ་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་པ་ལ། འདོད་ཅེ་ན། དེ་ཆོས་ཅན། དངོས་པོར་མ་གྲུབ་པར་ཐལ། དངོས་པོ་དང་དོན་དམ་དོན་གཅིག་པར་གཞུང་ལས་བཤད་ཅིང་། དེ་ཉིད་ཀུན་རྫོབ་ལས་ཐ་དད་པ་ཡིན་པའི་ཕྱིར་རོ། །ཞེས་པ་ལྟ་བུའི་སྒོ་ནས་རྟོགས་པར་བྱའོ། །དེ་དག་གི་མཚན་ཉིད་གཏན་ལ་འབེབ་པར་བྱེད་པ་ནི་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཏེ། དེ་ཡང་མངོན་སུམ་གྱི་སྣང་ཡུལ་ཡིན་ན་རང་མཚན་ཡིན་པས་ཁྱབ། རང་མཚན་དང་། དོན་དམ་བདེན་པ་དང་། དངོས་པོ་དང་། འདུས་བྱས་དང་། མི་རྟག་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས། རྟོག་པའི་སྣང་ཡུལ་ཡིན་ན་སྤྱི་མཚན་ཡིན་པས་ཁྱབ། སྤྱི་མཚན་དང་། དངོས་མེད་དང་། ཀུན་རྫོབ་བདེན་པ་དང་། འདུས་མ་བྱས་དང་། རྟག་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས། འདི་བས། དོན་དམ་མི་རྟག་པར་འདོད་པ་དང་། ཀུན་རྫོབ་རྟག་པར་འདོད་པ་སོགས་ཁས་ལེན་ཚུལ་ཐེག་ཆེན་དང་གོ་ལྡོག་པ་ལྟ་བུར་ཡོད་ཀྱང་། རང་ལུགས་ཀྱི་དམིགས་དོན། དོན་དམ་བདེན་པའི་མཚན་གཞིར། བློ་རྫས་སྐད་ཅིག་ཆ་མེད་ལྟ་བུ་དང་། གཟུགས་རྫས་རྡུལ་ཕྲན་ཆ་མེད་ལྟ་བུ་བཞག་པའི་ཕྱིར་དང་། ཀུན་རྫོབ་བདེན་པའི་མཚན་གཞིར་སྐྱེས་བུ་དང་གང་ཟག་ཅེས་པ་ལྟ་བུ་བཞག་པར་མཛད་པའི་ཕྱིར་དོན་ལ་མི་འགལ་བར་འཆད་ཤེས་སོ། །དེས་ན་ལུགས་འདིའི་བདེན་གཉིས་ཀྱི་འཇོག་ཚུལ་ཐུན་མོང་མ་ཡིན་པ་དེ་ཤེས་པར་བྱས་ནས། ད་ནི་རྟགས་གསལ་ཁྱབ་གསུམ་གྱི་གོ་བ་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་སྔ་རྒོལ་གྱི་དམ་བཅའ་འདོད་དང་། རྟགས་མ་གྲུབ་དང་། ཁྱབ་མ་ཁྱབ་དང་། ཐེ་ཚོམ་ལ་དྲིས་ཏེ་ལན་གདབ་པ་ཅིས་ཕྱིར་ཟེར་བ་རྣམས་དང་ཕྱི་རྒོལ་གྱི་རྟགས་གསལ་བཀོད་ནས་འདྲི་བ་རྣམས་ཤེས་པར་བྱ་བ་གཞིར་བཞག་ནས། དངོས་དོན་ཚད་མ་རང་ལ་སྤྱིར་བཏང་། རྒྱལ་བའི་བཀའ་ལུང་ཚད་མ་དང་། རང་གི་རིགས་པ་ཚད་མ་དང་། བླ་མའི་མན་ངག་ཚད་མ་དང་། དཔེ་ཉེར་སྦྱར་ཚད་མ་སྟེ་བཞི་ལས། བྱེ་བྲག་རིགས་པ་ཚད་མ་ལ་ནང་གསེས་གཞལ་བྱ་མངོན་གྱུར་དང་། ལྐོག་གྱུར་གྱི་ཁྱད་པར་ལ་ལྟོས་ནས། འཇལ་བྱེད་གཏན་ཚིགས་ཀྱང་། མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས་སུ་ཡོད་དེ། དེ་སྐད་དུའང་རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པ་ཡིན་ནོ། །འདིར་མངོན་སུམ་ལ། མངོན་སུམ་དང་མངོན་སུམ་ཚད་མ། རྗེས་དཔག་ལ་རྗེས་དཔག་དང་། རྗེས་དཔག་ཚད་མ་སྟེ་སོ་སོར་ཚད་མ་དང་ཚད་མིན་གཉིས་གཉིས་སུ་ཡོད་དོ། །དེ་དག་སྤྱིར་ཤེས་པར་བྱས་ནས། བྱེ་བྲག་རྟགས་གསལ་འགོད་ལུགས་ལ། ཀ་བ་ཆོས་ཅན་ལྟ་བུ་རྩོད་གཞི་འགོད་པ་དང་། མི་རྟག་པ་ཡིན་པར་ཐལ་ལྟ་བུ་ཆོས་ཅན་དེའི་རང་བཞིན་གསལ་བར་བྱས་པ་ཡིན་པའི་ཕྱིར་གསལ་བ་དང་། འདུས་བྱས་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མི་རྟག་པ་ཡིན་པའི་རྟགས་ལ་འདུས་བྱས་ཡིན་པ་བསྟན་པའི་ཕྱིར་བསྒྲུབ་བྱ་དེ་དེ་ཡིན་པའི་རྟགས་སམ། བསྒྲུབ་བྱེད་དམ། གཏན་ཚིག་སྨྲོས་པ་སྟེ། དཔེར་ན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། ཞེས་པ་ལ་མེ་ཡོད་པའི་རྟགས་སུ་དུ་བ་བཀོད་པ་ལྟ་བུའོ། །འདུས་བྱས་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ་ཞེས་པ་ལྟ་བུ་ཁྱབ་པ་འགོད་སྟེ། འདིའི་ཁྱབ་པ་ནི་སྔོན་དུ་ཁས་བླངས་གྲུབ་བོ། །དེ་དག་ལས་དང་པོ་རྩོད་གཞི་འགོད་པ་ལ་མཚན་མཚོན་གཞི་གསུམ་དང་། མཚོན་ཆོས་དང་། སྒྲུབ་ཆོས་སོགས་ཀྱི་ཁྱད་པར་ཀྱང་ཤེས་དགོས་ལགས། རྟགས་གསལ་ཁྱབ་གསུམ་གྱི་རྣམ་དབྱེ་རྣམས་ཀྱང་རང་རང་གི་སྒྲ་བཤད་ཀྱི་སྟེང་ནས་ངེས་པ་རྙེད་དགོས་སོ། །འདིར་དཀོན་མཆོག་གསུམ་གྱི་སྒྲ་དོན་མདོ་ཙམ་བཤད་ན། ལེགས་སྦྱར་གྱི་སྐད་དུ་ན་མོ་རཏྞ་་་ཏྲ་ཡ་ཡ། ཞེས་པ་དེ་བོད་སྐད་དུ་བསྒྱུར་ན། ན་མོ་ཕྱག་འཚལ་ལོ། །གང་ལ་ན་རཏྞ་་་རིན་པོ་ཆེ། ཏྲ་ཡ་ཡ་གསུམ་ལ་སྟེ། དེ་ལྟར་ན་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་འདི་དེ་ལྟར་མི་སྒྱུར་བར་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པར་བསྒྱུར་པ་འདི་ལ་དགོས་པ་ཅི་ཡོད་ཅེ་ན་ཡོད་དེ། སྤྱིར་རིན་ཐང་ཆེ་བ་ཙམ་ནི་གསེར་དང་དངུལ་ལ་སོགས་པ་དག་ཀྱང་ཡིན་མོད་དེ། དེ་དག་ལས་ཁྱད་པར་དུ་བྱས་ཏེ། འདིར་རིན་ཐང་ཆེ་བ་ཙམ་དུ་མ་ཟད་དཀོན་པ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །ཞེས་སྟོན་པའི་ཆེད་དུ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། གསེར་དང་དངུལ་ལ་སོགས་པའི་རིན་ཆེན་དེ་དག་ལ་བརྟེན་ནས་ཚེ་འདིར་ཟས་ནོར་གྱི་དབུལ་བ་སེལ་ནུས་པ་ཙམ་ཡིན་ཡང་། དེ་ལ་བརྟེན་ནས་མཐར་ཐུག་མྱ་ངན་ལས་འདས་པའི་གོ་འཕང་མངོན་དུ་བྱེད་མི་ནུས་པ་གང་ཞིག འདིར་དཀོན་མཆོག་གསུམ་ལ་བརྟེན་ནས་དེ་མངོན་དུ་བྱེད་ནུས་པའི་ཕྱིར་རོ། །དེ་ལ་གསུམ། དང་པོ་སངས་རྒྱས་དཀོན་མཆོག་ཆོས་ཅན། ཁྱོད་ལ་སངས་རྒྱས་ཞེས་པའི་རྒྱུ་མཚན་ཡོད་པར་ཐལ། མ་རིག་པ་གཉིད་སྟུག་པོ་ལྟ་བུ་སངས་པའི་སྤང་བ་ཕུན་སུམ་ཚོགས་པ་དང་། ཤེས་བྱའི་ཆོས་ཐམས་ཅད་ལ་བློའི་པདྨོ་ཕྱོགས་མེད་དུ་རྒྱས་པའི་རྟོགས་པ་ཕུན་སུམ་ཚོགས་པ་སྟེ། དེ་ལྟ་བུའི་སྤང་རྟོགས་ཀྱི་ཡོན་ཏན་གཉིས་པོ་དེ་ཁྱོད་ལ་མངའ་བའི་ཕྱིར། དེ་ཡང་ཡིན་ཏེ། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་སྐྱབས་འགྲོ་བདུན་བཅུ་བ་ལས། མ་རིག་གཉིད་ནི་རྒྱུན་བཅད་ཅིང་། །ཡང་དག་ཡེ་ཤེས་ངེས་འབྱུང་བས། །གང་ཞིག་རྣམ་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སངས་ཇི་བཞིན་ནོ། །ཞེས་དང་། དུས་གསུམ་ལམ་ལས་ངེས་གྲོལ་ཞིང་། །ཤེས་བྱ་ལ་ནི་བློ་རྣམས་རྒྱས། །རྨོངས་པའི་ཟུམ་པ་བཅོམ་པས་ན། །སངས་རྒྱས་པདྨ་ལྟར་རྣམ་རྒྱས། ཞེས་གསུངས་པའི་ཕྱིར། གཉིས་པ་ཆོས་དཀོན་མཆོག་དེ་ཆོས་ཅན། ཁྱོད་ལ་དམ་པའི་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་པར་ཐལ། སྤྱིར་བཏང་དྷརྨ་ཞེས་པའི་སྒྲ་ཤེས་བྱ་དང་ལམ་ལ་སོགས་པའི་དོན་བཅུར་འཇུག་ཀྱང་། དམིགས་གསལ་དམ་པའི་ཆོས་ཀྱི་དབང་དུ་བྱས་ཏེ། ཟད་པ་དང་ཆགས་པ་དང་བྲལ་བ་དང་། མྱ་ངན་ལས་འདས་པ་དང་། འགོག་པ་དང་། སྟོང་བ་ཉིད་དང་། ཞི་བ་དང་། དེ་བཞིན་ཉིད་དེ། དེ་ལྟ་བུའི་ཆོས་སམ། རང་གི་མཚན་ཉིད་འཛིན་པས་ན་དམ་པའི་ཆོས་ཞེས་བརྗོད་པའི་ཕྱིར། དེ་ཡང་ཡིན་ཏེ། དཔལ་ལྡན་ཟླ་བས། ཟད་དང་ཆགས་བྲལ་མྱ་ངན་འདས། །འགོག་དང་སྟོང་བ་ཉིད་ཞི་བ། །དེ་གཞིན་ཉིད་ཀྱང་ཆོས་རྣམས་ཀྱི། །རང་གི་ངོ་བོ་དེ་ཉིད་བཤད། །ཅེས་གསུངས་པའི་ཕྱིར། གསུམ་པ་དགེ་འདུན་དཀོན་མཆོག་ཆོས་ཅན། ཁྱོད་ལ་འཕགས་པའི་དགེ་འདུན་ཞེས་པའི་རྒྱུ་མཚན་ཡོད་པར་ཐལ། སཾགྷ་ཞེས་པའི་སྒྲ་མཆོག་ཏུ་གྱུར་པ་དང་མི་ཕྱེད་པའི་དོན་ལ་འཇུག་པས་ན་འདིར་ཡང་འཕགས་པའི་བདེན་པ་བཞི་རྟོགས་ནས་དད་པས་འདུན་པ་དང་མི་ཕྱེད་པའི་སྐྱེས་བུ་ཟུང་བཞི་ཡ་བརྒྱད་པོ་ཉིད་དམ། སངས་རྒྱས་དང་ཆོས་དག་ལ་འདུན་པ་མི་ཕྱེད་པ་ཉིད་ཀྱི་ཕྱིར་ཡང་འཕགས་པའི་དགེ་འདུན་ཞེས་བརྗོད་པའི་ཕྱིར། དེ་ཡང་ཡིན་ཏེ། གཞུང་སྔ་མ་ལས། འཕགས་པའི་བདེན་པ་རྣམ་པ་བཞི། །རྟོགས་ཏེ་ཤེས་ནས་དད་གྱུར་པས། །སྐྱེས་བུ་གང་ཟག་ཟུང་བརྒྱད་པོ། །མི་ཕྱེད་དགེ་འདུན་ཞེས་བཤད་དོ། །ཞེས་དང་། སངས་རྒྱས་ཆོས་དང་དགེ་འདུན་ནི། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང་། །གང་ཕྱིར་དབྱེ་བར་མི་ནུས་པ། །དེ་ཕྱིར་དགེ་འདུན་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། འདི་དག་ལ་རང་རང་གི་མཚན་ཉིད་བཤད་པ་རྣམས་དང་ནི་ལྡན་པས་ཁྱབ་ལ། རིམ་པ་བཞིན་མ་ཁྱབ་པ་ནི་སངས་རྒྱས་ཡིན་ན་རྫོགས་པའི་སངས་རྒྱས་ཡིན་པས་མ་ཁྱབ་སྟེ། རང་སངས་རྒྱས་སོགས་བཞག་ཏུ་ཡོད་པའི་ཕྱིར་དང་། ཆོས་ཡིན་ན་དམ་པའི་ཆོས་ཡིན་པས་མ་ཁྱབ་སྟེ། འཁོར་བའི་ཆོས་ལ་སོགས་པའི་བཞག་ཏུ་ཡོད་པའི་ཕྱིར་དང་། དགེ་འདུན་ཡིན་ན་འཕགས་པའི་དགེ་འདུན་ཡིན་པས་མ་ཁྱབ་སྟེ། སོ་སྐྱེས་དགེ་འདུན་བཞག་ཏུ་ཡོད་པའི་ཕྱིར་དང་། གཞན་ཡང་དཀོན་མཆོག་གསུམ་སོ་སོའི་དབྱེ་བ་ལ་སོགས་པ་ནི་འདིར་འབྲིར་མ་ལྡང་བའི་ཕྱིར་བཏང་སྙོམས་སུ་བཞག་གོ །དེ་ལྟར་ན་དྲིས་པའི་དོན་རྣམས་མདོ་ཙམ་ཐལ་དེ་རེ་ཞིག་དེ་ཙམ་མོ། །འདིར་སླར་ཡང་སྨྲས་པ། དམ་པའི་ཆོས་ཚུལ་ཉི་མ་ཕལ་ཆེར་ནུབ། །བླུན་ཚིག་རྒྱུ་སྐར་ཕྲེང་བ་དེང་ཤར་ན། །འདི་འདྲའི་ཚིག་ཚོགས་སྣང་བར་རེ་བ་ནི། །རང་ཉིད་བསམ་པ་དགེ་བ་ཙམ་ལས་ཅི། །འོན་ཀྱང་བསྐུལ་ངག་དབྱར་གྱི་རྔ་གསང་ལ། །གཅིག་ཏུ་ཆགས་པའི་བློ་གྲོས་མདོངས་མཐའ་ཅན། དེང་འདིར་ཟློས་གར་བསྒྱུར་པའི་རྣམ་འགྱུར་གཟུགས། །ཆེད་དུ་མ་བཀག་ཅི་དགར་གློད་པའང་ཡིན། །འདིར་བཤད་དགེ་བ་ནམ་མཁའི་གླང་བོ་ལས། །བྱུང་བའི་ཕན་བདེའི་སྦྲང་ཆར་བསིལ་ལྡན་དེས། །འགྲོ་བ་ཉོན་མོངས་ཚད་པས་གདུང་རྣམས་ཀུན། །རྟག་ཏུ་བདེ་བའི་གོ་སར་དབུགས་འབྱིན་ཤོག །ཅེས་རྟགས་གསལ་འགོད་ཚུལ་གྱི་རྣམ་གཞག་ཉུང་ངུ་འདི་ནི་མངའ་རིས་གློ་བོ་ཆོས་སྡེའི་གྲྭ་བཙུན་བྱམས་པ་བསྟན་འཛིན་ནས་ཇི་ལྟར་དྲིས་པའི་ལན་དུ་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་སེམས་ལ་གང་དྲན་ཤར་མར་སྤེལ་བའོ།། །།

ཕུང་ལྔའི་རབ་དབྱེ་བསྡུས་པ།

༄༅། །ཕུང་ལྔའི་རབ་དབྱེ་བསྡུས་པ་ཞེས་བྱ་བ་བཞུགས་སོ། །གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ཅན། །ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན། །འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པའི་མཚན་ཉིད་ཅན། །འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན། །རྣམ་པར་ཤེས་པ་ནི་ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་ནོ། །མིག་ཤེས་ཀྱིས་བཟུང་བྱར་གྱུར་པའི་གཟུགས་ལ་དབྱེ་ན། དབྱིབས་གཟུགས་དང་ཁ་དོག་གི་གཟུགས་གཉིས་ལས། དང་པོ་ལའང་རིང་པོ་དང་ཐུང་ངུ་། མཐོ་བ་དང་དམའ་བ། གྲུ་བཞི་དང་ལྷམ་པ་ཟེར་བ་ཡང་ཡོད། ལྷམ་པ་དང་ཟླུམ་པོ། ཕྱལ་ལེ་དང་ཕྱལ་ལེ་མ་ཡིན་པ་གཉིས་ཏེ་བརྒྱད་དོ། །གཉིས་པ་ཁ་དོག་གི་གཟུགས་ལའང་། རྩ་བ་དང་། ཡན་ལག་གི་ཁ་དོག་གཉིས་ལས། དང་པོ་ནི། སྔོ་སེར་དཀར་དམར་བཞིའོ། །གཉིས་པ། ཡན་ལག་གི་ཁ་དོག་ནི། སྤྲིན་དང་དུ་བ། རྡུལ་དང་ཁུག་སྣ། སྣང་བ་དང་མུན་པ། ཉི་མའི་འོད་ཟེར་དང་གྲིབ་མ་སྟེ་བརྒྱད་དོ། །དེ་ལྟར་དབྱེ་བས་ཉི་ཤུའོ། །རྣ་ཤེས་ཀྱིས་མཉན་བྱར་གྱུར་པའི་སྒྲ་ལ་དབྱེ་ན། ཟིན་པ་དང་མ་ཟིན་པ་གཉིས། དེ་རེ་རེ་ལའང་སེམས་ཅན་དུ་སྟོན་པ་དང་། སེམས་ཅན་དུ་མི་སྟོན་པ་གཉིས་རེ་སྟེ་བཞི། དེ་རེ་རེ་ལའང་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་གཉིས་རེ་སྟེ་བརྒྱད་དོ། །སྣ་ཤེས་ཀྱིས་སྣོམ་བྱར་གྱུར་པའི་དྲི་ལ་དབྱེ་ན། དྲི་ཞིམ་པ་དང་། དྲི་མི་ཞིམ་པ་གཉིས། དེ་རེ་རེ་ལའང་། དྲི་མཉམ་པ་དང་། མི་མཉམ་པ་གཉིས་སམ། ལྷན་སྐྱེས་དང་སྦྱར་བྱུང་གཉིས་རེར་དབྱེ་བས་བཞིའོ། །ལྕེ་ཤེས་ཀྱིས་མྱོང་བྱར་གྱུར་པའི་རོ་ལ་དབྱེ་ན། མངར་བ་དང་སྐྱུར་བ། ཁ་བ་དང་། བསྐ་བ། ཚ་བ་དང་ལན་ཚ་བ་གཉིས་ཏེ་དྲུག་གོ །ལུས་ལ་རེག་བྱར་གྱུར་པའི་གཟུགས་ལ། དབྱེ་ན། ས་ཆུ་མེ་རླུང་གི་རེག་བྱ་བཞི། དེ་བཞིན་དུ། ཡང་བ་དང་ལྕི་བ། བཀྲེས་པ་དང་སྐོམ་པ། འཇམ་པ་དང་རྩུབ་པ། གྲང་བའི་རེག་བྱ་དང་བཅུ་གཅིག་གོ །དབང་པོ་ལྔ་ལ་རྟེན་བཅས་ཀྱི་དབང་པོ་དང་། རྟེན་མཚུངས་ཀྱི་དབང་པོ་གཉིས་རེ་ཡོད་དོ། །དེ་ལྟར་ཡུལ་དོན་ལྔ་ཡང་ཟེར། དབང་པོ་ལྔ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་འབྲས་གཟུགས་བཅུ་གཅིག་གོ །དེ་དག་གཟུགས་ཀྱི་ཕུང་པོའི་དབྱེ་བའོ། །གཉིས་པ་ཚོར་བའི་ཕུང་བོ་ལ་དབྱེ་ན། བདེ་སྡུག་བར་མ་གསུམ་མམ་ཚོར་བའི་ཚོགས་དྲུག དེ་ཕན་ཚུན་བསྒྲེས་པས་བཅོ་བརྒྱད། དེར་སྤང་གཉེན་གྱི་ཟླས་ཕྱེ་བའི་སུམ་ཅུ་སོ་དྲུག དེར་དུས་གསུམ་གྱིས་ཕྱེ་བའི་བརྒྱ་རྩ་བརྒྱད་དོ། །གསུམ་པ་འདུ་ཤེས་ཀྱི་ཕུང་བོ་ལ་དབྱེ་ན། འདུ་ཤེས་རྒྱ་ཆེ་བ། འདུ་ཤེས་རྒྱ་ཆུང་བ། འདུ་ཤེས་བར་མ་དང་གསུམ་མོ། །མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་འདུ་ཤེས་གཉིས། ཡང་ན། འདུ་ཤེས་ཀྱི་ཚོགས་དྲུག་གོ །བཞི་བ་འདུ་བྱེད་ཀྱི་ཕུང་བོ་ལ། སེམས་བྱུང་ལྔ་བཅུ་རྩ་གཅིག་ལས། ཚོར་བ་དེ་གཉིས་དོར་བའི་ལྷག་མ་བཞི་བཅུ་ཞེ་དགུ་སྟེ། དེ་ཡང་ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ །གཞན་འགྱུར་བཞི་རྣམས་ལས། དང་པོ་ཀུན་འགྲོ་ལྔ་ནི། ཚོར་འདུ་སེམས་པ་རིག་ཡིད་བྱེད། །འདི་དག་ཀུན་འགྲོ་ལྔ་ཡིན་ནོ། །འདུན་མོས་དྲན་ཏིང་ཤེས་རབ་སྟེ། །ཡུལ་རྣམས་སོ་སོར་ངེས་པ་ལྔ། །དད་དང་བག་ཡོད་ཤིན་ཏུ་སྦྱང་། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །མ་ཆགས་མི་སྡང་གཏི་མུག་མེད། །བརྩོན་འགྲུས་བཅུ་གཅིག་དགེ་བའོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ཐེ་ཚོམ་ལྟ་བ་སྟེ། །རྩ་བའི་ཉོན་མོངས་དྲུག་ཡིན་ནོ། །ཁྲོ་དང་འཁོན་འཛིན་འཆབ་དང་འཚིག །ཕྲག་དོག་སེར་སྣ་གཡོ་སྒྱུ་རྒྱག །རྣམ་འཚེ་ངོ་ཚ་ཁྲེལ་མེད་དང་། །རྨུག་དང་རྒོད་དང་མ་དད་པ། །ལེ་ལོ་བག་མེད་རྗེད་ངེས་ཆེ། །རྣམ་གཡེང་ཤེས་བཞིན་མ་ཡིན་དང་། །ཉི་ཤུ་པོ་ནི་ཉེ་ཉོན་ནོ། །གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། །ཞེས་པ་ལྟར་རོ། །ལྔ་བ་རྣམ་པར་ཤེས་པའི་ཕུང་བོ་ལ། །རྣམ་ཤེས་ཚོགས་བརྒྱད་དམ། ཚོགས་དྲུག་གོ །དེས་ཕུང་བོ་ལྔ་སོང་། །སྐྱེ་མཆེད་བཅུ་གཉིས་ནི། མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་དང་། གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་སྟེ་བཅུ་གཉིས་སོ། །ཁམས་བཅོ་བརྒྱད་ནི། མིག་གི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་དྲུག་དང་། གཟུགས་ཀྱི་ཁམས་ནས་ཆོས་ཀྱི་ཁམས་ཀྱི་བར་དྲུག་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དྲུག་སྟེ་དྲུག་གསུམ་བཅོ་བརྒྱད་དོ། །དེ་ཡན་ཆད་ཀྱིས་འདུས་བྱས་སོང་། །འདུས་མ་བྱས་ཀྱི་ཆོས་གསུམ་ནི། སོ་སོར་བརྟགས་པའི་འགོགས་པ། སོ་སོར་བརྟགས་མིན་གྱི་འགོགས་པ། འདུས་མ་བྱས་ཀྱི་ནམ་མཁའ་དང་གསུམ་མོ། །ཡང་ན་འདི་ཆོས་ཁམས་སུ་བསྡུའོ། །དེ་དག་ནི་གང་ཤེས་པར་བྱ་བ་བཞིའི་ཆོས་སམ་འཁོར་བའི་ཆོས་རྣམས་སོ། །ཞེས་པའང་གཞན་ཕན་པས་སོ། །

ཕྱི་ནང་གི་གྲུབ་མཐའ་མདོར་བསྡུས་སུ་བཀོད་པ་འཇམ་མགོན་ཞལ་ལུང་།

༄༅། །ཕྱི་ནང་གི་གྲུབ་མཐའ་མདོར་བསྡུས་སུ་བཀོད་པ་འཇམ་མགོན་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ངག་གི་དབང་ཕྱུག་འཇམ་དབྱངས་མཁྱེན་པའི་གཏེར། །དབྱངས་སྙན་རྒྱུད་མང་འཁྲོལ་བའི་མཚོ་བྱུང་མ། །སྙིང་ལ་རྟག་ཏུ་མཛའ་བའི་བློ་གྲོས་མིག །ཐུབ་བསྟན་རྒྱ་མཚོའི་མགོན་རྣམས་ཕྱག་གི་ཡུལ། །བསྟན་ལ་མཁས་པར་འདོད་རྣམས་སྨྲ་བའི་རྒྱན། །རང་གཞན་གྲུབ་མཐའི་གནས་ལ་བསླབ་པ་གཅེས། །དེ་ཕྱིར་ཐོ་ཅོལ་སྨྲ་ལ་བྲེལ་བ་ཡི། །བྱིས་པའི་བློ་ཡང་གྲུབ་མཐའ་འཆད་ལ་སྤྲོ། །ཚེ་རབས་སྔ་ཕྱི་དགེ་སྡིག་རྒྱུ་འབྲས་སོགས། །མེད་པར་འདོད་པ་རྒྱང་འཕེན་པ་ཡི་ལུགས། །སྐྱེ་ཀུན་ངོ་བོ་ཉིད་ལས་འབྱུང་ངོ་ཞེས། །ཚུལ་འདི་འཆད་རྣམས་ཆད་ལྟའི་རྗེས་འབྲང་ཡིན། །གཅེར་བུ་པ་རྣམས་དགེ་སྡིག་བསླུ་མེད་ཀྱི། །འབྲས་བུ་འདོད་ཕྱིར་ལས་རྣམས་མ་ཟད་བར། །ཐར་བ་མིན་པས་ལས་འབྲས་ཟད་ཕྱིར་བརྩོན། །དེ་ཡང་སྔར་བྱས་དཀའ་ཐུབ་མཐུ་ཡིས་ཟད། །ཕྱིན་ཆད་མི་བྱའི་སྡོམ་པ་ལྡན་གྱུར་ན། །འཇིག་རྟེན་སྟེང་དུ་གདུགས་བཀན་ལྟ་བུ་ཡི། །གནས་སུ་ཐར་བར་འདོད་པ་འདི་ཡི་ལུགས། །གྲངས་ཅན་པ་རྣམས་འཁོར་བ་སྣང་བའི་གཞི། །ཤེས་རིག་སྐྱེས་བུ་སྙིང་དཀྱིལ་ཡོད་པར་འདོད། །དེ་ཉིད་བསམ་གཏན་བསྒོམས་པས་རིག་བྱས་ཏེ། །སྣང་བ་བསྡུས་ནས་གྲོལ་པ་ཐོབ་ཅེས་སྨྲ། །མུ་སྟེགས་འགའ་ཞིག་ཚངས་པ་དབང་ཕྱུག་དང་། །ཁྱབ་འཇུག་རྣམས་ཀྱིས་འཇིག་རྟེན་བྱས་པར་འདོད། །དེ་ཡི་ལུགས་ལ་ལྷ་གཉིས་ཐལ་འགྱུར་ཞེས། །མཆོད་སྦྱིན་རྒྱ་ཆེར་བགྱིད་པ་དེ་རྣམས་སྲོལ། །ཁ་ཅིག་དྲི་མ་སེམས་ཀྱི་ཆོས་ཉིད་ཀྱིས། །ཆགས་སོགས་སྤངས་པས་ཐར་བ་མིན་ཞེས་སྨྲ། །འདི་རྣམས་ལུགས་ཀྱི་བསམ་གཟུགས་ཙམ་ཐོབ་ཀྱང་། །བདག་མེད་གནས་ལུགས་རྟོགས་པའི་སྐབས་མེད་པས། །ཐར་བ་ཡང་དག་ཐོབ་པར་མི་འགྱུར་བས། །ཕྱི་རོལ་གྲུབ་མཐའི་ལུགས་ཞེས་སྨོད་པའི་གཞི། །གྲུབ་མཐའ་མདོར་བསྡུས་ལས་ཕྱི་རོལ་པའི་གྲུབ་མཐའ་མདོར་བསྡུས་སོ། །སངས་རྒྱས་པ་ལ་གྲུབ་མཐའ་སྨྲ་བ་བཞི། །བྱེ་སྨྲས་ཤེས་བྱ་ཐམས་ཅད་གཞི་ལྔར་བསྡུས། །སྣང་བ་གཟུགས་ཀྱི་གཞི་ལ་ཕྱི་ནང་གཉིས། །གཟུགས་སོགས་དོན་ལྔ་ཕྱི་ཡི་གཟུགས་དང་ནི། །དྭངས་པའི་དབང་པོ་ནང་གི་གཟུགས་སུ་བཤད། །སེམས་ཀྱི་གཞི་ནི་རྣམ་ཤེས་ཚོགས་དྲུག་དང་། །སེམས་བྱུང་ཀུན་འགྲོ་ལ་སོགས་ལྔ་བཅུ་གཅིག །མིང་ཚིག་ཕྱོགས་དུས་ལྡན་མིན་འདུ་བྱེད་དེ། །ནང་གསེས་དབྱེ་བ་བཅུ་བཞིར་མངོན་པར་གསུངས། །ནམ་མཁའ་འགོག་པ་རྣམ་གཉིས་འདུས་མ་བྱས། །གཞན་དུ་བདག་མེད་དེ་བཞིན་ཉིད་གཞིར་གསུངས། །རྡུལ་ཕྲན་སྐད་ཅིག་ཆ་ཤས་ཀུན་རྫོབ་དང་། །ཆ་མེད་དོན་དམ་བདེན་པ་རྟག་པར་འདོད། །མདོ་སྡེ་བ་རྣམས་སྣང་བ་སེམས་སུ་འདོད། །རྣམ་པ་གཏོད་བྱེད་རྡུལ་ཕྲན་ཕག་ན་ཡོད། །ནང་གསེས་གྲུབ་མཐའི་དབྱེ་བ་གཞན་ལས་ཤེས། །མདོར་ན་ཆོས་ཀུན་བདག་མེད་གཏན་ལ་དབབ། །ཁམས་གསུམ་འདོད་ཆགས་བྲལ་བ་འབྲས་བུར་བཞེད། །རྣམ་རིག་པ་རྣམས་ཚོགས་དྲུག་སྣང་བ་ཀུན། །སེམས་ཙམ་ལས་ཡིན་ཕྱི་དོན་མ་གྲུབ་ཅིང་། །མྱོང་བ་གསལ་རིག་ཆ་འདི་བདེན་གྲུབ་བཞེད། །གྲུབ་མཐའི་དབྱེ་བ་གཞན་ཡང་ཤེས་པར་བྱ། །དབུ་མ་པ་ལ་རང་སྟོང་གཞན་སྟོང་གཉིས། །རང་སྟོང་སྨྲ་ལ་ཐལ་འགྱུར་རང་རྒྱུད་དེ། །ཀུན་རྫོབ་ཆོས་ཅན་སྒྱུ་མ་ལྟ་བུ་དང་། །དོན་དམ་ཆོས་དབྱིངས་ངོ་བོ་ཉིད་མེད་ཀྱི། །སྤྲོས་བྲལ་འདོད་པ་དབུ་མ་སྤྱི་ཡི་ལུགས། །རང་རྒྱུད་པ་ལ་ཀུན་རྫོབ་ཡང་ལོག་དང་། །ཐ་སྙད་ཚད་གྲུབ་གཞན་སྐྱེ་འདོད་པ་སོགས། །ཁྱད་པར་ཅུང་ཟད་ཙམ་ལས་དོན་དམ་མཐུན། །ཀུན་རྫོབ་ཡིན་ན་ཡང་དག་མེད་པ་དང་། །དོན་དམ་དཔྱད་མཐར་འཇོག་པ་ཐལ་འགྱུར་ལུགས། །དང་པོ་རྣལ་འབྱོར་སྤྱོད་དང་ཕྱི་མ་ནི། །འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མར་གྲགས། །འདི་གཉིས་ངོ་བོ་ཉིད་མེད་སྨྲ་བའི་ལུགས། །འཁོར་ལོ་བར་པ་རིགས་ཚོགས་རྗེས་འབྲང་བཞེད། །གྲུབ་མཐའ་མདོར་བསྡུས་ལས་སངས་རྒྱས་པའི་སྐབས་སོ། །ཁྱད་པར་ཟབ་མོ་གཞན་སྟོང་དབུ་མའི་ཚུལ། །ཆོས་ཀུན་རང་བཞིན་གསུམ་དུ་བསྡུ་བར་བཞེད། །སྟོང་པ་ཉིད་ལ་ཀུན་རྫོབ་དོན་དམ་གཉིས། །ཀུན་རྫོབ་སྟོང་ཉིད་རྟེན་འབྲེལ་ངོ་བོས་སྟོང་། །དོན་དམ་སྟོང་ཉིད་རྟེན་འབྲེལ་ལས་འདས་པའི། །ཆོས་ཉིད་ངོ་བོ་རྟག་བརྟན་གཞན་སྟོང་གསུངས། །བདེ་གཤེགས་སྙིང་པོ་འོད་གསལ་ཆོས་ཀྱི་སྐུ། །གཉུག་མ་ལྷན་སྐྱེས་གཞོམ་མེད་བདེ་བ་ཆེ། །ཕྱི་ནང་གཞན་གསུམ་ངོ་བོར་མཁའ་ལྟར་ཁྱབ། །ཡོན་ཏན་ཡེ་ལྡན་རང་བཞིན་རྣམ་དག་བཞེད། །དྲི་མ་གློ་བུར་རླུང་གི་རྒྱུ་བ་བཅས། །ཁམས་གསུམ་སེམས་དང་སེམས་ལས་བྱུང་བ་ཡི། །འཕོ་བའི་བག་ཆགས་མ་སྤངས་པ་ཉིད་བཞེད། །ཀུན་གཞིའི་ཆ་ལ་རྣམ་ཤེས་ཡེ་ཤེས་གཉིས། །རྣམ་ཤེས་འཁྲུལ་ཆ་ཀུན་ཏུ་བརྟགས་པ་ཙམ། །ཡེ་ཤེས་དོན་དམ་ཡོངས་གྲུབ་དབུ་མ་ཉིད། །ཆོས་སྐུའི་ཡོན་ཏན་གདོད་ནས་ལྷུན་གྲུབ་ལ། །གཟུགས་སྐུའི་ཡོན་ཏན་སྔར་མེད་གསར་སྐྱེས་གསུངས། །མདོར་ན་དབུ་མ་ཐམས་ཅད་དགོངས་པའི་མཐིལ། །བཟང་མཉམ་ཡིན་ཞེས་མཁས་གྲུབ་ཚད་མས་གསུངས། །ཁྱད་པར་མདོ་སྔགས་དགོངས་པ་གཅིག་སྒྲིལ་གྱི། །ངེས་དོན་མཐར་ཐུག་དབུ་མ་འདི་ཡིན་ཞེས། །གཟུར་གནས་མཁས་པའི་ཚོགས་རྣམས་མགྲིན་གཅིག་བསྔགས། །གངས་ཅན་ལྗོངས་སུ་མ་ཕམ་གཉིས་པའི་གཟུགས། །ཀུན་མཁྱེན་ཡུ་མོ་བ་དང་དོལ་བོའི་ཞབས། །པད་དཀར་འཆང་བ་རང་བྱུང་རྡོ་རྗེ་སོགས། །འཛམ་གླིང་བསྟན་པའི་རྒྱན་གྱུར་འདི་རྣམས་ཀྱི། །ཐུགས་དམ་ཉམས་བཞེས་རྩ་བ་ཡིན་པས་ན། །ཡང་དག་ལམ་བཟང་ཚོགས་རྣམས་མཁྱེན་པར་མཛོད། །གྲུབ་མཐའ་མདོར་བསྡུས་ལས་ངེས་དོན་དབུ་མའི་རྣམ་གཞག་མདོར་བསྡུས་པའོ། །དེ་ལྟར་ཕྱི་ནང་བཞེད་གཞུང་མདོར་བསྡུས་འདི། །དམ་པ་དགྱེས་པའི་མཆོད་སྤྲིན་མ་ལགས་ཀྱང་། །སྙིང་ནས་ཆོས་ལ་གུས་པའི་བློ་ཆུང་རྣམས། །ཅི་དགར་སྤྱོད་པའི་དགའ་སྟོན་མཚོན་བྱེད་ཡིན། །འདི་འཆད་རྣམ་དཀར་ཉིན་བྱེད་གསར་བ་ཡིས། །ཐེག་གསུམ་སྦྲང་རྩིའི་རྒྱལ་མཚན་རྒྱས་གྱུར་ཏེ། །ཐུབ་བསྟན་ཕྱོགས་ཀུན་སྣང་བས་ཡིད་འཕྲོག་རོལ། །སྐལ་བཟང་འགྲོ་ཀུན་ཚིམས་པའི་རྒྱུར་གྱུར་ཅིག །ཅེས་པ་འདིའང་ཉམས་མཚར་ཀུ་རེའི་ཚུལ་གྱིས་ཤཱཀྱའི་དགེ་སློང་འཇམ་དབྱངས་བློ་གྲོས་གཞན་ཕན་མཐའ་ཡས་ཀྱིས་རྡོ་གཡུ་ཐོའི་དགོན་དུ་ཕྱི་དྲོའི་ཐུན་མཚམས་ཞིག་ལ་བྲིས་པའོ། །དགེ་ལེགས་འཕེལ། །

བསྙེན་གནས་ཀྱི་ཆོ་ག་མདོ་དོན་གསལ་བ།

༄༅། །བསྙེན་གནས་ཀྱི་ཆོ་ག་མདོ་དོན་གསལ་བ་ཞེས་བྱ་བ་བཞུགས། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཁྱིམ་པ་གང་ཞིག་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གུས་ཤིང་། །བསྙེན་གནས་ཡན་ལག་བརྒྱད་པའི་དུས་ཁྲིམས་བསྲུང་བར་འདོད་པ་དེས། །ཐོག་མར་གང་ཟག་ལས་སྡོམ་པ་ལེན་པའི་ཆོ་ག་གཞན་དུ་གསལ་བ་ལྟར་བྱས་ལ། སླར་སྐབས་སུ་བབས་པ་ན་རྟེན་གྱི་དྲུང་ནས་རྗེས་སུ་བླང་སྟེ་ཇི་ལྟར་སྲུང་བའི་ཚུལ་ཉིད་འདིར་བརྗོད་པར་བྱ་སྟེ། དེ་ཡང་ཉ་སྟོང་བརྒྱད་གསུམ་ལ་སོགས་པའི་དུས་གང་ཡང་རུང་བའི་ཐོ་རངས་ཀྱི་ཆ་ལ་མལ་ནས་ལངས་ཏེ། །དགེ་པའི་སེམས་ཀྱིས་གནས་ཁང་ལ་ཕྱག་དར་བྱས་ནས། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཀྲམ་པའི་མདུན་དུ་མཆོད་པ་ཅི་འབྱོར་བ་བཤམས། དེ་ནས་ཁྲུས་སོགས་གཙང་སྦྲའི་ཀུན་སྤྱོད་དང་ལྡན་པས། རྟེན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་སྟེ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་བླ་གོས་ཕྲག་པ་གཅིག་ཏུ་བཟར་ཏེ་པུས་མོ་གཡས་པའི་སླ་ང་ས་ལ་བཙུགས་ནས་འདི་སྐད་ཅེས་བརྗོད་པར་བྱའོ་། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འཕགས་པ་ཕྱིར་མི་ལྡོག་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། །རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་གང་དོ་ནུབ་ཀྱི་མཚན་འདི་དང་། སང་ཉི་མ་མ་ཤར་གྱི་བར་དུ་ཡན་ལག་བརྒྱད་པའི་བསྙེན་གནས་ལ་ཉེ་བར་གནས་པར་བགྱིའོ། །ཞེས་པ་ལན་གསུམ་དང་། དེ་ནས་བསླབ་པ་བརྗོད་པ་ཁས་བླངས་ཀྱི་ཚུལ་དུ་བྱ་སྟེ་འདི་ལྟར། སྲོག་ཆགས་ཐམས་ཅད་གསོད་དང་གཞན་ནོར་རྐུ་དང་མི་ཚངས་སྤྱོད་པ་དང་། །ངག་གི་དབྱེ་བ་བརྫུན་དང་མྱོས་བྱེད་དུས་མིན་ཁ་ཟས་ཟ་བ་དང་། །འཕྲེང་བ་ཁ་དོག་གླུ་དང་གར་དང་རྩེ་འཇོམ་ལ་སྟན་མཐོན་པོ་རྣམས། །དེང་ནས་བདག་གིས་སྤངས་ཏེ་ཡན་ལག་བརྒྱད་ཀྱིས་དགྲ་བཅོམ་ཚུལ་དུ་བགྱི། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །དེ་ནས་བསྔོ་བ་བྱ་སྟེ། བདག་གིས་གསོ་སྦྱོང་གི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་འཛིན་པ་འདི། སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། བྱང་ཆུབ་ཀྱི་ཚོགས་སུ་འགྱུར་བ་དང་། དོན་གྱི་དམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། མྱ་ངན་ལས་འདས་པའི་བདེ་བ་བླ་ན་མེད་པ་ལ་གནས་པར་གྱུར་ཅིག ཅེས་བརྗོད་པས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱིས། རིགས་ཀྱི་བུ་ཁྱོད་ཀྱིས། བསྙེན་གནས་ཀྱི་སྡོམ་པ་བླངས་པ་ལེགས་སོ་ཞེས་རྗེས་སུ་གནང་བར་བསམ། དེ་ནས། ཁྲིམས་ཀྱིས་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམས་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་པ་ལ་སོགས་པའི་བསྔོ་སྨོན་གང་ཤེས་བྱའོ། །དེ་ལྟར་སྡོམ་པ་བླང་ནས་ཉིན་ཞག་ཕྲུག་གཅིག་པོར་མ་ཉམས་པར་བསྲུང་བ་ནི་བསྙེན་གནས་ཀྱི་དོན་པོ་ཡིན་པས་ཤིན་ཏུ་གལ་ཆེ་ལ། དེ་དང་མཚུངས་པར། ཕྱག་བསྐོར་དང་ཁ་་འདོན་གང་ཤེས་བྱ་བ་དང་། སྨྲ་བཅད་དང་ཟས་སྟན་གཅིག་གཅིག་བྱེད་པ་སོགས་ཀྱང་མཐོང་བརྒྱུད་ཀྱི་ལག་ལེན་ལྟར་གང་ནུས་སུ་བྱའོ། །ཅེས་པའང་མཁན་རིན་པོ་ཆེ་པདྨ་དམ་ཆོས་བཟང་པོ་ནས་ཇི་ལྟར་བསྐུལ་བ་བཞིན། བཙུན་པ་གཞན་ཕན་མཐའ་ཡས་པས་རྨོངས་པ་རྣམས་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་སྟེ། འཕགས་པ་གནས་འཇོག་གི་མདོ་དང་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཞུས་པའི་མདོའི་དོན་ཇི་ལྟ་བ་བཞིན་བཀླག་ཆོག་མར་བཀོད་པ་དགེ། མངྒ་ལམ། །

སྔ་འགྱུར་རིང་ལུགས་ཀྱི་རབ་བྱུང་གི་གཞི་ཆོག་ལུང་དོན་རབ་ཏུ་གསལ་བ།

༄༅། །སྔ་འགྱུར་རིང་ལུགས་ཀྱི་རབ་བྱུང་གི་གཞི་ཆོག་ལུང་དོན་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བླ་མེད་སྟོན་པ་མཆོག་དང་དམ་པའི་ཆོས། །དེ་འཛིན་དགེ་འདུན་སྤྱི་དང་གཏད་རབས་བདུན། །ཤཱ་རིའི་བུ་སོགས་འདུལ་འཛིན་རྩ་བའི་སྡེ། །ཡོན་ཤཱཀ་ཞི་འཚོ་བརྒྱུད་པར་བཅས་ལ་འདུད། །དེ་ཡང་འདིར་ཐུབ་བསྟན་སྔ་འགྱུར་རིང་ལུགས་ཀྱི་འདུལ་བའི་ལས་ཀྱི་ཆོ་ག་བརྒྱ་རྩ་གཅིག་པ་ལས་རབ་བྱུང་གི་གཞི་ཆོག་མཁའ་ཆེན་ཞི་བ་འཚོའི་ཕྱག་བཞེས་ཀྱི་རྒྱུན་བླ་ཆེན་དགོངས་པ་རབ་གསལ་ནས་བརྒྱུད་པ་ལྟར་འགོད་པ་ལ། སྤྱིར་སོ་ཐར་གྱི་བསླབ་ཚིགས་གསུམ་ལས་སྐབས་འདིར་དགེ་བསྙེན་གྱི་བསླབ་ཚིགས་ཉིད་རབ་བྱུང་གི་སྦྱོར་བར་བསྡུས་ནས་འཆད་པར་ཚིག་སྔ་མ་དགེ་ཚུལ་དུ་སྒྲུབ་པའི་ཆོ་ག་དང་། ཚིག་ཕྱི་མ་བསྙེན་པར་རྫོགས་པའི་དགེ་སློང་དུ་སྒྲུབ་པའི་ཆོ་ག་སྟེ་གཉིས་ལས། སྔ་མའི་སྡོམ་ནི། ཀརྨ་ཤ་ཏམ་ལས། སྔོན་དང་དགེ་བསྙེན་བསླབ་པ་དང་། །ཞུ་དང་མཁན་པོ་དང་པོ་དང་། །རབ་བྱུང་དགེ་ཚུལ་གྲིབ་ཚོད་དང་། །བསླབ་པ་བརྗོད་པ་ཐ་མ་ཡིན། །ཞེས་པའི། དང་པོ་སྔོན་དང་ཞེས་པ་ནི་སྔོན་ཆོག་སྟེ་དོན་གཞན་ཡིན་ལ། དེའི་ལྷག་མ་རྣམས་ལུང་གཞི་ལས། འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། དེས་དེ་ལ་བར་ཆད་ཀྱི་ཆོས་རྣམས་དྲིས་ནས་གཟུང་བར་བྱའོ། །ཞེས་གསུངས་པ་དང་སྦྱར་ནས་འཆད་པ་ལ། སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པའི་དོན་ཚན་བཅུ་ལས། དང་པོ་བདུན་སྦྱོར་བ་དང་། བརྒྱད་པ་དངོས་གཞི། ལྷག་མ་གཉིས་རྗེས་ཆོག་གོ །དེ་ལྟར་ན་ཐོག་མར་རབ་ཏུ་འབྱིན་རུང་མིན་བརྟགས་ཕྱིར་བར་ཆད་དྲི་བ་ནི། བསྒྲུབ་བྱ་དེ་རང་གི་མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་ལ་འདི་ལྟར། ཚེ་དང་ལྡན་པ་ཁྱོད་རབ་ཏུ་འབྱུང་བར་འདོད་པ་ཡིན་ནམ། ཞེས་དྲི་བར་བྱའོ། །དེས་ཡིན་ཞེས་ཟེར་ན། ཚེ་དང་ལྡན་པ་ནད་མེད་པར་གྱུར་ཅིག ཁྱོད་ལ་སེམས་དེ་ལྟར་སྐྱེས་པ་ནི་ལེགས་ཏེ། དེའི་རྒྱུ་མཚན་འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི་ལས་འདོད་པ་ནི་བདེ་བ་ཆུང་ལ་སྡུག་བསྔལ་ཆེ་ཞིང་ཉེས་པ་མང་སྟེ། རབ་ཏུ་བྱུང་ན་ནི་དགེ་བའོ། །བཅོམ་ལྡན་འདས་ཀྱིས་ནི་མཁས་པས་ཉེས་པ་རྣམ་ལྔ་མཐོང་ནས་དེས་འདོད་པ་ལ་རྟེན་པར་མི་རིགས་ཞེས་གསུངས་ཏེ། ལྔ་གང་ཞེ་ན། བདེ་བ་ཆུང་ལ་སྡུག་བསྔལ་ཆེ་ཞིང་ཉེས་པ་མང་བར་མཁས་པས་ཡང་དག་པར་མཐོང་ནས་དེས་འདོད་པ་ལ་རྟེན་པར་མི་རིགས་སོ། །འདོད་པ་ལ་བརྟེན་པས་ཀུན་ཏུ་སྦྱོར་བ་འཕེལ་བ་འགྱུར་བར་མཁས་པས་ཡང་དག་པར་མཐོང་ནས་དེས་འདོད་པ་ལ་རྟེན་པར་མི་རིགས་སོ། །འདོད་པ་ལ་བརྟེན་ན་ཅུང་ཟད་ཀྱང་མི་རིགས་པའམ། ངོམ་པའི་ཆོག་པ་མེད་པར་མཁས་པས་ཡང་དག་པར་མཐོང་ནས་དེས་འདོད་པ་ལ་རྟེན་པར་མི་རིགས་སོ། །འདོད་པ་ལ་བརྟེན་ན་སྡིག་པ་ཅུང་ཟད་ཀྱང་མི་བྱ་བ་མེད་པར་མཁས་པས་ཡང་དག་པར་མཐོང་ནས་དེས་འདོད་པ་ལ་རྟེན་པར་ཅི་མི་རིགས་སོ། །འདོད་པ་རྣམ་གྲངས་དེ་ལྟ་བུར་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་མཁས་པ་ཡང་དག་པར་སོང་བ་སྐྱེས་བུ་དམ་པ་རྣམས་ཀྱིས་སྤངས་པར་མཁས་པས་མཐོང་ནས་འདོད་པ་ལ་རྟེན་པར་མི་རིགས་སོ། །མཁས་པས་ཡོན་ཏན་ལྔ་མཐོང་ནས་རབ་ཏུ་འབྱུང་བ་ལ་དད་པར་བྱ་བ་རིགས་སོ། །ལྔ་གང་ཞེ་ན། བདག་གིས་མ་འདྲེས་པའི་དོན་རྗེས་སུ་ཐོབ་པར་འགྱུར་བ་མཐོང་ནས་མཁས་པས་རབ་ཏུ་འབྱུང་བ་ལ་དད་པར་བྱ་བ་རིགས་སོ། །བདག་གང་དག་གི་བྲན་དང་མངགས་གཞུགས་པ་དང་བསྒོ་བ་དང་བཀོལ་བ་དང་ཅི་དགའ་དགུར་བྱེད་པ་དེ་དག་གིས་སླར་མཆོད་པ་དང་བསྟོད་པར་འགྱུར་བ་མཐོང་ནས་མཁས་པས་རབ་ཏུ་འབྱུང་བ་ལ་དད་པར་བྱ་བའི་རིགས་སོ། །བླ་ན་མེད་པའི་རྣལ་འབྱོར་བདེ་བ་མྱ་ངན་ལས་འདས་པ་རྗེས་སུ་འཐོབ་པར་མཐོང་ནས་མཁས་པས་བདག་ཉིད་རབ་ཏུ་འབྱུང་བ་ལ་དད་པར་བྱ་བ་རིགས་སོ། །བླ་ན་མེད་པའི་རྣལ་འབྱོར་བདེ་བ་མྱ་ངན་ལས་འདས་པ་རྗེས་སུ་ཐོབ་པ་མ་གྲུབ་ཀྱང་བདག་ལྷར་སྐྱེ་བར་འགྱུར་བར་མཐོང་ནས་མཁས་པས་རབ་ཏུ་འབྱུང་བ་ལ་དད་པར་བྱ་བ་རིགས་སོ། །རབ་ཏུ་འབྱུང་བའི་ཡོན་ཏན་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། མཁས་པ་དང་ཡང་དག་པར་སོང་བའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྔགས་པར་མཐོང་ནས་མཁས་པས་རབ་ཏུ་འབྱུང་བ་ལ་དད་པར་བྱ་བ་རིགས་ཏེ། ཁྱོད་ཀྱིས་སེམས་དེ་ལྟར་བསྐྱེད་པ་ནི་ལེགས། ཞེས་གསུངས་པ་ལྟར་རོ། །དེ་ལྟ་ནའང་སོ་སོར་ཐར་བའི་སྡོམ་པ་འདི་ནི་འགལ་རྐྱེན་བར་ཆད་རྣམས་དང་བྲལ་ཞིང་མཐུན་པའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཞིག་མེད་ན་དོན་དུ་མི་འགྱུར་བས། བདག་གིས་ཁྱེད་ལ་བར་ཆད་ཀྱི་ཆོས་རྣམས་འདྲི་བར་བྱེད་པས་ལན་དྲང་བོར་ཐོབ་ཅིག ཁྱོད་མུ་སྟེགས་ཅན་མ་ཡིན་ནམ། ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་མ་ཡིན་ནམ། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་མ་ཡིན་ནམ། བྲན་ལ་སོགས་པ་མ་ཡིན་ནམ། བུ་ལོན་ཆགས་པ་མ་ཡིན་ནམ། ཕ་མས་མ་གནང་བ་མ་ཡིན་ནམ། ཕ་མས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ནད་པ་མ་ཡིན་ནམ། དགེ་སློང་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། ཕམ་པར་འགྱུར་བའི་ལྟུང་བ་བཞི་བོ་དག་ལས་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་མ་ཡིན་ནམ། ལག་རྡུམ་ལ་སོགས་པ་མ་ཡིན་ནམ། སྐྲ་སེར་ལ་སོགས་པ་མ་ཡིན་ནམ། སེན་མོ་གཅིག་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཕུང་ཁྲོལ་བ་མ་ཡིན་ནམ། ལྷམ་མཁན་མ་ཡིན་ནམ། གདོལ་བ་མ་ཡིན་ནམ། གཡུང་པོ་མ་ཡིན་ནམ། མི་མ་ཡིན་པའི་འགྲོ་བ་མ་ཡིན་ནམ། བྱང་གི་སྒྲ་མི་སྙན་པ་མ་ཡིན་ནམ། མཚན་ལན་གསུམ་དུ་གྱུར་པ་མ་ཡིན་ནམ། སྐྱེས་པ་འདྲ་བའི་བུད་མེད་མ་ཡིན་ནམ། སྡིག་སྡིག་ལྟ་བའི་མཚན་ཉིད་ཅན་མ་ཡིན་ནམ། གླིང་གཞན་ནས་སྐྱེས་པའི་ཚུལ་བྱད་མི་འདྲ་བ་མ་ཡིན་ནམ། ཞེས་འདྲི་བར་བྱའོ། །གལ་ཏེ་ཡིན་ནོ་ཞེས་ཟེར་ན་འོ་ན་སོང་ཞིག་ཅེས་བརྗོད་པར་བྱའོ། །གལ་ཏེ་མ་ཡིན་ཞེས་ཟེར་ན། འོ་ན་ཁོ་བོས་ཁྱོད་རྗེས་སུ་གཟུང་བར་བྱའོ། །ཞེས་སྐབས་དབྱེའོ། །དེ་དག་ནི་བར་ཆད་དྲིས་ནས་གཟུང་བའོ། །དེ་ལྟར་རྗེས་སུ་བཟུང་ནས། སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་བསླབ་པར་བྱ་བའི་དོན་དུ། གསུམ་ལ་སྐྱབས་སུ་འགྲོ་བ་དང་། དགེ་བསྙེན་ཉིད་དུ་ཁས་བླངས་པས་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་བྱའོ། །འདི་ལྟར་སྦྱིན་པར་བྱ་སྟེ། གནས་ཁང་བྱི་དོར་བྱས་ནས་སྟོན་པའི་སྐུ་བརྙན་གྱིས་མཚོན་པའི་སྐུ་གསུང་ཐུགས་རྟེན་རྣམས་བཞུགས་ཁྲི་ལ་སྤྱན་དྲངས་པའི་མདུན་དུ་མཆོད་པའི་བྱེ་བྲག་ཡིད་དུ་འོང་བ་བཤམས་ནས། དང་པོ་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ །དེས་འོག་ཏུ་སློབ་དཔོན་ལ་ཕྱག་འཚལ་དུ་བཅུག་ནས་བདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་ཁམས་གསུམ་གྱིས་བསྡུས་པའི་འཁོར་བ་འདིའི་གནས་རིགས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་རྣམ་པ་གསུམ་གང་རུང་གིས་མ་མནར་བ་འགའ་ཡང་མེད་པའི་ཚུལ་ལ་འཇིགས་ཤིང་སྐྲག་ནས། དེ་ལས་སྐྱོབ་ཕྱིར་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་བཙལ་ཏེ་ཆོས་འདི་བའི་སྒོར་འཇུག་པར་འདོད་པ་དེ་ལ་འཇུག་པའི་གོ་རིམ་མ་ནོར་བ་གཅིག་དགོས། དེ་ཡང་ཐོག་མར་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་པའི་དགེ་བསྙེན་གྱི་སྡོམ་པ་ཞུ་བ་འདི་གལ་ཆེ་ཞིང་སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་རྣམ་པར་བཞག་པ་ཡང་། མཛོད་ལས། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་གསུངས་པ་ལྟར་འགོག་ལམ་གྱི་སྟེང་ནས་འཇོག་པས། དེས་ན་སངས་རྒྱས་ལ་སྐྱབས་སྟོན་པ་པོ། ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སུ་འགྲོ་བའི་གྲོགས་སུ་ཤེས་པའི་དད་པ་དང་། ངེས་འབྱུང་ཤུགས་དྲག་པོས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བླངས་ནས་ཇི་སྲིད་འཚོའི་བར་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད་བྱས་ལ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་བཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་གྱིས་ལེགས་སོ། །ཞེས་བརྗོད་པར་བྱའོ། །དེ་ནི་དགེ་བསྙེན་གྱི་སྡོམ་པ་སྦྱིན་པའོ། །དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱའོ། །འདི་ལྟར་བྱ་སྟེ། སླར་ཡང་བསླབ་པའི་གཞི་ལྔ་བོ་རེ་རེ་ནས་ཁས་ལེན་པའི་བསམ་པས་ཚིག་འདིའི་རྗེས་ཟློས་གྱིས་བྱས་ལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་བར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་བོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབ་བའི་ཆོ་ག་རྫོགས་སོ། ། དེ་ནས་འོག་ཏུ་དགོས་པའི་ཡོ་བྱད། ཆོས་གོས་གཉིས། གདེང་བ། ལྷུང་བཟེད། ཆུ་ཚགས་རྣམས་དང་། གཞན་ཡང་། ཕ་གུ། རྩ་གདན། འདྲེག་སྤྱད་ཁྲུས་ཆབ་མེ་ཏོག་སོགས་གང་དགོས་སྟ་གོན་བགྱིས་ཏེ། དེའི་འོག་ཏུ་གང་གིས་དེ་ཞུ་བར་བྱེད་པའི་དགེ་སློང་ལ། དགེ་སློང་དགེ་བའི་བཤེས་གཉེན་ཆེ་གེ་མོས་དགེ་འདུན་ལ་ཚེ་དང་ལྡན་པ་འདི་རབ་ཏུ་འབྱུང་བ་ཞུ་བའི་གྲོགས་ལྡན་མཛོད་ཅིག་ཅེས། གཏད་པར་བྱའོ། །ཞུ་བའི་དགེ་སློང་གིས་མཁན་པོ་ལ་ཁྱོད་ཀྱིས་བར་ཆད་ཀྱི་ཆོས་རྣམས་དྲིས་སམ་ཞེས་དྲི་བར་བྱའོ། །མ་དྲིས་བར་ཞུ་བར་བྱེད་ན་འགལ་ཚབ་ཅན་དུ་འགྱུར་རོ། །མཁན་པོས་ཀྱང་ལེགས་པར་དྲིས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཞུ་བའི་དགེ་སློང་གིས་ཞུ་བར་བྱའོ། །འདི་ལྟར་ཞུ་བར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས། སང་གནྡི་རྡུང་སྟེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་འགྱུར་བ་ལའང་རུང་། གནས་ཁང་སོ་སོ་ན་འཁོད་པ་ལའང་རུང་སྟེ་རྒན་རིམ་ལ་ཕྱག་འཚལ་དུ་བཅུག་ནས། ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་ཞུ་བར་བྱེད་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། ཁྱིམ་པ་གོས་དཀར་པོ་ཅན་སྐྲ་དང་ཁ་སྤུ་མ་བྲེགས་པ་ལས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་ཏེ་མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་བར་འཚལ་ཞིང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བསྒོས་ཏེ་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་སྟེ། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་དེ་རབ་ཏུ་དབྱུང་ངམ། དེ་དག་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་འགལ་ཚབ་ཅན་དུ་འགྱུར་རོ། །དེ་ནི་རབ་ཏུ་འབྱུང་བར་འདོད་པ་ཞུ་བའོ། །དེའི་འོག་ཏུ་མཁན་པོར་གསོལ་བར་བྱའོ། །འདི་ལྟར་གསོལ་བར་བྱ་སྟེ། མཁན་པོ་ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་རབ་ཏུ་འབྱུང་བར་འདོད་པ་དེ་ཡང་མཁན་སློབ་ལ་རག་ལས་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་། འདུལ་བ་གཞི་ཉིད་ལས། བཅོམ་ལྡན་འདས་ཀྱིས་དགོངས་པ། ངས་ཉན་ཐོས་རྣམས་གཅིག་གིས་གཅིག་བསྡུ་བའི་ཕྱིར་དང་། ནད་པ་རྣམས་ལ་རིམ་གྲོ་བྱ་བའི་ཕྱིར་མཁན་པོ་དང་སློབ་དཔོན་དག་གནང་བར་བྱའོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་མཁན་པོ་དང་། སློབ་དཔོན་དག་གིས་རབ་ཏུ་དབྱུང་བར་བྱ་བ་དང་། བསྙེན་པར་རྫོགས་པར་བྱ་བར་གནང་ངོ་། །ཞེས་དང་། སློབ་དཔོན་ནི་ལྔ། མཁན་པོ་ནི་གཉིས་སོ། །ཞེས་གསུངས་པ་ལྟར་ལས་འདིར་མཁན་པོའི་སྒྲ་དོན་ཡང་། དྷ་ར། སིནྡྷ། བི་དཱ་ར་ཎ་རྣམས་ཀྱི་སྔོན་དུ་ཉེ་ཚིག་ཨུ་པ་སྦྱར་བས་ཉེ་བར་འཛིན་ཉེ་བར་སྦྱོར་ཉེ་བར་ལུང་འབོག་པའི་དོན་ཏེ། དེས་ན་སྔར་གྱི་སློབ་དཔོན་ལ་ང་རབ་ཏུ་འབྱིན་པར་བྱེད་པའི་མཁན་པོར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས་བྱས་ལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལ་མཁན་པོར་གསོལ་གྱིས། སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་རབ་ཏུ་དབྱུང་བར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་པོ་ཞེས་བརྗོད་པར་བྱའོ། །མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །རབ་ཏུ་འབྱུང་བར་འདོད་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་མཁན་པོར་གསོལ་བའོ། །དེའི་འོག་ཏུ་གང་གིས་དེའི་སྐྲ་དང་ཁ་སྤུ་དག་འབྲེག་པར་བྱེད་པའི་དགེ་སློང་ལ། ཚེ་དང་ལྡན་པ་འདིའི་གཙུག་ཕུད་འབྲེག་པའི་གྲོགས་དན་མཛོད་ཅེས་བཅོལ་བར་བྱའོ། །སྐབས་འདིར་དགེ་སློང་། དེས་ཐམས་ཅད་འབྲེག་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐམས་ཅད་བྲེག་པར་མི་བྱ་བར་འདི་ལྟར་གཙུག་ཕུད་བཞག་བར་བྱ་ཞིང་། དེའི་འོག་ཏུ་ཅི་གཙུག་ཕུད་འབྲེག་གམ་ཞེས་དྲི་བར་བྱའོ། །གལ་ཏེ་མི་བྲེག་གོ་ཞེས་ཟེར་ན་འོ་ན་སོང་ཞིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བྲེགས་ཤིག་ཅེས་ཟེར་ན་བྲེག་པར་བྱའོ། །ཞེས་གསུངས་པ་ལྟར་བྱ། དེའི་འོག་ཏུ་ཁྲུས་བྱེད་དུ་གཞུག་སྟེ། གལ་ཏེ་རེ་ཞིག་གྲང་པའི་དུས་ཡིན་ན་ནི་ཆུ་དྲོད་མོས་ཁྲུས་བྱེད་དུ་གཞུག་གོ །གལ་ཏེ་ཚ་བའི་དུས་ཡིན་ན་ནི་ཆུ་གྲང་མོས་ཁྲུས་བྱེད་དུ་གཞུག་གོ །དེའི་འོག་ཏུ་མཁན་པོས་ལྷུང་བཟེད་དང་། གོས་ངུར་སྨྲིག་དག་སྦྱིན་པར་བྱ་ཞིང་དེས་ཀྱང་རྐང་བ་གཉིས་ལ་གཏུགས་ནས་བླང་པར་བྱའོ། །དེ་ཡང་རིམ་པ་བཞིན་ལག་ཏུ་གཏད་ནས། འདི་སྟོད་དུ་རྒྱུན་དུ་གྱོན་པར་བྱེད་པའི་ཆོས་གོས་བླ་གོས་ཞེས་བྱ་བ། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་གྱུར། དགེ་སྦྱོང་གི་དྲན་པ་གསོ། ཚ་གྲང་གི་རེག་པ་ལས་སྐྱོབ་པའི་གོས་སུ་གནང་བས། སྟོན་པ་སངས་རྒྱས་ཀྱིས་ཇི་ལྟར་བསྣམས་པ་བཞིན་དུ་གྱོན་ནས་སེམས་ཞི་དུལ་དང་ལྡན་པར་གྱིས་ཤིག མཐང་གོས་གཏད་དེ། འདི་སྨད་ཀྱི་ནང་དུ་གྱོན་པར་བྱེད་པའི་ཆོས་གོས་མཐང་གོས་ཞེས་བྱ་བ། སྨད་གཅེར་བ་དང་། ཚ་གྲང་གི་རེག་པ་ལས་སྐྱོབ། ཁྱིམ་པ་དང་མི་སྟེགས་ཅན་ལས་རྟགས་ཁྱད་པར་ཅན་དུ་གྱུར། དགེ་སྦྱོང་གི་དྲན་པ་གསོ་བའི་གོས་སུ་གནང་བས། སྟོན་པ་སངས་རྒྱས་ཀྱིས་སོགས་སྔར་ལྟར། ལྷུང་བཟེད་གཏད་དེ། འདི་ལྷུང་བཟེད་ཅེས་བྱ་བ་ཁྱིམ་པ་དང་མུ་སྟེགས་བྱེད་སོགས་ལས་སྣོད་སྤྱད་ཀྱི་རྟགས་ཁྱད་པར་ཅན་དུ་གྱུར། འདི་ཟས་ཀྱིས་འགེང་བ་བཞིན་དུ་རང་གི་ཤེས་རྒྱུད་ཡོན་ཏན་གྱིས་འགེང་། འདིའི་ནང་ནས་ཟས་ལ་ལོངས་སྤྱོད་པ་བཞིན་དུ་ཆོས་སྤྱོད་པའི་བརྡར། བསོད་སྙོམས་ཀྱི་ཟས་ལྷུང་བ་བཟེད་པའི་དོན་དུ་གནང་བས། འཆང་བར་གྱིས་ཤིག གདིང་བ་གཏད་དེ། འདི་ཆོས་གོས་གདིང་བ་ཞེས་བྱ་བ། དགེ་འདུན་གྱི་རྩྭའི་གདན་མ་གཏོགས་པའི་གནས་མལ་དང་། ཁྱིམ་པའི་དཀར་པོ། གང་ཟག་གི་ཁྲ་བོ་ཕལ་ཆེར་མ་ཉམས་པ་ལ་སྤྱོད་པ་ན། འདིས་སྐྱོབས་ཏེ་ཆུད་མ་ཟོས་པར་སྤྱོད་དགོས་པས། འདིའི་ཆེད་དུ་འཆང་བར་གྱིས་ཤིག ཆུ་ཚགས་གཏད་དེ། འདི་ཆུ་ཚགས་ཞེས་བྱ་བ་ཡིན་ཏེ། རབ་ཏུ་འབྱུང་བ་རྣམས་ནི་སེམས་ཅན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་དགོས་པས། སྤྱིར་སེམས་ཅན་ལ་གནོད་པ་སྤང་དགོས་ཤིང་། ཁྱད་པར་ཆུ་ལ་ལོངས་སྤྱོད་པའི་ཚེ་འདིས་སྲོག་ཆགས་རྣམས་རང་གི་གནས་སུ་དོར་ནས་ཆུ་གཙང་མ་ལོངས་སྤྱོད་པའི་ཆེད་དུ་གནང་བ་ཡིན་པས་འཆང་བར་གྱིས་ཤིག་ཅེས་སྦྱིན། འདིར་མདོ་རྩར་གོས་ངུར་སྨྲིག་སྟེར་བ་ཙམ་ལས་མ་གསུངས་ཀྱང་། ལུང་དང་ཀརྨ་ཤ་ཏཾ་ལས་ལྷུང་བཟེད་སྦྱིན་པར་གསུངས་ཤིང་། གདིང་བ་ཆུ་ཚགས་གཉིས་སྟེར་བའི་དགོས་པའི་གསལ་ཁ་མེད་ཀྱང་སྟེར་བ་ཕྱག་ལེན་ནོ། །དེ་ལྟར་གོས་སྦྱིན་ནས་མཁན་པོ་རང་ཉིད་ཀྱིས་བསྐོན་པར་བྱའོ། །སྐབས་འདིར་སྨོན་ལམ་བཞི་གདབ་མཚན་བརྟགས་པ་ནི། མཚན་མེད་པའམ། མཚན་གཉིས་པའམ། གླེ་འདམས་པ་མ་ཡིན་ནམ་ཞེས་བརྟགས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བརྟགས་པར་བྱའོ། །ཞེས་བཀའ་སྩལ་ནས། དགེ་སློང་དག་དེ་སྒྲེན་མོར་བྱུང་སྟེ་རྟོག་པར་བྱེད་པ་ན་དེ་ངོ་ཚ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲེན་མོར་ཕྱུང་སྟེ་བརྟག་པར་མི་བྱ་བར་ཤམ་ཐབས་བསྐོན་པ་ཉིད་ཀྱི་ཚེ་མ་ཚོར་བར་བརྟག་པར་བྱའོ། །ཞེས་གསུངས་པ་ལྟར་བྱ། བརྗེ་བ་གསུམ་གྱི་དོན་བརྡ་སྤྲོད་པ་དང་མིང་གསར་བ་གདག་དགོས་ནའང་འདིར་གདག དེ་ནི་དུས་དང་པོར་བྱ་བའོ། །དེའི་འོག་ཏུ་སྐྱབས་སུ་འགྲོ་བ་བརྩོམས་པས་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པར་བྱའོ། །འདི་ལྟར་ཉེ་བར་བསྒྲུབ་པར་བྱ་སྟེ། དང་པོ་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ །དེའི་འོག་ཏུ་མཁན་པོ་ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་སྤོང་ངོ་། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །རབ་ཏུ་བྱུང་བས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་རབ་ཏུ་བྱུང་བར་ཉེར་བར་བསྒྲུབ་པའོ། །དེའི་འོག་ཏུ་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱེད་པའི། སློབ་དཔོན་ལ་དགེ་སློང་། ཆེ་གེ་མོས་ཚེ་དང་ལྡན་པ་འདི་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབས་ཤིག ཅེས་བརྗོད་ལ་གཏད་པར་བྱའོ། །དེས་ཀྱང་མཁན་པོ་ལ། ཅི་འདི་ཡོངས་སུ་དག་གམ། ཞེས་དྲིས་ནས་ཡོངས་སུ་དག་གོ་ཞེས་མཆི་ན་སྐྱབས་སུ་འགྲོ་བ་དང་། དགེ་ཚུལ་ཉིད་དུ་ཁས་བླངས་པས་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱའོ། །འདི་ལྟར་ཉེ་བར་བསྒྲུབ་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ །དེའི་འོག་ཏུ་སློབ་དཔོན་ལ་ཕྱག་འཚལ་དུ་བཅུག་སྟེ། མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། སྡོམ་པ་སྐྱེ་གནས་ཁྱད་པར་མཛེས་པའི་བར་ཆད་བཞི་དང་བྲལ་ཞིང་ཡུལ་རྒྱུད་རྟགས་དང་བསམ་པ་ཆོ་གའི་མཐུན་རྐྱེན་ཡང་ཚང་དགོས་ཚུལ་གྱི་བཤད་པ་གང་ནུས་བྱས་མཐར་རྗེས་ཟློས་གྱིས་བྱས་ལ། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་བཙུན་པས་བཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིགས་གསུམ་པ་ལ་སློབ་དཔོན་གྱིས་ཞེས་བརྗོད་པར་བྱའོ། །སློབ་དཔོན་གྱི་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་ཚུལ་གྱི་སྡོམ་པ་སྦྱིན་པའོ། །དེའི་འོག་ཏུ་དཔོན་སློབ་མ་ཡིན་པ་དགེ་སློང་གཞན་གང་ཡང་རུང་གཅིག་གིས་གྲིབ་ཚོད་གཞལ་བར་བྱ་ཞིང་སྐྱེས་བུ་དང་། རྩ་བ་དང་། ཉིན་མཚན་གྱི་ཆ་དང་དུས་ཚོད་ཀྱང་བརྗོད་པར་བྱའོ། །དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླངས་པའི་ཚུལ་གྱིས་བྱའོ། །འདི་ལྟར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པ་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟོན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བཅུ་བ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་ཆོ་ག་རྫོགས་སོ། །གཉིས་པ་ཚིགས་ཕྱི་མ་བསྙེན་རྫོགས་སུ་སྒྲུབ་པའི་ཆོ་གའི་སྡོམ་ནི། སྔ་མ་ལས། དང་པོ་བྱ་དང་མཁན་པོ་དང་། །ཆོས་གོས་གཉིས་དང་ལྷུང་བཟེད་དང་། །སྤྲོ་བྱ་གསོལ་བ་གསང་སྟོན་དང་། །ཞུ་དང་གསོལ་དང་གསོལ་བ་དང་། །དྲི་དང་ལས་དང་གྲིབ་ཚོད་དང་། །ཉིན་མཚན་དུས་ཚོད་གནས་རྣམས་དང་། །ལྟུང་དང་དགེ་སྦྱོར་མཆོག་འདོད་དང་། །ཚུལ་ཁྲིམས་མཉམ་དང་ཚུལ་འབྲེལ་དང་། །དུལ་དང་དགོས་དང་མ་བརྗོད་དང་། །གུས་པ་དང་ནི་བསྒྲུབ་བྱའོ། །ཞེས་པ་ལྟར་ཏེ། དེ་ལ་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པའི་དོན་ཚན་ཉེར་བརྒྱད་ཡོད་པ་ལས། དང་པོ་བཅུ་གསུམ་ནི་སྦྱོར་བ་དང་། བཅུ་བཞི་བ་ནི་དངོས་གཞི་ཡིན་ལ། དེའི་ལྷག་མ་བཅུ་བཞི་ནི་རྗེས་ཆོག་སྟེ་དེ་ལྟར་ན་དགེ་ཚུལ་དུ་བསྒྲུབ་ཟིན་པ། དེའི་འོག་ཏུ་གལ་ཏེ་ལོ་ཉི་ཤུ་ཚང་ན་མཁན་པོས་དེའི་ལྷུང་བཟེད་དང་། ཆོས་གོས་དག་བཙལ་བར་བྱ་ཞིང་ལས་བྱེད་པའི་དགེ་སློང་ལ་གསོལ་བ་གདབ་པར་བྱ། གསང་སྟེ་སྟོན་པའི་དགེ་སློང་ལ་ཡང་གསོལ་བ་གདབ་པར་བྱ། གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་དག་ལ་ཡང་གསོལ་བ་གདབ་པར་བྱའོ། །དགེ་སློང་གང་དག་དེའི་ལས་ཀྱིས་གནས་སུ་འཇུག་པར་འགྱུར་བ་དེ་དག་གིས་ཀྱང་དེར་འདུ་བར་འགྱུར་བའི་ཚེ། ཟླ་བ་ཕྱེད་འདས་པའི་ཉེས་པ་སྡོམ་པར་བྱ་བ་དང་། བཤགས་པར་བྱ་བ་དང་། བྱིན་གྱིས་བརླབ་པར་བྱ་བ་དག་ལ་སོ་སོར་བརྟགས་པར་བྱ་ཞིང་ཉེས་པར་ཤེས་པ་སྡོམ་པའམ། བཤགས་པའམ། བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་འདུག་པར་བྱའོ། །ལྟུང་ཐུན་བྱིན་རླབས་དང་གནས་ལ་བློ་མཐུན་ཀྱང་བྱེད་དགོས་ན་འདིར་བྱ། དེའི་འོག་ཏུ་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པའམ། དཀྱིལ་འཁོར་པ་ལ་ཡང་རུང་སྟེ། ཡུལ་དབུས་སུ་དགེ་སློང་བཅུ་ལ་སོགས་པའི་ཚོགས་སམ་མཐའ་འཁོབ་དག་ཏུ་གཞན་མེད་ན། འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའི་ཚོགས་ལ་ཡང་རུང་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ །དེའི་འོག་ཏུ་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་དུ་གཞུག་གོ །ཕྱག་ནི་གཉིས་ཏེ་ཡན་ལག་ལྔས་ཕྱག་འཚལ་བ་དང་། སྒྱིད་པ་ནས་འཁྱུད་པ་སྟེ་འདིར་གང་ཡང་རུང་ངོ་། །འདི་ནི་དུས་དང་པོར་བྱ་བའོ། །དེའི་འོག་ཏུ་མཁན་པོར་གསོལ་བ་བྱའོ། །འདི་ལྟར་གསོལ་བར་བྱ་སྟེ། མཁན་པོ་ལ་ཕྱག་འཚལ་བཅུག་ནས་མདུན་དུ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་བ་གཉིས་ཀྱིས་མནན་ནས་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་ཁྱེད་བསྙེན་པར་རྫོགས་འདོད་པ་དེ་ལ་འདུལ་བའི་མ་མོ་ལ་བསྙེན་པར་རྫོགས་པ་བཅུ་སྟེ། དེ་བཞིན་གཤེགས་པ་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང་། ཡེ་ཤེས་མངོན་པར་རྟོགས་ནས་བསྙེན་པར་རྫོགས་པ་ལྔ་དང་། འོད་སྲུང་ཆེན་པོས་སྟོན་པར་ཁས་བླངས་ཏེ་བསྙེན་པར་རྫོགས་པ་དང་། སོར་ཡ་དྲིས་པའི་ལན་ལོན་པར་ཤེས་ནས་བསྙེན་པར་རྫོགས་པ་དང་། གོའུ་ཏ་མའི་སྐྱེ་དགུའི་བདག་མོ་ཆེན་མོ་བླ་མའི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་པ་དང་། ཆོས་སྦྱིན་མ་ཕྲིན་ལས་བསྙེན་པར་རྫོགས་པ་དང་། མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔས་བསྙེན་པ་རྫོགས་པ་དང་། སློབ་དཔོན་མེད་མཁན་པོ་མེད་པར་བསྙེན་པར་རྫོགས་པ་དང་། དགེ་སློང་ཚུར་ཤོག་ཅེས་གསུངས་པས་བསྙེན་པར་རྫོགས་པ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །ཞེས་སྤྱིར་བཏང་བཅུར་གསུངས་ཀྱང་། དེ་དག་ཕལ་ཆེར་སྔོན་ཆོག་ཡིན་ལ། ད་ལྟར་གྱི་ཆོ་གའི་དབང་དུ་བྱས་ནས་ཡང་དེ་ཉིད་ལས། མངོན་སུམ་དུ་གྱུར་ན་བསྙེན་པར་རྫོགས་པར་འགྱུར་བ་བཅུ་སྟེ། སྟོན་པ་མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་དང་། སངས་རྒྱས་མངོན་སུམ་དུ་གྱུར་པ་དང་། ཆོས་མངོན་སུམ་དུ་གྱུར་པ་དང་། མཁན་པོ་མངོན་སུམ་དུ་གྱུར་པ་དང་། སློབ་དཔོན་མངོན་སུམ་དུ་གྱུར་པ་དང་། བསྙེན་པར་རྫོགས་པར་འདོད་པ་མངོན་སུམ་དུ་གྱུར་པ་དང་། བསྙེན་པར་རྫོགས་པར་འདོད་པའི་ཡོ་བྱད་མངོན་སུམ་དུ་དང་། ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་དང་། གསོལ་བ་མངོན་སུམ་དུ་གྱུར་པ་དང་། ལས་མངོན་སུམ་དུ་གྱུར་པ་རྣམས་སོ། །ཞེས་མངོན་གྱུར་བཅུས་བསྙེན་རྫོགས་སུ་འགྱུར་བའི་ཚུལ་གསུངས་པ་ལས་མཁན་པོ་མངོན་གྱུར་གྱི་སྐབས་ཡིན། དེ་ཡང་བརྩེ་བས་འཁོར་བར་ལྟུང་བ་ལས་ཉེ་བར་བཟུང་ནས། བསླབ་པ་རིན་པོ་ཆེ་ལ་ཉེ་བར་སྦྱོར་ཏེ་འཇུག་ལྡོག་གི་བསླབ་བྱ་རྣམས་ཉེ་བར་ལུང་འབོགས་པར་བྱེད་པས་ན་མཁན་པོ་ཞེས་བྱ། དེ་ཡང་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་དགོས་པ་ཁོ་བོས་འགྲུབ་རུང་དུ་ཡོད་པའི་དབང་དུ་བགྱིས་ཏེ་ཚིག་འདི་དག་གི་རྗེས་ཟློས་བྱེད་པ་ན། གལ་ཏེ་སྔར་གྱི་མཁན་པོ་ཡིན་ན་མཁན་པོ་ཞེས་བརྗོད་པར་བྱ། སློབ་དཔོན་ཡིན་ན་སློབ་དཔོན་ཞེས་བརྗོད་པར་བྱ། བཙུན་པ་ཡིན་ན་བཙུན་པ་ཞེས་ཅི་རིགས་པར་བརྗོད་པར་བྱའོ། །ཞེས་བསྟན་པ་ལ་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བཙུན་པ་ལ་མཁན་པོ་གསོལ་གྱིས་བཙུན་པ་བདག་གི་མཁན་པོ་མཛད་དུ་གསོལ། བཙུན་པ་མཁན་པོས་བསྙེན་པར་རྫོགས་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིགས་གསུམ་པ་ལ་མཁན་པོ་ཞེས་བརྗོད་པར་བྱའོ། །མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་མཁན་པོར་གསོལ་བའོ། །དེའི་འོག་ཏུ་མཁན་པོ་རང་གིས་དེ་ལ་ཆོས་གོས་གསུམ་བྱིན་གྱིས་རླབས་པར་བྱའོ། །གལ་ཏེ་རེ་ཞིག་ཆོས་གོས་དྲས་ཤིང་དྲུབས་པ་དག་ཡོད་ན་དེ་ལྟ་ན་ལེགས་ཏེ། འདི་ལྟར་བྱིན་གྱིས་རླབས་པར་བྱ་སྟེ། ཆོས་གོས་གསུམ་པོ་སོ་སོར་བལྟབ་སྟེ། སློབ་མའི་ཕྲག་པ་གཡོན་པར་བཀལ་ནས། གཉིས་ཀ་འགྲེང་སྟེ། ལག་པས་ཆོས་གོས་སྣམ་སྦྱར་བཟུང་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པར་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་རླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་བླ་གོས་བཟུང་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་བླ་གོས་སུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་མཐང་གོས་བཟུང་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་མཐང་གོས་སུ་བྱིན་གྱིས་རླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་དག་བསྐོན་པར་བྱ་ཞིང་། དེས་ཀྱང་སྣམ་སྦྱར་དང་བཅས་པ་ཉིད་ཡིན་ན་བསྙེན་པར་རྫོགས་པའི་ཕྱིར་འདུས་པའི་དགེ་འདུན་ལ་ཕྱག་བྱའོ། །དེ་ནི་ཆོས་གོས་དྲས་ཤིང་དྲུབས་པ་གསུམ་བྱིན་གྱིས་བརླབ་པའོ། །གལ་ཏེ་རེ་ཤིག་ཆོས་གོས་དྲས་ཤིང་དྲུབས་པ་དག་མེད་ན། རྒྱུ་ལ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱིན་གྱིས་བརླབས་པར་བྱ་སྟེ། ཆོས་གོས་གསུམ་གྱི་རྒྱུ་སོ་སོར་བལྟ་བ་སྟེ། སློབ་མའི་ཕྲག་པ་གཡོན་པར་བཀལ་ནས་གཉིས་ཀ་འགྲེང་སྟེ། ལག་པས་ཆོས་གོས་སྣམ་སྦྱར་གྱི་རྒྱུ་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་དགུ་བ་ལ་སོགས་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་ལ་སོགས་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། །དྲའོ། །བསྡེབ་བོ། །གཟུང་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལྷན་ཐབས་སུ་ཀླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ། ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་བླ་གོས་ཀྱི་རྒྱུ་བཟུང་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་བླ་གོས་སུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་བདུན་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། ། དྲའོ། །བསྡེབ་བོ། །གཟུང་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་ཀླན་ནོ། །རྐྱེན་ཇི་ལྟར་བ་བཞིན་དུ་བགྱི་སྟེ། ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་མཐང་གོས་ཀྱི་རྒྱུ་བཟུང་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་མཐང་གོས་སུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་ལྔ་བར་བགྱིས་སྟེ། གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ་བརྐྱང་ངོ་། །དྲའོ། །བསྡེབ་བོ། །གཟུངས་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་ཀླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱི་སྟེ། ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་ཆོས་གོས་མ་དྲས་ཤིང་མ་དྲུབས་པ་གསུམ་བྱིན་གྱིས་བརླབ་པའོ། །དེའི་འོག་ཏུ་དེའི་ལྷུང་བཟེད་བསྟན་པར་བྱའོ། །འདི་ལྟར་བསྟན་པར་བྱ་སྟེ། དགེ་སློང་གཅིག་གིས་ལྷུང་བཟེད་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་བཀབ་ནས། རྒན་པའི་མཐའ་ལོགས་ནས་དགེ་སློང་རེ་རེའི་མདུན་དུ་འགྲེང་སྟེ། འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཙུན་པའམ། ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་འདི་མི་ཆུང་ངམ། མི་ཆེའམ། མི་སྐྱའམ། དགེ་སློང་ཐམས་ཅད་ཀྱིས་ཀྱང་ལྷུང་བཟེད་དེ་ལྟ་བུ་ཉིད་མ་ཡིན་ན་རེ་རེ་ནས་ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་འགལ་ཚབ་ཅན་དུ་འགྱུར་རོ། །དེ་ནི་ལྷུང་བཟེད་བསྟན་པའོ། །དེའི་འོག་ཏུ་མཁན་པོ་རང་གིས་དེ་ལ་ལྷུང་བཟེད་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། གཉི་ག་འགྲེང་སྟེ་ལག་པ་གཡོན་པར་ལྷུང་བཟེད་བཞག་ལ་ལག་པ་གཡས་པས་བཀབ་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་བསླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་ལྷུང་བཟེད་བྱིན་གྱིས་བརླབ་པའོ། །དེའི་འོག་ཏུ་བསྙེན་པར་རྫོགས་པར་བྱ་བ་དེ་ཐོས་པའི་ཉེ་འཁོར་ནས་བཀར་ཏེ་མཐོང་བའི་ཉེ་འཁོར་དུ་ཐལ་མོ་སྦྱོར་དུ་བཅུག་ནས། ཚོགས་ལ་མངོན་དུ་ཕྱོགས་པར་བཞག་པར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསང་སྟེ་སྟོན་པའི་དགེ་སློང་ལ། མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བའི་གསང་སྟེ་སྟོན་པར་གསོལ་བ་བཏབ་པ་གང་ཡིན་ཞེས་དྲི་བར་བྱའོ། །གསང་སྟེ་སྟོན་པ་གང་ཡིན་ལ་ངེས་པ་དག་མིང་འདི་ཞེས་བྱའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསང་སྟེ་སྟོན་པའི་དགེ་སློང་མིང་འདི་ཞེས་བྱ་བ་ཁྱོད་མཁན་པོ་མིང་འདི་ཞེས་བྱ་བས་མིང་འདི་ཞེས་བྱ་བ་ལ་གསང་སྟེ་སྟོན་པར་སྤྲོའམ་ཞེས་དྲི་བར་བྱའོ། །དེས་ཀྱང་སྤྲོ་ལགས་ཞེས་བརྗོད་པར་བྱའོ། །དེ་ནི་གསང་སྟེ་སྟོན་པ་སྤྲོ་བར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསང་སྟེ་སྟོན་པས་བར་ཆད་དྲི་བའི་ཕྱིར། གསོལ་བ་འབའ་ཞིག་གི་ལས་བྱའོ། །འདི་ལྟར་བྱ་སྟེ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་གསོལ་བའོ། །དེ་ནི་གསང་སྟེ་སྟོན་པ་གསོལ་བའི་ལས་སོ། །དེའི་འོག་ཏུ་གསང་སྟེ་སྟོན་པའི་དགེ་སློང་གིས་དཀྱིལ་འཁོར་བའི་ཕྱི་རོལ་དུ་སོང་སྟེ། བསྙེན་པར་རྫོགས་པར་བྱ་བ་དེ་བདག་ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲི་ཡིས། ཁྱོད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡང་ཡིན་ཞེས་སྨྲོས་ཤིག མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག ཁྱོད་སྐྱེས་པ་ཡིན་ནམ། དེས་སྐྱེས་པ་ལགས་ཞེས་བརྗོད་པར་བྱའོ། །སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་པར་བྱའོ། །ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་བརྗོད་པར་བྱའོ། ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད་པར་བྱའོ། ཁྱོད་ཀྱི་ཕ་མ་གསོན་ནམ། གལ་ཏེ་གསོན་ཞེས་ཟེར་ན། ཁྱོད་ཕ་མས་གནང་ངམ་ཞེས་དྲི་བར་བྱའོ། །དེས་གནང་ཞེས་བརྗོད་པར་བྱའོ། གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མི་ཡིན་ནམ། རྒྱལ་པོ་བསྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པར་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་བྱའོ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་། ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་བུ་ལོན་ཆགས་སོ་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བྱའོ། གལ་ཏེ་མི་ནུས་ཞེས་ཟེར་ན་འོ་ན་སོངས་ཤིག་ཅེས་བརྗོད་པར་བྱའོ། གལ་ཏེ་བསྙེན་པ་རྫོགས་ནས་འཇལ་ནུས་ཞེས་ཟེར་ན། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། གལ་ཏེ་རབ་ཏུ་བྱུང་ངོ་ཞེས་ཟེར་ན་ཁྱོད་ལ་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཁྱོད་འབབ་པ་ན་བསླབ་པ་ལེགས་པར་ཕུལ་ལམ་ཞེས་དྲི་བར་བྱའོ། གལ་ཏེ་ལྟུང་བ་བྱུང་ངོ་ཞེས་ཟེར་ན། འོ་ན་སོངས་ཤིག་ཅེས་བརྗོད་པར་བྱའོ། གལ་ཏེ་མ་བྱུང་ངོ་ཞེས་ཟེར་ན། ཇི་ལྟར་ཁྱོད་ད་ལྟ་རབ་ཏུ་བྱུང་བ་ཡིན་ནམ། ཞེས་དྲི་བར་བྱའོ། གལ་ཏེ་བདག་རབ་ཏུ་བྱུང་བ་ཡིན་ཞེས་ཟེར་ན། ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི་བར་བྱའོ། དེས་ལེགས་པར་སྤྱད་ཅེས་བརྗོད་པར་བྱའོ། ཁྱོད་ཀྱིས་མིང་ཅི། ཁྱོད་ཀྱི་མཁན་པོའི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བདག་གི་མཁན་པོའི་མིང་འདི་ཞེས་བགྱི་ཞེས་བརྗོད་པར་བྱའོ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟར་སྟེ། མཛེ་དང་། འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་བཀྲ་དང་། ཁྱི་རྔོ་དང་། གཡའ་བ་དང་། གློག་པ་དང་། རྐང་ཤུ་དང་། སྐེམ་ནད་དང་། སྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་རྔབ་དང་། སྐྱ་རྦབ་དང་། རྐང་བམ་དང་། མཚན་མར་རྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་བ་དང་། འདུས་པ་དང་། རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ་དང་། ཡན་ལག་ཏུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་འབྲུམ་དང་། སྐྱུག་བྲོ་བ་དང་། ཆུ་འགགས་པ་དང་། ངལ་བ་དང་། ལུས་ཚ་བ་དང་། རྩིབས་ལོག་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཉིན་ཅིག ཁྱོད་ལ་ད་ལྟ་ངས་གང་དྲིས་པ་དེ་ཉིད་དགེ་འདུན་གྱི་དབུས་སུ་ཡང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཁྱོད་ལ་འདྲི་བས་དེར་ཡང་། ཁྱོད་ཀྱིས་མ་འཛེམ་པ་བྱོས་ལ། ཡིན་པ་ལ་ཡང་ཡིན་ཞེས་སྨྲོས་ཤིག མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག ཁྱོད་མ་བོས་ཀྱི་བར་དུ་མ་འོང་བར་སྡོད་ཅིག དེ་ནི་གསང་སྟེ་སྟོན་པའོ། དེའི་འོག་ཏུ་གསང་སྟེ་སྟོན་པའི་དགེ་སློང་གིས་རྒན་པའི་མཐའ་ལོགས་སུ་འགྲེང་སྟེ། འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་གིས་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་ན། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན་ཅི་མཆི་ཤིག་གམ། ཐམས་ཅད་ཀྱིས། གལ་ཏེ་ཡོངས་སུ་དག་ནའོ། །ཞེས་བརྗོད་པར་བྱའོ། གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནི་འོང་བ་ཞུ་བའོ། དེའི་འོག་ཏུ་བསྙེན་པར་རྫོགས་པར་བྱ་བ་དེ་དཀྱིལ་འཁོར་བར་བཀུག་ནས་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་དུ་བཅུག་སྟེ། དགེ་སློང་ལས་བྱེད་པས་བསྙེན་པར་རྫོགས་པ་གསོལ་དུ་གཞུག་པར་བྱའོ། འདི་ལྟར་གསོལ་དུ་གཞུག་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ །དེའི་འོག་ཏུ་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་དུ་བཅུག་སྟེ། ཕ་གུའི་སྟེང་དུ་རྩ་བཏིང་བ་ལ་རྟིང་བ་གཉིས་ཀྱིས་མནན་ནས་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་དྲང་བར་གསོལ། དགེ་འདུན་བཙུན་པ་རྣམས་ཀྱི་བདག་རྗེས་སུ་བཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་ཏུ་གསོལ། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་བསྙེན་པར་རྫོགས་པར་གསོལ་བའོ། དེའི་འོག་ཏུ་དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཕྱིར། གསོལ་བ་འབའ་ཞིག་གི་ལས་བྱའོ། འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། བདག་གིས་དགེ་འདུན་གྱི་ནང་དུ་མཁན་པོའི་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བགྱིའོ། འདི་ནི་གསོལ་བའོ། །དེ་ནི་ནང་དུ་བར་ཆད་དྲི་བ་གསོལ་བའི་ལས་སོ། དེའི་འོག་ཏུ་དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བར་བྱའོ། འདི་ལྟར་དྲི་བར་བྱ་སྟེ། ལས་བྱེད་པ་ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་ཕ་གུའི་སྟེང་དུ་རྩ་བཏིང་བ་ལ་རྟིང་བ་གཉིས་ཀྱིས་མནན་ནས། ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲི་ཡིས། ཁྱོད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡང་ཡིན་ཞེས་སྨོས་ཤིག མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག ཁྱོད་སྐྱེས་པ་ཡིན་ནམ། དེས་སྐྱེས་པ་ལགས་ཞེས་བརྗོད་པར་བྱའོ། སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་པར་བྱའོ། ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་བརྗོད་པར་བྱའོ། ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད་པར་བྱའོ། ཁྱོད་ཀྱི་ཕ་མ་གསོན་ནམ། གལ་ཏེ་གསོན་ཞེས་ཟེར་ན། ཁྱོད་ཕ་མས་གནང་ངམ། ཞེས་དྲི་བར་བྱའོ། དེས་གནང་ཞེས་བརྗོད་པར་བྱའོ། གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་བྱའོ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་བུ་ལོན་ཆགས་སོ་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བར་བྱའོ། གལ་ཏེ་མི་ནུས་ཞེས་ཟེར་ནས། འོ་ན་སོངས་ཤིག་ཅེས་བརྗོད་པར་བྱའོ། གལ་ཏེ་བསྙེན་པར་རྫོགས་ནས་འཇལ་ནུས་ཞེས་ཟེར་ན། ཁྱོད་སྡོད་རབ་ཏུ་བྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། གལ་ཏེ་རབ་ཏུ་བྱུང་ངོ་ཞེས་ཟེར་ན། ཁྱོད་ལ་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཁྱོད་འབད་པ་ན་བསླབས་པ་ལེགས་པར་ཕུལ་ལམ་ཞེས་དྲི་བར་བྱའོ། གལ་ཏེ་ལྟུང་བ་བྱུང་ངོ་ཞེས་ཟེར་ན། འོ་ན་སོངས་ཤིག་ཅེས་བརྗོད་པར་བྱའོ། གལ་ཏེ་མ་བྱུང་ངོ་ཞེས་ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་བ་ཡིན་ནམ་ཞེས་དྲི་བར་བྱའོ། གལ་ཏེ་བདག་རབ་ཏུ་བྱུང་བ་ཡིན་ནོ་ཞེས་ཟེར་ན། ཁྱོད་ཀྱིས་ཚངས་པ་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི་བར་བྱའོ། དེས་ལེགས་པར་སྤྱད་ཅེས་བརྗོད་པར་བྱའོ། ཁྱོད་ཀྱི་མིང་ཅི། ཁྱོད་ཀྱི་མཁན་པོའི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི། དོན་གྱི་སླད་དུ་མཚན་ནས་སྨྲོས་ཏེ། བདག་གི་མཁན་པོའི་མིང་འདི་ཞེས་བགྱི་ཞེས་བརྗོད་པར་བྱའོ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་། འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་བཀྲ་དང་། ཁྱི་རྡོ་དང་། གཡའ་བ་དང་། རྐང་ཤུ་དང་། སྐེམ་ནད་དང་། སྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་རྔབ་དང་། སྐྱ་རྦབ་དང་། རྐང་བམ་དང་། མཚན་མར་རྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་བ་དང་། འདུས་པ་དང་། རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ་དང་། ཡན་ལག་ཏུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་འབྲུམ་དང་། སྐྱུག་བྲོ་བ་དང་། ཆུ་འགགས་པ་དང་། ངལ་བ་དང། ལུས་ཚ་བ་དང་། རྩིབ་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད་པར་བྱའོ། དེ་ནི་ནང་དུ་བར་ཆད་དྲི་བའོ། དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསོལ་བ་བྱས་ཏེ་ལས་བྱའོ། འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས་སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་དོ། འདི་ནི་གསོལ་བའོ། ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པར་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ། དེ་ནི་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པའོ། དེའི་འོག་ཏུ་དུས་གོ་བས་གྲིབ་ཚོད་གཞལ་བར་བྱའོ། སྐབས་འདིར། བཅོམ་ལྡན་འདས་ཀྱིས་གྲིབ་ཚོད་གཞལ་བར་བྱའོ། ཞེས་བཀའ་སྩལ་ནས། དགེ་སློང་དག་ཤིང་བུ་རིང་བོ་དག་གིས་གྲིབ་ཚོད་གཞལ་བར་བྱེད་ནས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་བ། །ཤིང་བུ་རིང་བོ་དག་གིས་གྲིབ་ཚོད་གཞལ་བར་མི་བྱའོ། དགེ་སློང་དག་གོམ་པ་དག་གིས་འཇལ་བར་བྱེད་པ་ན་ཧ་ཅང་ཐོགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གོམ་པ་དག་གིས་གཞལ་བར་མི་བྱ་བར་འདི་ལྟར་ཐུར་མ་དག་གིས་གཞལ་བར་བྱའོ། དགེ་སློང་དག་ཐུར་མ་རིང་བོ་དག་གིས་འཇལ་བར་བྱེད་པ་ན། དེ་ལྟ་ན་ཡང་ཧ་ཅང་ཐོགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཐུར་མ་སོར་བཞི་ཙམ་གྱིས་གཞལ་བར་བྱ་ཞིང་། ཐུར་མ་ཇི་ཙམ་ཡོད་པ་དེ་ཙམ་ལ་སྐྱེས་བུ་ཞེས་བརྗོད་པར་བྱའོ། ཞེས་གསུངས་པ་ལྟར་བྱ། དེ་ནི་གྲིབ་ཚོད་གཞལ་བའོ། དེའི་འོག་ཏུ་ཉིན་མཚན་གྱི་ཆ་བརྗོད་པར་བྱ་སྟེ། སྔ་དྲོ་དང་། གུང་དང་། ཕྱི་དྲོ་དང་། མཚན་མོའི་ཐུན་དང་པོ་དང་། ཐུན་དང་པོའི་ཕྱེད་དང་། གུང་ཐུན་དང་། གུང་ཐུན་གྱི་ཕྱེད་དང་། ཐུན་ཐ་མ་དང་། ཐུན་ཐ་མའི་ཕྱེད་དང་། སྐྱ་རེངས་མ་ཤར་བ་དང་། སྐྱ་རེངས་ཤར་བ་དང་། ཉི་མ་མ་ཤར་བ་དང་། ཉི་མ་ཤར་བ་དང་། ཉི་མ་བརྒྱད་ཆ་ཤར་བ་དང་། ཉི་མ་བཞི་ཆ་ཤར་བ་དང་། གུང་ཚིགས་མ་ཡོལ་བ་དང་། ཉི་མ་བཞི་ཆ་ལུས་པ་དང་། ཉི་མ་བརྒྱད་ཆ་ལུས་པ་དང་། ཉི་མ་མ་ནུབ་པ་དང་། ཉི་མ་ནུབ་པ་དང་། རྒྱུ་སྐར་རྣམས་མ་ཤར་བ་དང་། རྒྱུ་སྐར་རྣམས་ཤར་བ་སྟེ། དེ་ནི་ཉིན་མཚན་གྱི་ཆ་བརྗོད་པའོ། །དེའི་འོག་ཏུ་དུས་ཚོད་བརྗོད་པར་བྱ་སྟེ། དུས་ཚོད་ནི་ལྔ་སྟེ། དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་བའི་དུས་དང་། དབྱར་རིང་བོའི་དུས་སོ། དེ་ལ་དགུན་གྱི་དུས་ནི་ཟླ་བ་བཞིའོ། དཔྱིད་ཀྱི་དུས་ནི་ཟླ་བ་བཞིའོ། དབྱར་གྱི་དུས་ནི་ཟླ་བ་གཅིག་གོ དབྱར་ཐུང་ངུའི་དུས་ནི་ཉིན་ཞག་ཅིག་གོ དབྱར་རིང་པོའི་དུས་ནི་ཉིན་ཞག་གཅིག་གིས་ཟླ་བ་གསུམ་དུ་མ་ཆོག་པ་སྟེ། དེ་ནི་དུས་ཚོད་བརྗོད་པའོ། དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གནས་རྣམས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག བཞི་བོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་དགེ་སློང་གི་གནས་སུ་གསུངས་ཏེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །བཞི་གང་ཞེ་ན། གོས་ཀྱི་ནང་ན་ཕྱག་དར་ཁྲོད་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཕྱག་དར་ཁྲོད་ཀྱི་གོས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། ལྷག་པར་རྙེད་ན། དར་རམ། རས་ཡུག་ཆེན་ནམ། བེའུ་རས་སམ། དར་ལྭའམ། མོན་དར་རམ། བེའུ་རས་ཡུག་ཆེན་ནམ། བེའུ་རས་དམར་པོའམ། བེའུ་ཕྲུག་གམ། ལྭ་དམར་རམ། ཡུལ་ཀ་ཤིའི་རས་ཕྲན་ནམ། ཁ་དོག་རན་པའམ། ཁ་དོག་ངན་པའམ། ཕལ་གོས་སམ། ཤ་ནའི་རས་སམ། ཟར་མའི་རས་སམ། རས་གོས་སམ། དུ་གུ་ལའི་རས་སམ། ཀོ་ཏམ་པའི་རས་སམ། ཉི་འོག་གི་གོས་སམ། གཞན་ཡང་གོས་རུང་བ་གང་། དགེ་འདུན་ནམ། གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་དམ་འཆའ་འོ་ཞེས་བརྗོད་པར་བྱའོ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག ཟས་ཀྱི་ནང་ན་བསོད་སྙོམས་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་བསོད་སྙོམས་ཀྱི་ཟས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། ལྷག་པར་རྙེད་ན་འབྲས་ཆན་ནམ། སྐྱོ་མ་འམ། ཐུག་པའམ། ལྔ་སྟོན་ནམ། བརྒྱད་སྟོན་ནམ། བཅུ་བཞི་སྟོན་ནམ། ཉ་སྟོན་ནམ། རྟག་རེས་འཁོར་རམ། མགྲོན་དུ་བོས་པའམ། འཕྲལ་ལ་བོས་པའམ། སྤགས་པའམ། གཞན་ཡང་ཟས་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱི་ལོང་ལ། ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་དམ་འཆའ་འོ་ཞེས་བརྗོད་པར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉིན་ཅིག གནས་མལ་གྱི་ནང་ན་ཤིང་དྲུང་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཤིང་དྲུང་གི་གནས་མལ་ཀྱི་སར་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། ལྷག་པར་རྙེད་ན་ཁང་བའམ། སྔ་ཁང་ངམ། ཁང་བ་བརྩེགས་པའམ། བསིལ་ཁང་ངམ། སབ་མོས་བསྐོང་བའམ། བ་གམ་མམ། ཁང་བཟང་ངམ། སྒོ་ཁང་གི་སྟེང་གི་བསིལ་ཁང་ངམ། ཁང་སྟེང་གི་ཡོལ་ཁང་ངམ། ཡོལ་ཁང་ངམ། སྤང་ལེབ་ཁང་ངམ། ས་ཕུག་གམ། བྲག་ཕུག་གམ། རི་ཕུག་གམ། རྩྭའི་སྤྱིལ་བུའམ། ལོ་མའི་སྤྱིལ་བུའམ། འཆག་སར་བྱས་པའམ། འཆགས་རམ་བྱས་པའམ། བྱ་སྐྱིབས་སུ་བྱས་པའམ། བྱ་སྐྱིབས་སུ་མ་བྱས་པའམ། གཞན་ཡང་གནས་མལ་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་དམ་འཆའ་འོ་ཞེས་བརྗོད་པར་བྱའོ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག སྨན་གྱི་ནང་ན་བཀུས་ཏེ་བོར་བ་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་བཀུས་ཏེ་བོར་བའི་སྨན་གྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། ལྷག་པར་རྙེད་ན་ཞུན་མར་རམ། འབྲུ་མར་རམ། སྦྲང་རྩིའམ། བུ་རམ་གྱི་དབུ་མའམ། དུས་སུ་རུང་བའམ། ཐུན་ཚོན་དུ་རུང་བའམ། ཞག་བདུན་པའམ། འཚོའི་བར་དུ་བཅང་བའམ། རྩ་བའི་སྨན་ནམ། སྡོང་བུའི་སྨན་ནམ། ལོ་མའི་སྨན་ནམ། མེ་ཏོག་གི་སྨན་ནམ། འབྲུའི་སྨན་ནམ། གཞན་ཡང་སྨན་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་དམ་འཆའོ་ཞེས་བརྗོད་པར་བྱའོ། དེ་ནི་གནས་རྣམས་བརྗོད་པའོ། དེའི་འོག་ཏུ་ལྟུང་བར་འགྱུར་བའི་ཆོས་རྣམས་བརྗོད་པར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག བཞི་བོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དགེ་སློང་གིས་དེ་བྱས་ནས་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་སུ་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། འདི་ལྟ་སྟེ། དཔེར་ན། ཤིང་ཏ་ལའི་མགོ་བཅད་ན། །སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་དུ་མི་རུང་བཞིན་ནོ། བཞི་གང་ཞེ་ན། འདོད་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་ནི། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། འདོད་པ་སྤངས་པ་ནི་བསྔགས་ཏེ་བོར་བ་དང་། བསྩལ་པ་དང་། ཟག་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། ཉེ་བར་ཞི་བ་དང་། ནུབ་པ་ནི་བསྟོད་དོ། །བཀུར་རོ། བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཆགས་པའི་སེམས་ཀྱི་བུད་མེད་ཀྱི་ཡུལ་ལ་མིག་གཏད་དེ། མིག་གིས་བལྟ་བར་ཡང་མི་བྱ་ན། གཉིས་ཀྱིས་གཉིས་སྤྲད་དེ། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པར་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། ཐ་ན་དུད་འགྲོ་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱི། གནས་པར་མི་བྱའོ། ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གི་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སློང་དུ་མི་རུང་། ཤཱཀྱའི་སྲས་སུ་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་མགོ་བཅད་ན། སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། དེང་ཕྱིན་ཆད་ཁྱོད་སྤྱོད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་། བག་ཡོད་པས་སེམས་ཤིན་ཏུ་བསྲུངས་པར་བརྩོན་པར་གྱིས་ཤིག ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག མ་བྱིན་པར་ལེན་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མ་སྨད་དོ། །མ་བྱིན་པར་ལེན་པ་སྤང་བ་ནི་བསྟོད་དོ། བཀུར་རོ། བསྔགས་སོ། སྙན་པར་བརྗོད་དོ། ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་རྐུ་སེམས་ཀྱིས་གཞན་གྱི་ཏིལ་གྱི་ཕུབ་མ་ཡང་མ་བྱིན་པར་མི་བླང་ན། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པར་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན། ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། བྱིས་པའོ། བླུན་པའོ། རྐུ་བའོ། ཞེས་ཟེར་ཞིང་། གསོད་དམ། འཆིང་ངམ། སྤྱུག་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སློང་དུ་མི་རུང་། ཤཱཀྱའི་སྲས་སུ་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་། བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིང་། ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག སྲོག་གཅོད་པ་ནི་བཅོམ་ལྡན་འདས་ཀྱིས་རྣམས་གྲངས་དུ་མས་སྨད་དོ། སྲོག་གཅོད་པ་སྤངས་པ་ནི་བསྟོད་དོ། བཀུར་རོ། བསྔགས་སོ། སྙན་པར་བརྗོད་དོ། ཚེ་དང་ལྡན་པ་ཁྱོད་ཀྱིས་དེང་ཕྱིན་ཆད་བསམ་པ་བཞིན་དུ་སྲོག་ཆགས་གྲོག་སྦུར་ཡང་བསོད་པར་མི་བྱ་ན། མིའམ་མིར་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མིའམ་མིར་ཆགས་པ་ལ་བསམ་བཞིན་དུ་རང་གི་ལག་དར་ཏེ་སྲོག་གཅོད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་རམ། དེ་འཆུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་ལས་ཤི་བླའོ། ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་བརྩོན་པ་དེ་དུས་བྱས་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་སུ་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། འདི་ལྟ་སྟེ་དཔེར་ན། ཞིང་ཏ་ལའི་མགོ་བོ་བཅད་ན། སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་དུ་མི་རུང་བཞིན་ནོ། དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་། བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་རྣམས་གྲངས་དུ་མས་སྨད་དོ། བརྫུན་དུ་སྨྲ་བ་སྤངས་པ་ནི་བསྟོད་དོ། བཀུར་རོ། བསྔགས་སོ། སྙན་པར་བརྗོད་དོ། ཚེ་དང་ལྡན་པ་ཁྱེད་དེང་ཕྱིན་ཆད་ཐ་ན་བཞེད་གད་བྱ་བར་བསམ་ཏེ། ཤེས་བཞིན་དུ་བརྫུན་དུ་སྨྲ་བར་ཡང་མི་བྱ་ན། བསམ་བཞིན་དུ་མིའི་ཆོས་བླ་མ་སྨྲ་བ་ལྟ་སྨྲོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང། བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ། མེད་བཞིན་དུ་འདི་ཤེས་སོ། འདི་མཐོང་ངོ་། ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ། ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། ཞེས་བྱ་བ་འདི་བཀའ་སྩལ་ཏེ། ཅི་ཞིག་ཤེས་ཞེ་ན་སྡུག་བསྔལ་ཤེས་སོ། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་སོ། ཅི་ཞིག་མཐོང་ཞེ་ན། ལྷ་རྣམས་མཐོང་ངོ་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་བོ་རྣམས་དང་། ལུས་སྲུལ་བོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང་ངོ་། ལྷ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་བོ་རྣམས་དང་། ལུས་སྲུལ་བོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང་ངོ་། ལྷ་རྣམས་ཀྱི་སྒྲ་ཐོས་སོ། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་བོ་རྣམས་དང་། ལུས་སྲུལ་བོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ། ལྷ་རྣམས་ཀྱིས་ཀྱང་བདག་གིས་སྒྲ་ཐོས་སོ། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་བོ་རྣམས་དང་། ལུས་སྲུལ་བོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་བོ་རྣམས་དང་། ལུས་སྲུལ་བོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འགྲོའོ། ལྷ་རྣམས་བདག་བལྟ་བའི་ཕྱིར་འོང་ངོ་། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྷོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་བོ་རྣམས་དང་། ལུས་སྲུལ་བོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བདག་བལྟ་བའི་ཕྱིར་འོང་ངོ་། ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་བོ་རྣམས་དང་། ལུས་སྲུལ་བོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། ལྷ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་པར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་བོ་རྣམས་དང་། ལུས་སྲུལ་བོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟུག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། མ་ཐོབ་བཞིན་དུ་བདག་གིས་མི་རྟག་པའི་འདུས་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་གནགས་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་བ་ཉིད་དུ་སོ་སོར་རྟོགས་པའི་འདུ་ཤེས་ཐོབ་བོ། །མ་ཐོབ་བཞིན་དུ་བདག་གིས་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་བ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཐོབ་བོ། བདག་ནི་དགྲ་བཅོམ་པ་རྣམ་པར་ཐར་བ་བརྒྱད་ལ་བསམ་གཏན་པ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་པ་ཡིན་ནོ་ཞེས་བྱ་བ་སྟེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤྭཀྱའི་སྲས་སུ་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་མགོ་བཅད་ན། སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤངས་པ་དེ་ལ་དྲན་པ་དང་། བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། དེ་ནི་ལྟུང་བར་འགྱུར་བའི་ཆོས་རྣམས་བརྗོད་པའོ། དེའི་འོག་ཏུ་དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག བཞི་བོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་དགེ་སློང་གི་དགེ་སྦྱོང་དུ་བྱེད་པའི་ཆོས་སུ་གསུངས་ཏེ། བཞི་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་དེང་ཕྱིན་ཆད་གཤེ་ཡང་སླར་མི་གཤེ་བར་བྱ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ་བ་དང་། བརྡེགས་ཀྱང་སླར་མི་བརྡེགས་པར་བྱ་བ་དང་། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བར་བྱའོ། ཇི་ལྟར་གནས་འདི་ལྟ་བུ་ལ་སྤྱོད་དམ། དེས་སྤྱོད་ཅེས་བརྗོད་པར་བྱའོ། དེ་ནི་དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་བརྗོད་པའོ། དེའི་འོག་ཏུ་མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག ཁྱོད་སྔོན་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ན་ཅི་མ་རུང་སྙམ་དུ་སྨོན་པ་གང་ཡིན་པ་དེ། ད་ཁྱོད་མཁན་པོ་འོས་པ་དང་། སློབ་དཔོན་དུ་འོས་པ་གཉིས་དང་། དགེ་འདུན་མཐུན་པ་དང་། གསོལ་བ་དང་། བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། དེ་ནི་མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་བརྗོད་པའོ། དེའི་འོག་ཏུ་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གི་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་བོ། །དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་གིས། བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་བོ། དེ་ལྟ་ན་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང་། བསླབ་པ་ཉིད་ཀྱིས་མཉམ་པ་དང་། སོ་སོར་ཐར་བའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་དེ་ཁྱོད་ཀྱིས་དེང་ཕྱིན་ཆད་བསྒྲུབ་པར་བྱ་ཡི་མི་བསྒྲུབ་པར་མི་བྱའོ། དེ་ནི་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་བསྒྲུབ་པ་ལ་ངེས་པར་སྦྱར་བའོ། དེའི་འོག་ཏུ་ཚུལ་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་པར་སྦྱར་བར་བྱ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། ཁྱོད་ཀྱིས་དེང་ཕྱིན་ཆད་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱའོ། མཁན་བོས་ཀྱང་ཁྱོན་ཤིའམ། སོས་ཀྱི་བར་དུ་ནད་གཡོག་བྱའོ། དེ་ནི་ཚུལ་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་པར་སྦྱར་བའོ། དེའི་འོག་ཏུ་དུལ་བར་གནས་པ་ཉིད་ལ་ངེས་པར་སྦྱར་བར་བྱ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པར་མཚུངས་པར་སྤྱོད་རྣམས་དང་། གནས་བརྟན་རྣམས་དང་། བར་མ་རྣམས་དང་། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང་། ཞེས་དང་བཅས་པ་དང་། འཇིགས་པ་དང་བཅས་པའི་དབང་དུ་འགྱུར་བར་གནས་པར་བྱའོ། །དེ་ནི་དུལ་བར་གནས་པ་ཉིད་ལ་ངེས་པར་སྦྱར་བའོ། །དེའི་འོག་ཏུ་དགོས་པ་རྗེས་སུ་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་མནོད་པར་བྱ། བཀླག་པར་བྱ། ཁ་ཏོན་དུ་བྱའོ། ཕུང་བོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། མ་ཐོབ་པ་ཐོབ་པར་བྱ་བ་དང་མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་ཁྱོད་ཀྱིས་བརྩོན་པ་མི་འདོར་བར་བྱའོ། དེ་ནི་དགོས་པ་རྗེས་སུ་བསྒྲུབ་པ་ལ་ཉེ་བར་སྦྱར་བར་བྱ་བའོ། དེའི་འོག་ཏུ་མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་སྒྲུབ་པར་འགྱུར་བ་ཉིད་ཀྱང་བརྗོད་པར་བྱ་སྟེ། འདི་དག་ནི་ཁོ་བོས་ཁྱོད་ལ་བསླབ་བའི་གཞི་ཆེ་ལོང་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དེ་གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་བའི་མདོ་འདོན་པའི་ཚེ་ཐོས་པར་འགྱུར་རོ། གཞན་དག་ཀྱང་སློབ་དཔོན་དང་མཁན་པོ་དང་མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་པ་དང་། གཏམ་འདྲེ་བ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་དང་། འགྲོགས་བཤེས་རྣམས་ཀྱིས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ། དེ་ནི་མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་བསྒྲུབ་པར་འགྱུར་བ་ཉིད་བརྗོད་པའོ། དེའི་འོག་ཏུ་གུས་པ་ལ་ཡང་ངེས་པར་སྦྱར་བར་བྱ་སྟེ། ཤེས་རབ་མཆོག་གི་བསྟན་པ་ལ། ཁྱོད་ནི་བསྙེན་པར་རྫོགས་པར་གྱུར། །དལ་དང་འབྱོར་བ་རྙེད་བཀའ་བས། །འདི་དག་ཇི་ལྟ་བཞིན་དུ་བསྒྲུབས། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། དེ་ནི་གུས་པ་ལ་ངེས་པར་སྦྱར་བའོ། དེའི་འོག་ཏུ་བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ངེས་པར་སྦྱར་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས། བག་ཡོད་པར་བསྒྲུབས་ཤིག དེ་ནི་བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ངེས་པར་སྦྱར་བའོ། དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས་ཁྱོད་བསྙེན་པར་རྫོགས་པའི་ཆོ་ག་དེ་གྲུབ་པ་ཡིན། དེ་ཡང་གཙོ་བོར་མཁན་པོའི་བདག་རྐྱེན་ལས་བྱུང་བ་ཡིན་ཏེ། རང་གིས་མཛད་འོས་རང་གིས་མཛད། གཞན་གྱིས་བྱེད་དགོས་པ་རྣམས་དེ་དང་དེ་ལ་བསྐོས་ནས་མཛད་པས་གཏང་རག་གི་ཕྱག་གསུམ་འཚོལ་ལ་བཀའ་དྲིན་ཆེ་ལགས་ཞེས་བརྗོད་ཅིག དགེ་འདུན་ཐམས་ཅད་ཀྱིས་ཀྱང་མེ་ཏོག་གཏོར་བཞིན་དུ་སྨོམ་ལམ་རྣམ་བཞི་གདབ་བོ། དགེ་སློང་བསྙེན་པར་རྫོགས་པར་བྱ་བའི་ཆོ་ག་རྫོགས་སོ། འདིར་བར་མཚམས་ཀྱིས་ཚིག་ཟུར་རྣམས་ལའང་གོ་རྒྱུ་ཆེན་པོ་འདུག་པའི་ཕྱིར་མཚམས་སྦྱོར་ཕྲན་བུ་མ་གཏོགས་གཞུང་ཚིག་སོར་བཞག་ཁོ་ན་གཙོ་བོར་བགྱིས་པ་ཡིན་ནོ། ཞེས་པའང་ཤྭཀྱའི་དགེ་སློང་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དཔལ་བཟང་པོ་ཞེས་བགྱི་བས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་བསྒྲུབ་སྡེ་འོག་མིན་མཁའ་སྤྱོད་གླིང་དུ་ཉེ་བར་སྦྱར་བ་དགེ། ༎

ལས་ཆོག་ཟུར་འདེབས་ནི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདིར་རབ་བྱུང་གཞི་ཆོག་སྐབས་ཀྱི་འཕྲོས་དོན་ཟུར་གསལ་འགའ་ཞིག་འགོད་པ་ལ། ཐོག་མར་བར་ཆད་དྲི་བའི་སྔོན་དུ་ཨ་རོ་ཥའི་ཤིས་བརྗོད་བྱེད་པ་དང་། འདོད་པའི་ཉེས་དམིགས་ལྔ་དང་རབ་ཏུ་བྱུང་བའི་ཕན་ཡོན་ལྔ་བཤད་ནས་སྤྲོ་བ་བསྐྱེད་པ་དང་། བར་ཆད་དྲིས་ནས་དག་ན་ད་གཟོད་མཆོད་བཤམས་སོགས་ཀྱི་སྦྱོར་བ་ལ་འཇུག་པ་ནི། སྔོན་གྱི་ཉན་ཐོས་ཆེན་པོ་འགའ་ཞིག་གིས་གཞན་དག་རབ་ཏུ་འབྱུང་བར་མཛད་པའི་གླེང་གཞི་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་ཡིན། དེ་ནས་སྐྱབས་སྡོམས་ཀྱི་སྐབས་སོགས་གོང་འོག་རྣམས་སུ། སྟོན་པ་ལ་ཕྱག་འཚལ་དུ་གཞུག་ཅེས་པ་རྣམས་འདི་ལྟར་བྱ་སྟེ། སྟོན་པའི་སྐུ་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་བ་འདི་ལ་སྟོན་པ་དངོས་ཀྱི་འདུ་ཤེས་ཞོག་ལ་ཕྱག་ལན་གསུམ་འཚལ། ཞེས་བརྗོད་པར་བྱ། སློབ་དཔོན་དང་མཁན་པོར་ཕྱག་འཚལ་དགོས་པ་དག་ལ། སོ་སོས་དང་རང་ལ་ཕྱག་ལན་གསུམ་འཚོལ་ཞེས་བརྗོད། དགེ་འདུན་སྤྱི་ལ་ཕྱག་འཚལ་དགོས་པ་དག་ལ། ད་དགེ་འདུན་ལ་ཕྱག་ལན་གསུམ་འཚོལ། ཞེས་བརྗོད། དགེ་སློང་རེ་རེ་བཞིན་དུ་ཕྱག་འཚལ་དགོས་པ་དག་ལ། ད་དགེ་སློང་དགེ་བའི་བཤེས་གཉེན་མིང་འདི་ཞེས་བགྱི་བ་ལ་ཕྱག་ལན་གསུམ་འཚོལ། ཞེས་ཐམས་ཅད་ཀྱི་མིང་ནས་བརྗོད་ནུས་ན་དང་། གལ་ཏེ་ཧ་ཅང་མང་བས་བརྗོད་མི་ནུས་ན། ལས་གྲལ་འདིར་འདུས་པའི་དགེ་སློང་རྣམས་ལ་རྒན་རིམ་བཞིན་ཕྱག་ལན་གསུམ་གསུམ་འཚོལ་ཞེས་བརྗོད་པར་བྱ། དགེ་བསྙེན་དང་དགེ་ཚུལ་གྱི་སྐབས། ཚིགས་གསུམ་པ་ལ་སློབ་དཔོན་གྱིས་ཞེས་བརྗོད་པར་བྱའོ། ཞེས་པ་དག་གི་སྐབས་སུ་འདི་ལྟར་བརྡའ་སྦྱར་བར་བྱ་སྟེ། ལན་གསུམ་པ་འདི་ལ་སྐྱབས་བརྗོད་དང་བདག་བརྗོད་གཉིས་རྫོགས་མཚམས་གཞན་བརྗོད་ཀྱི་ཐོག་མར་བདག་གི་སེ་གོལ་གྱིས་བརྡའ་བྱས་པ་དང་མཉམ་དུ་སྡོམ་པ་སྐྱེ་བ་ཡིན་པས། དུས་དེར་སྡོམ་པ་ཐོབ་བྱུང་སྙམ་པ་དང་། དེ་ནས་ང་རང་ལའང་སློབ་དཔོན་ཞེས་བརྗོད་དགོས་པས་དེ་ཡིད་ལ་ཞོག་ལ་རྗེས་ཟློས་གྱིས་ཞེས་བརྗོད། བསླབ་པ་བརྗོད་པའི་སྐབས་སུ་ལན་གསུམ་བརྗོད་པར་བཤད་པའང་ཡོད་མོད་དེ། ད་ལྟ་ལན་གཅིག་བརྗོད་པ་ཉིད་ཕྱག་ལེན་དུ་མཛད། རབ་བྱུང་ཞུ་བའི་སྐབས་བསྒྲུབ་བྱ་གཉིས་ཡོད་ན། སྔར་འདི་ཞེས་པ་ལ་འདི་དག དེ་ཡང་ལ་དེ་དག་ཀྱང་། ཅི་དེ་ལ་ཅི་དེ་དག ཁོ་ན་ཉིད་ལ་ཁོང་དག་ཉིད་ཅེས་དང་། གསུམ་ཡོད་ན་དག་ཞེས་པའི་གནས་སུ་རྣམས་ཞེས་བསྒྱུར་ཅིང་། མིང་འདི་ཞེས་བགྱི་བ་ལས་ཞེས་པ་དེ། རང་གི་མཁན་པོ་ཡིན་ན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བ་ལས། ཞེས་དང་། སློབ་དཔོན་ཡིན་ན་སློབ་དཔོན། རང་གི་མཁན་སློབ་མིན་ན་གནས་བརྟན་ནམ། དགེ་བའི་བཤེས་གཉེན་ཞེས་ཉེ་ཚིག་གིས་བརྗོད་པ་སོགས་རྣམ་དབྱེ་དང་ཚིག་ཕྲད་སྐབས་ཐོབ་ཀྱིས་བསྒྱུར་ཚུལ་གོང་འོག་ཐམས་ཅད་དུ་འཁྱེར་ཤེས་པར་བྱའོ། ཚིག་ཕྱི་མ་ལྷུང་བཟེད་སྟོན་པའི་སྐབས་མཁན་པོས་གྲོགས་དན་ལ། ཚེ་དང་ལྡན་པ་འདིའི་ལྷུང་བཟེད་དགེ་འདུན་ལ་སྟོན་པའི་གྲོགས་དན་མཛོད་ཅིག་ཅེས་བརྗོད། གོས་བསྐོན་པའང་གཞན་ལ་བཅོལ་ན། དགེ་སློང་མིང་འདི་བྱ་བས་ཚེ་དང་ལྡན་པ་འདིའི་གོས་ཚགས་སློབ་པ་དང་བདག་གི་བྱ་བའང་སྒྲུབས་མཛོད་ཅིག ཅེས་བསྒོ། དེས་ཀྱང་གོན་ལུགས་བསླབ་ཅིང་མཚན་བརྟགས་པས་སྐྱོན་མེད་ན། བར་ཆད་དང་མི་ལྡན་པར་གདའ་ཞེས་བརྡ་སྤྲོད། སྐབས་འདི་དང་། འོག་ཏུ་གོས་བསྐོན་པའི་ཚེ་དག་དང་། མཇུག་དག་ཏུ་སྨོན་ལམ་བཞི་གདབ་ཅེས་པ་ནི། ཐམས་ཅད་ཀྱིས་མེ་ཏོག་གཏོར་བཞིན། ཐར་བའི་རྒྱལ་མཚན་བརྟན་པར་གྱུར་ཅིག ཚངས་པར་སྤྱོད་པའི་ཚེ་མཐར་ཕྱིན་པར་གྱུར་ཅིག ཚུལ་ཁྲིམས་ཀྱི་ཕུང་བོ་ཡོངས་སུ་རྫོགས་པར་གྱུར་ཅིག ཚེ་རབས་ཐམས་ཅད་དུ་རབ་ཏུ་བྱུང་བ་ཐོབ་པར་གྱུར་ཅིག ཅེས་བརྗོད་པའོ། །ཡང་ཤཱ་རིའི་བུའི་སྨོན་ལམ་ནི། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་བོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཏེ། །རྟག་ཏུ་རབ་བྱུང་མང་བར་ཤོག །ཅེས་པའོ། །དུས་གོའི་སྐབས། དང་པོ་བསྒོ་བ་ནི། དེས་དངོས་གཞི་གྲུབ་ནས་མཇུག་གི་ཆོ་ག་ལ་གཉིས་ཡོད་པའི། དང་པོ་ཐོབ་པའི་དུས་གོ་བ་དེ་དགེ་སློང་ཆོ་ག་རྫོགས་མཛོད་ཅིག ཅེས་བསྒོ། དེས་ཀྱང་ཉིན་མོ་ཡིན་ན་ཉི་མ་རྫོགས་པའི་སར་ཕྱིན་ཏེ། ཐུར་མ་སོར་བཞི་བས་གཞལ་ཞིང་། གྲིབ་མ་སོར་རེ་ལ་རྐང་བ་དང་། བཞི་ལ་སྐྱེས་བུ་ཞེས་བྱ་བའི་ཐ་སྙད་དང་སྔ་ཕྱིའི་ཆ་ཡང་ངེས་པར་བྱ། མཚན་མོ་ཡིན་ན་སྐར་ཁུང་གིས་ཐུན་ཚད་ངེས་པར་བྱས་ནས། ཐོག་མར་དགེ་ཚུལ་གྱི་སྐབས་སུ་འདི་སྐད་བརྗོད་པར་བྱ་སྟེ། ཁྱོད་དགེ་ཚུལ་དུ་སྒྲུབ་པའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ཡོད་པའི། སྦྱོར་དངོས་གཉིས་ཀྱིས་ཁྱོད་ཀྱི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་ཐོབ་པ་ཡིན། ད་མཇུག་ཆོག་ལ་གཉིས་ཡོད་པའི། དང་པོ་བསྙེན་བཀུར་གྱི་གསན་པས་མཆི་བར་གདའ། ཞེས་བརྗོད། ལས་སློབ་ཀྱིས་ད་མཇུག་ཆོག་གཉིས་པ་བསླབ་པ་བརྗོད་པ་ཁས་བླངས་པའི་ཚུལ་གྱིས་རྗེས་ཟློས་གྱིས། ཞེས་མཚམས་སྦྱར། དགེ་སློང་གི་སྐབས་སུ། ཁྱོད་བསྙེན་པར་རྫོགས་པ་དགེ་སློང་དུ་སྒྲུབ་པའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ཡོད་པའི་སྦྱོར་དངོས་གཉིས་ཀྱིས་ཁྱོད་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་ཐོབ་པ་ཡིན། ད་མཇུག་ཆོག་གཉིས་ཡོད་པའི་མཁན་པོ་ཆེ་གེ་དང་། ཞེས་པའི་བར་སྔར་ལྟར་ལས། དེ་ནས་ལས་ཀྱི་སློབ་དཔོན་ཆེ་གེ་དང་། གསང་སྟེ་སྟོན་པའི་སློབ་དཔོན་ཆེ་གེ་དང་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ཐོབ་པ་ཡིན་པས། དེས་ངེས་པར་གསན་པས་མཆི་བར་གདའ། ཞེས་པའི་བར་བརྗོད། དེ་ནས་ལས་སློབ་ཀྱིས། ད་མཇུག་ཆོག་གཉིས་པ་གདམས་ངག་བརྗོད་པ་ལ། ཚེ་དང་ལྡན་པ། བསྙེན་རྫོགས་སྐབས་ཕྱག་འཚལ་བ་ན། རང་ཉིད་དགེ་འདུན་གྱི་ནང་དུ་འཇུག་པའི་དོན་དུ་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་གྱིས། ཞེས་བརྗོད། ཕྱག་འཚལ་ཚེ་དགེ་སློང་རེ་རེས་ཀྱང་། བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་མྱུར་དུ་ཐོབ་པར་གྱུར་ཅིག། ཅེས་སྨོན་ལམ་བཏབ་ཅིང་མེ་ཏོག་འཐོར་རོ།། །།

སྡེ་སྣོད་གསུམ་ཞྭའི་བཤད་པ།

༄༅། །རྒྱུན་གྱི་ཆོས་སྤྱོད་སེམས་བསྐྱེད་ཀྱི་ཆོ་ག་ཕན་བདེའི་ཉིན་བྱེད་ཅེས་བྱ་བཞུགས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདིར་རྒྱུན་གྱི་ཆོས་སྤྱོད་སེམསབསྐྱེད་ཀྱི་ཆོ་ག་ནི། ཐོག་མར་གནས་ཁང་བྱི་དོར་བྱས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ཞིང་། དེའི་མདུན་ངོས་སུ་མཆོད་སྟེགས་བང་རིམ་དང་ལྡན་པར་དང་པོར་ཞལ་ཟས་ཅི་མང་། དེ་ནས་ཆུ་དང་ནས་སྤེལ་བ་དང་། གཞན་ཡང་མཆོད་ཡོན་སོགས་ཅི་འབྱོར་བའི་མཆོད་པའི་བྱེ་བྲག་རྣམས་གཙང་ཞིང་ཡིད་དུ་འོང་བས་བཀོད་ལེགས་མཛེས་པར་བྱ། དེ་དག་གི་ནང་དུ་བཟང་དྲུག་སོགས་སྨན་སྣ་དང་རིན་པོ་ཆེ་སོགས་འདེབས་པ་དང་དྲི་བཟང་སོགས་ཀྱིས་ཡོན་ཆབ་ཁ་དོག་བསྒྱུར་བ་དང་མར་མེ་བརྒྱ་མཆོད་སོགས་གྱ་ནོམ་པ་བཤམ། གཞན་ཡང་བཏང་རག་གི་སྤྱི་གཏོར་དང་རྒྱུན་བཞག་དང་ཉིན་རེ་བཞིན་མཆོད་རྒྱུའི་རྒྱུན་གཏོར་བཅས་བཤམ་མོ། །ཆོ་ག་དངོས་ལ་ཐུན་མོང་སྐྱབས་འགྲོའི་ཆོ་ག་དང་ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་གཉིས་ལས། དང་པོ་ནི། ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒ་ཡ། ལན་གསུམ། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་མཆིས་པ་རྒྱལ་བ་སྲས་དང་བཅས་པས་བཟུང་དུ་གསོལ། ཞེས་ལན་གསུམ་བརྗོད། ན་མོ་རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ལན་གསུམ། ལྟུང་བཤགས་དང་། སངས་རྒྱས་ཆོས་དང་སོགས་ནས་འགྲུབ་པར་ཤོག་བར། གཉིས་པ་ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། སྟོབས་གསུམ་ལས་ནི་བྱང་ཆུབ་སེམས་སྐྱེས་པས། །སྙིང་རྗེ་ཆེ་དང་ཚོགས་བསགས་སྐྱབས་སུ་འགྲོ། །བསམ་དང་སྦྱོར་བ་རྒྱུ་ཡི་སྟོབས་སུ་བཤད། །ཞེས་གསུངས་པ་ལྟར་སྟོབས་གསུམ་ལས། དང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་བསམ་པའི་སྟོབས་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཞེས་ལན་གསུམ། གཉིས་པ་ཚོགས་བསགས་པ་སྦྱོར་བའི་སྟོབས་ལ། ས་གཞི་བྱིན་གྱིས་བརླབས་ཤིང་། ཚོགས་ཞིང་སྤྱན་འདྲེན་པ། ཡན་ལག་བདུན་པ་འབུལ་བ་བཅས་གསུམ་ལས། དང་པོ་ས་གཞི་བྱིན་རླབས་ནི། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་འཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཞེས་དང་མཆོད་པ་བྱིན་རླབས་ནི། ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཞེས་སོ། གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཞྭ་བཅས་གྲལ་སོ་སོར་སྤོས་བཀྲམ་ལ། ཕྱོགས་དུས་ཀུན་ན་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །ཞེས་མཆོད་བསིལ་བྱ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་བཤེགས་སུ་གསོལ། །ཞེས་མཆོད་བསིལ་བྱ། བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་རོལ་མོ་འཁྲོལ། ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲངས་པར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་བྱོན་ཚུར་བྱོན་ཞིང་དག་ལ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བ་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །རོལ་མོ་འཁྲོལ་མི་དགོས། པདྨ་ཀ་མ་ལ་ཡེ་སྠྭཾ། ཞེས་གདན་ཕུལ་ཏེ་ཞྭ་ཕུད། གསུམ་པ་ཡན་ལག་བདུན་པ་འབུལ་བ་ལ། དང་པོ་ཕྱག་འཚལ་བའི་ཡན་ལག་ནི། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་ཁོལ་དུ་ཕྱུང་བ། འཇམ་དཔལ་གྱིས་སངས་རྒྱས་ཆོས་ཀྱི་སྐུ་ལ་བསྟོད་པ། བསྟོད་པའི་རྒྱལ་པོ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་པ། སྐུ་གསུམ་ལ་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། སངས་རྒྱས་སྤྲུལ་པའི་སྐུའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཆོ་འཕྲུལ་ཆེན་པོའི་དུས་ཆེན་ལ་ཆེད་དུ་བརྗོད་པ་ཚོགས་གཉིས་ཤིང་རྟ་ཞེས་བྱ་བ་རིག་འཛིན་འཇིགས་མེད་གླིང་པས་མཛད་པ། ཚིག་བཅད་གཅིག་པ། ཁྱད་པར་འཕགས་བསྟོད་སློབ་དཔོན་ཐོ་བཙུན་གྲུབ་རྗེས་གསུངས་པ། ཚིག་བཅད་བཞི་བ། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་སློབ་དཔོན་བདེ་བྱེད་བདག་པོས་གསུངས་པ། དཀོན་མཆོག་གསུམ་ལ་བསྟོད་པ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ། ཀུན་མཁྱེན་ཀློང་ཆེན་པར་བྱེ་བྲག་ཏུ་བསྟོད་པ། ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་བསྟོད་པ་དང་། གྲུབ་དབང་རྫོགས་ཆེན་པའི་སྐྱེ་ཕྲེང་གསོལ་འདེབས་འཇིགས་མེད་གླིང་པས་མཛད་པ་རྣམས་འདོན། དུས་གསུམ་བཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པས་ནི་བདག་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང་། །མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློབ་དཔོན་དང་། །བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག །ཞེས་སོ། གཉིས་པ་མཆོད་པའི་ཡན་ལག་ནི། འགྲོ་བའི་དེད་དཔོན་གཅིག་པུའི་ཚད་མེད་བློས། །ལེགས་པར་ཡོངས་སུ་བརྟགས་ན་རིན་ཆེ་བ། །འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས། །རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་ཟུང་། །དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བསྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བསྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་དག །བྱམས་མགོན་བློ་དང་ལྡན་པས་ནོར་བཟང་བཤད། །ཅེས་དང་། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་རྒྱུ་མཚན་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་བཟུང་བའི་ཕྱིར་དུ། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཨོཾ་བཛྲ་བྷུ་མི་ཨ་ཧཱུྃ། ཞེས་སོགས་མཎྜལ་འབུལ། ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨ། ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་རྫས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་རྒྱས་པར་གྱུར་ཅིག ན་མ༔སརྦ་ཏ་ཐ་ག་ཏ་སོགས་ལན་གསུམ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝཱ་ཏེ། བཛྲ་ས་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོདྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྚོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨཱ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ལ་རོལ་མོ་འཁྲོལ། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་བ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུག་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །དེ་ནས་ཁྲུས་གསོལ་ནི། ཞྭ་དང་བཅས། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དམ་པའི་ཆོས་དང་འཕགས་པའི་དགེ་འདུན་གྱི་ཚོགས་དང་བཅས་པ་རྣམས་ལ་བདག་ཅག་གིས་ཡོ་བྱད་དང་ལྡན་པའི་སྒོ་ནས་སྐུ་ཁྲུས་གསོལ་བར་བགྱིའོ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོའི་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། ཞེས་མཆོད་བསིལ་བྱ། ཇི་ལྟར་བལྟམ་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། རོལ་མོ་འཁྲོལ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །རོལ་མོ་འཁྲོལ། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱངས་ཕྱིར། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མར་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཆང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །གསུམ་པ་སྡིག་པ་བཤགས་པ་ནི། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གིས་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང་། །ཡིད་ཀྱིས་གནོད་བགྱིས་གང་ལགས་པ། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གིས་སྡིག་པ་གང་། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །ཞེས་དང་། སྐྱེ་བོ་ཡན་ལག་བཅད་པའི་སར། །དེ་རིང་ཁྲིད་པའང་བྲེད་གྱུར་ཏེ། །ཁ་སྐམ་མིག་རྩ་ངན་ལ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ཞིག་བྱ། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་དང་། བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་བའམ། །བཅས་པའི་སྡིག་པ་གང་ཡིན་ལས། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལག་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོང་མི་བགྱིད། །བཞི་བ་རྗེས་སུ་ཡི་རང་བའི་ཡན་ལག་ནི། སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་གསོའི་དགེ་བ་དང་། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ་། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ་། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་། །རྒྱལ་སྲས་ས་ལའང་ཡི་རང་ངོ་། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །ལྔ་བ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་འགོད་ཅིང་། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། བདུན་པ་བསྔོ་བའི་ཡན་ལག་ནི། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་བསལ་བར་ཤོག །ཞེས་དང་། དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདའ་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །གསུམ་པ་སྐྱབས་སུ་འགྲོ་བ་རྒྱུའི་སྟོབས་ལ། སོ་ཐར་སྡོམ་རྒྱུན་གསོལ་འདེབས་དང་། བྱང་སེམས་སྡོམ་རྒྱུན་གསོལ་འདེབས་རྣམས་འདོན། དེ་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ལན་གསུམ་གྱིས་དགོངས་སུ་གསོལ་ཏེ་སྐྱབས་སུ་འགྲོ་བ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། ལན་གསུམ། གཉིས་པ་དངོས་གཞི་སེམས་བསྐྱེད་པར་དམ་བཅའ་བ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར་། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། གསུམ་པ་རྗེས་ལ་དགའ་བ་བསྒོམ་པ་དང་། གཏང་རག་གཏོང་བ་གཉིས་ལས། དང་པོ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོགས་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱགས་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག གཉིས་པ་གཏང་རག་གི་གཏོར་མ་སོགས་སྤྱི་མཐུན་དུ་བྱའོ། །གྲུབ་དབང་པདྨ་རིག་འཛིན་གྱིས་མཛད་པའི་གཏོར་བསྔོ་བསྡུས་པ་རྔ་ཆོག་མི་བྱེད་པར་འདོན། དེ་ནས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ། ཆོས་འཆད་པ་པོས་ཉིན་དང་པོར་བཤད་བྱའི་ཡན་ལག་དང་། མདོའི་སྨོན་ལམ་གྱི་ཡན་ལག་བདུན་པ་ཙམ་རྒྱས་པར་བཤད། ཉིན་གཉིས་པར་དལ་འབྱོར་རྙེད་དཀའ་ནས་ཤེས་རབ་ཀྱི་ཕར་ཕྱིན་ཡན་རྒྱས་པར་བཤད། ཉིན་གསུམ་པར་དྲན་པ་ཉེར་བཞག་ནས་སངས་རྒྱས་སྤྲུལ་སྐུ་ལ་སྨོན་པ་ཡན་ཆད་བཤད། ཉིན་བཞི་བར་ཡེ་ཤེས་ལྔ་ནས་མཇུག་ཡོངས་སུ་རྫོགས་པར་བཤད་དོ། ཉིན་ལྔ་པར་སྔགས་ཀྱི་སྨོན་ལམ་སྡེ་སྣོད་གསུམ་གྱི་ཉམས་ལེན་ལ་སྨོན་པ་ཡན་ཆད་བཤད། ཉིན་དྲུག་པར་བྱ་རྒྱུད་ནས་ཨ་ནུ་ཡན་ཆད་བཤད། ཉིན་བདུན་པར་ཨ་ཏི་ནས་མཇུག་ཡོངས་སུ་རྫོགས་པར་བཤད་དོ། །དེ་མིན་སྐབས་སུ་མདོ་སྔགས་ཀྱི་བསྟན་པའི་སྤྱི་བཤད་སོགས་གང་འོས་ཀྱི་ཆོས་དང་སྦྱར་ཏེ་ལེགས་པར་བཤད་གྲུབ་དགོས་སོ། དེ་ནས་སྤྱོད་འཇུག་སྨོན་ལམ། གང་དུ་སྐྱེས་པའི་སོགས་འདོན། དེས་སྔ་ཆོག་གྲུབ་བོ། །གདུགས་ཚོད་འདས་ནས་ཕྱི་ཆོག་ལ་ཞྭ་དང་བཅས་པས་གནས་བརྟན་ཕྱག་མཆོད་ནི། ལག་མཐིལ་སོགས་མཆོད་བསིལ་བྱ། ཞྭ་ཕུད་དེ་མཚུངས་མེད་སོགས་མཐར། ལྟུང་བཤགས་ཚར་གསུམ། བཟང་སྤྱོད། བྱམས་སྨོན། མདོ་སྔགས་སྨོན་ལམ། སློབ་དཔོན་དཔའ་བོས་མཛད་པའི་སྨོན་ལམ་བདུན་ཅུ་བ། ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཉི་ཤུ་བ། འཇིགས་གླིང་གིས་མཛད་པའི་བདེན་ཚིག་གྲུབ་པའི་སྨོན་ལམ་རྣམས་འདོན། བར་སྐབས་སུ་མདོ་སྔགས་སྨོན་ལམ་སོགས་ས་བཅད་དང་འགྲེལ་བ་ཟིན་བྲིས་གང་ཡང་མི་ཕྱེ་བར་བློ་རྒྱུགས་ཡང་དག་ཚོགས་ཀྱི་བླ་མ་དང་ཆོས་ཁྲིམས་ལ་ཕུལ་དགོས། དེ་ནས་བླ་མ་ཡི་དམ་ལྷ་ཚོགས་སོགས་དང་། ཡེ་དྷར་སོགས་དང་། ཕུན་སུམ་ཚོགས་པ་མངའ་བ་སོགས་བཀྲ་ཤིས་ཀྱིས་མཐའ་ལེགས་པར་བརྒྱན་པར་བྱའོ། །ཞེས་རྒྱུན་གྱི་ཆོས་སྤྱོད་དམ་ཆོ་འཕྲུལ་ཟླ་བའི་སྨོན་ལམ་གྱི་ཆོ་ག་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ཀྱི་གསུང་རྒྱུན་ཆོག་ཁྲིགས་སོར་བཞག་ལ་མཆན་གྱིས་འཇུག་བདེའི་ཟིན་བྲིས་སུ་གསལ་ཁ་གཏོད་པ་འདིར་ཕྱིན་ཆད་སུས་ཀྱང་བཅོས་སླད་མི་བྱེད་པར་འཚལ། །དགེའོ། །སརྦ་མངྒ་ལཾ། །

སྡེ་སྣོད་གསུམ་ཞྭའི་བཤད་པ།

༄༅། །སྡེ་སྣོད་གསུམ་ཞྭའི་བཤད་པ། །རྟག་ཏུ་བདེ་ཆེན་འཁོར་ལོ་གང་། །མཛེས་པའི་རྒྱན་དུ་བཞུགས་པ་དེ། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །མཚུངས་པ་མེད་པའི་མགོན་དེ་ལགས། །དེ་ཉིད་ཕྱི་ལྟར་མཚོན་བྱེད་པ། །རྒྱ་གར་པཎ་ཞྭ་མཛེས་པ་ལ། སྡེ་སྣོད་རིན་ཆེན་གསུམ་འཛིན་པའི། །བརྡ་རུ་རིམ་པ་གསུམ་དུ་བྱས། །ཆོས་ཉིད་འགྱུར་མེད་མཚོན་པའི་ཕྱིར། །མཐིང་ནག་དར་གྱི་ཆུ་སྒྲིལ་དང་། །ཐུགས་རྗེས་འགྲོ་ལ་ཆགས་པའི་བརྡར། །ཞྭ་ཉིད་ཁ་དོག་དམར་པོར་བྱས། རྩེ་མོ་ཤེས་རབ་རང་བཞིན་ཏེ། ལྟ་བ་ཡས་ནས་འབེབས་ཕྱིར་རྣོ། །བར་རིམ་བདེ་སྟོང་ཏིང་འཛིན་ལ། །རྒྱུན་ཆད་མེད་ཕྱིར་འཁྱུད་མོར་འཁོར། །འོག་རིམ་ཚུལ་ཁྲིམས་བསླབ་པ་ལ། །ཉེས་སྐྱོན་མེད་ཕྱིར་པདྨས་མཚོན། །དེ་ལྟའི་བསྟན་པ་རིན་ཆེན་གང་། །ལྷད་མེད་གསེར་དང་འདྲ་བས་ནི། །གསེར་གྱི་ཐ་གུའི་རེ་ཁ་དང་། །རྣམ་འགྱུར་དག་གིས་མཛེས་པར་བྱས། །གང་ལ་བརྟེན་ནས་གྲུབ་བརྙེས་པ། །ཟམ་མ་ཆད་ཕྱིར་སྲུབ་ཐག་སྦྲེལ། །དེས་ན་ལམ་དང་འབྲས་བུའི་ཆོས། །མ་ལུས་མཚོན་པའི་ཞྭ་མོ་འདི། །སྔ་འགྱུར་ལུགས་བཟང་འཛིན་རྣམས་ཀྱི། །ཅོད་པཎ་ཡིན་པར་གཞུང་ལས་བཤད། །ད་ལྟ་ཁོ་བོའི་སྐལ་བར་ཐོབ། །དེས་ན་མཚོན་བྱེད་རྟགས་ཀྱི་རྫས། །གང་འདི་ཁྱོད་ལ་སྦྱིན་བྱས་པས། །མཚོན་དོན་རྣམས་ཀྱང་འཛིན་པར་མཛོད། །ཅེས་པའང་བཙུན་པ་གཞན་ཕན་པས་སྤྲིང་བ་དགེ། །།

རབ་བྱུང་གི་ཐ་མ་ཁ་ལ་སྤྱོད་པའི་ཉེས་པ་ལ་དཔྱད་པ་ལོག་འཚོའི་གཉེན་པོ།

༄༅། །རབ་བྱུང་གི་ཐ་མ་ཁ་ལ་སྤྱོད་པའི་ཉེས་པ་ལ་དཔྱད་པ་ལོག་འཚོའི་གཉེན་པོ་བཞུགས་སོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ལས་དང་དེ་ཡི་རྣམ་སྨིན་ལ། །མཁྱེན་པ་ཕུལ་བྱུང་བདག་བགྱིས་ནས། །སླར་ཡང་འཇིག་རྟེན་འགྲོ་འདི་ལ། །བླང་དོར་མཆོག་སྟོན་དེར་བཏུད་དེ། །འདི་ན་མྱོས་པར་བྱེད་པའི་རྫས། །ཐ་མ་ཁ་ཞེས་གྲགས་གྱུར་པའི། །ཉེས་པ་གང་ཡིན་དེ་དག་ནི། །མདོར་བསྡུས་པར་ནི་བཤད་པར་བྱ། །དེ་ཡང་འདིར་འཇིག་རྟེན་ན་ཉོན་མོངས་པ་དང་། ལས་དང་། ལས་ཀྱི་འབྲས་བུ་མཐའ་དག་སོ་སོར་འབྱེད་པ་ལ་གཅིག་ཏུ་མཁས་ཤིང་། རང་གིས་གང་ཞིག་བརྙེས་པའི་དོན་དེ་དག་ཀྱང་མ་ནོར་བར་གདུལ་བྱའི་སྐྱེ་བོ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་པ་པོ་ནི་ཐམས་ཅད་མཁྱེན་པ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཡིན་ལ། སངས་རྒྱས་དེས་ཅི་ཞིག་བསྟན་པའི་གསུང་རབ་རིན་པོ་ཆེ་སྡེ་སྣོད་གསུམ་དགོངས་འགྲེལ་དང་བཅས་པ་ཡང་གདུལ་བྱ་རྣམས་ཀྱིས་སྙིང་ཐག་པ་ནས་ཡིད་རྟོན་པའི་གནས་སོ། །དེ་བས་ན་བཅོམ་ལྡན་འདས་ཉིད་དང་། དེའི་རྗེས་སུ་ཞུགས་པའི་གང་ཟག་ཚད་མར་གྱུར་པ་དག་གི་གསུང་ལ་ཡང་རྗེས་སུ་བརྟགས་པར་རིགས་ཏེ། རྒྱུ་མཚན་འདི་ཡིས་ན་ཁོ་བོ་ཅག་གིས་ཀྱང་བཀའ་དང་བསྟན་བཅོས་ཀྱི་གཞུང་དེ་ཉིད་དཔང་པོར་བྱས་ཏེ་འདིར་ཡང་རྣམ་པར་བརྟགས་པ་ཅུང་ཟད་ཅིག་བྱའོ། །དེ་ཡང་འདི་སྙམ་དུ། སྤྱིར་ཉེས་པ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་རྗེས་སུ་འབྲེལ་བ་དང་། བཅས་པའི་ཁ་ན་མ་ཐོ་བ་དང་འབྲེལ་བ་སྟེ་གཉིས་སུ་ཡོད་པར་གསུངས་ཏེ། དེ་དག་ཀྱང་ཕན་ཚུན་ཁྱབ་མཉམ་གྱི་ཉེས་པར་དམ་འཆའ་ནུས་པ་ནི་མ་ཡིན་མོད་ཀྱང་རགས་པ་ཙམ་དུ་ན། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་པོ་ཆེའི་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གང་། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་པ་ནི་དགེ་བའོ། །ཞེས་ཉོན་མོངས་པ་དུག་གསུམ་གང་རུང་གིས་ཀུན་ནས་བསླངས་པའི་ལས་ནི་མི་དགེ་བ་ཡིན་པ་དང་། དེ་ལས་གཅིག་ཤོས་གང་རུང་གིས་ཀུན་ནས་བསླངས་པའི་ལས་ནི་དགེ་བ་ཡིན་པར་གསུངས་ཏེ། རྒྱུ་མཚན་དེའི་ཕྱིར་འདིར་ཐ་མ་ཁར་གྲགས་པ་གང་ཞིག་གི་དུ་བ་བཏུང་བར་བྱེད་པ་ལ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བའི་དབང་དུ་བྱས་ནའང་ཉོན་མོངས་པས་ཀུན་ནས་བསླངས་པའི་མི་དགེ་བའི་ལས་སུ་རིགས་ཏེ། དེ་ཉིད་ཀྱི་དྲི་དང་རོ་ལ་མངོན་པར་ཆགས་པའི་སྲེད་པ་ཉིད་ལྡོག་ཏུ་མི་བཏུབ་པར་བཏུང་བའི་སྦྱོར་བ་ལ་འཇུག་པའི་སེམས་བྱུང་དང་། དེ་དང་ལྷན་གཅིག་ཏུ་གང་ལ་ཉེས་པ་ཡོད་པའི་རང་བཞིན་ལ་རྨོངས་པའི་གཏི་མུག་བག་ལ་ཉལ་བ་དང་ལྡན་པ་དང་། འཇིག་རྟེན་པ་དག་ནི་ཕྲག་དོག་པ་དང་འགྲན་སེམས་པའི་གཞན་དབང་ཅན་གྱི་ཕྱིར། ཕ་རོལ་པོ་དག་ལ་འགྲན་པའི་སེམས་ཀྱིས་ཀྱང་རུང་སྟེ། དེ་དག་ལས་གང་རུང་གིས་སམ། ཐམས་ཅད་དང་ལྡན་པ་ཇི་རིགས་པས་སྦྱོར་བ་འདི་ལ་འཇུག་པར་མཐོང་སྟེ། དེ་བས་ན་ཀུན་སློང་གི་སྒོ་ནས་ཀྱང་ཚུལ་འདི་མི་དགེ་བའི་ལས་སུ་རིགས་སོ། །དེར་ཡང་མ་ཟད་སྦྱོར་བ་རང་གི་སྒོ་ནས་བསམ་ཀྱང་འདི་ཉིད་ལ་བརྟེན་དེ་དམན་པ་གཞན་གྱི་བྲན་ལ་གནས་པ་དག་གིས་ཀྱང་། རང་ཉིད་ཀྱི་སུག་ལས་བྱས་པའི་གླ་རྔན་དུ་ཐོབ་པའི་དངོས་པོ་རྣམས་ཀྱང་དགོས་པ་ཆུང་ཞིང་དགག་བྱ་མང་བའི་བཏུང་བ་འདི་ཉིད་ཀྱི་ཆེད་དུ་འཚོང་ནས་བྱས་པ་དོན་མེད་བགྱིད་པ་དང་། གང་ལ་གཅེས་སྤྲས་བྱེད་པའི་སེར་སྣ་དང་ལྡན་པའི་དབང་གིས་རང་ལ་དངོས་པོ་དེ་ཡོད་བཞིན་དུ་སྦེད་པར་བྱས་ནས་ཕ་རོལ་རིགས་མཐུན་དང་འཕྲད་པའི་ཚེ་བདག་ལ་ཡོད་རེ་ཞེས་དཀོན་མཆོག་དཔང་བོར་བཞག་པའི་མནའ་དང་རྫུན་གྱི་ཚིག་ཀྱང་མང་དུ་སྨྲ་བར་མཐོངས་ཤིང་ཐོས་ལ། གཞན་ལ་ཡོད་ནའང་དེ་ཉིད་ལ་རློམ་པའི་སེམས་དང་། བརྐུ་ཐབས་ཀྱི་སྦྱོར་བ་ལ་གནས་པ་ལ་སོགས་པའི་ཉེས་པ་དུ་མ་ཞིག་བསྐྱེད་པར་བྱེད་པ་ནི་མཐོང་བའི་ཆོས་ལ་ཚད་མས་གྲུབ་མོད། གཞན་དུ་ན་སློབ་དཔོན་ཁ་ཅིག་གཏི་མུག་གིས་ཀུན་ནས་བསླངས་པའི་ལས་དགེ་བ་ཡོང་བར་འདོད་པ་དང་། ཁ་ཅིག་དེ་འདྲ་བ་དེ་སྐྱེ་བའི་གནས་དང་པོ་ཡིད་ཀྱི་རྣམ་ཤེས་ཡིན་ལ། ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པའི་ཡིད་ཀྱིས་ནི་དེ་དྲི་མ་ཅན་དུ་བྱས་པའི་ཕྱིར་དེ་ཉིད་དེའི་བསྐྱེད་རྒྱུ་དངོས་ནི་མ་ཡིན་པས་ན། དུག་གསུམ་གང་རུང་གིས་ཀུན་ནས་བསླངས་པའི་ལས་ཡིན་ན་མི་དགེ་བས་ཁྱབ་པར་འདོད་ཚུལ་སོགས་གང་ཟག་གི་བློ་རིམ་དང་གྲུབ་མཐའི་ཁྱད་པར་གྱིས་རྣམ་པར་གཞག་པ་ཐ་དད་པ་མང་དུ་སྣང་རུང་འདིར་དེ་དག་གི་མཐའ་དཔྱད་སྤྲོ་བར་མི་བྱའོ། །མདོར་ན་རྒྱུ་མཚན་འདི་དག་ཟབ་ཆོས་གཏེར་མའི་ཕྱོགས་ཁས་མི་ལེན་པ་རྣམས་ལ་སྨྲས་པ་ཡིན་གྱིས་གཏེར་ཕྱོགས་ཁས་ལེན་པ་རྣམས་ལ་ནི་སྨོས་མ་དགོས་ཏེ། གཏེར་སྟོན་གུ་རུ་ཆོས་དབང་དང་བདུད་འདུལ་རྡོ་རྗེ་སོགས་དུ་མའི་གཏེར་ལུང་མཐུན་པར། སྤྱིར་མ་འོངས་པའི་དུས་སུ་དུ་རུ་ཁའི་ཡུལ་ནས་བྱུང་བའི་ཁ་ཟས་བཅོ་བརྒྱད་ལྗོངས་འདིར་འབྱུང་བར་འགྱུར་ཚུལ་དང་། ཁྱད་པར་ཐ་མ་ཁར་གྲགས་པ་ནི། རྒྱུ་དེ་སྔོན་གྱི་ལོག་སྨོན་གྱི་སྦྱོར་བ་ལས་བྱུང་བའི་ཕྱིར་དེའི་དྲི་མ་ཚོར་ཚད་ན་རཀ་དམྱལ་བར་སྐྱེ་བ་སོགས་ཉེས་པ་བསམ་གྱིས་མི་ཁྱབ་པ་ཞེས་གསུངས་ཡོད་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་འདིས་ཉེས་པ་ནི་ཕལ་ཆེར་དངོས་པོ་རང་གི་རྒྱུའི་སྒོ་ནས་བཞག་པའི་ཕྱིར་དེའི་དུ་བ་བཏུང་བ་དང་ཕྱེ་སྣར་བླུགས་པའང་ཁྱད་པར་ཡོད་པར་མ་མཐོངས་ཏེ། དེ་དག་གང་གིས་ཀྱང་དེའི་དྲི་ཚོར་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ནའང་སེམས་ཅན་གཞན་གྱི་ལོག་སྨོན་གྱི་རྣམ་པར་སྨིན་པ་གཞན་གྱིས་མྱོང་བ་ནི་མི་སྲིད་དོ་སྙམ་དུ་དོགས་ན། དེ་ཡང་མ་ངེས་ཏེ་དེ་འདྲ་བ་རང་གི་རྒྱུ་རྐྱེན་ཐུན་མོང་མ་ཡིན་པ་ཚོགས་པའི་ཕྱིར་རོ། །དེ་ཡང་ཡིན་ཏེ་སྔོན་གྱི་བྱུང་བ་དང་བསྟུན་ནའང་། དྲང་སྲོང་ཀོ་ཏ་མའི་དམོད་པས་བརྒྱ་བྱིན་གྱི་ལུས་ལ་མཚན་མ་སྟོང་བྱུང་བ་མིག་སྟོང་དུ་བསྒྱུར་ཚུལ་སོགས་དང་། ལྷའི་དམོད་པས་ལྷ་མོ་མདངས་ལྡན་མ་སྲིན་པོའི་ཆུང་མར་གྱུར་ཚུལ་སོགས་དང་། བདུད་སྡིག་ཅན་འཇིག་རྟེན་དུ་མིར་སྐྱེས་པ་ན་སྲིད་པའི་བདུད་དུ་འགྱུར་བར་སྨོན་ལམ་བཏབ་པས་སེམས་ཅན་ཐམས་ཅད་ཀྱི་ཐར་ལམ་ལ་བར་ཆད་བྱེད་པའི་བདུད་དུ་གྱུར་པ་སོགས་རྒྱུ་མཚན་དཔག་ཏུ་མེད་པ་དག་གིས་ཤེས་པའི་ཕྱིར་རོ། །དེ་དག་གིས་ནི་རང་རང་གི་རྒྱུ་དེ་དང་དེར་བརྟེན་པའི་ཕྱིར་འདིར་མི་མཚུངས་སོ་ཞེ་ན་མཚུངས་ཏེ། འདིར་ཡང་རྒྱུ་དེ་ཉིད་ལས་བྱུང་བའི་དུ་བ་བཏུང་བ་དང་དེའི་ཕྱེ་མ་སྣར་བླུགས་པའི་ཕྱིར་རོ། །དེས་ན་ཤེས་ལྡན་དག་བསླབ་པས་རྒྱུད་མ་བསྡམས་པ་ཞིག་ནའང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེན་པོ་དང་ལྡན་པ་འདི་ལྟ་བུ་ལ་ཉེས་པ་མེད་ཅེས་སྨྲ་བ་སྨོས་ཅི་དགོས་ཏེ། ཤིན་ཏུ་བག་དང་ལྡན་པས་སྤང་བར་མཛོད་ཅིག འདིར་སྨྲས་པ། རྒྱལ་བས་འགྲོ་ལ་ཆོས་ཚུལ་རྣམས་བཤད་པ། །ཉེས་པར་གྱུར་ཀུན་སྤང་ཕྱིར་ཉིད་ཡིན་གྱི། །དེ་ལས་གཞན་དུ་དགོས་པ་མ་མཐོང་ན། །ཉེས་པའི་རྩ་བར་གྱུར་ལ་སུ་མི་དོགས། །དམ་པ་རྣམས་ཀྱི་དགོངས་པའི་ལེགས་བཤད་ལ། །རྨོངས་པའི་སྐྱེ་བོས་ལོག་པར་བཟུངས་པའམ། །ཡང་ན་གཟུར་གནས་མིན་གྱུར་ཇི་ལྟར་ཡང་། །ཉེས་ལ་ཉེས་པ་མིན་ཞེས་ཅིའི་ཕྱིར་སྒྲུབ། །གལ་ཏེ་རང་གི་ལས་ངན་སྤང་དཀའ་ཡང་། །རང་ཉིད་ཉོན་མོངས་རགས་ཞེས་སྨྲ་རིགས་ཀྱི། །རྒྱལ་བའི་བསྟན་ལ་འདི་ནི་ཆོས་སོ་ཞེས། །སྨྲ་བའི་རོ་འཛིན་བདུད་ཀྱིས་མ་བསྐུལ་ལམ། །དེ་ལྟར་ན་ཚུལ་འདི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་རྗེས་སུ་འབྲེལ་བར་ལུང་གི་སྤྲོས་པ་དོར་ཏེ་རིགས་པའི་ལམ་ནས་ཅུང་ཟད་ཅིག་དཔྱད་གྲུབ་བོ། །ད་ནི་ཁྱད་པར་དུ་ཐུབ་པའི་བཅས་ལྡན་གྱི་གང་ཟག་གིས་རྫས་འདི་བཏུང་བ་ལ་ཉེས་པ་ཡོད་མེད་ཕྱོགས་ཙམ་གཞལ་བར་བྱ་སྟེ། འདིར་ཡང་སྣ་ལ་བླུགས་པ་ནི་ཁྱད་མེད་ཅིང་དོན་གཅིག་པ་ཉིད་དུ་གཟུང་ངོ་། །དེ་ཡང་སོ་སོར་ཐར་བ་རིགས་བརྒྱད་དང་རྗེས་སུ་འབྲེལ་བའི་བཅས་ཁྲིམས་མཐའ་དག་གི་རྣམ་པར་དབྱེ་བ་ནི་འདིར་སྨོས་སུ་མི་ལྡང་ལ། གང་ལས་བཅོམ་ལྡན་འདས་ཀྱིས་འདུལ་བ་མདོར་བསྟན་པར། ངས་འདུལ་བ་རྒྱ་ཆེར་ནི་བཤད་ན་མདོར་བསྡུས་པ་ནི་སྔོན་ཆད་མ་བཤད་པས། དེང་ཕྱིན་ཁྱེད་རྣམས་ཀྱིས། གང་རུང་བ་དང་ཉེ་ཞིང་མི་རུང་བ་ལས་ལྡོག་པ་ནི་ཀུན་ཏུ་སྤྱོད་ཅིག གང་མི་རུང་བ་དང་ཉེ་ཞིང་རུང་བ་ལས་ལྡོག་པ་ནི་ཀུན་ཏུ་སྤོངས་ཤིག ཅེས་གསུངས་པ་འདིའི་རྗེས་སུ་དཔག་སྟེ་བཅས་ལྡན་ཐུན་མོང་གི་དབང་དུ་བྱས་ན། གོང་སྨྲོས་ལྟར་ཐ་མ་ཁར་གྲགས་པ་འདི་ནི་ཕྱིས་སུ་བྱུང་བའི་ཕྱིར། རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་དེར་འཕགས་ཡུལ་དུའང་ཡོངས་གྲགས་སུ་མེད་པའི་ཕྱིར་འདུལ་བའི་བཅས་པས་དངོས་སུ་མ་ཟིན་མོད། དེ་ལྟར་ནའང་འདུལ་བའི་སྨན་གྱི་གཞིའི་སྐབས་སུ་སྲིན་ཡ་མ་ལ་སོགས་པ་ལ་ཕན་པའི་སྨན་སྣ་ལ་བླུག་པ་དག་ཡོད་པར་དགོངས་པ་དང་། མིག་ལ་ཕན་པའི་སྨན་དུ་བ་བཏང་དགོས་པ་དག་ཀྱང་ཡོད་པར་དགོངས་ནས། དེ་དག་ཕལ་ཆེར་ནད་དེ་དང་དེའི་ཆེད་དུ་བསྟེན་པར་གནང་བ་ལས་འཕྲོས་ཏེ། འདུལ་བ་མདོ་རྩ་བའི་གསོག་འཇོག་གི་སྐབས་སུ་སྣ་ལ་བླུགས་པ་ལ་ནི་ཉེས་པ་མེད་དོ་ཞེས་དེ་རྒྱུན་ཏུ་མ་བསྟེན་ན་ནད་དེ་ལྡང་བར་འགྱུར་བ་དག་གི དེའི་ཆེད་དུ་རྫས་དེ་གསོག་འཇོག་བྱས་པ་ལ་ཉེས་པ་མེད་པར་བཤད་པ་དང་དེ་ལས་ཡང་འཕྲོས་ཏེ་སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་པའི་འདུལ་བ་བསྡུས་པ་ལས། ཡོ་བྱད་ཀྱི་དངོས་པོའི་དབང་གིས་དེའི་ཡོངས་སུ་བསྲུང་བ་རྣམས་ཀྱང་རྗེས་སུ་གནང་ངོ་། །འདི་ལྟ་སྟེ། མཆན་ཁུང་དང་སྨན་གྱི་ནལ་ཟེ་དང་། སྨན་གྱི་ཕོར་བུ་དང་། དུད་པ་བཏང་བའི་སྦུ་གུ་ལྕགས་ལས་བྱས་པ་སྲིད་སོར་བཅུ་གཉིས་ཀྱི་ཚད་དང་། སྣར་བླུགས་པ་མཆུ་གཉིས་པ་དང་། ཕུལ་བའི་བཏུང་ཕོར་དང་། ཟ་མ་ཏོག་དང་། རྐང་བརྟེན་དང་། རྐང་བརྙན་དང་། འདི་དག་རིན་པོ་ཆེའི་རང་བཞིན་ལས་བྱས་པ་སྤང་ཞིང་བཅང་བར་བྱའོ། །ཞེས་དང་། མདོ་རྩའི་སྨན་གྱི་གཞིར། གསོ་བའི་ཕྱིར་དུ་བ་བརྔུབ་པར་བྱའོ། །དེ་ནི་སྨན་གཅེའུས་འགྲུབ་བོ། །ལྕགས་ལས་བྱའོ། །སོར་བཅུ་གཉིས་པ་བཟང་པོ་རྣོ་བ་དང་རྩུབ་པར་མི་བྱའོ། །ཞུན་མར་རམ་འབྲུ་མར་གྱིས་བསྐུས་ཏེ་ཤུགས་སུ་གཞུག་གོ །དེ་ནི་ཟུང་ངམ་ཆོས་གོས་ཀྱི་གདངས་བུ་ལ་བཞག་གོ །དྲི་མ་མེད་པར་བྱ་བའི་ཕྱིར་མེར་གཞུག་གོ །སྣར་བླུགས་པའི་ལས་བྱའོ། །དེ་ནི་སྣར་བླུགས་པའི་སྤྱད་ཀྱིས་འགྲུབ་བོ། །མཆུ་གཉིས་པ་མི་རྣོ་བ་བཟང་ངོ་། །དེ་བྱའོ། །ཞེས་ལྕགས་སྦུག་དང་། སྣར་བླུགས་ཀྱང་གནངས་ཏེ་དེ་དག་གི་མཚན་ཉིད་ཀྱང་རྒྱས་པར་བཤད་དོ། །འདི་དག་ལ་མ་བརྟགས་པའི་གང་ཟག་བློ་གྲོས་རྩིང་པ་ཁ་ཅིག་འདུལ་བ་ལས་ཐ་མ་ཁའི་དུ་བ་བཏང་བ་དང་དེའི་ཕྱེ་མ་སྣར་བླུགས་པ་གནང་ངོ་ཞེས་དོན་དང་མི་ལྡན་པའི་ཅལ་ཅོལ་སྒྲོག་པར་བྱེད་པ་དག་ནི་མི་འཐད་པའི་ཚུལ་འོག་ནས་རིམ་བཞིན་འཆད་དོ། །དེས་ན་གནང་བཀག་གི་རིམ་པ་རྣམས་རགས་པར་བཀོད་ནས་ཕྱོགས་མཐུན་བརྩི་བ་ལ། སྤྱིར་འདུལ་བའི་བཅས་ཁྲིམས་རྣམས་ནི་བཅས་པ་རང་རང་གི་གླེང་གཞི་དང་རྗེས་སུ་མཐུན་པར་དགོངས་གཞི་གང་ལ་དགོངས་ནས་བཅས་པ་དེ་མཛད་འདུག་པ་ལ་ལེགས་པར་དཔག་ནས་བཤད་དགོས་ཀྱི་ལྟུང་བ་དེའི་རྣམ་པ་ཙམ་ལ་ནི་ཁྱབ་པ་མེད་པའི་ཚུལ་གཞུང་བླ་མ་དང་། གཞུང་དམ་པ་སོགས་ལས་ཤིན་ཏུ་གསལ་བར་གསུངས་ཤིང་། དེར་ཡང་མ་ཟད་སེམས་ཀྱི་ཀུན་ཏུ་སྤྱོད་པ་ལ་ལྟོས་པའང་ཕལ་ཆེར་འབྱུང་ངོ་། །དེས་ན་བཅས་རྐྱང་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་རྗེས་སུ་འབྲེལ་བ་གཉིས་ལས་འདི་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་ཡང་རྗེས་སུ་འབྲེལ་བའི་ཚུལ་གོང་སྨྲོས་ལྟར་ལགས་མོད་ཀྱང་། དེར་ཡང་མ་ཟད་བཅས་རྐྱང་གི་དབང་དུ་ནའང་མྱོས་པར་འགྱུར་བའི་རྫས་ཀྱི་བྱེ་བྲག་སྟེ་ཆང་གི་ཕྱོགས་སུ་གཏོགས་སོ། །དེ་ཡང་ཡིན་ཏེ་ཆང་རང་གི་གླེང་གཞིའི་སྐབས་སུ་དེའི་དགག་པ་ཉིད་མྱོས་པར་གྱུར་པ་ལ་བརྟེན་ནས་བཅས་པའི་ཕྱིར་དང་། དགོངས་གཞི་འདི་ལ་བརྟེན་ནས་ཉོན་མོངས་པ་འཕེལ་བར་འགྱུར་བའི་ཕྱིར་དང་། བསླབ་པ་གཞན་རྣམས་ཀྱང་ཅི་རིགས་པ་འཆལ་བར་འགྱུར་བ་དག་ལ་དགོངས་པའི་ཕྱིར་ཏེ། དེས་ན་དེའི་བྱ་བ་གང་ཡིན་དེ་དག་ཐམས་ཅད་ཐ་མ་ཁ་འདིས་ཀྱང་བྱེད་པའི་ཕྱིར་རོ། །དེ་ཡང་མ་ཟད་མདོག་དང་དྲི་ཙམ་ཆང་དང་འདྲ་ཡང་མྱོས་པར་མི་འགྱུར་བ་ནི་གནང་ངོ་། །མདོག་དང་དྲི་ཆང་དང་མི་འདྲ་ཡང་མྱོས་པར་འགྱུར་བ་ནི་བཀག་གོ །ཞེས་གསུངས་ལ། དེའི་དབང་གིས་ནད་པ་ལ་ཆང་བསྐོལ་རོ་ནུས་མེད་པར་བྱས་པ་གནང་བ་དང་། གཞན་ཡང་ཚར་གྱུར་པ་དང་། ཆང་གི་རྩབ་མོའང་བཏུང་དུ་རུང་བར་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་ཆང་དངོས་ནི་ནད་པ་ལའང་བཏུང་བར་མ་གནང་བ་དེའི་ཕྱིར། །ཐ་མ་ཁའང་གདོང་སྲིན་དང་མིག་ནད་སོགས་ཀྱི་ཆེད་དུའང་བཏུང་མི་རུང་སྟེ་དེ་དེ་ཉིད་ཀྱི་བྱེ་བྲག་ཡིན་པའི་ཕྱིར་རོ། །དེ་ཡང་ཡིན་ཏེ། མདོ་རྩ་བར། རྩ་བ་དང་། སྡོང་བོ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་། །ཞེས་གསུངས་པའི་བྱེ་བྲག་སྡོང་བོ་དང་། འདབ་མ་དང་འབྲས་བུ་ཅི་རིགས་པ་ལས་བྱུང་བའི་མྱོས་འགྱུར་ཀྱི་རྫས་དེ་དེ་ཡིན་པའི་ཕྱིར། རྒྱུ་མཚན་འདི་ཉིད་འདུལ་བའི་རྣམ་བཤད་གསེར་མདོག་ལས་ཀྱང་བཤད་དེ། ཇི་སྐད་དུ་དེ་ཉིད་ལས། དེ་ལྟར་ཆང་གིས་མྱོས་པར་འགྱུར་བ་ལ་བརྟེན་ནས་བག་མེད་པའི་གཞི་ཆེན་པོ་བྱེད་པར་དགོངས་པ་ལྟར་ན། དུས་དེར་མ་དར་བས་གསལ་ཁ་མ་བྱུང་བ་མ་གཏོགས་ཐ་མ་ཁར་གྲགས་པའི་སྔོ་འདི་ལོ་བརྒྱད་བརྒྱ་ལྷག་ཙམ་ནས་རྒྱ་གར་དང་རྒྱ་ནག་ཏུ་བྱུང་ཞིང་། དེ་ཡང་བུད་མེད་ཅིག་གིས་སྨོན་ལམ་ལོག་པར་བཏབ་པས་མངལ་ཁྲག་ས་ལ་ལྷུང་བ་ལས་སྐྱེས་ཤིང་། བྱེད་རྐྱེན་གྱིས་འབྱུང་པོ་སྙིང་ལ་ཞུགས་ནས་དུ་བ་རྔུབ་དགོས་པ་འདི་གང་ལ་ཡང་ཕན་པ་ཆུང་ཞིང་ནད་སོགས་མང་དུ་བསྐྱེད་པས་དགག་བྱ་ཆེ་བ་ཁྱད་པར་བག་མེད་པའི་གནས་སུ་སྦྱོར་བ་ལ་ཆང་དང་འདྲའོ། །ཞེས་རྒྱལ་དབང་ཐམས་ཅད་མཁྱེན་པས་གསུངས་པ་འདི་ལ་དཔྱོད་ལྡན་ཀུན་གྱིས་བསམ་པར་མཛོད་ཅིག དེ་ལ་ཡང་ཁ་ཅིག་ན་རེ། ཁྱེད་ཅག་གིས་འདི་ནི་རང་བློས་འདོད་ཕྱོགས་སུ་སྦྱར་བ་ཙམ་སྟེ། རྒྱལ་བ་ཉིད་ཀྱིས་སྣ་ལ་བླུགས་པ་དང་། དུད་པ་བཏང་བ་དག་དེ་དང་དེའི་ནད་ལ་ཕན་པའི་ཆེད་དུ་གནང་བའི་ཕྱིར་ཞེ་ན། ཀྱེ་བཞིན་བཟང་ཁྱོད་ཀྱི་རྟགས་དེ་ཡང་མ་ངེས་ཏེ། ཁོ་བོ་ཅག་གིས་འདིར་ནི་རྫས་རང་གི་ངོས་ནས་ཉེས་པ་བསྐྱེད་པའི་རྒྱུ་ཐུན་མོང་མ་ཡིན་པར་བཤད་ཅིང་། དེ་ཉིད་བཏུང་བ་དང་སྣར་བླུགས་པ་དགག་གི སྣར་བླུགས་པ་དང་དུད་པ་བཏུང་བ་ཐམས་ཅད་ནི་དགག་པ་མ་ཡིན་ནོ། །གང་གི་ཕྱིར་ཁྱེད་ཀྱི་ལྟར་སྤྱི་དང་བྱེ་བྲག་མ་ཕྱེ་བར། དུ་བ་བཏང་བ་དང་། སྣར་བླུགས་པ་ཙམ་གནང་བ་ཉིད་ཀྱིས། ཐ་མ་ཁ་བཏུང་བ་ཡང་གནང་བར་འགྱུར་ན། སྤྱིར་གནང་བ་ཡིན་ན་དེའི་བྱེ་བྲག་ཀྱང་གནང་བས་ཁྱབ་པ་ཞིག་འདོད་པར་སྣང་སྟེ། དེ་ལྟར་ན་ཐུབ་པའི་བཅས་ལྡན་གྱི་དགེ་སློང་ཆོས་ཅན། ཁྱོད་ཀྱིས་ཆང་འཐུང་རུང་བར་ཐལ། ཁྱོད་ལ་བཏུང་བ་བཏུང་བར་ཐུབ་པས་གནང་བའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དེ་དེའི་སྤྱི་ཡིན་པའི་ཕྱིར་དང་། འདི་ཉིད་དེའི་བྱེ་བྲག་ཡིན་པའི་ཕྱིར། གཞན་ཡང་དེ་འདྲ་བ་དེ་ཆོས་ཅན། ཁྱོད་ཀྱི་སྔ་དྲོ་མི་ཤའང་བཟར་རུང་བར་ཐལ། དུས་དེར་བཟའ་བ་ཟ་བར་ཐུབ་པས་གནང་བའི་ཕྱིར། དེར་ཐལ། དེ་བཟའ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཁོ་ན་རེ། དེ་ལྟར་གནང་བའི་བཟའ་བཏུང་དག་ནི་རུང་བ་ཉིད་ཡིན་གྱི། མ་རུང་བའི་དངོས་པོ་དམིགས་ཀྱིས་བསལ་བ་དག་ནི་མ་ཡིན་པའི་ཕྱིར་འདི་དང་མི་མཚུངས་སོ་ཞེ་ན་མཚུངས་ཏེ། འདིར་ཡང་མི་རུང་བའི་དངོས་པོ་ཐ་མ་ཁ་ཉིད་བཏུང་བ་དག་ནི་རུང་བའི་སྨན་གཞན་གྱི་དུ་བ་བཏང་བ་དང་། སྣ་ལ་བླུགས་པ་ནི་མ་བཀགས་པའི་ཕྱིར་རོ། །དེ་བས་ན་རྣམ་པ་ཀུན་ཏུ་ཆོས་ལ་སྡང་བས་ཆོས་སྤང་པའི་ལས་ནི་མཚམས་མེད་པའི་ལས་རྣམས་ཀྱིས་ཀྱང་འགྲན་དུ་མི་བཟོད་པ་ཡིན་པས་ན་ཁ་ནས་གང་ཐོན་ལེགས་བཤད་དུ་མ་རློམས་པར་ངག་གི་མི་དགེ་བའི་ལས་རྣམས་ལ་བརྟག་དཔྱད་ལེགས་པ་ཐོངས་ཤིག འདིར་ནི་ཉེས་པ་དེ་རྣམ་པར་འགོག་པའི་ཆེད་ཙམ་དུ་བརྟག་དཔྱད་མདོ་ཙམ་བགྱིད་གྲུབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཞིག་ཐུབ་པའི་བཅས་པ་དང་འབྲེལ་བའི། །སྤང་བླང་གནས་ལ་མ་རྨོངས་བགྱིད་འདོད་ན། །ཐུབ་གསུངས་ཉིད་དང་དེ་ཡི་དགོངས་འགྲེལ་ལ། །ཕྱོགས་རེ་མིན་པའི་ཐོས་བསམ་བགྱིད་མཛོད་ཅིག །རང་གཞུང་ཁོལ་བུ་ཙམ་གྱིས་སྙིང་ཚིམ་ནས། །གཞན་ལ་འཁུ་བའི་བརྗོད་ངག་སྤྲིན་སྟུག་པོས། །རྒྱལ་བསྟན་ཉི་མ་མོག་པོར་བགྱིད་པ་འདི། །ཀྱཻ་མ་སྙིགས་མའི་རང་རྟགས་ལས་གཞན་ཅི། །རྨོངས་རྣམས་ཕྲག་པ་དོག་པའི་གནམ་རུ་ལས། །འཕངས་པའི་ངན་ཚིག་ཉན་ཕྲན་རྩུབས་ཀྱང་བླ། །ལེགས་བཤད་རིང་དུ་བླངས་པའི་མཁས་རྣམས་ཀྱང་། །སྨྲ་བ་འདི་ལ་ཕྱོགས་གང་དེ་ལྟ་མིན། །རྒྱལ་སྲས་ལམ་ལ་ནན་ཏན་བགྱིད་དོ་ལོ། །འགྱོད་མིན་འགྱོད་པ་བསྐྱེད་འདིས་ཅིར་འགྱུར་ཨང་། །གཞན་ལ་ཕན་པའི་སྦྱོར་བར་འཇུག་གོ་ལོ། །འགྲོ་བ་ལམ་ལས་ལྡོག་པ་མ་ཚོར་རོ། །རྒྱལ་བསྟན་སྙིང་པོ་རང་རྒྱུད་གདུལ་བ་ཡིན། །སླད་ནས་གཞན་དོན་ནུས་ཚེ་ཅི་དགར་གྱིས། །རང་རྒྱུད་ཤ་བའི་རྭ་ལྟར་གཟེང་བ་འདིས། །གཞན་རྒྱུད་སྡོམས་པའི་འཆིང་བ་མི་འོང་དོགས། །སྔོན་གོམས་ཐུགས་བསྐྱེད་རླུང་གིས་དྲངས་པ་ཡི། །གཞན་ཕན་ཕྲིན་ལས་འོད་ཟེར་སྟོང་འབར་བའི། །བཤེས་གཉེན་ཉི་མ་མཆོག་དེ་གར་བཞུགས་ཀྱང་། །སྨད་པའི་གནས་མིན་སྲིད་པའི་སྣང་བྱེད་ཡིན། །རང་བཞིན་ཤེས་ནས་དད་པ་སྨོས་ཅི་དགོས། །ཆགས་དང་བཞད་གད་སེམས་ཀྱིས་ཕྱག་འཚལ་ཙམ། །རྒྱལ་སྲས་རྣམས་ལ་གང་གིས་སྨྲས་པ་དེས། །ཐར་བའི་ས་བོན་འདེབས་ཞེས་ཐུབ་དབང་གསུངས། །དེས་ན་འགྲོ་བ་བཀྲི་བའི་ཐབས་ཚུལ་ལ། །ཚིག་ཙམ་གཙོ་བོ་མ་ཡིན་བརྗོད་དོན་དེས། །གདུལ་བྱའི་བློ་སྣང་སྒྱུར་ལ་རག་ལས་ན། །ཚིག་གཉེར་མུ་སྟེགས་གཞུང་ལ་སུ་ཡིད་གཏོད། །མདོར་ན་བདག་བསྟོད་གཞན་ལ་སྨོད་པ་ནི། །རྒྱལ་སྲས་ལམ་ལ་རང་ཉིད་ཞུགས་གྱུར་ཀྱང་། །དེ་ཡི་ལྟུང་བ་ཆེན་པོར་གསུངས་པས་ན། །ཕམ་པའི་གནས་ལ་སྒྲིམས་ཞེས་གསོལ་བ་འདེབས། །འདིར་བཤད་པའང་སྡང་ཞུགས་དབང་གིས་མིན། །སྐྱེ་བོ་ཕལ་ཆེར་བླང་དོར་ལ་རྨོངས་པས། །ལོག་རྟོག་ཚིག་ཕྲེང་སྤེལ་བ་དེ་གཅོད་ཕྱིར། །སྨྲས་འདི་དམ་པ་རྣམས་ཀྱིས་བཟོད་པར་བཞེས། །འདི་ལ་ལེགས་པར་བཤད་པ་ཆ་ཙམ་སྲིད། །དེ་མཆིས་གྱུར་པས་འགྲོ་བ་མཐའ་དག་ཀུན། །རྟག་ཏུ་ཐུབ་པའི་བསླབ་ལ་གུས་བསྐྱེད་དེ། །མ་དག་འཚོ་བ་རིང་དུ་སྤང་བར་ཤོག །ཅེས་སྙིགས་མའི་དུས་ཀྱི་མ་དག་པའི་ལོངས་སྤྱོད་ཐུན་མོང་མ་ཡིན་པ་ཐ་མ་ཁར་གྲགས་པའི་ཉེས་པ་ཕྱོགས་ཙམ་སྨོས་པ་འདི་ནི་མང་དུ་ཐོས་པས་རྒྱུད་ཡོངས་སུ་གྲོལ་པའི་བཤེས་གཉེན་བཀྲ་ཤིས་དོན་གྲུབ་ནས་ལྷ་རྫས་དང་བཅས་ཇི་ལྟར་བསྐུལ་བཞིན། རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་བསྟན་འགྱུར་རིན་པོ་ཆེའི་བཀླགས་ལུང་བགྱིད་པའི་ཐུན་མཚམས་སུ་ཤར་མར་སྤེལ་བ་མངྒ་ལཾ།། །།

བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་འགྲེལ་བ་རྒྱལ་སྲས་ལམ་གྱི་ཤིང་རྟའི་བསྡུས་དོན།

༄༅། །བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་འགྲེལ་བ་རྒྱལ་སྲས་ལམ་གྱི་ཤིང་རྟའི་བསྡུས་དོན་བཞུགས་སོ། །བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ་ཞེས་བྱ་བའི་འགྲེལ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བློ་གྲོས་གདེངས་ཅན་དབང་པོའི་གཙུག་རྒྱན་དུ། །ལེགས་བཤད་ནོར་བུའི་ཕྲེང་བ་སྦྱིན་མཛད་པའི། །མཁས་གྲུབ་བླ་མ་དེ་ལ་ཕྱག་འཚལ་ནས། །དམ་པའི་གསུངས་ངག་འགྲོལ་ལ་བརྩོན་པར་བྱ། །གཞན་ལུགས་དགག་དང་རང་གཞུང་གཞག་པ་དང་། །དེ་ལ་འགལ་བ་སྤོང་བའི་ཚུལ་གསུམ་གྱིས། །བསྟན་བཅོས་རྩོམ་པར་མཁས་ལ་གྲགས་མོད་དེ། །དེ་འདྲའི་ནུས་པ་བདག་ལ་ཅི་ཞིག་ཡོད། །འོན་ཏེ་རང་དང་སྐལ་མཉམ་བྱི་པ་ལ། །ལུང་རིགས་ཕབས་ཀྱིས་བྲན་པའི་ཟས་མཆོག་ལས། །མན་ངག་ནུ་ཞོའི་གཏུང་བ་ཕན་ཆེ་བར། །མཐོང་ནས་གཏམ་འདི་སྨྲ་ལ་ཞུམ་པའང་མེད། །དེ་ལ་འདིར་ཅིའི་ཕྱིར་བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ་ཞེས་བྱ་སྙམ་པ་ལ། འདིས་ནི་བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ཉེ་བར་བསྟན་ཏེ། བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའི་སྤྱོད་པ་རླབས་པོ་ཆེ་རྣམས་ནི་འདིའི་བརྗོད་བྱ་ཡིན་ལ། དེ་གང་གིས་སྟོན་པར་བྱེད་པའི་སྨོན་ལམ་གྱི་ཚིག་ལེའུར་བྱས་པ་འདི་ནི་བརྗོད་བྱེད་དོ། །འདི་ལ་ལུང་རིགས་དང་མི་འགལ་བའི་ཐོས་བསམ་ལེགས་པར་བྱས་པའི་མཐུས་བརྗོད་བྱ་མངོན་པར་རྟོགས་པའི་རིམ་པ་རྣམས་མ་ནོར་བར་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ལ། དགོས་པ་དེ་ཉིད་གུས་རྟག་གི་སྦྱོར་བའི་བརྩོན་འགྲུས་དག་གིས་ཚུལ་བཞིན་དུ་བསྒོམ་པ་ལ་བརྟེན་ནས་མཐར་ཐུག་གི་ཕན་པ་དང་གནས་སྐབས་ཀྱི་བདེ་བ་མ་ལུས་པ་ལྷའི་དཔག་བསམ་གྱི་ལྗོན་པ་ལས་འདོད་དགུ་འབད་པ་མེད་པར་འབྱུང་བ་བཞིན་དུ་ལྷུན་གྱིས་འགྲུབ་པ་ནི་ཉིང་དགོས་ཏེ་དེ་དག་ཀྱང་བརྗོད་བྱ་རྗོད་བྱེད་ཤེས་བྱ་དང་ཤེས་བྱེད་དུ་འགྲེལ་བས་མཚོན་ཕན་ཚུན་རྒྱུ་འབྲས་དེ་བྱུང་འབྲེལ་དང་། ངོ་བོ་བདག་གཅིག་གིས་འབྲེལ་བ་སྟེ་གཉིས་པོ་གང་རུང་དུ་གྲུབ་པ་ནི་འབྲེལ་བ་ཡིན་ཞིང་། འདིའི་རྣམ་གཞག་ལ་མཁས་པ་ཁ་ཅིག་རྗོད་བྱེད་ཡན་ལག་ཅན་དུ་བྱས་ཏེ། བརྗོད་བྱ་དང་། དགོས་པ་དང་། ཉིང་དགོས་དང་། འབྲེལ་བ་སྟེ་ཡན་ལག་གི་ཆོས་བཞིར་བཤད་པ་དང་། གཞན་དག་བརྗོད་བྱ་རྗོད་བྱེད། དགོས་པ་དང་།དགོས་པའི་ཡང་དགོས་པ་སྟེ། འབྲེལ་བ་ཡན་ལག་ཅན་དུ་བྱས་པའི་དགོས་འབྲེལ་ཡན་ལག་བཞིར་བཤད་པའང་ཡོད་དེ། དེ་ལ་ཡང་བསྟན་བཅོས་ལུས་ལ་ཡོད་པའི་དགོས་སོགས་ཆོས་བཞི་དང་། དགོས་འབྲེལ་ངག་ལ་ཡོད་པའི་དགོས་སོགས་ཆོས་བཞིར་དབྱེ་བ་སོགས་ཡོད་མོད་དེ། འདིར་ནི་གཞན་བཏང་སྙོམས་སུ་བྱས་ཏེ། དང་པོ་ཉིད་སྨྲས་པའོ། །ཅིའི་ཕྱིར་དགོས་སོགས་ཆོས་བཞི་སྔོན་དུ་སྨྲས་སྙམ་པ་ལ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་བསྟན་བཅོས་སྤྱིའི་འཆད་ཐབས་ཀྱི་ཆིངས་ལྔ་གསུངས་པ་འདི་ཉིད་ཀྱི་རྗེས་སུ་འབྲང་ནས་དགོས་པའི་དོན་སྔོན་དུ་བཤད་པའོ། །དེ་ལྟར་བསྟན་བཅོས་ཀྱི་མིང་གདགས་པ་ལའང་དོན་ལས་མིང་བཏགས་པ་དབུ་མ་བདེན་གཉིས་ཞེས་པ་ལྟ་བུ་དང་། དཔེ་ལས་མིང་བཏགས་པ་སྐྱེས་རབས་དཔག་བསམ་འཁྲི་ཤིང་ཞེས་པ་ལྟ་བུ་དང་། གཞུང་ཚད་ལས་མིང་བཏགས་པ་འདུལ་བ་སུམ་བརྒྱ་བ་ཞེས་པ་ལྟ་བུ་དང་། བསྟན་བཅོས་རྩོམ་པ་པོ་ལས་མིང་བཏགས་པ་འགྲེལ་བཤད་བུདྡྷ་པ་ལི་ཏ་ཞེས་བྱ་བ་ལྟ་བུ་སྟེ་ལུགས་མང་དུ་ཡོད་ཀྱང་། དཔལ་མར་མེ་མཛད་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ནི། བསྟན་བཅོས་ཀྱི་མིང་མཐའ་དག་དོན་ལས་གདགས་པར་བཞེད་དེ། འདིར་ཡང་དེ་ཉིད་ཀྱི་རྗེས་སུ་འབྲང་ངོ་། །དེ་ལྟར་མཚན་དོན་གྱི་ཁོང་ནས་དགོས་པའི་དོན་ལེགས་པར་བཤད་ནས་བསྡུས་པའི་དོན་ལ་འཇུག་པར་བྱ་སྟེ། དེ་སྟོན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པ་སྨྲས་ཏེ། དེ་ཡང་བཱོ་ངྷི་ས་ཏྭ་ཞེས་པ་བྱང་ཆུབ་སེམས་དཔའ་དང་། མ་ཧཱ་ས་ཏྭ་ཞེས་པ་སེམས་དཔའ་ཆེན་པོ་ཞེས་པར་འགྱུར་བ་ལས། བོ་ངྷིའི་སྒྲ་ཉེས་པ་མ་ལུས་པ་རང་བཞིན་གྱིས་བྱང་བས་དང་། ཡོན་ཏན་མཐའ་དག་ངང་གིས་ཆུབ་པའི་རྒྱུ་མཚན་གྱིས་བྱང་ཆུབ་སྟེ་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་བ་ཉིད་ཀྱི་ཚིག་བླ་དྭགས་སོ། །དེ་སྐད་དུའང་འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས། སྲིང་མོ་གཞན་ཡང་ཕུང་པོ་རྣམས་ནི་འཕགས་པ་རྣམས་ཀྱི་ཐ་སྙད་ཡིན་པས་བྱང་ཆུབ་ཀྱང་འཕགས་པ་རྣམས་ཀྱི་ཐ་སྙད་དོ། །ཕུང་བོ་རྣམས་ནི་ཐ་སྙད་མེད་པའི་རང་བཞིན་ཅན་ཏེ། བྱང་ཆུབ་ཀྱང་ཐ་སྙད་མེད་པའོ། །ཕུང་བོ་ལྔའི་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་ནི་བྱང་ཆུབ་ཅེས་བྱའོ། །སྲིང་མོ་དེ་ལྟར་ན་ཕུང་བོ་ལྔའི་རང་བཞིན་ནི་བྱང་ཆུབ་ཀྱི་རང་བཞིན་ནོ། །བྱང་ཆུབ་ཀྱི་རང་བཞིན་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། སྲིང་མོ་ཕུང་བོ་ལྔའི་རང་བཞིན་གང་ཡིན་པ་དང་། བྱང་ཆུབ་ཀྱི་རང་བཞིན་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། སྲིང་མོ་དེའི་ཕྱིར་ངས་ཁྱོད་ལ་འདི་སྐད་དུ་ཁྱོད་ཉིད་བྱང་ཆུབ་བོ་ཞེས་སྨྲས་སོ། །ཞེས་དང་། དེ་ལྟ་བུའི་རང་བཞིན་དེ་ཡང་སྟོང་བ་ཉིད་ཡིན་པའི་ཚུལ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་བ་ཉིད་དུ་གསུངས། །ཞེས་བྱ་བ་འདི་བཀའ་སྩལ་ཏོ། །དེ་ལྟར་ན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ནི་བྱང་ཆུབ་ཅེས་བྱ་བ་ཡིན་ཀྱང་། དེ་ཉིད་མངོན་དུ་བྱས་མིན་ལ་ལྟོས་ནས་གཞི་ལམ་འབྲས་བུའི་རྣམ་པར་བཞག་པ་ལས། འདིར་བདག་གི་ཁྱད་པར་སྟོན་པའི་ཕྱིར་ས་ཏྭ་ཞེས་པའི་སྒྲ་ཉེ་བར་སྦྱར་ཏེ། དེ་ཉིད་བརྟན་པ་དང་། བསྡུས་པ་དང་། རྟོགས་པ་གསུམ་ལས། སེམས་ཅན་དང་། སེམས་དཔའ་དང་། སྙིང་སྟོབས་ཆེ་བ་སྟེ་གསུམ་དག་ཏུ་འཇུག་པ་ལས། བརྟན་པའི་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་ཉིད་མི་འགྱུར་བའི་དོན་གྱིས་གཞི་ལ་ཉེ་བར་སྦྱར་རོ། །བསྡུས་པའི་བྱང་ཆུབ་སེམས་དཔའ་ནི། ཚོགས་རྣམ་པར་སྡུད་པའི་སྒོ་ནས་ལམ་ལ་ཉེ་བར་སྦྱར་རོ། །རྟོགས་པའི་བྱང་ཆུབ་སེམས་དཔའ་ནི། ཡེ་ཤེས་མངོན་དུ་བྱས་པའི་ཁྱད་པར་ལས་འབྲས་བུའི་སར་ཉེ་བར་སྦྱར་རོ། །སེམས་ཅན་ལ་སོགས་པའང་བག་ཆགས་གསོག་པའི་གཞི་བྱེད་པའི་ཆ་ནས་དང་། ལམ་རྗེས་སུ་བསྒྲུབ་པ་ལ་སེམས་དཔའ་བའི་ཆ་ནས་དང་། གཞན་དོན་སྒྲུབ་པའི་སྙིང་རྗེའི་སྟོབས་ཆེན་པོ་དང་ལྡན་པ་རྣམས་ཀྱི་རྒྱུ་མཚན་ལས་གཞི་ལ་སོགས་པར་རིམ་བཞིན་སྦྱར་བར་བྱའོ། །དེ་ལྟར་ན་འདིར་ནི་རེ་ཞིག་གཉིས་སུ་མེད་པའི་ཡེ་ཤེས་ལ་སྒྲ་དེ་འཇུག་པའི་རྒྱུ་མཚན་གྱིས་སེམས་དཔའི་སྒྲ་ཉེ་བར་བཟུང་སྟེ། འདི་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་བློ་གྲོས་མི་ཟད་པས་ཞུས་པའི་ལེའུ་ལས་རིགས་ཀྱི་བུ་འདི་ལ་བྱང་ཆུབ་ནི་བརྡའམ་གདགས་པའམ་ཐ་སྙད་དུ་མི་དམིགས་ཤིང་། བྱང་ཆུབ་ལས་གུད་ན་བྱང་ཆུབ་ཀྱི་སེམས་ཀྱང་མི་དམིགས། བྱང་ཆུབ་ནི་བརྗོད་དུ་མེད། སེམས་ནི་བཟུང་དུ་མེད། བསྟན་དུ་མེད། ཐོགས་པ་མེད། རྣམ་པར་རིག་པ་མེད་དེ། སེམས་དཔའ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བརྗོད་དུ་མེད་པ་སྟེ་བྱང་ཆུབ་ཇི་ལྟ་བར་སེམས་ཀྱང་དེ་བཞིན་ནོ། །སེམས་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ནོ། །བྱང་ཆུབ་དང་སེམས་ཇི་ལྟ་བར་སེམས་དཔའ་རྣམས་ཀྱང་དེ་བཞིན་ནོ། །སེམས་དཔའ་རྣམས་ཇི་ལྟར་བར་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་མིང་འཐོབ་བོ། །ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་སེམས་དེ་ནི་བྱང་ཆུབ་ཀྱི་སེམས་ཤེས་པར་བྱའོ། །བྱང་ཆུབ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་མ་ཡིན་ཏེ་སེམས་ཀྱང་དེ་བཞིན་ནོ། །སེམས་དཔའ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་ཡིན་ནོ། །འོ་ན་བྱང་ཆུབ་སེམས་དཔའ་ཞེས་སྨྲས་པས་ཆོག་གིས། སེམས་ཆེན་པོ་ཞེས་སྨྲས་པ་འདི་ལ་དགོས་པ་གཞན་མེད་དམ་སྙམ་པ་ལས། ལ་ལ་དག་ན་རེ། ཐོག་མར་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པའི་རྣམ་པར་བསྐྱེད་པ་ནས་བརྩམས་ཏེ་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་ཐོབ་ཀྱང་། གང་གི་ཚེ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་མངོན་དུ་མ་བྱས་པ་སྟེ་དེ་སྲིད་དུ་སེམས་དཔའ་ཆེན་པོ་ཞེས་པའི་མིང་མི་འཐོབ་བོ་ཞེས་ཟེར་རོ། །གཞན་དག་ན་རེ། ས་བདུན་པ་མན་ཆད་ཀྱི་ཐེག་ཆེན་འཕགས་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། དག་པ་ས་གསུམ་ལ་གནས་པའི་བྱང་སེམས་ནི་སེམས་དཔའ་ཆེན་པོ་ཡིན་ནོ་ཞེས་ཟེར་རོ། །འདིར་ཡང་སྔ་མ་ནི་རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ཏུ། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་དང་། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རྭར་བསྡམས་པའི་ཉམ་ཐག་འགྲོ། །བདེ་བཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པ་འདིའི་རྗེས་སུ་འབྲང་བ་སྟེ་རྒྱལ་བའི་སྲས་པོ་དང་བྱང་ཆུབ་སེམས་དཔའ་ནི་མིང་གི་རྣམ་གྲངས་སོ། །ཕྱི་མ་ནི་ས་དང་པོ་ཐོབ་པ་ལ་སེམས་དང་པོ་བསྐྱེད་པ་ལ་སོགས་པ་མདོ་ལས་གསུངས་པའི་དོན་སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར། ས་བཅུ་དང་། ཕར་ཕྱིན་བཅུ་དང་། སེམས་བསྐྱེད་པ་བཅུ་རྣམས་སྦྱར་ནས་གསུངས་པའི་རྗེས་སུ་འབྲང་བ་སྟེ། འདིའི་ཕྱོགས་འཛིན་པ་ཁ་ཅིག་སོ་སོ་སྐྱེ་བོའི་བྱང་སེམས་མེད་པར་འདོད་པ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལ་བཅས་པའི་ལྟུང་བ་མཐར་དག་འབྱུང་མི་སྲིད་པར་འགྱུར་ཏེ། འཕགས་པ་ལ་དེ་དག་མི་འབྱུང་བའི་ཕྱིར་དང་། བསླབ་བཏུས་སུ། སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་ཉེས་པ་དེ་དག་སྤྱད་ན་ངན་སོང་དུ་ལྷུང་བར་གསུངས་པ་གང་ཞིག འཕགས་པ་ལ་དེ་མི་སྲིད་པའི་ཕྱིར་རོ། །དེས་ན་འདི་ལྟར་ཤེས་པར་བྱ་སྟེ། ས་དང་པོ་ལ་སོགས་པ་དེ་དག་རེ་རེར་ཡང་རང་རང་ལ་ལྟོས་པའི་སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་དང་། རྣམ་གྲོལ་གྱི་ལམ་དང་། ཁྱད་པར་གྱི་ལམ་རྣམས་སོ་སོར་ཡོད་པ། གང་ཞིག ས་དང་པོའི་སྦྱོར་བའི་ལམ་ནི་སོ་སོ་སྐྱེ་བོའི་སས་བསྡུས་ཡིན་པ་དང་། དེར་ཡང་མོས་སྤྱོད་ཆེ་ཆུང་གི་ས་དག་ཡོད་པའི་ཕྱིར། ས་ལ་ཞུགས་པ་དང་། སར་ཆུད་པ་དང་། ས་ལ་གནས་པའི་བྱེ་བྲག་གིས་དབྱེ་བས། ཐོག་མར་སེམས་བསྐྱེད་པའི་དུས་ནས་ས་དང་པོའི་སྦྱོར་བར་ཞུགས་པའི་ཕྱིར་འགལ་བ་མེད་དོ་སྙམ་མོ། །དེ་བཞིན་དུ་ས་ལམ་དང་ཐེག་པའི་རྣམ་པར་གཞག་པ་མཐའ་དག་ཀྱང་། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་གནས་དང་། རྟེན་དང་། ཐབས་ཀྱི་བྱེ་བྲག་ལས་གཞན་མ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དང་། ལམ་མགོ་གཅིག་པ་དང་། ཆོས་གཅིག་ཤེས་པས་ཐམས་ཅད་མཁྱེན་པར་གྱུར་པ་ལ་སོགས་པར་མདོ་ལས་མང་དུ་བཤད་པའི་རྗེས་སུ་འབྲང་སྟེ་བསྟན་བཅོས་འདིར་ཡང་དེ་ཉིད་བརྗོད་བྱའི་གཙོ་བོར་བསྟན་པ་ནི། འོག་ཏུ་རླབས་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག ཅེས་དང་། གཞན་གྱི་དོན་དུ་སངས་རྒྱས་སྒྲུབ་པའི་བློས། །ཞེས་པ་ལེགས་པར་གསུངས་ཤིང་གཞུང་འདིའི་ལུས་རྣམ་པར་བཞག་པ་སྟེ་བསྡུ་བའི་གཞི་ཉིད་དུ་རིག་པར་བྱའོ། །དེ་ཚུལ་ངེས་འབྱེད་ཀྱི་ཡན་ལག་བསྡུ་བ་ལ། རྒྱུ་འབྲས་ཀྱི་འགྲོས་གཉིས་ལས། དང་པོ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཡང་རྒྱུ་གང་ལས་སྐྱེ་ན། འདིར་རང་གི་ངོ་བོ་དང་གཞན་གྱི་བསྟན་པའི་སེམས་བསྐྱེད་ཀྱི་རྒྱུ་དག་སོ་སོར་གསུངས་པ་ལས། དང་པོའི་དབང་དུ་བྱས་ཏེ། མདོ་སྡེའི་རྒྱན་དང་དབུ་མ་ལ་འཇུག་པ་ལ་སོགས་པར་ཉེར་ལེན་གྱི་རྒྱུ་སྙིང་རྗེ་ཆེན་པོ་ཡིན་པར་གསུངས་པ་དང་། ལྷན་ཅིག་བྱེད་པའི་རྐྱེན་ཡང་ཚོགས་བསགས་པ་དང་། སྐྱབས་སུ་འགྲོ་བ་དག་ཡིན་པ་ལ་དགོངས་ནས་ཀུན་ཆེན་བླ་མའི་ལེགས་བཤད་རྣམས་སུ་དེའི་རྒྱུ་སྙིང་རྗེ་ཆེན་པོ་དང་ལྡན་པ་བསམ་པའི་སྟོབས། ཚོགས་བསགས་པ་སྦྱོར་བའི་སྟོབས། སྐྱབས་སུ་འགྲོ་བ་རྒྱུ་ཡི་སྟོབས་ཏེ། སྟོབས་གསུམ་དུ་བསྡུ་བར་མཛད་པ་ཉིད་ཡོན་ཏན་རིན་པོ་ཆེའི་མཛོད་ཚིག་ལེའུར་བྱས་པར། སྟོབས་གསུམ་ལས་ནི་བྱང་ཆུབ་སེམས་སྐྱེ་བས། །སྙིང་རྗེ་ཆེ་དང་ཚོགས་བསགས་སྐྱབས་སུ་འགྲོ། །བསམ་དང་སྦྱོར་བ་རྒྱུ་ཡི་སྟོབས་སུ་བཤད། །ཅེས་བྲིས་པ་དང་མཐུན་པར་བྱང་ཆུབ་ཀྱི་སེམས་བསྟན་པ་དེའི་སྔ་ལོགས་སུ་སྟོབས་དང་པོ་བསམ་པའི་སྟོབས་སྙིང་རྗེ་སྟོན་པའི་ཕྱིར། ཐོག་མེད་དུས་ནས། ཞེས་པ་ནས། སྙིང་རྗེ་དང་བཅས་པས། ཞེས་པའི་བར་གྱི་ཚིགས་རྐང་བ་གསུམ་གསུངས། དེའི་སྔོན་དུ་ཡང་གཉིས་པ་རྒྱུའི་སྟོབས་སྐྱབས་སུ་འགྲོ་བ་ཉིད་སྟོན་པའི་ཕྱིར། སྐྱབས་སུ་འགྲོ་བའི་སྡོམ་པ་ནོད་པར་ཤོག །ཅེས་གསུངས་ཏེ། དེ་ཡང་ཡོན་ཏན་མཛོད་ལས། འཇིགས་དང་དད་དང་སྙིང་རྗེ་རྣམ་གསུམ་གྱིས། །སྐྱབས་སུ་འགྲོ་བ་སྐྱེས་བུ་ཆེན་པོའི་བློས། །ཞེས་པ་ལྟར། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་རྒྱུ་གསུམ་ལས་སྐྱེ་བར་གསུངས་ནའང་། འདིར་ཐུན་མོང་གི་སྐྱབས་འགྲོའི་རྒྱུ་འཇིགས་པ་དང་དད་པ་གཉིས་ལས། ཕྱི་མ་སྟོན་པའི་ཕྱིར། རང་གཞན་ཞེས་པ་ནས། བསམ་པ་རྩེ་གཅིག་གིས། ཞེས་པའི་བར་གྱི་རྐང་བ་གསུམ་གསུངས། དེའི་སྔོན་དུ་ཡང་སྐྱེས་བུ་ཆུང་འབྲིང་གི་ལམ་གྱིས་བློ་རིམ་བཞིན་སྦྱངས་ནས་འཁོར་བ་སྤྱི་དང་བྱེ་བྲག་ལ་འཇིགས་པའི་སེམས་བསྐྱེད་པ་དང་། དེའི་གཉེན་པོ་སྒྲུབ་པའི་མཐུན་རྐྱེན་ཚོགས་གསོགས་དགོས་པ་ལ་དགོངས་ནས། ཕྱི་མའི་དབང་དུ་བྱས་ཏེ། བྱང་ཆུབ་སྒྲུབ་ལ་ཞེས་པ་ནས་འགྲུབ་པར་ཤོག ཅེས་པའི་བར་གྱི་ཤྭ་ལོ་ཀ་གཅིག་དང་། སྔ་མའི་དབང་དུ་བྱས་ཏེ། དེ་མ་ཐོབ་པའི༴ ཞེས་པ་ནས། ཡིད་ནི་འབྱུང་བར་ཤོག ཅེས་པའི་བར་གྱི་ཤྭ་ལོ་ཀ་བཞིས་བློ་ལྡོག་གི་ཆོས་བཞི་བོ་རིམ་པ་བཞིན་དུ་བསྟན་ཏེ། དེ་རྣམས་ནི་སྐྱབས་སུ་འགྲོ་བའི་ཚོགས་སོ། །དེའི་སྔོན་དུ་ཡང་གསུམ་པ་སྦྱོར་བའི་སྟོབས་སྟོན་པའི་ཕྱིར་ཚོགས་གསོག་པའི་སྒོ་ཐམས་ཅད་ཡན་ལག་བདུན་དུ་འདུས་པ་ལ་དགོངས་ཏེ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པར་ཇི་ལྟར་གསུངས་པ་བཞིན། འདིར་ཡང་ཡན་ལག་བདུན་པོ་ཉིད་དོན་གཉིས་ལྷུན་གྲུབ་ཅེས་པ་ནས། གོང་འཕང་ཐོབ་པར་ཤོག ཅེས་པའི་བར་གྱི་ཤྭ་ལོ་ཀ་བདུན་གྱིས་རིམ་པ་བཞིན་དུ་བསྟན་ནས། དེ་དག་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་གང་ལས་སྐྱེ་བའི་རྒྱུ་ལུགས་ལྡོག་གི་རིམ་པས་སྨྲས་པ་ཡིན་ནོ། །གཉིས་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་བསྒོམ་པའི་ཡན་ལག་གཞན་འབྲས་བུ་སྐྱེ་རིམ་གྱི་འགྲོས་བརྗོད་པ་ལ། ཐོག་མར་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར། བྱམས་དང་སྙིང་རྗེ་ཞེས་པ་ནས། བརྩོན་པར་ཤོག ཅེས་པའི་བར་ཤོ་ལོ་ཀ་གཅིག་གིས་སྨོན་པ་དང་འཇུག་པའི་བསླབ་བྱ་དག་མདོར་བསྟན་ནས། བྱེ་བྲག་འཇུག་པའི་བསླབ་བྱ་བསྡུ་དངོས་བཞིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་རྒྱ་ཆེར་དབྱེ་བའི་ཕྱིར། གང་ལ་ཅི་འདོད་ཅེས་པ་ནས། ཤེས་རབ་ལྡན་པར་ཤོག ཅེས་པའི་བར་གྱི་ཤོ་ལོ་ཀ་དྲུག་རིམ་པར་གསུངས་སོ། །དེའི་རྗེས་སུ་དེ་ལྟར་བསམ་སྦྱོར་རྣམ་པར་དག་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ནི་ལམ་ལྔ་དང་ས་བཅུའི་ཡོན་ཏན་མཐའ་དག་རིམ་གྱིས་འཐོབ་པར་འགྱུར་བའི་ཕྱིར། བསམ་པ་བྱང་ཆུབ་ཅེས་པ་ནས་བསྒྲོད་པར་ཤོག ཅེས་པའི་བར་གྱི་ཤོ་ལོ་ཀ་གཅིག་གསུངས་ནས། དེ་རྒྱ་ཆེར་དབྱེ་བའི་ཕྱིར། དེ་ཡང་དྲན་པ་ཉེར་བཞག་ཅེས་པ་ནས་ས་བཅུ་བགྲོད་པར་ཤོག །ཅེས་པའི་བར་གྱི་ཤོ་ལོ་ཀ་བཞིས་སྐྱེས་འཕགས་ཀྱི་སས་བསྡུས་པའི་སློབ་ལམ་བཞིའི་ངོ་བོ་རྣམ་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་རིམ་གྱིས་བསྟན་ནས། དེ་ཡང་དྲི་མེད་ཅེས་པ་ནས། ཀུན་ཏུ་འོད་ལ་གནས་པར་ཤོག །ཅེས་པའི་བར་ཤོ་ལོ་ཀ་གཅིག་གིས་འཕགས་ལམ་ས་བཅུ་གཅིག་པོ་བྱེ་བྲག་ཏུ་བཤད་དོ། །དེའི་རྗེས་སུ་དེ་ལྟར་བསྒོམ་ནས་ལམ་བགྲོད་པའི་འབྲས་བུ་སྐུ་དང་ཡེ་ཤེས་ལ་སོགས་པ་མངོན་དུ་འཐོབ་པའི་ཕྱིར། དེ་ལྟར་ལམ་ལྔ་ཅེས་པ་ནས། བདག་ཀྱང་འགྱུར་བར་ཤོག །ཅེས་པའི་བར་ཤོ་ལོ་ཀ་གཉིས་གསུངས་ཏེ། དེ་རྒྱ་ཆེར་དབྱེ་བ་ལས། དང་པོ་རྟེན་སྐུ་གསུམ་གྱི་རྣམ་དབྱེ། རང་བཞིན་རྣམ་དག་ཅེས་པ་ནས། གཞན་དོན་ལྷུན་གྲུབ་ཤོག །ཅེས་པའི་བར་ཤོ་ལོ་ཀ་གསུམ་གྱིས་རིམ་བཞིན་བསྟན་ནས། གཉིས་པ་བརྟེན་པ་ཡེ་ཤེས་ལྔ། ཆོས་ཀྱི་དབྱིངས་དང་། ཞེས་པ་ནས། དབང་འབྱོར་ཐོབ་པར་ཤོག །ཅེས་པའི་བར་ཤོ་ལོ་ཀ་གཅིག་གིས་བསྟན། དེའི་རྗེས་སུ་ཡོན་ཏན་གྱི་ཁྱད་པར་གཞན་བསྟན་པ་ལས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། མཚན་དཔེ་དང་། ཟག་མེད་ཀྱི་ཕུང་པོ་དང་། སྤྱན་ལ་སོགས་པ་སྟེ་སྡེ་ཚན་དྲུག་པོ་རིམ་པ་བཞིན། གནས་དང་གནས་མིན་ཞེས་པ་ནས། མངོན་དུ་འགྱུར་བར་ཤོག ཅེས་པའི་བར་གྱི་ཤོ་ལོ་དྲུག་གིས་རིམ་བཞིན་བསྟན། དེའི་རྗེས་སུ་དེ་ལྟར་འབྲས་བུ་སངས་རྒྱས་ཐོབ་ནས་སླར་ཡང་འཁོར་བ་མ་སྟོང་གི་བར་དུ་གཞན་དོན་མཛད་དགོས་པའི་ཕྱིར། དེ་ལྟར་རྒྱལ་བའི་ཞེས་པ་ནས། བཀྲ་ཤིས་ཤོག ཅེས་པའི་བར་གྱི་ཤོ་ལོ་ཀ་དགུས་གཞན་དོན་སྒྲུབ་པའི་ཕྲིན་ལས་ཀྱི་བྱེ་བྲག་མཐའ་དག་བསྟན་བཤད་བསྡུས་གསུམ་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་པའོ། །འདི་དག་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་པའི་འབྲས་བུ་ཇི་ལྟར་སྐྱེ་ཚུལ་མཐར་ཆགས་སུ་བརྗོད་པ་སྟེ། དེ་ལྟར་ན་ཆོས་དང་གང་ཟག་གཉིས་ཀའི་སྒྲ་གཞི་མཐུན་པར་བྱང་ཆུབ་སེམས་དཔའ་ཞེས་པའི་སྒྲ་དོན་རྣམ་པར་དབྱེ་བའི་སྒོ་ནས་བསྡུས་པའི་དོན་ལེགས་པར་བསྟན་ཏེ། བྱེ་བྲག་ཏུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་དགོས་པའི་དབང་གི་ཕྱག་འཚལ་བ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་ལས། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་བ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་གསུངས་པ་ལྟར། བདག་ཉིད་ཆེན་པོ་འདིས་ནི་བྱང་ཆུབ་སེམས་པའི་སྤྱོད་པ་མཐའ་དག་སྨོན་ལམ་རྣམ་པར་དག་པའི་སྒོ་ནས་ལེགས་པར་སྤྱོད་དོ་ཞེས་ཡོངས་སུ་གྲགས་ཏེ། དེས་ན་འདིར་ཡང་ཇི་ལྟར་སྨོན་པའི་འབྲས་བུ་མངོན་དུ་འགྲུབ་པའི་ཕྱིར་དང་། སྟོན་པ་དང་བསྟན་བཅོས་ལ་རྒྱུ་མཚན་ཤེས་ནས་དད་པ་སྐྱེ་བར་འགྱུར་བ་ལ་སོགས་པའི་དགོས་པ་དུ་མ་ཉེ་བར་བཟུང་སྟེ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་བརྗོད་པར་མཛད་དོ། །དེ་དག་གིས་ནི་བསྡུས་དོན་རྗེས་འབྲེལ་དང་བཅས་པ་སྨྲོས་ཏེ་ཀླད་དོན་སོང་། ཀུན་བཟང་དོན་གྱིས་འཕྲིན་ལས་ནི། རང་གཞུང་ལས། མཚམས་བཅད་བཤགས་པ་དཀྱིལ་འཁོར་ལས། །ཕྱག་འཚལ་མཆོད་དང་བཟླས་པ་དང་། །གཏོར་ཚོགས་རྗེས་ཀྱི་སྨོན་ལམ་དགུས། །བྱ་རྩོལ་མེད་པའི་ཕྲིན་ལས་བསྡུས། །ཞེས་གསུངས་པ་ལྟར་དགུ་ལས། དང་པོ་མཚམས་བཅད་པ་ནི། ཧཱུྃ་ཧཱུྃ་ཧཱུྃ། རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་རིགས་རང་གི་སེམས་ལས་བྱུང་། །ཡེ་ནས་སེམས་ཉིད་དག་ཅེ་ན། །བགེགས་ཞེས་བྱ་བ་གཞན་ན་མེད། །ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་ཨཱ༔ གཉིས་པ་བཤགས་པ་ནི། ཨོཾ་དོན་དམ་དམིགས་མེད་སྤྲོ་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཡང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ། །ཨོཾ་བཛྲ་ཏྭ་ཨཱ༔ གསུམ་པ་དཀྱིལ་འཁོར་གྱི་ལས་ནི། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བར་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་གྱིས་རྫོགས། ཧཱུྃ། གདོད་ནས་སྙིང་པོ་བྱང་ཆུབ་དང་། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །བདག་དང་དབྱེར་མེད་བརྟན་པར་བཞུགས། །ཨཱཿབཛྲ་ས་མ་ཡ་ཏིཥྛ། བཞི་བ་ཕྱག་འཚལ་བ་ནི། ཧཱུྃ་སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེར། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ན་མོ་ན་མ་ཧོ། ལྔ་བ་མཆོད་པ་ནི། ཧཱུཾ་དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཨོཾ་མ་ཧཱ་པཱུ་ཛ་ཧོ། དྲུག་པ་བསྡུས་པ་ནི། ཨོཾ་ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པའི། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱ། བདུན་པ་གཏོར་མ་བཏང་བ་ནི། ཧཱུྃ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །སྣང་སྟོང་རིག་སྟོང་གསལ་སྟོང་བདེ་སྟོང་དང་། །དྲན་སྟོང་གྲགས་སྟོང་ཚོར་སྟོང་མཆོད་པའི་ཚོགས། །བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ། །ཨོཾ་ཤྲི་བྷ་ཏྲ་ཨཱཿ མ་ཧཱ་བ་ལིང་ཏ་ཁཱ་ཧི། བརྒྱད་པ་ཚོགས་མཆོད་ནི། ཧཱུྃ་ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འགྲིབ་པ་མེད། ལྷུན་གྱིས་གནས་པས་མི་བསྡོ་སྟེ། །གདོད་ནས་དག་པའི་བདུད་རྩི་ཡིན། །ཨོཾ་མ་ཧཱ་ག་ན་ཙཀྲ་པུ་ཙ་ཧོ། །ནམ་མཁའི་མཐའ་ལྟར་ཀུན་ཏུ་ཐུག་པ་མེད། །ཆོས་སྐུ་འགྱུར་བ་མེད་པའི་ཀློང་ན་བཞུགས། །མ་བཅོས་ཐོག་མེད་དུར་ཁྲོད་གཅིག་ཏུ་འཁྱིལ། །མི་སྐྱེ་མི་འགག་ཀློང་དུ་ཐིག་ལེ་རྫོགས། །ཨཱཿ ཞེས་སོ། །སྨོན་ལམ་ནི་གཞན་དུ་གསལ་བ་ལྟར་རོ། །དགེའོ།། །།

རྟེན་འབྲེལ་གྱི་བསྡུས་དོན་སྟོང་ཉིད་ལ་འཇུག་པའི་སྒོ།

༄༅། །རྟེན་འབྲེལ་གྱི་བསྡུས་དོན་སྟོང་ཉིད་ལ་འཇུག་པའི་སྒོ་ཞེས་བྱ་བ་བཞུགས་སོ། །ཤེས་བྱའི་ཆོས་ཀུན་གཞལ་བྱ་བྱས་པ་ན། །གདག་གཞི་གྲུབ་ཕྱིན་རྟེན་འབྱུང་ཡིན་ནོ་ཞེས། །སྟོན་མཛད་ཐུབ་དབང་ཉིད་དང་དེ་ཡི་སྲས། །འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་བདག་བློ་སྐྱོངས། །དེ་ཡང་འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་བ་ཞིག་ཡིན་ཕྱིར་ཡི་གེ་ཉུང་ངུས་དོན་ཅི་བཞིན་མཚོན་མི་ནུས་མོད། འདིར་ནི་དེའི་རྣམ་གྲངས་ཙམ་ཞིག་འགོད་པ་ལ། སྤྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་རྒྱལ་བ་ཉིད་ཀྱིས་གསུང་རབ་མཐའ་དག་ན་རྒྱ་ཆེར་བསྟན་ཅིང་ཁྱད་པར་ས་ལུ་ལྗང་བའི་མདོ་སོགས་ནས་ཆེད་དུ་གསུངས་པའང་ཡོད་དེ། དེ་ཡང་གཞི་གྲུབ་ན་རྟེན་འབྱུང་ཡིན་པས་ཁྱབ་པའི་ཚུལ་གྱིས་ཆོས་ཐམས་ཅད་རང་གི་འདུག་ཚུལ་གྱི་ངོས་ནས་རྟེན་འབྱུང་དུ་གཏན་ལ་ཕབས་ཀྱི་ཤེས་བྱའི་ཆོས་གཞན་དུ་བྱས་ནས་དེ་ལས་ཐ་དད་པའི་རྟེན་འབྱུང་ཞིག་གུད་ན་ཡོད་པར་འདོད་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་དགོངས་པ་འགྲེལ་པ་པོ་ཡང་འཕགས་པ་ཀླུ་སྒྲུབ་ཡིན་ལ། སློབ་དཔོན་གཞན་ནི་གྲུབ་མཐའ་གཞན་འཛིན་པའང་ཡོད་དོ། །སློབ་དཔོན་འཕགས་པ་འདི་ནི་རྒྱལ་བ་ཉིད་ཀྱིས་རང་གི་དགོངས་པ་འགྲེལ་བ་པོར་ལུང་བསྟན་པ་ཡིན་ཕྱིར་རྩོད་པ་མེད་ལ། དེས་མཛད་པའི་བསྟན་བཅོས་ཀྱང་། དབུ་མ་རིགས་ཚོགས་ལ་སོགས་ཕལ་ཆེར་ཞིག་སྔ་འགྱུར་ཁོ་ན་ཡིན་ཕྱིར་རྙིང་མའི་གཞུང་རང་ཡིན་ནོ། །དེར་མ་ཟད་ལུགས་འདི་སྔ་འགྱུར་གྱི་གྲུབ་མཐའི་མཐར་ཐུག་ཀྱང་ཡིན་ཏེ་ཆོས་རྒྱལ་ཆེན་པོའི་བཀས། དེང་ཕྱིན་ཆད་ངའི་བོད་འབངས་རྣམས་ཀྱིས་ལྟ་བ་ཀླུ་སྒྲུབ་ལུགས་དང་སྤྱོད་པ་མཁན་པོའི་ལུགས་བཞིན་དགོས་ཞེས་ཁྲིམས་སུ་བཅས་པའི་ཕྱིར་རོ། །དེ་ལྟ་ན་སློབ་དཔོན་ཉིད་ཀྱི་བཀའ་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །འོ་ན་རྟེན་འབྱུང་དེའི་དབྱེ་བ་ཇི་ཞིག་ཞེ་ན། བསྟན་བཅོས་བྱེད་པོའི་ཆོས་སྐད་ཀྱི་དབང་གིས། ཁ་ཅིག་ན་རེ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྱུང་དང་། རྣམ་བྱང་ཕྱོགས་ཀྱི་རྟེན་འབྱུང་ངོ་། །ཞེས་ཟེར། ཡང་ཁ་ཅིག་ན་རེ། རྟེན་འབྱུང་ནི་གསུམ་སྟེ། འཁོར་བའི་རྟེན་ཅིང་འབྲེལ་འབྱུང་དང་། །མྱང་འདས་རྟེན་ཅིང་འབྲེལ་འབྱུང་དང་། །གཤིས་ཀྱི་རྟེན་ཅིང་འབྲེལ་འབྱུང་ངོ་། །ཞེས་ཟེར་རོ། །དེ་དག་ཀྱང་བརྗོད་བྱའི་གནད་རྟོགས་ན་ཐ་དད་པ་མ་ཡིན་ཏེ་དགོངས་གཞི་གཅིག་ཏུ་འབབ་པ་ཁོ་ན་ཡིན་ནོ། །དེ་ཡང་འདིར་དེ་དག་སྤྱིའི་གོ་བ་ཙམ་བརྗོད་ནས་རྣམ་པར་དབྱེ་བ་བཏང་སྙོམས་སུ་བྱས་ཏེ། འཁོར་བའི་རྟེན་འབྲེལ་བཅུ་གཉིས་ཀྱི་གོ་རིམ་ཙམ་ཞིག་འགོད་པ་ནི། བཀའ་ལས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ཡིན་ལ། དེ་ཡང་བསྡུ་ན། ཉོན་མོངས་པའི་ལམ་དང་། ལས་ཀྱི་ལམ་དང་། རྣམ་པར་སྨིན་པའི་ལམ་དེ་གསུམ་ལ་འདུ་བ་ཡིན་ནོ། །དེ་ཡང་། དང་པོ་བརྒྱད་པ་དགུ་ཉོན་མོངས། །ཞེས་སོགས་གསུངས་པ་ལྟར། དང་པོ་མ་རིག་པ་དང་། བརྒྱད་པ་སྲེད་པ་དང་དགུ་བ་ལེན་པ་རྣམས་ནི་ཉོན་མོངས་པ་ཡིན་ནོ། །འདུ་བྱེད་དང་། སྲིད་པ་ནི་ལས་སོ། །ལྷག་མ་བདུན་ནི་རྣམ་པར་སྨིན་པ་སྟེ། དེ་ཡང་ཐེག་པ་ཆེ་ཆུང་གི་དབང་གིས་ཚེ་གཅིག་དང་། སྐྱེ་བ་གསུམ་སོགས་སུ་རྟེན་འབྲེལ་བཅུ་གཉིས་པོ་རྫོགས་པར་བཞེད་ཚུལ་མི་གཅིག་པ་དག་ཡོད་མོད་དེ། འདིར་ནི་ཤེས་པ་ཡུལ་ལ་འཇུག་པའི་རྣམ་འགྱུར་གྱིས་བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་ལའང་དེ་བཅུ་གཉིས་པོ་རྫོགས་པ་ཡོད་པར་འདོད་དེ། མིག་ཤེས་ཀྱི་ཡུལ་གཅིག་པུར་མཚོན་ན་ཡང་ཡུལ་དང་རང་གི་དེ་ཁོ་ན་ཉིད་མ་རྟོགས་པས་བདེན་པར་འཛིན་པ་ནི་མ་རིག་པ། དེའི་དབང་གིས་ཡུལ་ལ་གཡོ་བར་རྩོམ་པ་འདུ་བྱེད། ཡུལ་རིག་པ་པོ་རྣམ་ཤེས། ཕུན་ཚུན་གྱི་དམིགས་པ་ནི་མིང་གཟུགས། ཡུལ་ལ་བསྐྱོད་པ་ནི་སྐྱེ་མཆེད། དབང་ཡུལ་ཤེས་གསུམ་འདུས་པ་ནི་རེག་པ། ཡུལ་ཤེས་པས་ཉམས་སུ་མྱོང་བ་ནི་ཚོར་བ། དེ་ལ་ཞེན་པ་ནི་སྲེད་པ། ཡང་ཡང་དང་དུ་ལེན་པར་རྩོམ་པ་ནི་ལེན་པ། དེ་ཕྱི་མའི་ས་བོན་འདེབས་པ་ནི་སྲིད་པ། རྟོག་པ་གསར་བ་སྐྱེ་བ་དང་། དེའི་ཕྱི་མར་འགགས་པ་ནི་སྐྱེ་བ་དང་རྒ་ཤི་སྟེ། རིམ་པ་འདིས་ཚོགས་དྲུག་གི་ཡུལ་གང་ལའང་སྦྱར་བར་བྱའོ། །དེ་ལྟར་ན་རང་ཅག་གི་ཤེས་པ་ཡུལ་ལ་གཡོ་བ་ཙམ་ནས་འཁོར་བའི་འཁོར་ལོར་འཕྱན་པ་ཁོ་ན་ལས་མ་འདས་པའི་ཚུལ་འདི་ཤེས་པར་བྱས་ནས། ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་ཐོག་མ་ཉིད་དུ་སྲིད་པའི་རྟེན་འབྲེལ་བཅུ་གཉིས་པོ་འདི་དག་གི་འཇུག་ལྡོག་ཁོང་དུ་ཆུད་པར་བྱས་ནས། གདོད་བདག་མེད་རྟོགས་བྱེད་ཀྱི་ཤེས་རབ་ཁྱད་པར་ཅན་ལ་བརྟེན་ནས་སྲིད་པའི་རྩ་བ་མ་རིག་པ་དྲུང་ནས་འབྱིན་པར་མཛོད་ཅིག་དང་། ཡིད་ལ་དམིགས་པའི་དོན་དེ་ཉིད་བདེ་བླག་ཏུ་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ཡང་བསམ་པའི་ཁྱད་པར་གྱིས་མྱང་འདས་གསུམ་གང་ལ་དམིགས་པ་དེ་ཉིད་མངོན་དུ་བྱེད་པ་ཡིན་པའི་ཕྱིར། དེ་དང་དེའི་སྦྱོར་བ་ལ་བརྩོན་པ་ནའང་ལམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དག་ལ་འཇུག་པ་ཉིད་གལ་ཤིན་ཏུ་ཆེ་བར་ཟུངས་ཤིག དེས་ན་ཐེག་པ་ཆེ་ཆུང་གང་ལ་འཇུག་པས་ཀྱང་། གནས་འདི་དག་ལ་རྨོངས་པར་བྱས་ནས་ཐར་བ་ཐོབ་པའི་ཐབས་གཞན་ཞིག་དོན་དུ་གཉེར་བར་སེམས་པ་ནི་མིག་སྤངས་ནས་གཟུགས་མཐོང་བར་འདོད་པ་དང་གཉིས་སུ་མེད་དོ། །འདིར་སྨྲས་པ། འབྲས་ཡུམ་གསུམ་པོ་གང་རུང་ལ། །དམིགས་ནས་སྲིད་ལས་ཐར་འདོད་པ། །དེ་ཀུན་སུས་ཀྱང་ཤེས་བྱའི་གནས། །མཆོག་ནི་རྟེན་འབྲེལ་འདི་ཡིན་ནོ། །དེ་ཕྱིར་རྣམ་མཁྱེན་ལྟ་ཅི་སྨོས། །ཐར་བ་ཙམ་ཞིག་དོན་གཉེར་ཡང་། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས། །ཤེས་ནས་སྟོང་ཉིད་བཙལ་བར་གྱིས། །གང་ཞིག་སྟོང་ཉིད་མ་རྟོགས་པར། །བདག་ཏུ་འཛིན་པ་མི་འགོགས་ལ། །བདག་འཛིན་ཡོད་རུང་སྲིད་འབྱུང་ཕྱིར། །སྲིད་ལས་རྣམ་གྲོལ་ཇི་ལྟར་འགྱུར། །དེ་ཕྱིར་སྟོང་ཉིད་རྟོགས་ཐབས་ལ། །རྟེན་འབྱུང་ཁོ་ན་ཟབ་པ་སྟེ། །གང་ཕྱིར་རྟེན་ཅིང་འབྲེལ་འབྱུང་བ། །དེ་ཉིད་སྟོང་བ་ཉིད་ཡིན་ཕྱིར། །དེས་ན་འདི་བཤད་དགེ་བ་ཡང་། །འགྲོ་ཀུན་རྟེན་འབྱུང་ཟབ་མོའི་ཆོས། །རྟོགས་པའི་ཉེ་རྒྱུར་ཡོངས་བསྔོ་ན། །སྨོན་པས་སྲིད་རྩ་དྲུང་འབྱིན་ཤོག །ཅེས་པའང་མཁྱེན་དཔྱོད་མཆོག་ཏུ་ཡངས་པ་དབོན་སངས་རྒྱས་ཆོས་འཕེལ་ནས་རྟེན་འབྲེལ་གྱི་བསྡུས་དོན་ཉུང་ངུ་ཞིག་བླུན་རྨོངས་རྣམས་ལ་ཕན་ཕྱིར་འབྲི་དགོས་ཞེས་ལྷ་རྫས་དང་བཅས་བསྐུལ་ངོར་བཙུན་ཆུང་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་མངྒ་ལཾ། །དགེའོ།། །།

ཟབ་ཆོས་རིག་འཛིན་བདེ་འདུས་ཀྱི་ལམ་ཁྲིད་སྐལ་ལྡན་འཇུག་ངོགས།

༄༅། །ཟབ་ཆོས་རིག་འཛིན་བདེ་འདུས་ཀྱི་ལམ་ཁྲིད་སྐལ་ལྡན་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉེད་ཆེན་པོ་ཞིང་འདིའི་རྣམ་འདྲེན་བཞི་བ་མཉམ་མེད་སྟོན་པ་ཤཱཀྱ་སེང་གེའི་ཞབས་ཀྱི་རྡུལ་དྲི་མ་དང་བྲལ་བ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། གང་གི་རང་བཞིན་འོད་གསལ་ཆོས་སྐུ་ལས། །མ་གཡོས་བཞིན་ཏུ་མཆོག་དམན་གདུལ་བྱའི་ངོར། །ལོངས་སྤྱོད་ཆེན་པོ་ཉིད་དང་སྤྲུལ་པའི་སྐུ། །སོ་སོར་སྟོན་མཛད་ཐུབ་དབང་མཆོག་དེར་འདུད། །འདིར་ནི་ཐུབ་པའི་བསྟན་ལ་དད་ཕྱིར་དང་། །སྐལ་ལྡན་དམ་པས་བསྐུལ་བ་དོན་ཡོད་ཕྱིར། །ཟབ་མོ་གཏེར་ལས་བྱུང་བའི་མན་ངག་གི །ལག་ཁྲིད་ཅུང་ཟད་ཡེ་གེའི་ལམ་དུ་འགོད། །དེ་ཡང་འདིར་བདག་ཅག་གི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་གང་ཞིག་ཉིད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་སྐུ་དང་སྟོབས་སོགས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཡེ་ཤེས་ཆོས་ཀྱི་སྐུ་ཟུང་དུ་འཇུག་པ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཀུན་ཏུ་བཟང་པོའི་ངང་ལས་མ་གཡོས་བཞིན་དུ་རྒྱུད་ཡོངས་སུ་དག་པའི་གདུལ་བྱ་ས་ཆེན་པོ་ལ་གནས་པ་རྣམས་ཀྱི་སྣང་ངོར་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོ་ལ་སོགས་པའི་རྣམ་པར་བསྟན་ནས་ཉིད་ཀྱི་གསང་བ་ཆེན་པོ་རྣམས་ཞལ་དང་ལྗགས་ཀྱི་བྱེད་རྩོལ་ལ་མ་ལྟོས་པར་སྐུའི་བརྡ་ཐབས་ཙམ་གྱིས་འཁོར་རྣམས་ལ་གོ་བར་མཛད་པ་ཉིད་དང་། གདུལ་བྱ་ཐུན་མོང་བ་རྣམས་ཀྱི་ངོར་མཚན་དཔེས་སྤྲས་པའི་མཆོག་གི་སྤྲུལ་པའི་སྐུ་མཛད་པ་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་དང་། སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་ལ་སོགས་པར་སྣང་བར་མཛད་ནས་ཐུན་མོང་གི་ཐེག་པ་བསམ་གྱིས་མི་ཁྱབ་པ་ཞིག་དངོས་སམ་བརྒྱུད་ནས་གསུངས་པར་མཛད་པ་ལས། འདིར་ནི་ཐུབ་དབང་ཉིད་མི་མཇེད་ཀྱི་ཞིང་འདིར་ཡང་རྡོ་རྗེའི་ཐེག་པ་སྤེལ་བར་བྱ་བའི་ཕྱིར། རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཚབ་ཨོ་རྒྱན་རྡོ་རྗེ་འཆང་ཞེས་བྱ་བ་ཞིག་ཏུ་སྤྲུལ་ཏེ་ལྷ་དང་། མི་དང་། གནོན་སྦྱིན་དང་། ཀླུ་ལ་སོགས་པ་སོ་སོའི་བསམ་པ་དང་མཐུན་པར། རེ་འགའ་ནི་དཀྱིལ་འཁོར་གྱི་གཙོ་བོ་དང་། རེ་འགའ་ནི་གྲུབ་པའི་རིག་འཛིན་དང་། རེ་འགའ་ནི་གྲུབ་པའི་རྣལ་འབྱོར་མ་ལ་སོགས་པའི་རྣམ་པར་སྣང་བའི་ཆོ་འཕྲུལ་ཆེན་པོ་འགྱེད་བཞིན་དུ་ཉིད་ཀྱིས་འོག་མིན་ལ་སོགས་པར་གསུངས་པའི་ཏནྟྲ་ཆེན་པོ་དཔག་ཏུ་མེད་པ་ཞིག་སླར་ཡང་སྟོན་པར་མཛད་པ་སྟེ་ཚུལ་འདི་ནི་རྡོ་རྗེ་ཡང་རྩེའི་རྒྱུད་ལ་སོགས་གསང་བའི་ཏནྟྲ་དུ་མ་ལས་གསལ་བར་བསྟན་ཏོ། །དེས་ན་གཞུང་དེ་དག་ལས་བྱེ་བྲག་ཏུ་གྱུར་པ་འདི་ནི། འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཞེས་བྱ་བ་དེ་ཉིད་ཀྱིས་གངས་རིའི་ལྗོངས་འདིར་ཨོ་རྒྱན་རིན་པོ་ཆེ་དེ་ཉིད་སྤྱན་དྲངས་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལས་ཁང་ལ་སོགས་པ་བཞེངས་ཏེ། དམ་པའི་ཆོས་དཔག་ཏུ་མེད་པ་སྒྱུར་བར་མཛད་པའི་སྐབས་ཤིག་ན། རྒྱལ་པོ་ཉིད་ཀྱིས་གུ་རུ་རིན་པོ་ཆེ་ལ་གསང་བའི་རྒྱུད་སྡེ་རྣམས་ལས་མན་ངག་ཁོལ་དུ་འབྱིན་པར་གསོལ་བ་བཏབས་བཞིན། གུ་རུས་ཞལ་གྱིས་བཞེས་ཏེ། རྡོ་རྗེ་ཐེག་པའི་རྒྱུད་དུ་གབ་པའི་གདམས་པ་ཇི་སྙེད་ཅིག་མངོན་དུ་ཕྱུང་བར་མཛད་དེ། སླར་ཡང་སྙིགས་མའི་འགྲོ་བ་སྐལ་བ་དང་ལྡན་པ་རྣམས་ཀྱིས་དོན་དུ་གཏེར་གནས་སོ་སོར་སྦ་བར་མཛད་ནས་གཏེར་བདག་རྣམས་ལ་གཉེར་གཏད་དེ་མ་འོངས་པའི་གང་ཟག་ལས་སྐལ་དང་ལྡན་པ་རྣམས་ལ་སྨོན་ལམ་གཏད་རྒྱ་དང་བཅས་པ་མཛད་པའི་ནང་གསེས་མཆིམས་ཕུ་བློན་པོ་མགུལ་དུ་སྦས་པའི་སྡེ་ཚན་ཟབ་ཆོས་རིག་འཛིན་བདེ་འདུས་སུ་གྲགས་པ་ཉིད་ཡིན་ནོ། །དེ་ལྟ་བུའི་གདམས་པ་དེ་ཡང་བཅོམ་ལྡན་འདས་ཉིད་ཀྱི་བཀའ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར། རི་དང་། རི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དོ། །གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་ཕྱིས་སུ་དུས་རྟགས་རྟེན་འབྲེལ་མངོན་དུ་གྱུར་པ་ན་གུ་རུ་རིན་པོ་ཆེའི་ལུང་གིས་བསྐུལ་ཏེ། གཏེར་གནས་དེ་ཉིད་ནས་སྤྲུལ་པའི་གཏེར་སྟོན་ཟླ་བའི་འོད་ཟེར་རམ་ཏིང་འཛིན་རྒྱལ་པོར་འབོད་པས་སྤྱན་དྲངས་ཏེ་སྤེལ་བར་མཛད་པ་ཡིན་ནོ། །འདི་ནི་གཞུང་འདིས་མཚོན་པའི་ཟབ་ཆོས་གཏེར་མ་རྣམས་ཇི་ལྟར་འབྱུང་བའི་ཚུལ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དཔང་པོར་བགྱིས་ཏེ་བརྗོད་པ་སྟེ། དེས་ན་གཏེར་མ་རྣམས་ལ་ཡང་དག་དང་ལྟར་སྣང་གི་རྣམ་དབྱེ་མི་བགྱིད་པར་སྤྱིར་བཏང་དུ་ས་འོག་ནས་བྱུང་བའི་ཆོས་དང་། རྡོ་འོག་ནས་བྱུང་བའི་ཆོས་ཞེས་ཡང་དག་པ་མ་ཡིན་པར་འཛིན་ཅིང་ཆོས་སྤང་གི་ལས་གསོགས་པ་རྣམས་རེ་ཞིག་བག་ཡངས་སུ་སྡོད་ཅིག འདིར་སྒྲུབ་བྱེད་ལུང་རིགས་དང་གང་ཟག་གི་དཔང་པོ་གཞན་ཡང་དཔག་ཏུ་མེད་པ་ཡོད་མོད་དེ་སྐབས་འདིར་དེ་ཉིད་བརྗོད་བྱའི་གཙོ་བོ་མ་ཡིན་པའི་ཕྱིར་དེ་ཙམ་མོ། །ད་ནི་དཀྱུས་ཉིད་ལ་འཇུག་པར་བྱ་སྟེ། དེ་ཡང་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱི་གསུང་ནི་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་མོད་དེ། འདིར་ནི་རང་རེ་གངས་ཅན་པ་རྣམས་ཀྱི་དབང་དུ་བྱས་པའི་རྒྱལ་བསྟན་སྔ་འགྱུར་དུ་གྲགས་པ་ལ་ནང་གསེས་སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་གི་རྣམ་པར་གཞག་པ་ཉིད། གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་དུ་དྲིལ་ནས་ཁྲིད་ཀྱི་ལུགས་སུ་འདེབས་པ་སྟེ་འདི་ནི་གཞུང་འདིར་ཡང་ངེས་པར་བྱེད་དགོས་པ་ཁོ་ནའོ། །དེ་ལྟར་ན་ཐོག་མར་དགེ་བ་རྒྱལ་བསྟན་རིན་པོ་ཆེའི་གཞུང་ངམ་ལུས་རྣམ་པར་བཞག་པ་ལྟ་བུ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་ཁྲིད་དང་། བར་དུ་དགེ་བ་གཞུང་དེ་ཉིད་ཀྱི་མན་ངག་གསང་ཆེན་རྡོ་རྗེའི་ཐེག་པ་ཐུན་མོང་གི་ཁྲིད་དང་། ཐ་མར་དགེ་བ་མན་ངག་དེ་ཉིད་ཀྱིའང་སྦས་དོན་དུ་གྱུར་པ་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་དེ་གསུམ་ལས། དང་པོ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པའི་མཚན་གཞི་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་ཡིན་ལ། དེའི་བརྗོད་དོན་ཡང་ལྷག་པའི་བསླབ་པ་གསུམ་དུ་འདུ་བ་ཡིན་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཅིག་པུ་བསྒོམ་པའི་སྦྱོར་དངོས་རྗེས་གསུམ་ཙམ་ལས་ཐ་དད་པ་མེད་དོ། །དེས་ན་འདིར་དེ་ཉིད་འཆད་པ་ལ། སྤྱིར་བྱང་ཆུབ་ཀྱི་སེམས་ཙམ་ལ། ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། རྫོགས་པའི་བྱང་ཆུབ་སྟེ་གསུམ་པོ་སོ་སོའི་རྗེས་སུ་སེམས་བསྐྱེད་པའི་ལྡོག་པས་དབྱེ་བ་གསུམ་དུ་འགྱུར་ཞིང་། དེ་གང་གི་སྐབས་སུའང་བྱང་ཆུབ་ནི་རང་རང་གི་ཐོབ་བྱའི་འབྲས་བུ་མཐར་ཐུག་པ་དེ་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་སེམས་ནི་དེ་དང་དེ་མངོན་དུ་བྱེད་འདོད་ཀྱི་བསམ་པའོ། །རྒྱུ་མཚན་དེའི་ཕྱིར་དེ་གསུམ་གང་ལའང་རང་རང་དང་མཐུན་པའི་རྒྱུ་འབྲས་ཀྱི་ཟླས་དབྱེ་བའི་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་གཉིས་སུ་འགྱུར་ནའང་། འདིར་བསྒྲུབ་བར་བྱ་བ་ནི་བྱང་ཆུབ་མཆོག་གི་སེམས་སྟེ་རྫོགས་པའི་བྱང་ཆུབ་ཉིད་ཡིན་ནོ། །དེ་མངོན་དུ་བྱེད་འདོད་ཀྱི་བསམ་པ་ཡང་ཉན་རང་ལྟར་རང་འདོད་ཡིད་བྱེད་ཙམ་གྱིས་མ་ཡིན་པར། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་འཕང་དེ་སྒྲུབ་འདོད་ཀྱི་བསམ་པ་ཐུན་མོང་མ་ཡིན་པ་དགོས་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཞེས་གསུངས་པའི་ཕྱིར། འོ་ན་བྱང་ཆུབ་ཀྱི་སེམས་དང་། སེམས་བསྐྱེད་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན་བསྐྱེད་བྱ་དང་། དེ་བསྐྱེད་པའི་བྱ་བ་ལ་ཞུགས་པ་གཉིས་ཀྱི་ཁྱད་པར་ཏེ། དཔེར་ན་ལྗོན་ཤིང་དང་། དེ་ལ་ཆུ་འདྲེན་པ་གཉིས་ཀྱི་དཔེའི་སྒོ་ནས་ཤེས་པར་བྱའོ། །འོན་ཀྱང་སེམས་བསྐྱེད་དེ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བསྐྱེད་རྒྱུ་དང་། དོན་དམ་བྱང་ཆུབ་སེམས་ཀྱི་གསལ་རྒྱུར་ཤེས་དགོས་ཏེ། དེའི་ཕྱིར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་དོན་དམ་པའི་བྱང་ཆུབ་སེམས་ཀྱི་གསལ་རྒྱུའི་བྱེ་བྲག་ཉེ་བའི་རྒྱུ་དང་། སེམས་བསྐྱེད་པའི་སེམས་བྱུང་དེ་དག་དེའི་ཡང་རིང་རྒྱུར་ཤེས་དགོས་སོ། །འདི་དག་ལ་བདེན་གཉིས་ཀྱི་འཇོག་ཚུལ་དང་། སེམས་གཙོ་འཁོར་གྱི་བསྐྱེད་ལུགས་སོགས་གྲུབ་མཐའ་སོ་སོའི་འདོད་ལུགས་གཞན་ཡང་ཡོད་མོད་དེ། འདིར་རེ་ཞིག་དེ་ཙམ་མོ། །དེ་ལྟར་ན་བསྐྱེད་རྒྱུ་དང་གསལ་རྒྱུ་རྣམ་དབྱེ་མ་བརྗོད་པར་སྤྱི་ཙམ་དུ་སྨོས་ན། དོན་དམ་བྱང་ཆུབ་སེམས་ཀྱི་རྒྱུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དེའི་རྒྱུ་སེམས་བསྐྱེད་པའི་བསམ་སྦྱོར་ཏེ། དེ་ཡང་བསམ་པ་དེ་ལྡན་གྱིས། སྦྱོར་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་དགེ་བའི་བཤེས་གཉེན་ལས་བྱང་ཆུབ་སེམས་དཔའི་བསླབ་སྡོམ་བླངས་ཏེ། དེའི་བསླབ་པ་ལའང་ཁ་ཙམ་མ་ཡིན་པར་སྙིང་ཐག་པ་ནས་སློབ་པ་ཞིག་དགོས་པའི་ཕྱིར། བསམ་པ་དེ་སྐྱེ་བའི་ཆེད་དུ་མར་ཤེས་དྲིན་དྲན་ལ་སོགས་པས་མདུན་བསུས་པའི་མ་སེམས་ཅན་ཐམས་ཅད་བདེ་བ་ལ་སྦྱོར་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེ། སྡུག་བསྔལ་མེད་པའི་བདེ་དགའ་དང་མ་བྲལ་ན་ཨང་སྙམ་པའི་དགའ་བ་དང་། ཉེ་རིང་ཆགས་སྡང་མེད་པའི་གཏང་སྙོམས་སྟེ་ཚད་མེད་པ་རྣམ་པ་བཞི་འབད་པས་བསྒོམས་ཏེ་བློ་སྦྱོང་བ་དང་། སྦྱོར་བ་དེ་ལ་འཇུག་པའི་ཕྱིར་ཚོགས་གསོགས་པའི་ཐབས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་རྣམས་ཡན་ལག་བདུན་དུ་བསྡུས་ཏེ། དེ་ཉིད་སྔོན་དུ་འགྲོ་བ་ཅན་གྱི་སྐྱབས་འགྲོ་མཚན་ཉིད་པས་གཞི་འཆའ་བ་དང་བཅས་སྲོལ་གཉིས་གང་རུང་གི་བསླབ་སྡོམ་ལེན་པའི་ཆོ་ག་ལ་བརྟེན་ནས་ལེན་དགོས་སོ། །དེས་ན་སྐྱབས་འགྲོ་མཚན་ཉིད་པ་དེ་རྒྱུ་གང་ལས་སྐྱེ་ན། རྒྱུ་གཉིས་སུ་འཆད་པའང་ཡོད་དེ། འདི་ལྟར་འཁོར་བའི་ཉེས་དམིགས་མཐོང་བའི་སྐྱོ་ཤེས་དང་། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པའི་དད་པའོ། །ཡང་ཐེག་ཆེན་གྱི་སྐྱབས་འགྲོ་ཐུན་མོང་མ་ཡིན་པའི་རྒྱུ་དེའི་སྟེང་དུ་སྙིང་རྗེ་བསྣན་པས་རྒྱུ་གསུམ་དུ་བཞག་པའང་ཡོད་མོད་དེ། འདིར་རེ་ཞིག་སྐྱབས་འགྲོའི་རྒྱུ་ནི་ངེས་འབྱུང་གི་དད་པ་རྣམ་པར་དག་པའོ་ཞེས་འཆད། དང་པོ་ལ་སྤྱིར་དབྱེ་བ་མང་རུང་། འདིར་སྐྱབས་འགྲོའི་རྒྱུ་རུ་བཤད་པའི་ངེས་འབྱུང་གི་དད་པ་དེ་ནི་རྒྱུ་བཞི་ལས་སྐྱེ་སྟེ། འདི་ལྟར་བླ་མ་དགེ་བའི་བཤེས་གཉེན་བསྟེན་པ་དང་། གྲོགས་དགེ་བའི་གྲོགས་པོ་དང་འགྲོགས་པ་དང་། འཁོར་བ་ལ་སྙིང་པོ་མེད་པའི་ཉེས་དམིགས་མཐོང་བ་དང་། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པ་སྟེ་བཞིའོ། །དེས་ན་དེ་ཡན་ཆད་ཀྱིས་སྔོན་འགྲོའམ་ཐོག་མར་དགེ་བའི་ཁྲིད་སྤྱིའི་གོ་རིམ་ངེས་པར་གཏན་ལ་ཕབས་ནས་ད་ནི་ཡན་ལག་གི་དོན་ལ་འཇུག་པར་བྱ་སྟེ། དེ་ཡང་རྣམ་པར་གྲོལ་པ་དོན་དུ་གཉེར་བ་ཙམ་དུ་མ་ཟད། འཇིག་རྟེན་ན་ནོར་རྫས་ཕྲན་བུ་དོན་དུ་གཉེར་བའི་མགྲོན་པོ་ལམ་རྒྱུས་མེད་པ་དག་རང་འདོད་ཀྱི་ལམ་དུ་འཇུག་པ་ནའང་། ཐོག་མར་ས་ལམ་རྒྱུས་ཡོད་ཀྱི་མི་ལ་མ་བརྟེན་པར་རང་སྟོབས་ཀྱི་ས་ལམ་མ་ནོར་བ་ཉིད་བགྲོད་པར་རྔོ་མི་ཐོགས་ན། རང་ཅག་ཚེ་རབས་ཀུན་ཏུ་ཕྱིན་ཅི་ལོག་གི་གནས་མལ་དུ་ཉལ་བ་ལས། ཡང་དག་པའི་ལམ་ལ་གོམ་པའི་འདེགས་འཇོག་གམ། ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི་མིག་ལྤགས་གདེངས་བ་ཙམ་ཡང་བྱེད་མ་མྱོང་བ་དག་བཤེས་གཉེན་ལ་མ་བརྟེན་པར་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་བགྲོད་པར་འགྱུར། དེའི་ཕྱིར་ལམ་ཀུན་གྱི་རྩ་བའམ། ཐོག་མ་ཉིད་དུ་ནི་དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོར་བསྟེན་པའི་བསམ་སྦྱོར་ཁོ་ན་ལ་འཇུག་དགོས་ཏེ། དེ་སྐད་དུའང་། མདོ་ལས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་ནི་ཚངས་པར་སྤྱོད་པ་ཕྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀུན་དགའ་བོ་ཁྱོད་དེ་ལྟར་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ནི་ཚངས་པར་སྤྱོད་པ་ཕྱེད་ལགས་སོ་ཞེས་མ་སྨྲ་ཞིག དེ་ཅིའི་ཕྱིར་ན་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་ཞེས་གསུངས་པ་ལྟར་ངེས་པའི་ཕྱིར་རོ། །དེས་ན་འདིར་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་བསྟེན་འདོད་ཀྱི་བསམ་པའི་ཁྱད་པར་ལ་ཀུན་སློང་དང་། སྦྱོར་བ་ལ་ཀུན་སྤྱོད་ཅེས་གྲགས་པའི་དོན་མདོ་ཙམ་བརྗོད་ན། སྤྱིར་ཀུན་སློང་ཞེས་བྱ་བ་ནི་བློ་བག་ཉལ་དུ་གནས་པ་ལས། དགེ་སྡིག་གང་རུང་བསྒྲུབ་པའི་སྦྱོར་བ་ཀུན་ནས་སློང་བའི་སེམས་བྱུང་ཐོག་མ་དེ་ཡིན་ལ། དེ་ལ་ཡང་དགེ་བ་དང་མི་དགེ་བའི་ཀུན་སློང་གཉིས་ལས། མི་དགེ་བའི་ཀུན་སློང་སེམས་བྱུང་གི་བྱེ་བྲག་དུག་གསུམ་གང་རུང་གིས་ཀུན་ནས་བསླངས་ཡོད་ཚེ་བསམ་པ་དེ་མ་བཅོས་ན་དེས་ཀུན་ནས་བསླང་བའི་སྦྱོར་བ་དེ་དག་ཀྱང་དགེ་བར་མི་འགྱུར་བས་དེ་ཉིད་དད་པ་ལ་སོགས་པའི་སེམས་བྱུང་དགེ་བར་བསྒྱུར་པ་གལ་ཆེའོ། །འདིར་དགེ་བའི་ཀུན་སློང་ལའང་རང་དོན་དང་གཞན་དོན་ལ་དམིགས་པའི་ཁྱད་པར་གྱིས་ཐེག་པ་ཆེ་ཆུང་གི་ཀུན་སློང་གཉིས་སུ་ཡོད་ཀྱང་སྔོན་སྦྱངས་ཀྱི་ལས་འཕྲོ་ཅན་ཁ་ཅིག་སྲིད་མཐའ་མ་བཀག་པ་ལས། ཐུན་མོང་དུ་དགེ་བའི་བཤེས་གཉེན་གྱི་གདམས་ངག་བསྒོམས་པ་ལ་མ་བརྟེན་པར་སོ་སོའི་སྐྱེ་བོའི་བློ་ལྷན་སྐྱེས་ལ་ཐེག་ཆེན་གྱི་ཀུན་སློང་ཐུན་མོང་མ་ཡིན་པ་སྐྱེ་བ་དཀའོ། །དེ་ལྟར་ནའང་ཐོག་མ་ནས་ཤེས་རྒྱུད་ལ་བསམ་པ་བཟང་པོའི་བག་ཆགས་བགོ་བ་ལ་དགོས་པ་མེད་པའང་མ་ཡིན་ནོ། །འདིར་དགེ་བའི་ཀུན་སློང་ཐུན་མོང་བ་དེ་ཡང་དགེ་བའི་བཤེས་དང་གྲོགས་ཀྱིས་བསྐུལ་བའམ། དཀོན་མཆོག་གི་ཡོན་ཏན་དང་འཁོར་བའི་སྐྱོན་ཉི་ཚེ་བ་རེ་མཐོང་བས་རྐྱེན་བྱས་པའི་ངེས་འབྱུང་གི་དད་པ་རྗེས་མཐུན་པ་རེ་ལས་སྐྱེ་ཡང་། དད་པ་དེ་མཚན་ཉིད་པ་ནི་དགེ་བའི་བཤེས་གཉེན་ལས་གདམས་ངག་ཞུས་ཏེ་བློ་ལྡོག་གི་ཆོས་རྣམས་བསྒོམས་པ་ལས་གདོད་སྐྱེ་བར་འགྱུར་བ་ཡིན་ནོ། །དེས་ན་དེ་ལྟ་བུའི་དད་པས་ཀུན་ནས་བསླངས་ཏེ། ཐར་བ་བསྒྲུབ་འདོད་ཀྱི་བློ་འདོད་རྒྱལ་བ་དེས་དགེ་བའི་བཤེས་གྲོགས་བསྟེན་པའི་སྦྱོར་བ་ལ་ཞུགས་ཏེ། དེས་བསླབ་པ་རྣམས་ཚུལ་བཞིན་མཉན་ན་རིམ་བཞིན་དད་པའི་ངོ་བོ་ཡང་ཇེ་བཟང་དུ་འགྲོ་ལ་བཤེས་གཉེན་བསྟེན་འདོད་ཀྱི་བློ་དང་། དེ་བསྟེན་པའི་སྦྱོར་བ་ལ་བརྩོན་པའང་ཇེ་ཆེར་སོང་ནས་མཐར་བླ་མ་དང་གྲོགས་ལ་མིག་འབྲས་ལྟར་བརྩེ་ཞིང་དེ་དག་གི་ཆེད་དུ་རང་གི་ལུས་སྲོག་འདོར་བ་ལའང་བག་མི་ཚ་བ་འབྱུང་བ་ཡིན་ནོ། །ད་ལྟར་ན་དགེ་བའི་བཤེས་གཉེན་བསྟེན་པའི་ཀུན་ཏུ་སྤྱོད་པ་ལ་སྤྱིར་དབྱེ་བ་མང་དུ་ཡོད་ཀྱང་མདོར་བསྡུ་ན་ཆོས་ཉན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚུལ་ལ་མ་འདུས་པ་མེད་པའི་ཕྱིར་འདིར་དེ་འཆད་པ་ལ། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་དབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་གསུངས་པ་ལྟར་ཏེ། ས་བཅད་དྲུག་པོ་འདིས་ནི་སྔར་སྨོས་པའི་ཀུན་སློང་དེས་ཀུན་ནས་བསླང་བའི་ལུས་ངག་ཡིད་གསུམ་གྱིས་བཤེས་གཉེན་བསྟེན་ཚུལ་གྱི་ཀུན་ཏུ་སྐྱོད་པ་མཐའ་དག་བསྡུས་པ་ཡིན་ནོ། །དེ་ཡང་རིམ་པ་ལྟར་ཆོས་ཞུ་བའི་ཡོན་མེ་ཏོག་དང་མཎྜལ་གནས་མལ་དང་གདན་ཁྲི་སོགས་འབུལ་བ་ནི་ཆོས་ཉན་པའི་སྦྱིན་པ། ཆོས་འཆད་པའི་ས་ཕྱོགས་སྤྱི་དང་ཁྱད་པར་གཙུག་ལག་ཁང་ལ་སོགས་པའི་གནས་ཁང་དངོས་བྱི་དོར་ལེགས་པོར་བྱས་ནས་དྲི་བཟང་གི་ཆག་ཆག་གདབ་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་དང་མཆོད་བཤམས་སོགས་ཡིད་དུ་འོང་བར་བྱས་ནས་རང་གི་སྒོ་གསུམ་གྱི་སྤྱོད་ལམ་རྣམས་ཀྱང་མ་གུས་པ་སྤངས་ནས་གུས་པ་ཁོ་ན་ལྷུར་ལེན་དགོས་ཏེ། དེའི་ཚུལ་སྨྲོས་པ་ལ་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་གསུམ་ལས། དང་པོ་ལུས་ཀྱི་ཀུན་སྤྱོད་ནི། གཙོ་བོར་འཆད་པ་པོའི་དབང་དུ་བྱས་ཏེ་དམ་པའི་ཆོས་འདུལ་བ་ལས་ཆོས་སྟོན་སྡེ་ཉེར་དྲུག་བཤད་པ་རྣམས་ཀྱང་འཆད་ཡུལ་སློབ་མའི་དབང་དུ་བྱས་ན་དེས་ཆོས་ཉན་པའི་ཀུན་ཏུ་སྤྱོད་པའང་ཡིན་པའི་ཕྱིར་དེ་དག་རྣམས་དང་། གཞན་ཡང་བླ་མ་ལྔ་བཅུ་བ་ལ་སོགས་པ་ནས་བཤད་པའི་བཤེས་གཉེན་བསྟེན་ཚུལ་གྱི་ཀུན་སྤྱོད་ཐུན་མོང་བ་རྣམས་ལའང་བླང་དོར་བྱེད་དགོས་པ་ཉིད་དོ། །འདིར་དེ་དག་གི་ཞིབ་བཤད་མ་སྤྲོས་སོ། །གཉིས་པ་ངག་གི་སྒོ་ནས་ཀྱང་ཕན་ཚུན་གཏམ་སྨྲ་བ་དང་། བཞད་གད་དང་། ཀུ་ཅོ་དང་གློ་ལུ་བ་སོགས་བག་མེད་པའི་བྱུང་རྒྱལ་གྱི་སྒྲའི་གླག་ཅོར། བླ་མས་མ་གནང་བཞིན་དུ་ཤག་དང་རྩོད་པ་འགྱེད་པ་སོགས་མདོར་ན་དགོས་པ་ཁྱད་པར་ཅན་མེད་བཞིན་བླ་མའི་མདུན་དུ་འཇིག་རྟེན་པའི་ངག་གི་བརྗོད་པ་ཐམས་ཅད་སྤང་བར་བྱ་བ་ཉིད་ཡིན་ན་ཆོས་འཆད་པའི་དུས་སུ་མ་གུས་པའི་ངག་གི་བརྗོད་པ་མཐའ་དག་སྤོང་དགོས་པ་ནི་སྨྲོས་ཅི་དགོས། དེ་ལྟར་སྤངས་ནས་ངག་ཞི་དལ་གྱིས་གུས་པའི་གསོལ་ཚིག་སྔོན་དུ་འགྲོ་བས་གཉན་པར་བྱའོ། །གསུམ་པ་ཡིད་ཀྱི་ཀུན་སྤྱོད་ལའང་སྤྱིར་རྣམ་དབྱེ་མང་རུང་། འདིར་སྤང་བླང་གི་ཕྱོགས་གཉིས་ལས། དང་པོ་སྤང་བྱ་ལ་སྐྱོན་གསུམ་དྲི་མ་དྲུག་མི་འཛིན་པ་ལྔ་རྣམས་དང་བླང་བྱ་འདུ་ཤེས་བཞི་སྟེ། དེ་དག་ལ་སྐྱོན་གསུམ་ནི། མདོ་ལས། དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ། །ཞེས་གསུངས་པའི་ལེགས་པར་ཞེས་པས་དུག་ཅན་གྱི་སྐྱོན་སྤང་དགོས་པར་གདམས་པ་དང་། རབ་ཏུ་ཉོན་ལ་ཞེས་པས་རྣ་བ་མི་གཏད་པའི་སྐྱོན་སྤང་དགོས་པར་གདམས་པ་དང་། ཡིད་ལ་ཟུངས་ཤིག་དང་ཞེས་པས་ཡིད་ལ་མི་འཛིན་པའི་སྐྱོན་སྤང་དགོས་པར་གདམས་པ་སྟེ་གསུམ་མོ། །གཉིས་པ་དྲི་མ་དྲུག་ནི་སློབ་དཔོན་དབྱིག་གཉེན་གྱི་རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་སྡུད་དང་། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་གསུངས་པ་ལྟར་ཏེ་འདི་དག་ནི་རྫས་དྲི་མས་སྦག་པ་བཞིན་དུ། ཐོས་པའི་ཆོས་ཉིད་བསླད་པར་བྱེད་པའི་རང་རྒྱུད་ཀྱི་དྲི་མ་ཡིན་པའི་ཕྱིར་སྤང་བར་གདམས་པའོ། །གསུམ་པ་མི་འཛིན་པ་ལྔ་ནི། ཚིག་བཟུངས་ཀྱང་དོན་མི་འཛིན་པ་དང་། དོན་བཟུངས་ཀྱང་ཚིག་མི་འཛིན་པ་དང་། གོ་བརྡའ་འཕྲོད་ངེས་སུ་མི་འཛིན་པ་དང་། དོན་གྱི་གོ་རིམ་གོ་མ་ལོག་པར་མི་འཛིན་པ་དང་། དབུ་ཞབས་ཆ་ཚང་པར་མི་འཛིན་པ་རྣམས་སྟེ། འདི་དག་ནི་ཡིད་ལ་མི་འཛིན་པའི་སྐྱོན་ཏེ་སྤང་དགོས་པར་གདམས་པའོ། །དེ་དག་ཀྱང་བསྡུ་ན་སྐྱོན་གསུམ་དུ་འདུ་སྟེ། འདི་ལྟར་དྲི་མ་དྲུག་ནི་སྣོད་དུག་ཅན་གྱི་བྱེ་བྲག་ཡིན་ལ། མི་འཛིན་པ་ལྔ་ནི་ཡིད་ལ་མི་འཛིན་པའི་བྱེ་བྲག་ཡིན་པའི་ཕྱིར་རོ། འོ་ན་རྣ་བ་མི་གཏད་པ་ཡིད་ཀྱི་ཀུན་སྤྱོད་དུ་ཅིས་འགྱུར་སྙམ་ན། འདིར་རྣ་བ་མི་གཏད་ཅེས་པ་ནི་རྣ་བའི་རྣམ་འགྱུར་གཏོད་མིན་ལ་ལྟོས་ནས་བཞག་པ་མ་ཡིན་ཏེ། རྣ་བའི་དབང་ཤེས་ཡུལ་ལ་གཏོད་མིན་གྱི་སྒོ་ནས་བཞག་པའི་ཕྱིར་ཕྱོགས་སྔ་ཇི་བཞིན་དུ་འདོད་དགོས་སོ། །དེས་ན་ཡིད་ཀྱི་སྤང་བྱའི་ཀུན་སྤྱོད་དེ་དག་སྤངས་ནས་བླང་བྱ་འདུ་ཤེས་བཞི་བསྟེན་པར་བྱ་སྟེ། དེ་ཡང་མདོ་སྡོང་པོས་བརྒྱན་པའི་ལེའུ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པ་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོགས་བཞི་ཚན་དུ་མའི་སྒོ་ནས་གསུངས་པ་རྣམས་ཏེ་འདི་དག་ནི་ངེས་པར་དང་དུ་བླང་ནས་ཡང་ཡང་བསམ་པ་གལ་ཆེའོ། །བསྡུ་བའི་དབང་དུ་ན་ཚུལ་འདི་སྤང་བྱའི་ཀུན་སྤྱོད་ཀྱི་ནང་ཚན་དུག་ཅན་གྱི་སྐྱོན་དྲུག་སྤང་བའི་ལྡོག་ཆོས་ཙམ་ཡིན་ཏེ་ཅི་རིགས་པར་སྦྱར་དུ་ཡོད་དོ། །དེ་དག་ནི་ཆོས་ཉན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ་ཉེས་སྤྱོད་སྡོམ་པ་དང་དགེ་བ་ཆོས་སྡུད་སོ་སོར་སྦྱར་བར་འདོད་ན་སྤང་བླང་གི་ཕྱོགས་ནས་བསྙད་པར་བྱའོ། །དེ་བཞིན་དུ་ཆོས་ཉན་པའི་དུས་དེར་ཕ་རོལ་སྲོག་ཆགས་མཆོག་དམན་སུ་ཞིག་གིས་རང་ཅག་ལ་གནོད་པ་བྱས་ཀྱང་། དེ་ལ་འཁོན་འཛིན་དང་། གནོད་ལན་མི་བྱེད་པར་གཉེན་པོའི་གོ་ཆ་བགོས་ཏེ་བཟོད་པར་བྱེད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། ཆོས་ཅུང་ཟད་རེ་ཐོས་པས་ཆོག་ཤེས་པར་མི་བགྱིད་པར་བླ་མ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཡང་ནས་ཡང་གསོལ་བ་བཏབས་ཏེ། ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་གཉེན་ལས་གདམས་པ་ཉན་འདོད་ཀྱི་བརྩོན་པ་བསྐྱེད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ། སེམས་གཞན་དུ་མ་ཡེངས་པ་གཞིར་བཞག་གི་ཕུན་སུམ་ཚོགས་པ་ལྔ་ལྡན་གསལ་བཏབས་ནས་བླ་མ་ལ་རྫོགས་པའི་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་། མཆེད་གྲོགས་ལ་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཁོ་ནའི་འདུ་ཤེས་བཞག་སྟེ་དག་སྣང་དེ་གའི་ངང་ནས་བླ་མས་ཆོས་གསུངས་པའི་ལྗགས་དཀྱིལ་ནས་འོད་ཟེར་འཕྲོས་ཏེ་རང་ཉིད་ཀྱང་འཁོར་གྱི་སེམས་དཔའ་གང་རུང་དུ་གསལ་བའི་སྙིང་གར་ཕོག་པའི་མོད་ལ་ཆོས་ཀྱི་ཚིག་དོན་མ་ལུས་པ་ཤེས་བྱུང་སྙམ་པའི་མོས་གུས་དང་བཅས་པའི་སེམས་བླ་མའི་གསུང་ལ་རྩེ་གཅིག་ཏུ་གཏོད་པ་ལས་རྣམ་རྟོག་གཞན་གྱི་བར་དུ་མི་གཅོད་པ་ནི་བསམ་ཏན་གྱི་ཕ་རོལ་ཏུ་ཕྱིན་པ། གལ་ཏེ་ཐེ་ཚོམ་གྱི་རྟོག་པ་སྐྱེས་ན་སྐྱོན་ཅན་གྱི་ཚིག་དེ་ཉིད་ཀྱི་སྒྲོ་འདོགས་འཕྲལ་དུ་གཅོད་པར་བྱ་བའི་ཕྱིར། གང་ལས་ཐེ་ཚོམ་སྐྱེས་གཞི་དེ་ལས་གླེང་བསླང་སྟེ་བླ་མ་དང་མཆེད་གྲོགས་ལ་དྲིས་ནས་ཐེ་ཚོམ་གཅོད་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ་འདི་དག་ནི་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་གྱི་སློབ་མའི་ཆོས་ཡན་ལག་དྲུག་གོ །འོ་ན་དེ་དག་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་སྒྲས་བསྙད་པ་ལ་འགལ་བ་ཡོད་པ་མ་ཡིན་ནམ་ཞེ་ན། འདིར་སྒྲ་བཤད་ཀྱི་ངེས་པའི་སྒོ་ནས་བཞག་ན་གོ་བ་གཞན་ཡང་འོང་མོད་དེ། མཚུངས་ཆོས་སྦྱར་བའི་སྒོ་ནས་དེ་ལྟར་བཤད་པ་ལ་འགལ་བ་མེད་དེ། དཔེར་ན་མདོ་སྡེ་སྐལ་བ་བཟང་པོའི་ཕ་རོལ་དུ་ཕྱིན་པའི་ལེའུ་ལས། ས་དང་ལམ་གྱི་རྣམ་པར་བཞག་པའི་ཆོས་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་རེ་སྦྱར་ནས་གསུངས་པ་དང་མཚུངས་པའི་ཕྱིར་རོ། །དེ་ལྟ་ན་ཐུན་མོང་གི་ལམ་སྟོན་དགེ་བའི་བཤེས་གཉེན་ཐོག་མར་བསྟེན་ནས་ཆོས་ཞུ་བའི་ཚུལ་མདོ་ཙམ་འཆད་གྲུབ་བོ། །ད་ནི་བཤེས་གཉེན་དེ་ལས་ཐོབ་པའི་གདམས་ངག་སྒོམ་པ་ལ་ཐོག་མར་འཁོར་བའི་ཉེས་དམིགས་བསམ་ནས་སྐྱོ་ཤེས་བསྐྱེད་པ་དང་། དཀོན་མཆོག་གི་ཡོན་ཏན་དྲན་པས་ངེས་འབྱུང་བསྐྱེད་པའི་ཚུལ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ཡང་འཁོར་བའི་ཉེས་དམིགས་མ་བསམ་ན། དེ་ལས་ཐར་བ་དོན་གཉེར་གྱི་བློ་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པའང་འབྱུང་དཀའ་སྟེ། དཔེར་ན་ནད་ཀྱིས་ཉེས་དམིགས་མ་མཐོང་བར་ནད་ལས་གྲོལ་པའི་བདེ་བ་ལ་སྤྲོ་བ་དང་། སྨན་དང་སྨན་པའི་ཡོན་ཏན་རྗེས་སུ་དྲན་པའང་མི་འབྱུང་བ་དང་འདྲའོ། །དེའི་ཕྱིར་ཉེས་དམིགས་དེ་བསམ་ནས་ངེས་འབྱུང་བསྐྱེད་པ་ལ་ཐོག་མར་གང་ལས་ངེས་པ་འབྱུང་བའི་ཡུལ་ཤེས་པར་བྱ་དགོས་ཏེ། དེ་འཆད་པ་ལ་འཁོར་བ་ཞེས་བྱ་བ་ནི་བདག་འཛིན་ལྷན་ཅིག་སྐྱེས་པས་རྒྱུ་བྱས་ཏེ་གཟུང་འཛིན་གྱི་རྟོག་པ་རགས་པར་མཆེད་ནས་དབང་པོའི་ཡུལ་ལ་མངོན་པར་རྒྱུག་པའི་དབང་གིས་འགྲོ་བའི་གནས་རིགས་ལྔའམ་དྲུག་གི་བདག་ཉིད་ཅན་འདིར་འགལ་མེའི་འཁོར་ལོ་བཞིན་ཡང་ནས་ཡང་དུ་འཁོར་བ་འདི་ཡིན་ལ་དེར་འཁོར་བ་པོའང་འཁོར་བ་པའོ། །དེ་ལྟ་བུའི་འཁོར་བ་དེ་ཡང་སྤྱིར་སེམས་ཅན་སོ་སོའི་འཁྲུལ་བའི་སྣང་བར་རྨི་ལམ་གྱི་ཡུལ་གཟུགས་བཞིན་གྲུབ་པ་ཡིན་པའི་ཕྱིར་འདི་ན་ཡོད་ཀྱིས་དེ་ན་མེད་ཅེས་བརྗོད་དུ་མི་རུང་མོད་དེ། འོན་ཀྱང་ཐུན་མོང་གི་སྣང་བ་དང་མཐུན་པར་ཐ་སྙད་བདེན་པའི་དབང་དུ་བྱས་ནས་སྐུ་གསུམ་སྟོན་པའི་ཞིང་ཁམས་འཆད་པའི་སྐབས་སུ། སྤྱིར་རིགས་ལྔ་གངས་ཅན་མཚོའི་ཞིང་བཀོད་སོགས་མཁའ་ཁྱབ་ཀྱི་རྒྱལ་བའི་ཞིང་ཁམས་རྣམས་དང་། ཁྱད་པར་རྣམ་སྣང་གངས་ཅན་མཚོའི་ཕྱག་མཚན་ལ་བརྟེན་པའི་སྟོང་གསུམ་ཉི་ཤུ་རྩ་ལྔ་ལ་སོགས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་སྤྱི་དང་། བྱེ་བྲག་མི་མཇེད་ཐུགས་ཀྱི་ཞིང་འདི་ལ་སོགས་པའི་བཀོད་པ་སྤྱིར་བཏང་ངེས་སུ་བཅུག་ནས། གནས་སྐབས་སུ་ཞིང་འདིས་མཚོན་ཏེ་ཤེས་པར་བྱ་བ་ལས། དང་པོ་རྟེན་བརྟེན་པའི་གྲུབ་ཚུལ་ནི་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་བོ་བརྟེན། དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། ཞེས་གསུངས་པ་ལྟར་ཏེ་འདིའི་རང་བཞིན་རྒྱས་པར་ཤེས་འདོད་ན་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་རིམ་ཁང་དྲུག་པ་ཡན་གྱི་རྩ་འགྲེལ་ལ་བལྟ་བར་བྱའོ། །དེ་ཡང་སྤྱིར་བཏང་ཙམ་དུ་དེ་དག་ཐོག་མ་ཇི་ལྟར་ཆགས་ཚུལ། བར་དུ་ཇི་ལྟར་གནས་ཚུལ། ཐ་མ་ཇི་ལྟར་འཇིག་ཅིང་སྟོང་བའི་ཚུལ་རྣམས་དང་། སྣོད་མས་ནས་ཡར་ཆགས་པ་དང་མཉམ་དུ་བཅུད་ཡས་ནས་མར་འཁྲུལ་བའི་རྟེན་འབྲེལ་ལྷན་ཅིག་ཏུ་ཚོགས་པ་ལས་གནས་རིགས་ཀྱི་རྟེན་འབྲེལ་གྲུབ་ཅིང་དེ་ཡང་རང་རང་གི་ལས་ཀྱི་བྱེད་པས་བདེ་བ་དང་སྡུག་བསྔལ་སོ་སོར་སྨིན་པ་ལས་རིགས་མཐུན་ཚོགས་པའི་དབང་གིས་འགྲོ་བ་རིགས་དྲུག་ཏུ་བཞག་པ་སོ་སོའི་བདེ་སྡུག་གི་རྣམ་པ་ལ་སོགས་པའང་ངེས་དགོས་ཏེ། དེས་ན་འདིར་དེའི་ཚུལ་ཅུང་ཟད་ཙམ་སྨོས་པ་ལ་མས་ནས་རིམ་བཞིན་འཆད་པའི་ཐོག་མར་ས་འོག་དང་། རྒྱ་མཚོའི་ཀློང་དང་གླིང་བཞིའི་ཕྱི་རོལ་གྱི་ལྕགས་རིའི་འགྲམ་རྣམས་ལ་བརྟེན་པ་ནི་ངན་སོང་གི་འགྲོ་བ་ཡིན་ལ། དེ་ལས་ཀྱང་དང་པོ་དམྱལ་བའི་འགྲོ་བ་ལ་ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཉི་ཚེ་ཉེ་འཁོར་གཉིས་ཏེ་བཅོ་བརྒྱད་ཡོད་པར་འཆད་པའི་ལུགས་ལྟར་ན། དང་པོ་ཚ་དམྱལ་བརྒྱད་ཀྱི་སྤྱི་མཐུན་དུ་གཞི་དང་ཁོར་ཡུག་ཐམས་ཅད་ལྕགས་བསྲེག་གི་རང་བཞིན་ལས་སའི་རྣམ་པ་ལག་མཐིལ་ཙམ་ཡང་མི་མངོན་པའི་གནས་དེར་ཞེ་སྡང་གི་ཀུན་ནས་བསླང་བའི་མི་དགེ་བའི་ལས་བསགས་པའི་སྐྱེ་བོ་ཐམས་ཅད་སྐད་ཅིག་ལ་རྫུས་ཏེ་སྐྱེས་ནས་རང་རང་གི་ལས་ཀྱི་དབང་གིས་སྐྱེས་མ་ཐག་ཏུ་གཟུགས་ལང་ཚོ་ལ་བབ་ཅིང་། སྟོབས་ཀྱིས་དྲེགས་པའི་ང་རྒྱལ་དང་ཕ་རོལ་མཐོང་ཚད་ལ་ཞེ་སྡང་བའི་བསམ་པས་རྒོལ་བར་སེམས་ཤིང་། ལག་ན་མཚོན་ཆ་སྣ་ཚོགས་རང་གྲུབ་ཏུ་ཡོད་པ་ཞིག་ཏུ་འགྱུར་རོ་ཞེས་ཐོས་སོ། །དེ་ལས་ཀྱང་བྱེ་བྲག་ཡང་སོས་པ་རྣམས་ནི་ཕན་ཚུན་གསོད་རེས་འབའ་ཞིག་པས་སྲོག་དང་བྲལ་བ་ན། ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་གྲགས་པའི་མོད་ལ་སླར་ཡང་སོས་པར་གྱུར་ཏེ་སྔར་བཞིན་གསོད་པའི་སྡུག་བསྔལ་ལས་ཟད་ཀྱི་བར་དུ་མྱོང་བའོ། །དེ་བཞིན་དུ་ཐིག་ནག་ནི་གནས་དེར་འགལ་དུམ་བཞིན་དུ་འགྱེལ་བའི་ཡན་ལག་རྣམས་ལ་ལྕགས་ཀྱི་གཟེར་བུ་བཏབས་ནས་དམྱལ་སྲུང་འཇིགས་སུ་རུང་བ་དག་གིས་དེའི་ལུས་ལ་ཐིག་ནག་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་བཏབ་པའི་ཤུལ་ནས་ལྕགས་ཀྱི་སོག་ལེ་རྣོན་པོ་མེ་འབར་བས་གཤོག་ཅིང་དེ་མ་ཐག་སོས་པ་ལས་སླར་ཡང་གཤོག་པས་སྡུག་བསྔལ་བའོ། །བསྡུས་འཛོམས་ནི་ལྕགས་ཀྱི་རི་བོ་རྣམས་དུད་འགྲོའི་མགོ་བརྙན་གྱི་རྣམ་པར་སྣང་བའི་བར་དུ་ལུས་ཕྱེ་མར་འཐག་ཅིང་སླར་ཡང་སོས་པ་དང་། ལྕགས་གཏུན་ཡུལ་ལྗོངས་ཙམ་པར་རྡུང་བ་ལ་སོགས་པས་སྡུག་བསྔལ་བའོ། །ངུ་འབོད་ནི་ལྕགས་ཁྱིམ་མེ་འབར་བར་བསྲེགས་ཅིང་ཁར་ལྕགས་ཞུན་བསྐོལ་མ་བླུགས་པས་ཤིན་ཏུ་ཉམ་ཐག་པའི་སྡུག་བསྔལ་བས་འོ་དོད་རྒྱུན་མི་འཆད་པར་འབོད་པའོ། །ངུ་འབོད་ཆེན་པོ་ནི་ལྕགས་ཁྱིམ་འབར་བ་ཉིས་རིམ་དུ་ཚུད་པས་སྡུས་བསྔལ་བཟོད་དཀའ་ཞིང་འོ་དོད་སྔ་མ་ལས་ཀྱང་ཆེས་ཆེ་བར་འབོད་པའོ། །ཚ་བ་ནི་ལྕགས་ཀྱི་གསལ་ཤིང་མེ་འབར་བས་ལུས་ཐམས་ཅད་ཕར་ཐལ་ཚུར་ཐལ་དུ་གོ་མཚམས་མེད་པར་འབིག་པའོ། །བར་ཏུ་ཚ་བ་ནི་མདུང་ཐུང་མེ་འབར་བ་རྩེ་གསུམ་པས་ལུས་ཀྱི་གཞུང་ནས་འབིགས་ཤིང་ཕྱི་རོལ་ནས་ལྕགས་སྲེག་གི་སྣམ་བུ་ལེབ་མོས་དཀྲིས་པའི་སྡུག་བསྔལ་བཟོད་པར་དཀའ་བའོ། །མནར་མེད་པ་ནི་ལུས་ཀྱི་དངོས་པོ་བལྟར་མི་མངོན་པར་མེ་དང་ལུས་དབྱེར་མེད་དུ་འབར་བ་སྟེ་དེ་ལས་ཕར་མནར་དུ་མེད་པའོ། །དེ་ལྟ་བུའི་ཚ་དམྱལ་བརྒྱད་པོའང་སྔ་མ་དག་ལས་ཕྱི་མ་རྣམས་སྡུག་བསྔལ་བདུན་འགྱུར་གྱིས་ཆེ་བའོ། །དེ་ནས་གྲང་དམྱལ་བ་རྣམས་ནི་སྤྱི་མཐུན་དུ་གཞི་དང་ཁོར་ཡུག་ཐམས་ཅད་གངས་དང་ཆབ་རོམ་གྱི་ཁྲོད་འབའ་ཞིག་ལས་ས་རང་མཚན་པ་རྐང་མཐིལ་བཞག་ས་ཙམ་ཡང་མེད་པའི་གནས་དེར་ལུས་གཅེར་བུར་གོས་ཀྱི་རྣམ་པ་ལྷན་པ་ཙམ་ཡང་མེད་པར་སྐྱེས་པ་ནི་ཉིན་མཚན་གྱི་དབྱེ་བ་མེད་པར་རྟག་ཏུ་བུ་ཡུག་འབའ་ཞིག་སྦྲེབས་པས་ལུས་གྲང་ཆེས་ཏེ་ཆུ་བུར་ཐོལ་གྱིས་བྱུང་བ་ནི་ཆུ་བུར་ཅན་ནོ། །ཆུ་བུར་དེ་རྡོལ་ནས་རྨར་སོང་བས་ན་ཆུ་བུར་བརྡོལ་བའོ། །ཨ་ཆུའི་སྨྲེ་སྔགས་རྒྱུན་མི་འཆད་པར་འདོད་པས་ན་ཨ་ཆུ་ཆུའོ། །དེ་ཙམ་ཡང་བརྗོད་མི་ནུས་པར་སྐད་ཀྱི་གདངས་ཆགས་པས་ན་ཀྱེ་ཧུད་འདོན་པའོ། །ཁ་འགྲིགས་ནས་སོ་འཐམ་པས་ན་སོ་ཐམ་ཐམ་པའོ། །ལྤགས་པ་ཁ་དོག་སྔོན་པོ་ཉིད་ཚལ་བར་གས་པས་ན་ཨུཏྤལ་ལྟར་གས་པའོ། །དེ་ཡང་རླུང་གིས་སྤུར་ཏེ་ཤའུ་དམར་པོ་ཐོན་པ་ཉིད་བརྒྱད་ཚལ་དུ་གས་པས་ན་པདྨ་ལྟར་གས་པའོ། །སླར་ཡང་དེ་ཉིད་བཅུ་དྲུག་དང་གྲངས་མེད་པའི་བར་གས་པའི་རྨ་ནང་དུ་སྲོག་ཆགས་ལྕགས་ཀྱི་མཆུ་ཅན་དག་ཞུགས་ནས་ཟ་བར་བྱེད་པས་ན་པདྨ་ཆེན་པོ་ལྟར་གས་པ་སྟེ་བརྒྱད་དོ། །དེ་ནས་ཉི་ཚེ་བ་ནི་གནས་ལ་ངེས་པ་མེད་པས་ལུས་ཀྱི་རྣམ་པ་སྡོང་དུམ་དང་། ཐབ་ཁ་དང་། ཐག་པ་དང་། སབ་མ་དང་། ཀ་བ་སོགས་པའི་རྣམ་པར་སྣང་ཞིང་སྡུག་བསྔལ་བའོ། །ཉེ་འཁོར་བ་ནི་ཚ་དམྱལ་བརྒྱད་ཀྱི་འཁོར་དུ་ཡོད་པར་བཤད་ཅིང་ཕྱོགས་འདི་སོ་སོ་ན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ་རྫབ། སྤུ་གྲིའི་ནགས་ཚལ། ཆུ་བོ་རབ་མེད་སྟེ་བཞི་བཞི་བཅུ་དྲུག་རེ་དང་། མཚམས་བཞིར་ཤལ་མ་ལིའི་རི་རེ་རེ་ཡོད་པར་བཤད་དོ། །འདི་དག་ལ་བཤད་སྲོལ་གཞན་ཡང་སྣང་སྟེ། འདིར་སྨྲོས་པའི་ཉི་ཚེ་བའི་སྐབས་སུ་དེའི་ལུས་སྡོང་དུམ་སོགས་སུ་འདུ་ཤེས་པ་ཙམ་མ་ཡིན་པར་དེ་དང་དེར་དངོས་སུ་སྣང་བ་ནི་འདུལ་བ་ལས། རྣ་བ་བྱེ་བ་རིའི་ལོ་རྒྱུས་དང་། དགྲ་བཅོམ་པ་དགེ་འདུན་འཚོ་རྒྱ་མཚོར་ཕྱིན་པ་དང་མོའུ་གལ་གྱི་བུ་རྒྱ་མཚོའི་འགྲམ་དུ་ཕྱིན་པ་སོགས་ཀྱིས་གསལ། ཉེ་འཁོར་ནི་མནར་མེད་ཙམ་དུ་མ་ཟད་ཚ་དམྱལ་བརྒྱད་ཀའི་འཁོར་དུ་བཅུ་དྲུག་རེ་ཡོད་པ་མདོ་དུ་མ་དང་བཤེས་སྤྲིང་རྩ་འགྲེལ་སོགས་ལས་གསལ་བོར་བཤད་པས་འདིར་ཡང་དེ་ལྟར་བཤད་དོ། །གཞན་དུ་ཡང་སྤུ་གྲིའི་ཐང་དང་། རལ་གྲི་ལོ་མའི་ནགས་ཚལ་ཞེས་གཉིས་སུ་ཕྲལ་བ་དང་། མེ་མུར་གྱི་འོབས་དང་ཐལ་ཚན་གྱི་ཆུ་བོ་རབ་མེད་ཅེས་གཉིས་སུ་བཤད་པ་སོགས་ཡོད་ཀྱང་། སྔ་མ་གཉིས་ནི་དེར་འགྲོ་བའི་ལམ་དང་ནགས་ཚལ་དངོས་ཀྱི་ཁྱད་པར་ལས་བརྗོད་དོན་ཐ་དད་མ་ཡིན་པར་གསུངས་ལ། ཕྱི་མ་གཉིས་ཀྱང་དོན་གཅིག་པར་གསུངས་སོ། །འདིར་བཤད་པའི་ཆུ་བོ་རབ་མེད་ནི་ཆུ་ཚན་གྱི་ནང་དུ་མཚོན་ཆ་སྣ་ཚོགས་གཟེང་བར་བཤེས་སྤྲིང་སོགས་ལས་བཤད་པ་ལྟར་ཡིན་ནོ། །གཉིས་པ་ཡི་དྭགས་ལ་བྱིང་གནས་དང་མཁའ་རྒྱུ་གཉིས་ལས། དང་པོ་ལའང་ནང་གསེས་ཕྱི་ཡི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། སྒོས་ཁུར་གྱི་སྒྲིབ་པ་ཅན་ཏེ་གསུམ་ལས། དེ་གསུམ་ཁའི་སྤྱི་མཐུན་དུ་པགས་རུས་གཉིས་ཀྱི་བར་ན་ཤ་མེད་པས་སྐེམ་ཞིང་རིད་པ་དང་། མགོ་བོ་ཁྲོ་རྫ་ཙམ་ལ་ཁ་ཁབ་མིག་ཙམ་དང་མགྲིན་པ་རྟ་རྔ་ཙམ་ལས་མེད་པ་དང་། གསུས་པ་ཡུལ་ལྗོངས་ཙམ་ལ་ཡན་ལག་འཇག་མ་ཙམ་ལས་མེད་པ་དང་། ཕྱིན་ཅི་ལོག་བཞིའི་སྣང་བ་རྟག་པར་འཆར་བ་རྣམས་ནི་ཐུན་མོང་ཡིན་ལ། བྱེ་བྲག་གི་ཁྱད་པར་ནི། ཕྱིའི་སྒྲིབ་པ་ཅན་དག་གིས་ཟས་སྐོམ་ལ་སོགས་པ་མཐོང་བའི་མོད་ལ་མེད་པར་འགྱུར་པ་སོགས་ཕྱི་རོལ་གྱི་གནོད་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དག་གིས་ནི། ཟས་སྐོམ་ཅུང་ཟད་རྙེད་ནས་བཟའ་བཏུང་བགྱིས་རུང་དེ་མ་ཐག་དེ་དག་ལས་མེ་འབར་དེ་དོན་སྣོད་མཐའ་དག་བསྲེག་པར་བྱེད་པས་ནང་གི་གནོད་པ་ཅན་ཏེ། འདིའི་མིང་ལ་མེ་ལྕེའི་འཁོར་ལོ་ཅན་ཡང་ཟེར་རོ། །སྒོས་ཁུར་གྱི་སྒྲིབ་པ་ཅན་ནི་ཡི་དྭགས་ཆེན་པོ་རེ་རེའི་ལུས་ལ་ཆུང་དུ་དཔག་ཏུ་མེད་པས་ཚང་འཆའ་བ་སོགས་སྡུག་བསྔལ་དཔག་ཏུ་མེད་དོ། །གཉིས་པ་མཁའ་ལ་རྒྱུ་བ་ནི། བདུད་བཙན་སྲིན་པོ་ལ་སོགས་མི་མ་ཡིན་ཕ་རོལ་ལ་འཚེ་བ་རྣམས་ཏེ། འདི་དག་ཀྱང་མངོན་ཤེས་རྫུ་འཕྲུལ་ལོངས་སྤྱོད་ལ་སོགས་པ་ཅུང་ཟད་ཡོད་ཀྱང་མི་བརྟན་པ་དང་། ཕ་རོལ་རིགས་སྔགས་མཁན་ལ་སོགས་པས་མནན་བསྲེགས་ཀྱི་སྦྱོར་བས་སྡུག་བསྔལ་རྒྱུན་མི་འཆད་པ་དང་། རྟག་ཏུ་བསམ་སྦྱོར་ངན་པ་བསྐྱེད་པས་ཕྱི་མའི་སྡུག་བསྔལ་འདུ་བྱེད་པ་སོགས་སྡུག་བསྔལ་གྱི་རྣམ་པ་དཔག་ཏུ་མེད་དོ། །འདིར་དུད་འགྲོ་དང་ཡི་དྭགས་གཉིས་ཀྱི་སྔོན་ལ་ཡི་དྭགས་བཤད་པ་ནི་ད་ལྟའི་ཁྲིད་ཡིག་རྣམས་ཀྱི་འགྲོས་དང་བསྟུན་གྱི་གཞན་དུ་ན་མདོ་སྡེ་དྲན་པ་ཉེ་བར་བཞག་པ་དང་། བཤེས་སྤྲིང་སོགས་ལས། དུད་འགྲོ་ཉིད་སྔོན་ལ་བཤད་ཅིང་སྡུག་བསྔལ་ཡང་དེ་ཉིད་ཆེ་བར་བཤད་དོ། །གསུམ་པ་དུད་འགྲོ་ལ་ཁ་འཐོར་དང་བྱིང་གནས་གཉིས་ལས། དང་པོ་ལའང་མིས་བདག་ཏུ་བཟུང་བ་དང་མ་བཟུང་བ་གཉིས་ལས་དང་པོ་ནི། མི་ལ་བརྟེན་པའི་རྟ་ཁལ་ར་ལུག་ལ་སོགས་པ་རྣམས་ཏེ་དེ་དག་ལ་ནི། ཁལ་འགེལ་བ་དང་། སྣ་འབིགས་པ་དང་། བྱ་གཅོད་པ་དང་། ཞོ་བཞོ་བ་དང་། གསོན་ཁྲག་འབྱིན་པ་དང་། གསོད་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་ལ། མི་ལ་མ་བརྟེན་པའི་གཅན་གཟན་རི་དྭགས་ལ་སོགས་པ་རྣམས་ནི་ཕ་རོལ་གྱིས་གསོད་པའི་གཡོ་ཐབས་མེ་མདའ་དང་། ལག་རྙི་དང་། མདའ་མོ་ཆེ་དང་། ཐག་རྒྱ་ལ་སོགས་པ་དུ་མས་སྲོག་དང་འབྲལ་བར་བགྱིད་པའི་ཕྱིར་སྤང་ལྗོངས་ལས་སྐྱེས་པའི་རྩ་སྔོན་ཁམ་གཅིག་ཟ་ནའང་། ཕྱོགས་ཀུན་ཏུ་བྱ་ར་བགྱིད་བཞིན་བཟའ་བ་ལས་བག་ཕབ་ནས་ཟ་མི་ཕོད་པ་སོགས་འདི་དག་གི་སྡུག་བསྔལ་མཐོང་བའི་ཆོས་ལ་གྲུབ་པའི་ཕྱིར་སྨོས་མ་དགོས་སོ། །གཉིས་པ་བྱིང་ན་གནས་པ་ནི་གླིང་བར་མུན་ནག་གི་རྒྱ་མཚོའི་ཀློང་རྣམས་དང་ཆུ་གཏེར་ཆེན་པོ་བཞིའི་ཁྱོན་ལ་གནས་པ་སྟེ། དེ་ཡང་སྔོན་གྱི་གཏི་མུག་ལ་གོམས་པའི་མཐུས་གླེན་རྨོང་གི་སྡུག་བསྔལ་ཡོད་པ་གཞིར་བཞག་ལ། བྱེ་བྲག་ཏུ་ཚ་གྲང་བཀྲེས་སྐོམ་ལ་སོགས་དཔག་ཏུ་མེད་ཅིང་། ཕན་ཚུན་ཆེན་པོས་ཆུང་དུ་བཟའ་བ་དང་། ཆུང་ངུས་ཆེན་པོ་འབིགས་པ་དང་། རང་ཤ་རང་གིས་བཟའ་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་བོ། །དེ་ལྟར་ངན་སོང་གསུམ་གྱི་འགྲོ་བ་ལ་ནི་སྔུག་བསྔལ་ཁོ་ནའི་རང་བཞིན་ལས་བདེ་བར་བསྟི་བའི་སྐབས་ཆེར་མེད་ལ། དེར་དཔག་ནས་མཐོ་རིས་ཀྱི་འགྲོ་བ་རྣམས་ལ་བདེ་བ་ཅུང་ཟད་རེ་ཡོད་པར་བརྩིས་ནས་བདེ་འགྲོ་ཞེས་བསྙད་པའོ། །དེ་དག་ཀྱང་རི་རབ་ཀྱི་ཁོངས་སེང་དང་བང་རིམ་བཞི་དང་། གླིང་གླིང་ཕྲན་རྣམས་ལ་བརྟེན་པའི་འགྲོ་བ་སྟེ། དེའི་ཚུལ་འཆད་པ་ལའང་གསུམ་ལས། དང་པོ་མིའི་འགྲོ་བ་ནི་རྫོགས་ལྡན་ལ་སོགས་པའི་བྱེ་བྲག་གིས་སྐྱེ་བ་རྣམ་པ་བཞིར་སྣང་ཡང་། ད་ལྟ་ཕལ་ཆེར་མངལ་ལས་སྐྱེ་བ་ལྟར་བརྗོད་ན། སྤྱིར་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སྟེ་གསུམ་དང་བྱེ་བྲག་ཡན་ལག་གི་སྡུག་བསྔལ་བརྒྱད་ལ། སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་སྟེ་བཞིའི་སྟེང་དུ། ལང་ཚོ་དར་བའི་ཆ་ལ་རེ་ཞིག་བདེ་བ་ལྟར་སྣང་རུང་། དེས་རྟག་མི་ཐུབ་པར། དགྲ་སྡང་བ་དང་ཕྲད་ཀྱིས་དོགས་པའི་སྡུག་བསྔལ། གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ། འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ། མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ་སྟེ་བཞི་བསྣན་པའི་བརྒྱད་པོ་དེས་རྟག་ཏུ་མནར་ལ་གཞན་ཡང་ནོར་རྫས་ལ་སོགས་པ་འབྱོར་ན་ནི། དེ་ཉིད་བསྲུང་བ་དང་། སྤེལ་བ་དང་། འཚོ་སྐྱོང་ལ་སོགས་པའི་བྱེད་ལས་ཀྱིས་སྒོ་གསུམ་དུབ་པར་བྱེད་ཅིང་། གལ་ཏེ་རྒུད་ན་ནི། ཕ་རོལ་གྱིས་བརྙེས་ཤིང་སུན་འབྱིན་པ་དང་། ཟས་གོས་སོགས་འཚོལ་བའི་འབད་རྩོལ་གྱིས་གདུང་བར་བྱེད་ལ། གཞན་དུ་དམ་པའི་ཆོས་བསྒྲུབ་པར་བྱས་ན་རྟེན་དེ་ལ་རྫོགས་པའི་བྱང་ཆུབ་འགྲུབ་པའི་ནུས་པ་ཡོད་པའི་ཕྱིར་འགྲོ་བ་གཞན་ལས་ཁྱད་པར་དུ་འཕགས་པའང་ཡིན་ནོ། །གཉིས་པ་ལྷ་མ་ཡིན་རྣམས་ནི་རྒྱུ་ཕྲག་དོག་དང་ལྟ་བས་ཀུན་ནས་བསླངས་པའི་ལས་ཀྱིས་གནས་རིགས་དེར་སྐྱེས་བའི་ཕྱིར། ཐོག་མ་ཉིད་ནས་ཕ་རོལ་དང་འཐབ་རྩོད་བྱེད་པའི་བསམ་པ་ཁོ་ནས་གནས་པའི་སྟེང་། ལྷ་རྣམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་མི་བཟོད་པའི་སེམས་ཀྱིས་གཡུལ་གྱི་བྱ་བ་ཁོ་ན་ལ་ཞུགས་པ་ན་སྔོན་གྱི་བསོད་ནམས་ཀྱི་ཁྱད་པར་ལས་ལྷ་རྣམས་ཀྱི་སྟོབས་དང་ནུས་པ་ལ་རྒོལ་མ་ཐུབ་པར་རང་ཉིད་ཕམ་པའི་གནས་འབའ་ཞིག་ཏུ་གྱུར་པས་མགོ་དང་ཡན་ལག་བཅད་པའི་ཚོར་བ་རྩུབ་མོ་དེས་རྟག་ཏུ་གདུང་བ་དང་། ནང་ཕན་ཚུན་དུའང་ཁ་སྨྲས་དང་གླེང་བརྗོད་ཀྱི་རྩོད་པ་རྒྱུན་མི་འཆད་པ་སོགས་མདོར་ན་འཐབ་ཅིང་རྩོད་པའི་སྡུག་བསྔལ་དཔག་ཏུ་མེད་ལ། གནས་རིགས་དེར་འབྱོར་བ་དང་ཤེས་རབ་ལྡན་པ་འགའ་ཞིག་སྲིད་རུང་བདེན་པ་མཐོང་བའི་རྒྱུ་རྐྱེན་ཚོགས་པ་ནི་ཤིན་ཏུ་དཀའ་འོ། །གསུམ་པ་ལྷ་ལའང་ནང་གསེས་ཁམས་གསུམ་ལས། འདོད་ཁམས་པ་རྣམས་ནི་ལོངས་སྤྱོད་དང་དགའ་བདེ་ཆེ་རུང་དེ་ཉིད་ལ་བག་མེད་པར་སྤྱོད་པའི་ངང་དུ་ཚེ་ཡི་འདུ་བྱེད་ཕལ་ཆེར་ཟད་ནས་འཆི་བར་ཉེ་བ་དང་། ལྷ་རང་གི་འཆི་ལྟས་ཐུན་མོང་མ་ཡིན་པ་ལྔ་འབྱུང་ཞིང་དེ་དག་མཐོང་བའི་མོད་ལ་བྲེད་ཅིང་དངངས་པར་གྱུར་པ་ན། ལྷ་གྲོགས་ཟླ་བོ་རྣམས་ཀྱིས་ཀྱང་རིང་དུ་སྤངས་ནས་ལེགས་སྨོན་གསོལ་བ་ཙམ་བགྱིད་ལ། སྐབས་དེར་ནི་སྟོབས་དང་ནོར་གྱིས་བསླུ་པ་ལ་སོགས་པའི་ཐབས་དང་བྲལ་ནས་འཆི་བར་འགྱུར་བ་དང་། ཤི་ནས་ཀྱང་ལས་ཀྱི་ཕྱི་བཞིན་འབྲངས་ཏེ་ངན་སོང་ལ་སོགས་པར་སྐྱེ་བར་འགྱུར་བའི་ཚུལ་རང་གི་མངོན་ཤེས་ཀྱིས་མཐོང་སྟེ་ཤིན་ཏུ་སྡུག་བསྔལ་བའི་ཚོར་བ་མྱོང་བཞིན་ལྷའི་ཞག་བདུན་དུ་གནས་དགོས་པ་སྟེ། དེ་ནི་སུམ་ཅུ་རྩ་གསུམ་པ་ལྟ་བུར་མཚོན་ན་མི་ལོ་བདུན་བརྒྱའི་ཡུན་ཚད་ཡིན་པའི་ཕྱིར་རབ་ཏུ་ཡུན་རིང་ཞིང་བཟོད་པར་དཀའ་འོ། །དེ་ལས་ཀྱང་ས་ལ་བརྟེན་པའི་གནས་རིགས་གཉིས་ནི་ལྷ་མ་ཡིན་དང་རྩོད་པའི་སྡུག་བསྔལ་ལྡན་པ་ཅན་ཡང་ཡིན་ནོ། །ཁམས་གོང་མ་གཉིས་ནི་རེ་ཞིག་བསམ་གཏན་གྱི་བདེ་བ་དང་། སྤྲུལ་པའི་ལོངས་སྤྱོད་ཀྱིས་འཚོ་ཡང་། དེའི་འཕེན་བྱེད་ཀྱི་རྒྱུ་ཟག་བཅས་ཀྱི་དགེ་བ་དང་། འཇིག་རྟེན་པའི་བསམ་གཏན་ཡིན་པའི་ཕྱིར་ལས་དེ་དག་ཟད་པ་ན་སླར་གནས་རིགས་འོག་མར་ལྟུང་བར་འགྱུར་བའི་སྡུག་བསྔལ་དང་ལྡན་པ་ཡིན་ལ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པའི་བསམ་གཏན་ལུང་མ་བསྟན་དང་རྗེས་སུ་འབྲེལ་བའི་བག་ལ་ཉལ་གྱི་གཏི་མུག་ཀྱང་མཚུངས་ལྡན་དུ་གནས་པའི་དབང་གིས་དུད་འགྲོ་ལ་སོགས་པར་འཕེན་པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པའང་ཡིན་ནོ། །དེ་དག་ལས་གཟུགས་ཁམས་ཀྱི་གནས་རྣམས་སུ་ནི་སྤྱིར་ཡང་འཕགས་པའི་རིགས་ཀྱི་གང་ཟག་དག་མེད་པ་མ་ཡིན་ལ། ཁྱད་པར་གཙང་གནས་ལྔར་ནི་འཕགས་པ་ཁོ་ནས་སྤྱོད་པའི་ཕྱིར་དག་ཞིང་དུ་བཤད་པའང་ཡོད་དོ། །དེ་ལྟར་ནའང་གང་ཟག་རྒྱུད་དག་པ་ཉི་ཚེ་ཞིག་སྲིད་པ་ཙམ་གྱིས་ནི་གནས་དེ་ཁྱད་པར་ཅན་དུ་འཆད་མི་ནུས་ཏེ། དེ་འདྲ་བ་དེ་འགྲོ་བ་གཞན་ལའང་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འདི་དག་ནི་དམིགས་ཀྱིས་བསལ་བ་སྟེ་མ་གཏོགས་པའོ། །དེ་ཡན་ཆད་ཀྱིས་གང་ལས་ངེས་པར་འབྱུང་བའི་ཡུལ་ངོས་བཟུང་བ་སོང་ནས། །ད་ནི་དེ་ལས་ངེས་པར་བྱིན་བའི་ཐབས་བློ་སྦྱོང་ཆེད་དུ་སྒོམ་པའི་ཚུལ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། །འདི་ནི་དེ་ལས་ངེས་པར་འབྱུང་བའི་བསམ་པ་བསྐྱེད་པའོ། །དེ་ལའང་བློ་ལྡོག་གི་ཆོས་བཞི་ཞེས། དལ་འབྱོར་རྙེད་དཀའ་དང་ཚེ་མི་རྟག་པ་གཉིས་བསམ་པས་ཚེ་འདིའི་འདུན་མ་སྒྲུབ་པའི་བློ་སྣ་ལྡོག་པར་བྱེད་ཅིང་། །ལས་འབྲས་བསླུ་མེད་དང་། འཁོར་བའི་ཉེས་དམིགས་གཉིས་བསམ་པས་ནི་ཚེ་ཕྱི་མར་ཡང་སྲིད་པའི་བདེ་འབྲས་སྒྲུབ་པའི་འདུན་མ་ལྡོག་པར་བྱེད་པ་སྟེ། དེས་ན་ཐབས་འདི་དག་བསྒོམས་པས་ཚེ་འདི་ཕྱི་གང་དུའང་སྲིད་པའི་ཕུན་ཚོགས་ལ་མངོན་པར་ཞེན་པའི་སྣང་ཤེས་ལོག་ནས་ཐར་བ་ཁོ་ན་དོན་དུ་གཉེར་བའི་བློ་མཚན་ཉིད་པ་དེ་སྐྱེ་བར་འགྱུར་རོ་ཞེས་འཆད་དོ། །དེའི་ཚུལ་ལ་དམ་པ་གོང་མ་རྣམས་ཀྱི་ཁྲིད་ཡིག་དག་ལས་གོ་རིམ་མ་ངེས་པར་གསུངས་ཏེ། ཁ་ཅིག་ལས་ནི་ཇི་ལྟར་བཤད་པའི་རིམ་པ་འདིར་བཀོད་པ་ལྟར་གསུངས་ལ། ཁ་ཅིག་ཏུ་ནི་ཐོག་མར་འཁོར་བའི་ཉེས་དམིགས་དང་ལས་འབྲས། དེ་ནས་དལ་འབྱོར་རྙེད་དཀའ་དང་མི་རྟག་པ་བསྒོམ་པར་བཤད་དོ། །ལ་ལ་དག་དལ་འབྱོར་རྙེད་དཀའ་སྔོན་དུ་འགྲོ་བ་ཅན་ལས། ལས་འབྲས་དང་འཁོར་བའི་ཉེས་དམིགས་གོ་ལྡོག་ནས་འཆད་དེ། དེ་དག་གང་ལའང་རང་རང་གི་ལུགས་ལྟར་འཐད་ཆོས་རེ་རེ་སྒྲུབ་ཏུ་ཡོད་པས་མཐའ་གཅིག་ཏུ་ཁ་ཚོན་བཅད་པར་མི་བྱའོ། །འདིར་ནི་ཐོག་མའི་དམ་བཅའ་ལྟར་འགོད་པ་ལ་བཞི་ལས། དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ལའང་། ཁྲིད་ཡིག་བྱང་ཆུབ་ལམ་བཟང་དུ་ས་བཅད་བཅུའི་སྒོ་ནས་བསྒོམ་པར་གསུངས་པ་ལྟར་བྱེད་དགོས་ཀྱང་འདིར་རེ་ཞིག་བསྡུས་ཏེ་འདོམས་པ་ལ། ངོ་བོ་དལ་བ་ལ་བསམ་པ། ཁྱད་པར་གྱི་འབྱོར་བ་ལ་བསམ་པ། རྙེད་དཀའི་དཔེ་ལ་བསམ་པ། གྲངས་ཀྱི་ཁྱད་པར་ལ་བསམ་པ་སྟེ་བཞི་ལས། དང་པོ་ནི། ངན་སོང་གསུམ་དང་ལྷ་ཚེ་རིང་བོར་སྐྱེས་ན་ནི་གོང་དུ་བཤད་པའི་རང་རང་གི་སྡུག་བསྔལ་དེ་དང་དེས་མནར་བས་ཆོས་བྱེད་མི་ཁོམས། ལྷ་མིན་ནི་སྟོད་རིས་ལྷ་དང་། སྨད་རིས་དུད་འགྲོའི་རིགས་སུ་བསྡུས་པས་འདིར་ཐ་དད་དུ་མེད་ལ། མིར་སྐྱེས་ཀྱང་མཐའ་འཁོབ་ཏུ་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་མི་དར། དབང་པོ་མ་ཚང་ན་ཆོས་སྒྲུབ་པའི་གེགས་སུ་འགྲོ། ལོག་ལྟ་ཅན་ལ་སྐྱེས་ན་རྒྱལ་བསྟན་ལ་མི་གུས། མུན་བསྐལ་དུ་སྐྱེས་ན་སངས་རྒྱས་དང་ཆོས་ཀྱི་སྒྲ་ཙམ་ཡང་མི་ཐོས་དེ། དེའི་ཕྱིར་དེ་དག་ནི་བར་ཆད་ཀྱི་ཆོས་དེ་དང་དེས་ཆོས་རྣམ་པར་དག་པ་སྒྲུབ་མི་ཁོམས་པའི་རྐྱེན་བྱེད་པའི་ཕྱིར། མི་ཁོམས་པའི་གནས་བརྒྱད་ཅེས་བྱའོ། །དེ་དག་ཏུ་མ་སྐྱེས་པ་ལ་རེ་ཞིག་དལ་བའི་སྒྲས་སྨོས་ཏེ། དེས་ན་རང་གི་ངོ་བོ་ནས་དལ་བའི་ལུས་རྟེན་དེ་ཐོབ་པ་ལ་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པ་ལས་ཀྱང་ལྷག་པའི་དགའ་བ་ཁྱད་པར་ཅན་བསྒོམ་པར་བྱའོ། །གཉིས་པ་ནི་མི་ཁོམས་པའི་གནས་བརྒྱད་དུ་མ་སྐྱེས་པའི་ཁྱད་པར་གྱི་ལྡོག་པ་ལས་སྨོས་པ་ཙམ་སྡེ་འདི་ལྟར། མི་མ་ཡིན་གྱི་མི་ཁོམས་པའམ། ཕྱིའི་མི་ཁོམས་པ་བཞིར་མ་སྐྱེས་པའི་ཁྱད་པར་གྱི་ལྡོག་པ་ནི་མིར་གྱུར་པ་ཉིད་དོ། །དབང་པོ་མ་ཚང་པ་ལས་ལྡོག་པ་ནི་དེ་ཚང་བའོ། །ཡུལ་མཐའ་འཁོབ་ལས་ལྡོག་པ་ནི་ཡུལ་དབུས་སོ། །ལོག་ལྟ་ཅན་ལས་ལྡོག་པ་ནི་དད་པ་ཅན་ཏེ་ལས་མཐའ་མ་ལོག་པའང་དེའི་ཁྱད་པར་གྱི་ཆོས་སོ། མུན་བསྐལ་ལས་ལྡོག་པ་ནི་སྒྲོན་མེའི་བསྐལ་བ་སྟེ་དེའི་ཁྱད་པར་གྱི་ཆོས་ནི་སངས་རྒྱས་བྱོན་པ་དང་དེས་ཆོས་གསུངས་པ་དང་། བསྟན་པ་གནས་པ་དང་། གདུལ་བྱ་དེའི་རྗེས་སུ་འཇུག་པ་དང་། དེ་ལ་བླང་དོར་སྟོན་པའི་བཤེས་གཉེན་ཡོད་པ་རྣམས་ཡིན་ཏེ། འདིར་སངས་རྒྱས་འཇིག་རྟེན་དུ་བྱོན་ཕྱིན་དེས་ཆོས་མི་གསུངས་པ་མི་སྲིད་པ་སོགས་འོག་མ་རྣམས་ལའང་སྦྱར་བར་བྱའོ། །དེས་ན་བསམ་པར་བྱ་བ་ནི་རང་གི་སྒོར་དལ་བའི་ངོ་བོ་ལ་འབྱོར་བཅུའི་ཁྱད་པར་གྱི་ཆོས་རྣམས་ཚང་བའི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་འདི་རྙེད་པར་གྱུར་པ་ངོ་མཚར་རེ་ཆེ། འདི་ལ་སྙིང་པོ་དམ་པའི་ལྷ་ཆོས་བཤའ་མ་ཞིག་ཅི་ནས་ཀྱང་བླང་བར་བགྱིའོ་སྙམ་པ་དེ་ཡིན་ནོ། །གསུམ་པ་ནི། རྒྱ་མཚོའི་གཏིང་གི་རུས་སྦལ་ལོང་བ་དང་གཉའ་ཤིང་གི་བུག་པའི་དཔེ་དང་། གྱང་ལོགས་དང་སྲན་མའི་དཔེ་དང་། ཁབ་རྩེ་དང་ཡུངས་འབྲུའི་དཔེ་རྣམས་ཡིན་ནོ། །བཞི་བ་ནི། ཉིན་མཚན་གྱི་སྐར་མའི་མང་ཉུང་དང་། །ས་ཆེན་པོའི་རྡུལ་དང་སེན་མོའི་རྡུལ་གྱི་མང་ཉུང་དང་། འབྲུའི་ཕུང་བོ་ཆེན་པོའི་རྩ་རྩེའི་བྱེ་བྲག་གི་གྲངས་མང་ཉུང་རྣམས་ལ་ལེགས་པར་དཔག་ནས། སྤྱིར་མཐོ་རིས། ཁྱད་པར་མི་ལུས། ཡང་དགོས་དལ་འབྱོར་རྙེད་པར་དཀའ་བ་ལ་ལེགས་པར་བསམ་ནས་ཚེ་འདིར་འབྲས་བུ་མངོན་དུ་སྒྲུབ་པའི་འདུན་མ་ཡང་ཡང་བསྐྱེད་དོ། །གཉིས་པ་ཚེ་མི་རྟག་པ་བསྒོམ་པ་ནི། དེ་ལྟ་བུའི་དལ་འབྱོར་ཕུན་སུམ་ཚོགས་པ་རྙེད་རུང་། སྐྱེས་ཙམ་ཉིད་ནས་འཆི་བའི་སྟ་གོན་ལ་གནས་པའི་ཕྱིར་ད་བར་མ་ཤི་བ་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་སྔོན་བསགས་རྣམ་པར་དཀར་བའི་འབྲས་བུ་རུ་འདུག་ཀྱང་ད་ལྟ་རང་མི་འཆི་བའི་གདེང་ཡེ་མེད་པ་ལ་ལེགས་པར་བསམ་ནས་མགོའམ་གོས་ལ་མེ་ཤོར་ན་དེ་ཉིད་གསོད་པའི་སྦྱོར་བ་ལ་མྱུར་དུ་འཇུག་པ་ལྟར་ཟས་ཟ་འཕྲོ་དང་གོས་གྱོན་ཕྲོ་ཚུན་ཆད་བརྟགས་དཔྱད་མེད་པར་བཞག་ནས་ད་ལྟ་ཉིད་དུ་ཆོས་ལ་འཇུག་པ་ཞིག་དགོས་ཏེ། འདི་ལྟར་མགོ་མེ་འབར་བཞིན་དུ་ཡང་ཟས་ཟ་བ་སོགས་བགྱིད་པ་ནི་དེའི་ཚུལ་མ་ཡིན་པ་ལྟར། འཆི་བདག་བྱུང་བའི་དུས་སུ་ནི་ཟས་གོས་ཀྱི་འཕྲོ་རྣམས་ལ་བསམ་གཞིག་བཏང་ནས་སྡོད་པའི་དབང་ཡོད་པ་མ་ཡིན་ཏེ། དེས་ན་ཙམ་གྱིས་འཇོག་པ་མཉམ་པོ་ལ་ད་ལྟ་རང་དབང་ཡོད་དུས་བཞག་ནས་ཆོས་ལ་འབད་ན་འདི་ཕྱི་ཕན་པའི་དོ་རྒྱ་ཆེན་པོ་འགྲུབ་པ་ལ་སྙིང་ནས་བསམ་པར་བྱའོ། །འདིའི་ཚུལ་ལའང་ས་བཅད་མང་དུ་བྱས་པ་ཡོད་དེ་བསྡོམས་ན། ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་དང་། ནང་བཅུད་ཀྱི་སེམས་ཅན་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་སྟེ་གཉིས་ལས། དང་པོ་ལའང་གནས་སྐབས་དུས་བཞིའི་འགྱུར་ལྡོག་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་དང་། མཐར་ཐུག་བསྐལ་བའི་མེ་བདུན་ཆུ་གཅིག་གིས་འཇིག་ཚུལ་ལ་བསམ་སྟེ་མི་རྟག་པ་བསྒོམས་པ་སྟེ་གཉིས་ཡོད། ཕྱི་མ་ལའང་དམ་པའི་སྐྱེས་བུ་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་དང་། སྐྱེ་དགུའི་བདག་པོ་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་དང་། འཆི་བའི་རང་བཞིན་ལ་བསམ་སྟེ་མི་རྟག་བསྒོམ་པ་དང་། དཔེ་དོན་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་སྟེ་བཞི་ཡོད་པ་རྣམས་ལ་སོ་སོར་བསམ་ནས་བློ་སྣ་བསྟུང་ཏེ་ད་ལྟ་ནས་ཆོས་ལ་འཇུག་དགོས་པའི་ཕྱིར། རང་བཞིན་དེ་དག་དྲན་བཞིན་པར་ངག་ཏུའང་། ཀྱེ་མ་ཀྱེ་མ་བླ་མ་རིན་པོ་ཆེ༔

ཞེས་པ་ནས། གདམས་པའི་སྙིང་པོ་ལོན་པར་བྱིན་གྱིས་རློབས༔ ཞེས་པའི་བར་བརྗོད་ནས་དོན་ལའང་བསམ་མོ། །གསུམ་པ་ལས་འབྲས་བསླུ་མེད་ལ་བསམ་པ་ནི། སྤྱིར་རང་བཞིན་གྱི་ཁ་ན་མ་ཐོ་བའི་དབང་དུ་བྱས་ཏེ་སྐྱེས་བུའི་སྒོ་གསུམ་དང་འབྲེལ་བའི་མི་དགེ་བའི་ལས་ལམ་བཅུ་དང་། དེ་དག་ལས་ལྡོག་པ་དགེ་བའི་ལས་ལམ་བཅུར་ཡོད་པ་ལས། དང་པོ་ནི་ལུས་ཀྱི་སྒོ་ནས་སྲོག་གཅོད་མ་བྱིན་ལེན་ལོག་གཡེམ་སྟེ་གསུམ། ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་སྟེ་བཞི། ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ་གསུམ་རྣམས་བསྡོམས་པས་བཅུ་བོ་དེ་དག་གི་རྣམ་སྨིན་གྱི་འབྲས་བུར། མི་དགེ་བའི་ཀུན་སློང་དུག་གསུམ་གང་རུང་གིས་ཀུན་ནས་བསླང་བའི་བྱེ་བྲག་གིས་ངན་སོང་གསུམ་གང་རུང་དུ་སྐྱེ་བ་དང་། རྒྱུ་མཐུན་ལ་གཉིས་ལས་བྱེད་པ་རྒྱུ་མཐུན་གྱི་འབྲས་བུར་སྔ་མའི་བྱེད་རྒྱུའི་རྣམ་པ་དང་མཐུན་པའི་དངོས་པོ་ལ་འཇུག་པར་སྤྲོ་བ་དང་། མྱོང་བ་རྒྱུ་མཐུན་གྱི་འབྲས་བུར་དེ་ཉིད་གོ་ལྡོག་གི་ཚུལ་དུ་སྨིན་པ་སྟེ། དཔེར་ན་ཕར་སྲོག་བཅད་པས་ཚུལ་རང་ཉིད་ཚེ་ཐུང་ལ་ནད་མང་བ་ལ་སོགས་པའི་ཚུལ་གྱིས་འོག་མ་རྣམས་ལའང་ལས་རེ་རེར་འབྲས་བུ་གཉིས་གཉིས་སྨིན་པའི་ཚུལ་དུ་སྦྱར་བར་བྱའོ། །དབང་འབྲས་སམ་བདག་འབྲས་ནི་ཡུལ་ལ་སྨིན་པ་སྟེ། ལས་མི་དགེ་བ་བཅུ་གང་བསགས་ཀྱང་། དེ་དང་ཆ་འདྲ་བའི་ཡུལ་ལ་དབང་བྱེད་པས་མས། དེ་དང་འདྲ་བའི་ཡུལ་ལ་བདག་པོ་བྱེད་པས་ན་དེ་སྐད་ཅེས་གྲགས་ཏེ། དེ་ཡང་དཔེར་མཚོན་ན་གཞན་གྱི་སྲོག་བཅད་པ་ལས་གཅན་གཟན་དང་མི་རྒོད་ཆོམ་རྐུམ་ལ་སོགས་རང་གི་སྲོག་ལ་རྒོལ་བའི་འཇིགས་པ་ཡོད་སར་སྐྱེ་བ་ལྟ་བུ་དང་། གཞན་འབྱོར་བ་དང་ཕྲལ་ནས་དབུལ་བར་བྱས་པས། རང་ལ་འབྱོར་བ་དབུལ་ཞིང་ཅུང་ཟད་ཡོད་པའང་རྐུན་པོ་དང་འབྲེལ་བ་ལྟ་བུའི་མུ་གེ་ཅན་གྱི་ཡུལ་དུ་སྐྱེ་བ་སོགས་གཞན་དག་ལའང་ཇི་རིགས་པར་སྦྱར་ཤེས་པར་བྱའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལས་འཕེལ་བའི་ཆ་ནས་བཞག་པ་སྟེ། གཞན་དུ་བྱེད་པ་རྒྱུ་མཐུན་དང་ཕྱོགས་གཅིག་ཏུ་བྱས་ནས་བཤད་པའང་ཡོད་དོ། །ལས་འབྲས་ཀྱི་རྣམ་གཞག་འདི་དག་ནི་ཤིན་ཏུ་ནས་ཀྱང་རྟོགས་པར་དཀའ་བའི་གནས་ཏེ་འདིར་མིང་གི་རྣམ་གྲངས་རག་པ་ཙམ་ཞིག་སྨོས་པར་ཟད་དོ། །དེ་ལ་དཔྱིས་ཕྱིན་པར་ཤེས་པར་འདོད་པ་དག་སྤྱིར་རྟེན་ཅིང་འབྲེལ་འབྱུང་གི་རྒྱུ་དང་འབྲས་བུའི་གྲུབ་ཚུལ་རྣམས་དང་། བྱེ་བྲག་རྒྱུ་དྲུག་དང་རྐྱེན་བཞིས་འབྲས་བུ་ཇི་ལྟར་བསྐྱེད་ཚུལ་དང་། ལས་འབྲས་རང་ལའང་ལས་བྱས་ཤིང་མ་བསགས་པ་ལ་སོགས་པའི་མུ་བཞི་དང་། ལྟར་སྣང་དགེ་ཡང་ངོ་བོ་སྡིག་པ་ལ་སོགས་པའི་མུ་བཞི་ཡོད་པ་སོགས་ལ་ལྟོས་ནས། སྨིན་པར་ངེས་པ་དང་མ་ངེས་པའི་ལས་གཉིས་སུ་བཞག་པ་སོགས་ཕྲ་ཞིབ་ཀྱི་རྣམ་པར་མདོ་སྡེ་དང་བསྟན་བཅོས་ཆེན་པོ་དག་ལས་ཇི་ལྟར་བཤད་པ་བཞིན་རྟོགས་པར་བྱས་ནས་སྤང་བླང་ཚུལ་བཞིན་བྱའོ། །གཉིས་པ་དགེ་བའི་ལས་འབྲས་ནི། ཕལ་ཆེར་རྒྱུ་མི་དགེ་བ་ལས་ལྡོག་པ་ཉིད་དང་། འབྲས་བུ་མི་དགེ་བའི་འབྲས་བུ་ལས་ལྡོག་པ་ཉིད་ཡིན་པའི་ཕྱིར་སྨྲོས་མ་དགོས་ཀྱང་། རྣམ་སྨིན་གྱི་འབྲས་བུ་མཐོ་རིས་གསུམ་དང་ཐར་བ་གང་རུང་དུ་སྐྱེ་བ་སོགས་བསམ་སྦྱོར་གྱི་ཁྱད་པར་ལས་བསོད་ནམས་ཆ་མཐུན་གྱི་དགེ་བ་དང་། ཐར་བ་ཆ་མཐུན་གྱི་དགེ་བ་གཉིས་སུ་འགྱུར་བ་འདི་ཤེས་དགོས་སོ། །དེ་ཡང་བསམ་པ་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བའི་བློས་སྦྱོར་བ་དགེ་བའི་ལས་བཅུ་ཆུང་འབྲིང་ཆེན་པོར་སྤྱད་པས་མཐོ་རིས་གསུམ་གང་རུང་དུ་སྐྱེ་བ་སྟེ། དེ་ལ་ཡང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་ཁྱད་པར་ལས་ལྷ་གནས་གོང་མའི་བྱེ་བྲག་འབྱེད་ཅིང་། ཚུལ་ཁྲིམས་ལའང་སྤྱིར་བཏང་ངེས་འབྱུང་དང་བསམ་གཏན་དང་ཟག་མེད་ཀྱི་ཁྱད་པར་རྣམས་དང་། ཏིང་ངེ་འཛིན་ལའང་ཚངས་གནས་བཞིའི་ཏིང་ངེ་འཛིན་དང་། བསམ་གཏན་བཞིའི་ཏིང་ངེ་འཛིན་དང་། གཟུགས་མེད་བཞིའི་ཏིང་ངེ་འཛིན་ལ་སོགས་པའི་ཁྱད་པར་ཡོད་པ་རྣམས་ཤེས་པར་བྱས་ནས་སྐབས་འདིར་བསམ་གཏན་གྱི་བྱེ་བྲག་ལས་ལྷ་དང་མིའི་ཐེག་པའི་ཁྱད་པར་འབྱེད་པའང་གོ་དགོས་ཏེ། འདི་དག་ནི་བསོད་ནམས་ཆ་མཐུན་གྱི་དགེ་བའོ། །དེ་བཞིན་དུ་བསམ་པ་མྱང་འདས་གསུམ་གང་རུང་ལ་དམིགས་པའི་བློས་སྦྱོར་བ་དགེ་བཅུ་སྤྱི་དང་། ཁྱད་པར་ངེས་འབྱུང་གི་ཚུལ་ཁྲིམས་དང་ལྡན་པས། མཐར་གྱི་གནས་པའི་སྙོམས་འཇུག་དགུ་ལ་སོགས་ཏིང་ངེ་འཛིན་གྱི་བྱེ་བྲག་དང་། བདག་མེད་རྟོགས་པའི་ལྟ་བས་ཟིན་པའི་དགེ་ཚོགས་རྣམས་ཏེ་འདི་དག་ལ་ནང་གསེས་ཟག་པ་ཡོད་མེད་ཀྱི་སྒོ་ནས་དབྱེ་བ་དང་། འཇིག་འདས་ཀྱི་སྒོ་ནས་དབྱེ་བ་སོགས་དུ་མ་ཡོད་ཀྱང་རེ་ཞིག་དེ་ཙམ་མོ། །མདོར་ན་རང་གཞན་ཐར་བའི་བསམ་སྦྱོར་དང་ལྡན་པའི་དགེ་བ་འདི་དག་ཐར་བ་ཆ་མཐུན་གྱི་དགེ་བ་ཡིན་ཏེ། དེས་འབྲས་བུ་ཡང་མྱ་ངན་ལས་འདས་པ་ཉིད་མངོན་དུ་བྱེད་པ་ཡིན་ནོ། །དོན་བཞི་བ་འཁོར་བའི་ཉེས་དམིགས་ལ་བསམ་པ་ནི། དེ་ལྟར་ལས་འབྲས་ཀྱི་སྤང་བླང་ཚུལ་བཞིན་མ་བྱས་ན། ལས་ནི་དོན་མེད་དུ་ཆུད་འཛའ་བའམ་གཞན་ལ་འཕོ་བ་མི་སྲིད་ཏེ། རང་ཉིད་ཁོ་ནའི་ཟག་བཅས་ཀྱི་ཕུང་བོ་འབའ་ཞིག་པའི་སྟེང་དུ་སྨིན་པར་འགྱུར་བའི་ཕྱིར་རང་བཞིན་དུ་སེམས་ལ་གང་དྲན་བྱས་པས་འོང་བ་མེད་དེ་ད་ལྟ་རང་རེ་ཚོའི་ལུས་ལ་མེ་སྟག་ཕྲ་མོས་རེག་པའམ། ཐ་ན་ཚེར་མ་ཙམ་ཞིག་ཟུག་ནའང་དེ་མ་ཐག་མི་བཟོད་པར་དེ་ཉིད་བསལ་བའི་ཐབས་ལ་བརྩོན་པར་བྱེད་ན། མི་དགེ་བའི་ལས་ཀྱི་འབྲས་བུར་ངན་སོང་གསུམ་གྱི་གནས་སུ་སྐྱེས་པར་གྱུར་ན་དེའི་སྡུག་བསྔལ་ཇི་ལྟར་བཟོད། འདི་ལྟར་མི་དགེ་བ་བཅུའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུར་ངན་སོང་གསུམ་གང་རུང་དུ་སྐྱེ་བར་འགྱུར་ཚུལ་ནི་གོང་དུ་སྨྲོས་པ་ལྟར་ཏེ། དེས་ན་ཀུན་སློང་ཞེ་སྡང་གིས་ཀུན་ནས་བསླང་བའི་མི་དགེ་བའི་ལས་ཀྱིས་དམྱལ་བར་སྐྱེས་ན་དེའི་ཚ་གྲང་གི་སྡུག་བསྔལ་ལ་ལེགས་པར་སོམས་ཤིག་དང་། ཚ་དམྱལ་བརྒྱད་ལ་སྐྱེས་ན་ནི་དེ་འདྲ། གྲང་དམྱལ་བརྒྱད་ལ་སྐྱེས་ན་ནི་དེ་འདྲ། ཉི་ཚེ་ཉེ་འཁོར་དག་ལ་སྐྱེས་ན་ནི་དེ་འདྲ་སྟེ་ལས་དེའི་བསམ་སྦྱོར་དག་རང་ཅག་དང་ཡང་ཤིན་ཏུ་འབྲེལ་ཟབ་པའི་ཕྱིར་མི་འདོད་བཞིན་དུ་དེ་དག་གི་བསྡུག་བསྔལ་དག་ཀྱང་མྱོང་བར་འགྱུར་བ་སྨྲོས་མ་དགོས་པའི་ཚུལ་ལ་བསམ་སྟེ་སྐྱོ་བ་བསྐྱེད་པར་བྱའོ། །དེ་བཞིན་དུ་འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་མི་དགེ་བའི་ལས་ཀྱང་རང་རེས་ཇི་ལྟར་བསགས་པ་ལ་ལེགས་པར་སོམས་ཤིག་དང་། དེའི་རྣམ་སྨིན་གྱི་འབྲས་བུར་ཡི་དྭགས་སུ་སྐྱེས་ན་ཕྱིའི་སྒྲིབ་པ་ཅན་རྣམས་ནི་དེ་འདྲ། ནང་གི་སྒྲིབ་པ་ཅན་རྣམས་ནི་དེ་འདྲ། དགོས་ཁུར་གྱི་སྒྲིབ་པ་ཅན་རྣམས་ནི་དེ་འདྲ། མཁའ་རྒྱུ་རྣམས་སུ་སྐྱེས་ནའང་བདེ་བར་བསྟི་བའི་སྐབས་ནི་ཅུང་ཟད་ཙམ་ཡང་མེད་དེ་དེས་ན་གནས་རིགས་དེ་དག་ཏུ་སྐྱེས་ནས་སྡུག་བསྔལ་དེ་རྣམས་ལ་སྤྱོད་དུས་ཇི་ལྟར་བཟོད་སྙམ་དུ་སྐྱོ་ཤེས་བསྐྱེད་བར་བྱའོ། །གཞན་ཡང་གཏི་མུག་གིས་ཀུན་ནས་བསླང་བའི་མི་དགེ་བའི་ལས་བསགས་པ་ལའང་ཚད་མེད་ན། དེའི་རྣམ་པར་སྨིན་པས་དུད་འགྲོར་སྐྱེས་ན་བྱིང་གནས་པ་རྣམས་ནི་དེ་འདྲ། ཁ་འཐོར་བ་རྣམས་ནི་དེ་འདྲ་སྟེ། དེ་དག་རེ་རེའི་སྡུག་བསྔལ་གྱི་ཕུང་བོ་བརྒྱར་བགོས་པའི་ཆ་གཅིག་ཙམ་ཞིག་ད་ལྟ་རང་རེས་དང་དུ་བླངས་ནའང་བཟོད་པར་འདུག་གམ་ལེགས་པར་སོམས་ཤིག་དང་། ཉིན་གཅིག་གི་ཁུར་འཁུར་བའམ་ཞག་ཁ་ཤས་ཀྱི་ལྟོ་གཅོག་པ་ལའང་དཀའ་ལས་ཅི་ཙམ་ཞིག་འདུག གནས་ཚུལ་འདིར་བསམ་ན་ད་ལྟ་རང་དབང་ཡོད་དུས་ཀྱི་སྡུག་ལས་ཕྲ་མོ་རེས་དཀའ་ལུགས་འདིས་ཕྱི་མའི་དུས་སུ་དབང་མེད་མི་འདོད་བཞིན་དུ་ངན་སོང་གི་སྡུག་བསྔལ་དེ་དག་ཇི་ལྟར་བཟོད་སྙམ་དུ་སྐྱོ་ཤེས་སྙིང་རླུང་ལངས་པ་ཙམ་དུ་ལྡང་བར་འགྱུར་བ་ཡིན་ནོ། །དེ་ནས་རིམ་བཞིན་མཐོ་རིས་ཀྱི་འགྲོ་བ་རྣམས་ལའང་བདེ་བ་མེད་པའི་ཚུལ་ལེགས་པར་བསམ་ནས་ཞེན་པ་བཟློག་སྟེ། ད་ནི་ངེས་པར་འགྲོ་བ་རིགས་དྲུག་པོ་ལས་ཐར་བའི་གོ་འཕང་ཞིག་སྒྲུབ་དགོས་པར་འདུག་གོ་སྙམ་དུ་བསམ་པའི་ཚེ་དཀོན་མཆོག་ཡོན་ཏན་རྗེས་སུ་དྲན་དགོས་ཏེ། དེ་ཡང་འཇིག་རྟེན་ན་ལྷ་ཆེན་པོ་ཚངས་པ་དང་། དབང་ཕྱུག་དང་། ཁྱབ་འཇུག་ལ་སོགས་པ་མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད་པས་རང་རང་གི་གནས་རིས་སྲུང་བར་བྱེད་པ་རྣམས་དང་། ཕྱི་རོལ་པའི་དྲང་སྲོང་ཆེན་པོ་མངོན་ཤེས་ལྔ་དང་ལྡན་པ་དག་གིས་མཚོན་རིག་བྱེད་ཀྱི་རྣམ་གྲངས་ལ་མཁས་པའི་རྩེ་མོར་སོན་པ་རྣམས་དང་། མིའི་དབང་པོ་འཁོར་ལོས་བསྒྱུར་པའི་རྒྱལ་པོ་ལ་སོགས་འགྲོ་བ་གཞན་དག་གིས་ཀྱང་རུང་སྟེ། རང་རང་གིས་བསྔགས་པའི་ཡོན་ཏན་ཆེན་པོའི་ཆེན་པོ་དང་ལྡན་པར་རློམས་པ་རྣམས་ཀྱང་། རང་ཉིད་སྲིད་པའི་གོ་འཕང་ལས་མ་ཐར་བ་ཙམ་དུ་མ་ཟད། སྲིད་པའི་སྐྱེ་འཇུག་ལ་རང་དབང་མེད་པར་ལས་ཀྱི་ཕྱི་བཞིན་དུ་འབྲངས་ནས་ཕྱི་མའི་སྡུག་བསྔལ་མུ་མེད་པ་ལ་སྤྱོད་དགོས་ན། གཞན་དག་སྲིད་པའི་སྡུག་བསྔལ་ལས་སྒྲོལ་བའི་མཐུ་མེད་པ་སྨོས་ཅི་དགོས། དེས་ན་རང་ཉིད་སྲིད་པའི་སྡུག་བསྔལ་གྱི་འཕྲང་ལས་ཐར་ཏེ་འགྲོ་བ་གཞན་ཡང་སྡུག་བསྔལ་དེ་ལས་སྒྲོལ་བའི་མཐུ་དང་ཐུགས་རྗེར་ལྡན་པ་ནི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་སྟེ། དེའི་ཕྱིར་རང་རེ་ཐར་བ་དོན་དུ་གཉེར་བ་རྣམས་ཀྱི་སྐྱབས་གནས་སུ་འོས་པ་ནི་འདི་ཁོ་ནའོ་སྙམ་དུ་བསམ་པ་ནི་ལམ་གྱི་རྨིང་རྡོ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་དེས་གསུངས་པའི་ཆོས་ནི་སྐྱོབས་པའི་ཐབས་ཡིན་ལ། དགེ་འདུན་རྣམས་ནི་ཐབས་དེ་སྒྲུབ་པའི་གྲོགས་ཡིན་ནོ། །དེ་དག་སོ་སོའི་ཡོན་ཏན་ཀྱང་རིམ་པ་བཞིན། དཀོན་མཆོག་གསུམ་རྗེས་སུ་དྲན་པ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་ནས་འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །ཞེས་པའི་བར་གྱིས་སངས་རྒྱས་ཀྱི་ཡོན་ཏན་དང་། དམ་པའི་ཆོས་ནི་ཐོག་མར་དགེ་བ་ཞེས་པ་ནས། རྒྱུ་བ་བཅད་པའོ། །ཞེས་པའི་བར་གྱིས་ཆོས་ཀྱི་ཡོན་ཏན་དང་། ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་ཞུགས་པ། ཞེས་པ་ནས་ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་པའི་བར་གྱིས་དགེ་འདུན་གྱི་ཡོན་ཏན་བསྟན་པ་ལྟར་རོ། །དེ་ལྟར་ན་རང་རེ་ནང་བ་སངས་རྒྱས་པ་ཞིག་ཡིན་ཕྱིན་ཆད། དེའི་སྐྱབས་གནས་སུ་གྱུར་པའང་། སྐྱབས་སྟོན་པ་པོ་དང་། སྐྱབས་དངོས་དང་། སྐྱབས་ལ་འགྲོ་བའི་གྲོགས་ཀྱི་ཟླས་ཕྱེ་བའི་གསུམ་པོ་དེ་ལས་མི་འདའ་འོ། །འདིར་ཁ་ཅིག་ན་རེ། །གཞུང་དེར་ནི་རྩ་བ་གསུམ་གྱིས་མཚོན་པས་གསང་སྔགས་ཀྱི་སྐྱབས་གནས་ཐུན་མོང་མ་ཡིན་པ་རྣམས་མ་འདུས་སོ་ཞེ་ན། བཤད་པ། དེ་ནི་འདིར་འདུ་སྟེ། འདི་ལྟར་ལུགས་དེར་བཤད་པའི་བླ་མ་ནི་སྐྱེ་འཕགས་གང་རུང་ལས་མ་འདས་པའི་ཕྱིར་སངས་རྒྱས་དང་དགེ་འདུན་གང་རུང་ལས་མི་འདའ་ལ། རྣམ་པ་གཞན་དུ་ན་གུ་རུའི་སྒྲ་ལྕི་བ་ལ་བཤད་པ་འདིར་ཡོན་ཏན་གྱི་ཁུར་གྱིས་ལྕི་བར་འཆད་པས། དེ་ནི་དཀོན་མཆོག་གསུམ་ག་ལ་འཇུག་སྟེ། དཔེར་ན་དཀོན་མཆོག་གསུམ་ལ་བླ་མར་བྱེད་དོ། །རི་མོར་བྱེད་དོ། །ཞེས་པ་ལྟ་བུས་མཚོན་ནོ། །དེ་བཞིན་དུ་ཡི་དམ་ནི་རང་སྡེའི་ལུགས་སུ་སྤྱིར་བཏང་ཡེ་ཤེས་པ་གཅིག་ཡིན་པར་འདོད་དགོས་ལ། བྱེ་བྲག་རྣམ་འགྱུར་གྱི་སྒོ་ནས་ཞི་ཁྲོ་གང་རུང་ལས་མ་འདས་སྟེ། དེས་ན་དེ་ནི་སངས་རྒྱས་སུ་འདུའོ། །དཔའ་བོ་མཁའ་འགྲོ་ནི་རིག་འཛིན་ནང་གི་དགེ་འདུན་དུ་གཤིན་རྗེ་གཤེད་ཀྱི་རྒྱུད་ལ་སོགས་པ་ནས་གསལ་བོར་གསུངས་ཕྱིར་དེར་འདུ་ལ། གཞུང་དུ་སྐུ་གསུམ་ལ་སྐྱབས་སུ་འགྲོ་བར་བཤད་པ་ནི་སངས་རྒྱས་ཀྱི་བྱེ་བྲག་དང་། རྩ་ཐིག་རླུང་གསུམ་དང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐྱབས་སུ་འགྲོ་བར་བཤད་པ་ནི། རྩ་སྤྲུལ་སྐུ། རླུང་ལོངས་སྐུ། ཐིག་ལེ་ཆོས་སྐུར་སྦྱར་ནས་གསུངས་པ་དང་། ངོ་བོ་ཆོས་སྐུ། རང་བཞིན་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུར་སྦྱར་ནས་གསུངས་པའི་ཕྱིར་འདི་དག་ཀྱང་དེ་ལས་མ་འདས་སོ། །གལ་ཏེ་རྩ་ཐིག་རླུང་གསུམ་སོགས་རང་རྒྱུད་དུ་བཟུང་ནས་དེ་ལ་སྐྱབས་སུ་འགྲོ་ན་ནི་དེ་ཉིད་སྐྱབས་འགྲོ་ཡང་དག་པའང་མ་ཡིན་ནོ། །འོན་ཀྱང་བྱེ་བྲག་དེ་ལྟར་བཤད་པ་ལ་དགོས་པ་མེད་པའང་མ་ཡིན་ཏེ། དེ་དང་དེའི་རང་བཞིན་ཤེས་པར་བྱས་ནས། དག་སྣང་བསྐྱེད་པའི་ཕྱིར་དང་། ཁྱད་པར་རྩ་བ་གསུམ་ལྟ་བུར་མཚོན་ན། སྤྱིར་བཏང་བླ་མ་རྣམས་སངས་རྒྱས་དང་དགེ་འདུན་གང་རུང་ལས་མ་འདས་ཀྱང་། བྱེ་བྲག་རང་གི་སྒོར་སྨིན་གྲོལ་གྱི་གདམས་པ་དངོས་སུ་སྦྱིན་པའི་བླ་མ་དེ་ལྷག་པར་བཀའ་དྲིན་ཆེ་བའི་དབང་དུ་བྱས་ཏེ་སྐུ་དྲིན་གསོ་བའི་ཆེད་དང་དེ་ཉིད་བྱིན་རླབས་ཀྱི་རྩ་བར་ཤེས་པའི་ཕྱིར་སྐྱབས་སུ་འགྲོ་བ་དང་། ཡི་དམ་ཞི་ཁྲོ་ཐམས་ཅད་སངས་རྒྱས་ལས་མ་འདས་མོད་དེ། རང་གི་མེ་ཏོག་གང་ལ་ཕོག་པའི་ཚེ་རབས་སྔོན་གྱི་ལས་འབྲེལ་ཡོད་པའི་ལྷ་དེ། དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་ཤེས་ནས་ལྷག་པའི་ལྷར་འཛིན་པ་དང་། དཔའ་བོ་མཁའ་འགྲོ་ཐམས་ཅད་རིག་འཛིན་ནང་གི་དགེ་འདུན་དུ་ཤེས་ནས་སྐྱབས་སུ་སོང་བ་ཡིན་ཡང་། རང་ལ་ལྷག་པར་ཉེ་ཞིང་འགོ་བ་དེ་བར་ཆད་སེལ་བའི་རྩ་བར་ཤེས་ནས་བསྒྲུབ་ཅིང་མཆོད་པ་སྟེ། འདི་དག་ནི་སྤྱི་ལས་བྱེ་བྲག་ཏུ་བྱས་པའོ། །དེས་ན་བརྗོད་པའི་བྱེ་བྲག་ཙམ་མ་གཏོགས་སྔར་སྨྲོས་པའི་སྐྱབས་གསུམ་ཉིད་ལ་མ་འདུས་པའི་མཐར་ཐུག་གི་སྐྱབས་མེད་པས་ན་དེ་ཉིད་ནི་སྐྱབས་དང་། མགོན་དང་། གླིང་དང་། དཔུང་གཉེན་ཉིད་དུ་ཤེས་པས་སྙིང་ཐག་པ་ནས་སྐྱབས་གནས་དམ་པར་འཛིན་དགོས་ཏེ། དེ་ལྟར་མ་བཟུང་ན་རང་ཅག་སྲིད་པ་ལས་སྒྲོལ་བའི་དེད་དཔོན་གཞན་མེད་པའི་ཕྱིར་རོ། །དེ་ལྟར་ན་དགེ་བའི་བཤེས་གྲོགས་བསྟེན་པ་དང་། འཁོར་བའི་ཉེས་དམིགས་བསམ་ནས་སྐྱོ་ཤེས་བསྐྱེད་པ་དང་། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་ནས་དེ་ཉིད་སྐྱབས་གནས་མཆོག་ཏུ་ངེས་ཤེས་རྙེད་པ་སྟེ། ཐབས་འདི་དག་ལ་བརྟེན་ནས་ངེས་འབྱུང་གི་དད་པ་རྣམ་པར་དག་པ་དེ་སྐྱེ་ལ། དད་པ་དེའི་རྒྱུ་ལས་སྐྱབས་འགྲོ་མཚན་ཉིད་པ་འབྱུང་ངོ་ཞེས་སྔར་བཤད་པ་ལྟར་རོ། །དེས་ན་ཚུལ་དེ་དག་ཀྱང་ཡིད་ལ་ངེས་པར་བྱས་ན་ངེས་འབྱུང་གི་བསམ་པ་གསལ་འདེབས་པའི་ཕྱིར་ངག་ཏུ། འདི་ལྟར་ཁམས་གསུམ་རིགས་དྲུག་སྣང་བ་ཀུནཿ ཞེས་པ་ནས། འགྲོ་ཀུན་རྣམས་མཁྱེན་ས་ལ་འགོད་པར་བྱཿ ཞེས་པའི་བར་བརྗོད། དེ་ནས་བསམ་པ་དེ་ལྡན་གྱིས་སྐྱབས་སུ་འགྲོ་བ་ལ། ཚོགས་ཞིང་གསལ་འདེབས་པ་དང་། སྐྱབས་སུ་འགྲོ་བ་དངོས་བཤད་པ་དང་། ཕན་ཡོན་བསམ་པ་སྟེ་གསུམ་ལས། དང་པོ་ནི། སྤྱིར་སྐྱབས་ཡུལ་གོང་དུ་ངོས་བཟུང་བ་ལྟར་ཡིན་པའི་ཕྱིར། འདིར་ཚོགས་ཞིང་དུ་དམིགས་པ་ནའང་གཙོ་འཁོར་གྱི་རིམ་པ་དེ་ལྟར་འཐད་མོད་དེ་རེ་ཞིག་རྩ་བའི་དོན་ལ་འཇུག་པར་བྱའོ། །དེ་ལ་རང་ཐ་མལ་དུ་གནས་པའི་མདུན་དུ་རྟེན་གྱི་རྣམ་པར་རང་ཚིག་གིས་གསལ་བ་ལྟ་བུའི་དབུས་སུ་སྐྱབས་གནས་ཀུན་འདུས་མ་ཧཱ་གུ་རུ་ལ་ཉིད་ཀྱི་གསང་བ་གསུམ་གྱི་རྣམ་པར་རོལ་པ་རྩ་བ་གསུམ་སོགས་སྐྱབས་ཡུལ་རྒྱ་མཚོའི་རྣམ་པར་སྣང་བས་བསྐོར་བ་སྤྲིན་ཕུང་འཁྲིགས་པ་བཞིན་གསལ་ལུགས་འདོན་སྒོམ་ཟུང་དུ་འཇུག་པའི་ངང་ནས་ངག་ཏུ། ཨེ་མ་ཧོཿ འོད་གསལ་ལྷུན་གྲུབ་བདེ་བ་ཆེན་པོའི་ཞིངཿ སོགས་ནས། མ་འདྲེས་གསལ་སྟོང་ཆུ་ཟླའི་ངོ་བོར་བཞུགསཿ ཞེས་པ་ཡན་བརྗོད་ཅིང་གསལ་གདབ་པར་བྱའོ། །གཉིས་པ་སྐྱབས་སུ་འགྲོ་བ་དངོས་ལའང་། ཐེག་ཆེན་གྱི་སྐྱབས་འགྲོ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས་འདིར་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་རང་ཉིད་གཅིག་པུ་འཁོར་བ་ལ་འཇིགས་པ་དང་དཀོན་མཆོག་གི་ཡོན་ཏན་དྲན་པས་ཐར་བ་དོན་དུ་གཉེར་བ་ཙམ་ཁོ་ན་མ་ཡིན་པར། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་བསྒྲུབ་པའི་བློས་སྐྱབས་སུ་འགྲོ་བ་སོགས་སྐྱེས་བུ་གསུམ་གྱི་བློས་རིམ་པས་སློབ་ཚུལ་ཇི་སྙེད་ཅིག་མཆིས་པ་དང་། སྐྱབས་སེམས་སྦྲེལ་བའི་དབང་དུ་བྱས་ཏེ་ཚད་མེད་པ་རྣམ་པ་བཞིས་བློ་སྦྱང་བ་དང་། ཚོགས་བསགས་ཡན་ལག་བདུན་པ་འབུལ་བ་སོགས་སྐབས་འདིར་བྱེད་དགོས་ཀྱང་གཞུང་འདི་ན་མི་གསལ་བའི་ཕྱིར་མ་སྤྲོས་སོ། །འོན་ཏེ་ལམ་ལ་ཚུལ་བཞིན་སློབ་འདོད་པ་རྣམས་གཞུང་གཞན་ནས་བཤད་པ་ལྟར། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པའི་ཚད་མེད་པ་རྣམ་པ་བཞི་སྔོན་དུ་འགྲོ་བ་ཅན་གྱི་ཚོགས་བསགས་ཡན་ལག་བདུན་པ་བཟང་སྤྱོད་ནས་བྱུང་བ་བཞིན་བཏང་ནས་གདོད་སྐྱབས་སེམས་སྦྲེལ་ནས་བྱས་ན་དོན་ལ་གནས་སོ། །འོན་ཀྱང་བྱང་སྡོམ་ལེན་པའི་ཚིག་ཟིན་མེད་པར་སེམས་བསྐྱེད་པ་ཙམ་ལ་ནི་དེས་ཁྱབ་པ་མེད་དོ། །འདིར་སྐྱེས་བུ་གསུམ་གང་རུང་གི་བློ་ནུས་དང་སྦྱར་བའི་བསམ་པ་སྔོན་དུ་འགྲོ་བས་མ་ཧཱ་གུ་རུ་ཉིད་སྐྱབས་གསུམ་ཀུན་འདུས་སུ་ཤེས་བཞིན་སྐྱབས་འགྲོ་ལ་བརྩོན་པ་དང་། ཚད་མེད་བཞིའི་སྦྱོར་བ་ལས་སྐྱེས་པའི་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབྲས་བུ་སངས་རྒྱས་སྒྲུབ་འདོད་ཀྱི་སྨོན་སེམས་དང་། འབྲས་བུ་དེའི་ཆེད་དུ་རྒྱུ་ཕར་ཕྱིན་དྲུག་ལ་བརྩོན་འདོད་ཀྱི་འཇུག་སེམས་སྟེ། དེ་ལྟ་བུའི་སྨོན་འཇུག་གི་སེམས་བསྐྱེད་དང་ལྡན་པས་སྐྱབས་སེམས་སྟབས་གཅིག་ཏུ་བྱེད་འདུན་དང་བཅས་ངག་ཏུ། ན་མོཿ མཆོག་གསུམ་རྩ་གསུམ་སོགས་ནས། སེམས་བསྐྱེད་དོཿ ཞེས་པའི་བར་གནས་སྐབས་སུའང་གང་ནུས་དང་། སྤྱིར་བཏང་འབུམ་ཐེར་གཅིག་བཟླ་དགོས་པ་ཡིན་ནོ། །གསུམ་པ་ཕན་ཡོན་བསམ་པ་ནི། རང་གཞུང་ལས་འབུམ་ཕྲག་འབད་ན་རྟགས་ཚད་སྣ་རེ་ཐོབཿ ཞེས་པ་སོགས་བཤད་པ་དང་། ཐུན་མོང་དུ། སྐྱབས་སོང་འདི་ལ་གཟུགས་མཆིས་ན། །ནམ་མཁའ་དག་ཀྱང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོའི་ཆུ་ཡི་གཏེར། །ཕུལ་ལ་གཞལ་བས་ཟད་མི་འགྱུར། །ཞེས་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །འདིར་དེ་ཙམ་ལས་ཐོག་མར་དགེ་བའི་ཁྲིད་ཀྱི་དངོས་གཞི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ་རྣམས་རྒྱས་པར་མ་བཤད་མོད། དེ་ལྟ་ནའང་འདུན་པ་བཅོས་པ་ཙམ་ལ་དེ་དང་དེ་མཚན་ཉིད་པ་འོང་བའི་ཁྱབ་པ་མེད་པའི་ཕྱིར། སྐྱབས་འགྲོའི་སྐབས་སུའང་སྦྱོར་བ་ཐུན་མོང་མ་ཡིན་པ་སྔོན་དུ་བཤད་པ་རྣམས་ལ་གཞི་བཅས་ནས། དངོས་གཞི་དགེ་བའི་བཤེས་གཉེན་ལས་སྐྱབས་སྡོམ་བླངས་ཏེ། དེ་ནས་སྐྱབས་འགྲོ་ལ་བརྩོན་ན་ལྷག་པར་ཕན་ཡོན་ཆེ་བ་དང་། རྗེས་ལ་སྐྱབས་འགྲོའི་བསླབ་བྱ་དགུ་པོ་དག་ལ་བརྩོན་པའང་གལ་ཆེ་ཞིང་། དེར་མ་ཟད་སྔ་འགྱུར་རིང་ལུགས་ལ་འདི་སྐབས་སུ་སོ་སོར་ཐར་བ་རིགས་བདུན་གང་རུང་གི་སྡོམ་པ་ཞུས་ནས་རང་རྒྱུད་ཡོན་ཏན་གྱི་རྟེན་ཅན་དུ་བྱས་ནས་དགེ་ཚོགས་གང་སྒྲུབ་མཐའ་དག་བར་མ་དགེ་བ་ཙམ་དུ་མི་བཞག་པར་ཐར་བ་ཆ་མཐུན་འབའ་ཞིག་ཏུ་འགྲོ་བར་བྱེད་པའང་ཤེས་དགོས་ལ། བསླབ་པ་བླངས་ནས་མི་བསྲུང་བའང་བཅས་པའི་ཁ་ན་མ་ཐོ་བ་ལྷག་པར་མཐུ་ཆེ་བའི་ཚུལ་མ་ཤེས་པའི་སྐྱོན་དུ་སྣང་ཕྱིར་འབད་པ་དྲག་པོ་དང་བཅས་པས་བསླབ་པ་རྣམས་ལ་མཁས་པར་བསླབ་ནས་དྲན་ཤེས་བཞིན་བག་ཡོད་དང་ལྡན་པས་ལྟུང་བ་འབྱུང་བའི་སྒོ་བཞི་བོ་དག་གཉེན་པོས་བཀག་སྟེ། བསླབ་པའི་ངོ་བོ་ཉིད་མིག་འབྲས་བཞིན་བསྲུང་བ་ལ་བརྩོན་པར་བྱའོ། །དེ་ནས་དེའི་སྟེང་དུ་བྱམས་པ་ལ་སོགས་པ་སྒོམ་པ་དང་། གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས་ཚོགས་ཞིང་སྤྱན་འདྲེན་པའང་རྟེན་གསུམ་གྱི་བརྙན་པོའང་རུང་སྟེ། དེ་ཉིད་ལ་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་ཚོགས་བསགས་ཀྱི་རིམ་པ་མུ་མེད་པ་ལ་འཇུག་བཞིན། དགོངས་གསོལ་དང་སྐྱབས་འགྲོ་སྔོན་དུ་འགྲོ་བས་སྨོན་འཇུག་སྟབས་གཅིག་ཏུ་ལེན་པའམ། སོ་སོར་ལེན་ཡང་རུང་སྟེ། རང་རང་གི་ལུགས་ལྟར་གྱི་དམིགས་དོན་དང་བསླབ་པའི་གོ་རིམ་སོ་སོར་ངེས་དགོས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ལ་རང་གི་ངོ་བོའི་སྒོ་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་གཅིག་ཏུ་བཤད་པ་དང་། ཀུན་རྫོབ་དང་དོན་དམ་གྱི་ཟླས་སྐྱེ་འཕགས་ཀྱི་སེམས་བསྐྱེད་གཉིས་སུ་དབྱེ་བ་དང་། བསླབ་གསུམ་གྱིས་དབྱེ་བས་གསུམ། ཚོགས་སྦྱོར་གྱི་ལམ་ན་མོས་པས་སྤྱོད་པའི་སེམས་བསྐྱེད་སོགས་བཞི། ཚོགས་ལམ་གྱི་དུས་སུ་ལས་དང་པོ་བའི་སེམས་བསྐྱེད་སོགས་ལམ་ལྔའི་རྗེས་འགྲོ་ལྔ། ཕར་ཕྱིན་གྱི་གྲངས་དང་བསྟུན་ནས་དྲུག་གམ་བཅུ། ས་མཚམས་ཀྱི་སྒོ་ནས་ཉི་ཤུ་རྩ་གཉིས་སོགས་སུ་དབྱེ་བ་རྣམས་ཀྱི་གོ་དོན་ངེས་པར་བྱེད་པའང་གལ་ཆེ་ལ། ཁྱད་པར་བསླབ་བྱའི་གནས་ཐམས་ཅད་ཕར་ཕྱིན་དྲུག་ཏུ་བསྡུས་ཏེ་ཡང་བསླབ་པ་གསུམ་དུ་བསྡུས་ནས། དེའི་ཚུལ་ཁྲིམས་ཀྱི་བསླབ་པའི་བྱེ་བྲག་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་ཁོང་ནས་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་ངེས་པར་བྱ་བ་དང་། ཏིང་ངེ་འཛིན་གྱི་བསླབ་པའི་ཁོང་ནས་མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་དང་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སོགས་ངེས་པར་བྱ་བ་དང་། ཤེས་རབ་ཀྱི་བསླབ་པའི་ཁོང་ནས་ཕུང་ཁམས་སྐྱེ་མཆེད་སོགས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཐ་སྙད་ཀྱི་བདེན་པའི་གཞི་རྣམས་དང་། དེ་དག་གི་གནས་ལུགས་དོན་དམ་པའི་བདེན་པ་གཏན་ལ་འབེབ་ཚུལ་གྱི་སྒོ་ནས་ལྟ་གྲུབ་རྣམ་པ་བཞི་ལ་སོགས་པའང་ངེས་པར་བྱེད་དགོས་ཏེ། འདི་ནི་ལམ་གྱི་ལུས་རྣམ་པར་གཞག་པ་ཉིད་ཡིན་པའི་ཕྱིར་གལ་ཆུང་དང་དེས་ཆོག་བྱེད་མི་རུང་སྟེ། འདི་ནས་ས་ལམ་གྱི་རྣམ་གཞག་ལ་ངེས་པ་མ་བྱུང་ན། སླད་ནས་སྔགས་ཀྱི་ས་ལམ་ལའང་གོ་བ་མཚན་ཉིད་པ་མི་སྐྱེ་ལ། འདི་ནས་ལྟ་གྲུབ་ཐུན་མོང་ལ་ངེས་པ་མ་རྙེད་ན། སླད་ནས་སྔགས་ཀྱི་ལྟ་བའི་ཁྱད་ཆོས་ཀྱང་འཇོག་མི་ཤེས་པ་གོ་དགོས་ལ། དེ་ལྟར་མ་ཤེས་པས་ལམ་ཞུགས་ཕལ་ཆེར་ལྟ་སྤྱོད་ཕྱོགས་རེར་ལྷུང་ནས་ལམ་གོལ་ལམ་ནོར་འབའ་ཞིག་སྒྲུབ་པ་དེ་བྱུང་བ་ཡིན་ནོ། །དེ་ལྟར་ན་ཐོག་མར་དགེ་བའི་ཁྲིད་མདོ་ཙམ་འཆད་གྲུབ་བོ། །དོན་གཉིས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཐུན་མོང་གི་ལམ་བར་དུ་དགེ་བའི་ཁྲིད་འཆད་པ་ལ། དེ་ལྟར་ཐོག་མར་དགེ་བའི་ཁྲིད་རྫོགས་པར་ཐོབ་པའི་གང་ཟག་དེ་རྟེན་གཞི་སོ་ཐར་གྱི་སྡོམ་པའི་བྱེ་བྲག་ལ་ལྟོས་ནས་ཁྱིམ་པའམ་རང་བྱུང་གང་རུང་གི་བྱང་ཆུབ་སེམས་དཔའི་ངོ་བོར་གནས་པ་དེ་ཉིད་སླར་ཡང་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་དབང་བཞི་རྫོགས་པར་ནོས་ཏེ་གསུམ་ལྡན་རྡོ་རྗེ་འཛིན་པའི་ངོ་བོར་སྒྲུབ་པར་བྱེད་པ་ལ། ཐོག་མར་ཕན་དབང་ཙམ་གྱིས་གོ་ཕྱེ་ནས་རང་རྒྱུད་དག་པར་བྱ་བའི་ཕྱིར་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བརྩོན་པ་དང་། ཚོགས་གསོག་ཐུན་མོང་མ་ཡིན་པ་ཕྱི་ནང་གསང་བའི་མཎྜལ་འབུལ་བ་དང་། བྱིན་རླབས་ཀྱི་སྒོ་འབྱེད་པའི་ཕྱིར་བླ་མའི་རྣལ་འབྱོར་ལ་འབད་པ་རྣམས་ལམ་འདིའི་ཐུན་མོང་མ་ཡིན་པའི་སྦྱོར་བའམ་སྔོན་འགྲོའང་ཡིན་ནོ། །དེས་ན་དེའི་ཚུལ་ཅུང་ཟད་ཅིག་འཆད་པ་ལ། དང་པོ་དབང་བསྐུར་བ་ལ་སོགས་པའི་སྔོན་དུ་སློབ་དཔོན་དང་སློབ་མའི་མཚན་ཉིད་ཀྱི་འབྲེལ་བ་བརྟགས་དགོས་ཏེ། དེ་ཡང་སྔར་ཐུན་མོང་གི་ལམ་སྟོན་པའི་སློབ་དཔོན་དེར་རྡོ་རྗེ་ཐེག་པའི་དབང་ལ་སོགས་པ་སྦྱིན་ནུས་པའི་མཚན་ཉིད་དང་ལྡན་ན་ནི་དེས་འཐུས་ལ། གལ་ཏེ་མི་ལྡན་ཕྱིན་སློབ་དཔོན་གཞན་ཚོལ་དགོས་ཀྱི་ཕྱོགས་ཞེན་ཙམ་གཙོ་བོར་བྱས་པས་ནི་རང་གཞན་གཉིས་ཀ་ཕུང་བའི་རྒྱུ་ལས་དགོས་པ་གཞན་མེད་པའི་ཕྱིར་དེ་ལྟར་མི་བྱའོ། །མཚན་ཉིད་དེ་ཡང་རང་རང་གི་འདོད་ཞེན་གྱིས་སྦྱར་བ་ཙམ་མ་ཡིན་པར་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ནས་བཤད་པའི་སློབ་དཔོན་གྱི་མཚན་ཉིད་རང་བཞིན་བརྒྱད་ལྡན་ནམ། དེ་ཉིད་བཅུ་ལྡན་ལྟ་བུ་དང་། སློབ་མའི་མཚན་ཉིད་ཆོས་དྲུག་ལྡན་ལྟ་བུ་ཞིག་དགོས་སོ། །དེས་ཀྱང་དེ་ཉིད་བསྟེན་པའི་ཚུལ་ཐུན་མོང་དུ་གྱུར་པ་རྣམས་གོང་དུ་སྨྲོས་པ་ལྟར་དང་། ཐུན་མོང་མ་ཡིན་པ་རྣམས་ཀྱང་ཅི་རིགས་པར་ངེས་པར་བྱས་ནས་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་བཞིན་རྡོ་རྗེ་སློབ་དཔོན་གྱི་ཐུགས་སྐད་ཅིག་ཀྱང་མི་དཀྲུག་པ་བསྟེན་དགོས་ཀྱི། རང་བཞིན་དུ་བག་མེད་པ་བྱས་ན་ནི་ལམ་འདི་ཁེ་ཉེན་གཉིས་ཀ་ཆེ་བའི་ལམ་ཡིན་པའི་ཕྱིར་དངོས་གྲུབ་ཐོབ་པ་ལྟ་ཅི་སྨོས་ཏེ། ངན་སོང་དུ་འགྲོ་བ་ལའང་ཚེགས་ཡོད་པ་མ་ཡིན་ནོ། །དེས་ན་བྱ་སྤྱོད་གང་ཡང་དྲན་པས་ཟིན་བཞིན་བྱེད་དགོས་ཏེ། དེ་ཡང་དབང་ལ་སོགས་པའང་འཕྲལ་རྫོགས་མི་བགྱིད་པར་སྔོན་ནས་སྙན་གསན་དབབ་ཏེ་རིམ་བཞིན་ཞུ་བ་དང་། དབང་སོ་སོའི་དབང་དོན་གྱི་ཡེ་ཤེས་ངོ་འཕྲོད་ངེས་བྱེད་པ་དང་། དབང་སྲོག་དམ་ཚིག་གི་འཛིན་པའི་ཕྱིར་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཤེས་པར་བྱས་ནས་ཚུལ་བཞིན་བསྲུང་བ་རྣམས་ནི་ལམ་འདིའི་སྲོག་ཤིང་ལྟ་བུ་ཡིན་པས་སྤོམ་ཡོར་དུ་མ་སོང་བ་ཞིག་གལ་ཆེའོ། །དེ་ནས་གོང་དུ་སྨྲོས་པའི་ཡན་ལག་གི་དོན་ལ་འཇུག་པ་ལས། དང་པོ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་གནད་རྣམ་པ་བཞི་ཡོད་དེ། རྡོ་རྗེ་སེམས་དཔའི་མངོན་རྟོགས་བཞིན་བཤགས་པ་བྱེད་པའི་ཡུལ་དཔང་པོའི་ཚུལ་དུ་སྒོམ་པ་ནི་གཉེན་པོ་རྟེན་གྱི་སྟོབས། དེའི་ཐུགས་ཀར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ་སླར་ཡང་བདུད་རྩི་འོ་མའི་རྒྱུན་བཞིན་བབས་པས་རང་བཞན་རྣམས་ཀྱིས་དུས་གསུམ་དུ་སྒོམ་གསུམ་དང་འབྲེལ་བའི་མི་དགེ་བའི་ལས་ཅི་བསགས་པ་རྣམས་ཀྱི་སྡིག་སྒྲིབ་དང་རྣམ་སྨིན་ནད་གདོན་ལ་སོགས་པ་དང་བཅས་ཏེ་དྲི་མ་ཆུས་བཀྲུས་པ་བཞིན་དུ་སྦྱང་བར་བསམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། རྟེན་གྱི་དྲུང་དུ་རང་གིས་བསགས་པའི་ཉེས་ལྟུང་རྣམས་ལ་ཁོག་ཏུ་དུག་སོང་བ་ལྟ་བུའི་གནོང་འགྱོད་དྲག་པོ་དང་བཅས་ཏེ་མ་གསང་མི་སྦེད་པར་ཉེས་པའི་དངོས་པོ་བརྗོད་དེ་བཤགས་པ་ནི་ཉེས་བྱས་སུན་འབྱིན་གྱི་སྟོབས། སྔོན་ཆད་ནི་བདག་ཅག་གིས་མ་ཤེས་པའི་དབང་དུ་སོང་ནས་ཉེས་པ་དེ་དག་སྤྱད་ལགས་ཀྱང་དེང་ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས་དེ་ལྟ་བུ་མ་བགྱིད་དོ་སྙམ་པ་ནི་ཕྱིན་ཆད་སྡོམ་པའི་སྟོབས་སམ། སོར་ཆུད་པའི་སྟོབས་ཉིད་ཡིན་ཏེ་ཕྱི་མ་འདི་ཉིད་ཤིན་ཏུ་གལ་ཆེ་བའི་ཕྱིར་མེད་དུ་མི་རུང་ངོ་། །དེས་ན་ཚུལ་འདི་དག་ཡིད་ལ་ངེས་པར་བྱས་ནས་ངག་ཏུ། ཨཱཿ བདག་ཉིད་ཐ་མལ་སྤྱི་བོ་རུཿ སོགས་ནས། བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་པའི་བར་གཞུང་ལྟར་བརྗོད། སྐབས་འདིར་ཡི་གེ་བརྒྱ་བ་འབུམ་ཐེར་བཟླ་བའང་འདིར་མི་གསལ་ཡང་གོང་མའི་ཕྱག་རྒྱུན་ལྟར་སྒྲུབ་དགོས་པ་ཡིན་ནོ། །གཉིས་པ་སྐུ་གསུམ་གྱི་མཎྜལ་འབུལ་བ་ལ་སྤྱིའི་ཚུལ་འདི་དང་མི་འདྲ་ཙམ་ཡོད་ཅིང་། རྣམ་དབྱེ་རྒྱས་པ་རྒྱ་བོད་ཀྱི་རྣམ་བཤད་ཆེན་མོ་རྣམས་ལ་བལྟ་མ་ནུས་ཀྱང་ཁོ་བོས་བྱས་པའི་རྣམ་བཤད་ཉུང་ངུ་དེ་ཙམ་ཞིག་ཅི་ནས་ཀྱང་ངེས་དགོས་ལ། འདིར་སྐུ་གསུམ་གྱི་མཎྜལ་གསུམ་ལས། དང་པོ་ནི། མཎྜལ་གྱི་གཞི་རབ་གསེར་དངུལ། འབྲིང་ཟངས་ལྕགས། ཐ་མས་ཀྱང་རྡོ་ཤིང་ལ་སོགས་པའི་སྟེགས་ཁོད་སྙོམས་པར་བྱི་དོར་ལེགས་པར་བྱས་ཏེ་བ་བྱུང་དང་། དྲི་བཟང་གིས་ཆག་ཆག་བཏབ་པར། རབ་གཡུ་བྱུ་རུ་ལ་སོགས་རིན་པོ་ཆེ། འབྲིང་ཨ་བར་སྐྱུར་གསུམ་སོགས་སྨན་འབྲས། ཐ་མས་ཀྱང་ནས་འབྲས་སོགས་འབྲུ་ཚོམ་བགོད་པ་དམིགས་རྟེན་དུ་བྱས་ནས་བསམ་པར་བྱ་བ་ནི་ཚངས་པའི་གནས་ནས་མནར་མེད་ཡན་ཆད་མཐའི་ལྕགས་རི་ཚུན་ཆད་ཀྱི་འཇིག་རྟེན་འདི་ལ་གླིང་བཞི་བའི་འཇིག་རྟེན་གཅིག་ཅེས་གྲགས་ཏེ། དེ་འདྲ་བ་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་འདྲ་སྟོང་ལ་སྟོང་གཉིས་བར་མའི་འཇིག་རྟེན། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་མི་འཇེད་ཀྱི་འཇིག་རྟེན་ཞེས་བྱ་སྟེ་སོ་སོར་ཕྱེ་ན་གླིང་བཞི་བའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་སྟེ། ཐེར་འབུམ་གཅིག་ཡོད་པ་ཡིན་ནོ། །དེ་དག་འབུལ་བ་ནི་ཕྱིའི་ཞིང་ཁམས་མཎྜལ་དུ་འབུལ་བ་ཡིན་སྟེ། འབུལ་ཡུལ་ཀྱང་སྤྲུལ་པའི་སྐུ་ཡིན་པའི་ཕྱིར་སྤྲུལ་སྐུའི་མཎྜལ་ཞེས་བྱའོ། །དེ་བཞིན་དུ་གཉིས་པ་ནི། ནང་རང་གི་ཕུང་ཁམས་སྐྱེ་མཆེད་མཎྜལ་དུ་འབུལ་བ་སྟེ། དེ་ལ་ཕུང་ཁམས་ཀྱི་གོ་བ་སྤྱིར་བཏང་གི་སྟེང་ནས་དཔྱད་ན་རྣམ་དབྱེ་རྒྱ་ཆེ་བ་ཞིག་འབྱུང་ཡང་། འདིར་རང་ལུས་ཙམ་ལ་སྦྱར་བའི་ཕྱིར། དེ་ལྟར་སྨྲོས་ན། ལྤགས་པ་དབང་ཆེན་གསེར་གྱི་ས་གཞི། ཁྲག་དྲི་བཟང་གི་ཆག་ཆག ཡན་ལག་བཞི་གླིང་བཞི། ཉིང་ལག་རྣམས་གླིང་ཕྲན། མིག་གཉིས་ཉི་ཟླ། དབང་ཡུལ་གཞན་རྣམས་མཆོད་པའི་ལྷ་མོ་རྣམས་སུ་མོས་ནས་ཁ་ཙམ་མ་ཡིན་པར་བློས་ལིང་བསྐྱུར་གྱིས་འབུལ་བར་བྱ་སྟེ། འབུལ་ཡུལ་ཡང་གཙོ་བོར་ལོངས་སྐུའི་ལྷ་ཚོགས་རྣམས་ལ་དེ་ཉིད་འཐོབ་པའི་ཕྱིར་འབུལ་བ་ཡིན་པས་ན་ལོངས་སྐུའི་མཎྜལ་ཞེས་བྱའོ། །གསུམ་པ་ནི། གསང་བ་ཆོས་དབྱིངས་གདོད་མའི་གཞི་ལ་རིག་པའི་སྣང་ཆ་ཡེ་ཤེས་ལྔ་ལ་སོགས་པའི་ཚོམ་བུ་བཀོད་དེ་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་སངས་རྒྱས་ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པའི་ཚུལ་གྱིས་འབུལ་བ་སྟེ་རྒྱུ་མཚན་དེའི་ཕྱིར་ཆོས་སྐུའི་མཎྜལ་ཞེས་བྱའོ། །དེ་ལྟར་ན་སྐུ་གསུམ་གྱི་དབྱེ་བ་དེ་ལྟར་ངེས་པར་བྱས་ནས་འཁོར་གསུམ་མི་དམིགས་པའི་སེམས་བསྐྱེད་ཀྱི་འཕེན་པ་དང་བཅས་ངག་ཏུ། ཨོཾ་ཨཱཿཧཱུྃ། སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ཞིང་། སོགས་ནས། སྐུ་གསུམ་ཡོངས་རྫོགས་དངོས་གྲུབ་སྩལ་དུ་གསོལཿ ཞེས་པའི་བར་བརྒྱ་སྟོང་ཁྲི་འབུམ་སོགས་གང་ནུས་སུ་བསགས་པར་བྱའོ། །གསུམ་པ་བླ་མའི་རྣལ་འབྱོར་ལ། ཚོགས་ཞིང་གསལ་བཏབ་ནས་སྤྱན་འདྲེན་པ་དང་། ཡན་ལག་བདུན་པ་ཕུལ་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་། མཐར་དབང་བཞི་བླང་ནས་ཚོགས་ཞིང་བསྡུ་བ་སྟེ་གསུམ་ལས། དང་པོ་ལའང་གཉིས་ལས་ཚོགས་ཞིང་གསལ་བ་ནི། ཨེ་མ་ཧོཿ སྲིད་ཞི་སྟོང་གསལ་ཆོས་ཀྱི་དབྱིངས་ཆེན་པོཿ སོགས་ནས། མ་བསྐྱེད་ཡེ་རྫོགས་ཆུ་ཟླ་ལྟ་བུར་གསལ། །ཞེས་པའི་བར་གྱི་དམིགས་དོན་ལྟར་འདོན་སྒོམ་ཟུང་དུ་ཆུད་པར་བྱེད་པ་སྟེ། དེ་ཡང་མ་ཧཱ་གུ་རུ་པདྨ་སམ་བྷ་ཝ་ཉིད་དུས་གསུམ་གྱི་རྒྱལ་བ་མ་ལུས་པ་འདུས་པའི་སྤྱི་གཟུགས་ཉིད་དུ་ཤེས་པ་དང་། དེའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་དཀོན་མཆོག་གསུམ་འདུས་སུ་ཤེས་པ་དང་། རྒྱུད་སྡེ་མ་ལུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱང་གང་གི་ཡེ་ཤེས་ཆེན་པོའི་རྣམ་པར་རོལ་པའི་བྱེ་བྲག་ལས་ཐ་དད་པ་མེད་པའི་ཕྱིར་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་དམ་པར་ཤེས་པ་སྟེ། ཚུལ་དེ་ལྟ་བུའི་གུ་རུ་རིན་པོ་ཆེ་གང་གི་སྐུའི་ཐ་གྲུ་རྣམས་སུ་རྒྱ་བོད་ཀྱི་རིག་འཛིན་རྣམས་དང་། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་རྣམས་ཀྱང་བཀྲ་ལམ་གྱིས་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་བཞིན་དབྱེར་མེད་དུ་འདྲེས་པར་བསམ་སྟེ། གཉིས་པ་སྤྱན་འདྲེན་དངོས་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ སོགས་ནས། དངོས་གྲུབ་སྩོལ་གྱི་བར་ཏེ་ཚིག་དོན་ཡ་མ་བྲལ་བར་འདོན་སྒོམ་བྱ་བའོ། །གཉིས་པ་ལའང་གཉིས་ལས། དང་པོ་ཡན་ལག་བདུན་པ་འབུལ་བ་ནི། ཐུན་མོང་དུ་རང་ལུས་དཔག་མེད་དུ་སྤྲུལ་ནས་ཕྱག་འཚལ་བ་དང་། དངོས་བཤམས་ཡིད་སྤྲུལ་གྱི་མཆོད་ཚོགས་འབུལ་བ། སྒོམ་གསུམ་གྱི་ཉེས་ལྟུང་བཤགས་པ། རང་གཞན་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་པ། རྒྱལ་བ་སྲས་བཅས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། དེ་རྣམས་སྐུ་མྱ་ངན་ལས་མི་འདའ་བར་འགྲོ་ངོར་རྟག་པར་བཞུགས་པའི་གསོལ་བ་འདེབས་པ། དུས་གསུམ་གྱི་དགེ་ཚོགས་འགྲོ་བའི་དོན་དུ་བསྔོ་བ་སྟེ་གོ་དོན་འདི་ལྟར་ངེས་དགོས་ཤིང་། འདི་གའི་ཐུན་མོང་མ་ཡིན་པ་རང་གཞུང་ན་གསལ་བ་ལྟར་ཏེ། དེས་ན་དོན་ལ་བསམ་བཞིན་ངག་ཏུ། ཞིང་རྡུལ་གྲངས་མཉམ་གུས་ཕྱལ་འཚལཿ སོགས་ནས། འཚང་རྒྱ་ཤོག ཅེས་པའི་བར་གང་ནུས་བརྗོད། དེ་ནས་གཉིས་པ་གསོལ་བ་གདབ་པ་ནི། གུ་རུ་རིན་པོ་ཆེ་ལ་བློ་ལིངས་ཀྱིས་བཀལ་ཏེ། སྐྱིད་སྡུག་ལེགས་ཉེས་ཅི་མཛད་ཁྱེད་རང་མཁྱེན་སྙམ་པའི་ངང་ནས། ཀྱཻ་བླ་མ་རིན་པོ་ཆེཿ སོགས་ནས། བདག་གྱུར་ཅིགཿ ཅེས་པའི་བར་གང་ནུས་དང་གཙོ་བོར་གསོལ་འདེབས་ཀྱི་བསྙེན་པ་ཉིད་ཆུ་བོའི་རྒྱུན་བཞིན་བར་མ་ཆད་དུ་བཟླ་བར་བྱའོ། །གསུམ་པ་ལའང་གཉིས་ལས། དང་པོ་དབང་བཞི་ལེན་པའི་དམིགས་པ་ནི། གུ་རུའི་སྐུའི་ངོ་བོ་སྤྱི་བོའི་ཨོཾ་ལས་བདུད་རྩི་དཀར་པོའི་རྒྱུན་ཟླ་བ་ཞུན་མ་ལྟ་བུ་བབས། རང་གི་སྤྱི་བོ་ནས་ཞུགས་ཏེ་ལུས་ཐམས་ཅད་མེར་གྱི་ཁེངས་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས། བུམ་པའི་དབང་ཐོབ་ཏེ་རྩ་ཁམས་བླ་མའི་སྐུ་དག་པར་བསམ། དེ་བཞིན་དུ་གུ་རུའི་གསུང་གི་ངོ་བོ་མགྲིན་པའི་ཨཿལས་བདུད་རྩི་དམར་པོ་མཚལ་ཞུན་ལྟ་བུ་བབས། རང་གི་མགྲིན་པར་ཞུགས་པ་སོགས་སྔར་ལྟར་ལས། ངག་གི་སྒྲིབ་པ་དག གསང་དབང་ཐོབ། རླུང་ཁམས་བླ་མའི་གསུང་དུ་དག་པར་བསམ་ཡང་གུ་རུའི་ཐུགས་ཀྱི་ངོ་བོ་ཧཱུྃ་ཡིག་སྔོན་པོ་ལས་བདུད་རྩི་མཐིང་ཞུན་ལྟ་བུ་བབས་པ་སོགས་སྔར་ལྟར་ལས་ཡིད་ཀྱི་སྒྲིབ་པ་དག་ནས་ཤེར་དབང་ཐོབ་ཏེ་ཐིག་ལེའི་ཁམས་བླ་མའི་ཐུགས་ཀྱི་ངོ་བོར་གྲོལ་བར་བསམ། སླར་ཡང་སྐུའི་ཆ་ཐམས་ཅད་ནས་བདུད་རྩི་འོད་ཟེར་དང་བཅས་པ་ཁ་དོག་སྣ་ལྔ་བབས་པས་རང་གི་ལུས་ཁེངས་པས། སྒོ་གསུམ་དུ་འཛིན་པའི་ཤེས་སྒྲིབ་དག་ནས་ཚིག་དབང་ཐོབ་ཏེ། སྣང་གསུམ་ཕྲ་བའི་བག་ཆགས་ཀྱི་ཁམས་ངོ་བོ་ཉིད་སྐུར་གྲོལ་བར་བསམ་པ་སྟེ། དེ་ལྟ་བུའི་དོན་དྲན་བཞིན་ངག་ཏུ། གུ་རུའི་སྐུ་ལས་བདུད་རྩིའི་རྒྱུནཿ སོགས་ནས། སྐུ་བཞི་རྣམ་ཀུན་མཆོག་ལྡན་ཐོབཿ ཞེས་པའི་བར་བརྗོད། གཉིས་པ་ནི། དེ་ནས་བླ་མ་ཡང་འོད་དུ་ཞུ་སྟེ་རང་སེམས་དང་དབྱེར་མེད་དུ་གྱུར་པར་བསམ་ལ་ཅི་གནས་སུ་མཉམ་པར་འཇོག་ཅིང་མཐར་རྗེས་ཐོབ་ཀྱི་ཆ་ལ་སྣང་སྲིད་ཐམས་ཅད་བླ་མའི་དཀྱིལ་འཁོར་གྱི་ལམ་ཁྱེར་དང་མ་བྲལ་བར་བྱ་བ་དང་། བསྔོ་སྨོན་རྣམ་པར་དག་པས་རྒྱས་འདེབས་པ་ནི་གནད་གལ་པོ་ཆེའོ། །འདི་ཙམ་གྱི་གཞུང་འདིར་བཤད་པའི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་གྲུབ་ལ། གཞན་དུ་སྔ་འགྱུར་རང་ལམ་ལྟར་ན། ཉན་ཐོས་ཀྱི་དབང་ནས་རྣལ་འབྱོར་རྒྱུད་དབང་མན་འདུས་མདོའི་གཞུང་ལྟར་བསྐུར་པའམ། དེ་ལྟར་མི་ནུས་པས་ཀྱང་གོང་སྨོས་ལྟར་སྒྱུ་འཕྲུལ་གྱི་ཕན་དབང་ཙམ་བསྐུར་བའི་རྗེས་ཐོག་དེར། བྱ་སྤྱོད་རྣལ་འབྱོར་གསུམ་གྱི་བསྙེན་པའང་ཅི་རིགས་པར་བཏང་ནས། མངོན་རྟོགས་སོགས་ཀྱི་ཁྱད་པར་རྣམས་ཡིད་ལ་ངེས་པར་བྱས་ཏེ། དེའི་ཁོངས་སུ་འདིར་བཤད་པའི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་ཀྱང་རྫོགས་པར་བགྱིས་ནས། སླར་ཉན་སྒོམ་སོགས་ནང་ནུས་པའི་དབང་རྣམས་ཅི་རིགས་པར་བསྐུར་ཏེ། བླ་མེད་ཀྱི་བསྐྱེད་རིམ་ཐུན་མོང་མ་ཡིན་པའི་ལམ་ཁྲིད་གདབ། དེ་ནས་ཟབ་དབང་གསུམ་དང་རྗེས་སུ་འབྲེལ་བའི་རྫོགས་རིམ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་རྣམས་རིམ་བཞིན་སྟོན་པ་ནི་སྤྱིར་ཤེས་པར་བྱ་བའི་གནས་སོ། །དེ་བཞིན་དུ་ཁྲིད་རྒྱབ་ལུང་གིས་སྐྱོར་བའི་ལག་ལེན་ལྟར། དབང་ཁྲིད་དེ་དག་བྱེད་པ་ན་མདོ་རྒྱུད་ཀྱི་གཞུང་དེ་དང་དེ་དགོངས་འགྲེལ་དང་བཅས་པའི་བཀླག་ལུང་ཡང་ཞར་ལ་ཁྲིད་ལུང་སྦྲག་མའི་ལུགས་སུ་བྱས་ཏེ། སྨིན་ཁྲིད་རྫོགས་པའི་དུས་སུ་མདོ་རྒྱུད་མ་ལུས་པའི་དབང་ལུང་ཁྲིད་དང་བཅས་པ་རྫོགས་པར་འགྱུར་པའི་ལུགས་ཉིད་དུ་བྱས་ན་བསྟན་པ་རིན་པོ་ཆེ་སྤྱི་ལ་ཕན་ཞིང་རང་གི་རྒྱུད་འཛིན་རྣམས་ཀྱང་བླུན་པོ་ཉི་ཚེ་བར་མི་ལུས་པའི་དགོས་པ་ཡོད་དོ། །མདོར་ན་སྔོན་འགྲོའི་རིམ་པ་དེ་དག་རྒྱས་བསྡུས་གང་ལྟར་ཡང་དངོས་གཞི་བསྐྱེད་རྫོགས་ཀྱི་ཁྲིད་ཉིད་མེད་དུ་མི་རུང་སྟེ། དེས་ན་དེ་སྨྲོས་པ་ལ་གཉིས་ལས། དང་པོ་བསྐྱེད་པའི་རིམ་པ་ལ། སྤྱིར་རྒྱུ་མ་ནོར་བ་བསྐྱེད་རིམ་ལ་འཇུག་པའི་གཞི་རྐྱེན་མ་འཁྲུལ་བ་ཇི་ལྟར་སྒོམ་པའི་ལམ། འབྲས་བུ་རྣམ་པར་དག་པ་ཟུང་འཇུག་གི་གོ་འཕང་ལ་སྦྱོར་ཚུལ་ཏེ་གསུམ་གྱི་སྒྲོམ་ནས་འཆད་དགོས་ཀྱང་། འདིར་མདོར་བསྡུས་ནས་འཆད་པ་ལ་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་སྟེ་གསུམ་ལས། དང་པོ་ནི་བསྐྱེད་རིམ་གྱི་ལག་ཁྲིད་དངོས་ཡིན་ལ། ཕྱི་མ་གཉིས་ནི་དེའི་ཡང་འགལ་སྤོང་མཐུན་སྒྲུབ་ཀྱི་སྒོ་ནས་བཞག་པའི་ཡན་ལག་ལྟ་བུར་ངེས་དགོས་སོ། །དེས་ན་དང་པོ་ལའང་ནང་གསེས་ཀྱི་ཡན་ལག་བདུན་དུ་ཡོད་དེ། འདི་ལྟར་ལྷ་ལ་སེམས་བཟུང་བ། འགྱུར་བའི་སྐྱོན་བཅོས་པ། ལྷ་དབྲལ་པ། ལྷ་ལམ་དུ་སློང་བ། ལྷ་རང་སེམས་དང་བསྲེ་བ་སྟེ་ལྔའི་ཁོང་ནས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱི་ཉམས་ལྔ་མངོན་དུ་བྱེད་པ་ནི་སྔོན་འགྲོའི་ས་བཅད་ལྔ་དང་། ཏིང་འཛིན་རྣམ་གསུམ་སྔོན་དུ་འགྲོ་བ་ཅན་གྱི་ལྷ་དོན་ལ་སྦྱར་བ་ནི་དངོས་གཞིའི་ས་བཅད་གཅིག་དང་། ཤེས་བྱ་བཅུ་དང་དམ་ཚིག་གི་གནས་དྲུག་ཏུ་བཞག་པའི་རྗེས་ཀྱི་ས་བཅད་དེ་བསྡོམས་པས་བདུན་ནོ། །དེ་དག་ཀྱང་རིམ་པ་བཞིན་བྲིས་སྐུ་ལ་སོགས་པའི་སྣང་བརྙན་མདུན་དུ་བཞག་ནས་དེ་ལ་སེམས་མ་ཡེངས་པར་གཏད་དེ་ཡིད་ལ་བྱེད་པ་ནི་དང་པོ་དང་། སྤྱིའི་སྐྱོན་བདུན་དང་བྱེ་བྲག་ཏུ་འགྱུར་བའི་སྐྱོན་བཅུ་གཉིས་པོ་སོ་སོའི་གཉེན་པོ་ཐུན་མོང་མ་ཡིན་པ་བསྟེན་པའི་སྒོ་ནས་སྒོམ་པ་ནི་གཉིས་པ་དང་། རེ་འགའ་ལྷ་དང་། རེ་འགའ་སེམས་ཉིད་ཀྱི་དོན་ལ་མཉམ་པར་འཇོག་པ་སྟེ། དེ་གཉིས་རེས་མོས་སུ་སྒོམ་པ་ནི་གསུམ་པ་དང་། ལྷ་དེ་ལངས་འདུག་འབྱོན་བཞུད་སོགས་སྤྱོད་ལམ་སྣ་ཚོགས་མཛད་པར་སྒོམ་པ་ནི་བཞི་བ་དང་། བསྒོམ་བྱའི་ལྷ་དང་སྒོམ་བྱེད་ཀྱི་སེམས་ཐ་དད་དུ་མེད་པར་ཤེས་ནས་ལྷ་དང་རང་གི་དེ་ཁོ་ན་ཉིད་རོ་གཅིག་པ་ལ་མཉམ་པར་འཇོག་པ་ནི་ལྔ་བ་སྟེ། སྔོན་དུ་ངེས་པར་བྱ་བའི་ཡན་ལག་ལྔའོ། །དེ་ནས་ས་བཅད་དྲུག་པ་ནི་སྒྲུབ་པ་ལ་སོགས་པར་འཇུག་པའི་དུས་དངོས་སུ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་སྟ་གོན་བྱེད་གྲུབ་པ་ན་སྔོན་འགྲོ་རྣམས་ཇི་རིགས་པར་བཏང་སྟེ། མཚམས་དམ་པོར་བཅད་ནས། ཐོག་མར་རང་དང་མདུན་རྟེན་གྱིས་མཚོན་པའི་ཕྱི་ནང་གི་ཆོས་ཐམས་ཅད་ལ་དངོས་པོ་དང་མཚན་མར་འཛིན་པའི་བློ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བཤིགས་ཏེ། དེ་ནས་དེ་ལྟ་བུའི་དོན་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་ཀུན་སྣང་གི་ཏིང་ངེ་འཛིན་སྒོམ་ཞིང་། དེའི་རྗེས་སུ་ཆོས་གཟུགས་ཀྱི་སྐུ་གཉིས་མངོན་དུ་བྱེད་པའི་རྒྱུ་ཐུན་མོང་མ་ཡིན་པ་དེ་གཉིས་དབྱེར་མི་ཕྱེད་པའི་རང་རིག་ཉིད་ཐུགས་སྲོག་ཧཱུྃ་དང་ཧྲཱིཿལ་སོགས་པའི་རྣམ་པར་བསྒྱུར་ནས་སྒོམ་པ་ནི། འབྲས་བུ་རྒྱུའི་ཏིང་ངེ་འཛིན་ནམ། ཕྱག་རྒྱ་གཅིག་པའི་ནང་གསེས་ཕྲ་བ་ཡིག་འབྲུ་ལ་བསླབ་པའམ། རྒྱུའམ་རྩ་བའི་ཐབས་ཞེས་བྱ་བའོ། །དེ་ཡོངས་སུ་གྱུར་པ་ལས་རང་དང་མདུན་རྟེན་དབྱེར་མེད་པ་ཉིད་ལྷག་པའི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམ་ནས་མཐར་ལས་རབ་འབྱམས་བསྒྲུབ་པའི་བར་དུ་སྟེ། དེའི་ཚུལ་ལ་བསྙེན་སྒྲུབ་ཡན་ལག་བཞི་དང་། དེ་དག་གི་མན་ངག་སྲོག་སྡོམ་གཟེར་བཞི་ཤེས་དགོས་ཏེ། རིམ་པ་ལྟར་བསྙེན་པའི་ཡན་ལག་ཏིང་ངེ་འཛིན་གྱི་གཟེར་དང་། ཉེ་བསྙེན་གྱི་ཡན་ལག་སྙིང་པོ་སྔགས་ཀྱི་གཟེར་དང་། སྒྲུབ་པའི་ཡན་ལག་དགོངས་པ་མི་འགྱུར་བའི་གཟེར་དང་། སྒྲུབ་པ་ཆེན་པོའི་ཡན་ལག་འཕྲོ་འདུའི་གཟེར་རྣམས་ཡིན་ལ། འདི་དག་ཇི་ལྟར་སྒོམ་ཚུལ་རྒྱས་པ་དང་། གསང་སྔགས་སྟོན་པའི་བླ་མ་ལ་གདུང་བ་མི་བཅད་པ་སོགས་ས་བཅད་བདུན་པའི་དོན་བཅས་རྒྱས་པར་ཤེས་འདོད་ན་བསྐྱེད་རིམ་རྣམ་བཤད་འོག་མིན་བགྲོད་པའི་ཐེམ་སྐས་ཀྱི་སྤྱི་དོན་གཉིས་པའི་སྐབས་སུ་བལྟ་བར་བྱའོ། གཉིས་པ་རྣམ་དག་དྲན་པ་ནི། དེ་ལྟར་ལྷ་དོན་ལ་སྦྱར་ཏེ་བསྒོམ་པ་ན་རྣམ་འགྱུར་གྱི་ཆ་དང་ཞལ་ཕྱག་ལྷའི་གྲངས་ངེས་སོགས་ལ་བློས་བདེན་འཛིན་ཞུགས་ཏེ་སྒོམ་མ་བདེ་ན། ལྷའི་རྣམ་པ་དེ་དག་ནི་རེ་ཞིག་དྲངས་པའི་དོན་དུ་དེ་ལྟར་གསུངས་ཀྱི། རྣམ་པར་གཞན་དུ་ན་གདུལ་བྱའི་རྒྱུད་ཀྱི་རྟོག་པ་འདུལ་བའི་གཉེན་པོར་རིགས་བརྒྱ་དང་རིགས་གཅིག་ལ་སོགས་པ་ཇི་རིགས་པར་གསུངས་པའི་ཕྱིར་གང་ལྟར་ཡང་འགལ་བ་མེད་ལ། ཁྱད་པར་རང་ཅག་སྐྱེ་བ་བཞིས་བསྡུས་ཀྱི་འགྲོ་བ་རྣམས་ཀྱི་བག་ཆགས་སྦྱོང་བའི་ཕྱིར་དེ་དང་དེར་བསྟུན་པའི་བསྐྱེད་ཚུལ་རྣམས་གསུངས་པ་ཡིན་ནོ་སྙམ་དུ་ཤེས་ནས། དེའི་ཚུལ་ལ་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཕྱིར་བསྐྱེད་རིམ་ཀྱང་བསྡུས་འབྲིང་རྒྱས་དང་རྒྱས་པ་ཆེན་པོ་བཞི་སོ་སོའི་སྦྱང་གཞི་ནི་འདི་དང་འདིའོ། །སྦྱོང་བྱེད་ནི་འདི་དང་འདིའོ། སྦྱང་འབྲས་ནི་འདི་དང་འདིའོ་སྙམ་དུ་སོ་སོར་དྲན་པས་སྔ་མའི་བློའི་འཛིན་སྟངས་དེ་ཞིག་ནས་བསྐྱེད་རིམ་སྤྲུལ་པ་ལྟ་བུ་དེ་གང་ལྟར་བསྒྱུར་ཀྱང་མི་འགལ་བར་ཤེས་ན་ལྷ་རང་རྒྱུད་དུ་འཛིན་པའི་གོལ་ས་ལས་ལྡོག་པ་ཡིན་ནོ། །འདིའི་ཚུལ་ཡང་བསྐྱེད་རིམ་རྣམ་བཤད་ཀྱི་སྤྱི་དོན་དང་པོའི་སྐབས་ལས་རྟོགས་པར་བྱའོ། །གསུམ་པ་ང་རྒྱལ་བརྟེན་པ་ནི། བསྐྱེད་རིམ་རྒྱས་བསྡུས་དེ་གང་སྒོམ་ཡང་ཚོགས་དྲུག་གི་སྣང་ཡུལ་ཐ་མལ་གྱི་སྣོད་བཅུད་ལ་སོགས་པར་འཆར་བ་དེའི་ང་རྒྱལ་འཕོ་དགོས་ཏེ། དེ་ཡང་སྤྱིར་བཏང་དུ་སྣོད་བཅུད་ཀྱི་སྣང་བ་ལྷར་སྣང་དུ་འཕོ་བ་དང་། སྣོད་བཅུད་ཀྱི་སྣང་བ་དེ་དང་དེར་བདེན་འཛིན་གྱི་ཞེན་པ་ལྷར་ཞེན་དུ་འཕོ་བ་ཞིག་དགོས་ལ། བྱེ་བྲག་བསྐྱེད་རིམ་གྱི་དག་བྱ་དག་འབྲས་ངེས་པའི་སྒོ་ནས་རྟོག་པའི་ཡན་ལག་རེ་རེ་བཞིན་གྱི་སྣང་ཞེན་རང་རང་གི་དག་འབྲས་ཐུན་མོང་མ་ཡིན་པ་དེ་དང་དེར་ང་རྒྱལ་འཕོས་ནས་དེའི་སྟེང་དུ་ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་བཟུངས་ཏེ་བསྒོམས་པས་ཇི་ཞིག་ན་སྣང་བ་ལྷའི་དཀྱིལ་འཁོར་དུ་ལམ་ལམ་འཆར་བ་ཡིན་པས་འདིའི་དུས་སུ་ལྷར་སྣང་སྒྱུ་མའི་སྣང་ཞེན་དེ་འོད་གསལ་གྱི་དབྱིངས་སུ་བསྡུ་བའི་ཕྱིར་རྫོགས་རིམ་ལ་གཙོ་བོར་འདོན་པ་ཡིན་ནོ། །དེ་ཡང་ལུགས་གཞན་དག་ལས་མ་དག་པའི་སྣང་བ་སྒྱུ་མའི་རང་བཞིན་དུ་སྔར་ཐོག་མར་དགེ་བའི་ཁྲིད་ཀྱི་ཤེས་རབ་ཀྱི་སྐབས་སུ་གཏན་ལ་ཕབ་ནས་སྒོམ་པ་དེ་སྤྱི་དོན་གྱི་སྒྱུ་ལུས་དང་། འདི་སྐབས་སུ་མ་དག་སྒྱུ་མའི་སྣང་ཞེན་དག་པའི་ལྷར་སྣང་དུ་འཕོས་ནས་སྣོད་བཅུད་ལྷར་སྣང་སྒྱུ་མར་སྒོམ་པ་ལྟ་བུ་ལ་དེ་དང་དེའི་ཁྱད་པར་གྱི་སྒྱུ་ལུས་སུ་བཤད་ནས་རྫོགས་རིམ་གྱི་ཁོངས་སུ་བསྡུས་ཀྱང་། སྔ་འགྱུར་རང་ལུགས་ལ་ཇི་ལྟར་བཤད་པའི་གཞུང་ཉིད་ཀྱི་གོ་རིམ་ལ་ངེས་པ་རྙེད་དགོས་སོ། །འདི་ལྟ་བུའི་བསྐྱེད་རིམ་ལ་བརྟན་པ་ལེགས་པོར་ཐོབ་ན་སླད་ནས་རྫོགས་རིམ་རྣམས་སྒོམ་པའི་དུས་སུ་ཚེགས་མེད་པར་འགྱུར་ཏེ་རིམ་བཞིན་དཔྱད་པས་ཤེས་སོ། །དེ་དག་གིས་རིམ་པ་དང་པོ་མདོ་ཙམ་སྨོས་ནས། ད་ནི་གཉིས་པ་རྫོགས་པའི་རིམ་པ་ས་བཅད་ཙམ་འཆད་པ་ལ་རྫོགས་རིམ་དངོས་བཤད་པ་དང་། དེའི་བོགས་འདོན་སྤྱོད་པ་སྐྱོང་ཚུལ་བཤད་པ་སྟེ་གཉིས་ལས། དང་པོ་ནི། སྤྱིར་རིམ་པ་གཉིས་ཀྱི་ཟླས་ཕྱེ་བའི་རྫོགས་རིམ་ལའང་ནང་གསེས་རིམ་པ་ལྔར་དབྱེ་བ་དང་། རྩ་ཐིག་རླུང་གསུམ་རེ་རེར་དེ་དང་དེ་སྦྱོང་བྱེད་ཀྱི་ཡན་ལག་གཉིས་གཉིས་ཀྱི་སྒོ་ནས་དབྱེ་བའི་སྦྱོར་བ་ཡན་ལག་དྲུག་ཏུ་བསྟན་པ་དང་། ལམ་གྱི་རྩ་བ་གཏུམ་མོའི་གདམས་པ། ལམ་གྱི་གཞི་མ་སྒྱུ་ལུས་ཀྱི་གདམས་པ། ལམ་གྱི་སྙིང་པོ་འོད་གསལ་གྱི་གདམས་པ། ལམ་གྱི་དྲོད་ཚད་རྨི་ལམ་གྱི་གདམས་པ། ལམ་གྱི་སུན་མ་བར་དོའི་གདམས་པ། ལམ་གྱི་གློ་ཆོད་འཕོ་བའི་གདམས་པ་སྟེ། ཟབ་མོའི་ཆོས་དྲུག་ཏུ་བཤད་པ་དང་། རིམ་ལྔ་ལའང་རྡོ་རྗེའི་བཟླས་པ་ནས་ཟུང་འཇུག་གི་བར་དུ་ལྔར་བཤད་པ་དང་། ནོར་བུ་དགང་བའི་རིམ་པ་སོགས་ལྔར་བཤད་པ་ཇི་རིགས་པ་དང་། གཞན་ཡང་ལམ་འབྲས་ཀྱི་སྐབས་སུ་བཤད་པའི་རྫོགས་རིམ་སོགས་དབྱེ་བསྡུའི་རྣམ་པ་མང་རུང་འདིར་སྔ་འགྱུར་རང་ལུགས་སུ་ནི། ཧེ་རུ་ཀ་གལ་བོ་ལྟ་བུའི་རྒྱུད་སྡེ་རེ་རེར་ཡང་དེ་དག་ཐམས་ཅད་རྫོགས་པར་བསྟན་ལ། དེ་ཡང་ཉམས་སུ་ལེན་པའི་སྐབས་སུ་སྐྱེ་འཆི་བར་དོ་གསུམ་སྦྱོང་བའི་མན་ངག་གསུམ་དུ་བསྡུས་ནས་ཉམས་སུ་ལེན་པར་བཞེད་དེ། དེའི་བསྡུ་ཚུལ་ཡང་། སྦྱོར་བ་ཡན་ལག་དྲུག་དང་། བདེ་མཆོག་གི་རྒྱུད་སོགས་ལས་བཤད་པའི་རིམ་ལྔ་ནི་གཏུམ་མོའི་གདམས་ངག་གི་ཁོངས་སུ་བསྡུ་ལ། རྨི་ལམ་སྒྱུ་མ་དང་བར་དོ་སྒྱུ་མ་དག་ནི་སྒྱུ་ལུས་སུ་བསྡུ། འཕོ་བ་ལ་སྐུ་གསུམ་གྱི་འཕོ་བ་གསུམ་གྱི་རྣམ་གཞག་ཡོད་པ་ནི་དེ་དང་དེའི་གདམས་ངག་གི་ཡན་ལག་ཉིད་དུ་བསྡུ་བར་བྱ་སྟེ། དེས་ན་གཏུམ་མོ་སྒྱུ་ལུས་འོད་གསལ་གསུམ་ནི། རྫོགས་རིམ་གྱི་མཐིལ་བོ་ཡིན་ནོ། །འདིར་གཏུམ་མོ་ལ་ཕྱི་ནང་གསང་གསུམ་སོགས་ཀྱིས་དབྱེ་བ་དང་། སྒྱུ་ལུས་ལ་ཉིན་སྣང་བར་དོ་རྨི་ལམ་གསུམ་སོགས་ཀྱི་སྒོ་ནས་དབྱེ་བ་དང་། འོད་གསལ་ལ་ཡུལ་ཡུལ་ཅན་ནམ་གཞི་ལམ་འབྲས་གསུམ་སོགས་ཀྱི་སྒོ་ནས་དབྱེ་བ་སོགས་མང་དུ་ཡོད་ཀྱང་དེ་དག་གི་རྣམ་དབྱེའི་སྤྲོས་པ་རེ་ཞིག་བཏང་སྙོམས་སུ་བཞག་ནས་སྒོམ་ཚུལ་དངོས་མདོ་ཙམ་སྨྲོས་པ་ལ། གོང་དུ་ཇི་ལྟར་བཤད་པ་བཞིན་གྱི་རིམ་པ་དང་པོའི་ལམ་ཉིད་སྟོང་ཆེན་ནས་ཕྱག་རྒྱ་སྤྲོས་བཅས་ཀྱི་བར་དྲན་པ་གཅིག་པའི་ཏིང་ངེ་འཛིན་རྣམས་ལ་ངེས་པ་རྙེད་རྙེད་དུ་བསྒོམ་ཏེ། ཐུན་མཐའ་རྣམས་སུ་དེ་ཉིད་ཀྱི་ཕྲ་ཐིག་གི་རྣལ་འབྱོར་ཐུགས་སྲོག་ལ་འདུན་པ་རྩེ་གཅིག་ཏུ་བཏད་པས་སམ། ཡབ་ཡུམ་སྙོམ་འཇུག་གི་བདེ་བ་ལ་བློ་བཞག་པ་གང་རུང་གི་རྐྱེན་ལས་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་རིལ་འཛིན་དང་རྗེས་གཞིག་ཇི་རིགས་པའི་ཚུལ་གྱིས་དེ་ཏིང་དང་ངོ་བོ་གཅིག་ཏུ་གྱུར་པའི་འོད་གསལ་རྗེས་མཐུན་པར་བསྡུས་ལ། སླར་ཡང་དེ་ཉིད་ལས་སྒྱུ་མའི་ལྷ་སྐུ་ཙམ་པོ་བ་ཕྱག་རྒྱ་གཅིག་པའི་རྣམ་པར་ལངས་ཏེ། དེའི་སྐུ་དབུས་སུ་རྩ་འཁོར་གསལ་ནས་གཏུམ་མོ་བསྒོམ་པ་དང་། སྲོག་རྩོལ་བསྡམས་ཏེ་འོད་གསལ་དང་། སྒྱུ་ལུས་སུ་འཇུག་ལྡང་བྱེད་པ་རྣམས་ལ་རིམ་བཞིན་སློབ་དགོས་པ་ཡིན་ནོ། །དེ་ཡང་སྤྱིར་རྫོགས་རིམ་གྱི་ལྷར་སྣང་ལ། ཚོགས་ལམ་གྱི་དུས་སུ་མོས་སྤྱོད་ཀྱི་ལྷ་སྐུ། སྦྱོར་ལམ་གྱི་དུས་སུ་རླུང་སེམས་ཀྱི་ལྷ་སྐུ། མཐོང་ལམ་གྱི་དུས་སུ་འོད་གསལ་གྱི་ལྷ་སྐུ། སྒོམ་ལམ་གྱི་དུས་སུ་སློབ་པའི་ཟུང་འཇུག་གི་ལྷ་སྐུ། སངས་རྒྱས་ཀྱི་ས་ན་མི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་རྣམས་ཡོད་པར་གྲགས་ཏེ། དེས་ན་གོང་དུ་སྨོས་པའི་རིམ་པ་དང་པོའི་རྗེས་སུ་བྱུང་བའི་སྒྱུ་མའི་ལྷ་སྐུ་ཙམ་པོ་བ་དེ་ཡང་མོས་སྤྱོད་ཀྱི་ལྷ་སྐུར་ངོས་བཟུངས་དགོས་སོ། །དེར་ཡང་མ་ཟད་སྒྱུ་ལུས་མཚན་ཉིད་པ་ནི། སྲོག་རྩོལ་བསྡམ་པ་ལས་རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་དང་། དེས་དྲངས་པའི་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་ཡིན་པའི་ཕྱིར། དེ་འདྲ་བ་དེ་ནི་གཏུམ་མོའི་གདམས་པ་ལ་བརྟེན་ནས་རླུང་སེམས་ལས་སུ་རུང་བ་ཞིག་ཡིན་ན་མ་གཏོགས། རྩ་རླུང་ལ་གོམས་འདྲིས་ཆུང་བ་དག་གིས་འགྲུབ་པ་ཤིན་ཏུ་དཀའ་བའི་ཕྱིར། ལས་དང་པོ་བ་དག་གིས་རླུང་སེམས་དང་། འོད་གསལ་དང་། ཟུང་འཇུག་གང་གི་ལྷ་སྐུ་བསྒོམ་རུང་མོས་སྤྱོད་ཀྱི་ལྷ་སྐུ་ལས་འདའ་མི་ནུས་སོ། །རྒྱུ་མཚན་དེའི་ཕྱིར་དེ་དང་དེ་མཚན་ཉིད་པ་འགྲུབ་པར་བྱེད་པར་ནི་གཏུམ་མོའི་གདམས་ངག་ཁོ་ན་ལ་རག་ལས་པའི་ཕྱིར་ཐོག་མར་དེ་ཉིད་ལ་བརྩོན་པ་གལ་ཆེའོ། །འདིར་གཏུམ་མོ་ལ་སོགས་པའི་སྔོན་དུ་རིམ་པ་དང་པོའི་སྐབས་ཐུགས་སྲོག་དང་སྙོམ་འཇུག་གི་བདེ་བ་ལ་སོགས་པར་སེམས་བསྡུ་བ་དང་། འོད་གསལ་རྗེས་མཐུན་པར་འཇུག་ལྡང་བྱེད་པ་རྣམས་ནི་རིམ་པ་གཉིས་པའི་ཁོངས་སུ་བསྡུ་བྱ་ཡིན་ནམ་སྙམ་ན་དེ་མ་ཡིན་ཡང་། དེ་དང་དེར་ཆ་འདྲ་བ་ལམ་དུ་བྱས་པས་དེ་དང་དེའི་སྨིན་བྱེད་དུ་འགྲོ་བ་ཡིན་ཏེ། དེའི་ཕྱིར་བསྐྱེད་རིམ་གྱི་དག་རྫོགས་སྨིན་གསུམ་འཆད་པ་ན་རིམ་པ་དང་པོ་རིམ་པ་གཉིས་པའི་སྨིན་བྱེད་དུ་འགྲོའོ་ཞེས་གསུངས་པའི་དོན་ཡང་འདི་ལྟ་བུར་དགོངས་པ་ཤེས་དགོས་སོ། །དེས་ན་འདིར་དེ་ལྟ་བུའི་རྫོགས་རིམ་དེ་འཆད་པ་ལ་གསུམ་ལས། དང་པོ་གཏུམ་མོ་ལའང་སྟོང་ར་སྦྱང་བ། རྩ་སྦྱང་བ། རླུང་སྦྱང་བ། ཐིག་ལེ་སྦྱང་བ། ལུས་སྦྱང་བ་སྟེ་ལྔས་རླུང་མ་ཟིན་པ་ཟིན་པར་བྱེད་པ་དང་། དེ་ནས་གཏུམ་མོའི་མེ་དམིགས་སྦར་བས་ཟིན་པ་བརྟན་པར་བྱེད་པ་དང་། སླར་ཡང་དྲོད་བོགས་དབྱུང་། བདེ་བ་བོགས་དབྱུང་། མི་རྟོག་པ་བོགས་དབྱུང་གསུམ་གྱིས་བརྟན་པ་བོགས་དབྱུང་བར་བྱས་ནས་གཏུམ་མོའི་དུས་གསུམ་དུ་དྲོད་བཞི་ལ་སོགས་པའི་དབང་དུ་མ་གཏང་བར་བསྒོམས་པས་རྟགས་བཅུ་དང་ཡོན་ཏན་བརྒྱད་ལ་སོགས་པ་རིམ་བཞིན་འཆར་བར་འགྱུར་བ་སྟེ། དེའི་ཚུལ་གྱི་དམིགས་དོན་བསྡུས་ནས་སྟོན་པ་ལ། གོང་སྨོས་ལྟར་སྔོན་འགྲོ་སྤྱི་དང་རིམ་པ་དང་པོ་བསྒོམས་པའི་རྗེས་ཀྱི་ལྷ་སྐུ་ཕྱག་རྒྱ་གཅིག་པ་དེའི་སྐུའི་ནང་ཐམས་ཅད་སྟོང་བར་སྒོམ་སྟེ། དེ་ཡང་སྟབས་གཅིག་ཏུ་མི་གསལ་ན་རིམ་པས་དབུ་ལ་སོགས་པ་ཆ་ཤས་ནས་སྟོང་བར་བསྒོམས་ཏེ་མཐར་སྐུའི་རྣམ་པ་དེ་ཆེ་ཆུང་སྣ་ཚོགས་སུ་བསྒོམ་ནས་དེ་དང་དེའི་ནང་སྟོང་བར་སྒོམ་མོ། །དེ་ནས་སྐུ་དེའི་ནང་དབུས་དྲང་བོར་རྩ་དབུ་མ་མཚན་ཉིད་བཞི་ལྡན་རྩ་འཁོར་བཞི་མ་གཡས་གཡོན་དུ་རོ་རྐྱང་གཉིས་དང་བཅས་པ་གསལ་ནས་རླུང་རོ་བསལ་བ་སྔོན་དུ་འགྲོ་བས་རླུང་སྦྱོར་བ་བཞི་ལྡན་འཛིན་ཚུལ་ལག་ཁྲིད་ལྟར་བགྱིད་པ་དང་། དབུ་མའི་ནང་རྩ་འཁོར་བཞིའི་དབུས་སུ་ཐིག་ལེ་གསལ་བའི་འགྲོ་འོང་ལ་སེམས་འཛིན་པ་དང་། ལྟེ་འོག་རྩ་གསུམ་གྱི་འདུས་མདོར་ཨ་ཤད་མཚན་ཉིད་བཞི་ལྡན་ཤིན་ཏུ་ཕྲ་བ་ལ་སེམས་འཛིན་པ་ནས་རིམ་པར་དམིགས་པ་སྤར་ཏེ་མཐར་སྤྱི་བོའི་ཧཾ་ཡིག་ལ་རེག་པ་ལས་བདེ་བ་གཡོས་ཏེ་བདུད་རྩི་བབ་པས་དགའ་བཞི་འབྱུང་ལྡོག་ལ་སེམས་འཛིན་པ་རྣམས་དང་བསྒྲགས་ནས་ལུས་ཀྱི་འཕྲུལ་འཁོར་རྣམས་ཀྱང་མཐོང་བརྒྱུད་ལྟར་བྱའོ། །དེ་ཡང་སྤྱིར་བཏང་ལུས་ཀྱི་གནད་དྲུག་ལས། ནོར་བུའི་སྦུབ་དང་སྙིང་ག་ནི་གཉིད་འཐུག་གི་རྣལ་འབྱོར་སྒོམ་པའི་གནད་དང་། མགྲིན་པ་དང་གསང་གནས་ནི་རྨི་ལམ་སྒོམ་པའི་གནད་དང་། སྤྱི་བོ་དང་ལྟེ་བ་ནི་སད་པའི་གནས་སྐབས་ཀྱི་རྣལ་འབྱོར་སྒོམ་པའི་གནད་དུ་བཤད་པའི་ཕྱིར་འདིར་སྤྱིར་བོའི་ཧཾ་དང་། ལྟེ་བའི་ཨ་ཤད་ལ་སེམས་འཛིན་པ་ནི་གནད་མ་ནོར་བར་བསྣུན་པ་ཉིད་ཡིན་ནོ། །གཉིས་པ་འོད་གསལ་ལ་འཇུག་པ་ནི། གོང་ལྟར་སྲོག་རྩོལ་བསྡམས་ཏེ། དབུ་མའི་ནང་གི་དམིགས་རྟེན་ལ་སེམས་རྩེ་གཅིག་ཏུ་དྲིལ་བས། དབུ་མར་རླུང་ཞུགས་པའི་རྟགས་སུ་སྣ་སྒོར་རླུང་མཉམ་པོར་རྒྱུ་བ་རེ་འགའ་ཙམ་མ་ཡིན་པར་ངེས་ཅན་དུ་འབྱུང་བ་དང་། གནས་པའི་རྟགས་སུ་རྒྱུ་བ་རང་འགགས་པ་དང་། རླུང་ལྔ་ཐིམ་པའི་རྟགས་རིམ་བཞིན། ས་རླུང་ཐིམ་པས་དུ་བ་ལྟ་བུ། ཆུ་རླུང་ཐིམ་པས་སྨིག་རྒྱུ་ལྟ་བུ། མེ་རླུང་ཐིམ་པས་སྲིན་བུ་མེ་ཁྱེར་ལྟ་བུ། རླུང་གི་རླུང་ཐིམ་པས་སྒྲོན་མེ་འབར་བ་རླུང་གིས་མ་བསྐྱོད་པ་ལྟ་བུ། ནམ་མཁའི་རླུང་ཐིམ་པས་ནམ་མཁའ་ལྟ་བུའི་སྣང་བ་སྟེ་ལྔ་ཅི་རིགས་པར་འཆར་ལ། རླུང་ལྔ་རྣམ་ཤེས་ལ་ཐིམ་པའི་རྗེས་ཐོག་དེར་རྣམ་ཤེས་སྣང་བ་ལ་ཐིམ་པས་སྟོང་བ་དང་པོ་དང་ཉམས་དཀར་ལམ་འཆར་བ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པའི་བར་གྱིས་སྟོང་བཞིའི་འགྲོས་ཀྱིས་ཉམས་བཞི་རིམ་པར་ཤར་ཏེ་དུག་གསུམ་ལས་གྱུར་པའི་རྟོག་པ་བརྒྱད་ཅུ་འགགས་ནས་འོད་གསལ་འབའ་ཞིག་ཏུ་གྱུར་པ་ན། དེའི་རང་བཞིན་སྟོན་གནམ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུ་དེ་ངོ་འཕྲོད་པར་བྱས་ནས་དེ་གའི་ངང་དུ་མ་བཅོས་པར་འཇོག་པ་གནད་དོ། །འདི་ཉིན་དུས་སུའང་སྒོམ་པ་ནི་གཉིད་སྐབས་དང་། འཆི་ཁ་ཟིན་སླ་བའི་ཆེད་དུ་ཡིན་ཏེ། དེས་ན་དམིགས་རྟེན་ཡང་སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་དབུ་མའི་ནང་དེར་པདྨ་འདབ་བཞིའི་ལྟེ་བ་ཧཱུཾ་དང་འདབ་མར་ཨ་ནུ་ཏ་ར་གསལ་ཏེ་ཐིམ་རིམ་བཞིན་དམིགས་པ་མདུན་ནས་གཡས་སྐོར་གྱིས་སྤྲོས་ཏེ་མཐར་དབུས་ཀྱི་ཧཱུྃ་ཁོ་ན་ལ་གཏད་པར་གསུངས་ཤིང་འདི་ནི་འཆི་བ་ཆོས་སྐུར་གྲོལ་པའི་གདམས་ངག་སྟེ། དེས་ན་འཆི་དུས་དང་དེའི་ཚད་འཛིན་གཉིད་ཀྱི་སྐབས་སུ་ནི་ངོས་མི་ཟིན་པ་མ་གཏོགས་འགྲོ་བ་ཐམས་ཅད་ལ་གཞིའི་འོད་གསལ་འདི་ལྟར་འཆར་བ་ཡིན་པའི་ཕྱིར་གདམས་ངག་ད་ལྟ་ན་གོམས་པོ་ཡོད་ཕྱིན་དེའི་དུས་སུ་གྲོལ་པར་སླ་བ་ཡིན་ནོ། །གསུམ་པ་དེ་ལས་སྒྱུ་མའི་ལྷ་སྐུར་ལྡང་བ་ནི་གཞི་དུས་སུའང་འོད་གསལ་ལས་ལུགས་ལྡོག་ཏུ་ཆོས་ཉིད་ཀྱི་སྣང་བ་ཡུན་རིང་ཐུང་མ་ངེས་པ་ཞིག་འཆར་བས་མཚམས་སྦྱར་ནས་སྲིད་པའི་བར་དོའམ་དེའི་ཚད་འཛིན་རྨི་ལམ་གྱི་ཡིད་ལུས་འགྲུབ་པ་ཡིན་ཏེ། དེས་ན་དེ་དག་ཏུ་གྲོལ་པ་མངོན་དུ་བྱེད་པའི་ཕྱིར། འོད་གསལ་དེ་ཉིད་ལས་ལྡང་བར་རྩོམ་པ་ན་ཐ་མལ་གྱི་སྣོད་བཅུད་ལ་སོགས་པའི་དོད་དུ་རླུང་སེམས་ཙམ་གྱི་འཕེན་པ་ལ་གྲུབ་པའི་སྒྱུ་མ་ལྟ་བུའི་ལྷ་སྐུ་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་ལྡང་ཞིང་། དེ་ལས་ཐ་མལ་གྱི་སྣང་ཞེན་འཆར་ན་སླར་ཡང་འོད་གསལ་དུ་འཇུག་ལྡང་བྱ་བ་ལ་བརྩོན་པ་སྟེ་འདི་ནི་ཉིན་སྣང་སྒྱུ་ལུས་སུ་སྦྱོང་ཚུལ་དང་། དེའི་མཚོན་ནས་མཚན་མོའང་རྨི་ལམ་འཛིན་པའི་གནད་མགྲིན་པའི་རྩ་འཁོར་གྱི་དབུས་སུ་སྔར་བཞིན་པད་འདབ་བཞིའི་དབུས་སུ་ཨོཾ་དང་འདབ་བཞིར་ཨ་ནུ་ཏ་ར་བསྒོམས་ཏེ་དེ་ལ་དམིགས་པ་འཛིན་ཚུལ་ཀྱང་འདྲ་བ་ལས། བསམ་པའི་ཁྱད་པར་འདི་ལྟར་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ཡིན་ནོ་ཞེས་ཉིན་མོའི་དུས་སུའང་ཡང་ཡང་བསམ་ཞིང་ཁྱད་པར་གཉིད་དུ་འགྲོ་ཁ་དེར་ནན་ཏན་བྱས་ནས་རྨི་ལམ་འཛིན་པའི་འདུན་པ་བཏང་སྟེ། མ་ཡེངས་པར་བྱེད་པ་གལ་ཆེའོ། །དེ་ནས་ཟིན་ན་གདོད་སྦྱང་བསྒྱུར་སྤེལ་བའི་འདུན་པ་སོ་སོར་བསྒྱུར་ནས་སྦྱང་དགོས་ཏེ་འདི་དག་གི་ཚུལ་དང་འགལ་སྤང་མཐུན་སྒྲུབ་ཀྱི་སྤྱོད་ལམ་རྣམས་ནི་རེ་ཞིག་བཏང་སྙོམས་སུ་བཞག་གོ །དེ་ལྟར་གཉིད་འཐུག་སྲབ་ཀྱི་འོད་གསལ་ལས་རྨི་ལམ་དུ་ལྡང་བར་རྩོམ་པ་ན། དེའི་དོད་དུ་སྒྱུ་མའི་ལྷ་སྐུར་ལྡང་བའམ། རྨི་ལམ་གྲུབ་ཟིན་རྟིང་གདོད་ངོ་ཤེས་ནས་འོད་གསལ་དུ་འཇུག་ལྡང་བྱེད་པ་གང་ཡིན་ཀྱང་རྨི་ལམ་སྐབས་དེར་སྒྱུ་མའི་ལྷ་སྐུར་ལྡང་འཇུག་བྱེད་ནུས་པ་ཞིག་ཡོད་ཕྱིན་བར་དོར་ཡང་ཚུལ་དེ་ལྟ་བུའི་སྒོ་ནས་ལྡང་འཇུག་བྱས་ནས་གྲོལ་བ་ཡིན་པས་འདིའི་མན་ངག་ཟུར་དུ་མ་བཤད་དོ། །མདོར་ན་ཚུལ་དེ་དག་བར་དོ་ལོངས་སྐུར་གྲོལ་བའི་གདམས་པ་ཡིན་པས། གདམས་ངག་འདི་དག་ལ་ད་ལྟ་རང་བྱན་ཚུད་པ་ཡོད་ཕྱིན་བར་དོ་གྲོལ་བ་ལའང་ཐེ་ཚོམ་ཡོད་པ་མ་ཡིན་ནོ། །འདིར་སྒྱུ་ལུས་ཀྱི་སྔོན་དུ་འོད་གསལ་ལ་འཇུག་པར་བཤད་པ་ཡང་རྨི་ལམ་གྱི་སྔོན་དུ་གཉིད་འཐུག་གི་འོད་གསལ་འཛིན་པའི་ཆེད་དུ་ཡིན་གྱི་གཞན་དུ་ན་སྒྱུ་ལུས་གྲུབ་ནས་གཟོད་འོད་གསལ་འགྲུབ་དགོས་པའི་ཕྱིར་འོད་གསལ་གྱི་སྔོན་སྒྱུ་མའི་ལྷ་སྐུར་ལྡང་བ་ཡིན་པའང་ཤེས་པར་བྱའོ། །དེ་ནས་རྨི་ལམ་ལས་སད་པར་རྩོམ་པ་ན་ཆོས་སྐུ་ལས་ལོངས་སྐུ་དང་། ལོངས་སྐུ་ལས་སྤྲུལ་སྐུའི་ཚུལ་གྱིས་སད་པ་དང་མཉམ་དུ་ཉིན་སྣང་བསྐྱེད་རིམ་གྱི་ལྷ་སྐུའི་བྱེ་བྲག་གཉུགས་མའི་ཧེ་རུ་ཀར་ལངས་ཏེ་གོ་བགོ་ལུས་བསྲུང་གྲུབ་པ་དང་། ཐུན་མོང་གི་སྔོན་འགྲོ་སེམས་བསྐྱེད་སྡོམ་བཟུང་ནས་བརྩམ་རིམ་པ་དང་པོ་སྒོམ་པ་དང་རྗེས་འབྲེལ་དུ་སྔར་བཞིན་གཏུམ་མོ་ལ་ནན་ཏན་བྱ་སྟེ། འདི་ནི་སྐྱེ་སྲིད་སྤྲུལ་སྐུར་གྲོལ་བའི་གདམས་པ་ཡིན་ཕྱིར་གལ་ཏེ་བར་དོར་གྲོལ་བ་མ་ཐོབ་ཀྱང་སྐྱེ་བ་བརྒྱུད་ནས་གྲོལ་བའི་ཐབས་དམ་པའོ། །དེས་ན་གདམས་ངག་གསུམ་པོ་དེ་ནི་གཉིད་འཐུག་དང་འཆི་བ་ཆོས་སྐུར་བསྲེ་བ། རྨི་ལམ་དང་བར་དོ་ལོངས་སྐུར་བསྲེ་བ། ཉིན་སྣང་དང་སྐྱེ་བ་སྤྲུལ་སྐུར་བསྲེ་བ་སྟེ་བསྲེ་བ་སྐོར་གསུམ་ཀྱང་ཡིན་ལ། འཆི་སྲིད་འོད་གསལ་ཆོས་སྐུར་འཕོ་བ་བར་སྲིད་སྒྱུ་ལུས་ལོངས་སྐུར་འཕོ་བ། སྐྱེ་སྲིད་ལྷར་སྣང་སྤྲུལ་སྐུར་འཕོ་བ་སྟེ་འཕོ་བ་སྐོར་གསུམ་ཀྱང་ཡིན་པའི་ཕྱིར་བསྲེ་འཕོ་སྐོར་གསུམ་མམ། བསྲེ་འཕོ་སྐོར་དགུར་གྲགས་པ་རྣམས་ཡིན་ནོ། །འདི་དག་ནི་གཙོ་བོར་དཔལ་སྒྱུ་འཕྲུལ་དྲ་བ་ཆེན་པོ་དང་། ཡང་དག་ཧེ་རུ་ཀའི་རྒྱུད་དང་། རྟ་མཆོག་རོལ་པ་དྲེགས་པ་གཟན་ལ་འབེབ་པའི་རྒྱུད་རྣམས་ཀྱི་དགོངས་པ། ཨིནྟྲ་བྷུ་ཏིའི་རིམ་པ་གཉིས་པ་སོགས་ཀྱིས་བཀྲལ་བའི་དོན་མ་ནོར་བ་ཉིད་ཡིན་ལ། འདིར་རྒྱས་པར་སྤྲོ་མ་ནུས་ཀྱང་གཞན་ཞིག་ཏུ་འགོད་པར་སེམས་སོ། །དེ་དག་གིས་གསང་ཆེན་རྡོ་རྗེའི་ཐེག་པའི་ལམ་གྱི་དངོས་གཞི་རྫོགས་པའི་རིམ་པ་མདོ་ཙམ་སྨྲོས་ནས། གཉིས་པ་ལམ་དེའི་བོགས་འདོན་སྤྱོད་པའི་སྐྱོང་ཚུལ་འཆད་པ་ལ། སྤྱིར་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་སྟེ་གཉིས་སུ་བཤད་པ་དང་། བྱེ་བྲག་རིམ་གྱིས་པའི་དབང་དུ་བྱས་ནས་ལས་དང་པོ་བའི་དུས་སུ་དགེ་སྦྱོང་གཞོན་ནུ་ལྟ་བུའི་སྤྱོད་པ་ནས། རྣལ་འབྱོར་དབང་ཕྱུག་གི་སྤྱོད་པའི་བར་བདུན་དུ་བཤད་པ་དང་། རྫོགས་ཆེན་གྱི་རྒྱུད་ལས་བུང་བ་ལྟ་བུའི་སྤྱོད་པ་སོགས་བདུན་དུ་བཤད་པ་རྣམས་ཡིན་མོད་དེ། འདིར་མདོར་བསྡུས་ནས་སྟོན་པ་ལ། ཐོག་མར་དགེ་བའི་ཁྲིད་རྣམས་སྐྱོང་བའི་དུས་སུ་ནི་བག་ཡོད་ཀྱི་སྤྱོད་པ་བྱེད་ཚུལ་རང་རང་གི་སྐབས་སུ་ཇི་ལྟར་བཤད་པ་རྣམས་དང་མི་འགལ་བར་བྱེད་དགོས་ལ། བར་ཏུ་དགེ་བའི་ཁྲིད་ཀྱི་སྐབས་འདིར་ཡང་སྤྱིར་བཏང་སྡོམ་པ་གསུམ་ལྡན་དུ་བསྲུང་ཚུལ་སྔ་འགྱུར་རང་ལུགས་སུ་གྲགས་པའི་སྡོམ་པའི་ཁྱད་ཆོས་དྲུག་ལྟར་ངེས་པར་བྱས་ནས། དེའི་བྱེ་བྲག་དུས་སྐབས་གཙོར་སྤྱད་ཅེས་གྲོང་ཡུལ་སོགས་སུ་འདུལ་བའི་ཀུན་སྤྱོད་གཙོ་བོར་འདོན་པ་དང་། དབེན་པར་གསང་སྔགས་ཀྱི་སྤྱོད་པ་རྣམས་རང་ནུས་དང་དཔག་ནས་ཇི་རིགས་པར་ཉམས་སུ་ལེན་པ་སྟེ། དེ་ལས་འདིར་ནི་སྔོན་འགྲོ་ཐུན་མོང་བ་རྣམས་ཚད་དུ་འཁྱོལ་ནས་བསྐྱེད་རིམ་ལ་བརྟན་པ་ཐོབ་ཏེ། རྫོགས་རིམ་ལ་ངེས་པ་ཇི་རིགས་པ་རྙེད་པའི་གང་ཟག་དེས་ལམ་དེ་དག་གི་ཡོན་ཏན་གོང་དུ་འཕེལ་བར་བྱ་བའི་ཕྱིར་དང་། འབྱུང་འགྱུར་ཐ་མ་དགེ་བའི་ཁྲིད་ལ་འཇུག་པར་བྱ་བའི་ཕྱིར་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ཉིད་བརྩམས་པར་བྱ་སྟེ། འདིར་ནི་རྫོགས་རིམ་ཐུན་མོང་གི་ལམ་ལ་ལྟོས་ནས་རྗེས་ཀྱི་སྤྱོད་པ་སྐྱོང་ཚུལ་དང་། རྫོགས་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལམ་ཁྲེག་ཆོད་དང་ཐོད་རྒལ་ལ་ལྟོས་ནས་དེའི་སྔོན་འགྲོར་བཤད་པའི་ཕྱིར་གང་དུ་སྦྱར་ཀྱང་མི་འགལ་མོད་དེ་འདིར་རེ་ཞིག་སྐབས་འདིར་བཤད་པར་བྱའོ། །དེ་ལ་ཡང་གདམས་ངག་གི་རྣམ་གྲངས་ལ་ལྟོས་ནས་ཕྱིའི་འཁོར་འདས་རུ་ཤན་ལུས་ངག་ཡིད་གསུམ་སྦྱོང་བའི་སྒོ་ནས་དབྱེ་བ་དང་། ནང་གི་འཁོར་འདས་རུ་ཤན་རིགས་དྲུག་གི་ས་བོན་སྲེག་པའི་སྒོ་ནས་དབྱེ་བ་སྟེ་གཉིས་སུ་བཤད་པ་དང་། ཆ་མཐུན་གྱི་མན་ངག་གཞན་གཅོད་ཡུལ་དང་། ཞི་བྱེད་དང་། རོ་སྙོམས་སུ་གྲགས་པ་རྣམས་ཀྱི་དོན་ཡང་འདིར་འདུ་བར་བྱས་ནས་ཉམས་སུ་ལེན་དགོས་ཏེ། དེའི་ཚུལ་ཡང་གཅོད་གྱི་སྐབས་ལྟ་བུར་མཚོན་ན། སྔོན་འགྲོ་རྣམས་ནི་ཚོགས་ཞིང་གི་རྣམ་འགྱུར་དང་། ངག་འདོན་གྱི་བྱེ་བྲག་ཙམ་ལས་འདིར་བཤད་པ་དང་དོན་གཅིག་ཡིན་ལ། འདུན་པ་སྐབས་སུ་སྒྱུར་བ་ཙམ་ནི་མ་ངེས་པའོ། །དངོས་གཞི་ལ་གཉིས་ལས་ཡུམ་དོན་ངོ་སྤྲད་པ་ནི་ཤེར་ཕྱིན་གྱི་སྐབས་སུ་ལྟ་བ་ངོ་སྤྲད་པ་དང་དོན་གཅིག་པའི་ཕྱིར། འདིའི་ཁྱད་པར་གྱི་ཆོས་ནི་ཐུན་མོང་མ་ཡིན་པའི་བདུད་བཞི་དབྱིངས་སུ་གཅོད་པ་དེ་དང་རྗེས་ལ་གཉན་སར་ཕུང་བོའི་མཆོད་སྦྱིན་བགྱིད་བཞིན་རོ་སྙོམ་གྱི་སྤྱོད་སྐྱོང་པ་དེ་ཡིན་ནོ། །ཞི་བྱེད་ཀྱང་དམིགས་པའི་བྱེ་བྲག་ཙམ་མ་གཏོགས་དེར་མཚུངས་ལ། རོ་སྙོམས་ཡང་དེར་གནད་གཅིག་གོ དེས་ན་འདིར་མདོར་བསྡུ་ན། ལུས་ཀྱི་སྤྱོད་པ་གང་དྲན་བྱེད་པ་དང་། ངག་གི་བརྗོད་པ་གང་དྲན་སྨྲ་བ་དང་། སེམས་ཀྱི་དྲན་རྟོག་གང་དྲན་སློང་བ་རྣམས་ནི། རང་རྒྱུད་དང་ལྷན་ཅིག་བདུད་བཞི་བག་ཉལ་དུ་གནས་པ་དེ་མངོན་གྱུར་དུ་ལྷོང་བའི་རྒྱུ་ཡིན་ལ། གཉན་ས་སོགས་འགྲིམས་པས་འཇིགས་སྣང་སྐྱེས་པས་མཚོན་ཚོགས་དྲུག་གི་ཡུལ་རྐྱེན་རྣམས་ཀྱང་དེ་ལྷོང་བའི་རྐྱེན་ཡིན་ནོ། །ལྷོང་བ་དེ་ལ་རྟེན་ནས་འཁྲུལ་པའི་སྣང་བར་བདེན་འཛིན་ཞུགས་ཏེ་འཇིགས་སྐྲག་ཆགས་སྡང་ཐེ་ཚོམ་སོགས་སྐྱེས་པ་དེ་ནི་གཅད་བྱའི་བདུད་དམ། རུ་ཤན་དབྱེ་བའི་གཞི་ཉིད་ཡིན་ཏེ། དེས་ན་ཆགས་སྡང་དེས་ཉེ་བར་བླང་བའི་འཇིག་རྟེན་ཆོས་བརྒྱད་དག་འདོར་ལེན་བགྱིད་པར་སེམས་པ་ན་དེ་དག་ཕཊ་དོན་ཐབས་ཤེས་ཟུང་འཇུག་གི་དབྱིངས་སུ་བཅད་ནས་རོ་བསྙམས་ཏེ་འཁོར་འདས་རུ་ཤན་འབྱེད་དགོས་ལ། དེ་ཡང་འདི་ལྟར་སྣང་བའི་ཡུལ་ཤེས་མཐའ་དག་རང་ངོ་ནས་རང་བཞིན་གྱིས་བདེན་པར་གྲུབ་བོ་སྙམ་དུ་བདེན་པར་འཛིན་ཞིང་ཞེན་པའི་བདག་འཛིན་དེས་བསྐྱེད་དང་བཅས་པ་འདི་ནི་འཁོར་བའི་རུ་ཡིན་ལ། དེ་དག་ལ་བདེན་པར་གྲུབ་པའི་བདག་རང་བཞིན་གྱིས་གྲུབ་པ་མེད་པའི་གནས་ལུགས་ནི་མྱང་འདས་ཀྱི་རུ་སྟེ། དེ་གཉིས་ཤན་འབྱེད་པའི་ཐབས་ནི་ཆགས་སྡང་རོ་སྙོམས་པའི་སྒོ་ནས་བདག་འཛིན་རྩད་ནས་གཅོད་པའི་གདམས་པ་དེའོ། །དེས་ན་འདིར་སྤྱོད་པ་བསྐྱང་བའི་དགོས་པའི་གཙོ་བོ་དེ་ཤེས་པར་བྱས་ནས་དེའི་ཡན་ལག་ཏུ། ཚོགས་བསགས་ཐུན་མོང་མ་ཡིན་པ་ཕུང་པོའི་མཆོད་སྦྱིན་ལ་འབད་པ་དང་། ལམ་ཁྱེར་ཐུན་མོང་མ་ཡིན་པ་ན་དགའ་ཤི་སྐྱིད་དང་བདེ་སྡུག་གཏོང་ལེན་པ་ལ་བརྩོན་པ་དང་། སྒྲིབ་སྦྱོང་ཐུན་མོང་མ་ཡིན་པ་རིགས་དྲུག་སྲེག་སྦྱང་རྣམས་ལ་གནད་དུ་སྣུན་དགོས་ཤིང་། དེ་དག་སོ་སོའི་རྣམ་དབྱེ་དང་བྱེ་བྲག་གི་དགོས་པ་སོགས་མང་ཞིག་མཆིས་རུང་རེ་ཞིག་དེ་ཙམ་མོ། །འོན་ཀྱང་རིགས་དྲུག་སྲེག་སྦྱང་གི་སྐབས་སུ་བསྲེག་བྱ་རིགས་དྲུག་གི་ས་བོན་རྣམས་ངོས་མ་ཟིན་ན་ནད་ངོས་མ་ཟིན་པའི་སྨན་ལྟར་དོན་དུ་མི་འགྱུར་ཕྱིར་དེ་བཤད་ན། སྤྱིར་འཁོར་བའི་རྩ་བའམ་ས་བོན་ནི་བདག་འཛིན་གློ་བུར་བ་ཉིད་ཡིན་པར་གོང་དུ་བཤད་པ་ལྟར་ལ་བྱེ་བྲག་འདི་སྐབས་སུ་འགྲོ་བ་རིགས་དྲུག་ཏུ་སྣང་བའི་ཆ་ནས་བཞག་དགོས་པའི་ཕྱིར་བདག་འཛིན་དེས་བསྐྱེད་པའི་རྩ་བའི་ཉོན་མོངས་པ་དྲུག་པོ་འཁོར་དང་བཅས་པ་རྣམས་ཡིན་ནོ། །དེ་ཡང་རིམ་པ་བཞིན་ལྷའི་ས་བོན་ང་རྒྱལ་ཏེ་དེ་ལ་དབྱེ་ན་བདུན། ལྷ་མིན་གྱི་ས་བོན་ལྟ་བ་སྟེ་དེ་ལ་དབྱེ་ན་ལྔ། མིའི་ས་བོན་ཐེ་ཚོམ། དུད་འགྲོའི་ས་བོན་གཏི་མུག་གམ་མ་རིག་པ་སྟེ་འདི་གཉིས་དོན་གཅིག་པར་མདོ་ལས་བཤད་དོ། །ཡི་དྭགས་ཀྱི་ས་བོན་འདོད་ཆགས། དམྱལ་བའི་ས་བོན་ཁོང་ཁྲོའམ་ཞེ་སྡང་སྟེ། དེ་དག་གི་འཁོར་ནི་ཁྲོ་བ་ལ་སོགས་པ་ཉེ་ཉོན་རྣམས་ལས་ཅི་རིགས་པར་སྦྱར་བ་རྣམས་སོ། །དེས་ན་གང་ཟག་གཅིག་གི་རྒྱུད་ལའང་འདི་དྲུག་ཀ་མངོན་ལྐོག་གང་རུང་གི་ཚུལ་དུ་ཡོད་པའི་ཕྱིར་དེ་ཉིད་འཕེན་པའི་ལས་ཀྱི་རྐྱེན་དང་འཕྲད་ན་རིགས་དྲུག་དེ་དང་དེར་སྐྱེ་བར་འགྱུར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་དག་ཀྱང་འགྲོ་བའི་ལུས་དང་འབྲེལ་བའི་སྐབས་ན་ལུས་ཀྱི་གནས་དྲུག་སོ་སོར་དེ་དང་དེའི་རྟེན་བྱེད་པའི་རྩ་གནས་ཀྱི་ཡི་གེ་ཨ་ལ་སོགས་པའི་རྣམ་པར་གནས་པའི་ཕྱིར་རྟེན་དང་བརྟེན་པའི་སྒོ་ནས་དབྱེ་བ་གཉིས་གཉིས་སུ་འགྱུར་རོ། །འདིར་ངེས་པ་རྙེད་ནས་སྦྱོང་བྱེད་ཀྱི་གཉེན་པོ་སྒོམ་པ་ནའང་བརྟེན་པའི་ས་བོན་དྲུག་པོ་དེ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མེས་སྲེག་པ་དང་། རྟེན་གྱི་ས་བོན་དྲུག་པོ་དེ་ཡི་གེ་གསུམ་ལས་འཕྲོས་པའི་འོད་ཟེར་གྱི་མེས་སྲེག་པ་སྟེ། དེ་ལྟ་བུའི་རིགས་དྲུག་སྲེག་སྦྱོང་བྱས་ན་དོན་ལ་གནས་པ་ཡིན་ནོ། །དེས་ན་ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་སྐྱོང་བའི་ཚུལ་འདི་ནི་སྐབས་འདི་དང་གཞན་དག་ཏུའང་ཇི་རིགས་པར་ཉམས་སུ་བླང་བར་བྱའོ། །དེ་ལྟར་ན་བར་དུ་དགེ་བའི་ཁྲིད་ས་བཅད་ཙམ་འཆད་གྲུབ་བོ། ། དོན་གསུམ་པ་ཐ་མར་དགེ་བ་འོད་གསལ་རྫོགས་པ་ཆེན་པོའི་རྣམ་བཞག་འཆད་པ་ལ། སྤྱིར་ལམ་འདིའི་ལུས་ཡོངས་སུ་རྫོགས་པ་རྡོ་རྗེའི་གནས་བཅུ་གཅིག་གི་བསྡུས་པའི་ཚུལ་ཀུན་མཁྱེན་ཆེན་པོས་ཚོགས་དོན་རིན་པོ་ཆེའི་མཛོད་དུ། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་ཐེག་པའི་རྒྱལ་པོ་འདིའི་ཁྱད་པར་གྱི་ཆོས་ཐམས་ཅད་ས་བཅད་དེ་དག་གིས་བསྡུས་པར་རྒྱུད་སྡེ་དཔང་པོར་བཞག་ནས་གསུངས་པ་ལྟར་ངེས་དགོས་ཀྱང་འདིར་བསྡུ་ན། གཞི་ནས་ཡུལ་གྱི་བར་ས་བཅད་བདུན་པོ་རྣམས་ནི། གཞི་ཉིད་ཀྱི་ཁོངས་སུ་འདུ་ལ། ཉམས་ལེན་ཚད་དང་བར་མ་དོ་གསུམ་ནི་ལམ་དང་། གྲོལ་ས་ནི་འབྲས་བུ་སྟེ། དེས་ན་གཞི་ལམ་འབྲས་གསུམ་དུ་འདུ་བར་འཆད་དོ། །དེ་ཡང་ཐུན་མོང་གི་གཞི་ལམ་འབྲས་བུའི་རྣམ་གཞག་རྣམས་ལས་འདིར་བཤད་པ་ཉིད་ཁྱད་པར་དུ་གང་གིས་འཕགས་པའི་ཁྱད་པར་གྱི་ཆོས་རྣམས་ངེས་དགོས་ཏེ། དེའི་ཕྱིར་དེ་ཉིད་མདོ་ཙམ་འཆད་པ་ལ། སྤྱིར་རང་ཅག་རྣམས་འཁོར་བར་འཁྱམས་པའི་དུས་སུའང་འཁོར་བའི་འཁྲུལ་སྣང་འགྲུབ་པའི་རྟེན་གཞི་དང་། མྱ་ངན་ལས་འདས་པའི་སྐབས་སུ་དེའི་ཡོན་ཏན་སྐུ་དང་ཡེ་ཤེས་རྣམས་འགྲུབ་པའི་བསྒྲུབ་གཞིར་གྱུར་པ་དེ་ལ་གཞི་ཞེས་བྱ་ཏེ། དེ་རང་གི་མཚན་གཞི་འཇོག་པ་ནི་ཐེག་པའི་བྱེ་བྱག་དང་གང་ཟག་གི་བློ་རིམ་གྱིས་འཇོག་ཚུལ་མི་གཅིག་པ་མང་དུ་བྱུང་བ་ནི། རིམ་པ་བཞིན་ཉན་ཐོས་པ་རྣམས་ཀྱིས་ནི་རང་གིས་བདེན་གཉིས་ཀྱི་རྣམ་གཞག་ཙམ་འདོད་པ་ཡོད་ཀྱང་ཐེག་ཆེན་པ་རྣམས་ཀྱིས་བརྟགས་ན་ཐ་སྙད་ཀྱི་བདེན་པ་ཁོ་ནའི་སྒོ་ནས་དེ་བཞག་པར་སྣང་སྟེ། དཔེར་ན་ཤེས་བྱའི་གཞི་ལྔ་ལྟ་བུའོ། །འདིར་བྱེ་མདོ་གཉིས་ཀྱི་མི་འདྲ་བའི་ཁྱད་པར་ཀྱང་ཇི་རིགས་པ་ཡོད་དོ། །ཐེག་ཆེན་ལའང་གཉིས་ལས། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ནི་སྤྱིར་ཤེས་བྱ་ཐམས་ཅད་དོན་བཅུར་བསྡུས་ནས་འཆད་པ་ན། ཤེས་བྱའི་གནས་ཀུན་གཞི་རྣམ་ཤེས་དང་། མཚན་ཉིད་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གྱི་སྒོ་ནས་འཆད་དེ་འདིས་གཞི་ལ་བདེན་གཉིས་ཀྱི་རྣམ་བཞག་དོན་གྱིས་འདོད་པར་སྣང་ཡང་དབུ་མ་བ་དང་འཇོག་ཚུལ་མི་འདྲའོ། །དབུ་མ་པ་ནི་གཞིའི་ཆོས་རྣམས་བདེན་པ་གཉིས་ཀྱི་སྒོ་ནས་གཏན་ལ་འབེབས་ཏེ། དཔེར་ན་གཞི་དབུ་མ་བདེན་གཉིས་ཟེར་བ་ལྟ་བུའོ། །འདིར་ཁ་ཅིག་དབུ་མ་པའི་ལུགས་ལ་བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཞིག་མེད་པར་འདོད་པ་དང་། ཡང་ཁ་ཅིག་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རང་བཞིན་བདེན་པ་གཉིས་སུ་གཏན་ལ་ཕབས་པ་དེ་ལས་གུད་ན་བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཞིག་ཡོད་པར་འདོད་པ་རྣམས་ནི། གཞུང་ཆེན་པོ་རྣམས་མ་མཐོང་བའི་སྐྱོན་དང་། བདེ་བཤེགས་སྙིང་པོ་ཞེས་བྱ་བ་ཉིད་ཀྱི་མཚན་དོན་ལེགས་པར་ཁོང་དུ་མ་ཆུད་པའི་སྐྱོན་དག་ཏུ་སྣང་ངོ་། །དེ་བཞིན་ཏུ་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ནི་སྤྱིར་བཏང་དུའང་སྡེ་སྣོད་རིན་པའི་ཆེ་རྣམ་པ་གསུམ་གྱི་གཞུང་གི་མན་ངག་ཉིད་ཡིན་པའི་ཕྱིར་རྣམ་པར་གཞག་པ་ཕལ་ཆེར་མཚུངས་མོད་དེ་བྱེ་བྲག་ཁྱད་པར་གྱི་ཆོས་ཇི་རིགས་པ་རྣམས་མ་གཏོགས་པ་དབུ་མ་དང་ཤིན་ཏུ་ཉེའོ། །དེས་ན་འདིར་ཡང་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ནི་མིང་གི་རྣམ་གྲངས་ཙམ་མ་གཏོགས་དབུ་མའི་རྣམ་བཞག་ལྟར་བཤད་དེ། འདི་ལྟར་དོན་དམ་སྤྲོས་བྲལ་གྱི་དབྱིངས་ལ་ཆོས་ཉིད་ངོ་བོ་ཉིད་ཀྱི་གཞི་ཞེས་དང་། ཐ་སྙད་བདེན་པ་སྣང་བའི་ཆ་ནས་འཁྲུལ་པ་བརྟགས་པའི་གཞི་ཞེས་གཉིས་སུ་གསུངས་པའི་ཕྱིར་རོ། །འོན་ཀྱང་འདིའི་ཁྱད་པར་གྱི་ཆོས་ནི་ལྷག་པའི་བདེན་པ་དབྱེར་མེད་བློས་སྤྱོད་ཡུལ་དང་བྲལ་བ་ཞེས་བྱ་བ་ཉིད་ཡིན་ཏེ་གཞན་དུ་གསལ་ལོ། །ཁྱད་གཞི་དེ་དག་ལས་ཐེག་པའི་རྒྱལ་པོ་འདིའི་ཁྱད་པར་གྱི་ཆོས་ནི་ཐེག་པ་འདིའི་ལུགས་ཀྱིས་གཞི་ལ་སྤྱིར་བཏང་ཡེ་གཞི། སྤྱི་གཞི། གྲོལ་གཞི། འཁྲུལ་གཞི་ཞེས་བཞི་རུ་དབྱེ་བ་དང་། བྱེ་བྲག་ཡེ་གཞི་ལའང་གཞི་ཀ་དག་ཏུ་འདོད་པ་དང་། ལྷུན་འགྲུབ་ཏུ་འདོད་པ་དང་། མ་ངེས་པར་འདོད་པ་དང་། ངེས་པ་དོན་དུ་འདོད་པ་དང་། ཅིར་ཡང་བསྒྱུར་དུ་བཏུབ་པ་འདོད་པ་དང་། ཅིར་ཡང་ཁས་ལེན་བཏུབ་པ་འདོད་པ་དང་། གཞི་མ་ངེས་པའམ་ཁྲ་བོར་འདོད་པ་སྟེ་བདུན་ལས་གཞན་དག་ཅི་རིགས་པར་བཀག་ནས་རང་ལུགས་ལ་ཀ་དག་ལྷུན་འགྲུབ་ཟུང་འཇུག་གམ་ཀ་དག་ཆེན་པོའི་གྲུབ་མཐའ་ཉིད་འཆའ་སྟེ། དེའི་མཚན་གཞི་ནི་ལྷུན་གྲུབ་མ་སྤང་བའི་ཀ་དག་སྟེ། དཔེར་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་བ་ཉིད་ཟེར་བ་ལྟ་བུའོ། །དེས་ན་གཞི་བདུན་པོ་དག་གནད་གཅིག་ཏུ་བསྡུ་མ་ཤེས་པར་ཕྱོགས་རེར་ཞེན་ན་གོལ་སར་བསྟན་ནས་དགགས་ཀྱི་འདིའི་བཀག་བྱ་ཉིད་རྣམ་གྲངས་ཙམ་གྱི་བྲེ་བྲག་དེ་དང་དེ་བཀག་པ་ནི་མི་ཡིན་པ་གོང་གསལ་ལྟར་རོ། །དེས་ན་གདོད་མའི་གནས་ལུགས་སམ། ཡེ་གཞི་ཀ་དག་སྤྲོས་པ་ཐམས་ཅད་དང་བྲལ་བ་དེས་ལྷུན་གྲུབ་རྟེན་འབྱུང་གི་ཆ་མ་སྤང་བའི་ལྷུན་གྲུབ་ཀྱིས་འཁོར་འདས་སུ་མཆེད་པའི་གཞི་བྱེད་པས་ན་སྤྱི་གཞི་ཞེས་བྱ་ལ། དེ་ལས་ཀྱང་ལྷུན་གྲུབ་ཀྱི་སྣང་བ་ལ་ལྷན་སྐྱེས་དང་ཀུན་ཏུ་བརྟགས་པའི་བདག་འཛིན་དག་གིས་བདག་དང་བདག་གིར་བཟུང་བ་ལས་འགྲོ་བའི་གནས་རིགས་དྲུག་ཏུ་རྨི་ལམ་གྱི་ཡུལ་གཟུགས་ལྟར་འཁྲུལ་སྣང་གློ་བུར་བར་སྣང་བ་ཡིན་པས་ན་རྟེན་འབྱུང་བདེན་འཛིན་གྱི་བསླད་པ་དང་བཅས་པ་འདི་དག་དང་མཚུངས་པར་ལྡན་པའི་ལུང་མ་བསྟན་གྱི་ཆ་ལ་འཁྲུལ་གཞིའམ་ཀུན་གཞི་ཞེས་བྱ་སྟེ། འདིར་དབྱེ་སྒོ་གཞན་ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་ལུས་ཀྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་སྟེ་བཞིར་བྱས་པའང་ཡོད། ལྷུན་གྲུབ་ཀྱི་སྣང་བ་ལ་བདག་དང་བདག་གི་བ་དེ་དག་རང་བཞིན་གྱིས་མ་གྲུབ་པར་ཤེས་པའི་རིག་པའི་ཡེ་ཤེས་སམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷན་སྐྱེས་སུ་ཤར་བ་དེ་ལ་གྲོལ་གཞི་ཞེས་བྱ་སྟེ། འདི་ལའང་དབྱེ་ན། གཞི་ལས་འཕགས་དང་རང་ངོར་སྣང་། །བྱེ་བྲག་ཕྱེད་དང་ཕྱེད་ཐོག་གྲོལ། །གཞན་ལས་མ་བྱུང་རང་སར་གནས། །འདི་ནི་ཁྱད་ཆོས་དྲུག་ལྡན་ནོ། །ཞེས་པ་ལྟར་ཀུན་ཏུ་བཟང་པོའི་ཁྱད་ཆོས་དྲུག་ཏུ་དབྱེ་བ་ཡོད་དེ། འདིའི་ཚུལ་ལེགས་པར་རྟོགས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་གནས་འདི་ཁོ་ནས་གྲོལ་པར་ཤེས་ལ། རང་ཉིད་ཀྱི་བྱང་ཆུབ་མངོན་དུ་བྱེད་པ་ཡང་ཐོག་མའི་འཇུག་སྒོ་གང་ལ་ཞུགས་ཀྱང་མཐར་གནས་འདི་ཁོ་ནར་འཇུག་དགོས་པ་ཉིད་རྟོགས་པར་འགྱུར་བ་ཡིན་ནོ། །མདོར་ན་གཞིའི་ཆོས་དེ་དག་ཐམས་ཅད་བདེན་པ་གཉིས་སུ་འདུ་སྟེ་ཀ་དག་སྤྲོས་བྲལ་དོན་དམ་པའི་བདེན་པ་དང་། ལྷུན་གྲུབ་རྟེན་འབྱུང་ཐ་སྙད་ཀྱི་བདེན་པའི་ཕྱོགས་སུ་བཞག་ཅིང་དེ་ཡང་ངོ་བོ་དབྱེར་མེད་དུ་འདོད་པའི་ཕྱིར་རོ། །འདིར་རིགས་དང་བདེ་བར་གཤེགས་པའི་སྙིང་པོར་གསུངས་པ་རྣམས་ཀྱང་གཞིའི་རྒྱུད་འདི་ཁོ་ན་སྟེ། དེ་དག་གང་ཡང་བདེན་པ་གཉིས་ཀའི་སྒོ་ནས་བཞག་པར་བྱ་བ་ལས་ཕྱོགས་གཅིག་ཙམ་བཞག་པ་ནི་གོ་བ་རྒྱ་ཆུང་བར་ཟད་དེ། འདིའི་རང་བཞིན་རྒྱས་པ་ནི་སྙིང་པོའི་མདོ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་རྒྱ་ཆེར་འབྱུང་ཞིང་། དེ་ཡང་རྣམ་གྲངས་དབྱེ་བ་རྣམས་ནི་བརྟེན་ཆོས་ཀྱི་སྒོ་ནས་དབྱེ་བར་ཟད་ཀྱི། རྟེན་གཞི་ཀ་དག་རང་ངོས་ནས་ནི་དབྱེ་བ་མེད་ཅིང་མཐར་ཐུག་གི་གྲོལ་སའི་ངོ་བོ་ཉིད་སྐུ་དང་ཡང་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །འོ་ན་ད་ལྟའི་གནས་ལུགས་དེ་བཞིན་ཉིད་ལའང་ངོ་བོ་ཉིད་སྐུ་ཞེས་ཟེར་རམ་ཞེ་ན། སྐབས་འགར་དེ་ལྟར་སྨོས་པའང་ཡོད་མོད་དེ་འོན་ཀྱང་། དེ་ནི་འདི་ལྟར་ཡིན་ཏེ། དཔེ་ཁང་བ་ལྟ་བུར་མཚོན་ན། རྟེན་གཞི་ཁང་བ་གཅིག་ལ་བརྟེན་པ་རྒྱལ་པོ་ལྟ་བུ་གནས་སྐབས་རྒྱལ་ཁང་ངམ་རྒྱལ་པོའི་ཕོ་བྲང་ཞེས་སྨྲ་བ་དང་། ཚོང་བ་ལྟ་བུ་གནས་སྐབས་ཚོང་ཁང་དང་། མགར་བ་ལྟ་བུ་གནས་སྐབས་མགར་ཁང་ཞེས་སྨྲས་ཀྱང་། ཁང་བ་རང་ངོས་ནས་འགྱུར་བའམ་ཁྱད་པར་དུ་བྱས་པ་ཅུང་ཟད་ཀྱང་མེད་པ་ལྟར། བརྟེན་ཆོས་ཀྱི་སྒོ་ནས་མིང་གཞན་དུ་འགྱུར་བ་ཙམ་སྟེ། དེ་སྐད་དུའང་མགོན་པོ་བྱམས་པས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་དང་། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། རྫོགས་ཆེན་རང་གཞུང་ལས། གྲོལ་ས་ཐོག་མ་གང་ཡིན་པའོ། །ཞེས་སོགས་གསུངས་པ་ལྟར་ཏེ་འདི་ནི་རིགས་གཉིས་སུ་དབྱེ་བ་ལྟར་ན་རང་བཞིན་གནས་རིགས་ཀྱི་ཕྱོགས་ནས་སྨོས་པ་ཡིན་ནོ། །དེས་ན་གོང་སྨོས་ལྟར་རྒྱས་འགྱུར་གྱི་རིགས་ལ་ནི་མཚན་ཉིད་དེ་ལྟར་བརྗོད་དུ་མེད་དེ། དེའི་ཕྱིར་སྤྱིར་རིགས་ཙམ་འཆད་པའི་ཚེ་ན་བདེན་པ་གཉིས་ཀའི་སྒོ་ནས་འཇོག་དགོས་ཏེ། རྫོགས་ཆེན་རང་གཞུང་ལས་ཀྱང་། འཁོར་བར་འཁྲུལ་རུང་མས་སྤངས་པའི་གནས་སྐབས་ལ་གཞིའི་ལྷུན་གྲུབ་དང་། འཁྲུལ་རུང་ཇི་རིགས་པ་སྤངས་པའི་གནས་སྐབས་ལ་ལམ་གྱི་ལྷུན་གྲུབ་པ་དང་། འཁྲུལ་རུང་ཡོངས་སུ་སྤངས་པའི་གནས་སྐབས་ལ་འབྲས་བུའི་ལྷུན་གྲུབ་ཅེས་བརྗོད་ནས། གནས་སྐབས་དེ་དང་དེའི་ལྷུན་གྲུབ་དེ་དག་དང་ངོ་བོ་དབྱེར་མེད་དུ་གྱུར་པའི་ཀ་དག་ལ་ནི་བརྟེན་ཆོས་ལ་ལྟོས་པའི་མིང་གི་དབྱེ་བ་ཙམ་ལས་འགྱུར་བའི་གནས་སྐབས་དེ་དག་ཡོད་པར་མི་འཆད་པའི་ཕྱིར་རོ། །དེ་དག་གིས་གཞིའི་གོ་བ་སྤྱིར་བཏང་གི་ཁྱད་པར་ཅུང་ཟད་སྨྲོས་ནས་བྱེ་བྲག་འཁོར་བའི་ལུས་དང་འབྲེལ་བའི་གནས་དང་ལམ་དང་སྒོ་ཡུལ་གྱི་ཁྱད་པར་རྣམས་ཀྱང་ངེས་དགོས་ཏེ། འདི་དག་མ་རྟོགས་པར་འོད་གསལ་དང་ཟུང་འཇུག་སོགས་ཀྱི་ཁྱད་པར་འཆད་པ་རྣམས་ནི་ལུས་ཀྱི་གནས་དེ་དང་དེར་སྲོག་རྩོལ་བསྡམས་པ་ལས་ཡོན་ཏན་དེ་དང་དེ་འཆར་བའི་རྒྱུ་མཚན་ཐུན་མོང་མ་ཡིན་པ་གཞུང་ན་གབ་པ་ཉིད་མ་རྟོགས་བཞིན། ཤར་བའི་ཡོན་ཏན་ཉིད་ལ་ཉམས་དགས་བསྔགས་བརྗོད་བྱས་པ་ཙམ་དུ་ཟད་དོ། །དེས་ན་གཞུང་འདིར་གཞུང་གཞན་གྱི་སྦས་དོན་ཐམས་ཅད་དངོས་སུ་བསྟན་ཅིང་། མཆོག་གི་འོད་གསལ་དང་ཟུང་འཇུག་འགྲུབ་པའི་ཐབས་ཐུན་མོང་མ་ཡིན་པའང་ལམ་གྱི་བརྗོད་བྱའི་གཙོ་བོར་བསྟན་པའི་ཕྱིར་ཐེག་པ་ཀུན་གྱི་མཐར་ཐུག་སྙིང་པོའི་དོན་དུ་བསྟན་པའང་དོན་ལ་གནས་པ་ཡིན་ནོ། །གཉིས་པ་ལམ་གྱི་ཁྱད་པར་ཅུང་ཟད་འཆད་པ་ལ། འདིར་ཡང་ལམ་སྟོན་དགེ་བའི་བཤེས་གཉེན་ནི་རྫོགས་ཆེན་རང་ལམ་གྱི་སྣང་བཞི་མཐར་ཕྱིན་པ་སོགས་ལམ་འདིར་གོམས་འདྲིས་ཡོད་པའི་རྡོ་རྗེ་སློབ་དཔོན་ཐུན་མོང་མ་ཡིན་པ་ཉིད་དགོས་ཀྱི་ཐེག་པ་ཐུན་མོང་ལ་མཁས་པ་ཙམ་གྱིས་ནི་ལམ་འདི་སྒྲ་ཇི་བཞིན་པར་འཆད་ནུས་པ་མ་ཡིན་ནོ། །དེས་ན་སྔར་གསང་སྔགས་ཐུན་མོང་གི་གདམས་པ་ཞུ་ཡུལ་གྱི་བླ་མ་དེ་ལ་གདམས་ངག་འདི་ཉིད་སྟོན་པའི་མཚན་ཉིད་ཚངས་ན་དེ་ཉིད་དང་། མིན་ན་སློབ་དཔོན་གཞན་བཙལ་ལ་བསྟེན་ཚུལ་སློབ་མའི་མཚན་ཉིད་ཐུན་མོང་མ་ཡིན་པ་རྣམས་ཀྱང་འདིར་བཤད་པ་ལྟར་ངེས་པར་བྱས་ནས། འཇུག་སྒོ་སྤྲོས་བཅས་བུམ་དབང་སོགས་འདི་གའི་དབང་བཞི་ཐུན་མོང་མ་ཡིན་པ་རྣམས་ལེགས་པར་ནོས་ཏེ། དེ་དང་རྗེས་འབྲེལ་དུ་ལམ་དངོས་སྒོམ་པ་ལ་ཀ་དག་ཁྲེག་ཆོད་དང་། ལྷུན་འགྲུབ་ཐོད་རྒལ་གྱི་གདམས་པ་གཉིས་ལས། དང་པོ་ལ་རྫོགས་ཆེན་སྤྱི་གཞུང་ལྟར་ན། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པ། དངོས་གཞི་རིག་པ་རང་ངོ་སྤྲད་པ། རྗེས་སྣང་ཉམས་ཀྱི་སྐྱོང་ཐབས་བསྟན་པ་སྟེ་སྦྱོར་དངོས་རྗེས་གསུམ་གྱི་ས་བཅད་གསུམ་གྱིས་ཁོག་ཕུབས་ནས་འཆད་པ་ལས། དང་པོ་ལའང་སྐྱེ་འགགས་གནས་གསུམ་ལ་བརྟགས་པ། གཅིག་དང་ཐ་དད་པ་ལ་བརྟགས་པ། རང་ངོ་ཅེར་མཐོང་ལ་བརྟགས་པ་ཞེས་གསུམ་ལས། དང་པོ་ལའང་ཡུལ་ལ་བརྟགས་པ་དང་། ཡུལ་ཅན་ལ་བརྟགས་པ་གཉིས་ཏེ། དེ་དག་གི་སྒོ་ནས་དངོས་པོའི་གནས་ལུགས་སྐྱེ་འགགས་གནས་གསུམ་དང་བྲལ་བའི་སྟོང་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་དོན་སྤྱིའི་ཚུལ་དུ་གཏན་ལ་ཕབ་པ་དང་། སླར་ཡང་རིག་པ་གནས་ཐོག་ཏུ་ངོ་སྤྲོད་པ་ཡིན་ཡང་འདིར་སྤྲོས་བྲལ་གྱི་ལྟ་བ་ཤེར་ཕྱིན་གྱི་སྐབས་སུ་ངོ་འཕྲོད་པ་དང་སྔགས་ཀྱི་ལྷན་སྐྱེས་དབང་དུས་སུ་ངོ་འཕྲོད་པའི་ལུགས་སུ་བྱས་ཏེ། སྐབས་འདིར་གཞུང་འདི་གའི་ཁྱད་ཆོས་ཙམ་སྨོས་པ་ལ། ཀུན་གཞི་དང་ཆོས་སྐུའི་དབྱེ་བ། སེམས་དང་ཡེ་ཤེས་ཀྱི་དབྱེ་བ། ཡིད་དང་ཤེས་རབ་ཀྱི་དབྱེ་བ་རྣམས་ལེགས་པར་ཕྱེ་ནས། ཆོས་ཀྱི་སྐུ་དང་། དེའི་གདངས་ཡེ་ཤེས་དང་། དེའི་རྩལ་སོ་སོར་རྟོག་པའི་ཤེས་རབ་རྣམས་ཀྱི་རང་གནད་ངེས་པར་བྱས་ནས་སྐྱོང་དགོས་པ་ལས། དང་པོ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་ནི། སྤྱིར་ཀུན་གཞི་ཞེས་པ་ལ་འདོད་ཚུལ་མི་གཅིག་པ་མང་དུ་ཡོད་ཀྱང་འདིར་གོང་དུ་གཞིའི་སྐབས་སུ་བཤད་པ་ལྟར། མ་རིག་པ་དང་མཚུངས་ལྡན་ལུང་མ་བསྟན་ལ་ཡེ་དོན་གྱི་ཀུན་གཞི་ཟེར་བ་སོགས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྱུང་རྣམས་དང་མཚུངས་ལྡན་ལུང་མ་བསྟན་གྱི་ཆ་ལ་སྤྱིར་བཏང་ཀུན་གཞི་ཞེས་བྱ་སྟེ། དཔེར་ན་ས་གཞི་ལ་བརྟེན་ནས་ས་བོན་ལས་མྱུ་གུ་ལ་སོགས་པར་རིམ་བཞིན་སྨིན་པས་ན། ས་བོན་དང་མཚུངས་པར་ལྡན་པའི་ས་གཞི་ལ་ཞིང་ས་ཞེས་ཟེར་བ་ལྟ་བུ་སྟེ། འདིར་ས་གཞི་ནི་རེ་ཞིག་རྟེན་གྱི་རྣམ་པར་གནས་པ་ལས་ས་བོན་ནས་འབྲས་བུའི་བར་གང་དུའང་ལུང་དུ་བསྟན་པར་བྱ་བ་མ་ཡིན་པ་བཞིན་ནོ། །ཆོས་ཀྱི་སྐུ་ནི་ཀུན་གཞི་རྟེན་འབྱུང་དང་བཅས་པ་དེ་དག་རང་བཞིན་གྱིས་མ་གྲུབ་པའི་སྟོང་བ་ཉིད་མཐར་ཐུག་གི་ངོ་བོ་ཉིད་སྐུའི་བྲལ་རྒྱུ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་དང་། སེམས་སྟོང་བའི་རང་བཞིན་འོད་གསལ་བ་མཐར་ཐུག་གི་ཡེ་ཤེས་ཆོས་སྐུར་འགྱུར་རུང་གི་ཆོས་སམ་ཡེ་ཤེས་ཆོས་སྐུའི་བསྐྱེད་རྒྱུར་གྱུར་པ་དེ་གཉིས་ཟུང་དུ་འཇུག་པ་རིག་སྟོང་དབྱེར་མེད་དམ། དབྱིངས་ཡེ་ཟུང་འཇུག་ཏུ་གྲགས་པ་དེ་ཡིན་ཏེ། འདིར་ཡང་སྤྱིར་བཏང་གཞི་དུས་ཀྱི་སྐུ་གསུམ་དང་ལམ་དུས་ཀྱི་སྐུ་གསུམ་དང་། འབྲས་དུས་ཀྱི་སྐུ་གསུམ་སྟེ། གཞི་ལམ་འབྲས་བུའི་དུས་ཀྱི་སྐུ་གསུམ་སོ་སོར་སྨྲོས་པ་ལས། འདི་ནི་གཞི་དུས་ཀྱི་ཆོས་སྐུ་ལམ་གྱི་ཡུལ་དུ་བྱས་པ་དེ་ཡིན་ནོ། །དེ་ཡང་ཐོག་མར་ངོ་སྤྲོད་པའི་སྐབས་སུ་གོང་དུ་རྫོགས་རིམ་ཐུན་མོང་གི་སྐབས་སུ་བཤད་པ་ལྟར། སྲོག་རྩོལ་བསྡམས་པ་ལས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པས་སྟོང་བཞིས་དྲངས་པའི་མཐའི་འོད་གསལ་སྟོན་གནམ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུ་དེ་ཉིད་གཉུག་མའི་འོད་གསལ་དུ་ངོ་སྤྲད་ནས་སྐྱོངས་སུ་འཇུག་པ་སྟེ། དེ་ཉིད་ངོ་སྤྲོད་པའི་ཐབས་ནི་འདི་གའི་རིག་པའི་རྩལ་དབང་གི་སྐབས་སུ་བཤད་པའི་ཡེ་གྲོལ་ཚངས་པའི་དབང་དང་། སྤྱི་བླུགས་ཚངས་པའི་དབང་དག་གིས་ངོ་སྤྲོད་པའི་ལུགས་དེ་དང་ངོ་སྤྲོད་ཉེར་གཅིག་ཏུ་གྲགས་པ་རྣམས་ཡིན་ནོ། །དེར་ཡང་སྲོག་རྩོལ་སྡོམ་མིན་གྱི་ཆོ་གའི་རྣམ་གཞག་ཅི་རིགས་པར་བྱུང་བ་ནི་འདི་ལྟར་ཡིན་ཏེ། སྤྱིར་ཕྲ་རགས་གི་རྣམ་པས་ངོས་ཟིན་དཀའ་སླ་ཙམ་མ་གཏོགས། གཞི་དུས་སུ་འཆི་བ་དང་གཉིད་ཀྱི་སྐབས་སུ་སྟོང་བཞི་འཆར་བ་ལྟར། ལམ་དུས་སྲོག་རྩོལ་བསྡམས་པ་ལས་ཀྱང་འཆར་ལ། དེས་མཚོན་ནས་ཕོ་མོ་སྙོམ་འཇུག་གི་སྐབས་དང་སྦྲིད་པ་ལ་སོགས་པ་བྱུང་བའི་དུས་དང་། རྟོག་པ་སྔ་མ་འགགས་ནས་ཕྱི་མ་མ་ཤར་བའི་བར་དེར་ཡང་སྟོང་བཞི་ཕྲ་བ་འཆར་བར་གསུངས་པའི་ཕྱིར། རྒྱུ་མཚན་དེར་དགོངས་ནས་འབྲེལ་མེད་ཀྱི་གཏམ་སོགས་མང་དུ་དྲིས་པ་ནི་སློབ་མས་ཅི་ཟེར་ཆ་མེད་དུ་ལུས་པའི་སྐབས། དེར་ངོ་སྤྲོད་པ་ལ་སོགས་པའི་ཐབས་འདི་དག་གསུངས་པ་ཡིན་ཏེ། དེས་ན་འདིར་ཡང་ཐབས་དེ་དག་ལ་བརྟེན་ནས་སྟོང་བཞིའི་མཐའི་འོད་གསལ་སྟོན་གནམ་སློང་བྱེད་རྐྱེན་གསུམ་དང་བྲལ་བ་ལྟ་བུ་དེ་ཉིད་ངོ་འཕྲོད་དགོས་ཀྱི། རང་བཞིན་དུ་ཧད་དེ་ལུས་པ་ཙམ་ཞིག་འོད་གསལ་ཆོས་ཀྱི་སྐུར་ངོ་སྤྲོད་པ་ནི་དོན་ལ་གནས་པ་མ་ཡིན་ནོ། །འོད་གསལ་དེ་ཡང་རྒྱུན་ཆད་མེད་པ་གཉུག་མའི་འོད་གསལ་ཡིན་པའི་ཕྱིར་ངོ་འཕྲོད་ཟིན་ནས་རྣམ་རྟོག་ཤར་མིན་ལ་མ་ལྟོས་པར་རྒྱུན་ཏུ་སྐྱོང་དུ་ཡོད་པར་ཤེས་དགོས་ཀྱི། སྐབས་དེར་ཤར་ནས་ངོ་སྤྲད་དེ་སླར་དེ་ལས་ལྡང་བ་ན་མེད་པར་གྱུར་པ་ལྟ་བུ་ནི་མ་ཡིན་ནོ། །འོ་ན་ཐབས་དེར་ལྟོས་ཅི་དགོས་ཞེ་ན། དགོས་ཏེ། དཔེར་ན་སྐྱེས་བུའི་ལུས་ཐམས་ཅད་ལ་ཁྲག་གིས་རྒྱུན་དུ་ཁྱབ་པར་གནས་མོད་དེ། དེ་ལྟ་མ་རྟོགས་པ་ལ་ཚུལ་དེ་སྨྲས་པས་ཡིད་མི་ཆེས་པར་འགའ་ཞིག་སྨན་པ་མཁས་པས་ལུས་ཀྱི་རྩ་གནད་དུ་ཁྲག་གཏར་ནས་བསྟན་པས་ཡིད་ཆེས་པར་གྱུར་པ་བཞིན་ཏེ། འདི་ནི་ཤེས་པར་བྱ་བའི་གནས་གལ་ཆེ་བ་ཞིག་གོ །གཉིས་པ་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་ནི། སྤྱིར་སེམམ་ཞེས་པ་ཙམ་ལ། གང་ལ་སེམས། གང་གིས་སེམས། གང་སེམས་པར་བྱེད་པས་ན་སེམས་སོ། །ཞེས་པའི་དོན་ལྟར་སེམས་ཡིད་རྣམ་ཤེས་རྣམས་ཀྱང་མིང་གི་རྣམས་གྲངས་སུ་འཆད་པ་ཡོད་མོད་དེ། འདིར་ནི་ཀུན་གཞི་ལ་བརྟེན་པའི་ཤེས་པ་གསལ་ལ་མི་རྟོག་པ་ཐུན་མོང་དུ་ཀུན་གཞི་རྣམ་ཤེས་སམ་ལེན་པའི་རྣམ་ཤེས་ཞེས་གྲགས་པ་དེ་ལ་སེམས་དང་། དེ་ལས་མཆེད་པའི་ཡིད་ཀྱི་རྣམ་ཤེས་དང་། ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པའི་ཡིད་གཉིས་སོ་སོར་མ་ཕྱེད་པའི་སྤྱི་ཚོགས་ཙམ་ལ་ཡིད་དང་། དེ་ཉིད་ཡུལ་ལ་ཞུགས་པའི་འཇུག་ཤེས་ལྔ་ལ་རྣམ་པར་ཤེས་པ་ཞེས་གསུམ་དུ་དབྱེ་ནས་དེ་དག་ལས་ཡེ་ཤེས་ཀྱི་རང་གནད་འབྱེད་པ་ཡིན་ཏེ། འདིར་ཡང་ཐུན་མོང་དུ་ཐེག་ཆེན་རྣལ་འབྱོར་སྤྱོད་པ་དག་གིས་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་འདོད་པ་དང་། བྱེ་མདོ་གཉིས་དང་། དབུ་མ་པ་ཁ་ཅིག་གིས་རྣམ་ཤེས་ཚོགས་དྲུག་ཏུ་འདོད་པའི་ཁྱད་པར་གྱིས་ཀུན་གཞི་རྣམ་ཤེས་ཁས་མི་ལེན་པ་སོགས་ཡོད་ཀྱང་། སྐབས་འདིར་སེམས་ཀུན་གཞི་རྣམ་ཤེས་ལས་ཡེ་ཤེས་ཁྱད་པར་དུ་འབྱེད་པའི་ཕྱིར་སེམས་ཙམ་བསྒྲུབ་བྱའི་གཙོ་བོ་མ་ཡིན་པས་ན་ཤེས་པ་དབྱེ་བསྡུའི་རྣམ་གྲངས་འགོད་པ་ཙམ་ལ་ནི་འགལ་བ་ཡོད་པར་མ་མཐོང་བའི་ཕྱིར་ཆེད་དུ་སྒྲུབ་མ་དགོས་ཀྱང་། སྤྱི་དོན་དུ་བཤད་ན། དབུ་མ་ཐལ་འགྱུར་པའི་ལུགས་ཀྱིས་ཡིད་ཀྱི་རྣམ་ཤེས་ལ་ཕྲ་རགས་གཉིས་སུ་དབྱེ་བའི་ཡིད་ཤེས་ཕྲ་བ་དེ་དང་། རྣལ་འབྱོར་སྤྱོད་གཞུང་ལས་བཤད་པའི་ཀུན་གཞི་རྣམ་ཤེས་དེ་གཉིས་བྱེད་ལས་གཅིག་པར་སོང་བའི་ཕྱིར་ཐལ་འགྱུར་པའི་ལུགས་ཀུན་གཞི་རྣམ་ཤེས་མི་འདོད་པར་སྨྲ་བ་འདི་ཡང་མིང་གི་རྣམ་གྲངས་ལས་གནས་སྐབས་སུ་དམ་འཆའ་བ་ཙམ་དུ་ཟད་དོ། དེ་ཡང་ཡིན་ཏེ་ལུགས་དེས་དེ་ཉིད་སྒྲུབ་པའི་ལུང་ཁུང་དུ་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟང་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །ངས་འདི་བྱིས་པ་རྣམས་ལ་ཡོངས་མ་བསྟན། །ཞེས་པ་གྲངས་ནས་དེའི་དོན་འཆད་པ་ན་ལས་འབྲས་ཆུད་མི་འཛའ་བར་ཉེ་བར་ལེན་པའི་ཤེས་རྒྱུན་ལ་བཤད་པའི་ཕྱིར། དབུ་མ་པའི་ལུགས་ལ་དེ་འདྲ་དེ་གཏན་ནས་མི་འདོད་ན་ལས་འབྲས་ཀྱི་རྟེན་འབྱུང་རྒྱུན་ཆད་པ་ཞིག་འདོད་དགོས་པར་སྣང་བའི་ཕྱིར་ཧ་ཅང་ཐལ་ལོ། །དེས་ན་སེམས་དེ་ལས་ཡེ་ཤེས་ཀྱི་ཁྱད་པར་འབྱེད་པ་ལ། སྤྱིར་བཏང་དུ་གནས་དང་། ལམ་དང་། སྒོ་དང་། ཡུལ་དང་། དཔེ་ལ་སོགས་པའི་སྒོ་ནས་ཁྱད་པར་འབྱེད་ཚུལ་མང་ཡང་། འདིར་རེ་ཞིག་ཤེས་པ་ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་རྣམ་པར་དབྱེ་ན། སེམས་ནི་ཀུན་གཞི་ལ་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་བདག་འཛིན་ཞུགས་པ་ལས་ཡུལ་ལ་རྣམ་པར་འཛིན་པའི་ཤེས་པ་སྟེ་སྲིད་པའི་རྟེན་འབྱུང་གི་ལམ་དུ་གྱུར་པའོ། །ཡེ་ཤེས་ནི་དེ་ལས་ལྡོག་སྟེ་འོད་གསལ་ཆོས་ཀྱི་སྐུ་ལས་ཡུལ་ལ་གཡོ་བ་ནའང་། ཡུལ་གྱི་རྣམ་པར་སྣང་བ་དང་ལྷན་ཅིག་ཉིད་དུ་ཡུལ་ལ་བདག་དང་བདག་གིར་བདེན་པར་གྲུབ་པས་སྟོང་བ་ཉིད་གང་ཞིག་ཡུལ་དུ་བྱས་ཏེ་ཡུལ་སྟོང་བ་ཉིད་དང་། ཡུལ་ཅན་ཡེ་ཤེས་ཆེན་པོ་ཉིད་ཟུང་འཇུག་ཏུ་ཆུ་ལ་ཆུ་བཞག་པ་བཞིན་ལྷན་ལྷན་འགྲོ་བ་ཡིན་ཏེ། དེ་ལྟར་འགྲོ་བའི་རྒྱུ་མཚན་ཡང་གོང་དུ་གཉུག་མའི་འོད་གསལ་ངོ་འཕྲོད་ནས་དེ་ཉིད་ལམ་དུ་བྱས་པ་ལས་བྱུང་བ་ཡིན་པའི་ཕྱིར། གནད་འདིར་རིང་དུ་གོམས་པར་གྱུར་ན་གསེར་གླིང་དུ་ཕྱིན་པས་ས་རྡོ་རང་གཞན་པ་མི་རྙེད་པའི་དཔེ་ལྟར་གང་སྣང་ཐམས་ཅད་འོད་གསལ་འབའ་ཞིག་གི་སྣང་བར་འཆར་བ་ཡིན་པས་སྤང་བླང་བྱེད་དུ་མེད་དེ། དེ་སྐད་དུའང་རིག་འཛིན་དགའ་རབ་རྡོ་རྗེས། ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །གྲོལ་པའི་དུས་ན་མཉམ་གྲོལ་བཟང་ངན་མེད། །ཞེས་གསུངས་པ་ཡིན་ནོ། །དེས་ན་སེམས་ཀྱི་ཆོས་ཉིད་རྟོགས་པ་ལས་གུད་ན་རིག་པའི་ཡེ་ཤེས་མེད་མོད་ཀྱང་སེམས་ཡེ་ཤེས་མ་ཡིན་པར་རྟོགས་ཏེ་དེ་དག་གི་ཁྱད་པར་ལེགས་པར་ཕྱེས་ནས་རིག་པའི་ཡེ་ཤེས། སྲིད་པའི་རྩ་བ་མ་རིག་པ་གཞི་ནས་བཟློག་པས་དེ་ལ་བརྟེན་པའི་འདུ་བྱེད་དང་རྣམ་ཤེས་སོགས་ཀྱང་ལྷན་ཅིག་འགག་པར་འགྱུར་བ་ཡིན་པས་ན། རྣམ་བྱང་ཕྱོགས་ཀྱི་རྟེན་འབྱུང་སྒོམ་པའི་ལམ་གྱི་དངོས་གཞིར་ཡང་ཞར་ལ་གྲུབ་པ་ཡིན་ཏེ། ཚུལ་འདི་ནི་ཐུན་མོང་གི་མདོ་ལས་ཀྱང་རྟོན་པ་བཞིའི་ནང་ཚན་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཞེས་པའི་སྐབས་སུ་རྒྱ་ཆེར་འབྱུང་བ་ཡིན་ནོ། །འདི་དག་སྒོམ་པའི་དམིགས་གནད་ཐུན་མོང་མ་ཡིན་པ་རྣམས་ནི་འོད་གསལ་ཆེན་པོ་ཐོད་རྒལ་གྱི་སྐབས་སུ་འབྱུང་སྟེ་འོག་ནས་འཆད་དོ། །གསུམ་པ་ཡིད་དང་ཤེས་རབ་ཀྱི་དབྱེ་བ་ནི། འདིར་ཡིད་ཀྱི་གོ་བ་སྤྱིར་བཏང་གོང་དུ་སྨྲོས་ནས་བྱེ་བྲག་གི་དོན་འཆད་པ་ལ། སྒོ་ལྔའི་ཤེས་པ་ཡུལ་ལ་སྐྱེ་བའི་སྐབས་སུ་དེ་དང་དེ་སྐྱེ་བའི་རྒྱུའི་རྐྱེན་དུ་གནས་པའི་གཙོ་སེམས་དེ་ཡིད་ཤེས་ཡིན་ཡང་། དེ་ཉིད་གནས་དང་པོ་ནས་སྐྱེས་པ་དང་ལྷན་ཅིག་ཉོན་མོངས་པ་བཞིས་དྲི་མ་ཅན་དུ་བྱས་པས་ན་དེ་དང་མཚུངས་པར་ལྡན་པའི་ཡིད་དུ་གྱུར་པ་ཡིན་ཏེ། དེའི་ཚུལ་ཡང་མ་རིག་པས་དངོས་པོའི་དེ་ཁོ་ན་ཉིད་སྒྲིབ་པ་ཉིད་འཇིག་ཚོགས་ལ་ལྟ་བས་བདག་དང་བདག་གིར་བཟུངས་ཏེ། ང་འོ་སྙམ་པའི་ང་རྒྱལ་གྱིས་དེ་ཉིད་བརྟན་པར་བྱས་ནས་བདག་ལ་མངོན་པར་ཆགས་པས་དེ་ཉིད་ཀྱི་མཐུན་ཕྱོགས་སྒྲུབ་ཅིང་མི་མཐུན་ཕྱོགས་སྤང་བའི་ཕྱིར་ཡུལ་ལ་འདོར་ལེན་བགྱིས་ནས་ལས་གསོགས་པ་ལ་འཇུག་སྟེ་མདོར་ན་ཡུལ་གྱི་རྣམ་པར་སྣང་བ་ལ་རྣམ་པ་ལྟར་བདེན་པར་རྟོག་ཅིང་དཔྱོད་པའི་བློའོ། །དེ་ཡང་མདུན་གྱི་དམིགས་པ་མིག་ཤེས་ཀྱི་གཟུང་ཡུལ་ཀ་བ་ཆོས་ཅན་ལྟ་བུར་མཚོན་ན། ཀ་བ་དམིགས་རྐྱེན་དང་མིག་དབང་བདག་རྐྱེན། ཡིད་ཤེས་རྒྱུའི་རྐྱེན་རྣམས་ཚོགས་པའི་དེ་མ་ཐག་གཟུང་ཡུལ་ངེས་བྱེད་ཀྱི་མིག་ཤེས་སྐྱེ་བ་ཡིན་ཞིང་། སྐབས་དེར་ཡུལ་རང་བཞིན་གྱིས་མ་གྲུབ་པར་རྟོགས་པའི་ཤེས་པ་ལྷན་སྐྱེས་མེད་ཕྱིན་ཡུལ་ལ་བདེན་འཛིན་གྱི་རྟོག་པ་འཇུག་སྟེ། དེས་ཡུལ་འདོར་ལེན་བྱེད་པ་ལ་སོགས་སྔ་མ་ལྟར་རོ། །སོ་སོར་རྟོག་པའི་ཤེས་རབ་ནི་རང་ཡུལ་སྟོང་ངེས་བྱེད་ཀྱི་ཤེས་པ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་སྩལ་ཏེ། དེས་ན་སྒོ་ལྔའི་ཡུལ་གྱི་རྣམ་པ་གང་ཞིག་སྣང་ནའང་སྣང་བ་ཙམ་ཉིད་ལས་དེ་ལ་བདེན་པར་མི་འཛིན་ཞིང་། རྣམ་པར་སྣང་རྐྱེན་ཉིད་ཀྱིས་རྣམ་པ་དེ་རང་བཞིན་གྱིས་མ་གྲུབ་པའི་ངོ་བོ་སྟོང་བ་ཉིད་ལ་སོ་སོར་རྟོག་གོ །དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་ཡུལ་གྱི་རྣམ་པར་སྣང་བ་ལ་སོ་སོར་རྟོག་པའི་ཤེས་རབ་ཏུ་གཡོ་བ་ནའང་ཡུལ་གྱི་རང་བཞིན་ལ་རྨོངས་པའི་མ་རིག་པ་ལ་སོགས་ཉོན་མོངས་པ་བཞི་དང་ལྡན་པའི་ཕྱིར་དང་། སོ་སོར་རྟོག་པའི་ཤེས་རབ་དེའི་སྔ་ལོགས་ལས་བྱུང་བའི་ཤེས་རྒྱུན་དོན་དམ་པའི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་ཆོས་ཀྱི་སྐུ་དང་ངོ་བོ་དབྱེར་མེད་དུ་གྱུར་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པའི་ཕྱིར་དང་། དེ་རྣམས་ལ་བདེན་པར་འཛིན་བྱེད་ཀྱི་ཤེས་པ་མ་ཡིན་པའི་ཕྱིར་རོ། །དེ་ཡང་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་ལ་སོགས་པར་སྒྱུ་མའི་རང་བཞིན་མ་རྟོགས་པའི་སྐྱེ་བོ་གཞན་དག་གིས་རྟ་གླང་ལ་སོགས་པའི་རྣམ་པ་དེ་དང་དེར་འཛིན་པའི། སྒྱུ་མ་མཁན་པོ་རང་གིས་དེ་ལྟར་སྣང་དུས་ཉིད་ནས་དེར་དེ་དག་མ་གྲུབ་པར་ཤེས་པ་ལྟ་བུའམ། སེང་གེའི་གསོབ་ལ་སེང་གེར་འཁྲུལ་བའི་གང་ཟག་གིས་དེ་སེང་གེ་དངོས་སུ་རྟོག་པར་བྱེད་ཅིང་འཇིགས་པར་འགྱུར་བ་དང་། དེའི་རང་བཞིན་སྔོན་ནས་ཤེས་པའི་གང་ཟག་གིས་མཐོང་ཙམ་ཉིད་ནས་དེ་གསོབ་ཉིད་དུ་རྟོག་གི་སེང་གེར་རྟོག་པར་ཡང་མི་བྱེད་ལ་འཇིགས་པར་ཡང་མི་བྱེད་པ་ལྟ་བུ་སྟེ། འདིའི་ཚུལ་ལེགས་པར་རྟོགས་ན་གང་སྣང་ཐམས་ཅད་སེང་གེའི་གསོབ་ལྟར་རང་བཞིན་གྱིས་མ་གྲུབ་པར་ཤེས་པར་འགྱུར་བ་ཉིད་ཀྱི་ཕྱིར། ལྟ་བ་དེ་ལྟར་གཏན་ལ་ཕབ་སྟེ་ཉམས་ལེན་ཅོག་བཞག་བཞིའི་དགོངས་པ་དང་མི་འབྲལ་བར་བྱེད་པ་ནི་ཉོན་མོངས་པའི་ཡུལ་དང་ཡུལ་ཅན་ཐམས་ཅད་རྩ་ཐག་མེ་ལ་ཚིག་པ་བཞིན་དུ་འཆིང་བ་རང་གྲོལ་དུ་གཏོང་བའི་ལམ་བླ་ན་མེད་པ་ཉིད་ཡིན་ནོ། །དེས་ན་ད་ལྟ་ཁ་ཅིག་ཐ་སྙད་ཀྱི་རྣམ་པ་འཛིན་པའི་དཔྱད་ཤེས་ལ་སོ་སོར་རྟོག་པའི་ཤེས་རབ་མཚན་ཉིད་པར་འཆད་པ་ནི་གནད་མ་གོ་བར་ཟད་ཀྱང་། དེ་ཉིད་དེར་འགྱུར་རུང་གི་རྒྱུ་ཙམ་ཡིན་པ་ལ་བསམ་ནས་འབྲས་མིང་རྒྱུ་ལ་བཏགས་ན་ནི་འགལ་བ་མེད་ལ། སྤྱིར་སོ་སོར་རྟོག་པའི་མེས་ཡུལ་དང་རང་འཛིན་གྱི་རྟོག་པ་ཐམས་ཅད་བསྲེག་ནས་དག་པར་བྱེད་པའང་ཤེས་དགོས་སོ། །འདི་དག་ཀྱང་ཕྱག་ཆེན་གྱི་དགོངས་པ་དང་སྦྱར་ན་དོ་ཧ་སོགས་ལས་ལྷན་སྐྱེས་གསུམ་དུ་བཤད་པའི་དང་པོ་སྐྱེ་མེད་ལྷན་སྐྱེས་ནི་འདིར་ཀུན་གཞི་དང་གཞི་དུས་ཀྱི་ཆོས་སྐུའི་ཁྱད་པར་ཕྱེས་ནས་ཆོས་སྐུའི་རང་གནད་བཙལ་བ་དང་ཕྱོགས་མཚུངས་ལ། དེ་བཞིན་དུ་སེམས་ཉིད་ལྷན་སྐྱེས་ནི་སེམས་དང་ཡེ་ཤེས་ཀྱི་ཁྱད་པར་ཕྱེས་ནས་གཞི་དུས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ལམ་དུ་ངོ་སྤྲོད་པ་དང་ཆ་འདྲ་ཞིང་། སྣང་བ་ལྷན་སྐྱེས་ནི་ཡིད་དང་སོ་སོར་རྟོག་པའི་ཤེས་རབ་ཀྱི་ཁྱད་པར་ཕྱེས་ནས་ཤེས་རབ་ཀྱི་རང་གནད་བཙལ་ཏེ། སྣང་བ་ཅོག་བཞག་གི་དོན་ལ་མཉམ་པར་འཇོག་པ་དང་ཕྱོགས་མཚུངས་པ་ཡིན་ནོ། །འོ་ན་དེ་དག་ཐེག་པ་གཞན་གྱི་མན་ངག་ལས་ཀྱང་བསྟན་པའི་ཕྱིར་ཐེག་པའི་རྒྱལ་པོ་འདིའི་ཁྱད་པར་གྱི་ཆོས་སུ་ཅིས་འགྱུར་སྙམ་ན། སྤྱིར་བཏང་རང་སྡེའི་ལུགས་ལ་ཐེག་པ་གསུམ་ལས་གཞན་དུ་གྱུར་པའི་ཐེག་པ་ཞིག་ཡོད་པར་ཁོ་བོ་ཅག་ཀྱང་མི་སྨྲ་མོད་དེ། བྱེ་བྲག་ཐེག་ཆེན་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གཞུང་དང་མན་ངག་གཉིས་སུ་དབྱེ་བའི་མན་ངག་གསང་ཆེན་རྡོ་རྗེའི་ཐེག་པ་ལ་ནང་གསེས་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་ལས། རྣལ་འབྱོར་གྱི་རྒྱུད་ལ་མན་ངག་ཐུན་མོང་ཙམ་སྟོན་པའི་གཞུང་དེ་ཉིད་དངོས་དང་། སྦས་དོན་གྱི་མན་ངག་སྟོན་པའི་རྣལ་འབྱོར་བླ་མེད་གཉིས་སུ་ཕྱེ་བའི་ཕྱི་མ་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཟླས་དབྱེ་བའི་ཡོ་ག་སྡེ་གསུམ་སྟེ། དེས་ན་ཐེག་པ་རིམ་དགུར་གྲངས་ངེས་ཤིང་། ཐེག་པ་དེ་དག་ཀྱང་སྔ་མ་སྔ་མར་མན་ངག་སྦས་དོན་དུ་བྱས་པ་རྣམས་ཕྱི་མ་ཕྱི་མར་རིམ་བཞིན་གསལ་བར་བྱས་པའི་ཕྱིར་འདིར་ཡང་ཕྱག་ཆེན་སོགས་ལས་ལྷན་སྐྱེས་གསུམ་ཙམ་བཤད་ཀྱང་དེ་ཉིད་ཀུན་གཞི་སེམས་གསུམ་དང་བཅས་པ་ལས་ཁྱད་པར་དུ་འབྱེད་པའི་མན་ངག་འདི་གབ་ནས་ཆེད་དུ་མ་བསྟན་པ་གང་ཞིག་འདིར་དེ་ཉིད་བརྗོད་བྱའི་གཙོ་བོར་བསྟན་ནས་རྒྱ་ཆེར་བཤད་པའི་ཁྱད་པར་རོ། །དེས་ན་ལུགས་འདི་འཛིན་པར་རློམས་པ་རྣམས་ཀྱང་སེམས་རིག་འབྱེད་པའི་མན་ངག་ཉིད་གཙོ་བོར་འཛིན་དགོས་པ་ཤེས་པར་གྱིས་ཤིག རྒྱུ་མཚན་འདིར་དགོངས་ནས་རྫོགས་ཆེན་རང་གཞུང་དུའང་། རེ་འགའ་ནི་འཁྲུལ་སེམས་ཀྱི་ཕྱོགས་ལས་དགོངས་ཏེ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་གསུངས། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཞེས་པའི་དོན་ལྟར་རྣམ་རྟོག་དང་ལག་ལྡང་འབྲེལ་བའི་སྒོམ་ཆེན་པ་རྣམས་ལ་རྫོགས་པ་ཆེན་པོའི་ལས་འབྲེལ་མེད་ཅེས་རྣམ་རྟོག་རྣམ་པ་ཀུན་ཏུ་དགག་བྱར་གསུངས་པ་དང་། རེ་འགའ་ནི་རིག་པའི་ཡེ་ཤེས་ཀྱི་ཕྱོགས་ལས་དགོངས་ཏེ། གནས་ན་ཆོས་ཉིད་ཀྱི་ངང་དུ་གནས། །འགྱུ་ཡང་ཆོས་ཉིད་ཀྱི་རོལ་པ་ཡིན། །ཞེས་རྩལ་སྣང་ལ་དགག་སྒྲུབ་བྱེད་དུ་མེད་པར་གསུངས་པ་རྣམས་ཀྱི་གནད་མ་གོ་བ་ཁ་ཅིག་གང་སྣང་ཡེ་ཤེས་ཀྱི་རོལ་པ་ཡིན་ཟེར་ནས་ཉོན་མོངས་པའི་རྟོག་པ་ལ་དགག་སྒྲུབ་མི་བྱེད་པར་འཆོལ་ཉོག་ཏུ་སྤྱོད་པ་དེ་བྱུང་བ་ཡིན་ནོ། །དེས་ན་རང་ཉིད་ལེགས་པ་དོན་དུ་གཉེར་བ་རྣམས་ཀྱིས་ཐོག་མར་ཐེག་པ་ཐུན་མོང་གི་ལྟ་བ་སྤྱི་དང་བྱེ་བྲག་བདག་མེད་པའི་གནས་ལུགས་ལ་ལུང་རིགས་ཀྱིས་དྲངས་པའི་ངེས་པ་ཐུན་མོང་མ་ཡིན་པ་རྙེད་པར་གྱིས་ལ་གདོད་སྔགས་ཀྱི་ལྷན་སྐྱེས་སྤྱི་དང་བྱེ་བྲག་པ་ཉམས་མྱོང་གི་སྟེང་ནས་ངོ་འཕྲོད་ངེས་བགྱིས་ཏེ་ཉམས་སུ་ལེན་པར་མཛོད་ཅིག །ཚུལ་དེ་དག་གིས་ནི་ཀ་དག་ཁྲེག་ཆོད་ཀྱི་ལྟ་བ་སྐྱོང་ལུགས་ཀྱི་གནད་འགའ་ཞིག་བཤད་ནས། ད་ནི་གཉིས་པ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་གནད་འགའ་ཞིག་བཤད་པར་བྱ་སྟེ། དེ་ཡང་ཐོད་རྒལ་སྒོམ་པའི་སྐབས་འདིར་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་གཏོང་བ་ནི་གལ་ཆེ་བ་ཡིན་ཏེ་དེའི་ཚུལ་ཡང་ཐོག་མར་ལུས་ཀྱི་ཕྱིའི་བྱ་བ་ཚོང་དང་སོ་ནམ་སྒྲུབ་པ་ལ་སོགས་དང་། ངག་གི་ཕྱིའི་བྱ་བ་ཐ་མལ་འཁྲུལ་གཏམ་སོགས་དང་། ཡིད་ཀྱི་ཕྱིའི་བྱ་བ་ཉོན་མོངས་པའི་ཀུན་རྟོག་སྣ་ཚོགས་རྣམས་ཏེ། དེ་དག་བཏང་ནས་གཞུང་བཞིན་བསྒོམས་པས་ཆོས་ཉིད་མངོན་སུམ་གྱི་རྟགས་ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་ལ་སོགས་པ་རྣམས་བྱུང་བ་ནས། རིམ་བཞིན་ཉམས་སྣང་གོང་འཕེལ་གྱི་དུས་སུ་ནང་གི་བྱ་བ་གསུམ་གཏོང་བ་དང་། རིག་པ་ཚད་ཕེབས་ཡན་ཆད་དུ་གསང་བའི་བྱ་བ་གསུམ་གཏོང་བ་ལ་འཇུག་དགོས་པའི་ཕྱིར། ད་ལྟ་ཕལ་ཆེར་ལྟར་ཕྱིའི་བྱ་བ་འདུ་འཛི་རྣམ་གཡེང་དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་གྱི་ཆོས་བརྒྱད་པོ་རྣམས་མ་སྤང་བཞིན་དུ། ཆོས་སྤྱོད་བཅུ་སོགས་དགེ་བའི་བྱ་བ་རྣམས་འདོར་བར་བྱེད་པ་ནི་ལམ་གྱི་གོ་རིམ་ལོག་པར་གྱུར་པའི་ཕྱིར་ཡིད་གཏད་མེད་དོ། །དེ་ལྟར་ཤེས་ནས་ལམ་དངོས་སྒོམ་པ་ལ་མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱི་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིའི་གྲོལ་ཚད་བསྟན་པ་རྣམས་ཀྱིས་ཁོག་ཕུབ་ནས་སྒོམ་དགོས་ཏེ། དེའི་རྒྱུ་མཚན་ཡང་རྡོ་རྗེའི་ལུས་ཐོག་མར་ཆགས་དུས་ཉིད་ནས་ལུས་ལ་རྩ་བརྟེན། རྩ་ལ་རླུང་བརྟེན། རླུང་ལ་ཁམས་བརྟེན། ཁམས་ལ་དོན་དམ་པའི་སེམས་བརྟེན་པ་ཉིད་ཀྱི་ཕྱིར་སྒོ་གསུམ་གྱི་གནད་གཟིར་བ་གལ་ཆེ་བ་དང་། གནད་ལ་བརྟེན་ནས་ཤར་བའི་ཡེ་ཤེས་ཀྱི་ས་མཚམས་ངོས་ཟིན་པའང་གལ་ཆེ་བ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ལུས་ལ་བརྟེན་པའི་རྩ་གསུམ་འཁོར་ལོ་ལྔ་ལ་སོགས་པའི་རྣམ་བཞག་སྤྱིར་བཏང་རྣམས་ནི་ཐུན་མོང་གི་རྫོགས་རིམ་རྣམས་ཀྱི་སྐབས་དང་ཕལ་ཆེར་མཚུངས་པའི་ཕྱིར་སྨྲོས་མ་དགོས་ཀྱང་། འདིར་མི་འདྲ་བའི་ཁྱད་པར་དབུ་མ་ལ་བརྟེན་པའི་དག་པ་ཡེ་ཤེས་ཀྱི་འོད་རྩ་ཀ་ཏི་གསེར་གྱི་རྩ་ཆེན་དུ་གྲགས་པ་གང་ཞིག་ཐོགས་རེག་གི་རྣམ་པར་མེད་པའི་ཕྱིར་སྙིང་ནས་ལམ་ཕྱུང་སྟེ་ཡར་སྣེ་གསུམ་དུ་གྱུར་པའི་དབུས་མ་ཤེལ་སྦུགས་ཅན་ཞེས་བྱ་བ་ཚངས་བུག་ཏུ་དང་། གཡས་གཡོན་དར་དཀར་སྣལ་མ་དང་ཕྲ་ལ་འགྲིལ་བ་གཉིས་ལྟག་པ་ནས་གུག་སྟེ་མིག་གཉིས་ལ་ཟུག་ཅིང་དེ་གང་ལ་བརྟེན་པའི་ཤེས་རབ་རང་བྱུང་གི་སྒྲོན་མ་དང་། ཐིག་ལེ་སྟོང་བའི་སྒྲོན་མ་དང་། རྣམ་དག་དབྱིངས་ཀྱི་སྒྲོན་མ་སོགས་སྒྲོན་མ་བཞིའམ་དྲུག་ཏུ་བཞག་པ་རྣམས་ལམ་དུ་བྱས་ནས་སྒོམ་པ་ཉིད་ཡིན་ནོ། །དེ་ཡང་རྟེན་ལུས་ཀྱི་རྩ་ཐིག་རླུང་གསུམ་རགས་པ་རྣམས་ལ་བརྟེན་པའི་ཕྲ་བ་ཡེ་ཤེས་ཀྱི་རྩ་ཐིག་རླུང་གསུམ་འདི་དག་ཡོད་པའི་གནད་ཀྱིས་ཐུན་མོང་དུའང་སྲོག་རྩོལ་བསྡམས་པ་ལས་རླུང་སེམས་དབུ་མར་ཚུད་པ་ནི་དེ་ལ་བརྟེན་པའི་ཡེ་ཤེས་ཀྱི་རྩ་ཐིག་འདི་རྣམས་སུ་དེ་དག་འདུས་པའི་ཁྱད་པར་ལས་བྱིན་ཟས་བུད་ཤིང་བསྲེག་པ་བཞིན་རྣམ་རྟོག་བཞོན་པའི་ལས་རླུང་དང་བཅས་པ་འོད་གསལ་གྱི་ངོ་བོར་རོ་གཅིག་པར་གྱུར་པ་ན་དེ་ཉིད་ཀྱི་རང་སྣང་རྟགས་བཅུ་ཡོན་ཏན་བརྒྱད་ལ་སོགས་པ་ཤུགས་འབྱུང་དུ་ཤར་བ་ཡིན་པ་ལ། ཁ་ཅིག་དེ་ལྟར་མ་རྟོགས་ཏེ་དབུ་མར་རླུང་སེམས་ཟིན་པ་ལས་རྟགས་སྣང་དེ་དག་འཆར་བར་ནི་འདོད་ལ་དེ་འཆར་བའི་རྒྱུ་མཚན་ཐུན་མོང་མ་ཡིན་པ་ནི་མ་ངེས་པ་དེ་བྱུང་འདུག་སྟེ་འདི་ནི་དབྱར་གྱི་དུས་སུ་འཇའ་ཚོན་འཆར་བར་ནི་མཐོང་ལ། དེ་འཆར་བའི་རྒྱུ་མཚན་ཐུན་མོང་མ་ཡིན་པ་ནི་མ་ངེས་པ་དང་ཁྱད་མེད་པར་སྣང་ཕྱིར། ལུགས་འདི་དག་ལ་བསམ་ན་ཐེག་པའི་རྒྱལ་པོ་འདི་ཉིད་ཐེག་པ་གཞན་ཐམས་ཅད་ཀྱི་སྦས་དོན་ཡིན་པར་སྙིང་ནས་ངེས་པ་རྙེད་པ་ཡིན་ནོ། །དེས་ན་གོང་དུ་བཤད་པའི་ཀ་ཏི་གསེར་གྱི་རྩ་ཆེན་དེ་ཉིད་སྐྱེ་དགུ་རྣམས་གསོན་གྱི་གནས་སྐབས་སྙིང་ནས་བརྒྱུད་དེ་སྤྱི་བོར་ཟུག་པར་བཤད་པ་འདི་སྐབས་དེ་ལ་བརྟེན་པའི་ཤེས་རབ་རང་བྱུང་གི་སྒྲོན་མ་དེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཚུལ་དུ་བཞུགས་པར་གསུངས་ནས་དེ་ལས་འཕྲོས་ཏེ་ངོ་བོ་སྐུར་གནས་ཞེས་པའི་སྐུ་དེ་ལ་སྙིང་གར་ཞི་བ་བཞི་བཅུ་རྩ་གཉིས་དང་། སྤྱི་བོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དེ་དམ་པ་རིགས་བརྒྱའམ་གནས་ལྔར་དེ་ཉིད་རིགས་ལྔའམ། གནས་གསུམ་དུ་གསང་བ་རིགས་གསུམ་མམ། སྙིང་གར་གསང་ཆེན་རིགས་གཅིག་སོགས་དབྱེ་བསྡུའི་རྣམ་པ་ཇི་རིགས་པར་གསུངས་ཏེ། དེ་ལྟར་བཞུགས་ཞེས་བཤད་པ་འདི་ལ་གཞན་སྡེ་ཐོས་པ་ཉུང་བ་འགའ་ཞིག དེ་ལྟར་འདོད་པ་དེ་ནི་ཕྱི་རོལ་པ་དག་སྙིང་གི་ནང་ན་བདག་རྟག་པ་མཐེ་བོང་ཙམ་ཡོད་དོ་ཞེས་འདོད་པ་དང་ཁྱད་མེད་ཅེས་གཤེ་བར་བྱེད་པ་དང་། རང་ལུགས་འཛིན་པར་རློམ་པ་འགའ་ཞིག་ཀྱང་ཚུལ་དེ་དེ་ལྟར་དངོས་པོར་གྲུབ་བོ་སྙམ་དུ་སེམས་པ་དག་སྣང་སྟེ། དེས་ན་དེ་གཉིས་ཀས་དོན་ལ་མི་གནས་པར་སྨྲས་པ་ཡིན་ཏེ། དེའི་ཕྱིར་ཅུང་ཟད་བཤད་ན། སྤྱིར་སྐུ་ཙམ་ལ་བཞིན་ལག་གི་རྣམ་པར་ཤར་བའི་གཟུགས་སྐུས་མ་ཁྱབ་སྟེ་ངོ་བོ་ཉིད་སྐུ་དེ་དེ་མ་ཡིན་པའི་ཕྱིར་དང་། སྐུ་གསུམ་གང་རུང་ཡིན་ནའང་འབྲས་དུས་ཀྱི་སྐུ་གསུམ་གང་རུང་ཡིན་པས་མ་ཁྱབ་སྟེ་གཞི་དུས་ཀྱི་སྐུ་གསུམ་བཞག་ཏུ་ཡོད་པའི་ཕྱིར། དེ་ཡང་ཡིན་ཏེ་ཁྱེད་རང་གི་གཞུང་དུ་འདོད་པའི་རིམ་ལྔ་དང་སྦྱོར་དྲུག་སོགས་སུའང་གཞི་དུས་ཀྱི་སྐུ་གསུམ་དེ་འཇོག་པར་མཛད་ཅིང་དེ་ཡང་འགྲོ་བའི་སེམས་རྒྱུད་ལ་འཇོག་པར་མཛད་པའི་ཕྱིར། དེ་ལྟར་ན་དེ་ལྟ་བུའི་གཞི་དུས་ཀྱི་སྐུ་གསུམ་གྱི་ནང་ཚན་དུ་གྱུར་པའི་གཟུགས་སྐུ་གཉིས་པོ་གང་རུང་ཡིན་ན་དེ་ལ་བཞིན་ལག་ལ་སོགས་པའི་རྣམ་པ་དངོས་གནས་དང་བརྡར་བཏགས་གང་རུང་ཞིག་ཡོད་པར་འཆད་དགོས་ཏེ། དེ་ལྟར་མེད་ན་དེ་ཉིད་ཆོས་སྐུ་ལས་གཟུགས་སྐུར་འབྱེད་པའི་འབྱེད་ཆོས་ཀྱང་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་འདིར་ཞལ་ཕྱག་དང་རིགས་ཀྱི་དབྱེ་བ་སོགས་བསྟན་པ་ནི་རང་གཞུང་གི་རིག་པའི་རྩལ་དབང་གི་སྐབས་སུ་ལྔ་ཚན་ལྔའི་ངོ་སྤྲོད་བགྱིད་པ་ན། རིག་པའི་ཡེ་ཤེས་ལ་སྐྱོན་གྱིས་མ་གོས་པས་ན་ཁ་དོག་དཀར་པོ་དང་། རྡོ་རྗེའི་རིགས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་མཁའ་འགྲོ་རྣམས་སུ་བཤད་པ་ནས་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པས་སེར་པོ་སོགས་དང་། སེམས་ཀྱི་དེ་བཞིན་ཉིད་དེས་ཆོས་ཐམས་ཅད་ལ་ཁྱབ་པར་བསྡུས་པས་དམར་པོ་སོགས་དང་། དེ་ལ་ཕྲིན་ལས་ཐམས་ཅད་རྫོགས་པས་ལྗང་གུ་སོགས་དང་། གང་གི་རང་བཞིན་སྤྲོས་བྲལ་ལས་མི་འགྱུར་བའི་ཕྱིར་མཐིང་ག་སོགས་སུ་བཤད་པའི་བརྡར་བཏགས་ཁོ་ན་ཡིན་པའི་ཕྱིར་འདི་ལ་འགལ་བའི་དྲི་མ་ཇི་ལྟར་སྒྲུབ། འོ་ན་སྙིང་ནང་ལ་སོགས་པའི་གནས་དེ་དང་དེར་ཡོད་ཅེས་ཆེད་དུ་སྨྲ་ཅི་དགོས་ཞེ་ན། བཤད་པ། ཅི་ཁྱོད་ཀྱི་སེམས་ས་རྡོ་ལའང་ཡོད་ཅེས་སྨྲའམ། འོན་ཀྱང་འདི་ལྟར་ཡིན་ཏེ། འགྲོ་བ་རྣམས་ཀྱི་བདག་ཏུ་འཛིན་པའི་ཉེ་བར་ལེན་པས་རིགས་དྲུག་སོ་སོའི་ལུས་དེ་བཟུང་ཙམ་ཉིད་ནས་སྔོན་གྱི་ལས་ལ་སོགས་ལུས་འགྲུབ་པའི་རྟེན་འབྲེལ་རྣམས་ཀྱིས་རྣམ་འགྱུར་ཐ་དད་དུ་བསྐྱེད་པ་ན་སྲིད་པ་སོ་སོའི་ལུས་དང་རྗེས་སུ་འབྲེལ་བའི་ལུས་ཀྱི་སྙིང་པོ་དང་། ཡན་ལག་དང་། ཉིང་ལག་སོ་སོར་སྨིན་པ་ལྟར། སེམས་ཀྱིས་ཀྱང་དེ་དང་། དེར་དེ་བཞིན་དུ་བདག་སྤྲད་པ་ལས་ཕན་ཚུན་རྒྱུ་འབྲས་ཀྱི་ཚོགས་པ་ལྟོས་གྲུབ་ཏུ་སོང་ཞིང་། ནམ་ཞིག་ཚོགས་པ་དེ་འཇིག་པའི་རྐྱེན་ཐུན་མོང་མ་ཡིན་པ་བྱུང་བ་ནའང་ཕུང་བོའི་འདུ་བྱེད་འདོར་བར་འགྱུར་བ་སྟེ། དེས་ན་ལུས་ཀྱི་སྙིང་པོའམ་སྲོག་ཤིང་ལྟ་བུར་གྱུར་པ་ནི་སྤྱིར་བཏང་རྩ་རྣམས་ཏེ། དེའི་ནང་ནས་ཀྱང་དབུ་མ་ལ་བརྟེན་པའི་སྙིང་ནས་སྤྱི་བོར་འབྲེལ་བའི་རྩ་ཉིད་ཡིན་པའི་ཕྱིར་སེམས་ཅན་རྣམས་ཀྱི་ཡན་ལག་སོགས་བཅད་ཀྱང་འཆི་བའི་ངེས་པ་མེད་པ་ལ་སྙིང་བཏོན་ན་དེ་མ་ཐག་འཆི་བ་མངོན་སུམ་ཚད་མས་གྲུབ་པའི་ཕྱིར་རོ། །འདིར་སྙིང་ནས་གློ་བར་འབྲེལ་བ་ལ་སོགས་པ་ལས་རྩ་ཕྲན་གྲངས་མེད་པར་གྱེས་པ་ཉིད་ལུས་ཀྱི་བ་སྤུའི་སྒོ་ཐམས་ཅད་ཟུག་པ་དག་ཏུའང་སེམས་ཀྱི་རྩལ་ལས་རླུང་གི་བཞོན་པ་དང་འགྲོགས་ཏེ། ཁྱབ་པར་རྒྱུ་ཞིང་། དེ་ལྟར་རྒྱུ་བ་ནའང་འཕྲོ་གཞི་མར་མེའི་སྙིང་པོ་ལྟར་སྙིང་ལ་བརྟེན་པ་ཙམ་ལ་དགོངས་ཏེ། རིག་པའི་ཡེ་ཤེས་དང་སེམས་ཀྱི་གནས་ཙིཏྟ་དང་རླུང་ཅན་དུ་སོ་སོར་བཤད་པའང་དེ་ལྟར་ཡིན་པ་ཤེས་པར་བྱའོ། །དེས་ན་ལུས་ལ་རྩ་ཐིག་རླུང་གསུམ་དང་། དེ་ལ་སེམས་བརྟེན་པ་དང་། སེམས་ཀྱི་ངོ་བོ་སྤྲོས་པ་དང་བྲལ་བའི་རང་བཞིན་འོད་གསལ་བ་ཉིད། རང་གནད་ངེས་པ་ལ་བརྟེན་ནས་བསྒོམས་ན་མེ་ཤི་བ་དང་དུ་བ་ཞར་ལ་རང་འགག་དུ་འགྲོ་བ་ལྟར་འོད་གསལ་གྱི་སྣང་བ་ཆེན་པོའི་ཀློང་དུ་གཉིས་སྣང་གི་འཛིན་པ་ཐམས་ཅད་ཞིག་ནས་སྙིགས་མའི་ཕུང་ཁམས་ཐམས་ཅད་ཟུང་འཇུག་འཇའ་ལུས་རྡོ་རྗེའི་སྐུར་མངོན་དུ་འགྱུར་བ་ཡིན་ཏེ། གནས་འདི་ལ་ཨོ་རྒྱན་གྱི་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་དང་། སངས་རྒྱས་གཉིས་པ་པདྨ་སམ་བྷ་ཝའི་ཞལ་སྔ་ནས་དང་། འཕགས་ཡུལ་གྱི་པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་དྲི་མེད་ཆོས་ཀྱི་བཤེས་གཉེན་སོགས་བགྲང་གིས་མི་ལང་བ་ཞིག་དང་། གངས་རིའི་ལྗོངས་ཀྱི་ལོ་ཆེན་བཻ་རོ་ཙ་ན་དང་། ལྕེ་བཙུན་སེང་གེ་དབང་ཕྱུག་ལ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་མངོན་སུམ་ཚད་མར་གྱུར་པ་ཡིན་པའི་ཕྱིར་སོམ་ཉི་བཟློ་བའི་གནས་མེད་དོ། །དེས་ན་རིམ་ལྔ་སོགས་ལ་བརྟེན་ནས་ཟུང་འཇུག་འགྲུབ་པར་རློམས་པ་རྣམས་ཀྱང་རང་རང་གི་གཞུང་ན་གབ་པའི་མན་ངག་བླ་མའི་ཞལ་ལས་ཤེས་པར་བྱ་བ་སྙན་བརྒྱུད་ཐིག་ལེ་གསང་སྐོར་གྱི་ལམ་གནད་འདི་དང་བྲལ་བར་གྱུར་ན་འཇུ་བཏུལ་གྱི་ལས་ལ་ཚལ་དཀར་ཆད་པ་ལྟར་མི་འགྱུར་རམ་སྙམ་སྟེ་སེམས་ཅན་གྱི་ལོག་པར་རྟོགས་པའི་མཐའ་སུ་ཞིག་གིས་འགོགས་པར་ནུས། རྒྱུ་མཚན་འདི་དག་གིས་ནི་གཞན་སྡེས་ལོག་སྨྲ་དགག་པའི་ཞལ་ལ་རང་ཕྱོགས་ཀྱི་འཁྲུལ་བའང་བསལ་གྲུབ་པ་ཡིན་ནོ། །དེ་ལྟར་ཤེས་པར་བྱ་བའི་གནས་རྣམས་ངེས་པར་གྱུར་པ་ན་ལུས་བཞུགས་སྟངས་གསུམ་མམ་ལྔ་གང་རུང་དང་། མིག་གཟིགས་སྟངས་གསུམ་གང་རུང་ལས་མི་གཡོ་བར་རྩེ་གཅིག་ཏུ་དབྱིངས་རིག་ལ་མཉམ་པར་འཇོག་དགོས་ཏེ། དེ་ཡང་བཞུགས་སྟངས་དང་གཟིགས་སྟངས་བསྟུན་ནས་རླུང་རང་བབ་ལས་ཆེད་དུ་དགག་སྒྲུབ་མི་བགྱིད་པར་གཙོ་བོར་རླུང་རིག་དལ་བའི་ཐབས་ཁོ་ན་ལ་བསླབ་ཅིང་། ཉམས་སྐྱོང་ཚུལ་གྱི་གནད་ལ་སྤྱིར་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་བ་ཉིད་ཡིན་པ་དང་། དེ་ལས་ཀྱང་རྟེན་འབྱུང་སྒྱུ་མའི་ཚུལ་དུ་སྣང་ཙམ་ལ་ཁྱད་པར་མེད་ཕྱིར་ཡུལ་ཤེས་གང་གི་སྟེང་དུ་གཉེན་པོའི་བློ་བཞག་ཀྱང་སྤང་གཉེན་རོ་གཅིག་ཏུ་གྲོལ་པའི་ཚུལ་འདྲ་ཡང་། འདིར་འཁྲུལ་བའི་སྣང་བ་རྣམས་ལ་རང་བཞིན་མེད་པའི་ཕྱིར་སེམས་སུ་མ་གྲུབ་ཀྱང་། སྣང་བཞི་སེམས་ལ་སྣང་ཞིང་སེམས་ཀྱིས་བདག་སྤྲད་པའི་གཞན་དབང་ཁོ་ནར་གྱུར་པ་ཉིད་ཀྱི་ཕྱིར། སེམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འོད་གསལ་བའི་དགོངས་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ན་དེའི་གདངས་སོ་སོར་རྟོག་པའི་ཤེས་རབ་བམ། ཤེས་རབ་རང་བྱུང་གི་སྒྲོན་མ་ཉིད་དབྱིངས་སྟོང་བ་ཉིད་ཀྱི་ར་བར་ཚུད་པར་འགྱུར་ཞིང་དེའི་རྟགས་སུ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱང་རྣམ་དག་དབྱིངས་ཀྱི་སྒྲོན་མའི་ར་བར་ཚུད་པར་འགྱུར་བ་ཡིན་ནོ། །འདི་སྐབས་སུ་ལྕགས་ཁམས་དངུལ་ཆུའི་སྦྱོར་བས་གསེར་དུ་བསྒྱུར་བ་ལྟར། ཐབས་ཤེས་ཁྱད་པར་ཅན་གྱི་སྦྱོར་བས་སེམས་ཀྱི་རྒྱུན་ཡེ་ཤེས་ཀྱི་རྒྱུན་ཏུ་གོ་འཕོས་པས་ན། སེམས་ཀྱིས་བདག་སྤྲད་པའི་ཡུལ་སྣང་མཐའ་དག་ཀྱང་ཡེ་ཤེས་ཀྱི་རང་ཡུལ་སྟོང་བ་ཉིད་དུ་ལམ་ལམ་འཆར་བ་ཡིན་པའི་ཕྱིར་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱའོ། །འོན་ཀྱང་མཉམ་གཞག་ཏུ་དེ་ལྟར་སྐྱོང་བ་ལ་རྒྱ་མཚོ་ཅོག་བཞག་གི་དགོངས་པའང་ཟེར་ལ། རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་ལ་དགག་སྒྲུབ་མི་བྱེད་པར་སྣང་ཐོག་དེ་ཉིད་དུ་ཅེར་ཅེར་གློད་པས་ཆུ་རླབས་རྒྱ་མཚོ་ཐིམ་པ་བཞིན་ཡུལ་དང་ཡུལ་ཅན་གཉིས་མེད་དུ་གྲོལ་པར་འགྱུར་བའི་ཕྱིར་སྣང་བ་ཅེར་བཞག་གམ་སྣང་བ་ཅོག་བཞག་གི་དགོངས་པ་ཞེས་བྱའོ། །དེ་ལྟར་མཉམ་རྗེས་སུ་བསྐྱང་བ་ན་དབྱིངས་སྣང་དེ་དག་རིམ་གྱིས་འཕེལ་ཏེ་མཐར་རྣམ་དག་དབྱིངས་ཀྱི་སྒྲོན་མ་ཟ་འོག་ཁ་ཕྱེ་བ་ལྟ་བུས་གང་སྣང་ཐམས་ཅད་ཁྱབ་པའི་ནང་དུ་ཐིག་ལེ་ལྔ་ཚོམ་གྱི་དབུས་སུ་ཞི་བའི་སྐུ་རྐྱང་མ་ཤར་ཚུན་ཆད་ལ་ཉམས་སྣང་གོང་འཕེལ་གྱི་སྣང་བ་དང་། ཞི་ཁྲོ་ཡབ་ཡུམ་འཁྲིལ་སྦྱོར་ནས་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་ཁྱབ་པ་ཙམ་དུ་མ་ཤར་བར་ལ་རིག་པ་ཚད་ཕེབས་ཀྱི་སྣང་བ་དང་། དབྱིངས་སྣང་གི་འཕེལ་ཆ་རྫོགས་ནས་མཐར་ནང་དབྱིངས་སུ་བཙན་ས་ཟིན་ཏེ་སངས་མ་རྒྱས་ཀྱི་བར་ལ་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་ཞིང་། དེ་ལྟར་སྤྲུལ་སྐུ་ནས་ལོངས་སྐུར་འཕེལ་བའི་གཟུགས་སྐུའི་སྣང་བ་ཤར་ནས་མཐར་ཆོས་སྐུའི་སྣང་བར་ནུབ་པར་འགྱུར་བའི་རྒྱུ་མཚན་ཡང་། གཞི་དུས་ཀྱི་སྐུ་གསུམ་ལམ་རྐྱེན་དང་འཕྲད་ན་ལམ་དུས་ཀྱི་སྐུ་གསུམ་པོར་འཆར་རུང་དུ་གནས་པ་གང་ཞིག་དཔེར་ན་འཇའ་ཤེལ་ལ་འོད་ལྔ་འཆར་རུང་གནས་པ་ཉི་མའི་རྐྱེན་དང་ཕྲད་པ་ལས་མངོན་དུ་ཤར་བ་བཞིན་དུ། འདིར་ཡང་འོད་གསལ་གྱི་ལམ་ཐུན་མོང་མ་ཡིན་པ་བསྒོམས་པ་ལས་ཐོག་མར་གཟུགས་སྐུ་གཉིས་ཀྱི་རང་རྩལ་རྫོགས་ནས་མཐར་ཆོས་ཀྱི་སྐུར་བཙན་ས་ཟིན་པ་ན་གཟུགས་སྐུའི་སྣང་བ་དེ་དག་དེ་དང་དབྱེར་མེད་པར་སོང་ནས་ཐ་དད་དུ་མི་མངོན་པར་གྱུར་པ་ལ་ཟད་པའི་ཐ་སྙད་བཏགས་པའོ། །སྐབས་འདི་དག་ཏུ་རྟགས་ལུས་ངག་ལ་འཆར་བ་དང་ཚད་རྨི་ལམ་གྱིས་བཟུང་བ་གཉིས་སུ་བཤད་ནས། དེའི་དང་པོ་ལའང་བར་ཆད་བདུད་ཀྱི་རྟགས་དང་། འཕེལ་འགྲིབ་ཉམས་ཀྱི་རྟགས་དང་། མི་འགྱུར་གསང་བའི་རྟགས་ཏེ་གསུམ་དུ་བཤད་པ་རྣམས་ཀྱང་ཞིབ་མོར་ཤེས་པར་འདོད་ན་ཉམས་ལེན་གནད་ཀྱི་སྒྲོན་མེ་ལ་སོགས་པ་ལས་རྟོགས་པར་བྱའོ། །འདིར་ལམ་བསྒྲོད་པའི་གོ་རིམ་ཐུན་མོང་གི་ཐེག་པ་དང་བསྟུན་ནས་ཅུང་ཟད་ཙམ་བཤད་ན་རྫོགས་ཆེན་རང་ལམ་ལས། ཆོས་ཉིད་མངོན་གསུམ་གྱི་སྣང་བས་ཚོགས་ལམ་དང་། ཉམས་སྣང་གོང་འཕེལ་གྱི་སྣང་བས་སྦྱོར་ལམ་གྱི་དོད་ཐུབ་བྱས་ནས། རིག་པ་ཚད་ཕེབས་ཀྱི་དུས་སུ་ཆོས་ཉིད་ཀྱི་བདེན་པ་མངོན་གསུམ་དུ་མཐོང་སྟེ་སངས་རྒྱས་བརྒྱ་ཕྲག་གི་ཞལ་མཇལ་བ་ལ་སོགས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཀྱང་མངོན་དུ་བྱས་ཏེ་ས་དང་པོ་ཐོབ་ནས། ཆོས་ཉིད་ཟད་པས་སྒོམ་ལམ་ས་དགུའི་རྟོགས་པ་མངོན་དུ་བྱས་ཏེ་སངས་རྒྱས་ཀྱི་སར་མཚམས་སྦྱོར་བར་འདོད་ཀྱང་། འདིར་ལམ་གྱི་རིམ་པ་སྤྱིའི་ཉམས་ལེན་དང་འགྲོས་སྦྱར་ན་སྔོན་འགྲོ་སྤྱི་དང་་ཁྱད་པར་དུ་བདག་མེད་པའི་གནས་ལུགས་རྟོགས་པའི་ལྟ་བ་གཏན་ལ་ཕེབས་པ་དང་། སྔགས་ཀྱི་ལྷན་སྐྱེས་ངོ་འཕྲོད་པར་བྱས་ནས། དེ་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པའི་སྟོང་བ་ཆེན་པོའི་རྣལ་འབྱོར་དང་དྲན་པ་ཉེ་བར་བཞག་པ་བཞི་སྦྲེལ་ནས་བསྒོམ་པས་ཚོགས་ལམ་ཆུང་དུ་བགྲོད་པ་ན། དེ་ལྟ་བུའི་དོན་མ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་སྒོམ་པ་སྙིང་པོ་སྒྱུ་མའི་རྣལ་འབྱོར་སྟེ། དེ་དང་ཡང་དག་པའི་སྤོང་བ་བཞི་སྦྲེལ་ནས་བསྒོམས་པས་ཚོགས་ལམ་འབྲིང་བོ་བགྲོད་པ་དང་། མཐར་ཐུག་གི་སྐུ་གཉིས་མངོན་དུ་སྒྲུབ་པའི་རྒྱུ་ཐུན་མོང་མ་ཡིན་པ་དེ་གཉིས་ཟུང་དུ་འཇུག་པའི་རིག་པ་ཉིད་ས་བོན་གྱི་ཡི་གེ་ཧྲཱི་དང་ཧཱུྃ་ལ་སོགས་པའི་རྣམ་པར་བསྒྱུར་ནས་སྒོམ་པ་ཕྱག་རྒྱ་གཅིག་པའི་ནང་ཚན་ཕྲ་བ་ཡིག་འབྲུ་ལ་བསླབ་པ་དང་། དེ་ཡོངས་སུ་གྱུར་པ་ལས་ལྷ་སྐུ་ཕྱག་རྒྱ་གཅིག་པའི་རྣལ་པར་སྒོམ་པ་རགས་པ་ལྷ་སྐུ་ལ་བསླབ་པ་སྟེ། དེ་དང་དེ་ལས་ཀྱང་ལྷ་གྲངས་དང་ཞལ་ཕྱག་སོགས་གྲངས་མེད་པའི་བར་དུ་སྤྲོ་བ་པྲ་ཏིག་གི་རྣལ་འབྱོར་ལ་སློབ་པའི་བར་དེར་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་སྟེ། དེ་དག་དང་རྫུ་འཕྲུལ་གྱི་རྐང་བ་བཞི་སྤྲེལ་ནས་བསྒོམས་པས་ཚོགས་ལམ་ཆེན་པོ་མངོན་དུ་བྱེད་ཅིང་། འདི་དག་གི་སྐབས་སུ་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དབང་པོའི་སྒོ་བསྡམས་པ། ཟས་ཀྱི་ཚོད་རིག་པ། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ། ཤེས་བཞིན་དུ་གནས་པ་ལ་མངོན་པར་དགའ་སྟེ་ཚོགས་ལམ་གྱི་ཡན་ལག་ལྔ་བོ་རྣམས་ཀྱང་ཉམས་སུ་ལེན་པ་གལ་ཆེ་ལ། དེ་ནས་དེ་དག་ཇི་རིགས་པ་དང་སྦྲེལ་ནས་རྫོགས་རིམ་གྱི་ནང་ཚན་དབེན་པ་གསུམ་མམ། གཏུམ་མོའི་རྣལ་འབྱོར་གང་རུང་ལ་བརྟེན་ཏེ་རླུང་སེམས་དབུ་མར་ཚུད་པར་བགྱིས་ཏེ། སླར་སྦྱོར་ལམ་དུ་བདེན་པ་གཉིས་ཀྱི་རྫོགས་རིམ་ལས་སྒྱུ་ལུས་ཀྱི་གདམས་པ་ཉིད་དྲོད་རྩེ་གཉིས་སུ་དབང་པོ་ལྔ་དང་སྦྲེལ་ཞིང་བཟོད་པ་དང་ཆོས་མཆོག་གཉིས་སུ་སྟོབས་ལྔར་སྦྲེལ་ནས་སྒོམ་ཞིང་དེའི་ཉེ་རྒྱུར་ཐུན་མོང་དུ་སྤྱོད་པ་སྐྱོང་བར་གྲགས་པ་ཚོམ་བུ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་ལ་བརྩོན་པ་ལས་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་རྣམ་པར་སྨིན་པའི་རིག་འཛིན་ཉིད་མངོན་དུ་བྱེད་པ་ཡིན་ལ། དེ་ནས་འོད་གསལ་ཆེན་པོ་ཐོད་རྒལ་གྱི་གདམས་པ་དང་ཡང་ལྡན་པར་བྱས་ནས་འཕགས་ལམ་ཡན་ལག་བདུན་པ་དང་། བརྒྱད་པ་དག་དང་འབྲེལ་བར་བསྒོམས་པས་མཐོང་ལམ་ཡན་ཆད་དུ་འོད་གསལ་གྱི་སྐུ་ཚེ་དབང་རིག་འཛིན་དང་སློབ་པའི་ཟུང་འཇུག་ཕྱག་ཆེན་རིག་འཛིན། མི་སློབ་བའི་ཟུང་འཇུག་ལྷུན་འགྲུབ་རིག་འཛིན་རྣམས་རིམ་གྱིས་ཐོབ་པར་འགྱུར་བ་ཡིན་ནོ། །འདི་དག་ལུང་ཨ་ནུ་ཡོ་གའི་ཆོས་སྐད་དང་སྦྱར་ན་སློབ་ལམ་བཞི་མཐར་ལམ་དང་བཅས་པ་དེ་ལ་རིམ་པ་བཞིན་འདུན་པ་སེམས་པའི་རྣལ་འབྱོར། རིགས་ཆེན་འབྱེད་པའི་རྣལ་འབྱོར། དབུགས་ཆེན་འབྱིན་པའི་རྣལ་འབྱོར། ལུང་ཆེན་ཐོབ་པའི་རྣལ་འབྱོར། རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཞེས་ཟེར་ལ། དེ་དག་ཏུ་སའི་ནོན་ཚུལ་ལའང་སོ་སོའི་སྐྱེ་བོའི་ས་ལྔ་དང་འཕགས་པའི་ས་ལྔ་སྟེ། རྣལ་འབྱོར་ལྔས་ཇི་ལྟར་བགྲོད་པའི་ལམ་དང་སྐྱེ་འཕགས་ཀྱི་ས་བཅུ་ཐོབ་པར་བཤད་དེ། དེ་ཡང་རིམ་པ་ལྟར་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་གྱིས་ས་དང་པོ་འགྱུར་བ་མེད་པའི་ས་དང་། གཉིས་པ་བརྟེན་པའི་གཞིའི་ས་གཉིས། སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་གྱིས་གསུམ་པ་གལ་ཆེན་སྦྱོང་བའི་ས་དང་། བཞི་བ་བསླབ་རྒྱུན་གྱི་ས་དང་། ལྔ་བ་བསོད་ནམས་རྟེན་གྱི་ས་སྟེ་སོ་སོ་སྐྱེ་བོའི་ས་ལྔ་བགྲོད་ནས་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་གྱི་ས་དྲུག་པ་བརྟེན་པའི་ཁྱད་པར་དུ་འགྲོ་བ་དང་། སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་གྱིས་བདུན་པ་དམིགས་པའི་འབྲས་བུ་སྐྱེ་བའི་ས་དང་། མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་བརྒྱད་པ་གནས་པ་མི་འགྱུར་བའི་ས་དང་། དགུ་བ་གདལ་བ་ཆོས་ཉིད་ཀྱི་ས་དང་། བཅུ་བ་རྫོགས་པ་ཅིར་ཆིབ་ཀྱི་ས་རྣམས་མངོན་དུ་བྱེད་པར་འདོད་དོ། །དེ་དག་གིས་ས་ལམ་གྱི་ཁྱད་པར་བསྒྲོད་ཚུལ་དང་བཅས་བ་མདོ་ཙམ་བཤད་གྲུབ་ནས། ད་ནི་དོན་གསུམ་པ་འབྲས་བུའི་ཁྱད་པར་ཅུང་ཟད་འཆད་པ་ལ། སྤྱིར་ཐུན་མོང་དུའང་ས་བཅུའི་རྒྱུན་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་སྒྲིབ་ཕྲ་བ་བཅོམ་ནས་མངོན་པར་འཚང་རྒྱ་བར་བཞེད་པ་ལྟར། འདིར་ཡང་གོང་སྨོས་སྣང་བཞི་མཐར་ཕྱིན་ནས་རྒྱུན་མཐའི་བར་ཆད་མེད་ལམ་རྒྱུད་ལ་སྐྱེས་པ་གང་གི་ཚེ་སྐྱེ་འཇུག་ལ་རང་དབང་ཐོབ་པའི་ཁྱད་པར་གྱིས་ཟུང་འཇུག་འཕོ་བ་ཆེན་པོའི་སྐུར་བཞེང་པར་འདོད་ན་སླར་ཡང་ཤེས་པ་ལག་སོར་ལ་བཅུག་པའི་རྟེན་འབྲེལ་གྱིས་ཐུགས་འོད་གསལ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུའང་འཛིན་པར་མཛད་དེ། །དེ་གཉིས་དབྱེར་མེད་མི་བྱེད་པའི་ཟུང་འཇུག་རྡོ་རྗེའི་སྐུ་མངོན་དུ་བྱས་པ་ཨོ་རྒྱན་སངས་རྒྱས་གཉིས་པ་ལྟ་བུའོ། །གལ་ཏེ་འཇུག་པ་ལ་རང་དབང་ཐོབ་བཞིན་ནང་དབྱིངས་གཞོན་ནུ་བུམ་པའི་སྐུར་བཙན་ས་བཟུངས་ཏེ་ཡང་དག་པའི་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཆེན་པོ་ཉིད་མངོན་དུ་བྱེད་པར་བཞེད་ན། ཀོ་མོག་ལ་རྡོ་བོར་བ་ན་ཆུ་གཉེར་དབུས་ནས་མཐའ་ལ་རིམ་བཞིན་ཡལ་བར་འགྱུར་བ་ལྟར། སྙིང་དབུས་ནས་འོད་རྩ་ཡེ་ཤེས་སུ་དེང་བ་ནས་རིམ་བཞིན་ལུས་ཀྱི་རྩ་ཁམས་ཕྲ་རགས་ཐམས་ཅད་འོད་གསལ་དུ་དེང་བ་ན། དེ་ལ་དགག་སྒྲུབ་མི་བྱེད་པར་ཡེ་ཤེས་ཀྱི་སྣང་བ་ཉིད་ལ་གཏད་པས་འགའ་ཞིག་ལ་ལུས་ཀྱི་མཐའི་སྐྲ་སེན་ཙམ་ལྷག་པར་འགྱུར་བ་དང་། འགའ་ཞིག་ལ་དེ་ཡང་མི་སྣང་བར་འོད་གསལ་ལ་སྣང་སྟོང་གཉིས་སུ་དབྱེ་བའི་སྟོང་བའི་འོད་གསལ་ཆོས་ཐམས་ཅད་ཀྱི་ངོ་བོའི་གནས་ལུགས་ཀ་དག་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་རང་བཞིན་གྱི་འོད་གསལ་བའི་བྲལ་འབྲས་ངོ་བོ་ཉིད་སྐུའི་བདག་ཉིད་དུ་གྱུར་པའི་ཐུགས་དང་སྣང་བའི་འོད་གསལ་ཕུང་ཁམས་སྐྱེ་མཆེད་རགས་པའི་ཆ་ཐམས་ཅད་ལྷག་མ་མེད་པར་འོད་གསལ་གྱི་སྣང་བ་འབའ་ཞིག་པར་གྱུར་པའི་ཡེ་ཤེས་ཆོས་ཀྱི་སྐུ་སྟེ། དེ་ལྟ་བུའི་སྐུ་ཐུགས་ཟུང་དུ་འཇུག་པའི་ངང་ནས་གདུལ་བྱ་དག་པ་དང་མ་དག་པའི་ཁྱད་པར་གྱིས་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ཅི་རིགས་པར་སྣང་བར་མཛད་ནས་འཁོར་བ་མ་སྟོང་གི་བར་དུ་གདུལ་བྱ་རྣམས་འདུལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་རྒྱུན་མི་ཆད་པར་འབྱུང་བ་རིག་འཛིན་དགའ་རབ་རྡོ་རྗེ་ལྟ་བུ་ཡིན་ནོ། །འདི་སྐབས་སུ་ཡང་ལ་ལ་དག་རླུང་སེམས་ཕྲ་བའི་ལུས་ཡོད་པར་འཆད་པ་ནི་བརྗོད་པའི་ཁྱད་པར་ལས་དམ་འཆའ་བ་ཙམ་དུ་ཟད་དོ། །དེ་ལྟར་གང་ཟག་དབང་རབ་སྐལ་བ་མཆོག་དང་ལྡན་པ་རྣམས་ཀྱིས་རྒྱལ་བསྟན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་འདི་ལ་ཆགས་སྡང་གི་བློས་ཆོས་སྤང་གི་ལས་མི་བསགས་པར་ཐེག་པ་རིམ་དགུའི་རྣམ་གཞག་མཐའ་དག་ལམ་གྱི་ལུས་གཅིག་ཏུ་དྲིལ་ནས་ཉམས་སུ་བླངས་པས་ཚེ་གཅིག་ལུས་གཅིག་ལ་གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱེད་པ་ཡིན་ཡང་། ལམ་གནད་དེ་ལྟར་བཙལ་མ་ཤེས་པའམ་གློ་བུར་དུ་ཚེ་ལ་བར་ཆད་བྱུང་བ་སོགས་ཀྱིས་ལམ་མཐར་ཕྱིན་མ་ཁོམ་ན་བར་དོར་དེ་ལྟ་བུའི་དོན་མངོན་དུ་བྱེད་པའི་ཚུལ་བར་དོ་བཞིའི་གདམས་ངག་རྣམས་ཏེ། དེ་ལས་ཀྱང་གཞན་རྣམས་ཕལ་ཆེར་འདྲ་ཡང་འོད་གསལ་ལས་སྲིད་པ་བར་དོ་མཚམས་སྦྱོར་བྱེད་སྣང་མཆེད་ཐོབ་གསུམ་ལུགས་ལྡོག་ཏུ་འཆར་བའི་སྐབས་འདིར་ཆོས་ཉིད་བར་དོར་འཆར་བར་གསུངས་པ་དེ་འདིའི་ཁྱད་ཆོས་ཡིན་ལ། དེ་ཡང་དེ་ལྟ་བུའི་སྣང་མཆེད་ཐོབ་གསུམ་དེ་ཐོག་མའི་འཆི་རིམ་གྱི་འཆར་ལུགས་ལ་ལྟོས་ན་ལུགས་ལྡོག་ལྟ་བུ་ཡིན་ཡང་། བར་དོ་རང་གི་སྲིད་པར་འཇུག་ཚུལ་ལ་ལྟོས་ན་ལུགས་འབྱུང་ཁོ་ན་ཡིན་ཏེ། དཔེར་ན་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྱུང་དང་། རྣམ་བྱང་ཕྱོགས་ཀྱི་རྟེན་འབྱུང་དག་གི་བགྲང་ལུགས་ལྟ་བུ་ཡིན་པའི་ཕྱིར་རོ། །དེས་ན་འོད་གསལ་གྱི་སྔ་ལོག་ཏུ་བྱུང་བའི་ཐོག་མའི་འཆི་རིས་ཀྱི་སྣང་མཆེད་ཐོབ་གསུམ་དེ། འཕེན་ས་འོད་གསལ་དུ་འཕེན་པ་ཡིན་ཡང་། འཕེན་བྱེད་ཚེ་འདིའི་སྣང་བ་མ་དག་པས་འཕངས་པའི་ཕྱིར་དཀར་ལམ་དམར་ལམ་སོགས་ལས་ལོངས་སྐུའི་ཞིང་སྣང་སོགས་དངོས་གནས་འཆར་བར་མ་མངོན་པར་དེ་དེའི་དོད་ཐུབ་བགྱིས་ཏེ། དེའི་དེ་མ་ཐག་ཆོས་སྐུའི་སྣང་བ་འོད་གསལ་ཤར་བ་ཡིན་ཏེ། འདིར་ཉིན་སྣང་དག་པ་འགའ་ཞིག་ལ་སྲོག་རྩོལ་བསྡམས་པས་རླུང་དབུ་མར་ཚུད་པ་ནའང་སྣང་མཆེད་ཐོབ་པའི་སྐབས་ལོངས་སྐུའི་ཞིང་སྣང་སོགས་ཤར་བའང་བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར་ན་གསལ་བ་ལྟར་ཡིན་ལ། དེ་བཞིན་ཏུ་ཚེ་འདིའི་ལས་སྒྲིབ་སྲབ་པ་འགའ་ཞིག་ལ་འཆི་རིམ་གྱི་སྐབས་སུའང་དག་པའི་ཞིང་སྣང་འཆར་བར་སྨྲ་བ་ལྟར་ཡིན་ནོ། །དེས་ན་སྲིད་པ་བར་དོ་འགྲུབ་བྱེད་ཀྱི་དེ་ནི། འཕེན་ས་སྲིད་པ་བར་དོ་ཡིན་ཡང་འཕེན་བྱེད་འོད་གསལ་གྱིས་འཕང་བའི་སྣང་བ་ཡིན་པའི་ཕྱིར། འོད་གསལ་ལས་ཉེར་ཐོབ་དང་། ཉེར་ཐོབ་ལས་མཆེད་པ་དང་། མཆེད་པ་ལས་སྣང་བ་དང་། སྣང་བ་ལས་བར་སྲིད་མ་གྲུབ་བར་དེ་སྲིད་དུ་ལས་རླུང་རགས་པ་དེས་བསྐྱེད་དང་བཅས་པས་བསླད་པ་ཆེར་མེད་པའི་ཕྱིར་གཞི་དུས་ཀྱི་ལོངས་སྐུའི་ཞིང་སྣང་འཆར་བར་འཐད་ལ། སྣང་བ་གསུམ་པོ་དེ་དག་གི་བཞོན་པའམ་རྟེན་དུ་གྱུར་པའི་ལས་རླུང་ཕྲ་བ་དེར་ཡང་ལས་སྔ་མས་བགོས་པའི་བག་ཆགས་ངན་གོམས་ཡོད་མེད་ཀྱི་ཁྱད་པར་ལས་ལོངས་སྐུའི་རང་སྣང་ལ་འཇིགས་སྡང་སྐྱེ་མི་སྐྱེ་དང་། ལོངས་སྐུའི་དེ་ཡང་ཞི་བ་དང་ཁྲོ་བོའི་རྣམ་པ་སོ་སོ་བར་སྣང་བ་དེ་བྱུང་བ་ཡིན་པའི་ཕྱིར་ལུགས་འདི་འཐད་པ་དང་བཅས་པ་ཡིན་ནོ། །དེས་ན་རང་བཞིན་སྐྱེ་གནས་ཀྱི་བར་དོར་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་ཐི་བྱ་ཚང་འཚོལ་བ་ལྟ་བུའི་གདམས་ངག་དང་། འཆི་ཁའི་བར་དོར་མི་གསལ་བ་ལ་གསལ་འདེབས་པ་སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུའི་གདམས་ངག་དང་། ཆོས་ཉིད་ཀྱི་བར་དོར་གདམས་ངག་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་ལྟ་བུའི་གདམས་ངག་དང་། སྲིད་པའི་བར་དོར་ལས་ཀྱི་འཕྲོ་མཐུན་པ་ཡུར་བ་ཁ་ཆད་ལ་ཝ་འཛུག་པ་ལྟ་བུའི་གདམས་ངག་རྣམས་ལེགས་པར་ཁོང་དུ་ཆུད་པར་བྱས་ནས་དེ་དང་དེའི་སྐབས་སུ་ཉམས་སུ་ལེན་པར་བྱའོ། །དེ་དག་གིས་ནི་ཐ་མར་དགེ་བའི་ཁྲིད་ཀྱི་རིམ་པ་མདོ་ཙམ་འཆད་གྲུབ་བོ། །འདིར་ཁ་ཅིག་རང་ཉིད་ཀྱང་བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། གསུང་རབ་མ་ལུས་གདམས་པར་ཤར་བ་ལས་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པར་དམ་འཆའ་བཞིན་དུ། རང་ཉིད་དགའ་བའི་མདོ་རྒྱུད་ཉི་ཚེ་བ་ཞིག་སྒྲུབ་པའི་ཕྱིར་རྒྱལ་བསྟན་སྤྱི་གཞུང་ཐམས་ཅད་འགལ་འདུའི་ཕྲེང་བར་བསྒྲུབ་སྟེ། གསུང་རབ་ཕལ་མོ་ཆེ་རྣམས་མཐོང་ཐོས་ཙམ་ཡང་མི་བགྱིད་པར་དེ་དག་ཆོས་ལོག་པའོ་ཞེས་ཆོས་སྐད་སྙན་སྙན་མོས་བྲིད་ནས་ཆོས་སྤངས་པའི་ལས་གསོགས་པ་རྔོན་པས་གླིང་བུ་འབུད་པའི་བརྟུལ་ཞུགས་འཛིན་པ་རྣམས་ཀྱི་ཟླ་བོར་མ་སོང་བར་རྒྱལ་བསྟན་རིན་པོ་ཆེའི་ལུས་རྣམ་པར་བཞག་པ་ཐེག་པ་རིམ་དགུའི་དགོངས་དོན་ཐམས་ཅད་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པའི་ཚུལ་སྔོན་དུས་སུ་བྱོན་པའི་སྟོན་པ་ཉིད་ཀྱི་རིང་ལུགས་འཛིན་པ་སྔོན་དུས་ཀྱི་ལོ་པཎ་སྐྱེས་ཆེན་རྣམས་ཀྱི་བཞེད་གཞུང་ཇི་ལྟ་བ་བཞིན་དུ་ལག་ཁྲིད་ཀྱི་ཡི་གེའི་རྣམ་པར་བཀོད་པ་ལ། དཀར་ཕྱོགས་སྐྱོང་བའི་ལྷ་དང་གང་ཟག་གཟུ་བོར་གནས་པ་རྣམས་གཅིག་ཏུ་དགའ་བའི་འཁྲི་ཤིང་སློང་བར་རིགས་སོ། །གཞན་དུ་ནག་པོའི་ཕྱོགས་ཀྱི་བདུད་སྡེ་རྒྱལ་འགོང་དམ་སྲིའི་རིགས་སུ་གཏོགས་པ་རྣམས་དང་། ཕྱོགས་ལྷུང་དང་ཕྲག་དོག་པས་ལུས་རྣམ་པར་བགྱིངས་པ་རྣམས་འདུད་པར་མི་འགྱུར་ཡང་རེ་ཞིག་སྙིང་རྗེའི་ཡུལ་དུ་བགྱིད་པ་ཙམ་དུ་ཟད་དོ། །འདིར་སླར་ཡང་སྨྲས་པ། མཁས་མང་ལེགས་བཤད་ས་འཛིན་མཐོན་པོའི་སྤོར། །ཆགས་པའི་བརྗོད་དོན་གངས་ལས་བབས་པའི་རྒྱུན། །བདག་བློའི་འཛིན་མར་འཁྱིལ་བའི་ཆུ་གཏེར་འདིར། །དོན་གཉེར་སྲིད་པའི་མགྲོན་རྣམས་ད་རོལ་ཅིག །འདི་ན་བདག་སེམས་འཁྲུལ་བའི་རྙོག་མ་དང་། །མཁས་མའི་གཞུང་ལས་བརྒལ་བའང་མཆིས་སྲིད་ན། །དེ་ཡང་དུས་གསུམ་བསགས་པའི་སྡིག་ལྟུང་དང་། །ལྷན་ཅིག་མགོན་པོ་རྣམས་ཀྱི་སྤྱན་སྔར་འཆགས། །གལ་ཏེ་ལེགས་པར་བཤད་པའི་ཆ་ཤས་ཙམ། །མཆིས་ན་དེ་ཡང་རང་བློའི་རྣམ་དཔྱོད་ཀྱིས། །མ་ཡིན་དགེ་བའི་བཤེས་ཀྱི་བཀའ་དྲིན་ལས། །བྱུང་ཕྱིར་དམ་པ་དགྱེས་པའི་མཆོད་པ་འབུལ། །དེ་མཐུས་བདག་དང་འགྲོ་ཀུན་ཚེ་རབས་སུ། །བཤེས་གཉེན་དམ་པའི་དྲིན་གྱིས་སྐྱོང་བ་དང་། །རྒྱལ་བ་དགྱེས་པའི་ལམ་བཟང་སྔ་འགྱུར་གྱི། །བསྟན་པ་སྤེལ་བའི་ཁུར་ཆེན་འཛིན་པར་ཤོག། དེ་ལྟར་ཟབ་ཆོས་རིག་འཛིན་བདེ་འདུས་ཀྱི་ལམ་ཁྲིད་སྐལ་ལྡན་འཇུག་ངོགས་ཞེས་བྱ་བ་འདི་ཡང་གཏེར་ཆེན་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་དམ་པ་མཁྱེན་བརྩེ་ནུས་པའི་ཡོན་ཏན་ལ་གཞན་དྲིང་མི་འཇོག་པ་གཅེན་རིག་འཛིན་མཐུ་སྟོབས་རྡོ་རྗེ་དང་། གཅུང་བློ་བཟང་བསྟན་པའི་རྒྱལ་མཚན་སྐུ་མཆེད་རྣམས་གཉིས་ཀྱི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་རྫས་སྲིད་དུ་རིང་བ་དང་། རིན་ཆེན་གཉིས་པའི་འཁོར་ལོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་གྲངས་དང་མཉམ་པ་དང་བཅས་ལེགས་པར་སྩལ་ནས། གཞུང་འདིའི་ཁྲིད་རིམ་ཞིག་སྔོན་ཆད་གཏེར་ཆེན་ཉིད་ཞལ་བཞུགས་པའི་དུས་སུ་བསྐུལ་རྒྱུ་མ་བྱུང་འདུག་པས། ད་ལན་ཁྱོད་ཀྱིས་ཅི་ནས་ཀྱང་རྩོམ་དགོས་ཞེས་བཀའ་སྩལ་གཙུག་ཏུ་ཕེབས་པ་དང་དུ་བླངས་ནས། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དཔལ་བཟང་པོའམ་མིང་གཞན་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་གཏེར་ཆེན་ཉིད་ཀྱི་གདན་ས་ལྷ་ལྡིང་བླ་བྲང་དུ་བསྐུལ་བ་པོ་ཡབ་སྲས་རྣམས་ལ་ཀློང་ཆེན་སྙིང་ཐིག་གི་དབང་ལུང་སོགས་བྱེད་པའི་ཆོས་མཚམས་རྣམས་སུ་བློ་ཐོག་ནས་ཤར་མར་སྤེལ་བ་ཉིད་ཕྱིས་སུ་མ་ཧཱ་གུ་རུའི་སྒྲུབ་གནས་མཁར་ཆེན་བྲག་ཏུ་རྫོགས་པར་བགྱིས་པ་འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། མངྒ་ལམ། །

རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་སྒོ་ནས་སྐལ་ལྡན་ཇི་ལྟར་བཀྲི་བའི་ཚུལ།

༄༅། །རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་སྒོ་ནས་སྐལ་ལྡན་ཇི་ལྟར་བཀྲི་བའི་ཚུལ་བཞུགས་སོ། །འཁོར་ལོའི་དབང་ཕྱུག་ཀུན་བཟང་ཧེ་རུ་ཀ །གསང་འཛིན་རྡོ་རྗེ་གཏུམ་པོར་ཁྲོས་པའི་གར། །གཞན་ངོར་ཕན་བདེའི་མཆོག་སྩོལ་བཤེས་གཉེན་གྱི། །རྣམ་རོལ་སྒྱུར་པ་ཡོངས་འཛིན་བླ་མར་འདུད། །ཤེས་བྱའི་ཆོས་ཀུན་མཁྱེན་པའི་ཀློང་ཆེན་ལས། །རབ་འབྱམས་འགྲོ་ངོར་རྗེས་བརྩེའི་འོད་སྟོང་ཟེར། །སྤྲོ་མཛད་ཀུན་མཁྱེན་བླ་མ་ཡབ་སྲས་དེ། །སྙིང་དབུས་པདྨའི་ཟེར་འབྲུར་དེང་རོལ་ཅིག །དེ་ལ་འདིར་འཁོར་བ་སྤྱི་དང་བྱེ་བྲག་གི་རང་མཚང་མཐོང་ནས། སྤྱིར་ཐར་བ་དོན་དུ་གཉེར། བྱེ་བྲག་ཏུ་རྣམ་མཁྱེན་དོན་དུ་གཉེར། ཡང་དགོས་སུ་ཚེ་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་རིན་ཆེན་མངོན་དུ་འཐོབ་པར་འདོད་པའི་གང་ཟག་སྐལ་བ་མཆོག་དང་ལྡན་པ་དེ་དག་གི་འཇུག་ངོགས་མ་ནོར་བ་དེ་ནི་འདིར་བརྗོད་པར་བྱ་བ་ཉིད་ཡིན་ཞིང་། དེ་ལ་ཡང་སྤྱིར་གསང་ཆེན་རྡོ་རྗེའི་ཐེག་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་དེ་དག་ལས་འཇུག་པའི་སྒོ་གང་ནས་བཀྲི་བར་བྱས་ཀྱང་འགལ་བ་མེད་མོད་དེ། རེ་ཞིག་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྒོ་ནས་སྐལ་བ་དང་ལྡན་པའི་གང་ཟག་ཇི་ལྟར་བཀྲི་བའི་ཚུལ་ལས་འཕྲོས་ཏེ་བརྗོད་པར་བྱའོ། །འདིར་ཡང་ཀུན་མཁྱེན་བླ་མའི་ལེགས་བཤད་ཁྲིད་ཡིག་བྱང་ཆུབ་ལམ་བཟང་གི་འགྲོས་ལྟར་དགེ་བ་གསུམ་གྱི་ཆིངས་ཀྱིས་འཆིང་བར་བྱས་ན། ཐོག་མར་དགེ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་ཐུན་མོང་བའི་ཁྲིད་རིམ་ལ། ཐུན་མོང་གི་སྔོན་འགྲོའི་ཁྲིད་ཀྱི་ལག་ལེན་འདེབ་ལུགས་དང་། སེམས་སྤྱོང་བདུན་གྱི་དོན་ཁྲིད་ཐར་བའི་ཐེམ་སྐས་ཀྱི་ཕྱོགས་གཅིག་དང་། ཁྲིད་ཡིག་དྲན་པ་ཉེར་བཞག་གི་སེམས་བསྐྱེད་ཀྱི་བསླབ་པའི་མཐར་ཐུག་པ་རྣམས་ཏེ། འདི་དག་གིས་སྐྱེས་བུ་གསུམ་གྱི་ལམ་རིམ་ལྷ་མི་ཉན་རང་བྱང་སེམས་ཀྱི་ཐེག་པ་དང་བཅས་པའི་དོན་བསྡུས་པའོ། །དེ་ནས་བར་དུ་དགེ་བ་གསང་སྔགས་རྡོ་རྗེ་ཐེག་པའི་ཐུན་མོང་གི་ལམ་རིམ་ལ། ཁྲིད་ཡིག་ཐར་བའི་ཐེམ་སྐས་ཀྱི་ཕྱོགས་གཅིག་དང་། དྲན་པ་ཉེར་བཞག་གི་རྡོར་སེམས་སྒོམ་བཟླས་མན་ཆད་ཀྱི་ལྷག་མ་རྣམས་དང་། བསྐྱེད་རིམ་ལྷའི་ཁྲིད་ཀྱི་རྣམ་པར་གཞག་པ་འོག་མིན་བསྒྲོད་པའི་ཐེམ་སྐས་འཕོ་བ་མ་བསྒོམ་སངས་རྒྱས། སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་དེའི་སྦས་དོན་ཐབས་ལམ་མ་བསྒོམས་སངས་རྒྱས། བསྐྱེད་རྫོགས་ཀྱི་ཆོ་ག་རྣམས་དང་བཅས་པ་སྟེ་འདི་དག་གིས་ནི་ཕྱི་རྒྱུད་སྡེ་གསུམ་རྒྱུད་ལུང་གཉིས་དང་བཅས་པའི་ཉམས་ལེན་བསྡུས་སོ། །དེ་ནས་ཐ་མར་དགེ་བ་འོད་གསལ་རྫོགས་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་ལ། གདོད་མའི་མགོན་པོའི་ལམ་གྱི་རིམ་པའི་ཁྲིད་ཡིག་ཡེ་ཤེས་བླ་མ། དེའི་མཐའ་རྟེན་གྱི་མན་ངག གནས་ལུགས་རྡོ་རྗེའི་ཚིག་རྐང་དང་། ཀུན་མཁྱེན་ཞལ་ལུང་ལ་སོགས་པ་རྣམས་ཏེ། དེ་ལྟར་ན་ཐེག་པ་རིམ་པ་དགུའི་ལམ་མཐའ་དག་སྟན་ཐོག་གཅིག་ཏུ་ཇི་ལྟར་ཉམས་སུ་ལེན་པའི་ཁྲིད་རིམ་རྣམས་མ་ཚང་བ་མེད་པར་ལེགས་པར་བསྟན་པ་ཡིན་ནོ། །དེ་དག་དབང་བཞི་དང་སྦྱར་ན། བསྐྱེད་རིམ་གྱི་ཁྲིད་ཡིག་ཆོ་ག་དང་བཅས་པ་རྣམས་ནི་བུམ་དབང་གི་ལམ་དང་། སྙན་བརྒྱུད་ཤོག་དྲིལ་ཡིན་བཞིན་ནོར་བུ་ཡན་ལག་དང་བཅས་བ་ནི་གསང་དབང་གི་ལམ་དང་། དེའི་སྦས་དོན་ཐབས་ལམ་མ་སྒོམ་སངས་རྒྱས། རྩ་འགྲེལ་ནི་ཤེར་དབང་གི་ལམ་དང་། ཁྲིད་ཡིག་ཡེ་ཤེས་བླ་མ་ལ་སོགས་པ་ནི་ཚིག་དབང་གི་ལམ་ཁྲིད་དུ་ཤེས་པར་བྱའོ། །འདིར་གཞུང་ཚོགས་རྣམས་ད་ལྟའི་གླེགས་བམ་གྱི་བཞུགས་རིམ་དང་ཅུང་ཟད་བསྣོལ་བ་ནི། གླེགས་བམ་བསྒྲིགས་པའི་དཀར་ཆགས་མཁན་པོ་ཉིད་ཀྱི་བློའི་ཉེས་པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོའི་ཁྲིད་ཡིག་རྣམས་ནི་དབང་བཞི་བའི་ལམ་རྫོགས་ཆེན་རང་གི་སྔོན་འགྲོ་ཡིན་ལ། བསྐྱེད་རྫོགས་ཀྱི་ཁྲིད་དག་ནི་དེ་ལས་གཞན་བུམ་གསང་སོགས་ཀྱི་ལམ་མ་ཧཱ་དང་ཨ་ནུ་དག་གི་ཁྲིད་རིམ་ཡིན་པས་ན་དེ་དག་དང་འདྲའོ་སྙམ་དུ་སེམས་པས་སོ། །དེ་ནི་མི་འཐད་དེ། སྤྱིར་རྫོགས་ཆེན་གྱི་སྔོན་འགྲོ་ཡིན་པར་དེ་རྣམས་ལ་ཁྱད་མེད་ཅིང་བྱེ་བྲག་འཇུག་པའི་རིམ་པ་ཐེག་པའི་གོ་རིམ་དང་མཐུན་པར་སྔར་བཤད་པ་ལྟར་ངེས་པའི་ཕྱིར་རོ། །དེ་ལ་ཁོ་ན་རེ། ཐུན་མོང་གི་སྔོན་འགྲོ་དག་གིས་རྒྱུད་ལེགས་པར་སྦྱང་བ་སྔོན་དུ་འགྲོ་དགོས་པ་ནི་རྫོགས་ཆེན་རང་གི་གཞུང་ལས་གསུངས་ཏེ། འདས་རྗེས་ལས། མི་རྟག་སྙིང་རྗེ་བྱང་སེམས་སྦྱངས། ཞེས་གསུངས་པ་ལྟ་བུ་ཡིན་པའི་ཕྱིར་དེ་དང་མི་འདྲའོ། །ཞེས་ཟེར་ན། དེ་ཡང་དེ་ལྟར་མ་ཡིན་ཏེ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་དགོས་པ་བཞིན་དུ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དབང་སྔ་མ་གསུམ་གྱི་ལམ་བསྐྱེད་རྫོགས་ཀྱི་རིམ་པ་དག་གིས་ཀྱང་རྒྱུད་སྦྱོང་དགོས་པ་མཚུངས་ཏེ། འདི་ལྟར་རྫོགས་ཆེན་རང་གི་རྒྱུད་ནོར་བུ་ཕྲ་བཀོད་ལས། སྦྱོང་བ་རྒྱུན་གྱི་རྣལ་འབྱོར་དང་། སྒོམ་པ་རྒྱུན་གྱི་རྣལ་འབྱོར་དང་། ལྟ་བ་རྒྱུན་གྱི་རྣལ་འབྱོར་དང་། འབྲས་བུ་རྒྱུན་གྱི་རྣལ་འབྱོར་རོ། །ཞེས་སྤྱིར་རྣལ་འབྱོར་བཞི་རུ་གསུངས་ནས་དེ་དག་ལ་འཇུག་པའི་རིམ་པ་ཡང་། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་རིམ་མམ་བྱེ་བྲག་འདི་ལྟ་བུས། ཁྲིགས་ཆགས་ཉིད་དུ་ཉམས་སུ་བླངས། ཞེས་མཐར་ཆགས་ཁོ་ནས་འཇུག་པར་གསུངས་པའི་ཕྱིར། དེ་ལྟ་ན་སྤྱོད་པ་ལ་རྒྱུན་ཏུ་བྱེད་པའི་རྣལ་འབྱོར་གྱི་སྐབས་སུ་ཡང་བུང་བ་ལྟ་བུའི་སྤྱོད་པ་ནས་རྣལ་འབྱོར་དབང་ཕྱུག་གི་སྤྱོད་པར་སྤྱད་པའི་དུས་གྲངས་བདུན་གསུམ་ཉེར་གཅིག་པོ་མཐའ་དག་ཐེག་པའི་གོ་རིམ་དང་མཐུན་པར་མཐར་ཆགས་ཁོ་ནར་བཤད་ལ། ཁྱད་པར་སྒོམ་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་གྱི་སྐབས་སུ་ལྷ་དང་མིའི་སེམས་འཛིན་བྱང་ཆུབ་སེམས་དཔའི་བསམ་གཏན། དེ་བཞིན་གཤེགས་པའི་དགོངས་པ་སྟེ་གསུམ་དུ་དབྱེ་ནས་དེ་དག་ལ་རིམ་གྱིས་འཇུག་པར་གསུངས་པའི་དང་པོ་ལྷ་མིའི་སེམས་འཛིན་གྱི་སྐབས་སུ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ཅེས་སོགས་སེམས་འཛིན་ཉེར་གཅིག་གསུངས་པ་རྣམས་དང་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་སྐབས་སུ་ཟས་གོས་བག་ཆགས་ཀྱི་ཞེན་པ་གཅོད་པའི་གདམས་ངག་གསུམ་གསུངས་པ་མཐའ་དག་དབང་སྔ་མ་གསུམ་དང་ཐུན་མོང་བའི་ལམ་བསྐྱེད་རྫོགས་ཀྱི་སྒོམ་རིམ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ཡང་མ་ཟད་སྒྱུད་འཕྲུལ་རྩ་བའི་རྒྱུ་ལས་ཀྱང་། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་བོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་ནི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་དང་། ས་རྣམས་ཁྱད་པར་བཀོད་པ་ཡང་། གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་ཐེག་བརྒྱད་རྫོགས་པ་ཆེན་པོའི་ལམ་སྟེགས་སྔོན་འགྲོའི་ཆོས་སུ་གསུངས་ཤིང་། དེ་ཡང་རིམ་འཇུག་ཁོ་ནར་གསུངས་ཏེ་འདི་སྐབས་ཀྱི་གསང་བའི་སྙིང་པོ་ནི་རྫོགས་པ་ཆེན་པོ་ཉིད་ཡིན་པའི་ཕྱིར་རོ། དེས་ན་རྫོགས་ཆེན་གྱི་སྔོན་འགྲོར་བསྐྱེད་རྫོགས་ཐུན་མོང་གི་ལམ་འགྲོ་མི་དགོས་པར་འཛིན་པ་ཐམས་ཅད་ལ་བློ་སྐྱོན་འདི་ཉིད་ཁོ་ན་ཞུགས་པས་ནོངས་པ་ཡིན་པའི་ཕྱིར་ཚུལ་འདི་ཡང་མི་ཤེས་སུ་མི་རུང་བའི་གནད་གལ་བོ་ཆེ་གཅིག་གོ རེ་ཞིག་འདིར་དེ་ཙམ་གྱིས་ཆོག་ལ། ད་དུང་ཡང་དགག་སྒྲུབ་བྱེད་འདོད་པ་གཞན་དག་མཆིས་ཚེ་རིམ་བཞིན་སྤྲོས་པས་ཆོག་གོ །ད་ནི་བཀྲི་བའི་ཚུལ་དངོས་བརྗོད་པར་བྱ་སྟེ། དེ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དག་གིས་རྒྱུད་ལས་སུ་རུང་བར་བྱས་ནས། དངོས་གཞིར་འཇུག་པའི་ཐོག་མར་དབང་གི་སྤྱི་དོན་སྙིང་པོའི་དོན་གསལ་གྱིས་ཁོག་ཕུབས་པའི་རྩ་བ་གསུམ་གྱི་དབང་རིམ་རྣམས་ཀྱིས་རྒྱུད་སྨིན་ངེས་སུ་བྱས་ཏེ། དེ་ནས་རྡོར་སེམས་སྒོམ་བཟླས་དང་འབྲེལ་བའི་བུམ་དབང་གི་ལམ་ཡི་དམ་གང་རུང་གི་བསྐྱེད་རིམ་ལ་འཇུག་པར་བྱ་ཞིང་། དེའི་ཁྲིད་རིམ་འོག་མིན་བསྒྲོད་པའི་ཐེམ་སྐས་དང་ཆོ་ག་རང་རང་གི་གབ་བྱང་དང་དཀའ་འགྲེལ་བསྙེན་ཡིག་རྣམས་ལས་ཇི་ལྟར་བཤད་པ་བཞིན་ཉམས་འོག་ཏུ་ཆུད་པར་བྱའོ། རིམ་པ་དང་པོའི་ལམ་འདི་ནི་རྫོགས་རིམ་གྱི་སྨིན་བྱེད་ཡིན་པས་ན་ཐོག་མར་འདི་ཉིད་ལ་བརྟན་པ་མ་ཐོབ་པར་རྩ་རླུང་གི་གདམས་པ་སོགས་ལ་བརྩོན་པ་ནི་དོན་དུ་མི་འགྱུར་ཏེ། དཔེར་ན་ཏིལ་མེད་པའི་ཏིལ་མར་དང་། བུད་ཤིང་མེད་པའི་མེ་མི་འབྱུང་བ་བཞིན་ནོ། །དེས་ན་གསང་སྔགས་ལམ་གྱིས་འདོད་ཡོན་ལམ་དུ་བྱེད་པ་སོགས་མཐའ་དག་ཆོས་ཐམས་ཅད་དག་མཉམ་ཆེན་པོར་རྟོགས་པའི་ལྟ་བ་དང་ལྷའི་རྣལ་འབྱོར་བསྒོམ་པས་རབ་ཏུ་ཕྱེ་བ་ཉིད་ཡིན་ན། དབང་བཞིའི་ལམ་ལ་གོ་རིམ་མ་ལོག་པར་སློབ་དགོས་པ་འདི་ནི་མི་ཤེས་སུ་མི་རུང་བའི་གནད་གལ་བོ་ཆེའོ། །དེ་ལྟར་རིམ་པ་དང་པོའི་ལམ་ལ་བརྟན་པ་ཇི་རིགས་ཐོབ་ནས་དབང་གཉིས་པ་དང་གསུམ་པའི་ལམ་གྱིས་བསྡུས་པ་རྫོགས་པའི་རིམ་པ་ལ་བརྩོན་པར་བྱ་སྟེ། དེ་ཉིད་འདིར་འཆད་པར་བྱེད་པ་ལ། སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུའི་སྦས་དོན་ཐབས་ལམ་མ་བསྒོམས་སངས་རྒྱས་ལས། བེམ་པོའི་རེག་བྱ་དོར་བས་བློ་ཚིམ་སྟེ། །མ་སྨིན་སེམས་ཅན་མདུན་ནས་རྩ་ལྟུང་རིན། །རྒྱབ་མདུན་ཐུར་མས་ཉོ་ཙམ་སྔགས་ལམ་མིན། །ཟབ་མོའི་ལམ་གནད་ཇི་བཞིན་རྟོགས་འདོད་རྣམས། །ཡིད་བཞིན་རིན་ཆེན་མཛོད་ཀྱི་རིམ་པའི་ཁང་། །ཉི་ཤུ་བ་དང་དེ་ཡི་ཕྱི་མའི་གནས། །རྡོ་རྗེའི་ལམ་གྱི་ལྡེ་མིག་ཆེན་པོར་ཟུངས། །ཞེས་རང་རེ་རྗེས་འཇུག་ཏུ་རློམས་པ་རྣམས་ལ་བརྩེ་བ་ཆེན་པོས་རྗེས་སུ་གདམས་པར་མཛད་པ་འདི་ལྟོས་མེད་དུ་འདོར་བར་མི་འོས་ཤིང་གཅེས་ནོར་དུ་འཛིན་པར་རིགས་པའི་ཕྱིར་རེ་ཞིག་ཚིག་འདི་རྣམས་ཀྱི་དོན་ལ་དཔྱད་པར་བྱ་སྟེ། དེ་ཡང་འདི་ལྟར། ཁ་ཅིག་བེམ་པོའི་རེག་བྱ་དོར་བ་སྟེ། གོས་འཐུག་པོ་སྤངས་ནས་སྲབ་མོ་རས་རྐྱང་ཙམ་གྱིས་སྐྱོབ་པ་དང་རྒྱབ་མདུན་ཐུར་མའི་ལག་ལེན་གྱིས་འདྲེན་པ་ལ་སོགས་པ་བྱང་བར་གྱུར་པ་ན། དེ་ཙམ་གྱིས་བློ་ཚིམ་སྟེ། བདག་ལྟ་བུའི་རྩ་རླུང་བ་གཞན་སུ་ཡང་མེད་སྙམ་པའི་ང་རྒྱལ་གྱིས་གསང་བ་ཟབ་མོའི་ལམ་གྱིས་རྒྱུད་མ་སྨིན་ཞིང་གསང་སྔགས་ཀྱི་དོན་བློར་མི་ཚུད་པ་དག་གི་མདུན་དུ་ཕྱིན་ནས། སྔགས་ཀྱི་རྩ་ལྟུང་ལ་ཅི་ཡང་མི་སེམས་པར། འདི་ནི་རྒྱབ་ཐུར་རོ། །འདི་ནི་མདུན་ཐུར་རོ། །ཞེས་པ་ལྟ་བུའི་སྒོ་ནས། གསང་བ་སྒྲོགས་པའི་རྩ་ལྟུང་བདུན་པ་རིན་གྱིས་ཉོ་བར་བྱེད་པ་དེ་ལྟ་བུ་ནི་གསང་སྔགས་ཀྱི་ལམ་མ་ཡིན་ནོ། །ཞེས་གསུངས་ཤིང་དེ་བཞིན་དུ་ཡང་རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ་ལས་ཀྱང་རྣམ་འགྱུར་མང་ཡང་འཆུན་དང་མི་ལྡན་ན། འབོལ་སྟན་སྟེང་དུ་བྱ་མཁན་དྲངས་པ་དངོས། །དག་སྦྱོར་མེད་པའི་དུད་འགྲོའི་ལུས་འགྱུར་ཡང་། །ངན་འགྲོའི་ལམ་ལ་རྟེན་འབྲེལ་བསྒྲིགས་པ་བཞིན། །ཞེས་གསུངས་པས་འཁྲུལ་འཁོར་གྱི་རྣམ་འགྱུར་མང་བོ་དེ་དག་ལ་ཡང་ལུས་འཆུན་དང་མི་ལྡན་ན། འབོལ་སྟན་གྱི་སྟེང་དུ་བྱ་མཁན་སྟེ་ཕལ་སྐད་དུ་ཤིང་མགོ་རས་པར་གྲགས་པའི་རྩེད་མོ་བྱེད་མཁན་དེ་ཉིད་དྲངས་ནས་རྩེད་མོ་བྱས་པ་དང་ཁྱད་མེད་པ་དང་། དེ་བཞིན་དུ་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་པ་ལ་སོགས་པའི་གཞི་འབྲས་སྦྲེལ་པའི་དག་པ་སྦྱོར་དུ་མེད་པར་དུད་འགྲོའི་འགྱུར་བཞི་དང་དམ་ཚིག་གི་འཁྲུལ་འཁོར་ལྔ་ལྟ་བུ་དུད་འགྲོའི་ལུས་ཀྱི་རྣམ་འགྱུར་བྱས་པ་ཡང་ངན་འགྲོའི་ལམ་ལ་རྟེན་འབྲེལ་བསྒྲིགས་པ་ལྟ་བུ་ལས་དགོས་པ་གཞན་མེད་པར་གསུངས་པས་སོ། །འོ་ན་གསང་སྔགས་ཀྱི་ལམ་དངོས་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན་དེ་ཉིད་སྟོན་པའི་ཕྱིར། དེ་ཕྱིར་རྟེན་འབྱུང་བྱེད་ལས་འབྲས་གསུམ་ཀའི། དོན་ལ་སྟོན་ཅིང་སྟོང་པ་བཞིའི་འོད་གསལ། །ཉམས་སུ་མྱོང་བ་རྡོ་རྗེ་ཐེག་པའི་ལམ། །ཡིན་པར་ངེས་ཤེས་སྐྱེས་པ་ཙམ་བྱུང་ཡང་། །སྔགས་ཀྱི་གཟུགས་བརྙན་ཡོད་སྙམ་དགའ་བ་སྐྱེས། །ཞེས་གསུངས་ཏེ། རྩ་རླུང་བསྒོམས་པའི་དོན་པོ་ནི་གཞུང་དུ་གསལ་བ་ལྟར། རྟེན་ཅིང་འབྲེལ་འབྱུང་དང་། བྱེད་ལས་དང་། འབྲས་བུ་སྟེ། དེ་གསུམ་གྱི་སྒོ་ནས་རླུང་སེམས་དབུ་མར་ཇི་ལྟར་འཇུག་པའི་ཚུལ་རྣམས་ཚིག་ཙམ་ལ་གཙོ་བོར་མི་རྟོན་པར་དོན་ལ་ཡིད་རྟོན་པའི་སྒོ་ནས་ཉམས་སུ་བླངས་པས་དབུ་མར་རླུང་སེམས་ཞུགས་པའི་རྟགས་སུ་སྣ་སྒོའི་རྒྱུ་བ་མཉམ་པ་དང་། དབུ་མར་རླུང་སེམས་གནས་པའི་རྟགས་སུ་སྣ་སྒོའི་རྒྱུ་བ་འགགས་པ་དང་། དབུ་མར་རླུང་སེམས་ཐིམ་པའི་རྟགས་སུ་ནང་དུ་དུ་བ་ལ་སོགས་པའི་སྣང་བ་ཤར་བའི་མཐར་མཁའ་སྣང་འཆར་བ་སྟེ། དེ་ལ་ཡང་སྟོང་བའམ་སྣང་བའི་དུས་སུ་དཀར་ལམ་སྟེ་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་དང་། ཤིན་ཏུ་སྟོང་བའམ་མཆེད་པའི་དུས་སུ་དམར་ལམ་སྟེ་ནམ་མཁའ་ལ་ཉི་འོད་ཤར་བ་ལྟ་བུའི་སྣང་བ་དང་། ཐམས་ཅད་སྟོང་བའམ་ཉེར་ཐོབ་ཀྱི་དུས་སུ་ནག་ལམ་སྟེ་ནམ་མཁའ་ལ་མཚན་གྱི་སྨག་གིས་བསླད་པ་ལྟ་བུའི་སྣང་བ་དང་། རབ་ཏུ་སྟོང་བའམ་འོད་གསལ་ཀྱི་དུས་སུ་ནམ་མཁའ་སླང་བྱེད་ཀྱི་རྐྱེན་ཟླ་ཉི་མུན་པ་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ཐུན་དང་པོ་ལྟ་བུའི་སྣང་བ་སྟེ། དེ་ལྟར་སྟོང་བ་བཞིའམ་སྣང་བ་བཞིའི་ཡེ་ཤེས་རིམ་གྱིས་ངོས་བཟུང་ནས་མཐར་འོད་གསལ་གྱི་ངང་ལ་ཅི་གནས་སུ་མཉམ་པར་བཞག་པ་ལས་ལམ་གྱི་འོད་གསལ་བུའི་ཚུལ་དུ་ཤར་བ་དེ་ཉིད། གཞིའི་འོད་གསལ་མའི་ཚུལ་དུ་གནས་པ་དེ་ཉིད་དང་ཟུང་དུ་འཇུག་པས་གྲོལ་པར་འགྱུར་བ་འདི་ཉིད་ཡིན་ཏེ། དེ་ལྟར་ན་ཚུལ་བཞིན་དུ་བསྒོམས་པས་བརྟན་པ་ཐོབ་པར་མ་གྱུར་ན་ཡང་དེ་ལྟ་བུའི་སྟོང་བཞི་ཉམས་སུ་མྱོང་བ་ཉིད་རྡོ་རྗེ་ཐེག་པའི་ལམ་ཡིན་པའི་ངེས་ཤེས་སྐྱེས་པ་ཙམ་རེ་བྱུང་བ་ཡིན་ཡང་ད་དུང་གསང་སྔགས་ཀྱི་གཟུགས་བརྙན་ཙམ་མ་ནུབ་པར་འདུག་གོ་སྙམ་པས་ཐུགས་ལ་དགའ་བ་སྐྱེས་པར་གྱུར་ཏེ་ཞེས་གསུངས་པ་སྟེ། དེས་ན་ཐབས་ཀྱིས་རླུང་སེམས་དབུ་མར་བཅུག་སྟོབས་ཀྱི་སྟོང་བ་བཞིའི་མཐའི་འོད་གསལ་ངོས་བཟུང་ནས་སྒོམ་པ་འདི་ཉིད་ལམ་གྱི་སྙིང་བོ་ཡིན་པ་ཤེས་པར་བྱའོ། །དགའ་བ་བཞི་ནི་སྟོང་བཞི་ལས་གཞན་མ་ཡིན་ཏེ། རྒྱུད་ཀྱི་བྱེ་བྲག་ལས་ཐབས་ཀྱི་ཁྱད་པར་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཚུལ་གཏན་ལ་འབེབས་ཀྱང་ཀུན་མཁྱེན་བླ་མའི་ལེགས་བཤད་ལས་འབྱུང་བའི་ཕྱིར། ཟབ་མོའི་གནད་ཇི་ལྟ་བ་བཞིན་དུ་རྟོགས་པར་འདོད་པ་རྣམས་ཀྱིས་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་རིམ་ཁང་ཉི་ཤུ་དང་། དེའི་ཕྱི་མའི་གནས་ལེའུ་ཉེར་གཅིག་པ་དང་། དོན་ཁྲིད་རྡོ་རྗེ་སྙིང་བོ། སེམས་ཉིད་ངལ་བསོ་རྩ་འགྲེལ་སོགས་རྩ་རླུང་བསྟན་པའི་གཞུང་ཆེན་རྣམས་ཟབ་མོའི་ལམ་གྱི་སྒོ་འབྱེད་པའི་ལྡེ་མིག་ཉིད་དུ་བཟུང་ནས་བརྗོད་བྱའི་དོན་ཐམས་ཅད་ཐོག་མར་ཁོང་དུ་ཆུད་པར་བྱའོ། །ཞེས་བརྩེ་བར་གདམས་པ་ཡིན་ནོ། །དེ་ལྟར་ན་དོན་འདི་རྣམས་ལ་སོམ་ཉི་མེད་པ་གཞིར་བཞག་ནས་སྐབས་དོན་དངོས་ཀུན་མཁྱེན་བླ་མའི་དགོངས་པ་ལྟར་འཆད་པ་ལ། སེམས་ཉིད་ངལ་བསོའི་ལེའུ་དགུ་བའི་འགྲེལ་བ་ལས། དེ་ཡང་རྫོགས་རིམ་གྱི་ངོ་བོ་ནི་དམིགས་པ་འགའ་ཞིག་གི་སྟེང་དུ་སེམས་རྩེ་གཅིག་ཏུ་བཞག་པས་བདེ་གསལ་མི་རྟོག་པའི་ངང་ལ་གནས་ཏེ་གཉུག་མ་ཕྱག་རྒྱ་ཆེན་པོའི་དོན་རྟོགས་པ་ལ་སྦྱོར་བའོ། །ཞེས་སྤྱིར་རྫོགས་རིམ་གྱི་ངོ་བོ་ནི་དེ་ཏིང་སོགས་དང་མི་ལྟ་བར་འདྲ་བར་བསྒོམས་དགོམ་བྱུང་མི་ཕྲེགས་པས་རབ་ཏུ་ཕྱེ་བ་ཡིན་པར་གསུངས་ནས། དེ་ཉམས་སུ་ལེན་པ་ལ་ལུང་སྔ་མའི་མུར། དེའང་གཤིས་ཀྱི་ཡིན་ཚུལ་ལ་གཞི་གདོད་མའི་ཡིན་ལུགས་རྡོ་རྗེའི་ལུས་ཀྱི་རང་བཞིན། སེམས་ཉིད་དོན་ཀྱི་ངོ་བོ་རྣམས་ཤེས་ནས། སྒོམ་པར་བྱེད་སྟེ། ཞེས་རྫོགས་རིམ་སྒོམ་པའི་སྔོན་དུ་གཞི་གདོད་མའི་གནས་ལུགས། རྡོ་རྗེའི་ལུས་ཀྱི་གྲུབ་ཚུལ་དང་གནས་ཚུལ་གྱི་རང་བཞིན། སེམས་ཉིད་དོན་གྱི་ངོ་བོའི་འདུག་ཚུལ་རྣམས་མི་ཤེས་སུ་མི་རུང་བར་གསུངས་ཏེ། དེ་རྣམས་ངེས་པར་མ་གྱུར་ན་འབེན་མེད་པའི་མདའ་བཞིན་དུ་ལམ་གང་ལ་གནད་དུ་བསྣུན་པ་གང་ཞིག་སྐྱེ་བར་འགྱུར་བ་ཡིན་ལ་སོགས་པ་ཅི་ཡང་མི་ཤེས་པར་འགྱུར་བའི་ཕྱིར་རོ་སྙམ་དུ་དགོངས་སོ། །དེས་ན་དེ་ཉིད་གཏན་ལ་འབེབ་པའི་ཕྱིར་ལེའུ་ལས། བདག་དང་འགྲོ་ཀུན་ཡེ་ནས་སངས་རྒྱས་པས། །ཕུང་བོ་ཁམས་དང་སྐྱེ་མཆེད་ལ་སོགས་ཀུན། །དཀྱིལ་འཁོར་གཅིག་ཏུ་གསལ་བཏབ་རིམ་གཉིས་བསྒོམ། །ཞེས་པའི་སྐབས་ཀྱི་འགྲེལ་བར་རྒྱ་ཆེར་གཏན་ལ་ཕབ་ནས་གསུངས་པ་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ལུས་སེམས་ཀྱི་དངོས་པོའི་གནས་ཚུལ་ལེགས་པར་རྟོགས་ནས་དེ་ཉིད་ལ་གནད་དུ་བསྣུན་པའི་ཐབས་ཀྱི་རིམ་པ་དངོས་སྒོམ་པར་བྱེད་པ་ལའང་ཁྲིད་ཡིག་བྱང་ཆུབ་ལམ་བཟང་ལས། དེ་ནས་ཟབ་ལམ་བྱེ་བྲག་ཏུ་སྒོམ་པ་ལ། བྱིན་རླབས་དངོས་གྲུབ་ཀྱི་གནད། སྔོན་འགྲོ་ལམ་སེལ་གྱི་གནད། དངོས་གཞི་ཁྱད་པར་གྱི་གནད་དང་གསུམ་ལས། ཞེས་གསུངས་པ་ལྟར་གནད་གསུམ་གྱིས་ཁོག་ཕུབས་ནས་ཉམས་སུ་ལེན་པ་འདི་ནི་གཞུང་འདིའི་ལུས་རྣམ་པར་བཞག་པ་ཉིད་དུ་རིགས་པར་བྱའོ། །དེ་ལྟར་ན་གནད་གསུམ་ལས། དང་པོ་བྱིན་རླབས་དངོས་གྲུབ་ཀྱི་གནད་ནི། རྩ་ཐིག་རླུང་གསུམ་གྱིས་བྱིན་གྱིས་རློབས་པ་དང་། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་ཕྱིར། བླ་མའི་རྣལ་འབྱོར་སྒོམ་པ་ནི། དེ་ཡང་འདི་ཉིད་ཀྱི་རང་གཞུང་སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་ལས། ཀུན་བཟང་གདོད་མའི་ཀློང་ལ་ཕྱག་འཚལ་ལོཿ ཞེས་པ་ལ་སོགས་པས་སྙིགས་མའི་དུས་སུས་སྐུ་གསུམ་གྱི་བཞུགས་སྟངས་ལ་བརྟེན་ནས་རྫོགས་པ་ཆེན་པོའི་དོན་རྩོལ་མེད་དུ་རྒྱུད་ལ་སྐྱེད་པ་ཐོད་རྒལ་གྱི་གདམས་པ་ལྟ་བུ་ཉམས་སུ་ལེན་པའི་ལོང་མེད་ན། རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ་ལས། རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་སུ་འཆར། །སྲོག་རྩོལ་གནད་དུ་ཚུད་པས་གནས་པའི་རྩ་ཁ་ཕྱེ། །རླུང་དང་འཁྲུལ་འཁོར་འབྲེལ་བས་རྩ་མདུད་རང་སར་གྲོལ། །ཐེམ་བུའི་མན་ངག་ཤེས་ན་བཀོད་པ་བྱང་སེམས་རྒྱས། །རྡོ་རྗེའི་རྦ་རླབས་ལ་བརྟེན་འབྲས་བུའི་དེ་ཉིད་མཐོང་། །གནད་ལས་གནད་དུ་གྱུར་པས་ཐབས་ཀྱི་ལམ་མཆོག་ཡིན། །ཞེས་གསུངས་ཏེ་དེ་ལྟར་གནད་ལ་བརྟེན་པའི་ཐབས་ཀྱི་ལམ་མཆོག་འདི་ཉིད་སྒོམ་པར་བྱའོ། །ཞེས་གསུངས་ཏེ་དེ་ཡང་སྣོད་ལྡན་ལ་ཆིག་བརྒྱུད་དུ་སྤེལ་བ་ལས་སྣོད་མིན་ལ་བསྟན་བྱ་མ་ཡིན་པར་བཀའ་རྒྱས་བཏབས་ནས། དེའི་རྗེས་སུ་དང་པོ་མལ་ནས་ཧར་ལངས་ཏེཿ ལྟོ་སྟོང་རླུང་རིག་དྭངས་པའི་ཚེཿ སྔོན་འགྲོ་སྤྱི་དང་ཁྱད་པར་དུ༔ བླ་མའི་རྣལ་འབྱོར་གནད་དུ་བསྣུན༔ མོས་གུས་གདུང་བས་དབང་བཞི་བླངསཿ ཞེས་བླ་མའི་རྣལ་འབྱོར་སྒོམ་པའི་ཚུལ་དངོས་གསུངས་སོ། །འདིར་ཉམས་ལེན་ལ་འཇུག་པའི་སྔོན་དུ་འགྲོ་བའི་ལག་ལེན་གྱི་ཆིང་སེ་བླ་མའི་ཞལ་ལས་ཐོས་པ་དག་བརྗོད་པར་བྱ་སྟེ། དེ་ཡང་ཆོས་རྗེ་བླ་མའི་ཞལ་སྔ་ནས། ཐོག་མ་སྐྱབས་འགྲོ་ནས་བཟུངས་ཏེ་བླ་མའི་རྣལ་འབྱོར་ལ་ཐུག་གི་བར་གྱི་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་དག་ཁྲིད་གཞུང་ལྟར་ལེགས་པར་ཉམས་སུ་ལེན་གྲུབ་པའི་གང་ཟག་དེས། འབོལ་སྟན་དང་ཀོ་གདན་སོགས་འབེབ་གདན་དུ་འོས་པ་དང་། རླུང་ཆས་ཨང་རག སྒོམ་ཐག རས་གཟན་སོགས་དགོས་ཆས་རྣམས་སྔ་ཚགས་བགྱིས་ཏེ། དེ་ནས་དབེན་པ་སྐྱེ་བོའི་རྒྱུ་འགྲུལ་མེད་པའི་གནས་སུ་ཕྱིན་ཏེ། རབ་ལྷག་སྦུད་དང་ཁ་ཆར་སོགས་སྐྱོབ་པའི་ཁང་ཁྱིམ་བྲག་ཕུག་སོགས་དང་། དེ་མིན་ཀྱང་གཞན་གྱིས་མི་མཐོང་བའི་ར་བ་སོགས་སུ་དཀར་གཏོར་དང་ཕུད་གཙང་བཤམས་ནས་སྡེ་བརྒྱད་གསེར་སྐྱེམས་ལ་སོགས་པ་སྔོན་དུ་འགྲོ་བས་ཡུལ་དེའི་གཞི་བདག་སོགས་དཀར་ཕྱོགས་སྐྱོང་བ་རྣམས་ལ། རྣལ་འབྱོར་བ་བདག་གིས་གནས་འདིར་ཐབས་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་ཀོ་ལོང་མི་མཛད་ཅིང་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག ཅེས་ཕྲིན་ལས་བཅོལ་ཏེ་ཕུད་གཏོར་གཤེགས། དེ་ནས་ལུས་གཅེར་བུར་ཕྱུངས་ཏེ་རླུང་ནད་སོགས་མི་སྡང་བའི་ཐབས་སུ་ཐོག་མར་ཆུ་དྲོན་གྱིས་ལུས་ཐམས་ཅད་བཀྲུས་ཏེ་དེའི་རྗེས་སུ་ཕྱེ་འཕུར་སྣུམ་བག་ཅན་གྱིས་ལུས་ཐམས་ཅད་ལ་ཁྱབ་པར་བསྐུ་མཉེ་བྱ། དེ་ནས་དགུང་མོ་དབང་གི་དུས་ལ་བབས་པ་ན་རས་གཟན་དང་ཨང་རག་བགོས་ཏེ་རླུང་གདན་སོ་སོར་འཁོད་ལ་འགོ་འཛིན་པ་ཡིན་ཡང་། རང་གཞུང་དུ་ཐོ་རངས་མལ་ནས་ལངས་འཕྲལ་ལ་འགོ་འཛིན་པར་གསུངས་པ་ནི་རྒྱུན་གྱི་རྣལ་འབྱོར་གྱི་དབང་དུ་བྱས་པ་ཡིན་གསུངས། གང་ལྟར་ཀྱང་བསམ་གཏན་གྱི་འདུག་སྟངས་དང་བཅས་ཏེ་གདན་ལ་འཁོད་གྲུབ་པ་ན། སྔོན་འགྲོ་སྤྱི་དང་ཁྱད་པར་དུ་བླ་མའི་རྣལ་འབྱོར་ལ་གནད་དུ་བསྣུན་ནས་བླ་བརྒྱུད་གསོལ་འདེབས་དཀྱུས་མའི་གཤམ་དུ་གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་ཉིད་ཚར་གྲངས་གང་ནུས་སུ་བཏོན་ཏེ་དབང་བཞི་བླངས་མཐར་ཐུགས་ཡིད་གཅིག་དུ་བསྲེས་ནས་དབང་དོན་ལ་མཉམ་པར་བཞག་སྟེ་རྗེས་ཐོབ་སྒྱུ་མའི་ལྷ་སྐུ་རིག་འཛིན་རྡོ་རྗེ་ཆོས་ཡབ་ཡུམ་གྱི་རྣམ་པར་ལྡང་བའི་བར་དུ་དཀྱུས་བཞིན་བཏང་ངོ་། །འདིར་རིག་འཛིན་རྡོ་རྗེ་ཆོས་སྒོམ་པར་གསུངས་པ་ནི་མཚོན་བྱེད་ཙམ་ཉིད་ཡིན་གྱི། གཞན་དུ་ན་རང་གི་ཡི་དམ་གང་ཡིན་པ་དེ་ཉིད་ཀྱི་ལུས་དབུས་སུ་རྩ་ཐིག་རླུང་གསུམ་བསྒོམས་པ་ཉིད་ཀྱིས་འཐུས་པ་ཡིན་ནོ། །དེ་ལྟར་བྱིན་རླབས་དངོས་གྲུབ་ཀྱི་གནད་སྒོམ་པའི་རིམ་པ་དེ་སོང་ནས། གཉིས་པ་སྔོན་འགྲོ་ལམ་སེལ་གྱི་གནད་སྒོམ་པ་ལའང་། རྩ་སྦྱང་བ་སྟོང་རའི་གནད། རླུང་སྦྱང་སྲོག་གི་གནད། ཐིག་ལེ་སྦྱང་བ་རྩོལ་བའི་གནད་དང་གསུམ་དུ་གསུངས་ཤིང་། དེ་དག་ཀྱང་རིམ་བཞིན་རང་གཞུང་ལས། དངོས་གཞི་ལུས་གནད་དྲང་བོར་བསྲངཿ ཞེས་པ་ནས། དབུ་མའི་ཡར་སྣ་ཁ་ཟླུམ་འཁྱིལཿ ཞེས་པའི་བར་གྱིས་དང་པོ་དང་། རོ་རྐྱང་གཉིས་ནས་ལས་ཀྱི་རླུང་༔ ཞེས་པ་ནས་ངལ་གསོ་ཤེས་པ་རྣལ་དུ་ཕབ༔ ཞེས་པའི་བར་གྱིས་གཉིས་པ་དང་། དེ་ནས་སྙིང་གུར་སྨུག་པོའི་དབུས༔ ཞེས་པ་ནས། འོག་རླུང་ཅུང་ཟད་བསྐུལ་བྱས་ཏེ༔ རླུང་ཡིག་རིག་པ་གཅིག་ཏུ་དྲིལ༔ ཞེས་པའི་བར་གྱིས་གསུམ་པ་བསྟན་ནོ། །དེ་ལྟར་སྟོན་འགྲོ་ལམ་སེལ་གྱི་གནད་གསུམ་པ་ཡང་གནད་ཀྱི་གནད་གསུམ་བསྟན་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ལེའུ་ཉི་ཤུ་པའི་འགྲེལ་བ་ལས། བླ་མེད་ཕ་མ་གཉིས་སུ་མེད་པ་གསུམ་ཆར་དྲིལ་ནས་ཉམས་སུ་ལེན་པའི་སྐབས་འདིར་རྩ་རླུང་ཐིག་ལེ་གསུམ་གྱི་ཐབས་ལས་ཡེ་ཤེས་འཆར་བ་ངོས་བཟུང་ནས་བསྒོམ་པའི་ཕྱིར་དེ་གསུམ་ལ་གནད་དུ་བསྣུན་པ་གཅེས་སོ། །ཡིད་བཞིན་འཛོད་ཀྱི་ལུང་སྔ་མའི་མུར། ཞེས་གསུངས་པ་དང་མཐུན་པར་ཁྲིད་ཡིག་བྱང་ཆུབ་ལམ་བཟང་ལས། དེའང་རྩ་གནད་དུ་འགྲོ་བ་ལ་ལུས་གནད། རླུང་གནད་དུ་འགྲོ་བ་ལ་སྲོག ཐིག་ལེ་གནད་དུ་འགྲོ་བ་ལ་རྩོལ་བ་གལ་ཆེའོ། །ཞེས་གསུངས་པ་ལྟར་ཏེ། དེ་ཡང་གནད་དུ་བསྣུན་ཞེས་པའི་དོན་ནི། དཔེར་ན་ལུས་ཀྱི་གནད་སྙིང་ལྟ་བུར། མཚོན་བསྣུན་ན་མི་འཆི་བའི་རང་དབང་མེད་པ་བཞིན་དུ་གདམས་ངག་སྒོམ་པའི་གནད་གང་ཡིན་པ་དེར་དམིགས་པའི་མཚོན་བསྣུན་ན་ཡང་མི་གྲོལ་པའི་རང་དབང་མེད་པ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། དེས་ན་རྡོ་རྗེ་ཕུང་བོའི་གནས་དྲུག་ན་ཉིན་མཚན་གྱི་རྣལ་འབྱོར་སྒོམ་པའི་གནད་དྲུག་ཡོད་པའི་ཕྱིར། དེ་དག་སོ་སོར་རང་གནད་དང་མཐུན་པར་དམིགས་པའི་མཚོན་སྣུན་པར་བྱེད་པ་ནི་སྤྱིར་ཤེས་པར་བྱ་བ་ཉིད་ཡིན་ནོ། །དེ་ལྟར་ན་རྩ་སྦྱང་བ་སྟོང་རའི་གནད་ལ་རྩ་གནད་དུ་འགྲོ་བ་ལ་ལུས་གནད་གལ་ཆེ་བའི་ཕྱིར་ཐོག་མར་ལུས་གནད་འཆོས་པར་བྱ་དགོས་སྟེ། དེ་ཡང་རང་གཞུང་ལས། དངོས་གཞི་ལུས་གནད་དྲང་བོར་བསྲངཿ ཞེས་པས་བསྟན་པ་ལྟར་ལུས་གནད་བསམ་གཏན་གྱི་ཆོས་བདུན་ནམ། རྣམ་སྣང་ཆོས་བདུན་དུ་གྲགས་པ་ལྟར་བཅའ་བར་བྱ་སྟེ། རྐང་བ་རྡོ་རྗེའི་སྐྱིལ་ཀྲུང་། ལག་པ་གཉིས་མཉམ་བཞག་ཐལ་མོ་བརླ་སྟེང་དུ་བསྡམས་པ། དཔུང་བ་རྒོད་གཤོག་ལྟར་བརྐྱང་བ། སྒལ་ཚིགས་མདའ་ལྟར་བསྲང་བའམ་དོང་རྩེ་ལྟར་བརྩེགས་པ་ཡང་ཟེར། མགྲིན་པ་ཨེན་ཙམ་དགུག་པ། མིག་སྣ་རྩེ་ལ་ཕབ་པ། ལྕེ་ཡ་སྐན་ལ་སྦྱར་བ་སྟེ་བདུན་ནོ། །འདི་ལ་རྣམ་སྣང་ཆོས་བདུན་ཞེས་ཟེར་བ་ཡང་རྫོགས་ཆེན་གྱི་ཆོས་སྐད་དེ། གཞུང་དེར་སྐུ་ལྔ་དང་ཡེ་ཤེས་ལྔ་ཡི་བཞུགས་སྟངས་བཅུ་གསུངས་པའི་ནང་ཚན་ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་མཆོག་གི་བཞུགས་སྟངས་ཞེས་བཤད་པ་དེ་ཡིན་པའི་ཕྱིར། འདིར་ཆོས་བདུན་ཐུན་མོང་བ་དང་མི་མཚུངས་པའི་ཁྱད་པར་ནི། ལག་པ་མཉམ་བཞག་གི་ཐལ་མོ་བརླ་སྟེང་དུ་སྡོམ་པ་དེ་དང་། དཔུང་བ་ཐད་ཀར་བརྒྱང་པ་མ་ཡིན་པར་གྱེན་དུ་དྲང་བོར་བརྐྱངས་ནས་ལུས་འཆུན་འཛིན་པ་འདི་གཉིས་ཙམ་ཞིག་ཡིན་ཏེ་གཞན་རྣམས་ནི་འདྲའོ། །གང་ལྟར་ཀྱང་སྐབས་འདི་དང་འོག་ཏུ་འཁྲུལ་འཁོར་དངོས་ཀྱི་སྐབས་སོགས་ཀུན་ཏུ་ལུས་ཀྱི་ཆ་ཆ་ནས་ལྷོང་ལྷོང་བོར་ལྟ་བུ་མ་ཡིན་པར་སོར་ཚིགས་ཚུན་ཆད་ལ་བསྒྲིམས་ཏེ་ལུས་འཆུན་དང་ལྡན་པར་བྱེད་པ་ནི་གལ་ཆེ་བ་ཡིན་ཏེ་རིག་འཛིན་འཁྲུལ་འཁོར་གྱི་འགྲེལ་བ་སྦས་དོན་གསལ་བ་ལས། དེ་ཡང་ལུས་བསྲང་བ་དང་། བཅུད་པ་དང་། དགྱེ་དགུ་དང་། ཡན་ལག་བརྐྱངས་བསྐུམ་དང་། བསྡིགས་མཛུབ་ལ་སོགས་པ་གང་གི་ཐད་དུའང་དབྱུགས་པས་སྲང་བུ་གཅུད་པ་ལྟར་སོར་ཚིག་ཡན་ཆད་ལ་འཆུན་འཐོན་པར་ཆ་ཆ་ནས་སྒྲིམས་ཤིང་། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ལུས་གནད་བཅོས་གྲུབ་ནས་སྔར་ལྟར་སྔོན་འགྲོ་སྤྱི་དང་བྱེ་བྲག་བླ་མའི་རྣལ་འབྱོར་རྗེས་ཐོབ་སྒྱུ་མའི་སྐུ་རིག་འཛིན་རྡོ་རྗེ་ཆོས་སུ་ལྡང་བའི་བར་སོང་བ་དང་འབྲེལ་བར་སྟོང་ར་དངོས་སྒོམ་པར་བྱེད་པ་ལའང་། ཕྱིའི་ལུས་ཀྱི་སྟོང་ར་དང་། ནང་རྩ་ཡི་སྟོང་ར་གཉིས་ལས། དང་པོ་ནི། རང་ཉིད་རིག་འཛིན་རྡོ་རྗེ་ཆོསཿ ཞེས་པ་ལ་སོགས་པ་ངག་ཏུ་བརྗོད་པ་དང་མཉམ་དུ་རིག་འཛིན་རྡོ་རྗེ་ཆོས་ཀྱི་མངོན་རྟོགས་གསལ་དགོས་པ་སྟེ། དེ་ཡང་སྤྱིར་རྡོ་རྗེ་ཆོས་ནི་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་འོད་དཔག་མེད་ཉིད་ཡིན་ལ། དེ་ཉིད་རྒྱུད་སྡེ་འགའ་ཞིག་གི་སྡུད་པོ་མཛད་པའི་སྐབས་སུ་ཕྱག་ན་རྡོ་རྗེའམ་རིག་འཛིན་རྡོ་རྗེ་ཆོས་ཞེས་ཀྱང་གྲགས་ཏེ། དེ་ལྟར་ན་ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་གཉིས་པ་ཡང་གཞུང་ཁ་ཅིག་ལས་འོད་དཔག་མེད་དང་། ཁ་ཅིག་ལས་ཕྱག་ན་རྡོ་རྗེའི་སྤྲུལ་པར་ཡང་གསུངས་པ་དག་འགལ་བ་མེད་པ་ཉིད་དུ་གནད་འདིས་རྟོགས་པར་བྱའོ། །དེ་ལྟར་ན་འདིར་རྡོ་རྗེ་ཆོས་སྒོམ་པ་དང་། བླ་མ་རིག་འཛིན་འདུས་པའི་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཆོས་ཡིན་པའི་རྒྱུ་མཚན་དང་། ལྷའི་ངོ་བོ་ལ་སོགས་པ་ཡང་ཞར་ལ་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བུའི་རྡོ་རྗེ་ཆོས་དེ་ཡང་རིག་འཛིན་གྱི་གབ་བྱང་ལས། ཡབ་སྐུ་མདོག་དམར་པོ་དང་། ཡུམ་སྔོན་པོར་གསུངས་ཀྱང་། འདིར་ཡབ་མདོག་སྔོ་སྐྱ་དང་། ཡུམ་དམར་མོ་བྱས་པ་ཙམ་བདེ་སྟོང་དང་། ཡུལ་ཡུལ་ཅན་གྱི་དག་པ་སྦྱོར་བའི་ཁྱད་པར་དུ་བྱས་པ་ཙམ་ལས་གཞན་མངོན་པར་རྟོགས་པ་ཕལ་ཆེར་འདྲ་ལ། བཞུགས་སྟངས་ནི་ཐབས་ཤེས་ཀྱི་མཚོན་དོན་དུ། ཡབ་གཡས་རྐྱང་གཡོན་བསྐུམས་ཀྱི་དོར་སྟབས་སུ་བཞུགས་ཤིང་། ཡུམ་གྱི་བཞུགས་ཚུལ་མི་གསལ་ཡང་ཞབས་གཉིས་ཀ་ཡབ་ཀྱི་སྐེད་པར་འཁྲིལ་ནས་བཞུགས་པ་ཉིད་དོན་ལ་འབྱོར་རོ། །ཞལ་རས་ཞི་མ་ཁྲོ་སྟེ་ཁྲོ་ཆགས་ཀྱི་རྣམ་པ་ཅན་ནོ། །རྒྱན་ཆ་ལུགས་འདིར་མི་གསལ་ཡང་། ཆོས་རྗེ་རིན་པོ་ཆེའི་ཞལ་སྔ་ནས། གཅེར་བུ་རུས་རྒྱན་ཐོར་ཚུག་ཅན་ཡིན་ཞེས་གསུངས་པ་གབ་བྱང་དང་མཐུན་ནོ། །ཕྱག་མཚན་ནི་ཡབ་རིག་འཛིན་རྡོ་རྗེ་ཆོས་ཕྱག་གཉིས་རྡོར་དྲིལ་བསྣོལ་ཐབས་སུ་འཛིན་པས་ཡུམ་ལ་འཁྲིལ་བ་དང་། ཡུམ་རྡོ་རྗེ་རྣལ་འབྱོར་མ་ཕྱག་གཡས་གྲི་ཁུག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་ཐོད་ཁྲག་འཛིན་པ་ཡབ་ལ་སྟོབས་པའོ། །དེ་ལྟ་བུའི་རྡོ་རྗེ་ཆོས་ཡབ་ཡུམ་དེ་ཡང་ཡབ་ཀྱི་ངོས་ནས་བལྟས་ན་ཡུམ་མི་སྒྲིབ་ཅིང་། ཡུམ་ཀྱི་ངོས་ནས་བལྟས་ན་ཡབ་མི་སྒྲིབ་པ་སྣང་སྟོང་ཆུ་ནང་གི་ཟླ་བའམ། ནམ་མཁའི་འཇའ་ཚོན་བཞིན་དུ་གསལ་བའི་སྐུ་ལུས་ཀྱི་ནང་ཐམས་ཅད་ཁང་བ་སྟོང་བའི་ནང་ལྟར་སྟོང་སང་ངེ་ཡོད་པར་བསྒོམ། དེ་ཡང་དུས་གཅིག་ཏུ་མི་གསལ་ན། དབུའི་ནང་ཙམ་དང་། མགྲིན་པ་ཡན་ཆད་དང་། སྐུ་སྐེད་ཡན་ཆད་དང་། སྐུ་སྨད་ཡན་ཆད་དང་། ཕྱག་ཞབས་ཀྱི་ནང་སོར་མོའི་མཐའ་ཐུག་གི་བར་དུ་སྦུབས་སྟོང་བར་བསྒོམས་ནས་གསལ་སྣང་རིམ་གྱིས་འདོན། དེ་ལྟར་བསྒོམ་པ་ན་སྐུ་ལུས་ཀྱི་ནང་ཐམས་ཅད་སྟོངས་སང་ངེར་ཡོད་པའི་ཉམས་སྐྱེས་པ་ན་འབྱོང་བའི་ཚད་དོ། །གཉིས་པ་ནང་རྩ་ཡི་སྟོང་ར་བསྒོམ་པ་ནི། དེ་ལྟར་ཡབ་ཡུམ་སྣང་སྟོང་གཉིས་སུ་མེད་པར་གསལ་བའི་ཡབ་ཀྱི་སྐུའི་དབུས་སུ་རྩ་དབུ་རྐྱང་རོ་གསུམ་སྒོམ་པ་སྟེ། དེ་ཡང་དབུ་མ་སྦོམ་ཕྲ་སྦ་ལྕག་འབྲིང་བོ་ཙམ་སྒོམ་པའི་དུས་སུ་རོ་རྐྱང་གུང་མོ་ཙམ་སྒོམ། དེ་བཞིན་དུ་དབུ་མ་མདའ་སྨྱུག་ཙམ་སྒོམ་ཚེ་རོ་རྐྱང་གྲོ་སོག་ཙམ་སྒོམ་པ་སོགས་དབུ་མ་ཆེ་ཆུང་ཅི་ཙམ་སྒོམ་པ་དང་འཚམས་པའི་རོ་རྐྱང་བསྒོམ། ཁོ་དོག་ཀྱང་འདིར་དབུ་མ་ཆོས་སྐུ་མཚོན་བྱེད་ཁ་དོག་མཐིང་ག་དང་། དེའི་གཡས་སུ་རོ་མ་སྤྲུལ་སྐུ་མཚོན་བྱེད་ཁ་དོག་དཀར་པོ། གཡོན་དུ་རྐྱང་མ་ལོངས་སྐུ་མཚོན་བྱེད་ཁ་དོག་དམར་པོར་བཤད་ཅིང་། གཞུང་གཞན་ལས་རོ་མ་དམར་པོ་དང་རྐྱང་མ་དཀར་མོར་བཤད་དོ། །འདིར་རིགས་ཀྱི་འདོད་ཚུལ་ཐ་དད་མང་པོ་ཡོད་པ་ལས་གང་ལྟར་བསྒོམས་ཀྱང་འགལ་བ་མེད་དེ། གནས་སྐབས་ཀྱི་དག་པ་སྦྱོར་བའི་གཞིའི་ཁྱད་པར་ཙམ་ཡིན་པའི་ཕྱིར་རོ། །གང་ལྟར་ཀྱང་དབུ་རྐྱང་རོ་གསུམ་པོ་དེ་རྣམས་ཕན་ཚུན་མ་རེག་པ། མར་སྣ་ཡི་གེ་ཆའི་འཕོངས་ལྟ་བུ་ལས་ནང་ཁོང་རྒྱུན་གཅིག་ཏུ་འབྲེལ་བ། ཡར་སྣ་གསུམ་ལས་དབུ་མའི་ཡར་སྣ་ཚངས་བུག་དང་ཁ་ད་ཆད་དུ་ཟླུམ་པོར་འཁྱིལ་བ། རོ་རྐྱང་གཉིས་ལྟག་པ་ནས་མདུན་ངོས་སུ་ཚུར་གུག་སྟེ་སྣ་བུག་གཉིས་སུ་ཟུགས་པ། དེ་ཡང་དབུ་མ་ནི་མཚན་ཉིད་བཞི་ལྡན་ཏེ། དྲང་བ་ཆུ་ཤིང་ངམ་སྨྱུག་མའི་སྡོང་བོ་ལྟ་བུ། གསལ་བ་ཏིལ་གྱི་མར་མེ་ལྟ་བུ། སྲབ་པ་པདྨའི་འདབ་མ་ལྟ་བུ། སྔོ་བ་སྤྲིན་བྲལ་གྱི་ནམ་མཁའའམ་མཐིང་ཞུན་ལྟ་བུ་དང་བཞིར་སྐབས་འདིར་གསུངས་ཤིང་གཞུང་གཞན་ལས་མཚན་ཉིད་འདི་དང་ཅུང་ཟད་མི་མཐུན་པར་གསུངས་པའང་ཡོད་དོ། །རྩ་གསུམ་པོའི་ནང་ཐམས་ཅད་སྦུབས་སྟོང་ཁྲག་དང་ཆུ་སེར་སོགས་གྱིས་མ་གོས་པས་དྭངས་གསལ་དྲི་མ་མེད་པ་འཇའ་ཚོན་ལྟ་བུར་བསྒོམ། དེ་ལ་གསལ་བརྟེན་ཅུང་ཟད་ཐོབ་ནས། སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་བཅུ་དྲུག སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་འདབ་སོ་གཉིས། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་བཅུ་རྩ་བཞི་སྟེ། འཁོར་ལོ་བཞིའི་རྩ་འདབ་ཐམས་ཅད་ཀྱི་ནང་ཡང་སྟོང་སང་ངེ་ཡོད་པར་བསྒོམ། དེ་རྣམས་གསལ་ཐེབ་པ་དང་། དེ་དག་ལས་གྱེས་པའི་རྩ་འདབ་གྲངས་མེད་པ། བ་སྤུའི་བུ་ག་ཐམས་ཅད་དུ་ཟུག་པ་དེ་ཐམས་ཅད་ཀྱི་ནང་སྟོང་སང་ངེ་ཡོད་པར་སྒོམ་པ་སྟེ། དེ་དག་ནི་རྩ་སྦྱོང་བ་སྟོང་རའི་གནད་དོ། །རྩ་དེ་རྣམས་ཀྱི་ནང་དུ་སེམས་ཞུགས་སོང་བ་ལྟ་བུའི་ཉམས་སྐྱེས་ན་འབྱོང་བའི་ཚད། གཉིས་པ་རླུང་སྦྱང་བ་སྲོག་གི་གནད། །ཆོས་ཚན་འདིའི་མཇུག་མི་ཚང་། །

ཀློང་ཆེན་སྙིང་ཐིག་གི་གཏུམ་མོའི་མེའི་བོགས་དབྱུང་གི་དམིགས་པ་གབ་པ་མངོན་ཕྱུང་།

༄༅། །ཀློང་ཆེན་སྙིང་ཐིག་གི་གཏུམ་མོ་མེའི་བོགས་དབྱུང་གི་དམིགས་པ་གབ་པ་མངོན་ཕྱུང་བཞུགས་སོ། །སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རིགས་བདག་རྡོ་རྗེ་འཛིན་པའི་ཞབས་ཀྱི་པདྨོ་ལ་ཉེ་བར་བཏུད་དེ་གུས་པས་ཕྱག་འཚལ་ལོ། །ཚད་མེད་པའི་ཐུགས་རྗེ་ཆེན་པོས་བདག་གི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། འདིར་ཀློང་ཆེན་སྙིང་ཏིག་གི་གཏུམ་མོ་མེའི་བོགས་དབྱུང་གབ་པ་བླ་མའི་གསུངས་སྒྲོས་ལས་ཐོས་པ་ཅུང་ཞིག་འདིར་བཀོད་པར་བྱ་སྟེ། དེ་ཡང་ཐོག་མར་བུམ་ཅན་དང་གཏུམ་མོའི་དམིགས་པ་གཞུང་ལྟར་གྲུབ་ནས། མཇུག་ཏུ་གཞུང་ལས། དེ་ནས་རྩ་གསུམ་འདུས་མདོ་རུ༔ དྭངས་མ་ཨ་ཤད་ལ་ཕོག་ཚེ༔ སྣུམ་ཁོལ་བདུད་རྩི་བླུག་པ་བཞིན༔ མེ་དང་བདུད་རྩི་གཉིས་མེད་འདྲེས༔ རིག་པ་རྩལ་གྱི་དབང་ཆེན་ཐོབ༔ སྣང་སྲིད་ཐབས་ཅད་མེ་ཡིས་ཁེངས༔ སྣོད་དང་བཅུད་དུ་འཛིན་པ་ཡི༔ རྣམ་རྟོག་བག་ཆགས་ཐམས་ཆད་བསྲེགས༔ ཞེས་པའི་དོན། ཡས་བབ་ཀྱི་དམིགས་པ་ལེགས་པར་གྲུབ་ནས་ཐིག་ལེ་ཨ་ཤད་ལ་ཕོག་པ་དང་ཆབས་ཅིག་སྣུམ་ཁོལ་ནང་དུ་ཨ་རག་བླུགས་པ་བཞིན་ཚེག་སྒྲ་དང་བཅས་ཏེ་འཕྱུར་ནས་མེ་ལྕེའི་དབལ་ཤིན་ཏུ་ཚ་བས་རིམ་བཞིན་གསང་གནས་སུ་ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྲེགས་ནས་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། དེ་བཞིན་དུ་ལྟེ་བ་རུ་ཉོན་མོངས་པ་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྲེགས་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་སྙིང་གར་ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྲེགས་ནས་མེ་ལོང་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་མགྲིན་པར་ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཆད་བསྲེགས་ནས་སོར་རྟོགས་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་སྤྱི་བོར་ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྲེགས་ནས་ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ནས། སླར་མེ་ལྕེ་ཚང་བུག་ནས་ཐོན་ཏེ་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པ་དང་འོག་སྒོ་གཉིས་ནས་ཀྱང་མེ་ལྕེ་སྔར་བཞིན་ཐོན་ནས་ས་གཞིའི་ཁམས་ཐམས་ཅད་ཁྱབ་པ་དང་ཆབས་ཅིག་སྟེང་འོག་མེའི་གུར་ཁུང་གཉིས་འཁོར་བའི་བར་དུ་སྡེ་བརྒྱད་འབྱུང་པོ་བཀའ་དང་དམ་ལ་མི་གནས་པའི་ནག་ཕྱོགས་ཀྱི་རིགས་གྱུར་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་པར་བསམ་པ་དང་། ནང་གི་རྩ་འཁོར་ཡང་སྤྱི་བོ་དང་མགྲིན་པ་སྙིང་ག་དང་ལྟེ་གསང་རྣམས་ཀྱི་རྩ་འདབ་རེ་རེ་ལ་རྩ་ཕྲན་གྲངས་མེད་མཆེད་ནས་བ་སྤུའི་ཁུང་བུར་མེ་ལྕེ་དམར་ཁྱུགས་ཁྱུགས་འབར་བཞིན་འཁོར་བའི་བར་དུ་ལུས་ཀྱི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་ཐམས་ཅད་གཞོབ་ཐུལ་གྱིས་ཚིག་པར་བསམ་ལ་རླུང་ཅི་ནུས་སུ་འཛིན་པ་དང་། ཡས་འབེབས་མས་འབེབས་ལ་གནད་དུ་བསྣུན་ནོ། །རྗེས་ལ་མེའི་དཀར་ཆ་ཐམས་ཅད་ཧཾ་ཡིག་དང་། དམར་ཆ་ཨ་ཤད་ལ་བསྡུས་ཏེ་དབུ་མ་ཆེ་བསྐྱེད་ཆུང་བསྐྱེད་རེས་མོས་ཡང་ཡང་བྱས་མཐར། གཞུང་ལས། མཐར་ནི་རང་ལུས་མེ་དང་བཅས༔ ཇེ་ཆུང་ཇེ་ཆུང་སྤྲོས་བྲལ་ངང་༔ བསྡུས་ལ་གསལ་སྟོང་ངང་དུ་བཞག༔ གསུངས་པ་ལྟར། མེ་དང་དབུ་མ་ཐམས་ཅད་ཇེ་ཆུང་ལ་སོང་ནས། མཐར་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་ནས་དོན་གྱི་གཏུམ་མོ་ལ་གོམས་འདྲིས་སུ་བྱའོ། །རྗེས་ཀྱི་རིམ་པ་བསྔོ་བ་སྨོན་ལམ་སྤྱི་དང་བྱེ་བྲག་ཉོན་མོངས་རླུང་སེམས་སོགས་རྒྱས་པར་བྱའོ། །འདིར་སྨྲས་པ། རྒྱལ་བའི་དགོངས་དོན་འཕྱུགས་མེད་བདུད་རྩི་ལ། བྱིས་བློའི་ཆུ་ཡིས་བསླད་པའང་མི་རིགས་ཀྱང་། །རྣམ་འདྲེན་བླ་མ་དམ་པའི་གསུང་ལྕིའི་ཁུར། །ཅི་ལྕོགས་ཕྲག་པར་བླངས་པའི་འབྲས་བུ་འདིས། །སྙིང་པོའི་ཡང་ཟབ་མ་རྒྱུད་བདེ་སྟོང་གི །ཡེ་ཤེས་ཆེན་པོར་སྤང་བླང་གཉིས་བྲལ་བཞིན། །མ་དག་རྩ་རླུང་ཐིག་ལེའི་ཁམས་དག་ནས། །དག་པ་རྒྱལ་བའི་གསང་གསུམ་མངོན་གྱུར་ཤོག །ཅེས་པའང་རྣམ་འདྲེན་བླ་མ་དམ་པ་བསྟན་རྒྱས་ཀྱིས་གསུངས་གནང་ཐོབ་བཞིན་སྤྲང་བཙུན་གཞན་ཕན་མཐའ་ཡས་པས་བྲིས་པའོ། །དགེའོ། །སརྦ་མངྒ་ལཾ། །

རྫོགས་པ་ཆེན་པོའི་སྤྱི་ཆིངས།

༄༅། །རྫོགས་པ་ཆེན་པོའི་སྤྱི་ཆིངས་བཞུགས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་འབྲེལ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། བསྟན་པ་ཐམས་ཅད་ཀྱི་མཛོད་ཆེན་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། དཀྱིལ་འཁོར་ཐམས་ཅད་ཀྱི་མེ་ལོང་། དགོངས་པ་ཐམས་ཅད་ཀྱི་མཐར་ཐུག ལྟ་སྒོམ་ཐམས་ཅད་ཀྱི་སྒྲོན་མེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་སྙིང་པོ། དེ་ལྟར་ཆེ་བ་དགུ་དང་ལྡན་པའི་རྫོགས་པ་ཆེན་པོ་འདི་གཏན་ལ་འབེབ་པ་ལ། སྤྱི་དོན་རྣམ་པ་བརྒྱད་ཀྱིས་སྟོན་ཏེ། རྫོགས་པ་ཆེན་པོའི་ངོ་བོ་བསྟན་པ་དང་། ངེས་ཚིག་དང་། དབྱེ་བ་དང་། རྣམ་གྲངས་དང་། ཁྱད་པར་དུ་འཕགས་ལུགས་དང་། མཚན་ཉིད་དང་། རྫོགས་ཚུལ་དང་། རྫོགས་ཆེན་རྟོགས་པའི་དགོངས་པ་དང་། འབྲས་བུ་བསྟན་པའོ། །དེ་ལ་རྫོགས་པ་ཆེན་པོའི་ངོ་བོ་ནི། ཆོས་ཐམས་ཅད་ཀྱི་དབྱིངས་སྐྱེ་བ་མེད་པ། འཁྲུལ་རྟོག་གིས་མ་བསླད་པའི་སྟོང་གསལ། རྒྱ་མ་ཆད་པ་དེ་ཉིད་ཡིན་ནོ། །ངེས་ཚིག་ནི། རྫོགས་ཅེས་པས་མ་རྫོགས་པའི་ཆོས་གང་ཡང་མེད་དེ། ཕྱི་རོལ་པ་ནས་བཟུང་སྟེ་ཐེག་པའི་རིམ་པ་ཐམས་ཅད་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་གསལ་ཆེན་པོར་རྫོགས་སོ་ཞེས་པ་ནི། ཆོས་ཉིད་འགྱུར་བ་མེད་པ། ཆེན་པོ་ནི་ཐེག་པ་གཞན་ལས་ཆེ་བའི་དགོངས་པ་ཁྱད་པར་དུ་འཕགས་སོ། །རྫོགས་པ་ཆེན་པོའི་དབྱེ་བ་ནི་གཉིས་ཏེ། གོལ་ས་མཐར་ཐུག་གི་རྫོགས་ཆེན་དང་། ཉམས་ལེན་འབྲས་བུའི་རྫོགས་ཆེན་ནོ། །གོལ་ས་ལ་གསུམ་སྟེ། ཁ་འབྱམས་བློའི་རྫོགས་ཆེན་དང་། བར་དོ་ཡོངས་གྲོལ་གྱི་རྫོགས་ཆེན་དང་། མཚན་མ་ཚིག་བྲལ་གྱི་རྫོགས་ཆེན་ནོ། །དང་པོ་ནི། རྫོགས་ཆེན་སངས་རྒྱས་ཀྱི་དགོངས་པའི་མཐར་ཐུག་ཡིན་པ་ལ། གནས་ལུགས་ཀྱི་དོན་མ་ནོར་པ་ནི་མ་རྟོགས་ཤིང་ཉམས་སུ་མ་ལོན་པས། ཁ་ཚིག་ཙམ་དུ་དོན་གྱི་ཚིག་བཟང་པོ་རྣམས་ཁ་ཚིག་ཏུ་སོང་བ་ཡིན་ནོ། །གཉིས་པ་བར་དོ་རང་གྲོལ་ནི། རྫོགས་པ་ཆེན་པོའི་ལྟ་སྒོམ་བཟང་པོ་དང་། ཟབ་མོ་ཐམས་ཅད་ཉམས་སུ་ལེན་པ་ཐང་ཆད་ནས་ཆོས་ཐམས་ཅད་ཡེ་གྲོལ་དང་། རང་གྲོལ་ཡིན་པའི་གཏན་ཚིགས་དང་ཁུངས་མང་པོ་ཁྱེར་ནས་ཉམས་སུ་མ་བླངས་པས་དྲོད་རྟགས་དང་ཉམས་མ་ཤར་བར་སངས་རྒྱས་ཡིན་ཅེས་ཟེར་ཞིང་དགེ་བ་མི་སྤྱོད། སྡིག་པ་མི་སྤང་བ་རྣམས་སོ། །དེ་ནི་ཆད་པར་ལྟ་བ་རྣམས་ཡིན་ཏེ། ལས་དགེ་སྡིག་གང་ཡང་མེད་པར་ལྟ་བ་ནི་ཚ་བའི་དམྱལ་བར་སྐྱེ་བ་ལུང་ནས་བཤད་དོ། །གསུམ་པ་མཚན་མ་ཚིག་གི་རྫོགས་ཆེན་ནི། ཚིག་ཙམ་དུ་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་ཟེར་ནས་ལུང་ཁུངས་མང་པོ་འདྲེན་ཅིང་ཐ་མལ་གྱི་རྣམ་རྟོག་མ་སྤོངས་པར། ཆོས་ཐམས་ཅད་དངོས་པོ་དང་མཚན་མར་བཟུང་ནས་རྟོགས་ལྡན་དུ་ཁས་ལེན་པ་རྣམས་ནི་རྟག་པར་ལྟ་བ་ཡིན་ནོ། །གོལ་ན་སེམས་ཅན་དམྱལ་བ་མནར་མེད་པར་སྐྱེའོ། །གཉིས་པ་ཉམས་ལེན་འབྲས་བུའི་རྫོགས་ཆེན་ནི། སྤྲོས་བཅས་ཐབས་ཀྱི་རྫོགས་ཆེན་དང་། སྤྲོས་མེད་ཤེས་རབ་ཀྱི་རྫོགས་ཆེན་ནོ། །སྤྲོས་བཅས་ནི། ཉན་ཐོས་ཀྱི་ཐེག་པ་ནས་བཟུང་ནས་ཨ་ཏིའི་ཐེག་པའི་བར་དུ་སྤང་བླང་དགག་སྒྲུབ་ཆེ་ཆུང་མཐོ་དམན་ཕྱོགས་རིས་ལ་སོགས་པ་མེད་པར་ཐབས་སྣ་ཚོགས་ཀྱིས་ལམ་དུ་འཁྱེར་ཏེ། དེ་རྣམས་ཀྱང་མཐའ་བྲལ་སྟོང་གསལ་ཆེན་པོར་ཡོངས་སུ་རྫོགས་པར་བྱེད་པའོ། །སྤྲོས་མེད་ཤེས་རབ་ཀྱི་རྫོགས་ཆེན་ལ་གསུམ་སྟེ། གནས་ལུགས་གཞིའི་རྫོགས་ཆེན། རིམ་འཇུག་ལམ་གྱི་རྫོགས་ཆེན་དང་། མཐར་ཐུག་འབྲས་བུའི་རྫོགས་ཆེན་ནོ། །དང་པོ་ནི། གཞི་དངོས་པོ་གཤིས་ཀྱི་དོན་དེ་ངོ་བོ་ཀ་དག རང་བཞིན་ལྷུན་གྲུབ་ཀྱི་ངོ་བོར་བཞུགས་ཏེ། དེ་ལ་ཀ་ནས་དག་པས་འཁྲུལ་མ་མྱོང་། ཡེ་ནས་མ་བཅོས་མ་བསླད་པར་བཞུགས་ཏེ་ལྷུན་གྲུབ་ཏུ་གནས་སོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་སྐུ་ལྔ་ཡེ་ཤེས་ལྔ་དང་མ་སྤངས་མ་འདྲེས་པར་ཡོངས་སུ་རྫོགས་པར་གནས་སོ། །དེ་རྟོགས་པ་ནི་ལམ་མ་བསྒྲོད་པར་དབང་པོ་རྣོན་པོས་རྟོགས་པ་ཙམ་གྱིས་སངས་རྒྱས་སོ། །རིམ་འཇུག་པ་ནི་ལམ་རིམ་གྱིས་པ་དང་། ཅིག་ཆར་དུ་འཇུག་པ་གཉིས་ལས། དང་པོ་ནི་དབང་དང་དམ་ཚིག་ཐོབ་པར་བྱས་ཏེ། སེམས་འཛིན་དང་། བསམ་གཏན་དང་། སྒོམ་པ་ཏིང་ངེ་འཛིན་ལ་རིམ་གྱིས་བསླབས་ཏེ། དེ་ནས་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པའི་དོན་རྣམས་རྫོགས་པར་བྱེད་པའོ། །ཅིག་ཅར་པ་ནི་གསུམ་སྟེ། སྐྱོན་བྲལ་ཡོན་ཏན་གྱི་རྫོགས་ཆེན་དང་། མཚན་མ་ཚིག་བྲལ་གྱི་རྫོགས་ཆེན་དང། སྟོང་གསལ་དོན་གྱི་རྫོགས་ཆེན་དང་གསུམ། དང་པོ་ནི་ཐོས་བསམ་སྒོམ་གསུམ་གྱིས་བློའི་སྒྲོ་འདོགས་བཅད་དེ། དེ་ནས་ལྟ་བ་ཕྱིན་ཅི་མ་ལོག་པར་རྟོགས། སྒོམ་པས་ཉམས་སུ་བླངས། སྤྱོད་པས་བོགས་འདོན་ཏེ་ལ་ཟླའོ། །རྟག ཆད། ཕྱིང་། རྒོད། བླང་། དོར། རེ་དོགས། གོལ་སྒྲིབ་ཐམས་ཅད་ཀྱི་མཐའ་དང་བྲལ་ཏེ། སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་ཕྱིན་ཅི་མ་ལོག་པ་མཐའ་བྲལ་ཡོངས་སུ་རྫོགས་པའི་ངང་ལ་གནས་པ་ནི་སྐྱོན་ཐམས་ཅད་དང་བྲལ་ཏེ་ཡོན་ཏན་རྫོགས་པའོ། །མཚན་མ་ཚིག་བྲལ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སྐྱེ་འགག་མེད་པ་ཐིག་ལེ་ཉག་གཅིག་ཏུ་རྟོགས་པ་ནི་ཚིག་དང་ཡི་གེ་ལས་འདས་ཏེ་མཚན་མའི་དངོས་པོ་གང་ཡང་མ་གྲུབ་པའོ། །སྟོང་གསལ་དོན་གྱི་རྫོགས་ཆེན་ནི། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་བྱང་ཆུབ་སེམས་ལས་བྱུང་ཞིང་སེམས་སུ་འདུས་ཏེ། བྱང་ཆུབ་སེམས་ནི་རིག་པའི་ཡེ་ཤེས་ཡིན། རིག་པའི་ཡེ་ཤེས་དེ་ནི་རྒྱུད་ལུང་མན་ངག་གིས་གཏན་ལ་ཕབ་པའི་དུས་ན་ངོ་བོ་དང་དབྱིབས་དང་ཁ་དོག་འཁོར་འདས་ལ་སོགས་པ་གང་ཡང་མ་གྲུབ་པར་སྣང་བ་རང་སྣང་། ཤར་བ་རང་ཤར། རང་བྱུང་རང་གྲོལ་ཏུ་གནས་ཏེ། དེ་ཉིད་སྐྱོན་ཡོན་ཐམས་ཅད་ཀ་ནས་དག་སྟེ། རེ་དོགས་ཀྱི་མཐའ་ཐམས་ཅད་ལས་འདས་ཤིང་གང་གི་ངོ་བོར་ཡང་མ་གྲུབ། སྟོང་ཞིང་གསལ་ལ་གང་གིས་ཡང་མི་དམིགས་པས། བདེ་ཞིང་རྟོག་མེད་དུ་གནས་པ་དེ་ཉིད་དུ་མ་འདུས་པའི་ཆོས་གང་ཡང་མེད་དོ། །སྟོང་ཞིང་གསལ་བ་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །ཅེས་སོགས་རྫོགས་པ་ཆེན་པོའི་རྣམ་གྲངས་ནི། སྤྱིར་རྫོགས་ཆེན་ལ་སྡེ་ཆེན་པོ་གསུམ། ཀླུང་ཆེན་པོ་དགུ། བམ་པོ་ཁྲི་ཆིག་སྟོང་། རྒྱུད་སྡེ་ཁྲི་ཕྲག་གཅིག མཆོང་ཆེན་པོ་བརྒྱད་ཅུ། གཟེར་ཆེན་པོ་ལྔ་བརྒྱ་དང་བརྒྱད་ཅུ། གནད་ཀྱི་གདམས་ངག་ཁྲི་དྲུག་སྟོང་། ངོ་སྤྲོད་སྟོང་དང་དགུ་བརྒྱ། ལ་བཟླ་བའི་གདམས་ངག་ཁྲི་ཕྲག་གསུམ། ཤན་འབྱེད་ཀྱི་གདམས་ངག་སྟོང་ཕྲག་དགུ། ཤྭ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་བཞུགས་སོ།། །།

སྔ་འགྱུར་རྙིང་ལུགས་ཀྱི་ཐེག་དགུའི་ལམ་ཁྲིད་ཀྱི་ས་བཅད་ཉུང་ངུ་དམ་པའི་ཞལ་ལུང་།

༄༅། །སྔ་འགྱུར་རྙིང་ལུགས་ཀྱི་ཐེག་དགུའི་ལམ་ཁྲིད་ཀྱི་ས་བཅད་ཉུང་ངུ་དམ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་ངོ་བོ་དབྱེར་མ་མཆིས་པ་མཉམ་མེད་བླ་མ་མཆོག་གི་ཞབས་ཀྱི་པདྨོ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཅིག་པུར་འདུ་བ་ཡང་། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ལ་བརྟགས་པའི་ལེའུ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་གཅིག་པོ་དེ་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་ཏོ། །ཞེས་དང་། མདོ་སྡེ་བསྐལ་བ་བཟང་པོ་ལས། གང་དག་བྱང་ཆུབ་མཆོག་རབ་སེམས་ཡོད་པ། །དེ་དང་དེ་དག་མི་དམན་མཚུངས་མེད་སྤྱོད། །དེ་དག་དེ་རིང་འཇིག་རྟེན་ནོར་ཆེན་རྙེད། །དེ་དག་འཇིག་རྟེན་ལེགས་པར་འཚོ་བས་འཚོ། །བདུད་རྣམས་བཅོམ་སྟེ་བདུད་རྩི་རེག་བྱས་ནས། །ཆར་སྤྲིན་ལྷུན་སྟུག་ལྟ་བུར་ཚིམ་པར་བྱེད། །གང་དེ་བྱང་ཆུབ་ལ་ཞུགས་འཇིག་རྟེན་སྐྱོབ། །དེ་དག་ནོར་བདུན་དག་གིས་སྤུང་བར་བྱེད། །གལ་ཏེ་སྡུག་བསྔལ་བརྒྱ་མང་བཟོད་བྱེད་པ། །དེ་བས་བྱང་ཆུབ་གང་ཞུགས་སྐྱོ་མི་འགྱུར། །དེ་ཡིས་ཡོན་ཏན་དེ་དག་མྱུར་ཐོབ་ལ། །འཇིག་རྟེན་ཀུན་གྱི་མཆོག་མ་དག་ཏུའང་འགྱུར། །ཞེས་སོགས་མདོ་སྡེ་དུ་མ་ལས་མང་དུ་གསུངས་ཏེ། དེས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཅིག་པུ་ཡོད་ན་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འགྱུར་བ་ཡང་འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས། བྱང་ཆུབ་ཀྱི་སེམས་ནི་ཆོས་སྣང་བའི་སྒོ་སྟེ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་འགྱུར་རོ། །ཞེས་གསུངས་ཤིང་དེ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བགྲོད་པ་གཅིག་པུ་ཡིན་པའི་ཚུལ་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལེའུ་ལས། གཞན་ཡང་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མགོ་གཅིག་པུ་སྟེ་དེ་ནི་ལམ་བགྲོད་པ་གཅིག་པུའོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་གཅིག་པུ་གཉིས་སུ་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གྲོགས་མེད་པར་ཤིན་ཏུ་བརྩོན་པའི་སྟོབས་ཀྱི་མཐུ་ཡོངས་སུ་བཟུང་བའི་བསམ་པས་གོ་ཆ་བགོས་པ་སྟེ། གཞན་གྱིས་མ་བསྟན་པ་གཞན་གྱི་དྲིང་མི་འཇོག་པ། བདག་ཉིད་བྱེད་པ་བདག་གི་སྟོབས་ཀྱི་ཡང་དག་པར་འཕགས་པ་སྟེ། དེ་ལྟར་གོ་ཆ་སྲ་བ་བགོས་ནས་གང་སེམས་ཅན་ཐམས་ཅད་ཀྱིས་མ་ཐོབ་པ་དེ་བདག་གིས་ཐོབ་པར་བྱའོ། །གང་འཕགས་པ་ཐམས་ཅད་དང་། གང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མ་ཐོབ་པ་དེ་བདག་གིས་ཐོབ་པར་བྱའོ། །སྦྱིན་པ་ནི་ངའི་གྲོགས་མ་ཡིན་གྱི་ང་ནི་སྦྱིན་པའི་གྲོགས་སོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ནི་ངའི་གྲོགས་མ་ཡིན་གྱི་ང་ནི་དེ་དག་གི་གྲོགས་སོ། །ད་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསླང་བར་བྱ་བ་མ་ཡིན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ངས་བསླང་བར་བྱའོ། །གོང་མ་བཞིན་དུ་སྦྱར་ཏེ། །དགེ་བའི་རྩ་བ་ཐམས་ཅད་ལ་རྒྱས་པར་ཤེས་པར་བྱའོ། །ང་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་བསླང་བར་བྱ་བ་མ་ཡིན་གྱི་དགེ་བའི་རྩ་བ་ཐམས་ཅད་ངས་བསླང་བར་བྱའོ། །ཞེས་དེ་ལྟ་བུའི་ཆོས་རྣམས་ལ་གྲོགས་མེད་ཅིང་ང་གཅིག་པུ་གཉིས་སུ་མེད་པར་རྡོ་རྗེའི་གདན་ལ་འདུག་ནས་བདུད་སྟོབས་དང་བཅས་པ་བཏུལ་ཏེ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་དེ་ལ་ངེས་པར་རྟོག་པའི་བསམ་པའི་སྦྱོར་བ་དེ་ནི་བྱང་ཆུབ་སེམས་དཔའི་ལམ་བགྲོད་པ་གཅིག་པུ་ཞེས་བྱ་སྟེ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་ལམ་བགྲོད་པ་གཅིག་པུ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བགྲོད་པ་ལ་མཁས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལམ་ལ་མཁས་པ་ཤེར་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། ཚིག་འདི་དག་གིས་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཀྱང་གཏན་ལ་ཕབས་པ་ཡིན་ལ། གཞན་དུ་དོན་དམ་པའི་བྱང་ཆུབ་སེམས་ཀྱི་དབང་དུ་བྱས་ཏེ་འཇམ་དཔལ་རྩ་རྒྱུད་ལས། ཆོས་གཅིག་ཡང་དག་པར་བསམ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནས་སྔགས་འགྲུབ་པར་འགྱུར་ཏེ། གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་རྗེས་སུ་མཐོང་བའོ། །ཞེས་སོགས་མང་དུ་གསུངས་པ་དང་མཐུན་པར་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་སུ་བརྗོད་བྱའི་གཙོ་བོར་བསྟན་པ་ཡིན་ནོ། །དེས་ན་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རྒྱུ་གང་ལས་སྐྱེ་ན། འདི་ལ་བཞེད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། རེ་ཞིག་བདེན་བཞིའི་འཇུག་ལྡོག་ལ་དམིགས་པའི་ཚད་མེད་པའི་སྙིང་རྗེ་ཆེན་པོ་ལས་སྐྱེ་སྟེ། དེ་ཡང་འདིར་ཚད་མེད་པ་བཞིས་རབ་ཏུ་ཕྱེ་བ་ཅན་ནོ། །དེ་སྐད་དུ་ཡང་དཀོན་མཆོག་བརྩེགས་པ་ལས་སྙིང་རྗེ་ཆེན་པོའི་རྩ་བ་ལས་བྱུང་བའི་ཕྱིར་སེམས་ཅན་ལ་ལྟ་བའོ། །ཡོངས་སུ་མི་སྐྱོ་བའི་ཕྱིར་སྙིང་རྗེ་ཆེན་པོའི་རྩ་བའོ། །ཞེས་དང་། སྒྲོལ་མ་སྣ་ཚོགས་འབྱུང་བའི་རྒྱུད་ལས། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མངལ་ནས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། བརྫུས་ཏེ་སྐྱེས་པ་དག་ལ་བལྟས་ཏེ་བྱམས་པ་བསྒོམ་པར་བྱའོ། །སྐྱེས་པ་དང་། རྒས་པ་དང་། ན་བ་དང་། འཆི་བ་ལ་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །སྟོང་བ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འདུས་མ་བྱས་པ་ལ་དགའ་བ་དང་བཏང་སྙོམས་བསྒོམ་པར་བྱའོ། །འཇམ་དཔལ་དེ་ལྟ་བས་ན་རྒྱུ་ནི་ཚད་མེད་པ་བཞིའོ། །དེས་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་ཕྱིར་དེ་བཞིན་དུ་ཡིད་ལ་བྱའོ། །ཞེས་ཚད་མེད་པ་བཞི་སོ་སོའི་དམིགས་པ་དང་བཅས་པ་གསལ་བར་གསུངས་སོ། །དེ་ཡང་སྐྱེ་བ་རྣམ་པ་བཞིས་བསྡུས་པ་ཟག་པ་དང་བཅས་པའི་ཆོས་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པའི་ཕྱོགས་དག་ནི་བྱམས་པ་དང་སྙིང་རྗེ་དག་གི་དམིགས་པར་བཤད་ལ། ཟག་མེད་ཀྱི་ཆོས་སྤྱི་དང་འགོག་ལམ་གྱི་བདེན་པའི་ཕྱོགས་དག་ནི་དགའ་བ་དང་བཏང་སྙོམས་དག་གི་དམིགས་པར་རེ་ཞིག་འདིར་བཤད་དོ། །དེ་ལྟར་ན་བདེན་པ་བཞིའི་དང་པོ་སྡུག་བདེན་གྱི་མཚན་ཉིད་མི་རྟག་པ་སོགས་བཞིའི་དང་པོ་སྒོམ་པ་ལའང་རྙིང་ལུགས་ཀྱི་མན་ངག་དག་ལས་ས་བཅད་བདུན་དུ་བྱས་ནས་བསྒོམ་པར་བཤད་ཀྱང་། འདིར་རེ་ཞིག་གནས་སྐབས་ཚེ་སྲོག་མི་རྟག་པའི་རང་བཞིན་ལ་བསམ་ནས་ཚེ་འདི་སྒྲུབ་པའི་བློ་སྣ་ལྡོག་ཐབས་ལ་འབད་པ་དང་། མཐར་ཐུག་འདུས་བྱས་ཐམས་ཅད་མི་རྟག་པ་ལ་བསམ་ནས་འཁོར་བ་མཐའ་དག་ལས་ཡིད་འབྱུང་བསྐྱེད་པ་སྟེ་གཉིས་སུ་འདུ་ཞིང་། དེ་ལྟ་བུའི་ཐབས་དེ་དག་ཀྱང་བླ་མ་དགེ་བའི་བཤེས་གཉེན་གྱི་གདམས་ངག་ཁོ་ན་ལས་འབྱུང་ཕྱིར་ཐོག་མར་དགེ་བའི་བཤེས་གཉེན་བསྟེན་པ་ཉིད་གལ་ཆེ་ལ། ཚུལ་དེ་ཡང་ཕལ་ཆེར་དལ་བའི་རྟེན་འབའ་ཞིག་ལས་འབྱུང་བའི་ཕྱིར་རང་ཉིད་ལེགས་སུ་འདོད་པའི་སྐྱེ་བོ་དག་གིས་དང་པོ་ཉིད་དུ་འཁོར་བ་སྤྱི་དང་བྱེ་བྲག་མི་ཁོམ་པའི་རང་བཞིན་ལ་བསམ་ནས་དེ་ལས་ཐར་བའི་དལ་བའི་ངོ་བོ་དང་འབྱོར་བའི་ཁྱད་པར་དག་ཤིན་ཏུ་རྙེད་པར་དཀའ་བའི་དཔེ་དོན་ལ་བསམ་སྟེ་རང་ཉིད་ཀྱིས་ཐོབ་པའི་རྟེན་ལ་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལྟ་བུར་སྤྲོ་དགའ་མཆོག་ཏུ་བསྐྱེད་ནས་ད་རེས་ཀྱི་རྟེན་འདི་ལ་ཚེ་འདི་དང་གཏན་གྱི་དོན་འགྲུབ་པ་ཞིག་ཅི་ནས་ཀྱང་བྱ། དེ་ཡང་དགེ་བའི་བཤེས་གཉེན་ལ་རག་ལས་པར་གདའ་བས་ན། མཚན་ཉིད་དང་ལྡན་པའི་བླ་མ་ཞིག་བཙལ་ནས་ཅི་གསུངས་བཀའ་བཞིན་དུ་སྒྲུབ་ཅིང་བསྟེན་པར་བྱའོ། །སྙམ་པ་སྟེ་འདིའི་ཚུལ་མདོ་སྡེ་རྒྱན་ལས་བཤད་པ་ལྟར་ས་བཅད་བརྒྱད་ཀྱིས་རྟོགས་པར་བྱའོ། །དེའི་རྗེས་སུ་བླ་མའི་གདམ་ངག་དང་པོ་ཚེ་འདི་མི་རྟག་པའི་ཚུལ་ཐབས་དུ་མས་བསྒོམ་ཞིང་རྗེས་སུ་དྲན་པ་དྲུག་ཡིད་ལ་བྱ་སྟེ། དེ་ཡང་དཀོན་མཆོག་གསུམ་རྗེས་སུ་དྲན་པས་སྐྱབས་འགྲོ་ལ་འབད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་བདེ་བ་རྗེས་སུ་དྲན་ཞིང་། དེའི་རྒྱུ་གཏོང་བ་དང་ཚུལ་ཁྲིམས་དག་རྗེས་སུ་དྲན་པས་བསོད་ནམས་བྱ་བའི་དངོས་པོ་བདུན་སོགས་སྦྱིན་པ་ལ་བརྩོན་པ་དང་། ཕྱི་རོལ་པས་སྒྲོ་བཏགས་པའི་བྱེད་པོ་བདག་ལ་སོགས་པ་རྣམ་པར་བསལ་བའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་ངེས་པ་དྲངས་ཏེ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུང་བ་དང་། བསམ་གཟུགས་བརྒྱད་ཀྱི་ཏིང་ངེ་འཛིན་དང་ཚངས་གནས་བཞི་སེམས་ཅན་ལ་དམིགས་པ་ཅན་དག་སྒོམ་པ་སྟེ་འདི་དག་གིས་ནི་ཐོག་མར་དགེ་བ་ལམ་སྟེགས་ལྷ་མིའི་ཐེག་པའི་ཁྲིད་ཀྱི་གོ་རིམ་ངེས་པ་བསྡུས་སོ། །གཞུང་གཞན་ལས་བཤད་པའི་སྐྱེས་བུ་ཆུང་ངུའི་ལམ་དང་ཡང་དོན་གཅིག་གོ །དེ་ནས་བླ་མའི་གདམས་ངག་གཉིས་པ་འདུས་བྱས་མཐའ་དག་མི་རྟག་པ་དང་། སྡུག་བསྔལ་བ་སོགས་བདེན་བཞི་ལྷག་མ་རྣམས་ཀྱི་འཇུག་ལྡོག་ལ་འབད་པས་མཐོང་ལམ་གྱི་ཡེ་ཤེས་བསྐྱེད་པའི་ཉེ་རྒྱུ་མངོན་དུ་བྱེད། འདི་སྐབས་ལམ་བདེན་བསླབ་གསུམ་དུ་བསྡུ་བའི་གནད་ངེས་པར་བྱས་ནས་དེར་བསྡུས་པ་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་སོགས་བསླབ་པ་རྗེས་མཐུན་པ་རྣམས་ལ་འབད་པས་འཇུག་པར་བྱ། དེ་དག་གི་རྣམ་བཞག་ཀྱང་ཆོས་མངོན་པའི་མཛོད་དང་། མདོ་རྒྱན་སོགས་ལས་ཁོང་དུ་ཆུད་པར་བྱའོ། །འདི་དག་གིས་ཉན་ཐོས་ཀྱི་ཐེག་པའི་ལམ་རིམ་ཡང་ཞར་ལ་སོང་། དེ་ནས་ཀུན་ཉོན་དང་རྣམ་བྱང་ཕྱོགས་ཀྱིས་བསྡུས་པའི་རྟེན་འབྲེལ་དག་གིས་བདེན་བཞིའི་འཇུག་ལྡོག་གཞན་བསྟན་པ་ལ་ལེགས་པར་བསམ་ཞིང་ཤེས་ནས་བླང་དོར་ལ་བརྩོན་པར་བྱའོ། །དེས་རང་རྒྱལ་གྱི་ཐེག་པའི་ལམ་རིམ་སོང་སྟེ། དེ་ལྟར་ན་གཞུང་གཞན་ལས་སྐྱེས་བུ་འབྲིང་གི་ལམ་བཤད་པ་ཡང་འདི་དག་ཏུ་འདུས་སོ། །དེ་ནས་ཡུལ་བདེན་པ་བཞི་བོ་དེ་དག་ལ་དམིགས་པའི་ཚད་མེད་པ་རྣམ་པ་བཞི་ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་མཚན་ཉིད་ཅན་དག་ལེགས་པར་བསྒོམ་ནས་ཡིད་འཁྲུལ་བར་གྱུར་པ་ན། སྔར་སྨོས་པའི་སྐྱབས་སུ་འགྲོ་བ་དེ་ཉིད་སེམས་ཅན་གྱི་དོན་ལ་དམིགས་པ་ལ་སོགས་པས་ཁྱད་པར་དུ་བྱས་པ་དང་། ཚད་མེད་པའི་རབ་ཏུ་ཕྱེ་བའི་སྙིང་རྗེ་ཆེན་པོ་དག་མངོན་དུ་བྱས་ཏེ། ཚོགས་བསགས་པའི་སྒོ་ཐམས་ཅད་ཡན་ལག་བདུན་པར་བསྡུས་ནས་སྦྱོར་བ་དེ་དག་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་དཔའི་བསླབ་སྡོམ་གཞན་ལས་བླང་བར་བྱའོ། །དེ་ལྟར་སྡོམ་པ་ཐོབ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ནན་ཏན་བྱ་སྟེ། །འདིའི་རྣམ་པར་བཞག་པ་ཡང་མདོ་སྡེ་རྒྱན་ལས་ཇི་ལྟར་བཤད་པ་བཞིན་ངེས་པར་བྱའོ། །འོན་ཏེ་དབྱེ་བསྡུའི་རྣམ་པ་ཐ་དད་པ་དག་ལས་འདིར་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་སུ་དབྱེ་བ་ནི་ལུས་རྣམ་པར་བཞག་པའོ། །དེ་ལས་དང་པོ་ཀུན་རྫོབ་སེམས་བསྐྱེད་ཀྱི་དབང་དུ་བྱས་ཏེ། དེ་ཉིད་ཀྱི་བསླབ་པའི་གནས་མཐའ་དག་སྨོན་འཇུག་གི་བསླབ་པ་གཉིས་སུ་འདུ་བ་ལས། དང་པོ་སྨོན་པའི་བསླབ་བྱ་ནི་སྔར་བཤད་པའི་ཚད་མེད་པ་བཞི་བོ་ཉིད་བདག་གཞན་མཉམ་པ་དང་། བདག་གཞན་བརྗེ་བ་དང་། བདག་ལས་གཞན་གཅེས་པ་གསུམ་གྱིས་གོ་རིམ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་གཉིས་པ་འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་ནི། རྒྱས་པར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དེ་ཡང་བསླབ་པ་གསུམ་དུ་བསྡུས་ནས་ཉམས་སུ་བླང་བར་བྱའོ། །འདི་ལ་གཞུང་དང་མན་ངག་གི་དབྱེ་བས་གཉིས་སུ་ཡོད་པ་ལས། དང་པོའི་དབང་དུ་བྱས་ཏེ། ཚུལ་ཁྲིམས་རྣམ་པ་གསུམ་དང་། སེམས་གནས་པའི་ཐབས་དགུས་ཏིང་ངེ་འཛིན་སྒྲུབ་པ་ལ། དེའི་མི་མཐུན་ཕྱོགས་ཀྱི་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་ནས་སྒོམ་པ་དང་། གཞལ་བྱའི་ཆོས་རྣམས་ལ་འཇལ་བྱེད་ཀྱི་ཚད་མ་དག་གིས་ལེགས་པར་གཞལ་བའི་གྲུབ་དོན། ཆོས་ཐམས་ཅད་མཚན་ཉིད་གསུམ་དང་། དེ་ཡང་བདེན་པ་གཉིས་སུ་གཏན་ལ་འབེབ་པའི་གནད་གསང་ངེས་པར་བྱས་ནས། མཐའ་ཐུག་བདག་གཉིས་ཀྱིས་སྟོང་བའི་སྟོང་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་གཉིས་སྣང་གི་བློའི་ཡུལ་ལས་འདས་པ་འཇིག་རྟེན་ཀུན་རྫོབ་ཀྱི་མཚན་ཉིད་རྣམ་པར་ཞིག་པ་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དུ་བདེན་པ་དབྱེར་མེད་པའི་དོན་ལ་འཇུག་པ་སྟེ། ཚུལ་འདིས་ནི་བྱང་སེམས་ཀྱི་ཐེག་པ་ཐུན་མོང་བའི་རྣམ་པར་བཞག་པ་སོང་སྟེ། དེ་ལྟར་ན་དངོས་གཞི་ངེས་འབྱུང་གི་ཐེག་པའི་ཁྲིད་ཀྱི་ས་བཅད་བཤད་ཟིན་ཏེ། སྐྱེས་བུ་ཆེན་པོའི་ལམ་གྱི་ཕྱོགས་གཅིག་ཐལ་ལོ། །དེ་ནས་གཞུང་དེ་ཉིད་ཀྱི་མན་ངག་བླ་ན་མེད་པ་འབྲས་བུའི་ཐེག་པ་ལ་བརྟེན་ནས་ཚེ་འདིར་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱས་ནས་རང་གཞན་གྱི་དོན་གཉིས་རྒྱ་ཆེན་པོར་མྱུར་ཏུ་སྒྲུབ་པའི་འདུན་པ་བསྐྱེད་དེ་ཟབ་མོའི་ལམ་རྗེས་སུ་སྒྲུབ་པ་ལ་འཇུག་པར་བྱའོ། །འདིར་ཡང་ཕྱིན་དྲུག་བསླབ་གསུམ་གྱིས་བསྡུས་པའི་ལམ་གནད་ངེས་པར་བྱེད་པ་ནི་གཞིར་བཞག་པའོ། །དེ་ལྟར་ན་ཟབ་མོའི་ལམ་དེར་ལྟ་སྤྱོད་ཀྱི་སྒོ་ནས་དབྱེ་ན། སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་གཉིས་སུ་འགྱུར་རོ། །སྔ་མ་ལའང་བྱ་རྒྱུད་དངོས་དང་། ཆ་མཐུན་གྱི་རྒྱུད་དམ་སྤྱོད་རྒྱུད་དེ་གཉིས་ཡོད། ཕྱི་མ་ལའང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་གཉིས་སུ་དབྱེ་བས་རྒྱུད་སྡེ་བཞིར་འགྱུར་རོ། །འདི་དག་ཏུའང་རྒྱུད་སྡེ་རང་རང་གི་དབང་དང་འབྲེལ་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། མཚན་བཅས་དང་མཚན་མ་མེད་པའི་རྣལ་འབྱོར་སྒོམ་པའི་ཏིང་ངེ་འཛིན་དང་། དེ་བཞིན་ཉིད་རྣམ་པར་དག་པའི་ལྷར་འདོད་པའི་དབང་གིས་དེའི་སྟོང་གཞི་ཆོས་ཅན་ཀྱང་ལྷར་འདོད་དེ་བདེན་པ་དབྱེར་མེད་པའི་ཕྱིར་དང་། ཆོས་སྐུའི་རྟེན་གཟུགས་སྐུ་ཡིན་དགོས་པའི་ཕྱིར་ཏེ། དེས་ན་བདེན་པ་དབྱེར་མེད་སྒྲུབ་བྱེད་དུ་བྱས་པའི་ཀུན་རྫོབ་ལྷར་སྣང་སྒྱུ་མར་བལྟ་བ་དང་། བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དག་གིས་རབ་ཏུ་ཕྱེ་བའི་ཤེས་རབ་ཀྱི་བསླབ་པ་སྟེ། འདི་ལྟ་བུའི་ཐབས་ཤེས་ཁྱད་པར་ཅན་དག་གིས་མཚན་མའི་རྣམ་རྟོག་མཐའ་དག་སྡོམ་པར་བྱེད་པའི་སྒོ་ནས་ཚོགས་གཉིས་མྱུར་དུ་རྫོགས་ཤིང་སྒྲིབ་གཉིས་འཕྲལ་དུ་དག་པས་ཚེ་འདིར་འབྲས་བུ་ལ་སྦྱོར་བར་ངེས་སོ། །བྱེ་བྲག་ཏུ་བྱ་བའི་རྒྱུད་དག་ལས་ནི། སྤྱོད་པའང་བླང་དོར་དང་བཅས་ཤིང་གཞི་འབྲས་ཀྱི་ལྷ་ལ་མཆོག་དམན་དུ་བལྟ་བའི་དབང་གིས་ཏིང་ངེ་འཛིན་གྱིས་ལྷར་སྣང་སྒོམ་པ་ནའང་བདག་མདུན་དམ་ཡེ་རྗེ་ཁོལ་གྱི་རྣམ་པར་བསྒོམ་ནས་དངོས་གྲུབ་ཐོབ་པར་འདོད་ཅིང་བདག་བསྐྱེད་ཀྱི་ལྷ་ཡབ་ཡུམ་ཕན་ཚུན་བལྟས་པའི་བདེ་བ་ཙམ་ལས་བྱུང་བའི་ཡེ་ཤེས་ལམ་དུ་བྱེད། འདིའི་བསྒྲུབ་བྱའི་ལྷ་དང་འབྲས་བུའི་ཁྱད་པར་དག་ནི་གཞན་ལས་རྟོགས་པར་བྱའོ། །དེ་དག་གིས་བྱ་རྒྱུད་ཀྱི་ཐེག་པའི་རྣམ་གཞག་ཐལ་ལོ། །དེ་བཞིན་དུ་སྤྱོད་པའི་རྒྱུད་དག་ལས་ནི་ལྟ་སྤྱོད་ཆ་མཉམ་དུ་སྤྱོད་ཅིང་གཞི་འབྲས་ཀྱི་ལྷ་རང་བཞིན་དག་མཉམ་དུ་བལྟ་བའི་དབང་གིས་ཏིང་ངེ་འཛིན་གྱི་ལྷ་ཡང་སྤུན་ནམ་གྲོགས་པོའི་ཚུལ་དུ་བསྒོམས་ནས་དངོས་གྲུབ་འདོད། བདེ་བའི་ཁྱད་པར་ཡང་ལྷ་ཡབ་ཡུམ་ཕན་ཚུན་ཞལ་འཛུམ་པ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ལམ་དུ་བྱེད་པས་འབྲས་བུར་སྦྱོར་ཚུལ་སོགས་གཞན་ལས་ཤེས་པར་བྱ། དེས་སྤྱོད་རྒྱུད་ཀྱི་ཐེག་པའི་ལམ་གནད་ཐལ་ལོ། །རྣལ་འབྱོར་གྱི་རྒྱུད་ལས་ནི་ནང་གི་རྣལ་འབྱོར་གཙོ་བོར་སྟོན་ཞིང་གཞི་འབྲས་ཀྱི་ལྷ་རང་བཞིན་དབྱེར་མེད་དུ་བལྟ་བའི་དབང་གིས་ཏིང་ངེ་འཛིན་གྱི་ལྷ་བསྒོམ་པ་ནའང་བདག་དམ་ཚིག་སེམས་དཔའ་ལ་ལྷ་ཡེ་ཤེས་སེམས་དཔའ་དབྱིངས་ནས་སྤྱན་དྲངས་ཏེ་དབྱེར་མེད་དུ་བསྟིམས་ནས་ཕྱག་རྒྱ་བཞི་ལས་མི་འདའ་བར་བགྱིས་ཏེ་དངོས་གྲུབ་ཐོབ་པར། འདོད་ཅིང་ལྷ་ཡབ་ཡུམ་ཕན་ཚུན་ཕྱག་སྦྲེལ་བ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ལམ་དུ་བྱེད་དོ། །འདི་དག་གིས་ནི་ཕྱི་རྒྱུད་སྡེ་གསུམ་དུ་སྣང་བ་ལྟར་བལྟ་བ་མེད་པ་དང་། བདེ་སྟོང་གི་ཡེ་ཤེས་ལམ་དུ་བྱེད་པ་མེད་པར་བཤད་པ་དག་རྣམ་པར་བསལ་བ་ཡིན་ནོ། །འདིར་ལུང་གི་སྦྱོར་བ་ནི་མང་དུ་ཡོད་ཀྱང་རེ་ཞིག་མ་སྤྲོས་སོ། །དེ་དག་གིས་ནི་རྣལ་འབྱོར་རྒྱུད་ཀྱི་ཐེག་པའི་ལམ་རིམ་ཐལ་ལོ། །ད་ནི་རྣལ་འབྱོར་བླ་ན་མེད་པའི་ལམ་གྱི་འབྲེལ་འགོད་པ་ལ་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་དུ་ཡོད་པ་ལས་དང་པོ་མ་ཧཱ་ཡོ་གར་ནི་ལྟ་བ་ལྷག་པའི་བདེན་པ་དབྱེར་མེད་བློས་སྤྱོད་ཡུལ་དང་བྲལ་བར་རྟོགས་པས་ཆོས་ཐམས་ཅད་ལ་བླང་དོར་མེད་པར་མཉམ་པའི་སྤྱོད་པ་ལ་གནས་བཞིན་ལམ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གཙོ་བོར་སྟོན་ཞིང་རྫོགས་པའི་རིམ་པ་ལྔ་ལའང་ཇི་རིགས་པར་བརྩོན་པས་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་གྱི་ས་དང་མཐར་ཐུག་རྫོགས་པའི་སངས་རྒྱས་སྐུ་ལྔའི་བདག་ཉིད་མངོན་དུ་བྱེད་པ་སྟེ། འདི་ཡན་གྱིས་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ལས་བྱུང་བའི་རང་བྱུང་གི་ཡེ་ཤེས་ལམ་དུ་བྱེད་ཅིང་ལམ་གྱི་རིམ་པ་དབང་བཞིའི་གོ་རིམ་གྱིས་བགྲོད་པར་བྱེད་པའང་མཚུངས་པ་ཡིན་ནོ། །དེ་ཡང་ཚོགས་ལམ་དུ་བསྐྱེད་རིམ་རགས་པ་ཕྱག་རྒྱ་གཅིག་པ་དང་འབྲེལ་བའི་དབེན་གསུམ་དང་། སྦྱོར་ལམ་དུ་བསྐྱེད་རིམ་ཕྲ་བ་ཕྱག་རྒྱ་སྤྲོས་བཅས་དང་འབྲེལ་བའི་སྒྱུ་ལུས་དག་རིམ་པར་བསྒོམ་ཞིང་སྐབས་དེར་ཚོམ་བུ་ཚོགས་སྒྲུབ་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་རྣམ་པར་སྨིན་པའི་རིག་འཛིན་དང་། དེ་ཉིད་འོད་གསལ་དུ་འཇུག་པས་མཐོང་ལམ་མངོན་དུ་བྱས་ཏེ་ཚེ་དབང་རིག་འཛིན་ཐོབ་ཅིང་། དེ་ནས་སྒོམ་ལམ་གྱི་དངོས་གཞི་དང་མཐར་སློབ་པའི་ཟུང་འཇུག་གིས་བསྡུས་པའི་ཕྱག་ཆེན་དང་ལྷུན་གྲུབ་རིག་འཛིན་དག་རིམ་པར་བགྲོད་ནས་མི་སློབ་པའི་ལམ་དུ་འབྲས་རྒྱུད་ཀྱི་ངོ་བོ་མི་སློབ་པའི་ཟུང་འཇུག་གི་སྐུ་ཁ་སྤྱོར་ཡན་ལག་བདུན་ལྡན་མངོན་དུ་བྱེད་པའོ། །དེས་མ་ཧཱ་ཡོ་གའི་ཐེག་པའི་ལམ་རིམ་མདོར་བཤད་ཟིན་ཏོ། །དེ་ནས་ཨ་ནུ་ཡོ་གར་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོའི་ངོ་བོར་མཚན་རྟོག་སྡོམ་པ་ཉིད་ཁྱད་པར་དུ་བྱས་པའི་གསང་དབང་དང་ཤེར་དབང་དག་གི་ལམ་གྱི་ཉམས་ལེན་དེ་བརྗོད་བྱའི་གཙོ་བོར་བྱས་ནས་བསྐྱེད་རིམ་ཇི་རིགས་པ་དང་འབྲེལ་བའི་རྫོགས་རིམ་མཚན་བཅས་དང་མཚན་མ་མེད་པ་དག་ལ་གནད་དུ་བསྣུན་པ་སྟེ། འདིར་འོད་གསལ་གྱི་བྱེ་བྲག་དགའ་བཞིས་དྲངས་པའི་ལྷན་སྐྱེས་དཔེ་ཡི་འོད་གསལ་ཏེ་བསྒྲུབ་བྱའི་གཙོ་བོར་བྱས་སྣང་ཞིང་། ལམ་གྱི་བགྲོད་ཚུལ་སོ་སོ་སྐྱེ་བོའི་ས་ལྔ་དང་། འཕགས་ས་ལྔ་བཅས་རང་ལུགས་ཀྱི་ས་བཅུའི་རྣམ་བཞག་ཐ་དད་པ་དག་ཡོད་པ་གཞན་ལས་རྟོགས་པར་བྱའོ། །དེས་ཨ་ནུ་ཡོ་གའི་ཐེག་པའི་ས་བཅད་གྲུབ་བོ། །དེ་དག་གི་རྗེས་སུ་གཙོ་བོར་འཕགས་པའི་ཉམས་ལེན་གྱིས་བསྡུས་པ་དོན་དམ་པའི་བྱང་ཆུབ་སེམས་ཀྱི་སྒོམ་རིམ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལམ་ཉམས་སུ་བླང་བར་བྱའོ། །འདིར་ནི་ཆོས་ཐམས་ཅད་མཉམ་པ་རིས་མེད་ཆེན་པོར་རྟོགས་པས་རྫོགས་རིམ་ལས་ཀྱང་ཁྱད་པར་མཚན་མ་མེད་པའི་རྫོགས་རིམ་སྣང་སྟོང་གི་འོད་གསལ་དག་དང་དེ་དག་ཟུང་དུ་འཇུག་པའི་ལམ་གཙོ་བོར་སྟོན་པ་ཡིན་ཏེ། ཁྲེག་ཆོད་སྟོང་བའི་འོད་གསལ་དང་། ཐོད་རྒལ་སྣང་བའི་འོད་གསལ་དག་ཟུང་དུ་འཇུག་པས་སྣང་བཞི་རིམ་པར་བགྲོད་པའི་མཐའ་ནང་དབྱིངས་གཞོན་ནུ་བུམ་སྐུར་གྲགས་པ་ངོ་བོ་ཉིད་ཀྱི་སྐུར་གཏན་སྲིད་ཟིན་པའི་ཡེ་ཤེས་ཆོས་སྐུ་མི་སློབ་པའི་ཟུང་འཇུག་གིས་བསྡུས་པ་གང་དུ་འཕོ་བ་ཆེན་པོ་མངོན་དུ་འགྲུབ་པ་ཡིན་ནོ། །འདི་སྐབས་སྣང་བཞི་ཐུན་མོང་གི་ས་ལམ་དང་སྦྱར་བ་ན། ཆོས་ཉིད་མངོན་སུམ་ཚོགས་ལམ་དང་། ཉམས་སྣང་གོང་འཕེལ་སྦྱོར་ལམ་དང་། རིག་པ་ཚད་ཕེབས་མཐོང་ལམ་དང་ཆོས་ཉིད་ཟད་པ་བསྒོམ་ལམ་དུ་སྦྱར་བ་ཡོད་ཀྱང་། དེ་ནི་དམན་ལམ་སྔོན་སོང་གི་ཐེག་ཆེན་ཚོགས་ལམ་པ་སོགས་བཞིན་དུ་འཕགས་སའི་སྦྱོར་དངོས་རྗེས་གསུམ་གྱི་ཆ་ལས་བཞག་པའི་རང་ལམ་ཐུན་མོང་མ་ཡིན་པ་ཤེས་པར་བྱ་སྟེ། གཞན་དུ་ན་སོ་སོའི་སྐྱེ་བོའི་སར་ཡང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་མངོན་སུམ་པར་བསྒོམ་དུ་ཡོད་པར་ཐལ་བ་དང་། དེ་ལྟར་གྱུར་ན་དེ་འཕགས་སའི་སེམས་བསྐྱེད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པར་ཐལ་བའི་སྐྱོན་དག་ཏུ་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཨ་ཏི་ཡོ་གའི་རྒྱུད་འདིར་སོ་སོའི་སྐྱེ་བོའི་གནས་སྐབས་སུའང་ཇི་རིགས་པར་ཉམས་སུ་བླང་རུང་བའི་ཆོས་འགའ་ཞིག་ནི་ཡོད་དེ། དེ་ཡང་གང་ཞེ་ན། འདི་ཉིད་ཀྱི་ཐུན་མོང་གི་སྔོན་འགྲོར་བཤད་པའི་སེམས་སྦྱོང་བདུན་ལ་སོགས་པ་རྣམས་དང་། ལྷ་མིའི་སེམས་འཛིན་སོགས་ཞི་གནས་སྒྲུབ་པའི་ཐབས་དག་དང་། སྒྲ་བཞིའི་རྣལ་འབྱོར་དང་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ་རྣམས་དང་བཅས་གཙོ་བོར་ཚོགས་ལམ་དུ་ཉམས་སུ་བླང་རུང་དང་། དེ་རྗེས་སྦྱོར་ལམ་དུ་ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པས་མཚམས་སྦྱར་ནས་རྫོགས་ཆེན་གྱི་རང་ལམ་དངོས་གཞིར་འཇུག་པ་ཡིན་ནོ། །དེ་ལྟར་ན་འདིར་ཐུན་མོང་གི་སྔོན་འགྲོའི་ལམ་གནད་རྣམས་ནི་ལྷ་མི་ཉན་རང་དང་བཅས་པའི་ཐེག་པར་བཤད་ཟིན་པ་དེ་རྣམས་དང་དོན་གཅིག་པ་ཡིན་ལ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དག་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པའི་རིམ་པ་མན་ངག་དང་བཅས་པར་ཇི་ལྟར་བཤད་པ་རྣམས་དང་ཐ་དད་དུ་མ་གྱུར་པའི་ལམ་གནད་ངེས་པར་བྱས་ནས་བསྒོམ་དགོས་ཏེ། དེ་ལྟར་ཤེས་ན་ཐེག་པ་རིམ་པ་དགུའམ་ལྔས་བསྡུས་པ་མཐའ་དག་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་དུ་འདྲིལ་ཤེས་ཤིང་། དེ་ཡང་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་རིམ་པ་ལས་གཞན་མ་ཡིན་པའང་རྟོགས་པར་འགྱུར་བ་ཡིན་ནོ། །དེ་དག་གིས་ནི་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཁྲིད་ཀྱི་ས་བཅད་ཐལ་ཏེ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་ཐལ་ལོ། །དེ་ལྟར་ན་རྒྱུད་སྡེ་བཞིའམ་དྲུག་གིས་བསྡུས་པ་ཐ་མར་དགེ་བ་མན་ངག་བླ་ན་མེད་པའི་ཁྲིད་ཀྱི་རིམ་པ་རྣམས་རྫོགས་སོ། །འདི་ལྟར་ཐེག་པ་རིམ་དགུའི་ལམ་རིམ་གྱིས་བསྡུས་པའི་བྱང་ཆུབ་ཀྱི་སེམས་སྒོམ་པའི་རིམ་པ་མཐའ་དག་དགེ་བ་གསུམ་གྱི་ས་བཅད་ཀྱིས་འཆིང་བའི་ལུགས་འདི་ཡང་སྔ་འགྱུར་གྱི་མདོ་རྒྱུད་དང་མན་ངག་དག་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་སྟེ། དེའི་རྒྱུ་མཚན་ཡང་འཕགས་པ་ཆོས་རྗེས་སུ་དྲན་པ་ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་སོགས་གསུངས་པའི་དོན། དཀོན་མཆོག་གི་ཟ་མ་ཏོག་བཀོད་པའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཐོག་མར་དགེ་བ་དང་། བར་དུ་དགེ་བ་དང་། ཐ་མར་དགེ་བ་གང་ཞེ་ན། དེ་ལ་ཐོག་མར་དགེ་བ་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །བར་དུ་དགེ་བ་ནི་ཐེག་པ་དམན་པ་མི་འདོད་པའོ། །ཐ་མར་དགེ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བྱམས་པ་ཆེན་པོའོ། །བར་དུ་དགེ་བ་ནི་སེམས་ཅན་ཐམས་ཅད་ལ་བྱ་བ་ཅི་ཡོད་སྙམ་པས་སྙིང་རྗེ་ཆེན་པོའོ། །ཐ་མར་དགེ་བ་ནི། དགའ་བ་དང་། བཏང་སྙོམས་མཉམ་པའི་སེམས་ཀྱིས་ངེས་པར་སེམས་པའོ། །གཞན་ཡང་ཐོག་མར་དགེ་བ་ནི། སེར་སྣའི་སེམས་ཚར་གཅོད་པ་དང་། འཆལ་བའི་ཚུལ་ཁྲིམས་སྤོང་བ་དང་། གནོད་སེམས་སེལ་བ་དང་། ལེ་ལོ་སྤོང་བ་དང་། རྣམ་པར་གཡེང་བ་ཀུན་ཏུ་མི་སྤྱོད་པ་དང་། འཆལ་བའི་ཤེས་རབ་སྤོང་བའོ། །བར་དུ་དགེ་བ་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་སྐྱེད་པའོ། །ཐ་མར་དགེ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །བར་དུ་དགེ་བ་ནི་ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །ཐ་མར་དགེ་བ་ནི་སྐྱོན་མེད་པར་ལྟུང་བའི་འཇིགས་པ་ལས་སྲུང་བའོ། །གཞན་ཡང་ཐོག་མར་དགེ་་བ་ནི་སེམས་དང་མཚུངས་པ་མི་གཏོང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །བར་དུ་དགེ་བ་ནི་འཇུག་པ་དང་ལྡོག་པའི་ཤེས་པས་ཕྱིར་མི་ལྡོག་པའོ། །ཐ་མར་དགེ་བ་ནི་དབང་ཐོབ་པས་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མར་དགེ་བ་དང་། བར་དུ་དགེ་བ་དང་། ཐ་མར་དགེ་བའོ། །ཞེས་གསུངས་པའི་དོན་ཕྱོགས་བསྡེབས་བྱས་ནས་ཁྲིད་རིམ་དུ་འགོད་པའི་ལུགས་སོ། །འདི་ལྟ་བུའི་ལམ་ཇི་ལྟ་བ་བཞིན་ལག་ལེན་དུ་འགེལ་བ་ལ་ཐོག་མར་དལ་འབྱོར་ལ་སྙིང་པོ་ལེན་འདོད་ཀྱིས་བླ་མ་བསྟེན་ནས་གདམས་ངག་ཐོབ་ཟིན་པའི་རྗེས་ཐོག་དེར་མི་རྟག་པ་དང་ཚད་མེད་པའི་བློ་སྦྱོང་དག་གཞུང་ནས་བཤད་པ་བཞིན་རྒྱུད་ལ་ཁེལ་བ་ན་ཚོགས་ལམ་དུ་འདུན་པ་སེམས་བསྐྱེད་ལ་སོགས་པ་དང་འབྲེལ་བར་སྔགས་ལམ་སྤྱི་དང་ཁྱད་པར་དབང་སྔ་མ་གཉིས་ཀྱི་ལམ་བསྐྱེད་རིམ་རགས་པ་རྫོགས་རིམ་དབེན་གསུམ་དང་བཅས་པ་ལ་ནན་ཏན་བྱ་ཞིང་། དེ་དག་མཐར་ཕྱིན་པ་ན་བསྐྱེད་རིམ་ཕྲ་བ་དང་དབང་གསུམ་པའི་ཉམས་ལེན་རྫོགས་རིམ་གཏུམ་མོ་དང་སྒྱུ་ལུས་ཉེ་རྒྱུའི་སྤྱོད་པ་དང་བཅས་པ་ལ་བསྟེན་ནས་འོད་གསལ་དང་ཟུང་འཇུག་གིས་བསྡུས་པ་ཚིག་དབང་གི་ལམ་རྫོགས་པ་ཆེན་པོ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོམ་པ་ལ་འཇུག་པར་བྱའོ། །དེ་དག་ཀྱང་སྙིང་ཐིག་གི་འདས་རྗེས་ལས། མི་རྟག་སྙིང་རྗེ་བྱང་སེམས་སྦྱངས། །ཞེས་གསུངས་པ་དང་། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་རྩ་བའི་རྒྱུད་ལས། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས་འདུལ་བས། ཞེས་དང་། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་དང་། དེ་ལས་ཀྱང་ལྷ་མིའི་ཐེག་པ་ལམ་སྟེགས་སུ་འཇོག་པའི་རྒྱུ་མཚན་སློབ་དཔོན་ཀླུ་སྒྲུབ་ཀྱིས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བསྒྲོད་པ་ཐག་མི་རིང་། ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་བ་གམ་ན་འདུག །ཅེས་དང་འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས་པ་དག་གི་ཕྱིར་ཡིན་ལ། ལམ་གྱི་རིམ་པ་འདི་ནི་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་དང་གདམས་ངག་དང་། །ཞེས་པ་ལ་སོགས་པའི་ས་མཚམས་དང་གོ་རིམ་སློབ་དཔོན་སེངྒེ་བཟང་པོའི་རྒྱན་འགྲེལ་དོན་གསལ་དུ་གཏན་ལ་ཕབ་པ་དང་ཡང་མཐུན་ཞིང་། མདོ་རྒྱན་སོགས་ལས་བྱང་སེམས་སྒོམ་པའི་གོ་རིམ་བཤད་པ་དག་དང་ཡང་མི་འགལ་བར་བགྱིས་ཏེ་བཤད་ཅིང་། སྔགས་ལམ་བསླབ་གསུམ་གྱི་མན་ངག་ཡིན་པ་དང་། ཁྱད་པར་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སོགས་རྫོགས་ཆེན་གྱི་རྒྱུད་སེམས་སྨད་བཅོ་བརྒྱད་ཀྱིས་མཚོན་པའི་སེམས་ཀློང་མན་ངག་གི་རྒྱུད་མཐའ་དག་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་ཡིན་པའང་དེང་དུས་ཀྱི་སྐྱེ་བོ་རྣམས་ཀྱིས་མི་ཤེས་པར་འདུག་པའི་ཕྱིར། དེ་དག་གསལ་བར་བརྗོད་པའང་ཡིན་ནོ། །དེ་ལྟར་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའི་ཚུལ་འདི་ཡང་མདོ་སྡེ་པདྨ་དཀར་པོ་སོགས་ལས་གསུངས་པ་དང་མཐུན་པར་དཀོན་བརྩེགས་ཀྱི་ལྷ་མོ་དཔལ་ཕྲེང་གིས་ཞུས་པའི་ལེའུ་སྟེ་འདུས་པ་བཞི་བཅུ་རྩ་བརྒྱད་པ་ལས། བཅོམ་ལྡན་འདས་དགྲ་བཅོམ་པ་དང་རང་སངས་རྒྱས་འཁོར་བའི་འཇིགས་པ་ལས་བརྒལ་བ་དེ་མ་ཐག་ཏུ་རྣམ་པར་གྲོལ་བ་དག་གིས་བདེ་བ་ཉམས་སུ་མྱོང་བ་རྣམས་ནི་འདི་ལྟར་བདག་ནི་འཁོར་བའི་འཇིགས་པ་རྣམས་ལས་ཡོངས་སུ་གྲོལ་གྱིས་བདག་གིས་ནི་ཕྱིན་ཆད་འཁོར་བའི་འཇིགས་པ་མྱོང་བར་མི་འགྱུར་རོ། །སྙམ་དུ་ཡང་དག་པར་མཐོང་སྟེ། བཅོམ་ལྡན་འདས་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་འདི་ལྟ་བུ་ཉིད་ལས་གཞན་མི་ཤེས་སོ་ཞེས་བགྱི་བར་རྟོགས་ནས་དབུག་ཕྱིན་པའི་མཆོག་མྱ་ངན་ལས་འདས་པའི་ས་ལ་སོ་སོར་རྟོགས། བཅོམ་ལྡན་འདས་དེ་དག་གིས་རྟོགས་ནས་ཀྱང་ས་དེ་ལ་རྨོངས་པ་མ་མཆིས་པའི་ཆོས་ཅན་དུ་འགྱུར་ཏེ། བཅོམ་ལྡན་འདས་དེ་དག་གིས་ཀྱང་གཞན་གྱི་དྲིང་མི་འཇོག་པར་བདག་གིས་ནི་འདི་ལྟར་ལྷག་མ་དང་བཅས་པའི་ས་ཐོབ་སྟེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ་སྙམ་དུ་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམས་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་འདུ་བའི་སླད་དུ་སྟེ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཞེས་བགྱི་བ་དེ་ནི་སངས་རྒྱས་ཀྱི་ཐེག་པའི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་དེ་ལྟར་ན་ཐེག་པ་གསུམ་པོ་འདི་དག་ནི་ཐེག་པ་གཅིག་ཁོ་ནའི་གྲངས་སུ་མཆིའོ། །བཅོམ་ལྡན་འདས་ཐེག་པ་གཅིག་རྟོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་འགྱུར་རོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བགྱི་བ་དེ་ནི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཞེས་བགྱི་བ་དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་སྐུ་རྟོགས་པའི་མཐའ་ནི་ཐེག་པ་གཅིག་པ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་གཞན་མ་ལགས་ཆོས་ཀྱི་སྐུ་ཡང་གཞན་མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉིད་ཆོས་ཀྱི་སྐུ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་སྐུ་རྟོགས་པའི་མཐའི་ནི་ཐེག་པ་གཅིག་གི་མཐའ་ལགས་སོ། །བཅོམ་ལྡན་འདས་ཐེག་པ་གཅིག་གི་མཐའ་ཞེས་བགྱི་བ་དེ་ནི་ཐེག་པ་གཅིག་གི་མཐར་སྦྱང་བའི་ཚིག་བླ་དྭགས་ལགས་སོ། ཞེས་གསུངས་པ་ལྟར་གཏན་ལ་ཕབས་པ་ཡིན་ནོ། །འདི་ལྟར་བཀྲི་བའི་གོ་རིམ་ངེས་པ་ཡང་། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སངས་རྒྱས་ཕལ་བོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག དེ་ལ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེ་ནི། ཐོག་མ་ཉིད་དུ་ཁ་ཏོན་ལ་ཡོངས་སུ་བསྐུལ་བར་བྱའོ། །མང་དུ་ཐོས་ནས་དབེན་པར་གནས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །རབ་ཏུ་དབེན་པར་གྱུར་ནས་དགེ་བའི་བཤེས་སུ་འགྱུར་བར་ཡོངས་སུ་བསྐུལ་བར་བྱའོ། །དགེ་བའི་བཤེས་སུ་གྱུར་ནས་ང་ལོ་བདེ་བ་ལ་ཡོངས་སུ་བསྐུལ་བར་བྱའོ། །ང་ལོ་བདེ་བར་གྱུར་ནས་དུས་ཤེས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། དུས་ཤེས་ནས་མི་འཇིགས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མི་འཇིགས་པར་གྱུར་ནས་དོན་ཤེས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དོན་ཤེས་ནས་ཆོས་ཀྱི་རྗེས་སུ་འབྲང་བ་ལ་ཡོངས་སུ་བསྐུལ་བར་བྱའོ། །ཆོས་ཀྱི་རྗེས་སུ་འགྲོ་བར་གྱུར་ནས་རྨོངས་པ་མེད་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །རྨོངས་པ་མེད་པར་གྱུར་ནས་རྣམ་པར་དགོད་པ་ལ་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་དེ་ལ་དེ་བས་ཀྱང་ཤས་ཆེར། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མངོན་དུ་གཞོག་པར་བྱ་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲིང་འཇོག་པར་མི་འགྱུར་བ་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཞེས་གསུངས་པ་ལྟར་ཏེ། འདིའི་གོ་རིམ་ནི་ཁྲིད་རྐང་རྣམས་དང་རིམ་པ་བཞིན་སྦྱར་དུ་ཡོད་དོ། །དེ་ལྟར་ན་ཁྲིད་ཀྱི་ས་བཅད་རྣམས་མདོ་བསྡུས་ཏེ་ལེགས་པར་བཤད་ཟིན་ཏོ། །འདིར་སྨྲས་པ། དལ་བའི་རྟེན་ལ་སྙིང་བོ་ལེན་འདོད་པས། །བཤེས་གཉེན་དམ་པ་བསྟེན་ནས་དེའི་གདམས་ངག །མི་རྟག་ལ་སོགས་བདེན་བཞིའི་འཇུག་ལྡོག་ལ། །དམིགས་པའི་ཚད་མེད་བཞི་ཡིས་བློ་སྦྱངས་མཐར། །ཚོགས་བསགས་པ་དང་ཐུན་མོང་མ་ཡིན་པའི། །སྐྱབས་འགྲོའི་སྦྱོར་བ་ལས་སྐྱེས་བྱང་ཆུབ་སེམས། །ཀུན་རྫོབ་པ་དང་དེ་ཡི་བསླབ་བྱའི་གནས། །ཐུན་མོང་དང་ནི་ཐུན་མིན་མན་ངག་བཅས། །ལེགས་པར་རྒྱུད་ལ་བརྟེན་མཐའ་དོན་དམ་པའི། །བྱང་ཆུབ་སེམས་མཆོག་བསྒོམ་པའི་ལམ་གྱི་རིམ། །རྫོགས་པ་ཆེན་པོའི་མན་ངག་ལ་བརྟེན་ནས། །མི་སློབ་མཆོག་གི་ཟུང་འཇུག་མངོན་བྱེད་མཛོད། །ཅེས་སྔ་འགྱུར་རྙིང་མའི་ཐེག་དགུའི་ལམ་ཁྲིད་ཀྱི་ས་བཅད་མདོར་བསྡུས་པ་འདི་ཡང་། རང་ཉིད་ཀྱི་སློབ་བུ་རྣམ་དཔྱོད་མཆོག་ཏུ་ཡངས་པ་རྒྱལ་སྲས་ཞི་བ་བཟང་པོ་ནས་ཇི་ལྟར་བསྐུལ་བཞིན་ཆོས་སྨྲ་བའི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་གངས་ཁྲོད་བདེ་བ་ཆེན་པའི་ཕོ་བྲང་ནས་ཤར་མར་སྤེལ་བ་དགེ། ཨོཾ་སྭ་སྟི། རྨད་བྱུང་བླ་མེད་ལམ་གྱི་དགོངས་པའི་བཅུད། །ཐེག་དགུའི་ཁྲིད་རིམ་སྙན་བརྒྱུད་མ་ཎི་ཀཿ འཇམ་དབྱངས་བླ་མའི་མཁྱེན་མཚོ་ལས་བྱུང་བ། །རབ་དཀར་དད་པས་སྤར་གྱི་རྒྱལ་མཚན་རྩེར། །མཆོད་པའི་དགེ་དེས་རྒྱལ་བསྟན་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུས་ས་ཆེན་ཡོངས་གང་སྟེ། །རྫོགས་ལྡན་དཔལ་ལ་འགྲོ་རྣམས་སྤྱོད་པར་ཤོག །ཤུགས་དྲག་ལས་ཉོན་ཆུ་གཏེར་མང་འཁྲུགས་ཏེ། །ཉམ་ངའི་གཡང་སར་འཕྱན་པའི་འགྲོ་བ་རྣམས། །ངེས་འབྱུང་ཐར་བའི་གྲུ་གཟིངས་ལེགས་རྙེད་ནས། །རྣམ་གྲོལ་གཏན་བདེའི་གླིང་དུ་བགྲོད་པར་ཤོག །འདིར་འབད་བདག་དང་ཡོན་སྦྱོར་འབྲེལ་ཐོགས་ཀུན། །ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཡི། །གསུང་གི་བདུད་རྩིའི་དཔལ་ལ་ཉེར་སྤྱོད་ནས། །འགྲོ་རྣམས་འདྲེན་པའི་དཔལ་ཡོན་མཆོག་ཐོབ་ཤོག །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་གཞན་ཕན་འོད་ཟེར་ཀྱིས། ཞི་བར་གཤེགས་པ་བླ་མ་རྡོ་རྗེའི་ཇ་བག་ཕྱེད་བདུན་ཡོད་པ་ཡོན་རྩར་ཕུལ་ཏེ་དོ་དམ་པར་བྱས་ནས། རྗེ་བླ་མའི་གསུང་འདི་ཉིད་གསར་དུ་བསྐོས་པའི་སྤར་བྱང་དུ་རྗེ་གང་གི་བཀའ་འབངས་ཐ་ཤལ་བ་འོད་གསལ་སྙིང་བོས་སྨྲས་པ་དགེ། །

དཔལ་ལྡན་གསང་བ་སྙིང་པོའི་ཁོག་འབུབ་ས་བཅད་ཀྱི་རིམ་པ་ཉུང་ངུ་འཁོར་འདས་བར་གྱི་ལོ་ཙཱ།

༄༅། །དཔལ་ལྡན་གསང་བ་སྙིང་པོའི་ཁོག་འབུབ་ས་བཅད་ཀྱི་རིམ་པ་ཉུང་ངུ་འཁོར་འདས་བར་གྱི་ལོ་ཙཱ་ཞེས་བྱ་བ་བཞུགས། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །པདྨའི་སྐྱེ་གནས་ལས་བྱུང་ཕན་བདེ་ཡི། །འབྱུང་གནས་དྲི་མེད་ཐུགས་རྗེའི་འོད་ཟེར་ཅན། །སྐྱེ་རྒུའི་ཉི་མ་གྲུབ་དབང་རྫོགས་ཆེན་པ། །ཡབ་སྲས་དབྱེར་མེད་བདག་བློའི་པད་མོར་རོལ། །ཞེས་མཆོད་པར་བརྗོད་པས་མདུན་བསུས་ཏེ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་འཕགས་པ་རྟོགས་པའི་རྒྱལ་པོ་ལུང་གི་སྤྱི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་ས་བཅད་ཅུང་ཟད་ཅིག་འགོད་པར་བྱ་བ་ལ། ཐོག་མར་ཇི་ལྟར་བྱུང་བའི་ལོ་རྒྱུས་དང་། རྒྱུད་དོན་དངོས་གཉིས་ལས། དང་པོ་ལའང་སྒྱུ་འཕྲུལ་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། དགོངས་པ་རིག་པ་རྣ་བར་བརྒྱུད། གང་ལ་ཐུག་གི་བར་དུའོ། །ཞེས་པ་ལྟར། རྒྱལ་བ་དགོངས་བརྡའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ། གང་ཟག་རྣ་བར་བརྒྱུད་པ་སྟེ་གསུམ་ལས། དང་པོ་ལའང་དགོངས་བརྒྱུད་དང་བརྡ་བརྒྱུད་གཉིས། གཉིས་པ་ལ་རིག་འཛིན་མི་མ་ཡིན་གྱི་བརྒྱུད་པ་དང་། མི་དང་མི་མ་ཡིན་གཉིས་ཀའི་བརྒྱུད་པ་སྟེ་གཉིས། གསུམ་པ་ལ་རྒྱ་གར་བ་དང་། བོད་ནས་བརྒྱུད་ཚུལ་གཉིས་རྣམས་ཡོད། གཉིས་པ་རྒྱུད་དོན་དངོས་བཤད་པ་ལ། བཤད་བྱའི་ཡན་ལག་བསྟན་པ་དང་། བཤད་བྱ་དངོས་བཤད་པ་གཉིས་ལས། དང་པོ་ལ་བཤད་བྱ་དམ་པའི་ཆོས་ངོས་བཟུང་བ་དང་། འཆད་བྱེད་ཀྱི་ཆོས་ངོས་བཟུང་བ་དང་། ཇི་ལྟར་འཆད་པའི་ཚུལ་ཏེ་གསུམ་དུ་ཡོད་པ་ལས། དང་པོ་ནི། སྤྱིར་སྔགས་ལ་རྒྱུད་སྡེ་དྲུག་ཏུ་ཡོད་པ་ལས། འདིར་གང་བཤད་པར་བྱ་བ་ནི་མ་ཧཱ་ཡོ་ག དེ་ལའང་ཏནྟྲ་སྡེ་བཅོ་བརྒྱད་ཡོད་པ་ལས། སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ། དེ་ལའང་ནང་གསེས་སྒྱུ་འཕྲུལ་སྡེ་བརྒྱད་དང་བཤད་རྒྱུད་སྡེ་བཞི་སྟེ་བཅུ་གཉིས་ཡོད་པའི་ནང་ནས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཉིད་དེ་བཤད་བྱ་ངོས་བཟུང་བའོ། །གཉིས་པ་འཆད་བྱེད་ནི། བཤད་རྒྱུད་མེ་ལོང་ལས། ལུང་དང་རིགས་པ་མན་ངག་དང་། །ཚད་མ་དག་གིས་གང་བཞལ་བས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། ཞེས་པ་ལྟར་ལུང་རིགས་མན་ངག་གསུམ་གྱིས་འཆད་དགོས་པས་དང་པོ་ནི་རྒྱལ་བའི་བཀའ་ལུང་སྤྱི་དང་བྱེ་བྲག་བཤད་རྒྱུད་སྡེ་བཞིའི་ལུང་ཚད་མའོ། །གཉིས་པ་མན་ངག་ཚད་མི་ནི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་འགྲེལ་བ་རྣམས་དང་། བླ་མ་དམ་པའི་ཞལ་གྱི་གདམས་པ་རྣམས་སོ། །གསུམ་པ་རིགས་པ་ཚད་མ་ནི། དེ་གཉིས་ཀ་དང་རྗེས་སུ་མཐུན་པར་རང་གི་བློས་དཔག་པའོ། །གསུམ་པ་ཇི་ལྟར་འཆད་པའི་ཚུལ་ལ་མ་ཧཱ་ཡོ་ག་སྤྱིའི་འཆད་ཚུལ་རྒྱན་བདུན་གྱི་སྒོ་ནས་འཆད་པ་དང་། ཟུར་པོ་ཆེའི་ཕྱག་བཞེས་མདའ་ལྟར་རྩེ་མོ་ནས་བཟུང་སྟེ་འཆད་པ་སོགས་གསུམ་དང་། སྒྲོ་ཕུག་པའི་ཕྱག་བཞེས་ཆོས་ལྔའི་སྒོ་ནས་འཆད་པ་རྣམས་ཡིན་མོད་དེ། འདིར་ནི་བཱི་མ་ལའི་ཁོག་གཞུང་གསལ་སྒྲོན་གྱི་དགོངས་པ་ལྟར་འཆད་པ་ཡིན་ནོ། །གཉིས་པ་བཤད་བྱ་དངོས་བཤད་པ་ལ། ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲེང་ལ་དབྱེ། །ཐ་མ་འབྲུ་གཉེར་དཀྲོལ་བའོ། །ཞེས་པ་ལྟར་གསུམ་ལས་དང་པོ་དབང་པོ་རབ་ལ་རྒྱུད་ཀྱི་མཚན་བསྟན་ལའང་། རབ་མཚན་ཐ་སྙད་གསུམ་དུ་གྲགས། །ཞེས་པ་ལྟར་རྒྱུད་དང་མཐུན་པའི་མཚན་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བ་བཤད་པ་དང་། ལུང་དང་མཐུན་པའི་མཚན་འཕགས་པ་རྟོགས་པའི་རྒྱལ་པོ་ལུང་གི་སྤྱི་བཤད་པ་དང་། མན་ངག་དང་མཐུན་པའི་མཚན་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་བཤད་པ་སྟེ་གསུམ་མོ། །དེ་དག་ལ་ནང་གསེས་ཀྱི་དབྱེ་བའང་མང་དུ་ཡོད་དོ། །གཉིས་པ་དབང་པོ་འབྲིང་ལ་རྒྱུད་དོན་རྣམ་པར་དབྱེ་བ་ལའང་དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་དང་། ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་གཉིས་ལས། དང་པོ་ལའང་རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་སློང་། འབྲས་བུ་ཡོངས་ཤེས་རྒྱུད་དོན། རྒྱུད་ཀྱི་དགོས་འགྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་སྟེ་ལྔ་ལས། དང་པོ་ལའང་ཐུན་མོང་མ་ཡིན་པའི་དང་། ཐུན་མོང་གི་གླེང་གཞི་གཉིས་ལས། དང་པོ་ལ་ཡང་། ཕྱི་གྲོལ་ལམ་ལྟར་རྒྱུད་འབྱུང་བ་ཁྱད་པར་གྱི་གླེང་གཞི་དང་སྦྱར་ཏེ་བཤད་པ་དང་། ནང་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་རྒྱུད་རྒྱ་མཚོས་བཤད་པ་དང་། གསང་བ་ཐབས་ལམ་འོག་སྒོ་དང་སྦྱར་ཏེ་བཤད་རྒྱུད་ཐལ་བས་བཤད་པ་སྟེ་གསུམ་ཡོད། གཉིས་པ་ཐུན་མོང་ལའང་། རྒྱུད་འབྱུང་བ་ཁྱད་པར་གྱི་གླེང་བཞིའམ་ལོངས་སྐུའི་གླེང་གཞི་དང་གཅིག གདུལ་བྱ་དགོས་ཆེད་ཀྱི་གླེང་གཞིའམ་ཁྲོ་བོའི་གླེང་གཞི་དང་གཉིས། འགྲོ་བ་འདུལ་བའི་གླེང་གཞིའམ་སྤྲུལ་སྐུའི་གླེང་གཞི་སྟེ་གསུམ་ཡོད། དེ་དག་རེ་རེ་བཞིན་ཕུན་སུམ་ཚོགས་པ་ལྔ་ལྔའི་བདག་ཉིད་ཅན་སྟེ། དེ་ལྟར་ཐུན་མིན་དང་ཐུན་མོང་བསྡོམས་པས་དྲུག་གོ །གཉིས་པ་རྒྱུད་འབྱུང་བའི་རྐྱེན་གླེང་སློང་ལའང་། ཐུན་མོང་མ་ཡིན་པའི་གླེང་སློང་དང་། ཐུན་མོང་གི་གླེང་སློང་གཉིས་ལས། དང་པོའང་ཡབ་ཀྱི་ཐབས་ཀྱི་ཆ་བཟུང་སྟེ་གླེང་སློང་བ་དང་། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་སྟེ་གླེང་སློང་བ་དང་། ཡབ་ཡུམ་གཉིས་མེད་ཀྱིས་ཐབས་ཤེས་དབྱེར་མེད་ཀྱི་ཆ་བཟུང་སྟེ་གླེང་སློང་བ་སྟེ་གསུམ་ཡོད། དེ་ལས་ཕྱི་མ་ལའང་གཞི་རང་བཞིན་གྱི་སེམས་བསྐྱེད། བསྒྲོད་པ་ལམ་གྱི་སེམས་བསྐྱེད། མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་དང་གསུམ་དུ་སྦྱར་ཚུར་ཡོད། དེ་དག་ལ་བརྟེན་ནས་འཁོར་རྣམས་ཀྱིས་རིམ་བཞིན་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་དང་། ལྷག་པ་དོན་དམ་གྱི་བདེན་པ་དང་། ལྷག་པའི་བདེན་པ་དབྱེར་མེད་རྣམས་རྟོགས་ནས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་ཏེ་རང་དོན་དུ་རྒྱུད་ཞུ་མ་དགོས་པའོ། །གཉིས་པ་ཐུན་མོང་གི་གླེང་སློང་ལའང་གཞན་དོན་དུ་རྒྱུད་གསུངས་པར་འཁོར་གྱིས་ཞུས་པ་དང་། སྟོན་པས་ལན་སྩལ་བ་གཉིས་ཏེ། བསྡོམས་པས་ལྔའོ། །གསུམ་པ་འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན་དངོས་ལའང་རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད་པ་དང་། ལམ་ཀྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་སྟེ་གཉིས་ལས། དང་པོ་ལའང་། གཞི་རྒྱུད་བཤད་པ་དང་། ལམ་རྒྱུད་བཤད་པ་དང་། འབྲས་རྒྱུད་བཤད་པ་དེ་གསུམ་ཡོད་པའི་དང་པོ་ལའང་། ངོ་བོའི་གཞི་དང་བརྟགས་པའི་གཞི་གཉིས་ཡོད། གཉིས་པ་ལམ་ལའང་། ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་པའི་ལམ་གཉིས་ཡོད། དང་པོ་ཐབས་ལམ་ལའང་། ངོ་བོ། ངེས་ཚིག དབྱེ་བ་གསུམ་གྱི་ངོ་བོ་ལ་སེམས་ལྔ་ཡོད། ངེས་ཚིག་ལ་དཔེ་དཔེ་ཅན་གཉིས་ཡོད། དབྱེ་ན་ཐབས་ལམ་གཅིག་ཅར་བ་སྟེ་འོག་སྒོའི་ལམ་དང་། རིམ་གྱིས་པ་སྟེང་སྒོའི་ལམ་གཉིས་ཡོད། །གཉིས་པ་གྲོལ་ལམ་པ་ལའང་། ངོ་བོ་ངེས་ཚིག་དབྱེ་བ་གསུམ་ཡོད། ངོ་བོ་ནི་སེམས་ལྔ་ཡིན་ཀྱང་ཐབས་ལམ་དང་ཅུང་ཟད་མི་འདྲ་བའི་གོང་འོག་འཁྲུག་སྡེབས་ཡོད། ངེས་ཚིག་ནི་འདྲ། དབྱེ་ན་གྲོལ་ལམ་གཅིག་ཅར་བ་དང་། རིམ་གྱིས་པ་གཉིས་ཡོད་དེ་གཉིས་ཀའི་ལམ་གྱི་ཁོག་མཚན་ཉིད་གསུམ་གྱིས་འབུབ་དགོས་ཏེ། དེ་ཡང་རྩ་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་ཏུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པ་ལྟར། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུའི་མཚན་ཉིད་རིག་འཛིན་བཞི་སྟེ་གསུམ་ལས། དང་པོ་ལའང་གཞལ་བྱ། འཇལ་བྱེད། གྲུབ་མཐའ་དང་གསུམ་ལས། དང་པོ་ནི། འཁོར་འདས་གཉིས་སུ་ཞེན་པ་སྒྲོ་བཏགས་དང་བཅས་པའོ། །གཉིས་པ་ལ་དབྱེ་ན། རྒྱུ་གཅིག་པའི། ཡིག་འབྲུའི་ཚུལ་གྱི། བྱིན་གྱིས་བརླབས་པའི། མངོན་སུམ་པའི་གཏན་ཚིགས་ཏེ་རྟོགས་པ་བཞིའི་གཏན་ཚིགས། སྣོད་བཅུད་རྒྱུད་གསུམ་དག་པ་སྟེ་དག་པ་གསུམ་གྱི་གཏན་ཚིགས། ཐུན་མོང་གི་མཉམ་པ་གཉིས་དང་ལྷག་པའི་མཉམ་པ་གཉིས་ཏེ་མཉམ་པ་བཞིའི་གཏན་ཚིགས། བདག་ཉིད་ཆེན་པོའི་གཏན་ཚིགས་ཏེ་གཏན་ཚིགས་བཞི་ཡོད། གསུམ་པ་ནི། གཏན་ཚིགས་དེ་གང་གི་རིམ་པ་ལྟར་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་གཏན་ལ་ཕེབས་པ་ནི་སྔགས་བླ་མེད་ཀྱི་ལྟ་བའི་གྲུབ་མཐའ་འོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལའང་། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་དང་། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གཉིས་ཡོད། དེ་གཉིས་ཀའི་ལམ་གྱི་གཞུང་ཤིང་། སྟོང་བ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས་ཏེ་ཟག་ལྡོག་གཉིས་ལྡན་ཚོགས་ལམ་གྱི་རྣལ་འབྱོར་བཞི་དང་། ཟག་བཅས་ལྡོག་པ་མེད་པ་སྦྱོར་ལམ་གྱི་རྣལ་འབྱོར་ཚོམ་བུ་ཚོགས་བསྒྲུབ་སྟེ་ལྔ་རེར་ངེས་པ་ལས། དང་པོ་ལ་རིག་པ་སྤྱི་བླུགས་སུ་འཇོག་པ་དང་། མཐོང་བའི་རྗེས་ལ་འཇོག་པ་སྟེ་འཇོག་ཐབས་གཉིས་ཡོད། གཉིས་པ་ལ་དམིགས་བཅས་དང་དམིགས་མེད་གཉིས་ཡོད། གསུམ་པ་ལ་ཕྲ་བ་ཡིག་འབྲུ་ལ་བསླབ་པ་དང་། རག་པ་ལྷ་སྐུ་ལ་བསླབ་པ་གཉིས་ཡོད། བཞི་བ་ལ་དཀྱིལ་འཁོར་སྤྲོས་པ། ཚོམ་བུ་སྤྲོས་པ། གྲངས་སྤྲོས་པ། ཞལ་ཕྱག་སྤྲོས་པ་དང་བཞི་ཡོད། དེ་དག་ལའང་ནང་གསེས་རྒྱས་འབྲིང་བསྡུས་པའི་དབྱེ་བ་འགའ་ཞིག་ཀྱང་ཡོད་དོ། །ལྔ་བ་ཚོམ་བུ་ཚོགས་སྒྲུབ་ལའང་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བ་དང་། བསྙེན་བསྒྲུབ་ཡན་ལག་བཞིས་གཞུངས་བསྲུངས་པ། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་སྟེ་གསུམ་ཡོད། །གསུམ་པ་ལམ་གྱུར་གྱི་འབྲས་བུའི་མཚན་ཉིད་ལའང་། མཐོང་སྒོམ་ཐར་ལམ་གསུམ་གྱིས་བསྡུས་པའི་རིག་འཛིན་རྣམ་པ་བཞི་ལས། དང་པོ་རྣམ་སྨིན་བདོས་བཅས་ཀྱི་ཕུང་པོའི་སྦུབ་ནས་སེམས་ལྷའི་སྐུར་ཡོངས་སུ་སྨིན་པ་རྣམ་སྨིན་རིག་འཛིན་དང་། རྣམ་སྨིན་སྙིགས་མའི་ལུས་ཀྱང་དྭངས་མའི་ལུས་སུ་ཚེ་འདིར་བསྒྱུར་ནུས་པ་ཚེ་དབང་རིག་འཛིན་སྟེ། འདི་གཉིས་བློའི་ནུས་སྟོབས་ཆེ་ཆུང་གི་ཁྱད་མ་གཏོགས་སྔགས་ཀྱི་མཐོང་ལམ་པའོ། །ཕྱག་ཆེན་རིག་འཛིན་ནི་སྒོམ་ལམ་པ་སྟེ། དེ་ལའང་དབྱེ་ན། རྡོ་རྗེའི་རིག་འཛིན་དང་། འཁོར་ལོའི་རིག་འཛིན་དང་། རིན་པོ་ཆེའི་རིག་འཛིན་དང་། པདྨའི་རིག་འཛིན་དང་། རལ་གྲིའི་རིག་འཛིན་སྟེ་ལྔ་ཡོད། ལྷུན་གྲུབ་རིག་འཛིན་ནི་མི་སློབ་པའི་ལམ་པ་སྟེ། རྒྱུའི་ཐེག་པའི་ཀུན་ཏུ་འོད་དུ་བཏགས་པ་དེ་དང་ཚུལ་གཅིག་པའོ། །གསུམ་པ་འབྲས་རྒྱུད་ལའང་སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། འཕྲིན་ལས་ལྔ་སྟེ་འབྲས་ཆོས་ཉི་ཤུ་རྩ་ལྔ་ཡོད། དོན་གཉིས་པ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་ཡང་། ལུང་ལས། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིགས། །མཆོད་སྔགས་ཏིང་འཛིན་འཕྲིན་སྒྲུབ་ཀྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བར་བྱ། །ཞེས་པ་ལྟར། དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པ་བསྒྲོད་པ་དབང་། མི་འདའ་བ་དམ་ཚིག གནས་སུ་སྟོབས་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱ། མི་གཡོ་བ་ཏིང་ངེ་འཛིན། རོལ་པ་འཕྲིན་ལས། དོན་དུ་གཉེར་བ་བསྒྲུབ་པ་སྟེ་བཅུ་ཡོད་པ་ལ། དེ་དག་རེ་རེ་བཞིན་ངོ་བོ་སོགས་བཅུ་གཅིག་རེར་དབྱེ་བའི་ཚུལ་ཡོད་ཀྱང་། འདིར་ངོ་བོ་ངེས་ཚིག དབྱེ་བ་གསུམ་རེར་དབྱེ་བ་ལས། ངོ་བོ་དང་ངེས་ཚིག་རྣམས་ནི་འགྲེལ་བ་ལས་རྟོགས་པར་བྱ། དབྱེ་བ་ནི། དང་པོ་ལྟ་བ་ལ་ལམ་གྱི་རིམ་པའི་ལྟ་གྲངས་དགུ་དང་། ཉམས་སུ་བླང་བྱ་རྒྱུད་ཀྱི་ལྟ་གྲངས་དགུ་སྟེ་བསྡོམས་པས་བཅོ་བརྒྱད་དང་། ཤེས་རབ་ཀྱི་ཚོགས་བརྒྱད་ལ་སོགས་པ་དང་། གཞན་ཡང་དབང་རབས་ཀྱིས་གོང་དུ་སྨོས་པའི་གཏན་ཚིགས་རྣམས་ལ་བརྟེན་ནས་རྟོགས་པར་བྱ་བ་དང་། དབང་འབྲིང་གིས་རང་བཞིན་དང་འབྲས་བུའི་རྟགས་ལ་བརྟེན་ནས་རྟོགས་པར་བྱ་བ་དང་། དབང་པོ་ཐ་མས་ཐབས་ཉེ་རིང་གཉིས་ལ་བརྟེན་ནས་རྟོགས་པར་བྱ་བ་སོགས་རྟོགས་བྱ་རྟོགས་བྱེད་སོ་སོའི་སྒོ་ནས་དབྱེ་བ་དུ་མ་ཡོད་དོ། །གཉིས་པ་སྤྱོད་པ་ལའང་ཐབས་གྲོལ་ཐུན་མོང་གི་སྤྱོད་པ་དང་། བྱེ་བྲག་སོ་སོའི་སྤྱོད་པ་གཉིས་ལས། དང་པོ་ལའང་གསུམ་སྟེ། ལས་དང་པོ་བའི་དུས་སུ་དགེ་སྦྱོང་གཞོན་ནུ་ལྟ་བུའི་སྤྱོད་པ་དང་། ཅུང་ཟད་གོམས་ཚེ་རྟོགས་པ་རྐྱེན་ཐུབ་ཀྱི་སྤྱོད་པ་སྨྱོན་པ་ལྟ་བུ་དང་། ཤིན་ཏུ་གོམས་ཚེ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་དང་གསུམ་མོ། །གཉིས་པ་བྱེ་བྲག་གི་སྤྱོད་པ་ལ། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་ཡོད། ཕྱི་མ་ལ་ཡང་ཅིག་ཆར་མཉམ་པའི་སྤྱོད་པ་དང་། དད་བརྩོན་གྱི་སྤྱོད་པ་སོགས་རིམ་གྱིས་པའི་སྤྱོད་པའི་དུས་གྲངས་བདུན་ཡོད། གསུམ་པ་དཀྱིལ་འཁོར་ལའང་བཅུ་གཅིག་དང་བརྒྱད་སོགས་སུ་དབྱེ་ཚུལ་ཡོད་ཀྱང་། འདིར་བཤད་རྒྱུད་ཀྱི་རྗེས་སུ་འབྲང་ནས་འཆད་པ་ལ། རང་བཞིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ཏེ་བདུན་ཡོད། བཞི་བ་དབང་ལའང་། ཞི་བ་ལ་ཕན་དབང་བཅུ། ཁྲོ་བོ་ལ་ཕན་དབང་བཅོ་བརྒྱད་། གཉིས་ག་ལ་ནུས་དབང་ལྔ་དང་། ཟབ་དབང་གསུམ་འདྲ། དེ་དག་ཀྱང་བསྡུ་ན། ཕྱི་ཕན་པའི་དབང་། ནང་ནུས་པའི་དབང་། གསང་བ་ཟབ་མོའི་དབང་སྟེ་གསུམ་དུ་འདུ། དེ་ལས་ཟབ་དབང་གསུམ་སོ་སོར་དབྱེ་ན་ལྔར་འགྱུར། དེ་ལས་ཀྱང་ཕན་ནུས་གཉིས་བུམ་དབང་དུ་བསྡུས་ནས་གཅིག་ཏུ་བགྲང་ཚེ་དབང་བཞིར་འདུ་བ་ཡིན་ནོ། །ལྔ་བ་དམ་ཚིག་ལའང་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མི་སྤངས་བ་སོགས་རྩ་བའི་དམ་ཚིག་ལྔ། དུག་ལྔ་མི་སྤང་བར་ལམ་དུ་འཁྱེར་བ་དང་། བདུད་རྩི་ལྔ་མི་འདོར་བ་སྟེན་པ་སྟེ་ཡན་ལག་གི་དམ་ཚིག་བཅུ། དེ་ལས་དབྱེ་བའི་སུམ་རྒྱ་དང་དྲུག་ཅུ་ལ་སོགས་པའོ། །དྲུག་པ་མཆོད་པ་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་གཉིས་སམ། བྱེ་བྲག་གི་མཆོད་པ་བཅུ་བཞི་ལ་སོགས་པའོ། །དེ་དག་ཀྱང་བསྡུ་ན། ཕྱི་ཉེར་སྤྱོད། ནང་དམ་རྫས་བདུད་རྩི། གསང་བ་སྦྱོར་སྒྲོལ་ཟབ་མོའི་མཆོད་པ་སྟེ་གསུམ་དུ་འདུའོ། །བདུན་པ་འཆིང་ཟློས་སྔགས་དང་ཕྱག་རྒྱ་ལ་འཆིང་བ་ཕྱག་རྒྱ་དང་། ཟློས་པ་སྔགས་གཉིས་ལས། དང་པོ་ལའང་། དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་སྟེ་བཞིའོ། །ཡང་ན་དེ་ལ་དབྱེ་བའི་ཕྱག་རྒྱ་བདུན་ནོ། །དེ་ཡང་བསྡུ་ན། རང་བཞིན་གྱི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ་གསུམ་གྱི་ཁོངས་སུ་འདུའོ། །གཉིས་པ་སྔགས་ལའང་བཟླ་བྱ་སྔགས་ཀྱི་སྒོ་ནས་དབྱེ་བ་དང་། བཟླས་པ་སྒོའི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་གསང་སྔགས། རིགས་སྔགས། གཟུངས་སྔགས་གསུམ་མོ། །དེ་དག་ལ་ངོ་བོ་དང་། བྱེད་ལས་དང་། རྟགས་ཀྱི་སྒོ་ནས་དབྱེ་བ་སོ་སོར་ཡོད་དོ། །གཉིས་པ་ལ་རྒྱུ་མ་ནོར་བ་རྩ་བའི་སྔགས་ཐུགས་སྲོག་གི་ས་བོན་ཧཱུྃ་ལྟ་བུ་དང་། བསྐྱེད་པ་རྐྱེན་གྱི་སྔགས་ལྷ་རང་རང་གི་མཚན་སྔགས་དང་། དེ་གཉིས་སྦྲེལ་བ་བཟླས་པ་ལས་ཀྱི་སྔགས་ཏེ་གསུམ་མོ། །བརྒྱད་པ་ཏིང་ངེ་འཛིན་ལ་བསྐྱེད་རྫོགས་གཉིས་ཀ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་གཉིས་སོ། །དགུ་བ་ཕྲིན་ལས་ལ་ཞི་རྒྱས་དབང་དྲག་སྟེ་ལས་བཞིའི་སྟེང་མཆོག་གི་ལས་བསྣན་པས་ལྔའམ། མཆོག་གི་ལས་ལ་ནང་གསེས་བཞིར་དབྱེ་བས་བརྒྱད་དུ་འགྱུར་བ་རྣམས་སོ། །དེ་དག་ཐབས་གང་གི་སྒོ་ནས་བྱེད་པ་ཡང་། ཧོ་མ་སྟེ་སྦྱིན་སྲེག་གི་སྒོ་ནས་ལས་བྱེད་པ་དང་། རྫས་ཀྱི་སྒོ་ནས་ལས་བྱེད་པ་དང་། ལུ་གུ་རྒྱུད་དེ་བྲོའི་སྒོ་ནས་ལས་བྱེད་པ་དང་། མཆོད་རྟེན་ཏེ་མནན་པའི་སྒོ་ནས་ལས་བྱེད་པ་རྣམས་སོ། །བཅུ་བ་བསྒྲུབ་པ་ལའང་ཐུན་མོང་གི་སྒྲུབ་པ་དང་། མཆོག་གི་སྒྲུབ་པ་གཉིས་ལས། དང་པོ་ལའང་མང་དུ་ཡོད་ཀྱང་འདིར་རྩ་རྒྱུད་དངོས་ཀྱིས་བསྟན་པ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཆོག་བརྒྱད་ལ་སོགས་པའོ། །མཆོག་གི་སྒྲུབ་པ་ནི་རིག་འཛིན་གྱི་གོ་འཕང་གང་ཞིག་དོན་དུ་གཉེར་བའོ། །དེ་དག་ཀྱང་རང་རང་གི་སྒྲུབ་ཐབས་རྣམས་དང་ཁྱད་པར་རྒྱུད་འདིའི་དགོངས་པ་ཚོམ་བུ་ཚོགས་སྒྲུབ་ལ་བརྟེན་ནས་བསྒྲུབ་པའོ། །དེ་དག་གིས་འབྲས་བུ་ཡོང་ཤེས་རྒྱུད་དོན་རྫོགས་ནས། གཞུང་གི་ས་བཅད་བཞི་བ་རྒྱུད་ཀྱི་དགོས་འགྲེལ་ནི། གཞི་རྒྱུད་ཀྱི་དོན་ལྟ་བུ་བརྗོད་བྱ། ལམ་རྐྱེན་ཡི་གེའི་རྒྱུད་ལྟ་བུ་རྗོད་བྱེད། དེ་ལ་བརྟེན་ནས་ལམ་རྒྱུད་དངོས་བསྐྱེད་རྫོགས་རིམ་གཉིས་ཀྱི་དོན་རྟོགས་པ་ལྟ་བུ་དགོས་པ། དེ་བསྒོམས་པའི་མཐུས་མཐར་ཐུག་སངས་རྒྱས་ཐོབ་པ་ལྟ་བུ་ཉིང་དགོས་ཏེ། དེས་ན་བརྗོད་བྱ་དང་རྗོད་བྱེད་ཤེས་བྱ་དང་ཤེས་བྱེད་དུ་འབྲེལ། རྗོད་བྱེད་དང་དགོས་པ་ཐབས་ལས་ཐབས་བྱུང་དུ་འབྲེལ། དགོས་པ་དང་ཉིང་དགོས་དེ་ལས་དེ་བྱུང་དུ་འབྲེལ། ཉིང་དགོས་དང་བརྗོད་བྱ་ངོ་བོ་བདག་གཅིག་གིས་འབྲེལ་བ་སྟེ། དགོས་འབྲེལ་ཡན་ལག་བཞིའོ། །ས་བཅད་ལྔ་བ་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་ལའང་གདམས་པ་དང་གཏད་པ་གཉིས་ལས། དང་པོ་ལའང་གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ། ལོག་རྟོགས་འཁྲུལ་བའི་སྣང་བ་དག་བྱར་གདམས་པ། འབྲས་བུ་བདེ་བར་གཤེགས་པའི་སྣང་བ་ཐོབ་བྱར་གདམས་པ་སྟེ་བཞི་ཡོད། །གཉིས་པ་གཏད་པ་ལའང་། དང་པོ་བཀའི་བསྡུ་བ་པོ་གསང་བདག་ཕྱག་ན་རྡོ་རྗེ་ལ་གཏད་པ། བར་དུ་མ་མོ་དང་མཁའ་འགྲོ་ལ་གཏད་པ། ཐ་མ་མ་འོངས་པའི་གང་ཟག་ཆོས་མིག་ཅན་རྣམས་ལ་གཏད་པ་སྟེ་གསུམ་མོ། །འདི་དག་ཀྱང་གཞུང་ཚིག་གང་དང་གང་གིས་སྟོན་པ་དང་། ཁོག་འབུབ་ཚུལ་གྱི་ལུང་སོགས་ཀྱང་ཡི་གེ་མང་དུ་དོགས་ནས་མ་བཀོད་པ་ཉིད་ལས་རང་བཟོ་བྱས་པ་ནི་མ་ཡིན་ཏེ། བཀའ་སྡེ་ཟུར་བའི་བཤད་སྲོལ་གཙོ་བོར་བཟུངས་ནས་བཱི་མ་ལའི་མན་ངག་གིས་ཀྱང་ཟུར་བརྒྱན་ཏེ་བཤད་རྒྱུད་ཀྱི་དགོངས་པ་འཁྲུལ་མེད་བཀོད་པ་ཡིན་ནོ། །སྤྱི་དོན་གཉིས་པ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་ནི། ལམ་རྐྱེན་ཡི་གེའི་རྒྱུད་ཇི་ལྟར་གྲུབ་ཚུལ་སྨྲོས་པ་སྟེ། དེ་ཡང་དཀར་ལྟ་བུ་ཡི་གེ ཡི་གེ་དུ་མ་ཚོགས་པས་དོན་གྱི་ངོ་བོ་ཙམ་སྟོན་པ་དཀར་པོ་ལྟ་བུ་མིང་། མིང་དུ་མ་འདུས་པ་རས་དཀར་པོ་ཞེས་པ་ལྟ་བུ་དོན་གྱི་ཁྱད་པར་སྟོན་པ་དག་ནི་ཚིག ཚིག་དེས་དོན་དངོས་སུ་སྟོན་པ་དཀར་པོའི་ལྭ་བ་གྱོན་ན་ཤིན་ཏུ་མཛེས་ལྟ་བུ་སྟེ། དེས་ན་ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག ཚིག་འདུས་པ་ལས་དོན་གྱི་རྣམ་གྲངས་སྟོན་པའི་ཚིག་བཅད་ལྷུག་དང་ལེའུ་ནས་གླེགས་བམ་གྱི་བར་གྲུབ་པ་ཡིན་ནོ། །གསུམ་པ་དབང་པོ་ཐ་མར་འབྲུ་གཉེར་བཀྲོལ་བ་ལའང་རྩ་རྒྱུད་ལེའུ་ཉེར་གཉིས་ཀྱི་དོན་མ་ལུས་པ་མཐར་ཆགས་སུ་འབྲུ་འགྲེལ་བྱས་ནས་འཆད་པ་སྟེ་འགྲེལ་གཞུང་བཞིན་ཤེས་པར་བྱའོ། །དེ་ལྟ་བུའི་འབྲེལ་ཞིང་རྒྱུན་མ་ཆད་པའི་རྒྱུད་གང་ལ་དབྱེ་ན་ཚིག་དང་དོན་གྱི་སྒོ་ནས་དབྱེ་བ་དྲུག་སྟེ། ཚིག་གི་སྒོ་ནས་དབྱེ་བ་སྒྲར་སྣང་བའི་རྒྱུད་སྒྲར་གྲགས་པའི་རྒྱུད། བརྡར་གྱུར་པའི་རྒྱུད་དང་གསུམ། དོན་གྱི་སྒོ་ནས་དབྱེ་བ་གཞི་ལམ་འབྲས་བུའི་རྒྱུད་གསུམ་སྟེ་དྲུག་གོ །ལྟ་བ་དང་སྤྱོད་པའི་སྒོ་ནས་དབྱེ་ན། ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་རྒྱུད་དང་། སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་གཉིས། སྔ་མ་ལ་དངོས་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཉིས། ཕྱི་མ་ལའང་དངོས་དང་ཆ་མཐུན་གྱི་རྒྱུད་དམ་སྤྱོད་རྒྱུད་གཉིས་ཏེ་བཞི། དེ་ལ་བླ་མེད་ལ་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་སྡེ་གསུམ་དུ་དབྱེ་བས་དྲུག་གོ །རྩ་བ་དང་ཡན་ལག་གི་སྒོ་ནས་དབྱེ་ན། རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དང་། ཕྱི་མའི་རྒྱུད་དང་། རྟོགས་པའི་རྒྱུད་དེ་བཞིར་འགྱུར་རོ། །དེས་ན་ཐམས་ཅད་བསྡོམས་པས་རྒྱུད་ཀྱི་དབྱེ་བ་བཅུ་དྲུག་གོ །དེ་ལས་ཀྱང་རྒྱུད་ཀྱི་དབྱེ་བ་དངོས་ནི་གཞི་ལམ་འབྲས་གསུམ་ཡིན་ལ་གཞན་རྣམས་ནི་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་དབྱེ་བའོ། །སླར་ཡང་སྨྲས་པ། སྣ་ཚོགས་བཤད་པའི་རྒྱུ་སྐར་ནི། །ཤེས་བྱའི་མཁའ་ལ་ཆས་པའི་ཚེ། །ཕྱོགས་ལྷུང་སེམས་ཀྱིས་རང་རང་གཞུང་། །མུན་སེལ་སྒྲོན་མ་ཡིན་པར་རློམ། །དེ་ཚེ་ལེགས་བཤད་འོད་བརྒྱ་བ། །རྙིང་བསྟན་ཤར་རིའི་རྩེར་སླེབས་པས། །ཕར་ཆེར་བག་ཉལ་གྱུར་ཏོ་ཞེས། །གཏམ་འདི་ཁོ་བོས་མ་བསྒྲགས་སམ། །བྱིས་པ་གང་ཞིག་བུམ་མཁའ་མཐོང་ནས་དེ་ལས་ནམ་མཁའ་གཞན་མེད་ཅེས། །རྟོག་འདི་བསལ་ཕྱིར་སྐྱེ་བོ་མཁས་པས་ནམ་མཁའི་མཚན་ཉིད་རབ་བརྗོད་པས། །དེ་ཡི་དེ་ཚུལ་རྟོགས་དེས་རང་ཉིད་གྱི་ནར་གྱུར་ཞེས་བརྗོད་པ་ལྟར། །ཐེག་པ་དམན་མཆོག་ཉིད་དང་དེ་འཛིན་སྐྱེས་བུའང་དེ་བཞིན་མཁྱེན་འཚལ་ལོ། །འདི་བརྩམ་དགེ་བ་བླ་མེད་ནི། །ལམ་རྒྱུད་བླང་དོར་བྱེད་ཕྱིར་མིན། །གཞི་རྒྱུད་གང་ཞིག་མངོན་གྱུར་པའི། །རྒྱུ་དེ་ཁོ་ནར་བསྔོ་བར་བགྱི། །དེ་མཐུས་གཞི་ལ་གནས་པའི་ཡེ་ཤེས་ནི། །ལོག་རྟོག་འཁྲུལ་བའི་སེམས་དང་དགྲར་གྱུར་ནས། །འགྲོ་ཀུན་གཞོན་ནུ་བུམ་སྐུའི་ཁང་བཟང་དུ། །བཙན་ས་ཟིན་པའི་དབུག་འབྱིན་འཐོབ་པར་ཤོག །ཅེས་དཔལ་ལྡན་གསང་བ་སྙིང་པོའི་ཁོག་འབུབ་ས་བཅད་ཀྱི་རིམ་པ་ཉུང་ངུ་འདི་ཡང་། སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཐུགས་སྲས་བུ་ཆེན་རང་ཉིད་ཀྱི་རྡོ་རྗེའི་མཆེད་པོ་རིག་པ་འཛིན་པ་བུདྡྷ་ཕ.་ལ་ནས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་བཀའ་འབང་གི་གྲལ་མཐར་སྡོད་པ་པོ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་བློ་ཐོག་ནས་ཇ་བར་ཞིག་ལ་བྲིས་པའོ། །མངྒ་ལཾ། །

རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བའི་རྩ་རྒྱུད་ལུང་གི་སྤྱི་གསང་བའི་སྙིང་པོའི་འགྲེལ་བ་ཀུན་བཟང་ཐུགས་ཀྱི་ཏི་ཀ

༄༅། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བའི་རྩ་རྒྱུད་ལུང་གི་སྤྱི་གསང་བའི་སྙིང་པོའི་འགྲེལ་བ་ཀུན་བཟང་ཐུགས་ཀྱི་ཏི་ཀ་ཞེས་བྱ་བ་བཞུགས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སྒྲུ་འཕྲུལ་དྲྭ་བའི་རྩ་རྒྱུད་ལུང་གི་སྤྱི་གསང་བའི་སྙིང་པོའི་འགྲེལ་བ་ཀུན་བཟང་ཐུགས་ཀྱི་ཏི་ཀ་ཞེས་བྱ་བ། བཅོམ་ལྡན་འདས་ཐོག་མའི་མགོན་པོ་འོད་མི་འགྱུར་པ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཟབ་ཞི་སྤྲོས་དང་བྲལ་པའི་དབྱིངས། །ཀུན་ནས་རྙོགས་བྲལ་འོད་གསལ་མཆོག་གི་བདག་ཉིད་ནི། །སྲིད་ཞིར་མི་གནས་མཉམ་པ་ཉིད་དུ་རྟག་བཞུགས་པའི། །ཆོས་སྐུའི་སྟོན་མཆོག་རང་རིག་ངང་ལས་དབྱེར་མི་ཕྱེད། །ཆོས་ཉིད་གང་ལས་ནམ་ཡང་འཕོ་འགྱུར་མེད་བཞིན་དུ། །ཕྱིར་གསལ་རང་གདངས་ཡེ་ཤེས་ལྔ་ཉིད་ཡོངས་སྨིན་གཟུགས། །རིགས་ལྔའི་གཙོ་བོ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །ལོངས་སྐུའི་མགོན་དེར་སྒོམ་པ་གོམས་པའི་ཕྱག་གིས་འདུད། །ཇི་བཞིན་ཉིད་ལས་ཇི་ལྟར་མཆེད་པའི་རོལ་པ་ནི། །ཐུབ་ཆེན་དྲུག་དང་ཉིད་ལས་མི་གཞན་གསང་འཛིན་ལྷ། །རིགས་གསུམ་མགོན་སོགས་རྒྱས་སྲས་མཆོག་བརྒྱད་བཙུན་མོར་བཅས། སྤྲུལ་སྐུའི་ཚུལ་བཟུང་ཇི་སྙེད་མཆིས་ལ་གུས་ཕྱག་འཚལ། །གང་དེའི་རྗེས་བཟུང་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ ཀུ་ཀུ་ར་ཛ་ཨོ་རྒྱན་རྗེ་དང་སངས་རྒྱས་གསང་། །བི་མ་བཻ་རོ་རྨ་གཉགས་ཟུང་སོགས་གསང་རྒྱུད་ཉིད། །གསལ་མཛད་འཕགས་བོད་པཎ་གྲུབ་ཚོགས་རྣམས་སྤྱི་བོས་མཆོད། །ཁྱད་པར་གནུབས་ཟུར་བརྒྱུད་པར་བཅས་དང་རོང་ཟོམ་རྗེ། །ཀུན་མཁྱེན་སྐྱེ་དགུའི་མིག་གཅིག་ངག་གི་དབང་པོའི་ཞབས། །གང་དང་མི་གཉིས་རང་བྱུང་རྡོ་རྗེ་གྲུབ་པའི་གཙོ། །མཐའ་ཡས་ཤེས་བྱ་གཟིགས་རྣམས་ཚེ་རབས་ཀུན་ཏུ་བསྙེན། །དམ་པ་དེ་ཀུན་རྣམ་བྱང་ཆེན་པོར་འུབ་ཆུབ་པའི། །རང་བཞིན་དོན་དམ་རྡོ་རྗེ་འདུས་མ་བྱས་པའི་ཁམས། །ཚོགས་བརྒྱད་སྦུབས་ནས་ཇི་བཞིན་སྟོན་མཛད་བླ་མ་རྗེ། །རིགས་ཀྱི་བདག་པོར་བཞུགས་ལ་བདག་རྒྱུད་བྱིན་གྱིས་རློབས། །གང་གི་ཡེ་ཤེས་སྒྱུ་མའི་འཕྲུལ། །མི་ཕྱེད་རྡོ་རྗེར་འབྱམས་ཀླས་བཞིན། །དྲི་མེད་མཁའ་ཟླ་མཚོར་སྣང་ལྟར། །ཡོངས་ཤར་མགོན་དེས་བདག་བློ་སྐྱོངས། །རིང་ལུགས་ལེགས་བཤད་ཀུནྡའི་དགྲ། །བཤད་སྒྲུབ་མཁའ་ལ་ཆས་པའི་ཚེ། །ལོག་རྟོག་མུན་པ་འཇོམ་བྱེད་ཀྱང་། །བདག་བློའི་པདྨོ་རྣམ་པར་རྒྱས། །དེ་ཕྱིར་དེ་ཡིས་ལེགས་སྨིན་པའི། །རྒྱུད་དོན་རྣམ་བཀྲའི་དགའ་ཚལ་ནི། །སྐལ་ལྡན་མིག་གི་བདུད་རྩི་རུ། །འདི་ན་བཞད་ལ་ལྟད་མོ་ལྟོས། །དེ་ཡང་འདིར་གདོད་མའི་ནང་དབྱིངས་ཆེན་པོ་ངོ་བོ་ཀ་ནས་དག་ཅིང་རང་བཞིན་ལྷུན་གྱིས་གྲུབ་པའི་རོལ་པ་ཚད་མེད་པའི་ཐུགས་རྗེའི་འཆར་ཚུལ་དྲུག་དང་སྒོ་རྣམ་པ་གཉིས་སུ་གང་དུའང་བསྐྱོད་པ་མེད་བཞིན་ཅིར་ཡང་སྣང་བར་གྱུར་པ་ལས། །དེ་ཉིད་དུ་གཞན་རྐྱེན་ལ་མ་ལྟོས་པར་རང་བྱུང་གི་ཆོས་གསུམ་དང་ཁྱད་ཆོས་དྲུག་གི་ཚུལ་དུ་དག་པ་ཡེ་ཤེས་ཀྱི་སྒོ་ལྟར་སྣང་བ་ནས། ཐོག་མའི་གྲོལ་ས་གང་ཡིན་པ་ལ་བཙན་ས་ཟིན་པར་མཛད་པ་པོ་ནི་བདེ་གཤེགས་ཀུན་གྱི་སྤྱི་རིགས། རྒྱལ་བའི་ཡང་རྒྱལ། སྟོན་པའི་སྟོན་པ། སྲིད་བཞིའི་སྤྱི་དཔལ། ཀུན་ཏུ་བཟང་པོ་ཞེས་གྲགས་པ་དེ་ལགས་སོ། དེ་དང་ཆབས་ཅིག་དེ་ཉིད་དང་ངོ་བོ་གཅིག་གིས་བསྡུས་ཀྱང་ཁྱད་ཆོས་རྣམས་མ་རྟོགས་པ་ལ་ལྟོས་ནས། བདག་ཉིད་གཅིག་པའི་མ་རིག་པ་དང་གང་དང་ལྷན་ཅིག་མི་ཤེས་པའི་མཐུ་བརྟས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ་གཉིས་ཀྱིས་རྒྱུ་བྱས། རང་སྣང་ལ་གཞན་དུ་བཟུང་བས་རྐྱེན་བྱས་ཏེ་མ་དག་པ་འཁྲུལ་པའི་སྒོ་ལྟར་སྣང་བ་ནས་འགྲོ་དྲུག་གི་སྣང་ཚུལ་ཐ་དད་པ་རྣམས་ཀྱང་མིག་འཕྲུལ་ཅི་བཞིན་ཡོངས་སུ་སྣང་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སྟོན་པ་ཀུན་ཤེས་རིག་པའི་རྒྱལ་པོ་ཉིད། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་ལས་གང་དུའང་འཕོས་པ་མེད་བཞིན། །ཐུགས་རྗེ་ལྟར་འཆར་བའི་གོ་མ་འགག་པ་ནས་རང་སྣང་པའི་ཞིང་ཁམས་འོག་མིན་ཆེན་པོར། བདེ་གཤེགས་ཀུན་དང་གཉིས་སུ་མེད་ཅིང་ཀུན་གྱི་སྤྲུལ་གཞིར་གྱུར་པར་རིགས་བདག་དྲུག་པའི་ཕྱག་རྒྱར་སྣང་བར་མཛད་དེ། ཉིད་ལས་མི་གཞན་པའི་འཁོར་རྒྱལ་བ་རིགས་ལྔ་རྒྱལ་སྲས་སེམས་དཔའ། འཇོམ་བྱེད་ཁྲོ་བོ་དང་བཅས་པ་མངོན་པར་མཛད་ནས། །དུས་གསུམ་ལས་འདས་པ་རྟག་པ་རྒྱུན་གྱི་འཁོར་ལོར་གསང་བ་ཆེན་པོ་འདི་དག་འགྲོ་བར་མཛད་བཞིན་འགྲོ་འདུལ་སྤྲུལ་པའི་སྤྲིན་གྱིས་ཀྱང་འཇིག་རྟེན་གྱི་ཁམས་ཡོངས་སུ་ཁྱབ་པར་མཛད་དོ། །དེ་ལྟར་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བར་མཛད་པ་ལས་འདིར་འཆད་པར་བྱ་བ་ནི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། །ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་བཞེད་ཕུག །འབྲས་བུ་ཐམས་ཅད་ཀྱི་ཐུག་ས། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ། མ་འོངས་པའི་རྣལ་འབྱོར་པ་ཐམས་ཅད་ཀྱི་ལམ་དམ་པ་སྟེ། ཆེ་བའི་ཡོན་ཏན་བརྒྱད་དང་ལྡན་པ་སྒྱུ་འཕྲུལ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་ཉིད་འཆད་པར་བྱ་བ་ཡིན་ཏེ། དེ་ལྟར་ཡང་བི་མ་ལའི་ཁོག་གཞུང་གསལ་སྒྲོན་ལས། རང་བཞིན་གསང་བའི་སྙིང་པོ་འདི། །གཞན་ལས་དཔག་པ་ཆེ་བ་བརྒྱད། ཅེས་སོ། །ཆེ་བ་དེ་ལྡན་གྱི་རྒྱུད་འདི་ནི་མཚོན་བྱ་རང་བཞིན་གཞིའི་རྒྱུད་ཀྱི་གནས་ལུགས་སྒྲོ་སྐུར་དང་བྲལ་པ་ཉིད་འཛུབ་ཚུགས་སུ་སྟོན་པར་བྱེད་པའི་སྔགས་བླ་ན་མེད་པ་ཉིད་ཡིན་ཏེ། དེ་ཉིད་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །སྒྲོ་སྐུར་མེད་པར་སྟོན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲྭ་བ་སྟེ། །འཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་སོ། དེ་ལྟ་བུའི་རྒྱུད་སྡེ་ཟབ་མོ་ཉིད་འཆད་བྱེད་ཀྱི་ཆོས་གང་གིས་འཆད་ཅེ་ན། རྒྱལ་བའི་བཀའ་ལུང་ཚད་མ། བླ་མའི་མན་ངག་ཚད་མ། རང་གི་རིག་པ་ཚད་མ་སྟེ། ཀུན་ཁྱབ་ཀྱི་ཚད་མ་གསུམ་གྱིས་འཆད་ལ། དེས་གཞལ་བས་རྒྱུད་དོན་ཤེས་པར་བྱ་བའི་གནས་གང་ཡིན་པ་མཐའ་དག་ཁོང་དུ་ཆུད་ནུས་པ་ཡང་། །རྡོ་རྗེ་མེ་ལོང་ལས། ལུང་དང་རིག་པ་མན་ངག་གི །ཚད་མ་དག་གིས་གང་གཞལ་བས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། ཞེས་སོ། །དེ་བས་ན་སྒྱུ་འཕྲུལ་སྡེ་བརྒྱད་དང་། །བྱེ་བྲག་གི་བཤད་རྒྱུད་སྡེ་བཞི་ལ་སོགས་མདོ་རྒྱུད་ཚད་མ་དག་གི་ཚིག་དུམ་བུར་བཅད་ནས་འདིར་དྲངས་པས་གཞན་དག་ཡིད་ཆེས་པར་བྱ་བའི་དཔང་པོ་སྟེ། །རྒྱལ་བ་ནི་ཉེས་པ་མཐའ་དག་ཡོངས་སུ་ཟད་པའི་ཕྱིར། རྣམ་པ་ཀུན་དུ་རྫུན་གསུངས་མི་སྲིད་དེ་རྒྱུ་གཡོ་སྒྱུ་དང་བྲལ་བའི་ཕྱིར་རོ། །དེས་ན་དེའི་གསུང་མཐའ་དག་བདེན་པར་ངེས་ཏེ། མདོ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པས་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། ཞེས་སོ། །དེ་དང་རྗེས་སུ་མཐུན་པར་འཕགས་བོད་ཀྱི་པཎ་གྲུབ་རྣམས་ཀྱིས་ཇི་ལྟར་མཛད་པའི་དགོངས་པ་ཐམས་ཅད། བླ་མ་དམ་པ་རྣམས་ཀྱི་ཞལ་ལས་ཐོས་པའི་མན་ངག་ཚད་མ་དག་ཀྱང་རང་ཉིད་ཀྱིས་ཚེགས་ཆུང་ངུས་རྒྱུད་དོན་རླབས་པོ་ཆེ་རྟོགས་པར་འགྱུར་པའི་ཐབས་དང་གནས་སྐབས་སུ་བྱ་སླ་ཞིང་མཐར་ཐུག་དགོས་པ་དཔག་ཏུ་མེད་པ་འགྲུབ་ནུས་པ་ཞིག་སྟེ། །རྒྱུད་ལས། ཚེགས་ཆུང་དོན་ཆེ་ཐབས་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་གོ །ཞེས་སོ། །དེ་བས་ན་དེ་གཉིས་ཀ་དང་འབྲེལ་བར་ཤེས་རབ་གསུམ་ལས་གཞན་དུ་མ་གྱུར་བའི་རིག་པ་ཚད་མས་གཞལ་ན་འཆད་བྱའི་དོན་ཇི་བཞིན་རྟོགས་ནུས་པ་ཡང་། རྒྱས་པའི་ལེའུ་དོན་ལྔ་པ་ལས། ཡངས་ལ་རྒྱ་ཆེ་གཏིང་ཟབ་པའི། །ཤེས་རབ་ཟབ་པས་རྟོགས་པར་འགྱུར། །ཞེས་དང་། དེ་ཕྱིར་བློ་ཅན་རྣམས་ཀྱིས་བརྩོན། ཞེས་པ་ལྟར་རོ། ད་ནི་ཇི་ལྟར་འཆད་པའི་ཚུལ་བརྗོད་པར་བྱ་སྟེ། །དེ་ལ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཤད་ཚུལ་སོ་སོར་ཡོད་པ་ལས་དང་པོ་མདོ་རྒྱུད་ཐུན་མོངས་པ་རྣམས་ནི་སྤྱིའི་ཆིངས་ལྔའི་སྒོ་ནས་འཆད་དེ། ཇི་སྐད་དུ་རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བར་འདོད་རྣམས་ལ། །མན་ངག་ཅུང་ཞིང་སྦྱིན་པར་བྱ། །དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་བསྡུས་པའི་དོན་བཅས་དང་། ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་པ་ལྟར་རོ། །དེ་ལས་རྒྱུད་སྡེའི་རྣམ་གྲངས་མ་ཧཱ་ཡོ་ག་སྤྱིའི་བཤད་ཚུལ་ནི་རྒྱན་བདུན་ཡིན་ཏེ། དེ་ཡང་འདི་ལྟར་ཧེ་རུ་ཀ་གལ་བོའི་རྒྱུད་ལས། མ་ཧཱ་ཡོ་གའི་རྒྱན་བདུན་ཡང་། གླེང་སློང་པ་དང་སངས་རྒྱས་ཚུལ། །རྒྱས་བཤད་མཐའ་དང་བཤད་པའི་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པ་ཤེས་པར་བྱ། །ཞེས་པ་ལྟར་དང་། ཨ་ནུ་ཡོ་ག་རྣམས་ལུང་བདུན་གྱི་སྒོ་ནས་འཆད་པ་དང་། ཨ་ཏི་ཡོ་ག་རྣམས་སྤྱི་དོན་དྲུག་གི་སྒོ་ནས་འཆད་ཚུལ་སོགས་ཀྱང་རྒྱུད་དེ་ཉིད་དུ་གསུངས་པ་ལྟར་རོ། །གཉིས་པ་རྗོགས་པ་ཆེན་པོ་ཐུན་མོང་མ་ཡིན་པའི་བཤད་སྲོལ་ནི་ཆིངས་ཆེན་པོ་ལྔ་དང་། ཡན་ལག་བཞིས་ཤེས་པར་བྱ་བ་དང་པོ་ནི། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བའི་དོན་གྱིས་མ་བཤད་ན། །ཆོས་རྣམས་རིག་པར་མི་འདུས་པས། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་གའི་དོན་གྱིས་མ་བཤད་ན། །ཐེག་པའི་རུ་ཤན་མི་ཕྱེད་པས། །ཆེ་ཆུང་རིམ་པ་དོན་མེད་འགྱུར། །ཚིག་གི་དོན་གྱིས་མ་བཤད་ན། །རྒྱུད་རྣམས་རིམ་པར་གསལ་པའི་ཚིག །འཕྲུལ་མི་ཆོམས་པའི་སྐྱོན་དུ་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །རྫོགས་ཆེན་བྱ་བརྩོལ་མེད་པ་ལ། །དོན་མེད་པ་ཡི་སྐྱོན་དུ་འགྱུར། །ཞེས་དང་། ཡན་ལག་བཞི་ནི། རིག་པ་རང་གྲོལ་ལས། ཁྱུང་ཆེན་མཁའ་ལྡིང་ལྟ་བུའི་བློས། །དོན་གྱི་ཁོག་རྣམས་ཕུབ་སྟེ་བཤད། །སྟག་མོ་མཆོངས་སྟངས་ཤེས་རབ་བློས། །དོན་གྱི་ས་ཆེན་བཅད་དེ་བཤད། །རུས་སྦལ་ནུར་འགྲོའི་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆོམ་པར་བཤད། །མུ་ཏིག་བལྟར་བརྒྱུས་ལྟ་བུའི་བློས། །མན་ངག་དོན་དུ་བསྡེབས་ལ་བཤད། །ཅེས་སོ། །དེ་དག་གིས་སྤྱིའི་བཤད་ཐབས་ཅུང་ཟད་བསྟན་ནས། ད་ནི་བྱེ་བྲག་རྒྱུད་འདི་ཉིད་ཀྱི་བཤད་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་ཁོག་གཞུང་གསལ་སྒྲོན་ལས། ཕས་ཀྱི་ལན་གདབ་འབྲུ་གནོན་ཚིག །ཁོག་འབུབ་ས་བཅད་བཞི་རུ་གསུངས། །ཞེས་པས་ཁོག་འབུབ་པ་ལོ་རྒྱས་ཀྱི་དོན་དང་སྦྱར་ཏེ་བཤད་པ་དང་། ས་བཅད་པ་དཀྱུས་ཀྱི་དོན་དང་སྦྱར་ཏེ་བཤད་པ་དང་། འབྲུ་གནོན་པ་ཚིག་གི་དོན་དང་སྦྱར་ཏེ་བཤད་པ་དང་། གནས་སྐབས་བརྒལ་ལན་གྱི་དོན་དང་སྦྱར་ཏེ་བཤད་པ་དང་བཞིའི་སྒོ་ནས་འཆད་པ་ཡིན་ཡང་གོང་དུ་སྨོས་པའི་རྫོགས་ཆེན་གྱི་བཤད་པའི་ཡན་ལག་བཞི་དང་ཕྱོགས་མཚུངས་པ་ཡིན་ནོ། །གཞན་ཡང་ཆོས་ལྔའི་སྒོ་ནས་འཆད་པ་སོགས་ཟུར་པ་ཡབ་སྲས་ཀྱི་ཕྱག་བཞེས་དུ་མས་མཚོན། འཕག་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་འཆད་སྲོལ་ཚིག་རིས་ཐ་དད་པ་མང་དུ་སྣང་ཡང་དོན་ལ་ནི་གཅིག་གི་ནང་དུ་ཀུན་འདུས་པས་ན་སྔོན་གྱི་བདག་ཉིད་ཆེན་པོ་རྣམས་ཀྱི་ཕྱག་སྲོལ་མི་ཉམས་པའི་ཆེད་ཙམ་དུ་ཟད་དོ། །དེ་བས་ན་འདིར་དེ་དག་རེ་ཞིག་བཏང་སྙོམས་སུ་བྱས་ནས་གོང་དུ་བརྗོད་ཟིན་པའི་བཤད་ཐབས་ཀུན་དང་འབྲེལ་བར་ས་བཅད་གཉིས་ཀྱི་སྒོ་ནས་འཆད་པ་ཡིན་ལ། དེ་ཡང་འདི་ལྟར། སྤྱི་དོན་ལོ་རྒྱུས་ཀྱི་སྒོ་ནས་ཁོག་འབུབ་པ་དང་། བྱེ་བྲག་གཞུང་དོན་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི་རྣ་རྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། ཕྱི་རོལ་རྒོལ་པ་ངན་པ་འབྱུང་སྲིད་ཀྱིས། དང་པོ་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། ཞེས་གསུངས་པ་ལྟར་གནས་སྐབས་སུ་དམིགས་ཀྱིས་བསལ་ནས་བཤད་བྱར་ངོས་བཟུང་པའི་རྒྱུད་སྡེ་ཉིད་ཀྱི་བྱུང་ཚུལ་མདོ་ཙམ་ཞིག་བརྗོད་པར་བྱ་བ་ཡིན་ལ། དེ་ལ་ཡང་གཉིས་ཏེ། བརྒྱུད་ཚུལ་གྱི་ལོ་རྒྱུས་དངོས་དང་ཇི་ལྟར་བརྒྱུད་པའི་གཞུང་ཉིད་ལ་ཕྱིན་ཅི་ལོག་གི་གླན་ཀ་སྤངས་པའོ། །དང་པོ་ནི་སྤྱིར་སྔ་འགྱུར་རྙིང་མའི་རྒྱུད་སྡེ་བཀའ་མ་ཐམས་ཅད་བརྒྱུད་པ་གསུམ་ལྡན་དང་གཏེར་མ་རྣམས་བརྒྱུད་ཚུལ་དྲུག་དང་བདུན་དང་དགུ་རྣམས་སུ་ངེས་པ་ལྟར། འདིར་ཡང་བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་པར་བརྒྱུད། །གང་ལ་ཐུག་གི་བར་དུའོ། །ཞེས་གསུངས་པ་ལྟར་ཁྱབ་བདག་རིགས་དྲུག་པ་ནས་བདག་ཅག་གི་བླ་མའི་བར་རྒྱལ་པ་དགོངས་པའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ། གང་ཟག་རྣ་བར་བརྒྱུད་པ་སྟེ་གསུམ་གྱི་ཚུལ་དུ་བརྒྱུད་པའི་ཟམ་མ་ཆད་ཅིང་བྱིན་རླབས་ཀྱི་ན་བུན་མ་ཡལ་པ་ཞིག་གོ །དེ་ལྟར་བརྒྱུད་ཚུལ་གསུམ་གྱི་དང་པོ་ནི་གདོད་མའི་མགོན་པོ་ཉིད་གཙང་མའི་གནས་སྤངས་བའི་འོག་མིན་ཆེན་པོར་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་པ་གང་གི་ཚེ། ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་གླེང་གཞི་ཇི་ལྟར་བྱུང་ཚུལ་ནི་རྒྱུད་འབྱུང་བའི་རྒྱུ་སྟེ། །གོང་དུ་ཕྱོགས་ཙམ་བསྟན་པ་ལྟར་འོག་ཏུ་གླེང་གཞིའི་ལེའུ་སྟེ་དང་པོའི་སྐབས་སུ་ཞིབ་མོར་འཆད་པར་འགྱུར་ལ། དེ་ཙམ་ན་སྟོན་པས་༼མ་དཔེ་མི་གསལ༽ཐུན་མོང་མ་ཡིན་པའི་ཐབས་ཤེས་དབྱེར་མེད་གསུམ་གྱི་ཆ་ནས་གླེང་བསླང་པས་འཁོར་གྱིས་བདེ་བས་དབྱེར་མེད་ཇི་ལྟར་རྟོགས་ཚུལ་དང་སྟོན་འཁོར་ཐུན་མོང་གིས་གླེང་སློང་ཇི་ལྟར་མཛད་ཚུལ་རྣམས་ནི་རྒྱུད་འབྱུང་མ་རགས་པའི་རྐྱེན་ཏེ་གླེང་སློང་གི་ལེའུ་སྟེ་གཉིས་པས་ཤེས་སོ། །དེ་ལྟ་བུའི་དགོངས་སྤྱོད་རྨད་དུ་བྱུང་བ་དོན་གྱི་ཟབ་དབང་གསུམ་ལ་བརྟེན་ནས་རང་གི་རོལ་པ་དང་རང་གི་རང་བཞིན་ངོ་བོ་དབྱེར་མེད་པར་གྱུར་བའི་ཚུལ་བསྟན་ནས། རིགས་ཀུན་དང་གཉིས་སུ་མེད་པར་བཞུགས་པ་དེའི་ངང་ལས་མ་གཡོས་བཞིན་དུ། གདུལ་བྱའི་ཁམས་སུ་ཆོ་འཕྲུལ་ཆེན་པོ་གསུམ་ཇི་ལྟར་སྣང་བར་མཛད་པ་ནི་འདི་ལྟ་སྟེ། སྐུའི་སྤྲུལ་པ་ལྟར་སྣང་བའི་ཆོ་འཕྲུལ་དང། གསུང་གི་སྤྲུལ་པ་ལྟར་སྣང་པའི་ཆོ་འཕྲུལ་དང་ཐུགས་ཀྱི་སྤྲུལ་པ་ལྟར་སྣང་པའི་ཆོ་འཕྲུལ་ལོ། དེ་དག་ཀྱང་གསང་བ་གསུམ་གྱི་ཐ་དད་དུ་སྤྲུལ་པ་ནི་མ་ཡིན་ཏེ། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་སོ། དེ་ཡང་འདི་ལྟར་དང་པོ་ལ་ཡང་གསུམ་སྟེ། རང་བཞིན་སྤྲུལ་པ་དང་འགྲོ་འདུལ་སྤྲུལ་པ་དང་སྣ་ཚོགས་སྤྲུལ་པའོ། །དང་པོ་ལ་ཡང་གདུལ་བྱའི་དབང་གིས་དངོས་གནས་པ་དང་ཕྱོགས་མཐུན་པ་གཉིས་སུ་ཡོད་པ་ལས། དང་པོ་ནི་ས་བཅུའི་སེམས་དཔའ་རྣམས་ཀྱི་སྣང་ངོར་མཁའ་ཟླ་ཆུ་མཚོར་སྣང་བ་ལྟར་ལོངས་སྐུ་རིགས་ལྔ་ཉིད་རང་གི་གནས་ནས་གང་དུའང་མ་བསྐྱོད་ཀྱང་རང་བཞིན་མ་འཁྲུལ་བར་སྣང་བས་ན་རང་བཞིན་སྤྲུལ་པའི་སྐུ་ལྔ་ཞེས་བརྗོད་ལ། གཞན་དུ་རང་རྒྱུད་སངས་རྒྱས་ཀྱི་སས་བསྡུས་ཤིང་གདུལ་བྱ་ལམ་པས་བསྡུས་པས་ན་ལམ་འབྲས་གཉིས་ཀར་སྣང་དུ་རུང་བས་ཕྱེད་སྤྲུལ་ལོངས་སྐུ་ཞེས་ཀྱང་བྱའོ། །དེ་ཡང་འདི་ལྟར་དབུས་ན་འོག་མིན་ཁང་བུ་བརྩེགས་པའམ་སྟུག་པོ་བཀོད་པ། ཤར་ན་མངོན་པར་དགའ་པ་ལྷོ་ན་རིན་ཆེན་བརྒྱད་པ་ནུབ་ན་བདེ་བ་ཅན་བྱང་ན་ལས་རབ་གྲུབ་པའི་ཞིང་དང་སྔར་སྟོན་པ་ཡང་རྣམ་པར་སྣང་མཛད་རྡོ་རྗེ་སེམས་དཔའ་རིན་ཆེན་འབྱུང་གནས་འོད་དཔག་མེད་དོན་ཡོད་གྲུབ་པ་སྡེ་ལྔས་འཁོར་ས་ཆེན་པོ་ལ་གནས་པ་རྣམས་ལ། ཆོས་ཐེག་པ་ཆེན་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་གྲངས་ཞལ་དང་ལྗགས་ལས་འོད་ཟེར་འཕྲོས་པའི་རྩེ་ལས་དུས་རྟག་པ་རྒྱུན་དུ་རང་སྣང་ཞིང་མེ་ལོང་ལྟ་བུའི་སྣང་བས་སྒྲིབ་པ་སྦྱོང་བར་འདོད་དེ། འདི་ཉིད་ཀྱི་ལེའུ་དྲུག་པ་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། སོགས་ཀྱིས་སྟོན་པ་ལྟར་ཀུན་བྱེད་ལས་སྟོན་པ་ལོངས་སྤྱོད་རྫོགས་པའི་གནས་བསྟན་པ། འཇིག་རྟེན་མཚན་མ་ཀུན་གྱི་སྟེང་གྱུར་བ། གནས་ཀྱི་འོག་མིན་ཁང་བུ་བརྩེགས་པ་ཡི། གཞལ་ཡས་ཁང་སྟེ་གནས་ཀྱི་འོག་མིན་བཤད། ཅེས་དང་། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་འཁོར་བསྟན་པ། མོས་སྤྱོད་བཞི་ཡིས་ས་ལས་འདས་པ་ཡིས། །དང་པོ་རབ་ཏུ་དགའ་བའི་ས་མནན་ནས། །ས་བཅུ་ཆོས་ཀྱི་སྤྲིན་གྱི་ས་པ་༼མ་དཔེ་མི་གསལ༽སྟེ། ཞེས་དང་། ཆོས་ཅི་ཞིག་སྟོན་པ་ཡང་དེ་ཉིད་ལས། །ས་བཅུ་པ་ཡི་བྱང་ཆུབ་སེམས་དཔའ་ལ། བྱང་ཆུབ་སེམས་ཏེ་སྐུ་དང་ཡེ་ཤེས་བཤད། ཅེས་དང་འཆད་ཚུལ་ཡང་ལོངས་སྤྱོད་རྫོགས་སྐུ་རང་གི་ངོ་བོས་སྟོན་ཞེས་སོ། །གཉིས་པ་གདུལ་བྱ་སྐྱེ་འཕགས་འདྲེས་མའི་དོན་དུ་འོག་མིན་ཕྱོགས་མཐུན་པར་བསྟན་པ་ནི། མི་མཇེད་ལ་སོགས་པའི་འཇིག་རྟེན་རྣམས་སུ་རང་རང་གི་གནས་ཀྱི་མཆོག་གཟུགས་ཁམས་བསམ་གཏན་བཞི་བའི་ནང་ཚན་གཙང་མ་རིས་ཀྱི་ལྷ་ལྔའི་ཐོག་མ་འོག་མིན་རྣམ་མཛེས་ཆེན་པོར་གྲགས་པ་དྭངས་མ་འོད་ཀྱི་རང་བཞིན་ལས་གྲུབ་པ་དེར། །འཇིག་རྟེན་དུ་སངས་རྒྱས་ནམ་འབྱོན་པར་འགྱུར་བ་དེའི་ཚེ། སྤྲུལ་པ་དེ་ཉིད་ལོངས་སྐུའི་ཆ་བྱད་ཀྱིས་དང་པོ་གནས་འདིར་བྱོན་ནས་ལྷ་དང་གྲུབ་པ་དང་རིག་སྔགས་འཆང་གི་དབང་པོ་ཚད་མེད་པ་ལ། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་དང་། ཕ་རོལ་ཕྱིན་པའི་ཆོས་དུ་མ་སྟོན་པར་འགྱུར་ཏེ། །ལེགས་པར་གྲུབ་པའི་རྒྱུད་ལས། གཙང་མའི་འོག་མིན་རྣམ་མཛེས་པར། གྲུབ་པ་དབང་པོ་ལ་སོགས་ལ། རིག་སྔགས་གཟུངས་སྔགས་རྣལ་འབྱོར་དང་། རྒྱུ་ཆོས་དུ་མས་ཚིམ་པར་མཛད། ཅེས་སོ། །དེ་ལྟར་ན་དེའི་དུས་སུ་ལམ་མས་སྦྱངས་ཀྱི་སེམས་དཔའ་ས་ལ་གནས་པ་ལ་སོགས་པའི་གདུལ་བྱ་དེ་དག་སྲིད་དམ་ཞེ་ན། འདི་ནི་སྟོན་པ་རང་གི་སྤྲུལ་པ་སྣང་ཚུལ་གྱི་ངོས་ནས་བརྗོད་པ་ཡིན་གྱིས། །གདུལ་བྱ་དང་འདུལ་བྱེད་དེའི་དུས་ཁོ་ནར་ཚོགས་དགོས་པའི་ངེས་པ་ནི་མེད་དོ། འོན་ཀྱང་སྣང་ཚུལ་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ཏེ། ནམ་མཁས་གང་དུ་ཁྱབ་པ་དེ་ཙམ་དུ་ཆོས་སྐུ་དང་ལོངས་སྐུས་ཁྱབ་ཅིང་། དེས་གང་ཁྱབ་པ་དེ་ཙམ་གདུལ་བྱས་ཁྱབ་ལ། གདུལ་བར་བྱ་བའི་ཡུལ་ཇི་སྙེད་པའི་ཁམས་དེར་སྤྲུལ་སྐུ་དང་འཕྲིན་ལས་ཀྱིས་ཁྱབ་ན་རྒྱལ་བའི་ཞིང་ཁམས་འདི་ན་ཡོད་ཀྱིས་འདི་ན་མེད་ཅེས་སྨྲ་བར་མི་བྱ་སྟེ། སྡོང་པོ་དཀོད་པའི་མདོ་ལས། །སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། ཅེས་གསུངས་པ་ལྟར་སྤུ་ཡི་རྩེ་མོ་གཅིག་གི་སྟེང་ནའང་ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་ཞིང་ཁམས་མེད་པར་མི་སེམས་ལ་དེ་དག་ཀྱང་གཅིག་ཏུ་གྱུར་པ་དང་རིགས་སུ་ཆད་པ་དང་ཕན་ཚུན་འདྲེས་པར་གྱུར་པ་ལྟ་བུ་མ་ཡིན་པས། ཡངས་དོག་ཕྱོགས་ཆ་དང་བྲལ་བར་ཤེས་པར་བྱའོ། གཉིས་པ་འགྲོ་འདུལ་སྤྲུལ་པ་ལ་ཡང་མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་ནོ། །ཞེས་གསུངས་པ་ལྟར་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུ་གསུམ་དུ་ཡོད་པ་ལས་དང་པོ་ནི། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བཟོ་བོའི་འཕྲུལ་གྱིས་བྱས་པ་ལྟར་སྣང་བ་དག་ཡིན་ལ། དེ་དག་ཀྱང་རྒྱལ་བ་ཉིད་ཀྱི་ཐུགས་རྗེ་ལས་རང་སྣང་བའི་ཚུལ། ཕལ་པོ་ཆེ་ལས། ཇི་ལྟར་སེམས་ཅན་བསམ་པ་བཞིན། ཚད་མེད་པར་ནི་རབ་ཏུ་སྣང་། ཞེས་དང་། སྙན་གྱི་དགོངས་རྒྱན་ལས། ད་ནི་སྙིགས་མའི་དུས་ཀྱི་ཚེ། །བཟོ་དང་ཡི་གེའི་གཟུགས་སུ་འདུག །ང་ཡིན་སྙམ་དུ་དད་པར་བྱོས། །ཞེས་སོ། །དེ་ལ་ཁ་གཅིག་འདི་སྙམ་དུ། གཅིག་དེ་དག་རྒྱལ་བས་སྤྲུལ་པ་ཅིའི་ཕྱིར་ཡིན། ཁོ་བོ་ཅག་གིས་བྱས་པར་ཟད་དོ། སེམས་ན་མ་ཡིན་ཏེ། རང་རེ་ལ་ཆོས་སྣང་བའི་སྒོ་གཅིག་སྐྱེས་པ་དེ་ཡང་རྒྱལ་བའི་ཐུགས་རྗེ་ཁོ་ན་ལས་གཞན་དུ་མ་དམིགས་སོ། །གཉིས་པ་ནི་འགྲོ་དྲུག་སོ་སོའི་ལས་སྣང་དང་མཐུན་པར་འདུལ་བྱེད་ཀྱང་སྐྱེ་བ་ཐ་དད་དུ་སྣང་པ་དག་ཡིན་ཏེ། འདི་ལྟར་དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་སྤྱོད་རྒྱལ་པོ་དང་། དམངས་རིགས་འབྱོར་ལྡན་དང་། གཞན་ཡང་དམག་དཔོན་དང་། ཤན་པ་དང་། སྨད་འཚོང་མ་དང་། གཅན་གཟན་གྱི་རྒྱལ་པོ་དང་། ལས་མཁན་དང་། བྱ་དང་རི་དྭགས་ལ་སོགས་པའི་རྣམ་པ་རིས་སུ་མ་ཆད་པ་དག་དང་། མུ་གེའི་ཚེ་ན་ཉ་བོ་ཆེ་དང་། དམྱལ་པའི་ཡུལ་དུ་གྱད་པཀྵི་ཏ་དང་། སྲིན་པོའི་གླིང་དུ་ཅང་ཤེས་བཱ་ལ་ཧ་ལ་སོགས་པ་གང་ལ་གང་འདུལ་གྱི་སྤྲུལ་པ་དཔག་ཏུ་མེད་པ་དག་ཡིན་ཏེ། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། །འཇམ་དཔལ་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཏུ་མཐོང་བས་གདུལ་བར་བྱ་བ་ཡིན་ན། དེ་བཞིན་གཤེགས་པའི་སྐུ་ཡང་གསེར་གྱི་ཁ་དོག་ཏུ་སྣང་ངོ་། དེ་བཞིན་དུ་བཻ་ཌཱུརྱ་དང་། ཨནྜ་རྙིལ་དང། སྤུག་དང་། མུ་ཏིག་དམར་པོའི་ཁ་དོག་གིས་གདུལ་བར་བྱ་བ་ཡིན་ན། དེ་དག་གི་ཁ་དོག་ཏུ་བཞུགས་སོ། །དེ་བཞིན་དུ་འཇིག་རྟེན་སྐྱོང་བ་དང། བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་དང་། ལྷ་མ་ཡིན་དང་། མི་དང་། དུད་འགྲོ་དང་། དམྱལ་བ་དང་། གཤིན་རྗེའི་འཇིག་རྟེན་པས་གདུལ་བར་བྱ་བ་ཡིན་ན་དེ་དག་གི་གཟུགས་སུ་ཞུགས་ནས་ཆོས་སྟོན་ཏོ། །ཞེས་གསུངས་པ་ལྟར་ཡིན་པས་ན་རང་རེ་བྱིས་པའི་བློ་དང་མཛའ་བར་གྱུར་པ་དང་ད་དུང་འཕགས་པའི་ཡེ་ཤེས་དང་ནི་བཤེས་པར་གྱུར་པ་མ་ཡིན་པས་། དག་སྣང་ཕྱོགས་མེད་དུ་སྦྱངས་པ་མན་ངག་གི་མཐིལ་དུ་ཚུལ་འདི་དག་གིས་ཀྱང་གཟུ་བོར་གནས་པ་དག་ལ་ཕྱོགས་ཙམ་སྟོན་པ་ཡིན་ནོ། །གསུམ་པ་ནི་མཛད་པ་བཅུ་གཉིས་མཐར་ཕྱིན་ནས་འདུལ་བ་རྣམ་པ་བཞིས་འགྲོ་བ་འདྲེན་པར་མཛད་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་སོགས་པའི་འདྲེན་པ་སྟོང་འཇམ་དཔལ་དང་ཕྱག་རྡོར་ཏེ། སེམས་དཔའ་གཉིས་དང་བཅས་པ་ཡོངས་སུ་གྲགས་པ་ལྟར་དང་། གཞན་ཡང་བར་སྐབས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་ཞིང་འདིའི་སྐྱེ་དགུའི་བསོད་ནམས་ཀྱི་བགོ་སྐལ་དུ་བྱོན་དང་འབྱོན་པར་འགྱུར་པ་དེ་བཞིན་དུ། མ་ལུས་ཤིང་ལུས་པ་མེད་པའི་ཞིང་གཞན་ལ་ཡང་ཡོངས་སུ་སྣང་བར་མཛད་ནས་ཆོས་ཀྱི་འཁོར་ལོ་ཡང་དེ་སྙེད་ཅིག་བསྐོར་ཏེ་འགྲོ་བ་རྣམས་ཡང་དག་པའི་ལམ་ལ་འགོད་པར་མཛད་པའི་ཚུལ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་བཟང་ལོངས་སྤྱོད་རྫོགས་པ་ལས། །འདུལ་བའི་སྤྲུལ་བ་གྲངས་མེད་ཅིང་། །ཁྱད་པར་མི་མཇེད་འཇིག་རྟེན་དུ། །སྟོང་རྩ་གཉིས་ཀྱི་སྐུར་སྣང་ངོ་། །ཞེས་དང་། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་བཅས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྗོགས་པ་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར་དེ་དག་གི་ཟླས་དྲངས་པའི་ཐུབ་པ་གཞན་ལྔ་ཡང་ཡིན་ནོ། །དེ་ལྟར་ན་ཐུབ་པ་དྲུག་པོ་མཛད་པ་བཅུ་གཉིས་མཐར་ཕྱིན་པའི་མཆོག་གི་སྤྲུལ་སྐུར་ཁྱད་མེད་དམ་ཞེ་ན། འདི་ལྟར་གདུལ་བྱའི་མཐུན་སྣང་མ་ངེས་པ་ལ་ལྟོས་ནས། །མཛད་པ་སྣ་ཚོགས་སུ་སྣང་ཡང་། རང་ངོས་ནས་རྒྱལ་བ་ཉིད་ཀྱིས་སྤྲུལ་པའི་མཆོག་གི་སྤྲུལ་སྐུ་ལ་བཟང་ངན་མེད་ཕྱིར་ཁྱད་མེད་ལ། ཇི་ལྟར་མཛད་པ་རྣམས་ཀྱང་འགྲོ་བ་རྣམས་རྣམ་གྲོལ་གྱི་ལམ་ལ་དཀྲི་བར་བྱེད་པའི་ཡང་དག་པའི་མཛད་པ་ཁོ་ན་ལས་མ་འདས་སོ། །འོན་ཀྱང་མཆོག་སྤྲུལ་ཡིན་པ་གང་ཞིག་མཛད་པ་བཅུ་གཉིས་ཁོ་ནར་ངེས་དགོས་པ་དང་། གདུལ་བྱར་སྣང་ཚུལ་གཅིག་དགོས་པས་ཁྱབ་པ་ནི་མེད་དེ། མ་འོངས་པའི་འདྲེན་པ་བྱམས་པ་མགོན་པོ་ཡང་དཀའ་སྤྱད་ཀྱི་མཛད་པ་མི་མཛད་པར་གསུངས་པ་དང་། ཞིང་གཞན་འགའ་ཞིག་ན་བདུད་ཀྱང་མེད་ཕྱིར་དེ་འདུལ་བའི་མཛད་པ་ཡང་མི་མཛད་པ་དང་། སྣང་ཚུལ་ཡང་འོ་སྐོལ་གྱི་སྟོན་པ་འདི་ཉིད་གཅིག་པུ་ལ་ཡང་བདུད་རྣམས་ཀྱིས་ནི་བདུད་དུ་མཐོང་ངོ་། །ལྷས་སྦྱིན་གྱིས་ནི་སྤུན་ཟླར་མཐོང་ངོ་། །ཕྱི་རོལ་པ་དག་གིས་ནི་ལོག་ཆོས་ཅན་དུ་མཐོང་ངོ་། །ལེགས་སྐར་སོགས་ལོག་ལྟ་ཅན་འགའ་ཞིག་གིས་ནི་གཡོ་སྒྱུ་ཅན་དུ་མཐོང་ངོ་། །ཉན་ཐོས་རྣམས་ཀྱིས་ནི་དགྲ་བཅོམ་པར་མཐོང་ངོ་། །ཐེག་ཆེན་པ་ཕལ་གྱིས་ནི་སངས་རྒྱས་སྤྲུལ་སྐུར་མཐོང་བ་སོགས་མདོར་ན་སྣང་ཚུལ་མི་གཅིག་པ་ཐ་དད་དུ་ཡོད་ཀྱང་། དོན་ལ་ནི་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རྣལ་རོལ་ལས་གཞན་དུ་མ་དམིགས་ཤིང་། དེའི་མཛད་པ་ཡང་སུམ་ཅུ་རྩ་དྲུག་ནས་བརྒྱད་ཀྱི་བར་མ་ངེས་པར་གསུངས་པ་དག་ཀྱང་སངས་རྒྱས་ཁོ་ནའི་མཛད་པ་ཡིན་པའི་ཕྱིར་མཐའ་གཅིག་ཏུ་ངེས་པ་མེད་དེ། བསྐལ་བ་སྐད་ཅིག་དང་སྐད་ཅིག་བསྐལ་བར་བསྒྱུར་བའི་ཆོ་འཕྲུལ་མངའ་བའི་ཕྱིར་རོ། །དེ་བས་ན་མཛད་པ་ཇི་ལྟར་སྣང་ཡང་གདུལ་བྱའི་སྣང་བ་ཙམ་ལས་སངས་རྒྱས་ལ་ནི་བདག་གིས་འདིའི་དོན་ཞི་བས་བྱེད་དང་། འདིའི་དོན་དྲག་པོས་བྱེད་སོགས་ཀྱི་ཉེ་རིང་ཡོད་པ་ནི་མ་ཡིན་ཀྱང་ཆུ་སྣོད་ལ་ཟླ་གཟུགས་ཤར་བའི་ཚུལ་དུ་ཡོངས་སུ་སྣང་བའི་ཚུལ། ཕལ་པོ་ཆེ་ལས། ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་པ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བ། །ཞིང་རྣམས་ཀུན་ན་རབ་ཏུ་སྣང་། །སངས་རྒྱས་ལ་ནི་གཉིས་སྣང་མེད། །འདི་ལ་གཅིག་ཀྱང་ཡོད་མ་ཡིན། །ཞེས་དང་། ཇི་ལྟར་སྒྱུ་མར་གྱུར་པའི་གཟུགས། །སྐྱེས་པ་མ་ཡིན་འོངས་པ་མིན། །དེ་ལྟར་དེ་བཞིན་གཤེགས་པའི་སྐུ། །སྐྱེ་བ་མེད་ལས་ཤིན་ཏུ་བསྟན། ཞེས་སོ། །འོན་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེའི་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ནི་མཆོག་གི་སྤྲུལ་སྐུ་མང་པོ་ཡོངས་སུ་རྫོགས་པ་ལྟར་སྣང་བ་རེ་རེས་གདུལ་བ་ཡིན་ལ། གདུལ་བྱ་རིགས་ཐ་དད་པ་རྣམས་ནི་ཐུབ་པ་ཡང་མཛད་པ་ཐ་དད་པ་ལྟར་སྣང་བ་རེ་རེས་འདུལ་བར་ངེས་ཏེ། རྒྱུད་སྒྱུ་འཕྲུལ་བླ་མ་ལས། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ལ་ཐག་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱའི་མགོན། །ཡི་དྭགས་གནས་ན་ཁ་འབར་དེ། །བྱོལ་སོང་སེངྒེ་ཉིད་དུ་སྨྲ། །དམྱལ་བ་ལ་ནི་གཤིན་རྗེའི་མགོན། །ཞེས་གསུངས་པ་ལྟར་རོ། །འོ་ན་གོང་དུ་བརྒྱ་བྱིན་སྐྱེ་བ་སྤྲུལ་སྐུར་བཤད་པ་མ་ཡིན་ནམ་སྙམ་ན། སངས་རྒྱས་ལོངས་སྐུས་འོག་མིན་ནས་ཐོག་མར་སྤྲུལ་བའི་ཐུབ་པ་དྲུག་ནི་མཆོག་གི་སྤྲུལ་སྐུ་ལས་མ་འདས་ཀྱང་དེ་དག་གིས་གང་ལ་གང་འདུལ་དུ་སྤྲུལ་པའི་དབང་པོ་ལ་སོགས་པའི་སྐྱེ་བ་ཐ་དད་དུ་སྣང་བ་རྣམས་ནི་སྐྱེ་བ་སྤྲུལ་སྐུར་ངེས་ཏེ། དཔེར་ན་སུམ་ཅུ་རྩ་གསུམ་གྱི་གནས་གཅིག་པུ་ལ་ཡང་ལྷ་དབང་བརྒྱ་བྱིན་ཉེ་དབང་སོ་གཉིས་སོགས་མང་དུ་སྣང་བ་ལྟར་ཡིན་ལ། དེ་ཡང་བརྒྱ་བྱིན་གྱི་མིང་ཙམ་བརྗོད་པས་ནི་ཅི་ཞིག་ནོངས་ཏེ། རང་རེས་གང་ཟག་ཕལ་བ་དག་ལ་ཡང་ཤཱཀྱ་སེངྒེར་བཏགས་པས་ཐུབ་པའི་དབང་པོར་མི་འགྲོ་བ་ལྟ་བུའོ། །འདི་དག་ཇི་ལྟར་སྤྲུལ་པའི་ཚུལ་ལ་སོགས་པ་ཞིབ་རྒྱས་སུ་ནི་འོག་ཏུ་ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའི་སྐབས་སུ་འཆད་པར་འགྱུར་རོ། །གསུམ་པ་སྣ་ཚོགས་སྤྲུལ་པ་ནི། རྒྱལ་བ་ཉིད་ཀྱི་ཐུགས་རྗེའི་བྱིན་བརླབས་ལས་རང་སྣང་བར་མཛད་པ་གཞལ་མེད་ཁང་དང་། སྐྱེད་མོའི་ཚལ་དང་། འདུན་ས་བཟང་པོ་དང་། ཀུན་དགའ་ར་བ་དང་། དཔག་བསམ་གྱི་ལྗོན་པ་དང་། གཞན་ཡང་གྲུ་དང་། ཟམ་པ་དང་། སྐྱེལ་མ་དང་། ལྷག་སྐྱོབས་ཀྱི་ཕུག་པ་དང་། གོས་ཀྱི་རིགས་དང་། བཟའ་བཏུང་དང་། ངལ་སྟེག་ལ་སོགས་པ་གནས་སྐབས་སུ་ཕན་པར་འགྱུར་བ་རྣམས་དང་། མདོར་ན་ཚ་བས་ཉེན་པ་ལ་གྲང་བའི་རེག་བྱ་དང་། གྲང་བས་ཉེན་པ་ལ་ཚ་བའི་མེ་འོད་ཙམ་ཚུན་ཆོད་སེམས་ཅན་རྣམས་ལ་གང་ལ་གང་ཕན་གྱི་ཚུལ་དུ་སྣང་བར་དཀོན་མཆོག་བརྩེགས་པ་ལ་སོགས་པའི་མདོ་རྣམས་སུ་གསུངས་པ་ལྟར། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས་ཀྱང་། གོང་དུ་གྲང་པའི་འཕྲོས་སུ། འདི་སྐད་དུ། འཇམ་དཔལ་དེ་བཞིན་དུ་སྐྱེད་མོའི་ཚལ་དང་། ནོར་བུ་དང་། སྨན་དང་། རིགས་སྔགས་དང་། ཉེ་བར་མཁོ་དགུའི་ཡོ་བྱད་དུ་སྣང་བས་གདུལ་བར་བྱ་བ་ཡིན་ན་དེ་དང་དེའི་གཟུགས་དང་ཁ་དོག་ཏུ་སྣང་ངོ་། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །དེ་དག་ཀྱང་སྐུའི་སྤྲུལ་པ་ལྟར་སྣང་ཡང་། སྐུ་ཇི་ལྟ་བ་བཞིན་དུ་སྣང་དགོས་པ་དང་། སྐུ་ཉིད་གསུང་དང་ཐུགས་སུ་ཡང་མི་འཕྲུལ་པའི་ངེས་པ་མེད་པ་ནི་མེད་པས་ན་ཆོ་འཕྲུལ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་འདི་སྙམ་དུ། ཅི་ཞིག་ནམ་མཁས་གར་ཁྱབ་ཆོས་སྐུ་དང་ལོངས་སྐུའི་ཞིང་གིས་ཁྱབ་ཅིང་། དེ་ཙམ་དུ་སྤྲུལ་སྐུ་དང་དེའི་འཕྲིན་ལས་ཀྱིས་ཀྱང་གོ་མཚམ་མེད་པར་ཁྱབ་ན། སྐུ་གསུམ་གྱི་ཞིང་ཁམས་དེ་གཅིག་གམ་ཐ་དད། གཅིག་ན་ནི་གསུམ་དུ་བགྲང་བའང་དོན་མེད་ལ། ཐ་དད་ན་ནི་གཅིག་ལ་གཅིག་བཅུག་ལྟ་བུའམ་འདྲིས་པར་གྱུར་བ་གང་ལྟ་བུ་སྙམ་ན། དེ་ཉིད་འདི་ལྟར་ཤེས་པར་བྱ་སྟེ། སྤྱིར་གོང་དུ་སྨོས་པ་ལྟར་རྡུལ་ཕྲན་གྱི་ཁོངས་ན་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་ཞིང་ཁམས་གནས་པ་དེ་དག་ཀྱང་རྡུལ་ཕྲན་ཆེན་པོར་སོང་བ་དང་། ཞིང་ཁམས་ཆུང་ངུར་སོང་བ་ཅུང་ཟད་ཀྱང་མེད་པའི་ཞིང་དེ་དང་དེ་ན་སངས་རྒྱས་དེའི་འཁོར་རྒྱལ་བའི་སྲས་པོ་ལ་ཆོས་གསུངས་པའི་ཚུལ། བཟང་པོ་སྤྱོད་པའི་སྨོན་ལམ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་གསུངས་པ་བཞིན་རང་རེ་གནས་པའི་སྤྲུལ་སྐུའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་འདི་ཡང་ལོངས་སྐུ་རྣམ་སྣང་གངས་ཅན་མཚོའི་ཕྱག་གི་པདྨའི་སྡོང་པོའི་ཟེའུ་འབྲུ་ཕྲ་མོ་གཅིག་གི་སྟེང་ན་ཡོད་པར་གསུངས་པ་དེ་བཞིན་དུ་སྐུའི་བ་སྤུའི་ཁུང་བུ་ཐམས་ཅད་ནའང་སྤྲུལ་སྐུའི་ཞིང་ཁམས་དེ་སྙེད་ཅིག་ཡོད་པར་གསུངས་པ་རྣམས་ཀྱང་ཞིང་དེ་དག་ཧ་ཅང་ཆུང་ངུར་གྱུར་པ་དང་། སྐུ་ཉིད་གཏོས་ཆེན་པོ་གྱུར་བ་ནི་འགའ་ཡང་མེད་ལ། འོན་ཀྱང་ཞིང་ཁམས་ཆེན་པོར་གྱུར་པ་དང་སྐུ་ཆུང་ངུར་གྱུར་པའི་གོ་འཛོལ་བ་དང་། མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་ལྡེམ་དགོངས་ཙམ་ཡང་མ་ཡིན་པར་ཕྱོགས་བཅུའི་ནམ་མཁའི་གང་དུ་ཁྱབ་པ་དེ་སྲིད་དུ་སྐུ་གསུམ་གྱི་ཞིང་ཁམས་དང་གསང་བ་གསུམ་གྱིས་ཀྱང་དེ་ལྟར་ཡོངས་སུ་ཁྱབ་པར་མཛད་པ་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ནམ་མཁའི་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་སོ། །དེ་ཡང་ཆོས་སྐུའི་ཞིང་ཁམས་ནི་ནང་དབྱིངས་བསམ་གྱིས་མི་ཁྱབ་པ་གཞོན་ནུ་བུམ་སྐུའི་སྦུབས། ལོངས་སྐུའི་ཞིང་ཁམས་ནི་ཕྱིར་གསལ་ལྷུན་འགྲུབ་ཆེན་པོའི་རང་གདངས་ངེས་པ་ལྔ་ལྡན། སྤྲུལ་སྐུའི་ཞིང་ཁམས་ནི་རྩལ་སྣང་ཅིར་ཡང་མཆེད་པ་སྣ་ཚོགས་གདུལ་བྱའི་ཁམས་ཏེ། ལྡོག་པ་ཐ་དད་པ་གསུམ་དུ་དབྱེ་ཡང་ངོ་བོ་ཆོས་ཉིད་རྣམ་པར་དག་པའི་དབྱིངས་གཅིག་གིས་བསྡུས་པས་གསུམ་དུ་བགྲང་བ་ཡང་མི་འགལ་ལ། གཅིག་ཏུ་ཁྱབ་པས་འདྲེས་པ་ལ་སོགས་པའི་སྐྱོན་ཡང་ཡོད་པ་མ་ཡིན་ནོ། །དེ་དག་ཀྱང་ཐུན་མོང་གདུལ་བྱའི་ངོར་སྣང་དབང་བཙན་དུ་བྱས་ནས་དབྱེ་བ་ཙམ་ལས། དོན་ལ་ནི་སངས་རྒྱས་ཐམས་ཅད་ཆོས་སྐུའི་ཞིང་ལས་གང་དུའང་གཡོས་པ་མེད་ན་གཅིག་དང་ཐ་དད་དུ་དབྱེ་བ་ཙམ་ཡང་འཐད་པ་མ་ཡིན་ཏེ། ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། ཞེས་གསུངས་པ་ལྟར་རོ། །འོ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདི་ཡང་ཆོས་སྐུའི་ཞིང་ཁམས་ཡིན་ནམ་ཞེ་ན། གདུལ་བྱ་སྤྱི་མཐུན་དུ་སྣང་བ་འདི་ནི་སྤྲུལ་སྐུའི་ཞིང་ཁམས་ལས་མ་འདས་མོད་ཀྱིས། འདི་ཉིད་རྣམ་པར་དག་པ་ལས་གཞན་པའི་ཆོས་སྐུའི་ཞིང་ཁམས་ཤིག་གུད་ན་ཡོད་པ་ཡང་མ་ཡིན་ཏེ། དཔེར་ན་ཆུ་གཅིག་པུ་འདི་ལའང་ངན་སོང་གི་འགྲོ་བ་ལ་སྣང་རྒྱུ་དེ་ལས་ངོ་བོ་ཐ་དད་པ་གཅིག་གཞན་དག་ལ་ཡོད་པ་མ་ཡིན་མོད་དེ་རྣམ་པ་སྣང་ཚུལ་ནི། དམྱལ་བ་པ་དག་གིས་ཁྲོ་ཆུ་དང་། ཡི་དྭགས་གྱིས་རྣག་ཁྲག །དུད་འགྲོས་བཏུང་དུ་རུང་བ་ཙམ། མིས་ཆུ། ལྷས་བདུད་རྩི། དག་པའི་ཞིང་ན་གནས་པས་བདུད་རྩི་ཆེན་པོར་མཐོང་བ་སོགས་དང་། གཞན་ཡང་ཆོས་ལ་དབང་ཐོབ་པའི་རིག་འཛིན་རྣམས་ལ་ཆུ་དེ་ཉིད་མཱ་མ་ཀཱིར་སྣང་སྟེ། བརླན་པའི་བྱ་བ་ཡང་བྱེད་ལ། རོལ་བས་བདེ་བ་ཡང་མྱོང་ཞིང་ཏིང་ངེ་འཛིན་ཀྱང་འཕྲུལ་ཏོ། །བག་ལ་ཉལ་ཤིན་ཏུ་ཟད་པ་ལ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་དུ་རོ་གཅིག་པར་སྣང་བ་དང་མི་སྣང་བའི་སྤྲོས་པ་ཉེ་བར་ཞི་བ་དེ་བཞིན་དུ་མཁྲིས་ནད་ཅན་གྱིས་དུང་དཀར་ལ་སེར་པོར་མཐོང་དུས་སེར་སྣང་དེ་དུང་གི་ཁ་དོག་མ་ཡིན་ཀྱང་ནད་ལས་གྲོལ་བའི་དུས་ཀྱི་དཀར་པོར་མཐོང་རྒྱུ་དེ་ཡང་དེ་ལས་གཞན་པ་ཞིག་མ་ཡིན་པ་ལྟར། ཞིང་འདི་ཡང་རང་སྣང་མ་དག་པ་འདི་ལྟར་སྣང་པ་ལས་དོན་ལ་དེ་ལྟར་མ་ཡིན་པའི་ཚུལ། དྲི་མ་མེད་པར་གྲགས་པའི་མདོ་ལས། བཙུན་པ་ཤཱ་རིས་བུས་སྨྲས་པ། བདག་གིས་ས་ཆེན་པོ་འདི་མཐོ་དམན་དང་གཡང་ས་དང་ལྗན་ལྗིད་ཀྱིས་གང་བར་མཐོང་ངོ་། །ཞེས་ཟེར་རོ། །སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོངས་པའི་ཚངས་པ་རལ་བ་ཅན་གྱིས་སྨྲས་པ། བདག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་ཡོངས་སུ་དག་པར་མཐོང་ངོ་། །ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པར་མཛད་པས། །ཐམས་ཅད་ཀྱིས་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ། ཁྱེད་རྣམས་ཀྱིས་མི་མཐོང་ངོ་། །ཞེས་སོ། །ཚུལ་འདི་ལྟ་བུ་ལ་དགོངས་ནས་རེས་འགའ་ཞིང་དང་སྐུའི་བཀོད་པ་ཐ་དད་དུ་གསུངས་པ་དང་། །རེས་འགའ་གཅིག་ཏུ་གསུངས་པ་རྣམས་ཀྱང་བརྗོད་དོན་གཅིག་པ་ཡིན་ཏེ། དཔེར་ན་ཟླ་གཟུགས་ཆུ་སྣོད་ལ་ཤར་བའི་ཚེ་ཆུ་ཟླ་དུ་མ་ལ་ལྟོས་ནས་ཐ་དད་དུ་བརྗོད་པ་ཡང་ཡིན་ལ། །དེ་ཀུན་གྱི་ངོ་བོ་མཁའ་ཟླ་གཅིག་ལས་མ་འདས་པ་ལ་ལྟོས་ནས་གཅིག་ཏུ་བརྗོད་པ་ཡང་མི་འགལ་བ་བཞིན་ནོ། །འོ་ན་སྒྲིབ་བྱེད་ཡོངས་སུ་དག་པའི་སངས་རྒྱས་ལ་གདུལ་བྱ་མ་དག་པའི་ཞིང་ཞིག་སྣང་ངམ་མི་སྣང་ཞེ་ན་སངས་རྒྱས་རང་ངོས་ནས་མི་སྣང་ཡང་གཟིགས་པ་རྣམ་པར་དག་པས་ཅིར་ཡང་མཁྱེན་པ་ནི་མི་འགག་སྟེ། དེ་འགགས་ན་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱང་མེད་པར་ཐལ་བ་དང་། མདོ་ལས་ཀྱང་། ངས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་ཡོངས་སུ་གཟིགས་པ་ན། འཇིག་རྟེན་ཁམས་དག་པ་དང་མ་དག་པ་དང་། སེམས་ཅན་དབང་པོ་མཆོག་དང་མཆོག་མ་ཡིན་པ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །ཞེས་གསུངས་པ་དང་། ཡང་འགལ་བའི་ཕྱིར་རོ། །དེ་ཡང་འདི་ལྟར་རིན་པོ་ཆེའི་ཁང་བུ་ཞིག་ཏུ་མི་དུ་མ་ཚོགས་པ་ལས་འགའ་ཞིག་གཉིད་དུ་སོང་བའི་རྨི་ལམ་ལ་མཛེ་ནད་ལ་སོགས་པའི་སྡུག་བསྔལ་དྲག་པོ་དུ་མ་ཞིག་གིས་མནར་བ་རྨི་གྱིན་འདུག་པ་ན། དེར་མི་མངོན་ཤེས་དང་རྫུ་འཕྲུལ་མངའ་བ་ཞིག་འདུག་པ་དེས། གཞན་དེ་རྣམས་རིན་པོ་ཆེའི་ཁང་བུར་གནས་པ་ཡང་ཤེས་ལ། གཉིད་དུ་སོང་ནས་རྨི་ལམ་ལོག་པ་རྨི་གྱིན་ཡོད་པ་ཡང་ཤེས་ནས་དེ་མ་ཐག་དེ་དག་གི་གམ་དུ་སྤྲུལ་པ་བཀྱེས་ནས་འདི་སྐད། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་དང་། མི་རྟག་པ། སྒྱུ་མ་ལྟ་བུ་ཡིན་ཏེ། ཁྱེད་ཅག་རྣམས་ལ་ད་ལྟར་སྣང་བ་འདི་ཡང་གཉིད་དུ་སོང་བའི་རྨི་ལམ་ལ་བདེན་པར་བཟུང་བ་ཙམ་མོ། །ཞེས་བརྗོད་ནས་རིམ་གྱིས་གཉིད་སད་པའི་ཐབས་ལ་སྦྱོར་བ་ལྟར། སངས་རྒྱས་ཀྱིས་ཀྱང་གདུལ་བྱའི་འཁྲུལ་སྣང་ཡང་མཁྱེན་ལ། དེ་ལས་གྲོལ་བའི་ཐབས་ཀྱང་མཁྱེན་ནས་ཐུགས་རྗེས་གཟིགས་པར་འགྱུར་བ་ཡིན་ནོ། །དེ་ལྟར་མཁྱེན་དུས་ཉིད་ནས་རང་ཉིད་ལ་ནི་འཁྲུལ་བ་མི་སྣང་བའི་ཚུལ་མི་དེ་དག་རིན་པོ་ཆེའི་ཁང་བུ་ལས་གང་དུའང་མ་བསྐྱོད་པ་ལྟ་བུའོ། །ཚུལ་དེ་བཞིན་དུ་གཟིགས་ནས་འགྲོ་བའི་ཁམས་སུ་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འདི་དག་སྤྲུལ་ནས་ཐེག་པའི་རིམ་པ་དཔག་ཏུ་མེད་པ་ཞིག་གསུངས་པའི་ཚུལ་རྣམས་ཀྱང་གོང་དུ་སྨོས་པའི་ལེའུ་གསུམ་པའི་སྨད་ཀྱིས་སྟོན་པ་དེ་ལྟར་འོག་ཏུ་འཆད་པར་འགྱུར་རོ། །དེ་ལྟར་སྐུའི་བཀོད་པ་ཟད་མི་ཤེས་པའི་ཆོ་འཕྲུལ་རྣམས་མངོན་དུ་སྣང་བ་དང་ཆབས་གཅིག་ཆོ་འཕྲུལ་གཉིས་པ་ཇི་ལྟར་སྣང་བར་མཛད་པ་ནི། གསུང་ཡི་གེའི་འཁོར་ལོ་སྟེ་སྟོན་པ་ཉིད་ཀྱི་གསང་གསུམ་དབྱེར་མི་ཕྱེད་པའི་དབྱིངས་ལས་སྐྱེ་མེད་སྟོང་པ་ཉིད་མཚོན་པའི་ཡི་གེ་ཨ་ཉིད་རང་སྣང་བར་མཛད་པ་ལས། རང་གི་ངོ་བོ་འཕེལ་འགྲིབ་དང་བྲལ་བཞིན་སྤྲུལ་པའི་ཡི་གེ་དག་དེ་ཉིད་ལས་ཅིར་ཡང་སྣང་བར་གྱུར་ཏོ། །དེ་ཡང་འདི་ལྟར་ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། དབྱིངས་ལས་ཨ་བྱུང་ཨ་ལས་ནི། །ཡི་གེའི་ཚོགས་རྣམས་མ་ལུས་འཕྲོ། །ཞེས་དང་། །ཇི་ལྟར་འཕྲོས་པའི་ཚུལ་ཡང་། དེ་ཉིད་ལས། ཀ་ལ་སོགས་སུ་རྣམ་པ་ལྔ། །མགུར་གྱི་གསུང་གི་རང་བཞིན་ཡིན། །གཉིས་པ་ཙ་ལ་སོགས་པ་ལྔ། །ཟླ་གམ་ལྗགས་ཀྱི་རང་བཞིན་ཡིན། གསུམ་པ་ཏ་ལ་སོགས་པ་ལྔ། །ལྗགས་ཀྱི་རྩེ་མོའི་རང་བཞིན་ཡིན། །བཞི་བ་པ་ལ་སོགས་པ་ལྔ། །ཞལ་གྱི་སྒྲོས་ལས་བྱུང་བར་བཤད། །སྐྱེས་བུ་ཆེན་པོའི་སྨིན་མ་ལས། འཁོར་བར་མི་གནས་ཡིག་འབྲུ་ཡ། །སྐྱེས་བུ་ཆེན་པོའི་དཀུ་སྐབས་ལམ། །གཏི་མུག་སེལ་བའི་ཡིག་འབྲུ་ལྔ། །སྐྱེས་བུ་ཆེན་པོའི་སྟ་ཟུར་ལས། །འདོད་ཆགས་བསྲེག་པའི་ཡིག་འབྲུ་ར། །སྐྱེས་བུ་ཆེན་པོའི་དཔུང་པ་ལས། །རྟོག་པ་འཇོམས་པའི་ཡི་གེ་ལ། །ཐུགས་ལས་འཁྱིལ་བའི་དཔལ་བེའུ་ལས། །མཚན་མ་དག་པའི་ཡི་གེ་ཤ། །ཕྱག་གི་འཁོར་ལོའི་འོད་ཟེར་ལས། །ཆོ་འཕྲུལ་སྟོན་པའི་ཡི་གེ་ཥ། །སྐུ་ཡི་འབྲུ་ཚད་ལྟེ་བ་ནས། །འདོད་པ་འབྱུང་བའི་ཡི་གེ་ས། །ཞབས་ཀྱི་འཁོར་ལོའི་འོད་ཟེར་ལས། །སྒྲིབ་པ་བསྲེག་པའི་ཡིག་འབྲུ་ཧ། །གསང་བ་མཁའ་ཡི་རང་བཞིན་ནས། །ཆོ་འཕྲུལ་འབྱུང་བའི་ཡི་གེ་ཀྵཿ །སྐྱེས་བུ་ཆེན་པོའི་སྤྱན་གཉིས་ལས། །རང་བཞིན་ཡི་གེ་ཨི་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྙན་གཉིས་ལས། །རང་བཞིན་ཡི་གེ་ཨུ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཞབས་གཉིས་ལས། །རང་བཞིན་ཡི་གེ་ཨེ་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྤྱི་གཙུག་ལས། །རྒྱལ་བའི་ཡི་གེ་ཨོཾ་དུ་ཤར། །ཞེས་པ་ལྟར་ཡིན་ལ། དེ་ཡང་ལུང་སྔ་མར་ཨ་ལས་ཡི་གེ་གཞན་འཕྲོས་པ་དང་། ཕྱི་མར་སྐུའི་ཆ་ལས་འཕྲོས་པར་གསུངས་པ་གཉིས་འགལ་ལམ་སྙམ་ན། མ་ཡིན་ཏེ། །ཨ་ནི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་རང་བཞིན་རྣམ་པར་དག་པའི་དབྱིངས་ཆོས་སྐུ་ཉིད་མཚོན་བྱེད་ཡིན་ལ། །དེའི་རྣམ་རོལ་མ་ཡིན་པའི་སྐུ་དང་། གསུངས་གང་ཡང་མ་མཆིས་ན་གཉིས་ཀ་ལྟར་མི་འགལ་ཞིང་། དེར་མ་ཟད་རང་རེས་བརྗོད་པའི་དབང་དུ་བྱས་ནའང་ཨ་ཉིད་ཡི་གེ་ཀུན་གྱི་ཁྱབ་བྱེད་དུ་ཡོད་ཀྱང་རང་གི་སྒྲ་ཁོང་ནས་འབྱུང་བས་ན། དེ་ལས་མཆེད་པ་ལུས་ཀྱི་ཆ་ཤས་གང་ནས་འཕྲོས་ཀྱང་མི་འགལ་བ་བཞིན་ནོ། །དོན་ལ་ནི་གསང་གསུམ་མི་ཤིག་པའི་ཐིག་ལེ་འགྱུར་བ་མེད་པ་ལས་རང་སྣང་བ་ཙམ་མོ། །དེ་ལ་ཡང་ཅུང་ཟད་དོགས་པ་བསལ་བར་བྱ་སྟེ། འདི་ལྟར་ཐོག་མར་ཆོས་སྐུའི་དབྱིངས་ལས་སྤྲུལ་པའི་ཡི་གེ་དེ་དག་དེའི་དུས་སུ་གཟུགས་སུ་གྲུབ་པ་ཞིག་སྤྲུལ་པ་ཡིན་ནམ། །སྒྲར་གྲགས་པ་ཞིག་སྤྲུལ་པ་ཡིན། དང་པོ་ལྟར་ན་སྤྲུལ་སྐུའི་ཞིང་གཅིག་གི་ཆ་ཤས་འཛམ་བུའི་གླིང་འདིར་གཅིག་པུ་ལའང་། རྒྱ་དཀར་ནག་བོད་ལ་སོགས་པའི་ཡི་གེའི་གཟུགས་མི་གཅིག་པ་བསམ་གྱིས་མི་ཁྱབ་པ་ཞིག་འདུག་ན་ཐོག་མར་སྤྲུལ་པའི་ཡི་གེ་དེའི་གཟུགས་གང་ལྟ་བུ་ཞིག་ཡིན། ཕྱི་མ་ལྟར་ན་ཆོས་སྐུའི་གསུང་སྒྲ་ཚིག་ལས་འདས་པ་དང་ཡང་འགལ་ལ། གལ་ཏེ་སྒྲར་གྲགས་སུ་ཆུག་དང་། །འགྲོ་བ་དྲུག་གི་སྐད་རིགས་མི་གཅིག་པ་དཔག་ཏུ་མེད་པ་དག་མཆིས་པས་གང་གི་སྐད་དུ་གྲགས་པ་ཡིན་སྙམ་ན། དེ་ལ་སྤྱིར་གང་ལྟར་ཡང་མི་འགལ་ཏེ། །གཟུགས་སུ་གྲུབ་ན་ཡང་གདུལ་བྱ་རང་རང་ལ་ཡི་གེའི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་འདུག་པ་དེ་དང་དེ་ཡི་གཟུགས་སུ་སྤྲུལ་ལ། །སྒྲར་གྲགས་ན་ཡང་ཆོས་སྐུ་ལ་ཡི་གེ་སྒྲར་སྣང་རུང་མ་འགག་པར་ཡོད་པ་ནི་ཅི་ཡང་མི་འགལ་ཏེ། དེ་འགལ་ན་ཆོས་སྐུ་ལ་གཟུགས་སྐུ་སྣང་རུང་མ་འགག་པར་ཡོད་པ་དེ་ཡང་འགལ་བར་ཐལ་ལོ། །ཕྱིས་སུ་གྲགས་པ་ཡང་འགྲོ་དྲུག་གི་སྐད་རིགས་ཇི་སྙེད་པ་དེ་སྙེད་དུ་གྲགས་པ་ཡིན་ནོ། །ཞེས་བརྗོད་ཀྱང་འགལ་བ་མེད་དེ། འཕགས་པ་བཟང་པོ་སྤྱོད་པ་ལས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་འདི་ལྟར་ཡིན་ཏེ། ཐོག་མར་སྤྲུལ་གཞིའི་ཡི་གེ་ཨ་དེ་ཡང་སྐྱེ་མེད་མཚོན་བྱེད་ཅེས་བརྗོད་ཀྱང་། མཚོན་བྱ་དང་མཚོན་བྱེད་ཐ་དད་དུ་གྲུབ་པ་དང་། དེ་ལས་དེ་བྱུང་དུ་སྤྲུལ་པ་ན་འགའ་ཡང་མེད་དེ། ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་ཉིད་ཡི་གེ་ཀུན་གྱི་འཆར་གཞིར་གྱུར་པ་ལ་ཞེས་ཐ་སྙད་ཙམ་དུ་བཏགས་པའོ། །དེའི་གདངས་མ་འགག་པ་ལས་གཟུགས་སྐུའི་རོལ་པ་ཅིར་ཡང་འཆར་བའི་གཞིའམ་རྒྱུར་གྱུར་པ་ལ་ཀ་ལ་སོགས་པའི་ཐ་སྙད་བཏགས་པ་ཡིན་ཏེ། སྤྱི་མདོ་ལས། གང་སྐྱེ་བ་མེད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་ཨ་ཞེས་བླ་དྭགས་སུ་བཏགས་སོ། །བྱ་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་ཀ་ཞེས་བླ་དྭགས་སུ་བཏགས་སོ། །ཞེས་སོགས་རྒྱས་པར་གསུངས་པ་བཞིན་ཡིན་ལ། དེ་ཡང་ཐ་སྙད་ཙམ་དུ་སུ་ཞིག་གིས་བཏགས་སྙམ་ན། སྤྱིར་གདུལ་བྱར་སྣང་བ་ཙམ་ཡིན་མོད་ཀྱང་ཅུང་ཟད་སྒྲོ་བཏགས་ན། ཡི་གེའི་སྒྲར་སྣང་རུང་ཙམ་ཏུ་ནི་ཀུན་ཏུ་བཟང་པོ་ཉིད་ཀྱི་དགོངས་པའི་ཀློང་ན་རང་གསལ་བ་རྒྱལ་བ་རིགས་ལྔ་ལ་སོགས་པའི་ཐུགས་སུ་ཆུད་པར་མཛད་པ་ཉིད་སྒྲར་གྲགས་པའི་ཡི་གེ་དེ་ནི་གསང་བའི་བདག་པོས་བཏགས་ཤིང་། བརྡར་གྱུར་པའི་ཡི་གེ་འདི་དག་ནི་སྲིན་པོ་བློ་གྲོས་ཐབས་ལྡན་ལ་སོགས་པའི་ལྷ་ཀླུ་མི་ཡི་རིག་འཛིན་དང་གྲུབ་པ་དག་གིས་བཏགས་པ། དེ་ནས་ཀྱང་རིམ་པར་བརྒྱུད་པའི་ཚུལ་འཆད་པར་འགྱུར་རོ། །དེ་ལྟར་སྣང་བའི་ཡི་གེ་ཉིད་ལའང་དབྱེ་ན། ཆོ་འཕྲུལ་སྤྲུལ་པའི་ཡི་གེ །ལུས་གནས་རྩའི་ཡི་གེ །ཕོ་བྲང་ལྷའི་ཡི་གེ །མཚོན་བྱེད་སྒྲའི་ཡི་གེ་དང་། གཞིར་གནས་ཀྱང་སྔ་མ་ལས་མ་འཕྲོས་པའི་ཡི་གེའི་གཞི་ནི་གང་དུའང་གྲུབ་པ་མེད་དོ། །འོན་ཀྱང་གནས་སྐབས་སྣང་ཚུལ་གྱི་ངོས་ནས་བྱེད་ལས་ནི་ཐ་དད་དུ་ཡོད་དེ། །འདི་ལྟར་སྤྲུལ་པའི་ཡི་གེས་ནི་སེམས་ཅན་ཚད་མེད་པའི་དོན་དངོས་སུ་བྱེད་པའོ། །རྩའི་ཡི་གེས་ནི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་རྟེན་བྱེད་པའོ། །ལྷའི་ཡི་གེས་ནི་ལྷ་སོ་སོའི་འཕྲོ་གཞི་བྱེད་པའི་བསྐྱེད་རྗོགས་དག་པའི་དོན་བྱེད་པའོ། སྒྲའི་ཡི་གེས་ནི་གསང་སྔགས་འགྲུབ་པའི་རྒྱུ་བྱེད་པའོ། །དེ་བས་ན་ཆོས་ཐམས་ཅད་ལ་ཡི་གེར་མ་བརྟེན་པ་འགའ་ཡང་མི་སྲིད་ཅིང་། ཡི་གེ་ཡང་ཐུགས་ཀྱི་ཀློང་ནས་རང་བྱུང་ལ། དེ་གཉིས་ཀ་ཡང་སྐུ་ལ་རྟེན་བཅས་པས་ན། གསང་བ་གསུམ་གྱི་ངོ་བོ་དང་རྣམ་རོལ་བརྗོད་དོན་ཐ་དད་དུ་འཛིན་པ་ནི་རྨོངས་པའི་རང་རྟགས་ཙམ་མོ། །འདིར་དེ་དག་གི་ཚུལ་བརྗོད་པས་ལམ་རྐྱེན་ཡི་གེའི་རྒྱུད་འདི་ཡང་དེའི་དུས་ནས་སྒྲར་སྣང་བའི་རྒྱུད་དུ་གྲུབ་པར་ཤེས་ལ། གཞན་དུ་དེ་ལྟར་མ་ཡིན་ན་ཕྱིས་སུ་སྒྲར་གྲགས་པའི་རྒྱུད་དང་། བརྡར་གྱུར་པའི་རྒྱུད་འདི་དག་ཀྱང་འབྱུང་བར་མི་འཐད་དེ་རྒྱུ་མེད་པར་འབྲས་བུ་འབྱུང་མི་སྲིད་པ་དང་། གལ་ཏེ་ཕྱིས་ཀྱི་གང་ཟག་ཕལ་པ་ཞིག་གིས་ཁུངས་མེད་པར་རང་བཟོས་བྱས་སུ་ཆུག་ཀྱང་། ཡི་གེ་བཀླག་པ་དང་། སྔགས་བཟླས་པ་ལ་སོགས་པ་ལ་ཡང་དོན་འབྲས་ཆུང་བར་ཟད་དོ། །དེ་ལྟར་ནའང་དོན་གྱི་ཡི་གེར་སྣང་བ་ཙམ་ལས་ཚིག་ཏུ་གྲགས་པ་ནི་ཅང་མེད་དེ། །དེའི་སྐབས་སུ་རྒྱལ་བ་དགོངས་བརྒྱུད་ཡིན་པའི་ཕྱིར་རོ། །འདི་ལྟར་སྔོན་བྱུང་ལོ་རྒྱུས་དང་འབྲེལ་བར་བསྒོམ་རིམ་དང་སྦྱར་ཚུལ་སོགས་ཡི་གེ་སོ་སོའི་དོན་ཞིབ་རྒྱས་སུ་ནི་འོག་ཏུ་ཡི་གེ་འཕྲེང་བའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཞི་པའི་སྐབས་སུ་ཇི་བཞིན་འཆད་པར་འགྱུར་རོ། །འདི་ལྟ་བུའི་གསུང་གི་སྤྲུལ་པ་ལྟར་སྣང་པའི་ཚུལ་ལ་ལེགས་པར་གཞིག་ན་སྔགས་ཀྱི་རང་སྒྲ་ལས་གཞན་པའི་སྒྲ་དེ་གང་ནའང་ཐོས་པར་དཀའ་ན་ཚུལ་འདི་ནི་ཆོ་འཕྲུལ་རྨད་དུ་བྱུང་བ་ཞིག་གོ །དེ་ལ་ཡང་དཔྱད་པ་དེ་ལྟར་ན་ཡི་གེ་ཉིད་སྒྲར་གྲགས་པ་ཐམས་ཅད་ཀྱི་རྟེན་ཙམ་དུ་གྱུར་པ་ལ་ནི་ཁྱད་མེད་ན་དེས་བསྡུས་པའི་སྒྲ་ལའང་བཟང་ངན་དང་དགེ་སྡིག་ལ་སོགས་ཡོད་དམ་མེད། ཡོད་ན་ནི་ཡི་གེ་ཡང་རེས་འགའ་བཟང་པོ་དང་། རེས་འགའ་ངན་པར་ཐལ་ལ། མེད་ན་ནི་རྫུན་ཕྲ་མ་ལ་སོགས་པའི་ངག་གི་འདུ་བྱེད་མི་དགེ་བ་དག་ཀྱང་སྔགས་དང་སྙིང་པོར་ཐལ་ཏེ། །སྒྲ་རྟེན་ཡི་གེས་བསྡུས་པའི་ཕྱིར་སྙམ་ན། དེ་ཉིད་འདི་ལྟར་ཡིན་ཏེ། སྤྱིར་ཐུན་མོང་ཐེག་པའི་ལུགས་ལའང་ཆོས་ཉིད་ཀྱི་བདེན་པ་ཇི་བཞིན་མཇལ་བའི་གང་ཟག་ལ་ནི་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ཙམ་དུ་མཉམ་པ་ལས་སྤང་བླང་བྱེད་རྒྱུ་འགའ་ཡང་མེད་པའི་ཚུལ། མདོ་ཏིང་འཛིན་རྒྱལ་པོ་ལས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ན། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དྭངས་ལ་ཟླ་བ་ཤར། །དེ་ཡི་གཟུགས་བརྙན་དྭངས་བའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་གའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་དག །སྨིག་རྒྱུ་འགྱུ་བ་ཆུ་ཡི་ཕུང་པོར་སྣང་། །དེ་ལ་བརྟགས་ན་ཆུ་ནི་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལ་སོགས་པ་མདོ་སྡེ་དུ་མར་གསུངས་པ་ལྟར་ཡིན་ལ། ཁྱད་པར་གསང་སྔགས་ཀྱི་ལུགས་ལ་དེ་ལས་ཀྱང་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རང་བཞིན་ལས་གཞན་དུ་མེད་པའི་ལྟ་བ་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་འཆད་ན། སྒྲ་ཚིག་ཙམ་ལ་དེ་ཙམ་གྱི་སྤང་བླང་བྱེད་རྒྱུ་ཅི་ཞིག་ཡོད་དེ། འོན་ཀྱང་ལས་དང་པོ་པའི་དོགས་སེལ་དབང་བཙན་དུ་བྱས་ན། །སྤྱིར་ཁྱབ་བྱེད་དག་ཀྱང་ཁྱབ་བྱ་དག་དགོས་པ་དང་། ངོ་བོ་དག་ཀྱང་བྱེད་ལས་དག་དགོས་པའི་ཁྱབ་པ་ནི་འགའ་ཡང་མེད་དེ། དཔེར་ན་ཆུ་དག་པ་གཅིག་པུ་ལའང་། སྨན་དང་དུག་གི་རིགས་ཐ་དད་དུ་སྦྱར་ན་ཁྱབ་བྱེད་ཆུའི་ངོ་བོ་ཙམ་དག་པ་ལས་མ་འདས་མོད། དེ་ཁྱབ་བྱ་སྨན་དུག་གི་ནུས་པ་སོ་སོར་སྨིན་པ་ལྟ་བུ་དང་། ག་བུར་གཅིག་པུ་ལའང་ངོ་བོ་མ་འགྱུར་བཞིན་ཚད་པའི་སྨན་དང་། འཁྲིས་པའི་དུག་ཏུ་འགྱུར་བའི་བྱེད་ལས་ཐ་དད་དུ་ཡོད་པ་ལྟར་ཡིན་མོད་དེ། །འདིར་ཇི་བཞིན་འཆད་པ་ནི། གཞི་ཡི་གེ་ལ་བཟང་ངན་མེད་ཀྱང་། སེམས་ཅན་རྣམས་ཀྱིས་རྟོགས་མ་རྟོགས་དང་། ཀུན་རྟོག་ལོག་པའི་ཉེར་ལེན་གྱིས་ངག་གི་འདུ་བྱེད་ངན་པར་བསྒྱུར་མ་བསྒྱུར་གྱིས་ལས་གསོགས་ཚུལ་ནི་ཐ་དད་དུ་ཡོད་དེ། དཔེར་ན་སེམས་ཅན་གྱི་ཁམས་ལ་བདེ་གཤེགས་སྙིང་པོའི་ཆོས་ཉིད་ཀྱིས་ཁྱབ་ཚུལ་ཟླ་བ་སྒྲོན་མེའི་མདོ་ལས། །བདེ་གཤེགས་སྙིང་པོའི་འགྲོ་བ་ཡོངས་ལ་ཁྱབ། །ཅེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། ཞེས་གསུངས་པ་ལྟར་ཡིན་ནའང་། དེ་ལྟར་མ་རྟོགས་པའི་འགྲོ་བ་ལ་དེས་ཕན་མི་ཐོགས་པར་མ་ཟད་སྡུག་བསྔལ་གྱི་གཞིར་གྱུར་པ་བཞིན། །འདིར་ཡང་མི་དགེ་བ་ལྟར་སྣང་བའི་སྒྲ་ཚིག་གིས་ཀྱང་ཡི་གེའི་ངོ་བོ་ཅུང་ཟད་ཙམ་ཡང་ངན་དུ་མ་བཏངས་ཀྱང་། མ་རྟོགས་པ་དེ་སྲིད་དུ་དགེ་སྡིག་གི་ཉེར་ལེན་ལྟར་ལས་གསོགས་པའི་གཞི་དང་སྒྲའི་རྟེན་བྱེད་པ་ཡིན་ནོ། །དེ་བས་ན་འདིར་གསུང་ཡི་གེའི་འཁོར་ལོ་ཇི་ལྟར་སྣང་བར་མཛད་པ་དང་། ཆབས་ཅིག་ཐུགས་དགོངས་པའི་བྱིན་བརླབས་ལས་ཀྱང་དོན་མ་འཁྲུལ་བ་ཉིད་རྟོགས་པར་མཛད་པའི་ཚུལ་འཆད་མ་རགས་པའོ། །རྒྱུ་མཚན་དེ་དག་གི་ཕྱིར་མདོ་རྒྱུད་ཟབ་མོའི་གཞུང་ལ་ཐོས་བསམ་རྒྱ་ཆེན་པོ་བྱེད་མ་ནུས་ནའང་། རང་དེ་ལ་མཐུན་པར་སྣང་བའི་འཁོར་བའི་ཆོས་འདི་དག་གི་གནས་ལུགས་མ་འཁྲུལ་བ་ཉིད་ཅི་ལྟ་བུ་ཞིག་ཡིན་ཅུང་ཟད་རེ་དཔྱད་ཅིང་གཏན་ལ་འབེབས་པའི་བློ་མིག་མ་ཟུམ་པར་གྱུར་ནའང་། ལམ་འཁྱེར་དང་རྒྱས་འདེབས་སོགས་བློས་བྱས་ཀྱི་འཆིང་ཐག་ལ་གཅེས་ནོར་དུ་འཛིན་མི་དགོས་པ་ཙམ་གྱི་གོ་བ་ནང་ནས་རྙེད་པར་གདའ་སྟེ། གཟུ་བོར་གནས་པ་དག་གིས་མཁྱེན་པར་བྱས་ནས། དེའི་ངང་དུ་ཉམས་སུ་ལེན་པར་བྱ་བ་ལས། ཀུན་རྟོག་ལོག་པའི་ལམ་དུ་འཁྱེར་བ་དག་ལ་ནི་དེ་ལྟར་འཆད་པ་ཡང་མ་ཡིན་ལ། རྩོད་པ་ཡང་རེ་ཞིག་འདིར་མི་བྱའོ། །འོ་ན་འདི་དག་སྔོན་བྱུང་གིས་ལོ་རྒྱུས་ཡིན་ནམ། རྗེས་འཇུག་གི་ཉམས་ལེན་ཡིན་ཞེ་ན། གཉིས་ཀ་ཡིན་ཏེ་སྤྱིར་རྒྱུད་དབུ་ཞབས་ཀྱི་དོན་མཐའ་དག་ལོ་རྒྱུས་ལས་མ་འདས་ཤིང་། ཁྱད་པར་བརྒྱུད་པ་གསུམ་ལྡན་གྱི་བླ་མ་དམ་པ་རྣམས་ལོ་རྒྱུས་དེ་ཉིད་ཐུགས་ཉམས་སུ་བཞེས་པས་གྲོལ་ན། ཁོ་བོ་ཅག་ཀྱང་དེ་གས་ཡིད་ཚིམ་པ་ལགས་སོ། །དེ་ལྟར་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་རོལ་པ་ཅིར་ཡང་སྣང་བར་མཛད་པ་དང་། གཉིས་སུ་མེད་པར། གསང་གསུམ་དབྱེར་མི་ཕྱེད་པའི་ངང་ལས། ཆོ་འཕྲུལ་གསུམ་པ་ཇི་ལྟར་མངོན་དུ་མཛད་པ་ནི། འདི་ལྟར་ཡི་གེའི་སྒྱུ་འཕྲུལ་སྣང་བར་མཛད་པ་རྣམས་ཀྱི་བརྗོད་བྱའི་གནས་ལུགས་མ་འཁྲུལ་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ཀྱི་ཐུགས་ལ་ཇི་ལྟར་མངའ་བ་བཞིན། ཉིད་ལས་མི་གཞན་པའི་འཁོར་ཡེ་ཤེས་རྒྱ་མཚོ་བཅུད་དུ་སྨིན་པའི་རང་གཟུགས་རྒྱལ་བ་རིགས་ལྔ་ལ་སོགས་པའི་ཐུགས་སུ་ཆུད་པར་བྱིན་གྱིས་བརླབས་ནས། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ཀྱི་ཀུན་རྟོག་གི་རྒྱུན་ཆོས་ཉིད་དེ་བཞིན་ཉིད་དུ་ངལ་བསོ་བར་བྱ་བའི་ཕྱིར། །ཐེག་པ་ཀུན་གྱི་འཕྲོ་གཞི་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ལ་སོགས་པའི་གསང་བ་ཆེན་པོ་མཐའ་དག་གི རྒྱུད་དོན་ཚིག་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཉིད་ཀྱི་དགོངས་པའི་ཀློང་ནས། ཉིད་ཀྱི་ཐུགས་ལ་ཡོངས་སུ་མཁྱེན་པར་མཛད་དོ། །དེ་ལྟར་རྒྱུད་སྡེ་ཟབ་མོ་འདི་ཉིད་དངོས་ཀྱི་གདུལ་བྱར་མ་གྱུར་པ་རྣམས་ཀྱང་བརྒྱུད་ནས་གདུལ་བར་བྱ་བའི་ཕྱིར། རང་རང་དང་མཐུན་པའི་ཐུབ་པར་སྤྲུལ་ནས་ཐེག་པའི་རིམ་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པར་འགྱུར་བའི་ཚུལ་གོང་དུ་བརྗོད་པ་དེ་དག་ཀྱང་འདི་ཉིད་ཀྱི་བྱིན་རླབས་ལས་ཤུགས་ལ་སྣང་བར་ཤེས་པར་བྱ་སྟེ། རང་གཞུང་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། དམ་ཚིག་སྒྲུབ་དང་གྲུབ་པ་དང་། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་སོགས་གསུངས་པ་ལྟར་ཡིན་ལ། དེ་བས་ན་ཆོ་འཕྲུལ་འདི་ནི་ཆོ་འཕྲུལ་གཞན་དག་གི་ཁྱབ་བྱེད་དང་སྤྲུལ་གཞི་ཡང་ཡིན་ལ། དེ་དག་གིས་གཏན་ལ་དབབ་པའི་དོན་མ་འཁྲུལ་བ་ལུང་དང་རྟོགས་པའི་བསྟན་པ་དང་། དེ་ཉིད་རྗེས་འཇུག་གིས་ཉམས་སུ་བླང་བའི་འབྲས་བུ་དང་བཅས་པའང་ཡིན་པས་ན་ཆོ་འཕྲུལ་ཀུན་གྱི་མཆོག་ཏུ་གསུངས་པ་ཡིན་ཏེ། མཛོད་ལས། ཆོ་འཕྲུལ་རྣམས་ལས་བསྟན་པ་མཆོག །མི་འཁྲུལ་ཕྱིར་དང་དང་མཐུན་ཕྱིར་དང་། །ཡིད་འོང་འབྲས་ལ་སྦྱོང་བྱེད་ཕྱིར། ཞེས་སོ། །དེ་ལྟ་བུའི་ཐུགས་ཀྱི་ཆོ་འཕྲུལ་ཉིད་ཀྱི་བརྗོད་བྱའི་གནས་ལུགས་ཇི་བཞིན་པའི་ངོ་བོ་ནི་ཡེ་ཤེས་ཁོ་ནས་སྤྱོད་ཡུལ་ལས་རྟོག་གེས་དཔྱད་པའི་རྟོགས་པར་མི་འགྱུར་བའི་ཚུལ། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། །སོ་སོ་རང་རིགས་ཡེ་ཤེས་སྤྱོད་ཡུལ་པ། ཞེས་དང་། དགོངས་འདུས་ལས། དཔེའམ་ཚད་མའམ་གཏན་ཚིགས་སམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ཏེ། །དམུས་ལོང་མཁའ་ལ་མཐོ་འཇལ་འདྲ། ཞེས་དང་། གལ་པོ་ལས། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་འདིར་དེའི་རང་བཞིན་རྒྱུད་དོན་ཙམ་དབྱེ་གཞིར་བྱས་ནས་ཐ་སྙད་ཀྱིས་ལྡོག་པའི་ཆ་ནས། དབྱེ་བས་དོན་སྤྱིའི་ཚུལ་དུ་གཏན་ལ་འབེབ་པར་འཆད་པ་ལ་ནི་སྐྱོན་དེ་དག་ཡོད་པ་མ་ཡིན་ཏེ། དཔེར་ནམ་མཁའི་པདྨོ་དང་རི་བོང་གི་རྭ་ལ་སོགས་པ་ཤེས་བྱའི་གཞི་མ་གྲུབ་པ་དག་ཀྱང་། མ་དཔྱད་ན་ཡོད་མེད་ཀྱི་ཕྱོགས་གཅིག་ཏུ་ཁ་ཚོན་གཅོད་མི་ནུས་པ་དང་། ཐ་སྙད་ཙམ་དུ་དཔྱད་པའི་ཡུལ་དུ་བཞག་པ་ལ་ཡང་མི་འགལ་བ་བཞིན་ནོ། །དེ་ལྟར་ཡིན་ཡང་བརྗོད་བྱ་གཏན་ལ་མི་ཕེབ་པར་དབྱེ་བས་ཅི་ཞིག་བྱ་ཞེ་ན། དབྱེ་བ་ཤེས་པ་ཙམ་གྱིས་བརྗོད་བྱ་ཇི་བཞིན་པར་གཏན་ལ་མི་ཕེབ་ཀྱང་། ཀུན་ཁྱབ་ཀྱི་ཚད་མ་གསུམ་གྱིས་གཞལ་བས་དབྱེ་ཆོས་ཕྱོགས་ཙམ་གོ་བ་དེ་ཉིད་བསྐྱེད་རྫོགས་ཟབ་མོས་ཉམས་སུ་བླངས་ན། མཐར་རྣམ་སྨིན་རིག་འཛིན་ནས་རིམ་བཞིན་འཕགས་པའི་ཡེ་ཤེས་དང་མཇལ་བ་ཡིན་ལ། གཞན་དུ་གལ་པོ་ལས། ཤེས་བྱའི་ནང་ནས་དམ་པར་ནི། །གྱུར་ཕྱིར་ངེས་པའི་ཚིག་ཡིན་ནོ། ཞེས་དོན་དམ་ཤེས་བྱར་གསུངས་པ་ཡང་ཚུལ་འདི་ཙམ་དུ་དགོངས་པར་ཟད་དོ། །དེ་བས་ན་དོན་གྱི་ངོ་བོ་ཤེས་བྱ་ཤེས་བྱེད་ལས་འདས་ཀྱང་ཐ་སྙད་ཙམ་དུ་གཏན་ལ་ཕབ་པའང་། བརྒྱུད་ནས་རྟོགས་པའི་ཐབས་སུ་སོང་བའི་ཕྱིར་དོན་མེད་པའང་མ་ཡིན་ལ། ཤེས་པ་ཙམ་གྱིས་རྟོགས་པར་མ་ངེས་པས་ན་སྔ་མ་དང་ཡང་བརྗོད་དོན་གཅིག་པ་ཡིན་ནོ། །འདི་དག་ལ་སྔ་རབས་པ་དག་མང་དུ་རྩོད་པར་འདུག་ནའང་། རེ་ཞིག་འདིར་དེ་ཙམ་དུ་འཐུས་པར་བྱས་ནས་སྐབས་དོན་གྱི་བརྗོད་བྱ་བསམ་གྱིས་མི་ཁྱབ་པ་དག་བསྡུ་ན་གཞི་ལམ་འབྲས་བུའི་རྒྱུད་གསུམ་དུ་འདུ་བ་ཡིན་ཏེ། དེ་ལས་མང་མི་དགོས་ལ་ཉུང་ན་མི་འདུ་བའི་ཕྱིར། སྤྱན་འགྲེལ་ལས། གཞི་ལམ་འབྲས་བུའི་ཤེས་བྱ་རྣམས། །འབྲུ་མཐུན་ཚིག་དོན་ཤེས་བྱའི་ཕྱིར། །རྣམ་གསུམ་རྒྱུད་ཀྱི་དོན་དུ་བསྡུས། ཞེས་གསུངས་པ་ལྟར་གསུམ་གྱིས་དང་པོ་གཞི་ལ་ཡང་དབྱེ་ན་རིམ་གསུམ་ལས། ངོ་བོའི་གཞི་དང་བརྟགས་པའི་གཞི། ཞེས་པ་ལྟར་གཉིས་ལས། དང་པོ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས། སེམས་ཀྱི་དམ་པའམ་སེམས་ཀྱི་ཆོས་ཉིད་རྣམ་པར་དག་པས། འཁོར་འདས་ཡོངས་ལ་ཁྱབ་པར་གནས་པ་དེ་ལ་གཏགས་པ་ཡིན་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། །རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །དེ་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། །ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་བར་གཤེགས་པའི་སྙིང་པོའང་དེ། ཞེས་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་རྣམ་པར་དག་པའི་རང་བཞིན་ནི་དངོས་གནས་པ་ཡིན་ལ། ལུང་ཕྱི་མར་ཀུན་གཞིའི་སྒྲས་སྨོས་པ་ནི། ཀུན་གཞིའི་ཡེ་ཤེས་ལ་དགོངས་པ་ཡིན་ཏེ། ཐེག་པ་ཐུན་མོང་པའི་ཆོས་སྐད་དུ་སོང་ལ། དེ་ཙམ་དུ་མ་ཟད་རང་བཞིན་གནས་རིགས་དང་། འགྱུར་མེད་ཡོངས་གྲུབ་སོགས་མང་དུ་གསུངས་པ་དག་ཀྱང་། དོན་འདི་ལས་མ་འདས་མོད་དེ་ཞིབ་མོར་ཤེས་པར་འདོད་ན་རྒྱ་གར་གྱི་ལྟ་གྲུབ་རྣམ་བཞིའི་གཞུང་བཀོད་པ་དག་ལས་རྟོགས་པར་བྱ་ཞིང་། འདིར་གཅིག་ཏུ་དྲིལ་ནས་འཆད་པར་བྱ་བའི་ངོ་བོ་ནི། རིམ་གསུམ་ལས། ངོ་བོ་ཐམས་ཅད་སེམས་ཉིད་དེ། །གསེར་གྱི་དཔེ་བཞིན་གཉིས་སུ་མེད། །ཅེས་གསུངས་པ་ལྟར་གསེར་དང་གསེར་གྱི་ཁ་དོག་དབྱེར་མེད་པ་བཞིན་དུ་གཞིའི་ཆོས་ཉིད་ཀྱིས་ཀྱང་། འཁོར་འདས་ཡོངས་ལ་དབྱེར་མེད་པར་ཁྱབ་ནའང་། རང་གི་ངོ་བོ་ལ་ནི་བཅིངས་གྲོལ་གང་ཡང་མེད་པའི་ཚུལ། འདི་ཉིད་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །སོགས་ཀྱིས་སྟོན་པ་ལྟར། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་འབྱམས་སངས་རྒྱས་ཆོས། །ཐོག་མ་ཐ་མ་དབུས་མ་མེད། །ནམ་མཁའ་ལྟ་བུའི་རང་བཞིན་ལ། །མི་ཤེས་བྱིས་པ་རྣམ་པར་འཁོར། །འོན་ཀྱང་བཅིངས་མེད་བཀྲོལ་མེད་པ། །སྒྱུ་མ་ལྟ་བུའི་རང་བཞིན་ནོ། །ཞེས་པས་ལེགས་པར་བསྟན་པ་ཡིན་ནོ། །གཉིས་པ་བརྟགས་པའི་གཞི་ནི། དེ་ལྟ་བུའི་གནས་ལུགས་ལ་སྒྲིབ་པར་བྱེད་པའི་གཉིས་སྣང་འཁོར་བའི་ཆོས་སུ་གྲུབ་པ་མཐའ་དག་སྟེ། དེའི་ངོ་བོ་ཡང་རིམ་གསུམ་ལས། ངོ་བོ་སྣོད་བཅུད་འཇིག་རྟེན་གྱི། །སྣང་དང་ཞེན་པའི་ཆོས་རྣམས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ཡང་ངོ་བོའི་གཞི་རྣམ་པར་དག་པ་ཞིག་ལ་འཁྲུལ་བ་བརྟགས་གཞི་མ་དག་པ་ཞིག་གིས་ཅིའི་ཕྱིར་བསྒྲིབ་སྙམས་ན། བདག་ཏུ་འཛིན་པ་ལ་མངོན་པར་ཞེན་ནས་རང་སྣང་ལ་གཞན་དུ་བཟུང་པས་བསྒྲིབ་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། འདི་དག་ནི་བདག་མེད་པ་ཡིན་མོད་དེ་། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་བདག་ཏུ་འཛིན་པ་ལ་ཞེན་པ་དག་ནི་བདག་གི་ཕུང་པོ་རྣམས་ལ་བདག་ཡོད་དོ། །ཞེས་མངོན་པར་ཞེན་པས་དེ་ཁོ་ན་ཉིད་ཁོང་དུ་མི་ཆུད་དོ། །ཟོ་ཆུན་གྱི་ཆུན་མོའམ་འགལ་མེའི་འཁོར་ལོ་ལྟར་འཁོར་བའི་འཁོར་ལོར་འཁྱམ་མོ། །ཞེས་སོ། དེས་ཇི་ལྟར་བསྒྲིབ་ནས་འཁྲུལ་སྣང་གྲུབ་ཚུལ་ཡང་། པདྨ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུ་པདྨ་རྣམ་པར་རོལ་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ། ཕྱི་རོལ་གྱི་ཡུལ་འདི་དག་བྱེད་པ་པོས་བྱས་པའམ་ཇི་ལྟར་བལྟ་བར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ། ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། སེམས་སམ་རྟོག་པའི་བག་ཆགས་ཀྱི་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བརྟས་ཀྱང་རི་དང་རྒྱ་མཚོ་དང་། ཉི་མ་དང་ཟླ་བ་ལ་སོགས་པ་སྲ་ཞིང་འཐས་པ་ལྟར་གྱུར་པ་སྣང་བ་ག་ལ་རུང། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྣང་དུ་རུང་སྟེ། གྲོང་ཁྱེར་ཆེན་པོ་ཝྺ་རཱ་ཎ་སཱི་ན་བྲམ་ཟེ་མེ་སྦྱིན་ཞེས་བྱ་བས་རང་གི་ལུས་སྟག་ཏུ་བསྒོམས་པས། གྲོང་ཁྱེར་གྱི་མི་རྣམས་ཀྱིས་སྟག་ཏུ་མཐོང་ནས་བྲོས་པས་གྲོང་ཁྱེར་སྟོངས་པ་བྱུང་ངོ་། །ཟད་པ་ས་དང་ཆུ་བསྒོམས་པས་ས་དང་ཆུར་སྣང་བ་དང་། རྣལ་འབྱོར་སྤྱོད་པའི་དགེ་སློང་གི་མི་གཙང་བའང་རུས་གོང་གི་འདུ་ཤེས་བསྒོམས་པས་དེར་སྣང་བ་ཡིན། ཐོག་མ་མེད་པའི་བག་ཆགས་བརྟས་པས་ཅི་སྟེ་མི་སྣང་། ལྷའི་བུས་སྨྲས་པ། བག་ཆགས་བརྟས་པའི་དབང་གིས་རྣམ་པ་སྣ་ཚོགས་པའི་དབང་གིས་དུ་མར་སྣང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། སྣང་བ་ཐམས་ཅད་མ་ངེས་པ་ཡིན་ཏེ། ལ་ལའི་སྣང་བ་ནི་ལ་ལས་མུན་པ་ཡིན་ནོ། །འདི་ལྟར་ས་ལ་སར་འདུ་ཤེས་པ་དང་། ས་ལ་ཆུར་འདུ་ཤེས་པའང་ཡོད། ས་ལ་མེར་འདུ་ཤེས་པའང་ཡོད། ས་ལ་ལོངས་སྤྱོད་དུ་འདུ་ཤེས་པའང་ཡོད། །ས་ལ་སྡུག་བསྔལ་དུ་འདུ་ཤེས་པའང་ཡོད། །མེ་ལ་མེར་འདུ་ཤེས་པའང་ཡོད། མེ་ལ་ལོངས་སྤྱོད་དུ་འདུ་ཤེས་པའང་ཡོད། མེ་ལ་གནས་སུ་འདུ་ཤེས་པའང་ཡོད། མེ་ལ་ཟས་སུ་འདུ་ཤེས་པའང་ཡོད། ཆུ་ལ་ཆུར་འདུ་ཤེས་པའང་ཡོད། ཆུ་ལ་མེར་འདུ་ཤེས་པའང་ཡོད། ཆུ་ལ་སར་འདུ་ཤེས་པའང་ཡོད། ཆུ་ལ་བདུད་རྩིར་འདུ་ཤེས་པའང་ཡོད། ཆུ་ལ་གནས་སུ་འདུ་ཤེས་པའང་ཡོད། ནམ་མཁའ་ལ་ནམ་མཁར་འདུ་ཤེས་པའང་ཡོད། ནམ་མཁའ་ལ་གནས་སུ་འདུ་ཤེས་པའང་ཡོད། ནམ་མཁའ་ལ་སར་འདུ་ཤེས་པའང་ཡོད། དེ་བས་ན་ངེས་པ་མེད་པའི་ཕྱིར་བག་ཆགས་ཀྱི་དབང་གིས་གང་ལྟར་ཡང་སྣང་བ་ཡིན་ནོ། །ཞེས་ཤིན་ཏུ་གསལ་བ་གསུངས་པ་ལྟར་འཁྲུལ་སྣང་མཐའ་གཅིག་ཏུ་མ་ངེས་པ་རྨི་ལམ་ལྟར་ཤེས་པར་བྱ་ཞིང་། གཞན་ཡང་རྫས་གཅིག་ལ་དུ་མ་དང་། མི་གཅིག་ལ་དགྲ་གཉེན་ཐ་དད་དུ་སྣང་བ་ཡང་མི་འགལ་བའི་ཚུལ། དོ་ཧ་མཛོད་ལས། ཇི་ལྟར་རླུང་གིས་བརྒྱབ་པས་མི་གཡོ་བའི། །ཆུ་ཡང་གཡོ་བའི་རྦ་རླབས་རྣམས་སུ་འགྱུར། དེ་ལྟར་རྒྱལ་པོ་མདའ་བསྣུན་སྣང་བ་ཡང་། གཅིག་ཉིད་ན་ཡང་རྣམ་པ་སྣ་ཚོགས་བྱེད། ཇི་ལྟར་རྨོངས་པས་ལོག་ནས་བལྟས་པ་ཡིས། །མར་མེ་གཅིག་ཉིད་གཉིས་སུ་སྣང་བར་འགྱུར། །དེ་ལྟར་བལྟ་བྱ་ལྟ་བྱེད་གཉིས་མེད་ལ། ཀྱེ་མ་བློ་ནི་གཉིས་ཀྱི་དངོས་པོ་སྣང་། ཞེས་ཆུ་གཅིག་ཉིད་རླུང་གིས་བསྐྱོད་པས་རྦ་རླབས་མང་པོར་སྣང་བ་དང་། མར་མེ་གཅིག་ཉིད་མིག་བཙིར་བས་གཉིས་སུ་སྣང་བ་དང་། ས་ར་ཧ་གཅིག་ཉིད་བཟང་ངན་གཉིས་སུ་མཐོང་བ་ལྟར་ཆོས་ཐམས་ཅད་དོན་ལ་གཉིས་སུ་མེད་པ་ལ་གཉིས་སུ་འཛིན་པས་བསླད་པ་དེ་དང་འདྲ་བར་གསུངས་པ་ལྟར་ཡིན་ལ། དེ་ཡང་ཐོག་མའི་སྤྱི་གཞིའི་སྟེང་ནས་རྒྱུ་མ་རིག་པ་གཉིས་དང་། རྐྱེན་བཞིས་འཁྲུལ་སྣང་མཐུ་བརྟས་ཏེ་བག་ཆགས་སོ་སོར་གྲུབ་པའི་ཚུལ་ནི་སྔོན་དུའང་མདོ་ཙམ་བསྟན་ལ། འོག་ཏུ་གཞུང་དོན་གྱི་སྐབས་སུ་ཡང་ཅི་རིག་པར་སྟོན་པ་ཡིན་ནོ། །དེ་ལྟ་བུའི་གཞིའི་གནས་ལུགས་གང་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྟེན་པས་སམ། ཆོས་ཐམས་ཅད་དེ་ལས་འབྱུང་བས་ན་དེས་ཚིག་ཀྱང་། རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། ཞེས་སོ། གཉིས་པ་ལམ་རྒྱུད་ནི་གཞི་རྒྱུད་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས་ཤེས་ཟུང་འཇུག་གི་བྱེད་རྩོལ་དང་བཅས་པ་སྟེ། དེ་ལ་ཡང་ལམ་དངོས་བཤད་པ་དང་། དེའི་ཡན་ལག་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལ་ཡང་དབྱེ་ན་བཤད་རྒྱུད་རྒྱ་མཚོ་ལས། གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་པ་ལྟར་ཐབས་གྲོལ་གྱི་ལམ་གཉིས་ལས། དང་པོ་ཐབས་ལམ་ནི་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་ཐོབ་པར་བྱེད་པ་སྟེ། དཔེར་ན་རིན་པོ་ཆེ་མ་ཀྵེ་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་བསྒྱུར་བ་བཞིན་ཏེ། དེ་ལའང་རིམ་གསུམ་ལས། གདམས་ངག་སྟེང་དང་འོག་གི་སྒོ །ཞེས་པ་ལྟར་རིམ་གྱིས་དང་ཅིག་ཅར་གྱི་ལམ། སྟེང་སྒོ་འཇུ་བརྟུལ་དང་། འོག་སྒོ་བདེ་བ་ཆེན་པོ་གཉིས་སུ་ཡོད་ཀྱང་འདིར་དེ་ཙམ་མོ། །གཉིས་པ་གྲོལ་ལམ་ནི་གཙོ་བོར་ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་རང་རྒྱུད་ཀྱི་འཆིང་བ་ཆོས་ཉིད་དུ་གྲོལ་བར་བྱེད་པ་སྟེ། རིན་པོ་ཆེ་ཀཽ་ཏུ་བྷ་དང་ལྷན་ཅིག་བཞག་པའི་རྡོའི་ཁམས་རིམ་གྱིས་གསེར་དུ་འགྱུར་བ་བཞིན་ཏེ། དེ་ལ་ཡང་ལམ་རིམ་ལས། རིང་པའང་རིམ་དང་ཅིག་ཅར་བའོ། །ཞེས་པ་ལྟར་གྲོལ་ལམ་ཅིག་ཅར་བ་དང་། རིམ་གྱིས་པ་གཉིས་སུ་ཡོད་པ་ལས། དང་པོ་ནི། དབང་པོ་ཡང་རབ་ཁ་ཅིག་སྔོན་གྱི་སྨོན་ལམ་དང་བླ་མའི་ཐུགས་རྗེ་ལ་བརྟེན་ནས་གནས་སྐབས་སུ་མོས་གུས་དྲག་པོ་ཙམ་གྱིས་རྐྱེན་བྱས་ཏེ་སྐད་ཅིག་ལ་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ཡིན་ཀྱང་། འདི་ལའང་མཆོག་དམན་གྱི་ཁྱད་ནི་ཡོད་པར་མངོན་ཏེ། དཔེར་ན་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡ་བྷོ་ཏི་ལྟ་བུ་དབང་དུས་སུ་རྟོགས་གོམས་ཆིག་རྫོགས་སུ་གྱུར་པའི་ཚུལ་དང་། སློབ་དཔོན་ཆེན་པོས་མན་ངག་ལྟ་ཕྲེང་དུ་ནི་འཆད་འགྱུར་གྱི་མཚན་ཉིད་གསུམ་གྱི་རིམ་པས་གོམས་པ་མཐར་ཕྱིན་པར་བྱེད་པའི་ཚུལ་མྱུར་བུལ་ཙམ་མ་གཏོགས་རིམ་གྱིས་པ་དང་ལམ་གྱི་འགྲོས་གཅིག་པར་གསུངས་པ་གཉིས་ལ་དཔྱད་པས་ཤེས་སོ། །གཉིས་པ་རིམ་གྱིས་པ་ལའང་རང་གཞུང་ལས། ཤེས་འཇུག་མཚན་ཉིད་འབྱོར་བས་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ ། །རིགས་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པ་ལྟར་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་འབྲས་བུའི་མཚན་ཉིད་རིག་འཛིན་བཞི་སྟེ་གསུམ་ལས། དང་པོ་ནི་ལམ་རིམ་ལས། གཞི་དང་གཏན་ཚིག་གྲུབ་པའི་དོན་ཞེས་པས་གཞལ་བྱ་ཞེན་སྣང་དང་བཅས་པའི་གཞི་རྒྱུད་གང་ཞིག་ འཇལ་བྱེད་གཏན་ཚིག་རྣམས་ཀྱིས་གཏན་ལ་ཕབ་པས་གྲུབ་དོན། ཐུན་མོང་ཡིད་དཔྱོད་ཀྱི་ལྟ་བ་རྗེས་དཔག་ཙམ་མ་ཡིན་པར་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་མངོན་སུམ་དུ་གཏན་ལ་ཕེབས་པ་ནི་གྲུབ་པའི་མཐའ་ཡིན་ཏེ། ལམ་རིམ་ལས། རྒྱ་མཚོ་དྭངས་བའི་གཟུགས་བརྙན་ལྟར། །སྒྲ་བརྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་བསྒུལ་བར། །ངེས་པར་གདེངས་སུ་གང་བྱས་པ། །ཐོས་བསམ་བརྟེན་པའི་ལྟ་མཐར་ཕྱིན། །ཞེས་སོ། །ཚུལ་འདི་ལ་འཇམ་མགོན་ས་སྐྱ་པཎྜི་ཏས་སྡོམ་གསུམ་རབ་དབྱེར་དགོངས་གཞི་དང་བཅས་ནས་དགོངས་པ་དུ་མས། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་གསུངས་པ་ལ་གཞུང་འདི་འཛིན་པའི་བདག་ཉིད་ཆེན་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་། ཁྱད་པར་གསང་ཆེན་བླ་ན་མེད་པའི་རྒྱུད་སྡེའི་དགོངས་དོན་ཟབ་མོ་ཤིན་ཏུ་གསང་བ་དག་གིས་ཐུགས་རྒྱུད་ཡོངས་སུ་གཏམ་པའི་མཁས་གྲུབ་བསྟན་པའི་བདག་པོ་དག་གིས་ཐུགས་མ་རངས་པའི་རྣམ་འགྱུར་དང་བཅས་ནས་འདི་སྐད་དུ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་ཕྱིར་དང་། དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཞེས་དང་། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། འཇམ་དཔལ་གྱིས་སྟོན་པ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། སྟོན་པས། རྒྱུ་ལ་མོས་པར་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ན། །རྡོ་རྗེ་ཐེག་པའི་ཉེ་ལམ་ནི། །མ་འོངས་དུས་ན་འབྱུང་བར་འགྱུར། ཞེས་སྔགས་ནི་འབྲས་བུ་ལམ་དུ་བྱེད་པ་དང་། སངས་རྒྱས་དངོས་ཡོད་པར་སྟོན་པས་ན་ངེས་དོན་མཐའ་ཐུགས་གི་ཐེག་པ་སྟེ། ལུང་སྔ་མར་མ་རྨོངས་དང་ཞེས་པས། ཕར་ཕྱིར་ཐེག་པ་ལ་ཟབ་གསལ་གང་ཐད་ནས་ཀྱང་རྨོངས་པའི་ཆ་ཕྱོགས་རེ་ད་དུང་ཡོད་པར་གསུངས་པ་དང་། དབང་པོ་རྣོན་པོ་ཞེས་པས། མདོ་ལས་སྔགས་ཀྱི་ཤེས་རབ་ཡང་ཁྱད་པར་ཅན་དུ་བསྟན་པས་ན་ལྟ་བའང་དེའི་ཁྱད་པར་གྱི་ཆོས་སུ་རིག་པར་བྱ་ལ། ལུང་ཕྱི་མར་རྒྱུ་འབྲས་ལྷུན་གྲུབ་ཏུ་ཞེས་སོགས་ཀྱིས་མཆོག་ཏུ་མི་འགྱུར་པའི་བདེ་བ་ཆེན་པོ་ལྷན་སྐྱེས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི་རྡོ་རྗེ་ཐེག་པའི་སྔགས་ཀྱི་ཁྱད་ཆོས་སུ་གསུངས་པ་ཡིན་ཏེ། ཁྱེད་ཅག་མོས་པའི་རྒྱུད་དུས་ཀྱི་འཁོར་ལོ་ལས་ཀྱང་། དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་སྔགས་ཀྱི་ཐེག་པར་བསྟན། ཞེས་སོགས་གསར་རྙིང་རིས་མེད་ཀྱི་མདོ་རྒྱུད་ཚད་མ་དག་ལས་འབྱུང་བ་མ་མཐོང་བར་ཟད་དོ་ཞེས་ལན་འདེབས་པར་བྱེད་པ་ལ། ཚུལ་དེ་དག་གི་དགོངས་པ་ཇི་བཞིན་མ་རྟོགས་པའི་རྨོངས་པ་དག །བདག་ཏུ་འཛིན་པའི་གཉིས་འཐུང་ལོག་པར་ལྟ་བའི་མྱོས་བྱེད་ཀྱིས་རབ་ཏུ་རྒྱགས་པར་བྱས་ནས་ཕྱོགས་ལྷུང་གི་གཡང་སར་རྩ་ལྟུང་དྲུག་པའི་ནོངས་པ་ཆེན་པོ་བདག་གིར་བྱས་ཏེ་ཐར་པའི་སྲོག་རྩ་ཉེ་བར་བསུབ་པའི་གཏམ། གཅིག་སྟེ་ལེགས་ན་ཅིག་ཤོས་ནི་གཞན་ནོ་ཞེས་སྨྲ་བར་བྱེད་པ་ནི་རྣམ་པ་ཀུན་ཏུ་འོས་པ་མ་ཡིན་པའི་ལུང་རིགས་ཀྱི་མཚོན་ཆ་རྣོན་པོ་སྙིང་ལ་གཟེན་པ་ཉིད་དེ། རྒྱུད་བླ་མ་ལས། ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུངས་ཡིན་ལྡོག་པ་གཞན། ཞེས་ཐར་པའི་ལམ་དང་འབྲེལ་པའི་ཆོས་ཐམས་ཅད་སངས་རྒྱས་ཀྱི་གསུང་ཁོ་ན་ཡིན་པར་གསུངས་པའི་ཕྱིར་རོ། །དེས་ན་ཁོ་བོ་ཅག་ནི་ཚུལ་འདི་གཉིས་དགོངས་དོན་གཅིག་པར་མཐོང་ཏེ། དཔེར་ན་རྒྱ་མཚོ་ཆེན་པོ་ལས་ཀུ་ཤའི་ཆུན་པོས་ཉེ་བར་བླངས་པའི་ཆུ་ཐིག་དེ་རྒྱ་མཚོའི་ཆུ་ཡིན་པས་ཁྱབ་ཀྱང་། རྒྱ་མཚོ་ནི་ཆུ་ཐིག་དེ་ཡིན་པས་མ་ཁྱབ་ལ། ཆུའི་ངོ་བོ་ཙམ་ལ་ལྟོས་ནས། རྒྱ་མཚོའི་ཆུ་ཡང་འདི་ལས་མི་ལྷག་གོ །ཞེས་བརྗོད་ཀྱང་དེ་ཀས་རྒྱ་མཚོའི་ཁྱད་ཆོས་རྣམས་མེད་དུ་མི་འགྲོ་བ་ལྟར། གསང་ཆེན་བླ་ན་མེད་པའི་རྒྱུད་སྡེ་འདི་ལས་འཕྲོས་པའི་ཐེག་པ་ཐུན་མོང་པ་དག་གི་ལྟ་བ་ཡང་སྔགས་ཀྱི་ལྟ་བ་ཡིན་པས་ཁྱབ་ལ། སྔགས་ཀྱི་ལྟ་བ་ཡིན་ན་དེའི་ལྟ་བ་ཡིན་པའི་མ་ཁྱབ་ཅིང་། གནས་སྐབས་སུ་དགོས་ཆེད་དང་བཅས་ནས་དབུ་མའི་ལྟ་བ་ལྟ་བུ་ལ་སྤྲོས་པ་དང་བྲལ་བའི་ཆ་ནས། སྔགས་སྤྲོས་བྲལ་གྱི་ལྟ་བ་ཡང་འདི་ལས་མི་ལྷག་གོ་ཞེས་བརྗོད་ཀྱང་། དེ་ཀའི་སྔགས་ཀྱི་མི་འགྱུར་པའི་བདེ་བ་ཆེན་པོ་ལ་སོགས་འཕགས་ཆོས་རྣམས་མེད་དུ་འགྲོ་མི་དགོས་པར་གྲུབ་ལ། ཚུལ་དེས་སྔ་མའི་རྒོལ་བ་ཡང་དགོངས་གཞི་དགོངས་པ་དང་བཅས་པ་སྟེ། དགོངས་གཞི་ནི་ངོ་བོ་སྤྲོས་བྲལ་ཙམ་ལ་བྱས་ནས། དགོངས་པ་དེང་སྐབས་སྔགས་པར་ཁས་འཆེ་ནས་ཕ་རོལ་ཕྱིན་པའི་ལྟ་སྤྱོད་ཟབ་མོ་རྒྱང་དུ་བོར་ཏེ། དེ་དང་དངོས་སུ་མ་འབྲེལ་པའི་ལྟ་བ་ཁྱད་པར་ཅན་གཞན་ཞིག་སྔགས་ལ་ཡོད་དོ་ཞེས། ཁྱད་གཞི་མེད་པའི་ཁྱད་ཆོས་གྱི་གོ་བ་ཙམ་ལ་གདེངས་བཅས་ནས་སྔགས་ཀྱི་སྦྱོར་སྒྲོལ་ཟབ་མོ་བརླང་པོར་སྤྱོད་པ་དག་ཏུ་སྔར་གོལ་དུ་ཉེ་བ་དགགས་པའི་ཕྱིར་ཡིན་ལ། ཕྱི་མའི་བརྒལ་ལེན་ཡང་། དགོངས་གཞི་བདེན་པ་གཉིས་ཀའི་ཐད་ནས་དོན་གྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་དག་སྲིད་པ་ལ་བྱས་ནས། དགོངས་པ་གསང་ཆེན་བླ་ན་མེད་པ་འདི་ཉིད་ཉམས་མི་དམའ་བའི་ཁྱད་ཆོས་རྣམས་མངོན་དུ་འདོན་པའི་ཕྱིར་ཡིན་ཏེ། དེ་ལྟར་མ་ཡིན་ན་འཇམ་མགོན་ས་པཎ་ཡང་སྔགས་བླ་མེད་ཀྱི་གཞན་དོན་མ་མཐོང་བའི་གང་ཟག་ཏུ་དམ་འཆའ་དགོས་ན་ཚུལ་དེའི་ཕྱོགས་འཛིན་པ་དག་ཀྱང་ཧ་ཅང་ཐལ་ལོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལའང་མོས་སྒོམ་དང་ངེས་རྫོགས་གཉིས་ལས། དང་པོ་ནི། ཏིང་ངེ་འཛིན་ལ་བསྟན་པ་མ་ཐོབ་ཀྱང་སྤྱིའི་རྣམ་པ་ཙམ་ཞིག་མོས་པས་ལམ་དུ་བྱེད་པ་ཡིན་ལ། གཉིས་པ་ནི་ལམ་སོ་སོའི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱེད་པའི་ཚུལ་སྐྱེ་འཆི་བར་དོ་གསུམ་སྦྱོངས་བའི་ཟག་བཅས་ཀྱི་ལམ་ལྔ་སྟེ། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་འཆི་བ་འོད་གསལ་དང་རྗེས་སུ་མཐུན་པའི་ལམ་སྟོང་པ་ཆེན་པོ། དེ་བཞིན་དུ་བར་དོ་དང་འབྲེལ་བའི་ལམ་སྙིང་རྗེ་སྒྱུ་མ། སྐྱེས་པའི་རིམ་པ་མངལ་ན་གནས་པ་དང་། བཙས་ནས་འགྲོ་འདུག་ནུས་པའི་བར་དང་། འཁོར་གྱིས་བསྐོར་ནས་དགྲ་འདུལ་གཉེན་སྐྱོང་གི་ལས་བྱེད་པའི་དུས་ཚོད་གསུམ་དང་མཐུན་པའི་ལམ་ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་སྟེ་ཟག་པ་དང་བཅས་པའི་ལམ་གྱི་རྣལ་འབྱོར་ལྔ་ཡིན་ལ། དེ་ལས་ཀྱང་དང་པོ་བཞི་ནི་ཟག་ལྡོག་གཉིས་ཀ་ཡོད་པ་ཚོགས་ལམ་གྱི་རྣལ་འབྱོར་སྟེ། ལམ་རིམ་ལས། དེ་ཕྱིར་ལམ་བཞི་ཟག་ལྡོག་ཡོད། ཅེས་སོ། །ཚོགས་སྒྲུབ་པའི་སྦྱོར་ལམ་གྱི་རྣལ་འབྱོར་ཡིན་པས་ཟག་པ་ཡོད་ཀྱང་ལྡོག་པ་མེད་པའི་ལམ་སྟེ། སྤྱོད་པའི་དུས་གྲངས་ངེས་པས་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར་རོ། །གསུམ་པ་ལམ་གྱུར་གྱི་འབྲས་བུ་ནི། ཟག་ལྡོག་གཉིས་ཀ་མེད་པའི་ལམ་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པ་རིག་འཛིན་བཞི་སྟེ། དེ་ཡང་མཐོང་ལམ་པ་ལའང་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་སྟོབས་ཆེ་ཆུང་གིས་བྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོངས་པར་མ་ནུས་པ་རྣམ་སྨིན་རིག་འཛིན་དང་། སྦྱོང་བར་ནུས་པས་སྐྱེ་འཆི་མེད་པར་དྭངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་གཉིས་སུ་ཡོད་པ་ཡིན་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པས། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། ཞེས་སོ། །འདི་ལ་ཀུན་མཁྱེན་ཆེན་པོས་ནི། ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་གྱི་མདོའི་ལམ་ལྔ་སྔགས་ཀྱི་རིག་འཛིན་བཞིས་བགྲོད་ཅིང་བསྡུས་པའི་ཕྱིར་རྣམ་སྨིན་རིགས་འཛིན་སྦྱོར་ལམ་པར་གསུངས་པ་ལྟར་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པས་ཀྱང་བཞེད་དོ། །དེ་ལ་མཁན་ཆེན་རིན་པོ་ཆེ་དྷརྨཱ་ཤྲཱིས་ནི་ལུང་སྔ་མས་ཀྱང་གནོད་ལ། འོན་ཀྱང་རྣམ་སྨིན་རིག་འཛིན་དེ་ཟག་བཅས་ཡིན་ནམ་ཟག་མེད་ཡིན། སྔ་མ་ལྟར་ན་འཕགས་པའི་ཡེ་ཤེས་ད་དུང་མ་མཐོང་བར་ཐལ་བ་དང་། ཕྱི་མ་ལྟར་ན་སྦྱོར་ལམ་ཟག་བཅས་སུ་ངེས་པ་ལ་སོགས་པས་གནོད་དོ་གསུངས་ནའང་། དོན་གཅིག་པ་ཡིན་ཏེ། དཔེར་ན་ལྕགས་ཀྱུས་ཟིན་པའི་ཉ་དེ་འཆོང་མི་སྲིད་པས་ན་སྐམ་སར་ཐོན་པ་དང་འདྲ་ཡང་། ལུས་དངོས་ཆུ་ནང་ནས་ད་དུང་མ་ཐོན་པ་ལྟར། རྣམ་སྨིན་རིག་འཛིན་དེ་ཡང་འཕགས་པའི་ཡེ་ཤེས་སྒྲིབ་པ་དང་བྲལ་བ་མངོན་དུ་མཐོང་བས་ན་མཐོང་ལམ་པར་ཡང་སྨོས་ཏེ། ཟག་མེད་ཀྱི་ས་ནོན་པ་དང་འདྲ་ཡང་ལུས་ཀྱི་ཟག་པ་དང་ད་དུང་མ་བྲལ་བར་རྣམ་སྨིན་གྱི་ལུས་དེའི་སྦུབས་ནས་སེམས་ལྷའི་སྐུར་སྨིན་པས་ན་སྦྱོར་ལམ་ཟག་བཅས་ཙམ་གྱིས་ཀྱང་འགལ་བ་མ་ཡིན་ནོ། དོན་ལ་ནི་ཚུ་རི་ལ་ལྟོས་ནས་ཕ་རི། ཕ་རི་ལ་ལྟོས་ནས་ཚུ་རི་ཞེས་བརྗོད་པ་ལྟར། གང་ལའང་རེག་པའི་ས་མཚམས་སུ་ཤེས་པར་བྱའོ། གང་ལྟར་ཡང་རྣམ་སྨིན་དང་ཚེ་དབང་གཉིས་ཀ་རྒྱུའི་ཐེག་པའི་ས་མཚམས་དང་སྦྱར་བའི་ཚེ་ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པར་བཞེད་དོ། །སྒོམ་ལམ་པ་ནི་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་ཆེན་རིག་འཛིན་ཡིན་ཏེ། རྒྱུད་ལས། སྒྲུབ་པས་སྒོམ་པའི་ལམ་ལ་འབད། །ལྷ་སྐུ་འཇའ་ཚོན་ཕྱག་རྒྱ་ཆེ། །ཞེས་པ་ལྟར་སྒོམ་ལམ་ས་དགུ་བོ་ཕྱག་ཆེན་རིག་འཛིན་གྱིས་བགྲོད་པ་ཡིན་ཏེ། དེ་ལའང་ནང་གསེས་སུ་དབྱེ་ན་ས་གཉིས་པ་ནས་ལྔ་པའི་བར་ལ་རྡོ་རྗེའི་རིག་འཛིན་དང་། དྲུག་པ་དང་བདུན་པ་གཉིས་ལ་འཁོར་ལོའི་རིག་འཛིན་དང་། བརྒྱད་པ་རིན་པོ་ཆེའི་རིག་འཛིན། དགུ་པ་པདྨའི་རིག་འཛིན་དང་། བཅུ་པ་རལ་གྲིའི་རིག་འཛིན་ཞེས་བྱ་སྟེ། ལམ་རིམ་ལས། ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིག །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲིའི་རིག་འཛིན་འགྱུར། ཞེས་སོ། །མཐར་ལམ་ས་ནི་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་ལྷུན་གྲུབ་རིག་འཛིན་ཏེ། ལམ་རིམ་ལས། སྔ་མའི་རིགས་ལ་མཐུ་རྫོགས་པས། བཤད་པ་བཞིན་དུ་དྲི་མ་སྦྱངས། སངས་རྒྱས་ས་ཡི་ཤེས་རབ་གསུམ། ལྷུན་གྱིས་གྲུབ་པའི་རིགས་སུ་འགྱུར། ཞེས་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཕལ་ཆེར་ལ་རང་དབང་བསྒྱུར་ནུས་པར་གསུངས་སོ། །གཞན་དུ་ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་དེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོའི་ཁྱད་པར་འཕགས། ཞེས་ཚེ་དབང་རིག་འཛིན་དང་ས་དང་པོ། ཕྱག་ཆེན་དང་ས་བརྒྱད་པ། ལྷུན་གྲུབ་དང་ས་བཅུ་པ་མཉམ་གསུངས་ཀྱང་། དགོངས་སྤྱོད་བསམ་གྱིས་མི་ཁྱབ་པས་འཕགས་སོ་ཞེས་པས་སྔ་མ་དང་ཕྱོགས་མཐུན་པར་བསྟན་ཏོ། །ཚུལ་ཇི་ལྟར་བྱས་ཀྱང་ལམ་གྱི་འགྲོས་འདྲ་མཚུངས་སུ་སྦྱར་བ་ལས་དེ་དང་དེ་ཇི་བཞིན་གཅིག་པ་ནི་མ་ཡིན་ལ། ལྷུན་གྲུབ་རིག་འཛིན་ཡང་རྒྱུའི་ཐེག་པའི་ཀུན་ཏུ་འོད་བཏགས་པ་བ་དེ་དང་དོན་གཅིག་པ་ཡིན་ཏེ། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། ཀུན་ཏུ་འོད་བསྟི་གནས་ཀྱི་སའོ། །དེ་ནི་འདིར་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སོ། །ཞེས་གསུངས་པའོ། །ད་ནི་ལམ་གྱི་བགྲོད་ཚུལ་བརྗོད་པར་བྱ་སྟེ། དེ་ཡང་རྣམ་སྨིན་རིག་འཛིན་གྱི་དངོས་འབྲས་རྒྱ་ཆེན་དུ་ངེས་པའི་ཕྱིར། །མཐོང་ལམ་གཉིས་པོ་ལམ་མཐར་ཆགས་ཀྱི་སྐབས་སུའང་རིམ་པར་བགྲོད་པར་མི་སྲིད་ཅིང་། རྣམ་སྨིན་ནས་ཐོད་རྒལ་དུ་བགྲོད་པ་ཡང་མི་འབྱུང་ངོ་། །གཞན་དུ་ཅིག་ཅར་པའི་རིགས་མ་ཡིན་པའི་ལམ་པ་བློ་ཆེ་བ་འགའ་ཞིག་ཕྱག་རྒྱ་གཅིག་སྤྲོས་གཉིས་ནས་སྦྱོར་མཐོང་དང་། ཚེ་དབང་ནས་ལྷུན་གྲུབ་རིག་འཛིན། ཚེ་དབང་དང་རྒྱ་ཆེན་གཉིས་ཀ་ནས་སངས་རྒྱས་ཀྱི་སར་ལམ་གཞན་བར་ནས་བོར་ཏེ་ཐོད་རྒལ་དུ་སྦྱོར་བ་སྲིད་པ་ཡིན་ཏེ། དེ་དག་ལ་ངང་གི་བློ་ཆེ་བ་དང་། ཟུང་འཇུག་གི་ལམ་སྒོམ་པ་དང་། ལམ་གཞན་བར་ནས་བོར་དུ་ཡོད་པ་སྟེ་ཐོད་རྒལ་འབྱུང་བའི་ཆོས་གསུམ་པོ་ཚང་བའི་ཕྱིར་རོ། །དེ་ལྟར་ན་ཚོགས་སྒྲུབ་ནས་ཀྱང་ཐོད་རྒལ་འབྱུང་བ་སྲིད་དམ་སྙམ་ན། མ་ཡིན་ཏེ། ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་ཟག་མེད་ལམ་གྱི་དབྱེ་ས་དང་ཟག་བཅས་ཀྱི་འདུས་མཐོང་ལམ་ཡིན་པར་གསུངས་པའི་ཕྱིར་རོ། དེ་ལྟར་ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་རྣམ་པར་གྲོལ་པའི་ལམ་གཉིས་ཀའི་ངོ་བོ་ནི། རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་སྐྱེས་པར་བསྟན་པ་ཡིན། ཞེས་སྐྱེས་བྱེད་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་གྱིས་བསྐྱེད་བྱ་ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེས་སམ་སྐྱེས་པའོ། །དེ་ཡང་སྤྱིར་གང་ཟག་ལ་རང་བཞིན་གྱིས་དབང་པོ་རྣོན་པོ་དང་སྦྱངས་པའི་དབང་པོ་རྣོན་པོ་གཉིས་སུ་ཡོད་པ་ལས། ཐུན་མོང་གི་སེམས་ལྔ་ནི། སྦྱངས་པའི་དབང་པོ་རྣོན་པོ་ལ། ལམ་ལ་ཞུགས་ཟིན་ནས་སྐྱེ་བ་ཡིན་པས་གོ་སླ་ལ། མཆོག་གི་སེམས་ལྔ་ལའང་གཉིས་ལས། ཐབས་ལམ་གྱི་སེམས་ལྔ་ནི། རྩ་གནས་ནས་ཐིག་ལེ་གཡོ་བ་སོགས་དང་སྦྱར་ཏེ། གཡོ་ལྡང་བྱང་ཆུབ་ཀྱི་སེམས་དང་། འཇིག་འཇུག་བྱང་ཆུབ་ཀྱི་སེམས། །གནས་པ་བྱང་ཆུབ་ཀྱི་སེམས། སྨོན་པ་བྱང་ཆུབ་ཀྱི་སེམས། འགྲོ་འོང་བྱང་ཆུབ་ཀྱི་སེམས་དང་གང་ཡང་ཅུང་ཟད་མི་འདྲ་བ་ཡིན་ཡང་འདིར་མི་སྤྲོའོ། གཉིས་པ་ལ་གྲོལ་ལམ་གྱི་ངོ་བོ་སེམས་ལྔ་ནི། ཐེག་པ་དམན་པའི་ཞེ་འདོད་ལས་གྲོལ་ཏེ་གསང་སྔགས་ལ་དད་པ་སོགས་གཡོ་བའི་འགོ་ལྡང་པ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས་དང་། དེའི་ལྟ་བ་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་ཁོང་དུ་ཆུད་པར་སྨོན་པ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དབྱེར་མེད་ཀྱི་དོན་ལ་འཇུག་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་དང་། ཞུགས་ནས་དེ་ལ་གནས་པ་ནི་གནས་པ་བྱང་ཆུབ་ཀྱི་སེམས་དང་། གནས་པས་ལམ་ལྔ་མཐར་ཕྱིན་པ་ནི། མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སྟེ་ལྔའོ། །གཞན་ཡང་ལམ་རིམ་ལས། ཀུན་ཀྱང་སྨིན་ཟིན་བགྲོད་པ་མེད། །དེ་ཉིད་ལམ་གྱི་ངོ་བོ་སྟེ། ཞེས་བགྲོད་བྱའི་ངོས་ནས་ལམ་གྱི་ངོ་བོའི་རྣམ་བཞག་སོགས་མང་དུ་གསུངས་ནའང་། པཎ་ཆེན་བི་མ་མི་ཏྲས་ནི་ཁོག་གཞུང་གསལ་སྒྲོན་སོགས་གཞུང་དུ་མ་ཞལ་མཐུན་པར་། གང་ཟག་རིམ་ཅིག་ཅར་སུས་ཀྱང་ལམ་གྱི་ངོ་བོ་གོང་དུ་སྨོས་པའི་སེམས་གསུངས་པས་ན་འདིར་ཡང་དེ་ལྟར་རོ། །འོ་ན་ཅིག་ཅར་བ་ལ་སེམས་ལྔ་རིམ་གྱིས་སམ་ཅིག་ཅར་དུ་སྐྱེ། སྔ་མ་ལྟར་ན་ཅིག་ཅར་བ་ཡིན་པ་དང་ཡང་འགལ་ལ། ཕྱི་མ་ལྟར་ན། གཡོ་ལྡང་སྐྱེས་པའི་ཚེ། མཐར་ཕྱིན་བྱང་སེམས་སྐྱེའམ་མི་སྐྱེ། སྐྱེས་ན་བར་གྱི་སེམས་གསུམ་ཆད་པར་འགྱུར་ལ། མི་སྐྱེ་ན་རིམ་གྱིས་དང་ཁྱད་མེད་པར་ཐལ་ལོ་ཞེ་ན། གང་ལྟར་ཡང་མི་འགལ་ཏེ། རིམ་གྱིས་སྐྱེས་ནའང་མྱུར་བུར་ཡོད་པ་ཡིན་ཏེ། དཔེར་ན་གཅིག་ཅར་པས་ནི་ཤོ་མང་ལྔ་བརྩེགས་ཁབ་ཀྱིས་མྱུར་པོར་འབུགས་པ་ལྟ་བུ་དང་། རིམ་གྱིས་པས་ནི་ཤིང་ལེབ་ལྔ་བརྩེགས་གསོར་གྱིས་འབུབས་པ་ལྟར་བུལ་བས་ན་དེར་ཐལ་བའི་སྐྱོན་ཡང་མེད་ལ། ཅིག་ཅར་དུ་སྐྱེས་ནའང་སེམས་ལྔ་ག་དབྱེར་མེད་ཅིག་ཆོད་དུ་སྐྱེ་བས་ན་ཆད་པའི་སྐྱོན་ཡང་མེད་དེ། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། ལྷུན་གྱིས་རྟོག་ནས་ལྷུན་གྱིས་སྒོམ། །རིམ་བྲལ་དེ་ཉིད་གསལ་འགྱུར་འབྲེལ། ཞེས་གསུངས་པ་ལྟར་རོ། །འོན་ཀྱང་གཉིས་ཀ་ཡིན་ཏེ། ཅིག་ཅར་པ་ལའང་ཁྱད་ཡོད་པ་གང་དུ་སྨོས་པ་བཞིན་ངེས་པའི་ཕྱིར་རོ། དེ་ལྟ་བུའི་ལམ་གང་ཞིག་ཐོབ་བྱ་འབྲས་རྒྱུད་ཉིད་མངོན་དུ་བྱེད་པའི་རྐྱེན་དང་། གང་གིས་གང་དུ་བགྲོད་པའི་རྟེན་གྱི་མཚན་ཉིད་དང་ལྡན་པས་ན་ཐབས་སམ་ལམ་གྱི་རྒྱུད་ཅེས་པའི་ངེས་ཚིགས་ཀྱང་དེ་ཡིན་ཏེ། ༼མ་དཔེ་མི་གསལ༽ བགྲོད་པས་བདེ་ཆོས་ལྡན་པ་དང་། ཞེས་སོ། །དེ་ལ་ཡང་བཤད་རྒྱུད་རྒྱ་མཚོ་དང་རང་གཞུང་ལེའུ་བདུན་པའི་རྗེས་སུ་འབྲང་ནས་འདིར་ཆགས་པ་ཆེ་ཆུང་གི་སྒོ་ནས་ལམ་ཐབས་གྲོལ་གཉིས་སུ་དབྱེ་བ་ཡིན་ཡང་། གཞན་དུ་བློ་ཆེ་ཆུང་གི་སྒོ་ནས་ཅིག་ཅར་དང་རིམ་གྱིས་སུ་དབྱེ་བ་དང་། མཚན་མ་ཆེ་ཆུང་གིས་ལྷ་དང་རྟོགས་པར་དབྱེ་བ་དང་། གདུལ་བྱ་དྲག་ཞན་གྱིས་ཁྲོ་བོ་དང་ཞི་བར་དབྱེ་བ་དང་། རིམ་པ་འདོར་མིན་གྱིས་ཐོད་རྒལ་དང་མཐར་ཆགས་སུ་དབྱེ་བ་སོགས་མང་དུ་སྣང་ཞིང་། ཁྱད་པར་ཀུན་གཟིགས་རོང་ཟོམ་པཎ་ཆེན་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ནི་རྫོགས་པ་ཆེན་པོ་ལྟར་བཀྲལ་བ་ལ། མཁན་ཆེན་རིན་པོ་ཆེས་ནི། རྫོགས་ཆེན་ནས་བློས་བྱས་ཀྱི་བསྐྱེད་རྫོགས་གོལ་སར་གསུངས་ཤིང་འདིར་དེ་ཉིད་གཙོ་ཆེར་བསྟན་པས་ན་འཐད་པ་མ་ཡིན་ནོ་གསུངས་ཀྱང་། དེ་དག་ཀུན་འགལ་བ་མ་ཡིན་ཏེ། སྔ་མ་རྣམས་ནི་གཅིག་གི་ཁོང་དུ་གཅིག་ཞོར་གྱིས་ཚངས་པ་དང་། རྫོགས་ཆེན་དུ་བཀྲལ་བ་ཡང་རྫོགས་ཆེན་ཁོ་ནར་ངེས་པར་གསུངས་པ་ཡང་མ་ཡིན་ལ། འོན་ཀྱང་མ་ཡིན་པ་ཡིན་པར་བཀྲལ་བ་མདོ་སྡེ་སྔགས་སུ་འགྲེལ་བ་ལྟ་བུ་ཡང་མ་ཡིན་པའི་ཚུལ། གོང་དུ་ཐེག་པ་ཀུན་གྱི་འཕྲོ་གཞིར་ངོས་བཟུང་པས་ཀྱང་གོ་ལ། འོག་ཏུ་རྒྱུད་སྡེའི་རྣམ་གྲངས་དབྱེ་བའི་སྐབས་སུ་ཡང་འཆད་པར་འགྱུར་རོ། །དེ་བས་ན་མདོ་རྒྱུད་གང་ཡང་འདི་ཉིད་ཀྱིས་ཕར་འགྲེལ་ནས་གཏན་ལ་ཕབས་ཀྱང་རུང་ལ། འདི་ཉིད་དེ་དག་གིས་འགྲེལ་ཡང་རུང་བས་ན་ཁོ་བོ་ཅག་ཀྱང་ལུང་ཐ་དད་པ་ཀུན་ནས་བཏུས་པའི་གནད་ཀྱང་དེ་ཡིན་ནོ། །དེས་ལམ་དངོས་བཤད་པ་དེ་སོངས་ནས། གཉིས་པ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་སོ་སོར་དབྱེ་ནས་བཤད་པ་ལ་ཡང་བཞེད་ཚུལ་མང་དུ་ཡོད་དེ། ཀུན་གཟིགས་རོང་པ་ནི། འདི་སྐད་དུ། རྒྱུད་ཐམས་ཅད་ཀྱི་བསྟན་པར་བྱ་བའི་དངོས་པོ་མདོར་བསྡུ་ན་རྣམ་པ་དགུ་ཡིན་ཏེ། འདི་ལྟར་དཀྱིལ་འཁོར་དང་། དམ་ཚིག་དང་། སྒྲུབ་པ་དང་། དབང་དང་། འཕྲིན་ལས་ཏེ། གཞི་རྣམ་པ་ལྔ། སྔགས་དང་། ཕྱག་རྒྱ་དང་། ཏིང་འཛིན་དང་། མཆོད་པ་སྟེ། དེ་ལྟར་ཡན་ལག་བཞིའོ། །ཞེས་རྒྱུད་ཀྱི་དངོས་པོ་དགུར་བཞེད་པ་དང་། ཀུན་མཁྱེན་ཆེན་པོས་ནི་དམིགས་ཀྱིས་མ་གསལ་ཡང་ཚུལ་འདི་དང་དགོངས་པ་གཅིག་པ་ཡིན་ལ། གཞན་དུ་འཇམ་དཔལ་སྒྱུ་དྲྭའི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། ལྟ་བ་དཀྱིལ་འཁོར་དབང་དམ་དང་། །སྒྲུབ་པ་འཕྲིན་ལས་སྔགས་ཕྱག་རྒྱ། ཏིང་འཛིན་མཆོད་དང་རྣམ་བཅུ་ཡིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བསྟན། ཞེས་སྔགས་དང་ཕྱག་རྒྱ་སོ་སོར་དབྱེ་བའི་དངོས་པོ་བཅུར་གསུངས་པ་སོགས་མང་ཡང་། འདིར་ས་ཁུང་ཞིབ་མོར་རྟོགས་པའི་ཕྱིར་། ཇི་སྐད་དུ། ལྟ་བ་སྤྱོད་པ་དཀྱིལ་འཁོར་དབང་། །དམ་ཚིག་འཕྲིན་ལས་སྒྲུབ་པ་དང་། །ཏིང་འཛིན་མཆོད་པ་སྔགས་ཕྱག་རྒྱ། །ཕྱི་མ་གཉིས་བསྡོམ་བཅུ་རུ་འགྱུར་། ཞེས་པ་ལྟར་བཅུར་དབྱེ་བ་ལས། དང་པོ་དེ་ཁོ་ན་ཉིད་ལྟ་བ་ལ་ཡང་། དགོས་ཆེད། སྒྲ་དོན། ངོ་བོ། རྣམ་གྲངས། མ་རྟོགས་པའི་སྐྱོན། རྟོགས་པའི་ཡོན་ཏན་ཏེ་དྲུག་སྟེ་དབྱེ་བ་ཉིད་དངོས་པོ་འོག་མ་རྣམས་ལའང་སྦྱོར་བའི་སྲོལ་དང་། གཞན་དུ་འཇམ་དཔལ་བཤད་རྒྱུད་ལས། ལྟ་བའི་དོན་ལ་རྣམ་བཅུ་སྟེ། ཞེས་སོགས་གསུངས་པ་ལྟར་དབྱེ་ལུགས་མང་དུ་སྣང་ནའང་། འདིར་བསྡུས་པའི་དབང་དུ་བྱས་ཏེ་གསུམ་རེར་དབྱེ་བ་ལས། དང་པོ་ལྟ་བའི་ངོ་བོ་ནི། ལམ་རིམ་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལས། །ཀུན་རྫོབ་ཏུ་ནི་མཉམ་རྗོགས་སོ། །ཞེས་ཐབས་ཀྱི་ཐེག་པ་སྟེ་གསང་སྔགས་རྣལ་འབྱོར་ཆེན་པོའི་ལྟ་བ་ནི། ཐུན་མོང་ཐེག་པའི་མཐར་ཐུག་བླ་ན་མེད་པའི་ཟབ་མོ་དབུ་མའི་ལྟ་བ་ལས་ཀྱང་བདེན་པ་གཉིས་ཀའི་ཕྱོགས་ནས་ལྷག་པར་འཕགས་པས་ན་ལྷག་པའི་བདེན་པ་ཞེས་པའི་སྒྲ་ཞུགས་པ་ཡིན་ཏེ། དེ་ཡང་དེ་ལྟར་ན། རྒྱུའི་ཐེག་ཆེན་གྱིས་དོན་དམ་པ་ཡང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་པའི་མཚན་མ་ཉེ་བར་ཞི་བ་ཙམ་དུ་འདོད་ཀྱང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དབྱིངས་དང་ཡེ་ཤེས་ཏེ་དཀོར་བདུན་ངོ་བོ་ཉིད་དུ་མ་འགགས་པར་ལྷུན་གྱིས་གྲུབ་པའི་ཚུལ་ལ་རྨོངས་པར་གྱུར་ནས་མ་རྟོགས་པ་དང་། ཀུན་རྫོབ་ཀྱང་བདེན་པར་མ་གྲུབ་པ་སྒྱུ་མ་དང་རྨི་ལམ་ལྟར་འཁྲུལ་སྣང་ཙམ་དུ་འདོད་ཀྱང་། སྣོད་བཅུད་དག་མཉམ་ཆེན་པོ་རྒྱལ་བའི་དཀྱིལ་འཁོར་ཉིད་དུ་མ་རྟོགས་པས་འབྲས་བུ་ཕྱི་དུས་ལ་རེ་ཞིང་། གནས་སྐབས་སུ་ཡང་བདེན་གཉིས་བཟང་ངན་རེས་འཇོག་ཅན་དུ་བལྟ་བས་ཟུང་འཇུག་གི་དོན་དང་རིང་པར་གྱུར་པ་ཉིད། འདིར་དེ་དང་དེར་རྟོགས་པར་མ་ཟད་བདེན་པ་གཉིས་པོ་གནས་ལུགས་དེ་བཞིན་ཉིད་དུའང་མཉམ་ལ། སྣང་ལུགས་སྐུ་དང་ཡེ་ཤེས་སུའང་མཉམ་ཞིང་། དེ་ཡང་དབྱེར་མེད་ཟུང་འཇུག་ཆེན་པོ་བློས་སྤྱོད་ཡུལ་ལས་འདས་པར་རྟོགས་པས་ན་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་ཐ་སྙད་ཙམ་དུ་བཏགས་པ་ན། ད་ལྟ་ནས་འབྲས་བུ་ལམ་དུ་བྱེད་པས་ན་འབྲས་བུའི་ཐེག་པ་སྟེ་གསང་ཆེན་རྡོ་རྗེ་ཐེག་པའི་ལྟ་བའི་ངོ་བོའོ། གཉིས་པ་ངེས་ཚིག་ནི། ཌྀཥྚའི་སྒྲ་ལས་ལྟ་བ་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་བཞིན་པ་ཉིད་མ་འཁྲུལ་པར་གཏན་ལ་འབེབ་པར་བྱེད་པའི་ཤེས་རབ་ཁྱད་པར་ཅན་གང་ཡིན་པ་དེ་ལ་ཟེར་ཡང་། ལྟ་བྱ་བལྟ་བྱེད་སོ་སོ་བས་གཏན་ལ་ཕབས་པ་ནི་མ་ཡིན་ཏེ། ཆོས་ཉིད་རང་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས། །གང་བསམ་གྱིས་མི་ཁྱབ་པའི་རང་བཞིན་བློ་འདས་ཆེན་པོར་རྟོགས་པ་ལ་ལྟ་བ་ཞེས་ཚིགས་ཙམ་དུ་བཏགས་པ་ཉིད་དེ། རྒྱས་པ་ལས། ལྟ་དང་ལྟ་བ་བྱར་མེད་དུ། །ཞེས་སོ། གསུམ་པ་དབྱེ་བ་ལ་ཡང་། ལམ་རིམ་ལས། །མཉམ་ཉིད་ངང་ལས་མི་སྐྲག་པའི། །མངོན་བྱས་ངེས་པའི་ཤེས་རབ་དང་། །རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །རང་རིག་ཡེ་ཤེས་སྙིང་རྗེས་གཟིགས། །ཕྱག་རྒྱ་གཅིག་སྐུ་འབྲས་བུར་བལྟ། །ཐམས་ཅད་གསལ་པའི་ལྟ་བ་དང་། །བར་ཆད་མེད་པའི་ཚོགས་ཆེན་མཐོང་། །དབང་བསྒྱུར་མཉམ་ཉིད་མི་གཡོ་བ། །ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ། །ཞེས་ཟག་བཅས་ཟག་མེད་དང་བཅས་པའི་ལམ་ཡོངས་སུ་རྫོགས་པ་ལ་ཁྱབ་པའི་ལྟ་བ་སྟེ། ཉམས་སུ་ལེན་བྱེད་ལམ་གྱི་རིམ་པའི་ལྟ་གྲངས་དགུ་དང་། རྒྱས་པ་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་པ་ལ་སོགས་གསུངས་པ་ལྟར། རྒྱུད་ཀྱི་དངོས་པོ་ལྷག་མ་དགུ་པོ་ལ་ཡང་ཁྱབ་བྱེད་ལྟ་བས་ཁྱབ་པའི་ཕྱིར། དེ་དག་དང་རྗེས་སུ་མཐུན་པའི་བླང་བྱ་རྒྱུད་དོན་གྱི་ལྟ་གྲངས་དགུ་སྟེ་དོན་གྱི་ལྟ་གྲངས་བཅོ་བརྒྱད་དང་། མིང་གི་རྣམ་གྲངས་ཤེས་རབ་ཀྱི་ཚོགས་བརྒྱད་ལ་སོགས་པར་གསུངས་ཀྱང་། འདིར་གང་ཟག་དབང་པོ་རབ་འབྲིང་ཐ་མའི་རྟོགས་ཚུལ་གྱི་ལྡོག་པས་དབྱེ་བ་གསུམ་ལས། དང་པོ་དབང་པོ་རབ་ལ་གཏན་ཚིགས་ཀྱིས་རྟོགས་པར་བྱ་བ་ལ་ཡང་། ལམ་རིམ་ལས། དེ་ཉིད་དངོས་ལྔ་ཚུལ་དང་ཚིག །ཅེས་སྔོན་བྱུང་དངོས་ལྔའི་གཏན་ཚིགས། རྗེས་འཇུག་ཚུལ་ལྔ་དང་། ཚིགས་ལྔའི་གཏན་ཚིགས་ཏེ། ལྔ་ཚན་གསུམ་ལས་དང་པོ་ནི་དེ་ཉིད་ལས། །ཡང་དག་རྫོགས་སངས་རྒྱས་སྟོན་པ། །སྐུ་ལྔས་འདུལ་བའི་འཁོར་རྣམས་ལ། །གསུངས་ལྔས་བསྟན་པས་དེ་ཁོ་ན། །གཏན་ལ་འབེབས་ཤིང་འཇལ་བྱེད་པའོ། །ཞེས་སོ། །ཚུལ་འདི་ཀ་ལ་དཔྱད་པས་ཀྱང་དགོངས་བརྒྱུད་ཀྱི་དུས་སུ་སྒྲ་ཚིག་ཡོད་མེད་ཀྱི་རྩོད་པ་ཡང་ཉེ་བར་ཞི་ནུས་པ་ཡིན་ནོ། །གཉིས་པ་ནི། དེ་དང་ཚུལ་མཐུན་པ་སྟེ་སྔ་མ་ལས། བརྗོད་དང་འདྲ་བའི་བརྡ་སྤྲོད་པས། །ངོ་བོ་ཉིད་ཀྱིས་བཤད་པའི་ཕྱིར། །མ་འོངས་དོན་དུ་གཏན་ཚིགས་ངེས། ཞེས་སོ། །གསུམ་པ་ནི། ཡང་དེ་ཉིད་ལས། ངོ་བོ་སྣང་ཚིག་རང་སྣང་ཚིག །ལྡེམ་དགོངས་ཚིག་དང་བཀྲི་གྲངས་ཚིག །འདོད་ཅན་ཚིག་དང་རྡོ་རྗེའི་ཚིག །རང་རིག་མངོན་གསལ་ཚིག་གིས་མཚོན། །ཞེས་སོ། དེ་དག་ཀྱང་བསྡུ་ན་དཔྱད་དུ་ཡོད་མེད། གཉིས་སུ་འདུ་བ་ཡིན་ཏེ། སྔ་མ་ལས། དེ་ལྟར་མོད་ཀྱང་བསྡུ་ན་གཉིས། །བཞི་རྗེས་མི་སྤྱོད་གཅིག་རྗེས་སྤྱོད། །ཅེས་དཔྱད་པ་ལ་མ་ལྟོས་པར་དོན་གོ་བ་སྐུ་བཞིའི་གཏན་ཚིགས་ཏེ། དེའི་རྗེས་སུ་སྤྱོད་ནུས་པ་མ་ཡིན་པས། འདིར་བཏགས་དཔྱད་ལ་བརྟེན་ནས་དོན་གོ་བ་སྤྲུལ་སྐུའི་གཏན་ཚིགས་ཏེ། དེའི་རྗེས་སུ་སྤྱོད་པར་བྱའོ། །དེ་ལའང་ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་སྒྲ་མཐུན་དོན་དཔག་གི་གཏན་ཚིགས་གཉིས་ལས། དང་པོ་ལའང་། རྟོགས་པ་བཞིའི་གཏན་ཚིགས། དག་པ་གསུམ་གྱི་གཏན་ཚིགས། མཉམ་པ་བཞི་ཡི་གཏན་ཚིགས། བདག་ཉིད་ཆེན་པོའི་གཏན་ཚིགས་སྟེ་བཞིར་དབྱེ་བ་ལས། དེ་དག་དེས་གཞལ་བྱ་གང་ཞིག་ཅི་ལྟར་འཇལ་བའི་ཚུལ་སོ་སོའི་གྲུབ་དོན་དང་བཅས་པ་ནི་གཞུང་དོན་གྱི་སྐབས་སུ་རང་ཐད་རང་ཐད་ནས་སྟོན་པ་ལས། འདིར་སྤྱི་དོན་གྱི་སྐབས་ཡིན་པ་དང་ཡི་གེ་མང་དུ་དོགས་ནས་མི་སྤྲོའོ། །གཉིས་པ་ནི། ཐུན་མོང་ཐེག་པའི་དུག་ལྔ་སྤོང་སྦྱོང་བྱེད་པ་དང་། འདིར་རང་བཞིན་མ་གྲུབ་པར་བལྟ་བ་གཉིས་ཉོན་མོངས་རང་རྒྱུད་པ་སྤང་བའི་ཕྱོགས་ནས་བཟའ་ཤིང་གི་ར་བར་དུག་སྡོང་སྐྱེས་པའི་དཔེས་མཚོན་པས་སྒྲ་མཐུན་པ་ཡིན་ཡང་དོན་གྱི་ཁྱད་པར་དཀའ་ཚེགས་ལ་མ་ལྟོས་པ་དང་། ཡེ་ཤེས་སུ་འགྱུར་བ་སོགས་བསམ་གྱིས་མི་ཁྱབ་པས་དཔག་ལ། དེ་ཡང་རང་བཞིན་མ་གྲུབ་པའི་ཚུལ་ནི་ཉོན་མོངས་རང་ཐད་ནས་གཏན་ཚིགས་ཀྱིས་གཞལ་བས་ཤེས་པ་དང་། གཉིས་པ་དབང་འབྲིང་ལ་རང་བཞིན་དང་འབྲས་བུའི་རྟགས་ལ་བརྟེན་ནས་རྟོགས་པར་བྱ་བ་ལའང་གཉིས་ལས། དང་པོ་རང་བཞིན་གྱི་རྟགས་ནི། འདི་ལྟར་མ་དག་པའི་འཇིག་རྟེན་འདི་ཡང་ཡེ་ནས་རིག་པ་ཡེ་ཤེས་ལྔའི་ཆོ་འཕྲུལ་ཡིན་ཏེ། དེའི་རྟགས་སུས་ཀྱང་མ་བྱས་པར། ཡུལ་ལྔ། འབྱུང་བ་ལྔ། ཁ་དོག་ལྔ་སོགས་རང་བཞིན་གྱིས་ཡོད་པ་ལྟ་བུའོ། །གཉིས་པ་འབྲས་བུའི་རྟགས་ནི། སེམས་ཉིད་ལ་འབྲས་བུ་སྐུ་དང་ཡེ་ཤེས་རང་ཆས་སུ་བཞུགས་པའི་མཚོན་བྱེད་ཆུ་ཚོན་སོགས། དཔེའི་དཀྱིལ་འཁོར་ལ་བརྟེན་ནས་རྟོགས་པའོ། །དེ་ཡང་དཔེ་ལ་ནི་རྟགས་ཞེས་བརྗོད་པ་མ་ཡིན་ཏེ། དེ་ནི་རང་ངོ་སྤྲོད་བྱེད་ཀྱི་བརྡ་ལས་མ་འདས་མོད་ཀྱང་། དེའི་དུས་སུ་ངོ་འཕྲོད་པའི་ལྟ་བ་དེ་ལའོ། གསུམ་པ་དབང་བརྟུལ་ལ་བརྒྱུད་ནས་རྟོགས་པར་བྱ་བ་ལ་ཡང་ཉེ་རིང་གཉིས་ལས། ཉེ་བ་ནི། ཐོས་བསམ་གྱིས་མི་གོ་བའི་རིགས་འགའ་ཞིག་ལ། དང་པོ་དམིགས་པ་ཕྲ་མོ་རེ་བསྟན་ནས་སྒོམ་དུ་བཅུགས་པས་མཐར་གནས་ལུགས་རྟོགས་པར་འགྱུར་པ་དང་། རིང་བ་ནི། རེ་ཞིག་རྟོགས་པའི་སྐལ་བ་མེད་པ་རྣམས་སྒྲིབ་སྦྱངས་ལ་འབད་དུ་བཅུག་པའི་མཐུས་རྟོགས་པར་འགྱུར་བ་སྟེ་གཉིས་སོ། །གཉིས་པ་ལ་དོར་བ་སྤྱོད་པ་ལ་ཡང་གསུམ་ལས། དང་པོ་ངོ་བོ་ནི། རིམ་གསུམ་ལས། ཏིང་འཛིན་ཁྱད་པར་འགྱུར་བའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། ཅེས་ལམ་པའི་གང་ཟག་གིས་ཏིང་ངེ་འཛིན་བོགས་དབྱུང་བའི་ཕྱིར་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་ཉིད་ཆེན་པོ་ཟུང་དུ་འཇུག་པའི་རྩིས་ཟིན་བཞིན་པར་མཉམ་བཞག་གི་སྐབས་སུ་བསྒོམ་བྱ་གང་ཡིན་པ་ལས་མི་འདའ་བར་སྤྱོད་པ་དང་། རྗེས་ཐོབ་ཏུ་འཆད་འགྱུར་སྒོམ་གསུམ་གྱི་སྤྱོད་པ་མཐའ་དག་ལ་བླང་དོར་རེ་དོགས་མེད་པར་སྤྱོད་པས་རྒྱུད་དག་པར་བྱེད་པ་ཞིག་གོ །གཉིས་པ་ངེས་ཚིག་ནི། ཙརྱའི་སྒྲ་ལས་སྤྱོད་པ་སྟེ། སྦྱོར་སྒྲོལ་ལ་སོགས་སྤྱད་བྱ་གང་ཡིན་པ་ལ་དུས་ཚོད་དང་འབྲེལ་བར་ཙུལ་བཞིན་དུ་སྤྱོད་པའོ། །གསུམ་པ་དབྱེ་བ་ལ་ཡང་སྤྱིར་དབྱེ་བ་དང་། བྱེ་བྲག་ཏུ་དབྱེ་བ་གཉིས་ལས། དང་པོ་ལ་ཡང་གསུམ་སྟེ། ལས་དང་པོའི་དུས་སུ་དྲན་ཤེས་བག་ཡོད་དང་ལྡན་པ་དགེ་སྦྱོང་གཞོན་ནུ་ལྟ་བུའི་སྤྱོད་པ་དང་། ཅུང་ཟད་བསྟན་པ་ཐོབ་ནས་མཉམ་རྗེས་བསྲེ་ནུས་ཚེ་རྟོག་པ་རྐྱེན་ཁར་མ་ཤོར་བ་སྨྱོན་པ་ལྟ་བུ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། བསྟན་པ་ཆེར་ཐོབ་ཚེ་གཞན་ཕན་ཁོ་ན་ལ་བརྩོན་པ་རྒྱལ་པོ་ས་འཛིན་ཀྱི་སྤྱོད་པ་ལྟ་བུ་སྟེ་གསུམ་མོ། །གཉིས་པ་བྱེ་བྲག་ཏུ་དབྱེ་བ་ལ་ཡང་ཐབས་གྲོལ་གྱི་སྤྱོད་པ་གཉིས་ལས། དང་པོ་ནི། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་ཐབས་ཀྱི་ལམ་གང་ལའང་ཐེ་ཚོམ་མེད་པར་འཇུག་ནུས་པ་ཞིག་གོ །གཉིས་པ་གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་ལ་ཡང་བརྒྱད་ལས། དང་པོ་རིམ་གྱིས་པའི་སྤྱོད་པ་བདུན་ནི། ལྟ་བ་གཏན་ལ་འབེབས་དུས་སུ་དད་བརྩོན་གྱིས་སྤྱོད་པ་དང་། ལམ་བསྒོམ་པ་ལ་ཞུགས་ནས་རིམ་པ་ལྟར་མཉམ་རྗེས་གཉིས་ཀར་སྟོང་ཆེན་གྱི་དུས་ཤེས་རབ་དང་མཐུན་པའི་སྤྱོད་པ་དང་། སྙིང་རྗེ་སྒྱུ་མའི་དུས་ཐབས་དང་མཐུན་པའི་སྤྱོད་པ་དང་། ཕྱག་རྒྱ་གཅིག་པའི་དུས་ཕྱོགས་གཅིག་པའི་སྤྱོད་པ་དང་། ཕྱག་རྒྱ་སྤྲོས་བཅས་དུས་སྤྲོས་པ་དང་བཅས་པའི་སྤྱོད་པ་དང་། ཚོགས་སྒྲུབ་སྐབས་ཡོ་བྱད་ལྔ་ལ་མ་ཆགས་པར་སྤྱོད་པ་ཚོགས་སྤྱད་དང་། རིག་འཛིན་བཞི་ཐོབ་པའི་དུས་རྫུ་འཕྲུལ་གྱི་སྤྱོད་པ་སྟེ་མདོར་ན་མཉམ་བཞག་ཏུ་གང་བསྒོམ་པ་ཉིད་རྗེས་ཐོབ་ཏུའང་ལམ་དུ་ཁྱེར་བའོ། །གཉིས་པ་ཅིག་ཅར་བའི་སྤྱོད་པ་ནི། ཆོས་ཐམས་ཅད་ལ་བླང་དོར་མེད་པར་མཉམ་པ་ཆེན་པོའི་ངང་དུ་གནས་པ་སྟེ། རྒྱས་པ་ལས། རྣལ་འབྱོར་སྤྱོད་པ་ཆེན་པོ་ནི། ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད། ཅེས་སོ། །གསུམ་པ་བཀོད་པ་ལ་དཀྱིལ་འཁོར་ལ་ཡང་གསུམ་ལས། ངོ་བོ་ནི། ཐུགས་ཐིག་ལས། གནས་སྐབས་བདུན་དུ་སྙིང་པོ་ལེན། བཀོད་པ་གང་རྫོགས་དེ་ངོ་བོ། ཞེས་དཀྱིལ་འཁོར་རང་རང་གི་སྐབས་དང་འབྲེལ་བའི་ལྷའི་བཀོད་པ་ཡོངས་སུ་རྫོགས་པར་སྣང་པ་ཞིག་གོ །ངེས་ཚིག་ནི་མཎྜལ་ཞེས་པའི་སྒྲ་ལས། མཎྜ་ནི་སྙིང་པོའམ་བཅུད་དང་། ལ་ནི་འཛིན་པའམ་ལེན་པ་སྟེ། སྙིང་པོའི་ཡོན་ཏན་གྱི་གཞི་འཛིན་པས་ན་སྙིང་པོ་ལེན་པ་ཞེས་དང་། ཡང་ན་སྒྲ་དེ་གཟུགས་པོ་ཟླུམ་པོའམ་བསྐོར་བའི་དོན་ལའང་འཇུག་པས་ན་གང་གཙོ་བོ་ལ་འཁོར་གྱིས་བསྐོར་བའི་ཕྱིར་དཀྱིལ་འཁོར་རོ། །དབྱེ་བ་ལ་ཡང་འགྲེལ་ཆུང་ལས། དཀྱིལ་འཁོར་རྣམ་པ་བཅུ་གཉིས་ཏེ། །དེ་བཞིན་ཉིད་དང་རང་བཞིན་དང་། །ཐུགས་རྗེ་འདུལ་བའི་དཀྱིལ་འཁོར་དང་། །ཏིང་ངེ་འཛིན་དང་གཟུགས་བརྙན་དང་། །ལྷག་པའི་ཏིང་འཛིན་གཟུགས་བརྙན་དང་། །བྱང་ཆུབ་སེམས་དང་ལྷག་བྱང་སེམས། །ཚོགས་དང་ལྷུན་གྲུབ་དཀྱིལ་འཁོར་རོ། །ཞེས་བཅུ་གཉིས་སུ་དབྱེ་བ་སོགས་མང་དུ་ཡོད་ཀྱང་། འདིར་རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། ཞེས་པ་ལྟར་བདུན་ལས། དང་པོ་རང་བཞིན་གྱི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པ་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་ལ་བརྗོད་པ་ཡིན་ཏེ། རྒྱས་པ་ལས། རང་བཞིན་དཀྱིལ་འཁོར་ཡང་དག་ནི། ཆོས་དབྱིངས་བདག་དང་དབྱེར་མེད་པས། མཉམ་པར་སྦྱོར་ཞིང་དག་པའོ། །ཞེས་སོ། །དེ་ཉིད་མངོན་དུ་གྱུར་པའི་འབྲས་བུ་སངས་རྒྱས་ལའང་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་ཞེས་ནང་གསེས་སུ་དབྱེ་བའང་ཡོད་དོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། དོན་དམ་པའི་རྩལ་ཀུན་རྫོབ་གཟུགས་བརྙན་གྱི་རྣམ་པར་ཤར་བའི་སྣོད་བཅུད་མཐའ་དག་ཞིང་དང་ལྷའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་ཉིད་དེ། རྒྱས་པ་ལས། ཕྱི་ནང་སྣོད་བཅུད་དག་རྣམས་ལ། སོགས་ཀྱིས་སྟོན་ནོ། །གསུམ་པ་ལྷག་པ་གཟུགས་བརྙན་གྱིས་དཀྱིལ་འཁོར་ནི། དེ་ཉིད་མངོན་དུ་སྟོན་པའི་ཕྱིར་ལས་ཀྱི་བྱ་བས་ལྷག་པར་བསྒྲུབ་པའི་དཀྱིལ་འཁོར་གསུམ་སྟེ། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཆོག་དག་ལས། རབ་འབྲིང་ཐ་མར་གསུངས་པ་ཡི། མེ་ཏོག་བྲིས་སྐུ་རྡུལ་ཚོན་གསུམ། ཞེས་པ་ལྟར་འབྲུ་ཚོམ། རས་བྲིས། རྡུལ་ཚོན་གྱི་དཀྱིལ་འཁོར་སྟེ་གསུམ་གྱིས་མཚོན་པའི་སྐུ་གསུང་ཐུགས་རྟེན་དཀྱིལ་འཁོར་གྱི་རྣམ་པར་བསྒྲུབ་པ་ཐམས་ཅད་དོ། །དེ་ཡང་དགོས་པའི་དུས་ཀྱིས་དབྱེ་ན། མཆོད་པའི་དཀྱིལ་འཁོར་དང་། དབང་གི་དཀྱིལ་འཁོར་དང་། སྒྲུབ་པའི་དཀྱིལ་འཁོར་དང་། འཕྲིན་ལས་ཀྱི་དཀྱིལ་འཁོར་དང་། བསོད་ནམས་རྟེན་གྱི་དཀྱིལ་འཁོར་ཏེ་ལྔའོ། བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། རང་བཞིན་ཆོས་སྐུའི་དཀྱིལ་འཁོར་ཉིད་ལྷུན་གྲུབ་གཟུགས་སྐུར་ཤར་བ་གདན་གསུམ་ཚངས་པའི་དཀྱིལ་འཁོར་ཏེ། དེ་ཉིད་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་པའོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། སྔ་མ་ཉིད་བསྒོམ་པའི་བྱ་བས་ལྷག་པར་བཅོས་ནས་དཀྱིལ་འཁོར་དུ་བསྒྲུབ་པ་བསྐྱེད་རིམ་སྟེ། དེ་ལའང་སྐུ་མདོག་དང་ཕྱག་མཚན་ཞལ་ཕྱག་གི་གྲངས་ལ་སོགས་པའི་ཆེད་དུ་དམིགས་པ་ཞི་ཁྲོའི་དཀྱིལ་འཁོར་གཉིས་སོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལའང་དོན་དམ་ཀུན་རྫོབ་གཉིས་ལས། དང་པོ་ནི་རང་བཞིན་གྱི་དཀྱིལ་འཁོར་དང་ཕྱོགས་མཚུངས་ལ། གཉིས་པ་ནི། བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་བྱེད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དཀར་དམར་རྣམས་དཀྱིལ་འཁོར་གྱི་རྣམ་པར་གནས་པ་ལ་ཟེར་བས་ན། དེ་བསྒོམ་པའི་ཐབས་གསང་བའི་དཀྱིལ་འཁོར་ཡང་འདིར་བསྡུའོ། བདུན་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ནི། རྣལ་འབྱོར་པ་ཕོ་མོ་རྣམས་ཀྱིས་འཁོར་གྱི་རྣམ་པར་འཚོགས་ནས་ཞི་ཁྲོ་སོ་སོའི་ཚོམ་བུ་གཅིག་གསུམ་ལྔ་བ་གང་རུང་གི་ཚོགས་སྒྲུབ་བྱེད་པ་དེའོ། །བཞི་པ་རིམ་པ་བགྲོད་པ་དབང་ལའང་གསུམ་ལས། ངོ་བོ་ནི་ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིར་ཡན་ལག་ལྔར། །དྲུག་ལ་དབང་བའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། ཅེས་པས། དང་པོ་རྒྱུ་གཉིས་ནི། གདོད་ནས་རང་ལ་བདེ་གཤེགས་སྙིང་པོའི་ཆོས་ཉིད་རང་ཆས་སུ་གནས་པ་མཚུངས་ལྡན་གྱི་རྒྱུ་དང་། དེ་ཉིད་བརྡ་ཐབས་ཀྱི་སྒོ་ནས་རིགས་སད་པར་བྱེད་པའི་རྟེན་འབྲེལ་གྱིས་དབང་རྗེས་རབ་གནས་དང་ལྡན་པ་རྣམས་ནི་ལྷན་གཅིག་བྱེད་པའི་རྒྱུ་སྟེ་གཉིས་སོ། རྐྱེན་བཞི་ནི་ཕན་ནུས་ཟབ་མོའི་དབང་གི་སྣོད་ལྡན་གྱི་སློབ་བུ་ནི་རྒྱུའི་རྐྱེན། དབང་གསུམ་བསྐུར་བའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་ནི་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་གསུམ་གྱིས་དབང་ནུས་ལྡན་དུ་བྱས་པ་ནི་དམིགས་པའི་རྐྱེན། དབང་སྔ་མས་གོ་ཕྱེས་ནས་ཕྱི་མ་ཐོབ་མ་རགས་པར་གྱུར་པ་ནི་དེ་མ་ཐག་པའི་རྐྱེན་དེ་བཞིའོ། །དེ་ལྟར་རྒྱུ་གཉིས་རྐྱེན་བཞི་སྟེ་དྲུག་པོ་ཚོགས་པ་ལ་བརྟེན་ནས་གང་ལ་དབང་བའི་གོ་འཕངས་ཀྱི་ཆོས་རྒྱུད་ལ་བཞག་པས་ཐར་བའི་མྱུ་གུ་མངོན་དུ་བསྐྱེད་པའམ། སྐྱེ་ངེས་ཀྱི་ནུས་ལྡན་དུ་སྨིན་པར་བྱས་པའོ། ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས། མངོན་པར་གཏོར་བའམ་བླུགས་པ་སྟེ། སྒོ་གསུམ་གྱི་དྲི་མ་འཁྲུད་པས་ན་གཏོར་བ་དང་། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་རྒྱུད་ལ་འཇོག་པས་ན་བླུགས་པ་སྟེ། དོན་ལ་ལམ་དེ་དང་དེ་བསྒོམ་པ་ལ་དབང་བར་བྱེད་པས་ན་དབང་ངོ་། །དབྱེ་བ་ལ་ཡང་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། དེ་མ་ཐག་པ་བཞི་པ་སྟེ། ཞེས་པ་ལྟར་བཞི་དང་། དེའི་དང་པོ་བུམ་དབང་ལ་ནང་གསེས་ཕན་ནུས་གཉིས་སུ་ཕྱེ་བས་སྔར་འགྱུར་ཏེ། རྡོ་རྗེ་ལས། དང་པོ་ས་བོན་འཇོག་པ་སྟེ། །གཉིས་པ་ནུས་པ་བསྐྱེད་པ་ཡིན། །གསུམ་པ་ཉམས་མྱོང་བསྐྱེད་པའོ། །བཞི་བས་དེ་ཉིད་བརྟན་པར་བྱེད། །ལྔ་བས་བསྟན་པ་ཉམས་ལོན་པས། །མཆོག་གི་དངོས་གྲུབ་ཚེ་འདིས་འགྲུབ། ཅེས་ཞི་ཁྲོ་གཉིས་ཀར་རྩ་བ་ལྔ་དང་། བྱེ་བྲག་ཡན་ལག་གི་དབྱེ་བ་ཞི་བ་ལ་ཕན་དབང་བཅུ། ནུས་དབང་ལྔ། ཟབ་དབང་གསུམ་སྟེ་བཅོ་བརྒྱད་དུ་ངེས་པ་ཡང་ཐུགས་ཐིག་ལས། རྩ་བ་རྣམ་ལྔ་བཅོ་བརྒྱད་དང་། ཞེས་སོ། །ཁྲོ་བོ་ལ་ནུས་དབང་ཟབ་དབང་གཉིས་གོང་དང་འདྲ་ཡང་ཕན་དབང་ལ། གདན་དང་ལྷ་དབང་ཕྱག་མཚན་དང་། ཆས་བཅུ་བསྒྲུབ་རྫས་བཅོ་ལྔ་སྟེ། ཞེས་པ་ལྟར་ཉེར་བརྒྱད་དུ་གྱེས་པས་བསྡོམ་སུམ་ཅུ་རྩ་དྲུག་སྟེ། ཐུགས་ཐིག་ལས། བསྒྱུར་བ་ལ་སུམ་ཅུ་དྲུག །ཅེས་སོ། །དེ་ལས་ཆས་བཅུ་ནི། །དབུ་རྒྱན་བུམ་པ་སྙིང་པོ་ལྔ། །ཅོད་པན་གོ་ཆ་ཕྲེང་བ་བརྒྱན། །ཐོད་ཕྲེང་རྟགས་གསུམ་མེ་དཔུང་ངོ་། །ཞེས་སོ། །སྒྲུབ་རྫས་བཅོ་ལྔ་ནི། བདུད་རྩི་ལྔ་དང་ཤ་ལྔ་དང་། རཀྟ་རྒྱལ་མཚན་གདུགས་ཁ་ཊྭཾ། །ཕུར་པ་རྡོར་དྲིལ་རྔེའུ་ཆུང་དང་། ཡུངས་དཀར་གཟུངས་མ་ཕྲེང་བ་དང་། ཚེ་དང་བཟའ་བཏུང་མིང་དབང་ངོ་། །ཞེས་སོ། །དེ་ཡང་ཞི་བ་དང་མི་མཚུངས་པ་རྣམས་ཀྱང་ཐོད་པའི་དབུ་རྒྱན་སོགས་ཞི་དྲག་གི་རྫས་ཀྱི་ཁྱད་ཡོད་པ་ཤེས་པར་བྱའོ། །དེ་དག་ཀྱང་གདུལ་བྱ་གང་ལ་དཀྱིལ་འཁོར་གང་དུ་བསྐུར་ཚུལ་ནི། གདུལ་བྱ་དད་པ་ཅན་ལ་ཕྱི་ཕན་པའི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་དང་། བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་། རས་བྲིས་སམ་ཚོམ་བུ་ལ་བརྟེན་ནས་བསྐུར་བ་དང་། བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་པོ་སྤྱིར་བདག་གི་དེ་ཁོ་ན་ཉིད་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་དང་། བྱེ་བྲག་ཏུ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་བྷ་གའི་དཀྱིལ་འཁོར་དང་། ཤེས་རབ་དབང་ལྷའི་དེ་ཁོ་ན་ཉིད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། བདེ་བ་ཆེན་པོའི་དབང་གི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྣམས་ལ་བརྟེན་ནས་བསྐུར་རོ། །ལྔ་པ་མི་འདའ་བ་དམ་ཚིག་ལའང་གསུམ་ལས། ངོ་བོ་ནི། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོད། །རྨི་ལམ་དུའང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པས་ཞོག །ཅེས་པས། བསྲུང་བྱའི་དོན་ཁྱད་པར་ཅན་ལས་དངོས་སུ་མི་འདའ་བར་མ་ཟད། རྨི་ལམ་གྱི་གནས་སྐབས་སུའང་དམ་བཅའ་འདི་ལས་འདའ་བར་མི་བྱའོ་སྙམ་པའི་སེམས་པ་ས་བོན་དང་བཅས་པའོ། །ངེས་ཚིག་ནི་ས་མ་ཡའི་སྒྲ་ལས། དངོས་སུ་ཁས་བླངས་པའི་ཐ་ཚིག་ལ་འཇུག་པས་ན། གང་གི་ཚེ་དམ་བཅས་པ་ལས་འདའ་བར་དཀའ་བས་སམ། ཡང་ན་རྡོ་རྗེ་ལས། དམ་པ་འདི་ལས་སུ་འདའ་བ། རྡོ་རྗེ་ཅན་ཡང་ཚིག་པར་འགྱུར། ཞེས་པ་ལྟར་བསྲུང་བྱ་དམ་པ་གང་ཡིན་པ་ལས་འདས་ན་གསང་བདག་ཕྱག་ན་རྡོ་རྗེའང་དམྱལ་བའི་མེས་འཚིག་པར་བྱེད་ན་གཞན་དག་སྨོས་ཅི་དགོས་ཞེས་ཉམས་པའི་ཉེས་དམིགས་ཀྱི་སྒོ་ནས་དམ་ཚིག་གམ། ཡང་ན་དམ་པ་འདི་ཉིད་བསྲུང་བའི་གང་ཟག་ལ་གནོད་པར་བྱེད་པ་རྣམས་རྡོ་རྗེའི་མེས་འཚིགས་པར་འགྱུར་པས་ན་བསྲུང་བའི་ཕན་ཡོན་གྱི་སྒོ་ནས་ཀྱང་གསུངས་སོ། །གཞན་དུ་ཀུན་གཟིགས་རོང་པས་ནི། །ཀུན་ཐོབ་འགྲོ་དང་རྟོགས་པ་དང་། སོགས། སྒྲའི་འཇུག་ཚུལ་བཅུ་དྲུག་ཏུ་གསུངས་སོ། །དབྱེ་བ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ལ་ཡང་རྒྱུད་སྡེ་སོ་སོའི་དགོངས་པ་མང་ཡང་། གསར་རྙིང་ཐུན་མོང་དུ་གྲགས་པ་རྩ་ལྟུང་བཅུ་བཞི། ཡན་ལག་སྦོམ་པོ་བརྒྱད་ལ་སོགས་པ་རྣམས་དང་། ཁྱད་པར་སྔ་འགྱུར་དུ་གྲགས་པ་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་ཏེ། སོ་སོའི་གཞུང་ལས་རྟོགས་པར་བྱའོ། གཉིས་པ་བྱེ་བྲག་གཞུང་འདི་ཉིད་དུ་གྲགས་པ་ནི་རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་བཅུ་སྟེ་བཅོ་ལྔ་ཡིན་ལ། དེ་ལས་ཀྱང་དབྱེ་ན་སུམ་བརྒྱ་དྲུག་ཅུ་ལ་སོགས་པའོ། །དེ་ཡང་དམ་ཚིག་ཡིན་ན་སྔགས་སྡོམ་ཡིན་པས་མ་ཁྱབ་ལ། སྔགས་སྡོམ་ཡིན་ན་དམ་ཚིག་གིས་ཁྱབ་པ་སོགས་སྡོམ་པ་དང་དམ་ཚིག་ནི་དབྱེ་བ་ཤེས་པར་བྱས་ནས། རང་ལྡོག་མ་འདྲེས། དགག་དགོས་ཡོངས་རྫོགས། ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། གནད་ཀྱིས་མི་འགལ། དུས་སྐབས་གཙོར་སྤྱོད་དེ་སྡོམ་པའི་ཁྱད་ཆོས་དྲུག་གི་ཚུལ་དུ་སོ་བྱང་སྔགས་གསུམ་ནང་མི་འགལ་བར་བསྲུང་ཚུལ་སོགས་འདིར་འཆད་སྲོལ་འདུག་ཀྱང་། ཕལ་ཆེ་གཞུང་དོན་གྱི་སྐབས་སུ་གསལ་བ་ཡིན་ནོ། །དྲུག་པ་རོལ་པ་འཕྲིན་ལས་ལའང་གསུམ་ལས། ངོ་བོ་ནི། ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལས་བཞི། ཞེས་པས་རྒྱུ་ཚད་མེད་པ་བཞིས་ཀུན་ནས་བསླང་བའི་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་ཆེན་པོས་ཟིན་པས་སྒོ་ནས་གཙོ་བོར་གཞན་དོན་སྒྲུབ་པ་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །ངེས་ཚིག་ནི། ཀརྨ་ཞེས་པའི་སྒྲ་ལས། སྒོ་གསུམ་གྱི་བྱ་བ་བྱེད་པའི་ལས་ཀྱི་མཚན་ཉིད་ཅན་ཏེ། འདིར་རྒྱལ་བའི་མཛད་པ་བསྒྲུབ་པའི་ལས་གང་ཡིན་པ་ལ་འཇུག་པས་ན་འཕྲིན་ལས་སོ། །དབྱེ་བ་ལའང་། ཕྱི་མ་འགོས་འགྱུར་ལས། ཞི་བ་ལ་སོགས་རབ་དབྱེ་བས། །ལས་ནི་རྣམ་པ་བཞིར་བསྡུས་སོ། །ཞེས་པ་ལྟར། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་སྟེ་ལས་ཆེན་བཞི་དང་། དེ་རེ་རེ་ཞིང་ཐུན་མོང་དང་མཆོག་གི་ལས་གཉིས་རེར་དབྱེ་བས་བརྒྱད་དམ། ཡང་ན་མཆོག་གི་ལས་གཅིག་ཏུ་བསྡོམ་ནས་ལྔར་དབྱེ་བའང་ཡོད་དོ། དེ་དག་ཀྱང་གང་གིས་བྱ་བའི་ཐབས་ཀྱི་རིམ་པ་ནི་ལྔར་ངེས་པ་སྟེ། ཁོག་གཞུང་ལས། བདག་གཞན་དོན་སྒྲུབ་འཕྲིན་ལས་ནི། །མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། །ཧོམ་བྲོ་གླུ་དང་རྫས་ཀྱིས་བྱ། ཞེས་པ་ལྟར་མཆོད་རྟེན་གྱི་སྒོ་ནས་ལས་མཐུན་གྱི་མནན་པ་བྱ་བ་དང་། ཕྱག་རྒྱའི་སྒོ་ནས་ལས་མཐུན་གྱི་ཕྱག་རྒྱ་བཅའ་བ་དང་བསྒྱུར་དམིགས་བྱེད་པ་དང་། མེ་ཧམ་གྱི་སྒོ་ནས་ལས་མཐུན་གྱི་སྦྱིན་སྲེག་བླུགས་པ་དང་། ལུ་གུ་རྒྱུད་ཀྱི་སྒོ་ནས་ལས་མཐུན་གྱི་གླུ་བྲོ་བྱ་བ་དང་། རྫས་ཀྱི་སྒོ་ནས་ལས་མཐུན་གྱི་ལིང་ག་བཅའ་བ་དང་བསྒྲལ་བསྟབ་བྱེད་པ་སྟེ་ལྔའོ། །བདུན་པ་དོན་དུ་གཉེར་བ་སྒྲུབ་པ་ལ་ཡང་གསུམ་ལས། ངོ་བོ་ནི། རྒྱུད་ཕྱི་མ་ཆེའི་འགྱུར་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་པ་ཐབས་ཁྱད་པར་ཅན་བསྐྱེད་རྫོགས་རིམ་པ་གཉིས་ལ་བརྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ལས་གང་འདོད་པ་ཞིག་དོན་དུ་གཉེར་བའོ། །ངེས་ཚིག་ནི། སིདྷིའི་སྒྲ་ལས་དངོས་གྲུབ་སྟེ་བསྒྲུབ་བྱ་དང་། སཱ་དྷ་ནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ། འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའམ་སྒྲུབ་པར་བྱེད་པས་ན་སྒྲུབ་པའོ། །དབྱེ་བ་ལ་ཐུན་མོང་དང་མཆོག་གི་སྒྲུབ་པ་གཉིས་ལས། དང་པོ་ནི་ཁོག་གཞུང་ལས། རོ།་ལངས་ཚེ་དང་པྲ་སྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་བོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་ཅེ་སྤྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་སྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞིང་བློན་སྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའོ། །ཞེས་པ་ལྟར་དང་། ཡང་ན་གཞུང་འདིར་དངོས་སུ་གསལ་བ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྷའི་དངོས་གྲུབ་ལྔ་ལས་ཕྲན་ཚེགས་བརྒྱད་དང་བཅས་པ་རྣམས་སོ། །གཉིས་པ་ལ་ཡང་ལུང་སྔ་མ་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དང་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་སྒྲུབ་པ་རྣམ་གཉིས་སོ། །ཞེས་སོ། །ཇི་ལྟར་བསྒྲུབ་པའི་ཚུལ་ནི། བྱེ་བྲག་སོ་སོའི་སྒྲུབ་ཐབས་གུད་དུ་བྱུང་བ་རྣམས་དང་སྒྱུ་འཕྲུལ་རྒྱལ་པོ་ལས་རྟོགས་པར་བྱ་ལ། འདིར་གཙོ་བོར་སྟོན་པ་ནི་ཚོམ་བུ་ཚོགས་སྒྲུབ་སྟེ། གཞི་ཕུན་སུམ་ཚོགས་པ་ལྔ་ཚངས་པའི་སྒོ་ནས་བསྙེན་སྒྲུབ་ཡན་ལག་བཞིའི་ཐབས་ཀྱིས་སྒྲུབ་པའོ། །བརྒྱད་པ་མི་གཡོ་བའི་ཏིང་ངེ་འཛིན་ལ་ཡང་གསུམ་ལས། ངོ་བོ་ནི་ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བའི་ཡིད། །མ་ཡེངས་པ་ཉིད་ཏིང་འཛིན་ཏེ། ཞེས་པ་ལྟར་བསྒོམ་བྱའི་དོན་ཁྱད་པར་ཅན་གང་ཡིན་པ་ལས་སེམས་གཞན་དུ་མ་ཡེངས་པ་རྩེ་གཅིག་ཏུ་གནས་པ་ཞིག་གོ །ངེས་ཚིག་ནི། ས་མ་དྷིཿའི་སྒྲ་ལས་མཉམ་པའི་བློ་སྟེ། རྣམ་པར་རྟོག་པས་མི་མཉམ་པ་མེད་པར། དམིགས་པའི་རྟེན་ལ་སེམས་ལྷན་ནེར་འཛིན་པས་ན་ཏིང་ངེ་འཛིན་ནོ། །དབྱེ་བ་ལ་ཐབས་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་དང་། ཤེས་རབ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གཉིས་ལས། དང་པོ་ནི་རྒྱུད་ཕྱི་མ་ཁ་ཆེ་འགྱུར་ལས། །ལྷ་ཡི་རྣམ་པའི་སྦྱོར་བ་ཡི། ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །ཅེས་པ་ལྟར་མ་དག་འཁྲུལ་ཤེས་ཀྱི་སྣང་བ་འདི་ཀུན་དག་པ་ལྷར་སྣང་དུ་སྦྱོར་བའི་ཕྱིར། གཞལ་ཡས་ཁང་གདན་དང་བཅས་པ་ནས་རིམ་པར་སྐུ་ཡོངས་སུ་རྫོགས་པའི་བར་བསྐྱེད་པ་ནི་བསྐྱེད་རིམ་སྟེ། དེ་ལའང་དབྱེ་ན་སྔ་མ་ལས། མངལ་སྐྱེས་ལ་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་པ་བཞི་རུ་འདོད། ཅེས་པ་ལྟར་སྐྱེ་གནས་བཞིའི་བག་ཆགས་སྦྱོངས་ཕྱིར་བསྐྱེད་རིམ་ཡང་བཞི་སྟེ། འདི་ལྟར་ལས་དང་པོའི་དུས་སུ་སྒོང་སྐྱེས་སྦྱོངས་ཕྱིར་རྒྱས་པ་ཆེན་པོའི་བསྐྱེད་རིམ་བདག་སྲས་ལྔ་དང་གཞན་སྲས་བརྒྱད་ཀྱི་ཚུལ་དུ་བསྒོམ་པ་དང་། ཅུང་ཟད་གོམས་ཚེ་མངལ་སྐྱེས་སྦྱོངས་ཕྱིར་རྒྱས་པ་འབྲིང་གི་བསྐྱེད་རིམ་ནང་གི་མངོན་བྱང་ལྔ་དང་། མངོན་བྱང་བཞི་ཅན། རྡོ་རྗེའི་ཆོ་ག་གསུམ་ཅན་རྣམས་བསྒོམ་པ་དང་། ཆེར་གོམས་པ་བརྟན་ཚེ་དྲོད་གཤེར་སྐྱེས་སྦྱོངས་ཕྱིར་བསྐྱེད་རིམ་འབྲིང་པོ་ས་བོན་ནམ་བསྐྱེད་སྔགས་བཟླས་པ་ཙམ་གྱི་མུར་བསྒོམ་པ་དང་། ཤིན་ཏུ་བརྟན་པ་ཐོབ་ཚེ་རྫུས་སྐྱེས་སྦྱོངས་ཕྱིར་བསྡུས་པའི་བསྐྱེད་རིམ་སྐད་ཅིག་དྲན་རྫོགས་ཀྱིས་བསྒོམ་པ་སྟེ་བཞིའམ། ཡང་ན་ལམ་རིམ་ལྟར་སྲིད་པ་མངལ་སྐྱེས་རྫུས་སྐྱེས་གཉིས་དང་བསྟུན་ཏེ། རིམ་གྱིས་དང་ཅིག་ཅར་དུ་བསྒོམ་མོ། །གཉིས་པ་ཡང་སྔ་མ་ལས། རང་བཞིན་གྲུབ་པའི་རྣལ་འབྱོར་ནི། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཅེས་པ་ལྟར་ལྷར་སྣང་བདེན་གྲུབ་ཏུ་ཞེན་པ་ཉིད་རང་བཞིན་ཡོངས་གྲུབ་ཆེན་པོའི་ངང་དུ་ཉེ་བར་ཞི་བའི་ཐབས་སྣང་མེད་དང་སྣང་བཅས་ཀྱི་རྣལ་འབྱོར་གང་རུང་ལ་བསླབ་པ་ནི་སྤྱིར་རྫོགས་རིམ་གྱི་དོད་པོ་ཡིན་ཀྱང་། འདིར་མཚན་བཅས་ཀྱང་རྫོགས་རིམ་དམིགས་ཀྱིས་བསལ་བ་ལྟར་ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་པ་དང་གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་རིམ་ཅིག་ཅར་གཉིས་ཀྱིས་བསྡུས་པ་རྣམས་སོ། །དེ་ཡང་རིམ་པ་གཉིས་པོ་གང་གི་སྐབས་སུའང་། དེ་དང་དེ་ལ་སེམས་རྩེ་གཅིག་ཏུ་གཏོད་པ་ལས་གཞན་དུ་མ་ཡེངས་པའི་ཆ་དེ་ཏིང་ངེ་འཛིན་ཡིན་པས་ན་ཐབས་ཀྱི་ལྡོག་པ་ལས་བྱེས་པ་ཙམ་དུ་ཟད་ཀྱིས། གཞན་དུ་བསྐྱེད་རྫོགས་ཡིན་ན་ཏིང་ངེ་འཛིན་ཡིན་པས་ཁྱབ་པ་དང་། ཏིང་ངེ་འཛིན་ཡིན་ན་བསྐྱེད་རྫོགས་ཡིན་པས་ཁྱབ་པ་ནི་མེད་དེ། དེ་ཡོད་ཚེ་སྔ་མ་ལྟར་ན་གསང་སྔགས་ཀྱི་ལམ་མཐའ་དག་རིམ་པ་གཉིས་ཀྱིས་བསྡུས་ཕྱིར་ཐམས་ཅད་ཏིང་ངེ་འཛིན་དུ་ཐལ་བ་དང་། ཕྱི་མ་ལྟར་ན་ཐེག་དམན་གྱི་ཏིང་ངེ་འཛིན་ཡང་སྔགས་ཀྱི་བསྐྱེད་རྫོགས་སུ་ཐལ་བའི་སྐྱོན་སྤོང་མི་ནུས་སོ། །དགུ་བ་གནས་སུ་སྟོབས་པ་མཆོད་པ་ལ་ཡང་གསུམ་ལས། ངོ་བོ་ནི་ཐུགས་ཐིག་ལས། བྱ་བྱེད་བྱ་བ་བྱེད་འདུས་པས། དགྱེས་ཚིམ་གྱུར་བའི་དངོས་པོ་ཉིད། ཅེས་པ་ལྟར་མཆོད་བྱ་རྫས་སོགས་དང་མཆོད་བྱེད་གང་ཟག་མཆོད་པའི་བྱ་བ་བྱེད་པ་ལ་ཚོགས་ནས། སྒོ་གསུམ་ཉེས་སྐྱོན་དང་བྲལ་བས་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད་ཕྱིར་མཆོད་པ་འབུལ་བ་ལ་ཡིད་གཅིག་ཏུ་གཞོལ་བའོ། །ངེས་ཚིག་ནི། པཱུ་ཛའི་སྒྲ་ལས་སྔོན་དུ་བསྐྱེད་པ་དང་། ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་། བཀུར་བའི་དོན་རྣམས་ལ་འཇུག་པས་ན། དགེ་བའི་ལས་གང་གིས་ཀྱང་སྔོན་དུ་འགྲོ་དགོས་པས་དང་། དགྱེས་པ་བསྐྱེད་ཕྱིར་གནས་སུ་སྟོབས་བྱ་ཡིན་པས་ན་མཆོད་པའོ། །དབྱེ་བ་ལ་སྤྱི་བྱེ་བྲག་གཉིས་ལས། དང་པོ་ལའང་འཇིག་འདས་ཀྱི་མཆོད་པ་གཉིས་སྟེ། དེའི་ཁྱད་པར་ནི་བཞི་རེ་སྟེ་འདི་ལྟར་སྐྱབས་ཡུལ་དང་། འབྲས་བུ་དང་། ཡོངས་བསྔོ་དང་། མཆོད་རྫས་སོ། །དེ་ཡང་འཇིག་རྟེན་པས་ནི། སྐྱབས་ཡུལ་ཚངས་པ་ཁྱབ་འཇུག་སོགས་འཇིག་རྟེན་པའི་དྲེགས་པ་ཅན་ལ། འབྲས་བུ་མཐོ་རིས་ལ་དམིགས་ནས། ཡོངས་བསྔོ་དེ་ཉིད་ཐོབ་ཕྱིར། མཆོད་རྫས་འདོད་ཡོན་ལྔ་སོགས་འཇིག་རྟེན་པའི་ཡོ་བྱད་འབུལ་བའོ། དེ་ལས་ཕྱི་མ་ནི་ཀུན་སློང་དམ་པས་ཟིན་ན་མྱང་འདས་ཀྱི་རྒྱུར་ཡང་དབུལ་རུངས་བ་ཡིན་ནོ། །འདས་པའི་སྐྱབས་ཡུལ་ནི་བླ་མ་དང་མཆོག་གསུམ་ལ། འབྲས་བུ་སངས་རྒྱས་ལ་དམིགས་ནས། ཡོངས་བསྔོ་དེ་ཉིད་ཐོབ་ཕྱིར། མཆོད་རྫས་ཐུན་མོང་དང་ཐུན་མོང་མ་ཡིན་པ་དག་འབུལ་བའོ། །གཞན་ཆོས་ལ་ཐོས་བསམ་བསྒོམ་གསུམ་བྱེད་པ་ཡང་རྒྱལ་བ་གཉེས་བྱེད་དོན་གྱི་མཆོད་པར་ངེས་སོ། །གཉིས་པ་བྱེ་དྲག་ཏུ་དབྱེ་བ་ལ་ཡང་ཕྱི་ཉེར་སྤྱོད་ནང་དམ་རྫས་བདུད་རྩི། གསང་བ་སྦྱོར་བསྒྲོལ་ཟབ་མོའམ་ཞི་ཁྲོའི་མཆོད་པ་བཅུ་བཞི་ལ་སོགས་པ་སྟེ་གསུམ་ལས། དང་པོ་ནི་འཇིག་རྟེན་པ་དང་ཐུན་མོང་དུ་སྤྱད་བྱར་གྱུར་པ་མེ་ཏོག་ལ་སོགས་པ་སྟེ་ཕྱི་མཆོད་ཅེས་བྱའོ། །གཉིས་པ་ནི་ཐེག་པ་འོག་མ་ལ་མ་གྲགས་ཤིང་གསང་སྔགས་ནང་པ་སྤྱིས་སྤྱད་བྱར་གྱུར་པ་བདུད་རྩི་ལ་སོགས་པ་སྟེ་ནང་མཆོད་ཅེས་བྱའོ། །གསུམ་པ་ནི་བླ་མེད་ལ་ཞུགས་པ་ཙམ་ཀུན་གྱིས་ཀྱང་སྤྱད་བྱར་མ་གྱུར་པ་ན་གསང་མཆོད་ཅེས་སྦྱོར་བསྒྲོལ་ཟབ་མོ་དང་། དེའི་ཟླས་དྲངས་པ་ཞི་ཁྲོའི་མཆོད་པ་རྣམས་སྟེ་འདི་ནི་རང་གི་མཆོད་པ་བྱེ་བྲག་པར་ངེས་པས་ན་དེ་སྐད་ཅེས་བརྗོད་པ་ཡིན་ནོ། དེ་དག་སོ་སོའི་དབྱེ་བ་ནི་གཞུང་ན་གསལ་ལོ། །བཅུ་བ་འཆིང་ཟློས་སྔགས་དང་ཕྱག་རྒྱ་ལ་ཡང་གསུམ་ལས། ངོ་བོ་ནི་ཐུགས་ཐིག་ལས། ཡི་གེ་འདུས་པ་གྲུབ་པ་བཞིས། །མཐུ་ཅན་རེད་པ་གང་ཡིན་པ། །བཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །ཞེས་པ་ལྟར་ཐབས་ཤེས་ཀྱི་ཡི་གེ་ཨཱ་ལི་ཀཱ་ལི་འདུས་པ་ཉིད། ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། བྱིན་གྱིས་བརླབས་ཀྱིས་གྲུབ་པ། མཐུས་གྲུབ་པ་སྟེ་གྲུབ་པ་བཞིས་བྱིན་གྱིས་བརླབས་པ་གཞུང་མཐུ་ཅན་དུ་གྱུར་བ་ནི་སྔགས་ཀྱི་ངོ་བོ་དང་། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བར་ཤེས་ངོར་ས་ལེར་སྣང་བ་ནི་ཕྱག་རྒྱའི་ངོ་བོའོ། །ངེས་ཚིག་ནི། མནྟྲའི་སྒྲ་ལས་ཤེས་སྐྱོབས་ཏེ། ཡིད་ཤེས་བདེ་གྱུར་དུ་སྐྱོབ་པས་ན་སྔགས་དང་། མུ་དྲའི་སྒྲ་ལས་འདེབས་ཤིང་མཚོན་པར་བྱེད་པའམ། རྒྱས་བཏབ་པ་ལས་འདའ་བར་དཀའ་བ་རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱ་ལྟ་བུར་ངེས་པས་ན་སྐུ་གསུང་ཐུགས་ཀྱི་མཚན་མར་གྱུར་པ་ལ་ཕྱག་རྒྱ་ཞེས་བྱའོ། །དེ་ཡང་མཚན་ཉིད་བཞི་ལྡན་ཞིག་སྟེ། དམ་པའི་མཚན་མར་གྱུར་པ་དང་། གང་གིས་གཞིག་དཀའ་བ་དང་། ཆོས་ཀྱི་རྒྱལ་པོ་ལས་ཐུན་མོང་དུ་མ་གྱུར་པ་དང་། སངས་རྒྱས་ཀྱི་མཛད་པ་བསྒྲུབ་ནུས་པའོ། །དེ་ལྟར་མཚན་མའི་ཕྱག་རྒྱ་ལས་བཏུད་ནས་མཚན་མ་མེད་པའི་དོན་དང་། དམ་པའི་སྐུ་གསུང་ཐུགས་དངོས་ལའང་འཇུག་གོ །དབྱེ་བ་ལ་སྔགས་དང་ཕྱག་རྒྱ་གཉིས་ལས། དང་པོ་སྔགས་ལའང་དོན་ཡེ་ཤེས་ཀྱི་སྒོ་ནས་དབྱེ་བ་དང་། རྟགས་བཟླས་པའི་སྒོ་ནས་དབྱེ་བ་གཉིས་ཀྱི་དང་པོ་ནི་གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ་སྟེ། །དེ་ལས་གསང་སྔགས་ནི་སྙིང་རྗེ་དང་ཤེས་རབ་ཟུང་དུ་འཇུག་པའི་སྒོ་ནས་གཙོ་བོར་འཁྲུལ་རྟོག་གི་གཉེན་པོར་གྱུར་པ་ཞིག་སྟེ། རྟགས་ཀྱང་ལྷ་ཕོའི་རྣམ་པ་ཤས་ཆེར་སྟོན་པའོ། །རིག་སྔགས་ནི་ཡེ་ཤེས་དང་ཤེས་རབ་ཟུང་དུ་འཇུག་པའི་སྒོ་ནས་གཙོ་བོར་མ་རིག་པའི་གཉེན་པོར་གྱུར་པ་ཞིག་སྟེ། རྟགས་ཀྱང་ལྷ་མོའི་རྣམ་པ་ཤས་ཆེར་སྟོན་པའོ། །གཟུངས་སྔགས་ནི་དྲན་པ་དང་ཤེས་རབ་ཟུང་དུ་འཇུག་པའི་སྒོ་ནས་གཙོ་བོར་དྲན་ཉམས་ཀྱི་གཉེན་པོར་གྱུར་བ་ཞིག་སྟེ། རྟགས་ཀྱང་ལྷ་ཡབ་ཡུམ་ཟུང་འཇུག་གི་རྣམ་པ་ཤས་ཆེར་སྟོན་པའོ། །གཞན་ཡང་ཆོས་ཉིད་མ་འཁྲུལ་བའི་ཡེ་ཤེས་གང་ཞིག་རྟག་ཆད་ཀྱི་མཐའ་དང་བྲལ་བ་ཐབས་ཤེས་ཟུང་འཇུག་གི་བདག་ཉིད་ཅན་དུ་གནས་པ་ནི་གསང་སྔགས་ཀྱི་ངོ་བོ་དང་། དེའི་དོན་རྟོགས་པ་རིག་སྔགས་ཀྱི་ངོ་བོ། རྟོགས་བཞིན་ངང་ལ་གནས་པ་གཟུངས་སྔགས་ཀྱི་ངོ་བོའོ་ཞེས་ཀྱང་གསུངས་སོ། གཉིས་པ་དེ་དག་གི་སྒོར་གྱུར་པ་རྟགས་བཟླས་པའི་སྒོ་ནས་དབྱེ་བ་ནི། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། ཞེས་པ་ལྟར། ས་བོན་ཧཱུྃ་ལྟ་བུ་རྒྱུ་མ་ནོར་བར་རྩ་བའི་སྔགས། ལྷ་སོ་སོའི་བྱེ་བྲག་གི་སྔགས་བཛྲ་དྷྲིག་ལྟ་བུ་བསྐྱེད་པ་རྐྱེན་གྱི་སྔགས། དེ་གཉིས་སྦྲེལ་བ་ཧཱུྃ་བཛྲ་དྷྲིག་ལྟ་བུ་བཟླས་པ་ལས་ཀྱི་སྔགས་སྟེ་གསུམ་མོ། །གཉིས་པ་ཕྱག་རྒྱ་ལའང་སྤྱིར་རྟོག་ཚོགས་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་ལས་འདའ་བར་དཀའ་བས་ན་རང་བཞིན་གྱི་ཕྱག་རྒྱ་དང་། དེའི་དོན་གྱི་ཡིན་ལུགས་རྟོགས་པ་ལྟ་བའི་ཕྱག་རྒྱ། དེ་གཉིས་མངོན་དུ་གྱུར་པ་འབྲས་བུའི་ཕྱག་རྒྱ་སྟེ་གསུམ་དུ་དབྱེ་ཡང་བྱེ་བྲག་གི་སྒོ་ནས་ཡན་ལག་བཞི་བཞི་དང་ལྡན་པ་སྟེ། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། ཞེས་སོ། །དེ་ཡང་དམ་ཚིག་གི་ཕྱག་རྒྱ་ནི་རང་བཞིན་དུ་གནས་པས་ཐུགས་ཀྱི་མཚན་མ་སྟེ། དོན་ལ་མཚན་མ་མེད་པའི་དོན་གྱིས་མཚན་བཅས་ཐམས་ཅད་ལ་རྒྱས་བཏབ་པ་དེའོ། །གནས་སྐབས་སུ་ནི་ལྷ་དམ་ཚིག་པ་དང་། དམ་ཚིག་གི་རྫས་ཕྱག་རྒྱ་བཅས་བསམ་སོགས་ལའང་འཇུག་གོ །ལས་ཀྱི་ཕྱག་རྒྱ་ནི་ཡོན་ཏན་དང་འཕྲིན་ལས་ཀྱི་སྒོ་ནས་འགྲོ་དོན་བྱེད་པའི་མཚན་ཉིད་ཅན་ཏེ། དོན་ལ་དག་པའི་ལས་ཀྱིས་མ་དག་པའི་བྱ་བྱེད་ལ་རྒྱས་འདེབས་པ་དེའོ། །གནས་སྐབས་སུ་ནི་ཕྱག་རྒྱ་བསྒྱུར་བཀྲོལ་དང་མཆོད་པ་དང་དཀྱིལ་འཁོར་གྱི་བྱེད་ལས་སོགས་ལའང་འཇུག་གོ །ཆོས་ཀྱི་ཕྱག་རྒྱ་ནི་གཞན་ལ་ཆོས་སྟོན་པར་བྱེད་པ་གསུང་གི་མཚན་ཉིད་ཅན་ཏེ། དོན་ལ་འཁོར་བའི་ཆོས་ལ་ཡང་དག་པའི་ཆོས་སྙིང་པོ་སྔགས་ཀྱིས་རྒྱས་འདེབས་པ་ཞིག་གོ །གནས་སྐབས་སུ་ནི་ཐུགས་ཀར་རང་རང་གི་ས་བོན་གསལ་བཏབས་ནས་ངག་ཏུ་སྔགས་བརྗོད་པ་ལའང་འཇུག་གོ །ཕྱག་རྒྱ་ཆེན་པོ་ནི་རང་བཞིན་གྱིས་རྣམ་པར་དག་པའི་གདངས་མ་འགགས་པ་ཉིད་ཕྱག་རྒྱའི་རྣམ་པར་ཤར་བ་སྐུའི་མཚན་ཉིད་ཅན་ཏེ། དོན་ལ་ཐ་མལ་སྙིགས་མའི་ཕུང་པོ་ལྔ་ལ་དེ་ལས་གྲོས་གཞན་པ་ཞིག་གིས་རྒྱས་འདེབས་པ་དེའོ། །གནས་སྐབས་སུ་ནི་བདག་ཉིད་ཞི་ཁྲོ་གང་རུང་གི་ལྷ་སྐུ་ཞིག་ཏུ་བསྐྱེད་ནས་ཡེ་ཤེས་པ་འགུག་བསྟིམ་བགྱིས་པས་དམ་ཡེ་དབྱེར་མེད་ཀྱི་བདག་ཉིད་ཅན་གང་ལའང་འཇུག་གོ །དེ་དག་ཀྱང་བསྡུ་ན་རང་བཞིན་གྱིས་མ་གྲུབ་པའི་དེ་བཞིན་ཉིད་ཀྱིས་མཚན་མའི་ཆོས་ཐམས་ཅད་ལ་རྒྱས་འདེབས་པ་མཚན་མེད་ཀྱི་ཕྱག་རྒྱ་དང་། གང་དང་གང་གིས་བཏབ་པ་དེ་ལས་འདའ་བར་དཀའ་བ་དང་དམ་པའི་མཚན་མར་གྱུར་པ་མཚན་བཅས་ཀྱི་ཕྱག་རྒྱ་སྟེ་གཉིས་སུ་འདུའོ། །དེ་ཡང་འདི་སྙམ་དུ། རེ་འགའ་ལྟ་བ་ཡིན་པ་དེ་རེ་འགའ་ཕྱག་རྒྱ་དང་དཀྱིལ་འཁོར་དུ་གྱུར་པ་ལྟ་བུ་གང་རུང་རུང་དེ་གང་རུང་རུང་དུ་འགྱུར་རམ་སྙམ་ན་མ་ཡིན་ཏེ། འདི་ལྟར་རང་བཞིན་གྱིས་རྣམ་པར་དག་པའི་དེ་བཞིན་ཉིད་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལྟ་བུ་ལ་མཚོན་ན། དེའི་ཡིན་ལུགས་མ་འཁྲུལ་བར་རྟོགས་པའི་ལྟ་བ་དང་། དེ་ལམ་དུ་འཁྱེར་བའི་ཆ་ནས་མཉམ་པའི་སྤྱོད་པ། དེ་ཉིད་ཀྱི་རང་བཞིན་སྐུ་དང་ཡེ་ཤེས་སུ་གནས་པའི་ཆ་ནས་རང་བཞིན་གྱི་དཀྱིལ་འཁོར། དེ་ཉིད་རྟོགས་སྒོམ་ལ་དབང་བས་ན་ཟབ་པའི་དབང་། དེ་ལས་ནམ་ཡང་འདའ་བར་བྱ་བ་མ་ཡིན་པས་ན་འབྲས་བུའི་དམ་ཚིག །དེ་ཉིད་ཀྱི་རོལ་པས་ལས་རབ་འབྱམས་བསྒྲུབ་པར་བྱེད་པས་ན་ལྷུན་གྱིས་གྲུབ་པའི་འཕྲིན་ལས། དེ་འང་དངོས་གྲུབ་དམ་པའི་གཞིར་གྱུར་པས་ན་མཆོག་གི་སྒྲུབ་པ། དེའི་ངང་དུ་མཉམ་པར་འཇོག་པས་ན་དམིགས་པ་མེད་པའི་ཏིང་ངེ་འཛིན། དེ་ཉིད་ལ་གཉིས་མེད་དུ་རོལ་པས་ན་དེ་ཁོ་ན་ཉིད་ཀྱི་མཆོད་པ། དེའི་ངོ་བོ་ཐབས་ཤེས་ཟུང་འཇུག་ཏུ་གནས་པས་ན་དོན་གྱི་སྔགས། དེ་ཉིད་ཀྱིས་རྒྱས་ཆོས་ཐམས་ཅད་ལ་ཁྱབ་པར་བཏབ་པས་ན་མཚན་མེད་ཀྱི་ཕྱག་རྒྱ་སྟེ། དཔེར་ན་ཉི་མ་གཅིག་པུ་ལ་མུན་པ་སེལ་བའི་ཆ་ནས་སྣང་བྱེད། པདྨོ་བཞད་པར་བྱེད་པས་ན་པདྨོའི་གཉེན་རླུང་གི་རྟས་བརྟེགས་པས་ན་རྟ་ལྗང་ཅན་སོགས་བརྗོད་པ་ཉིད་ངོ་བོ་གཅིག་ལ་བྱེད་ལས་ཀྱི་ལྡོག་པ་ཐ་དད་དུ་སྣང་བཞིན་བཏགས་པ་ལྟར། འདིར་ཡང་རང་ལྡོག་གི་ངོས་ནས་བརྗོད་པ་ཙམ་ལས། དོན་ལ་ནི་གཞི་ལམ་འབྲས་གསུམ་གྱི་ལྡོག་པས་དབྱེ་བའི་ལམ་གྱི་ངོ་བོ་དང་ཆ་རྐྱེན་ཙམ་དུ་ཟད་དོ། །ཚུལ་དེ་བཞིན་དུ་མཚན་བཅས་དག་ལའང་དཔྱད་པ་མང་དུ་སྣང་ཡང་། གནད་འདི་མ་རྟོགས་པར་རྒྱུད་ཀྱི་དངོས་པོ་རྣམས་ཧ་ཅང་མ་འདུམ་པར་ཤེས་བྱའི་གཞི་ཐ་དད་དུ་འདོད་ན་ནི་ཕན་ཚུན་འཆོལ་བའི་སྐྱོན་སྤང་བར་དཀའ་ལ། འཆོལ་བཞིན་འགྲེལ་བའང་འགའ་ཞིང་སྣང་མོད། གཞན་དུ་རྒྱུད་ཀྱི་ཚིག་ཙམ་ལས་དོན་ལ་དཔྱད་པ་ཡེ་མ་ཞུགས་པའི་ཧམ་གཏམ་གྱི་ཀུ་ཅོ་ཡང་སྒྲ་འཛིན་དོག་པོར་བགྱིད་པ་ཙམ་དུ་སྒྲོགས་པར་བྱེད་ཀྱང་འདིར་མི་སྤྲོའོ། །དེ་ལྟ་བུའི་རྒྱུད་ཀྱི་དངོས་པོ་བཅུ་བོ་དེ་རང་གཞུང་ལེའུ་གང་དང་གང་གིས་སྟོན་ཞེ་ན། སྤྱིར་ལྟ་སྤྱོད་གཉིས་ལེའུ་རིལ་པོས་མི་སྟོན་ཀྱང་འཐོར་བུའི་ཚུལ་གྱིས་སྟོན་པ་ཡིན་ལ། གཞན་དག་ཞི་ཁྲོ་སོ་སོར་ལེའུ་རིལ་པོས་སྟོན་པ་ཡིན་ནོ། །དེའི་ཚུལ་བརྗོད་ན་སྒྱུ་འཕྲུལ་དྲྭ་བ་བསྒྲུབ་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པས་ཏིང་ངེ་འཛིན་སྟོན། དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་དྲུག་པས་ཞི་བའི་སྐུ་དཀྱིལ་དང་། ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པས་ཁྲོ་བོའི་སྐུ་དཀྱིལ་སྟོན། དཀྱིལ་འཁོར་བསྡུས་པ་དང་གསང་སྔགས་ཀྱི་ལེའུ་སྟེ་བདུན་པས་ཞི་བ་དང་། ཁྲོ་བོའི་ཚོགས་ཆེན་པོའི་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པས་ཁྲོ་བོ་སྟེ་ཞི་ཁྲོའི་གསུང་གི་དཀྱིལ་འཁོར་སྙིང་པོའི་སྔགས་སྟོན། ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱད་པས་ཕྱག་རྒྱ་སྟོན། གསང་བའི་དམ་ཚིག་གི་ལེའུ་སྟེ་དགུ་པས་དབང་གི་སྔོན་འགྲོའི་དཀྱིལ་འཁོར་དང་དབང་སྦྱིན་པའི་ལེའུ་སྟེ་བཅུ་པས་དབང་དངོས་སྟོན། ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པ་དང་ཚོགས་སྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པས་སྒྲུབ་པ་སྟོན། །ཤིན་ཏུ་གསང་བ་མན་ངག་གི་སྙིང་པོའི་ལེའུ་སྟེ་བཅུ་གསུམ་པས་དངོས་པོ་ཀུན་གྱི་མདོ་ཆིངས་རྫོགས་རིམ་གཙོ་བོར་སྟོན། མཉེས་པའི་མཆོད་པའི་ལེའུ་སྟེ་བཅུ་བཞི་པ་དང་། ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ་ཉེར་གཅིག་པས་ཞི་ཁྲོའི་གླུ་མཆོད་དང་། མཆོད་སྦྱིན་དམ་པ་བསྟེན་པའི་ལེའུ་སྟེ་བཅོ་བརྒྱད་པས་མཆོད་པ་དངོས་སྟོན། དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པས་དམ་ཚིག་སྟོན། འཕྲིན་ལས་བྱིན་གྱིས་རློབས་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པས་འཕྲིན་ལས་སྟོན་པ་ཡིན་ནོ། །དེ་དག་ཀྱང་གཙོ་བོར་སྟོན་པའི་དབང་དུ་བྱས་པ་ཡིན་ལ། །བྱེ་བྲག་དུམ་བུ་སྟོན་པའི་དབང་དུ་བྱས་ན། ལྟ་བ་ལེའུ་བཞིས་སྟོན་ཏེ། གཞལ་བྱ་གཏན་ཚིགས་གྲུབ་མཐའ་བཞི་གསུམ་མདོར་བསྟན་པ་དང་། ཐེག་པ་སྣ་ཚོགས་ཀྱི་ལྟ་བ་ལེའུ་གསུམ་པས་སྟོན། དངོས་གྲུབ་བསྒྲུབ་པའི་ལྟ་བ་ལེའུ་ལྔ་པས་སྟོན། ཚད་མ་བཀའ་གཞུང་གི་གཏན་ཚིགས་ལེའུ་བཅུ་གཅིག་པས། ལྟ་བ་དང་འབྲེལ་བའི་མཚན་ཉིད་གསུམ་མདོར་བསྟན་པ་ལེའུ་བཅུ་གཉིས་པས་སྟོན་ནོ། སྤྱོད་པ་སྟོན་པའི་ལེའུ་གསུམ་སྟེ། དངོས་གྲུབ་སྒྲུབ་པའི་སྤྱོད་པ་ལྔ་པས། ཚོགས་སྒྲུབ་ཀྱི་སྤྱོད་པ་བཅུ་གཅིག་པ་དང་བཅུ་གཉིས་པས་སྟོན་ནོ། །བཀོད་པ་དཀྱིལ་འཁོར་སྟོན་པའི་ལེའུ་དྲུག་སྟེ། ཞི་བ་རང་བཞིན་གྱི་དཀྱིལ་འཁོར་དང་པོས་སྐུའི་དཀྱིལ་འཁོར་དྲུག་པས། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་བཅོ་ལྔ་པས། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཅུ་བདུན་པས། ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དགུ་པས། ཚོགས་ཀྱི་དཀྱིལ་འཁོར་བཅུ་གཅིག་པ་དང་བཅུ་གཉིས་པས་སྟོན་ནོ། དབང་སྟོན་པའི་ལེའུ་གཉིས་ཏེ། དབང་གི་དཀྱིལ་འཁོར་དེར་འཇུག་པ། སྣོད་དང་སྦྱར་ཏེ་བསྐུར་ཚུལ་སོགས་དགུ་པས། བསྐུར་ཐབས་དངོས་བཅུ་པས་སྟོན་ནོ། དམ་ཚིག་སྟོན་པའི་ལེའུ་གཅིག་སྟེ་བཅུ་དགུ་པའོ། །འཕྲིན་ལས་སྟོན་པའི་ལེའུ་གཉིས་ཏེ། དགུ་པར་མེའི་སྒོ་ནས་འཕྲིན་ལས་བྱ་ཚུལ་ཟུར་ཙམ་དང་། གཙོ་བོར་ཉི་ཤུ་པས་སྟོན་ནོ། སྒྲུབ་པ་ལེའུ་བརྒྱད་ཀྱིས་སྟོན་ཏེ། ལྔ་པས་བསྒྲུབ་པར་བྱ་བ་དངོས་གྲུབ་ཀྱི་རྣམ་གྲངས། སྒྲུབ་ཐབས་རིམ་པ་གཉིས་ཀྱི་བསྐྱེད་རིམ་ལ་ཞི་བའི་རྒྱུའི་ས་བོན་བཞི་པས། བསྐྱེད་བྱ་དཀྱིལ་འཁོར་དྲུག་པས། བསྐྱེད་པ་རྐྱེན་གྱི་སྔགས་བདུན་པས། ཕྱག་རྒྱ་བཞིས་རྒྱས་གདབ་པ་བརྒྱད་པས། བཅུ་དྲུག་པས་ཁྲོ་བོས་བསྐྱེད་སྔགས། བཅུ་བདུན་པས་བསྐྱེད་བྱ་ཁྲོ་བོའི་དཀྱིལ་འཁོར་སྟོན་ནོ། །རྫོགས་རིམ་ནི་ལེའུ་བཅུ་གསུམ་པས་སྟོན་ནོ། །ཏིང་ངེ་འཛིན་ནི་མཚན་བཅས་བསྐྱེད་རིམ་ནས་འབྱུང་ཞིང་མཚན་མེད་ལྟ་བ་དང་འབྲེལ་ལོ། མཆོད་པ་སྟོན་པའི་ལེའུ་ལྔ་སྟེ། ཞི་བ་ཕྱག་རྒྱའི་མཆོད་པ་བརྒྱད་པས། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་དགུ་པས། གླུ་ཡེ་ཤེས་རྒྱན་གྱི་མཆོད་པ་བཅུ་བཞི་པས། སྦྱོར་བསྒྲོལ་དང་དམ་རྫས་ཀྱི་མཆོད་པ་བཅོ་བརྒྱད་པས། ཁྲོ་བོ་གཏུམ་ཆེན་གྱི་བསྟོད་པ་ཉེར་གཅིག་པས་སྟོན་ནོ། སྔགས་སྟོན་པའི་ལེའུ་གཉིས་ཏེ། ཞི་སྔགས་བདུན་པ་དང་ཁྲོ་སྔགས་བཅུ་དྲུག་པས་སྟོན་ནོ། ཕྱག་རྒྱ་ནི་བརྒྱད་པ་གཅིག་པུས་སྟོན་ནོ། །དེ་ལས་ཀྱང་སིལ་བུས་སྟོན་ཚུལ་བརྗོད་ན་ཤིན་ཏུ་མང་ཡང་འདིར་མ་སྤྲོས་སོ། གསུམ་པ་འབྲས་རྒྱུད་ནི་སྦྱང་གཞི་བདེ་གཤེགས་སྙིང་པོའི་ཁམས་ཉིད་སྦྱང་བྱ་གློ་བུར་གྱི་དྲི་མས་སྒྲིབ་པ་དེ་སྦྱོང་བྱེད་ལམ་རྒྱུད་ཀྱིས་ལེགས་པར་སྦྱངས་པས། གཞིའི་ཆོས་ཉིད་རྣམ་པར་དག་པ་ཉིད་མངོན་དུ་གྱུར་ནས་ཐོབ་བྱ་གཉིས་པ་ཞིག་གུད་ནས་བཙལ་དུ་མེད་པར་གྱུར་པ་ལ་བྱ་སྟེ། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང་། །བཏགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། ཞེས་སོ། །དེ་ལའང་དབྱེ་ན་ཁོག་གཞུང་ལས། །འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ། ཞེས་པ་ལྟར་འབྲས་ཆོས་ཉེར་ལྔ་ལས་དང་པོ་སྐུ་ལྔ་ནི། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་མངོན་པར་བྱང་ཆུབ་པའི་སྐུ། མི་འགྱུར་རྡོ་རྗེའི་སྐུ་སྟེ་ལྔའོ། །གསུང་ལྔ་ནི། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། །ལོངས་སྐུའི་དགོངས་པ་བརྡའི་གསུང་། །སྤྲུལ་སྐུ་ཚངས་པའི་དབྱངས་ཀྱི་གསུང་། །མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་། །དབྱེར་མེད་རྡོ་རྗེའི་གསུངས་དང་ལྔའོ། །ཐུགས་ལྔ་ནི། ཆོས་སྐུའི་ཐུགས་ཆོས་དབྱིངས་ཡེ་ཤེས། ལོངས་སྐུའི་ཐུགས་མཉམ་ཉིད་ཡེ་ཤེས། སྤྲུལ་སྐུའི་ཐུགས་བྱ་གྲུབ་ཡེ་ཤེས། མངོན་བྱང་གི་ཐུགས་མེ་ལོང་ཡེ་ཤེས། །རྡོ་རྗེའི་ཐུགས་སོར་རྟོག་ཡེ་ཤེས་དང་ལྔའོ། །ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཆད་བྲལ་པའི་གཞལ་ཡས་ཁང་། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་དགུར་སྤྱོད་པའི་ལོངས་སྤྱོད་དང་ལྔའོ། འཕྲིན་ལས་ལྔ་ནི། ཞི་རྒྱས་དབང་དྲག་ལྷུན་གྲུབ་དང་ལྔའོ། །དེ་དག་ཀྱང་བསྡུ་ན་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་དང་གསུམ་དུ་འདུ་བ་ལས། དབང་པོ་སྐུ་ལའང་གསུམ་མམ་ལྔ་ལས། ཆོས་སྐུ་ནི་སྤྲོས་པ་དང་བྲལ་བའི་དབྱིངས་དང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཟུང་དུ་འཇུག་པའི་བདག་ཉིད་ཅན་ནོ། །ལོངས་སྐུ་ནི་དེའི་གདངས་མ་འགགས་པའི་རོལ་བ་གདུལ་བྱ་ས་བཅུ་པའི་སྣང་ངོར་ཞལ་ཕྱག་གི་རྣམ་པར་ཤར་བ། ཁ་སྦྱོར་བདུན་གྱི་བདག་ཉིད་ཅན་ནོ། སྤྲུལ་སྐུ་ནི་གདུལ་བྱ་མ་ངེས་པའི་སྣང་ངོར་གང་ལ་གང་འདུལ་དུ་སྤྲུལ་པ། ཐུགས་རྗེས་མཛད་པ་རླབས་ཆེན་པོ་སྣ་ཚོགས་སུ་སྟོན་པའི་བདག་ཉིད་ཅན་ནོ། དེ་ལྟར་གསུམ་གྱིས་སྟེང་དུ་དབྱིངས་ལ་ཡོན་ཏན་རྫོགས་པས་སམ། སྐུ་གསུམ་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང་དང་། ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་གཉིས་པོ་བསྣན་པས་སྐུ་ལྔའོ། འདིར་ཡང་ཀུན་མཁྱེན་ཆེན་པོས་ནི་སྐུ་མཚན་ཉིད་པ་ནི་ནང་གསལ་སྐུ་གསུམ་ཡིན་ལ། ཕྱིར་གསལ་གཟུགས་སྐུ་གཉིས་ནི་གདུལ་བྱར་སྣང་བ་ཙམ་ཏེ་བཏགས་པ་པའོ། །ཞེས་གསུངས་སོ། གཉིས་པ་བརྟན་པ་ཡེ་ཤེས་ནི། དེ་ལྟར་སྐུ་ལྔ་མངོན་དུ་གྱུར་པའི་ཚེ་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་གནས་འགྱུར་བའི་ཡེ་ཤེས་ལྔ་སྟེ། དེ་ཡང་བྱེད་ལས་མཚུངས་པའི་དབང་དུ་བྱས་ཏེ། ཀུན་གཞི་དང་། ཀུན་གཞིའི་རྣམ་ཤེས་དང་། ཉོན་ཡིད་དང་། ཡིད་ཀྱི་རྣམ་ཤེས་དང་། སྒོ་ལྔའི་རྣམ་ཤེས་རྣམས་རིམ་པ་ལྟར། ཅིར་ཡང་མི་དམིགས་པ་ཆོས་དབྱིངས་ཡེ་ཤེས་དང་། གསལ་ལ་རྟོག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་། འཁོར་འདས་ཀྱི་མཐའ་ལ་མི་གནས་པ་མཉམ་ཉིད་ཡེ་ཤེས། ཆོས་ཅན་མ་ལུས་པ་མངོན་སུམ་དུ་ས་ལེར་གཟིགས་པ་སོར་རྟོག་ཡེ་ཤེས། འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པའི་འཕྲིན་ལས་འདུག་པ་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་སུ་གནས་འགྱུར་པའོ། །དེ་དག་ཀྱང་བསྡུ་ན་ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཕྱི་མ་བཞི་པོ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སྟེ་གཉིས་སུ་འདུའོ། །གསུམ་པ་མཛད་པ་འཕྲིན་ལས་ནི། དེ་ལྟར་ཤེས་ཉོན་བག་ཆགས་དང་བཅས་པའི་སྒྲིབ་པ་རྣམས་ཡོངས་སུ་བཅོམ་པའི་སྤང་བ་ཕུན་སུམ་ཚོགས་པ་དང་། ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་པར་ཡོངས་སུ་མཁྱེན་པའི་རྟོགས་པ་ཕུན་སུམ་ཚོགས་པ་སྟེ། སྤངས་རྟོགས་མཐར་ཕྱིན་པའི་སྒོ་ནས་གདུལ་བྱ་སོ་སོའི་སྐལ་བ་དང་མཐུན་པར་འཕྲིན་ལས་ཀྱི་འཇུག་པ་ཟད་མི་ཤེས་པ་དུས་ལས་ཡོལ་བ་མེད་པར་འབྱུང་བའོ། །དེ་ལྟར་སྤངས་རྟོགས་ཕུན་སུམ་ཚོགས་པའི་འབྲས་བུ་གང་དེའི་ངོ་བོ་ཡང་ལམ་རིམ་ལས། སྐུ་དང་གསུང་དང་ཐུགས་ཉིད་དང་། །ན་ཏན་འཕྲིན་ལས་རྨད་བྱུང་བ། ཞེས་པ་ལྟར་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལའང་ཐུན་མོང་དུ་མ་གྱུར་བའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ཡོན་ཏན་གང་བྱུང་བ་དག་ལ་མངའ་བརྙེས་པ་ཞིག་གོ །དེས་ན་ངེས་ཚིགས་ཀྱང་ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། ཅེས་བླ་ན་མེད་པ་མཆོག་གི་འབྲས་བུ་དོན་དུ་གཉེར་བ་གང་ཞིག་གིས། ཡིད་ལ་བརྣག་པའི་བསྒྲུབ་བྱ་གྲུབ་ནས་ཡོན་ཏན་མཐའ་དག་མཐར་ཕྱིན་པར་གྱུར་པས་ན་འབྲས་བུའོ། །དེ་དག་ཀྱང་རང་གཞུང་ལེའུ་དྲུག་པ་ལས། གྲུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། སོགས་ཀྱིས་སྟོན་པ་ཡིན་ནོ། །དེ་ཡང་སྤྱིར་རྩ་རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། དེ་དག་སོ་སོའི་སྟོན་ཚུལ་གྱི་བབས་འདི་ལ་དམ་པ་གོང་མ་རྣམས་བཞེད་པ་ཅུང་ཟད་མི་མཐུན་པ་འགའ་ཞིང་སྣང་སྟེ། སློབ་དཔོན་སྒེག་པ་རྡོ་རྗེས་ནི་ལེའུ་གསུམ་པའི་སྟོད་ཡན་ཆད་ཀྱིས་སྤྱི་དང་ཁྱད་པར་གྱི་རྒྱུ་མཚན་རྫོགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་མན་ཆད་ཀྱི་ལེའུ་ཕྱེད་དང་བཅུ་དགུས་རྒྱུད་ཀྱི་དངོས་པོ་རྣམས་བསྟན་པར་བཞེད་ལ། བསྟན་པའི་བདག་པོ་ཟུར་པ་ཡབ་སྲས་ཀྱི་འཆད་སྲོལ་ཀྱང་ཕལ་ཆེར་ཞིག་འདི་ཁོ་ན་ལྟར་མཛད་འདུག་གོ །སློབ་དཔོན་ཆེན་པོ་བི་མ་ལས་ནི་ལེའུ་གཉིས་པས་ཡབ་ཡུམ་གྱི་གླེང་བསླང་བས་རྒྱུ་རྐྱེན་རྫོགས་ནས་དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཞེས་པ་མན་ཆད་གྱིས་རྒྱུད་དོན་བསྟན་པར་བཞེད། ཀུན་གཟིགས་རོང་ཟོམ་པས་ནི། ལེའུ་དང་པོར་གླེང་གཞི། གཉིས་པར་ཀུན་བཟང་ཡབ་ཡུམ་གྱི་གླེང་བསླང་དང་། དེ་མ་རྟོགས་པའི་འགྲོ་བ་ལ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ། གསུམ་པར་དེའི་བྱིན་རླབས་ཐུབ་དྲུག་སྤྲོས་ཏེ་འདུལ་བ་བཞིས་འགྲོ་དོན་མཛད་ཚུལ་བསྟན་ནས། ལེའུ་བཞི་པ་མན་ཆད་ཀྱིས་རྒྱུད་ཀྱི་དངོས་པོ་བསྟན་པར་བཞེད་དོ། །ཞིན་དུ་དངོས་པོའི་ནང་གསེས་སྟོན་ཚུལ་ལའང་བཞེད་ཚུལ་འགའ་ཞིག་སྣང་ལ་དགོངས་པ་ལེན་ཚུལ་ཀྱང་ཐ་དད་པ་ལྟ་བུ་མང་ངོ་། །འོ་ན་འདིར་གང་གཟུང་བར་བྱ་ཞེ་ན། འདིར་ནི་དེ་དག་ཀུན་དགོངས་པའི་གནད་གཅིག་ཅིང་འགལ་མེད་དུ་བཟུང་ནས་དེའི་ཚུལ་གྱིས་འཆད་པར་བྱ་སྟེ། དེ་ཡང་སྤྱིར་གླེང་གཞི་གླེང་སློང་གི་རྒྱུ་མཚན་དང་། རྒྱུད་དོན་དངོས་པོ་རྣམས་བརྗོད་དོན་ཐ་དད་པར་གྱུར་བ་ཞིག་མ་ཡིན་ཏེ། དཔེར་ན་གླེང་གཞི་ལྟ་བུའི་སྐབས་སུ་ཕུན་ཚོགས་ལྔ་ལྡན་གྱི་དཀྱིལ་འཁོར་རྒྱས་པར་བཤད་པ་དེས་རང་བཞིན་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་ཟིན་པ་དེ་བཞིན་དུ། ལམ་དུས་ཀྱི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡང་དེ་ལྟར་མ་འདས་ལ། མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་ཡང་འདི་ཉིད་མངོན་དུ་གྱུར་བ་ལས་གཞན་མེད་དོ། ཚུལ་དེས་མཚོན་ནས་གཟུགས་བརྙན་དང་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སོགས་ཀྱང་འདི་ཉིད་ཀྱི་བརྡའ་དོན་རྟགས་ཀྱི་དབྱེ་བ་ལས་གཞན་མེད་པ་དེ་བཞིན་དུ་དངོས་པོ་འོག་མ་ཀུན་ལའང་སྦྱར་དུ་ཡོད་མོད། དེ་ལྟ་ན་འོག་ཏུ་ཞི་ཁྲོ་སོ་སོའི་སྐུ་དང་གསུང་གི་དཀྱིལ་འཁོར་བསྟན་པ་སོགས་རྒྱུད་ཀྱི་དངོས་པོ་རྣམས་སོ་སོར་ཕྲལ་ནས་གསུངས་པ་ལ་དགོས་པ་མེད་ཞིང་ཟློས་པར་འགྱུར་རམ་སྙམ་ན། དེ་ལ་དམ་པ་གོང་མ་རྣམས་འདི་སྐད་དུ། ལྷན་ཅིག་པའི་འཁོར་རྣམས་ཀྱིས་གླེང་གཞི་གླེང་སློང་ལ་བརྟེན་ནས་རྒྱུད་དོན་རྟོགས་ཀྱང་གོ་ཕྱེ་བའི་འཁོར་གྱི་དོན་དུ་གསུངས་སོ། །ཞེས་དང་། འགའ་ཞིག་གླེང་གཞི་གླེང་སློང་གིས་མདོར་བསྟན་ནས་གཞུང་གིས་རྒྱས་པར་བཤད་དོ། །ཞེའོ། །འགའ་ཞིག་གླེང་གཞི་གླེང་སློང་བཀའ་བསྡུ་བ་པོས་རྒྱུ་མཚན་དུ་བྱས་པ་ཡིན་གྱི་སྟོན་པའི་གསུངས་མ་ཡིན་ནོ། ཞེས་སོགས་འཆད་དོ། དེ་ཡང་འདི་ལྟར་ཤེས་པར་བྱ་སྟེ། སྤྱིར་སྟོན་པ་ཉིད་ཀྱིས་ཇི་ལྟར་མཁྱེན་པའི་དགོངས་དོན་ཐམས་ཅད་ཉིད་དང་གཉིས་སུ་མེད་པའི་དཀའི་བསྡུ་བ་པོས་དགོངས་པ་དང་བརྡ་ལ་བརྟེན་ནས་རྟོགས་པའི་ཚུལ་བསྟན་ཏེ། སླར་ལྷ་ཀླུ་མིའི་འཇིག་རྟེན་རྣམས་སུ་རང་རང་གི་སྐལ་བ་དང་མཐུན་པར་ཚིག་དང་ལེའུར་བྱས་ནས་སྒྲར་གྲགས་པའི་རྒྱུད་དུ་གསུངས་པ་དེའི་ཚེ་འདི་སྐད་ཆེད་དུ་བརྗོད་དོན་དང་། བཀའ་སྩལ་པའི་ཐ་སྙད་བཏགས་པ་ཙམ་ཉིད་ལས་ཚིག་དེ་རྣལ་མར་བཟུང་ན་ནི། དགོངས་བརྒྱུད་དང་བརྡ་རྒྱུད་དུ་བརྗོད་པ་དང་ཡང་འགལ་བར་མ་ཟད་རང་ཉིད་གནས་ལུགས་དེ་བཞིན་ཉིད་ཀྱི་དོན་དང་སྔར་འདྲིས་ཙམ་ཡང་མ་མྱོང་བའི་རང་མཚང་ལྷུག་པར་སྟོན་པར་ངེས་པས་ན། ཚུལ་འདི་ལ་གོ་བ་ལེགས་པོར་ཆགས་ཚེ་གཞུང་གི་སྐབས་སུ། རྒྱུད་ཀྱི་མཚན་སྟོན་པའི་གསུངས་དང་རྒྱུད་དོན་ཡིན་མིན་རྩོད་པ་དང་། གསང་བདག་སྟོན་དགོངས་ཡིན་མིན་དང་། འདི་སྐད་བཤད་པའི་དུས་ན་སོགས་ལ་བརྒལ་བརྟགས་ཀྱིས་རྩོད་པ་སོགས་ཀྱང་སྙིང་པོས་དབེན་པར་མཐོང་སྟེ། དོན་དེ་ཉིད་ཡིན་པས་མི་ཆོག་པར་སྟོན་པའི་གསུངས་རིལ་པོ་ཞིག་གུད་ནས་བཙལ་དགོས་ན་རང་རེ་གདུལ་བྱ་རྣམས་ནི་སྟོན་པའི་གསུངས་མཇལ་བའི་སྐལ་བ་དང་བྲལ་བ་ཉིད་དེ། ཅིའི་ཕྱིར་ན། གངས་ཅན་གྱི་ལྗོངས་འདི་ལྟ་བུ་ལ་མཚོན་ན་འདི་ཀའི་ཡིག་འབྲུ་ནས་གླེགས་བམ་གྱི་བར་ལོ་ཙཱ་བས་བྱས་ཤིང་གསུངས་པས་ན་དེ་ཀའི་གསུངས་སུ་ཐལ་ལ། དེ་བཞིན་དུ་གདུལ་བྱ་ཐ་དད་པ་རྣམས་ལའང་རང་རང་དང་མཐུན་པའི་སྤྲུལ་པ་རེ་སྣང་ནས་དེས་དེ་ཉིད་གདུལ་གྱི། སངས་རྒྱས་ཆོས་སྐུ་ནི་གདུལ་བྱ་སྤྱི་མཐུན་པར་དངོས་སུ་སྣང་ནས་ཆོས་མི་སྟོན་པའི་ཕྱིར་རོ། །ཚུལ་འདི་དང་འདི་ལྟ་བུ་ལ་བསམ་ཚེ་སྔ་འགྱུར་སྙིང་མའི་རིང་ལུགས་ལ་རྒྱུད་སྡེ་གཏེར་མ་དང་དག་སྣང་མ་རྣམས་ཀྱང་བཀར་བསྡུ་བ་འདི་ཡང་ཆོས་སྐད་གཞན་ལས་འཕགས་པའི་ཁྱད་ཆོས་ཅན་དུ་ངེས་པ་རྙེད་དོ། །དེས་ན་ལེགས་པར་བཤད་པ་ཚིགས་སུ་བཅད་པ་གཅིག་ནས་འགྲོ་ལ་ཕན་པར་འགྱུར་བའི་གཏམ་གླེང་བ་ཚུན་ཆོད་ཀྱང་དངོས་སམ་བརྒྱུད་ནས་རྒྱལ་བའི་བཀའ་ངེས་ཤིང་། རྒྱལ་བ་ནི་རྫུན་མི་སྨྲ་བའི་དཔེར་འོས་པའི་ཕྱིར་པཎ་ཆེན་བཻ་རོ་ཙ་ནས། མ་བདེན་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་ཞོག །བདེན་ཞིང་འཐད་ན་ལེགས་བཤད་བྱིས་པའི་ཚིག་ཀྱང་ཉོན། གསུངས་པ་འདི་ཆོས་དང་ཆོས་མིན་དབྱེ་བའི་ལྡེ་མིག་ཏུ་མཐོང་ངོ་། །དེ་བས་ན་ནང་གསེས་ཀྱི་དབྱེ་བ་ཕྲ་མོ་འདི་དག་ཀྱང་ཐ་སྙད་ཙམ་དུ་གང་ལྟར་བཏགས་ཀྱང་མི་འགལ་བ་ལ་དགོངས་ནས་དམ་པ་གོང་མ་རྣམས་ཀྱིས་བཤད་སྲོལ་ཚིག་རིས་ཐ་དད་པར་མཛད་པ་ཡིན་གྱི་གཅིག་ལེགས་ཤིང་ཅིག་ཤོས་གཞན་དུ་གྱུར་པ་ནི་གང་ཡང་མེད་དོ། དེས་ན་ཐ་སྙད་ཙམ་དུ་ནི་དེར་མ་ཟད་འགྲེལ་ཚུལ་གཞན་དག་བྱས་ན་ཡང་མི་འགལ་ལ། དོན་གྱི་ངོས་ནས་ནི་སྟོན་པ་ཉིད་ཀྱིས་འཁོར་རྣམ་པ་གཉིས་ལ་དགོངས་ནས་དུས་རིམ་པར་ཆོས་རྒྱས་བསྡུས་གཉིས་གསུངས་པ་ནི་འགའ་ཡང་མེད་དེ། སངས་རྒྱས་རྣམས་ནི་དུས་རྟག་པ་རྒྱུན་དུ་རང་བཞིན་གསང་བའི་སྙིང་པོའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་བསྐོར་བཞིན་པ་ལས་མ་འདས་ཀྱང་། གདུལ་བྱར་སྣང་ཚུལ་ནི་ཅིར་ཡང་མ་ངེས་པར་གྱུར་པས་ན། ད་ལྟར་རང་རེ་ལའང་གནས་འདིར་གསུངས་ཀྱིན་མེད་པར་མི་སེམས་ཏེ། སངས་རྒྱས་ཀྱི་ཐུགས་རྗེ་ལ་ཉེ་རིང་མེད་པས་ན་རང་རེ་གླས་སུ་མ་བོར་། འོག་མིན་ལ་མཐའ་དབུས་མེད་པས་ན་རང་རེའི་གནས་འདི་གུད་དུ་མ་ཆད། དུས་ལ་རྒྱུན་ཆད་མེད་པས་ན་རྩ་རྒྱུད་ལེའུ་ཉེར་གཉིས་ཞིག་སྔར་གསུངས་ནས་རྫོགས་ཟིན་པའང་མ་ཡིན། གསུངས་པ་དེ་དག་ཀྱང་སྒྲ་ཚིག་བརྗོད་པ་ཁོ་ན་ལ་བརྟེན་པའང་མ་ཡིན་པས་ན། དྲང་དོན་དུ་གསུངས་ངེས་དོན་དུ་མ་གསུངས་དང་། ༼མ་དཔེ་མི་གསལ༽ གསུངས་དོན་དམ་དུ་མ་གསུངས་དང་། དུམ་བུར་བསྒོམ་ནས་འགའ་ཞིག་གསུངས་འགའ་ཞིག་མ་གསུངས་དང་། སྔོན་གནས་ག་ཤེད་དུ་གསུངས་ཀྱིས་ཕྱིས་མ་གསུངས་ལ་སོགས་པའི་གཉིས་ཆོས་འགལ་འདུ་འབའ་ཞིག་སྨྲ་མི་དགོས་པའི་ཚུལ། ཚིག་ཙམ་ལ་མི་ཞེན་པར་ལམ་རྐྱེན་ཡི་གེའི་རྒྱུད་རང་ཉིད་ཀྱི་གཞུང་གི་འབྲུ་དོན་ལ་ཞིབ་དཔྱད་བྱས་པས་གོ་ནུས་པ་ཡིན་ནོ། །དེ་ཡང་རང་རང་གི་སྐལ་བ་དང་དབང་པོའི་ཁྱད་པར་གྱིས་མཐའ་གཅིག་ཏུ་མ་ངེས་ཀྱང་། ཅུང་ཟད་སྒྲོ་བཏགས་ཏེ་བཤད་ན་རང་ཉིད་ཀྱིས་རྒྱུད་དོན་གང་ནས་རྟོགས་པ་དེ་རང་ཐད་ནས་རྒྱུད་ཀྱི་དངོས་གཞིར་གྱུར་ནས་ལྷག་མ་རྣམས་ཀྱང་དེ་དང་རྗེས་སུ་མཐུན་པའི་མཐའ་དཔྱད་ཙམ་དུ་འགྱུར་གྱི། གཅིག་ལ་རྒྱུད་ཀྱི་དངོས་གཞིར་གྱུར་པ་ཐམས་ཅད་ལ་དངོས་གཞིར་འགྱུར་བ་དང་། གཅིག་ལ་གླེང་གཞི་གླེང་སློང་གི་རྒྱུ་མཚན་དུ་གྱུར་བ་ཀུན་ལ་དེ་ལྟར་འགྱུར་དགོས་པས་ཁྱབ་པ་ནི་མེད་དོ། །དཔེར་ན་འགའ་ཞིག་གི་མཚན་དོན་གྱི་སྟེང་ནས་རྒྱུད་དོན་རྟོགས་པའང་ཡོད། །འགའ་ཞིག་གིས་གླེང་གཞི་གླེང་སློང་གི་སྟེང་ནས་རྒྱུད་དོན་རྟོགས་པའང་ཡོད། འགའ་ཞིག་གིས་དབུ་ཞབས་རིལ་པོར་རྫོགས་པས་རྒྱུད་དོན་རྟོགས་པའང་ཡོད་པས་ན་གཅིག་ཏུ་མ་ངེས་པའི་ཕྱིར་རོ། །གཞན་དུ་འགའ་ཞིག་གིས་ཇི་ལྟར་བསླབ་ཀྱང་རེ་ཞིག་འདི་ཉིད་དངོས་ཀྱི་དོན་མི་རྟོགས་པ་ལྟར་གྱུར་ནས། དེ་དག་གི་ཁམས་དང་མཐུན་པར་འདི་ལས་འཕྲོས་ཏེ་སྣང་བ་དག་ལ་འཇུག་པའང་ཡོད་དེ། དེ་རྣམས་ཀྱིས་ནི་ཁྱབ་མཉམ་དུ་རྒྱུད་ཀྱི་དངོས་དོན་རྣལ་མ་རྟོགས་པར་མ་ངེས་ཏེ། ཇི་བཞིན་རྟོགས་པ་དང་། ཕྱོགས་ཙམ་རྟོགས་པ་དང་། ལོག་པར་རྟོགས་པ་སོགས་ཐ་དད་དུ་འགྱུར་བ་ཡིན་ལ། དེར་ཡང་བརྡ་སྤྲོད་པར་བྱེད་པ་བླ་མ་དགེ་བའི་བཤེས་གཉེན་ལ་སོགས་པའི་རྣམ་པར་ཡང་སྣང་བར་འགྱུར་རོ། །དེ་ལ་ཡང་འགའ་ཞིག་གིས་ནི་སངས་རྒྱས་སུ་མཐོང་། འགའ་ཞིག་གིས་ནི་བྱང་ཆུབ་སེམས་དཔར་མཐོང་། འགའ་ཞིག་གིས་ནི་སོ་སོའི་སྐྱེ་བོར་མཐོང་བ་སོགས་མཐོང་ཚུལ་མ་ངེས་པར་འགྱུར་ཞིང་། དེས་ཀྱང་འགའ་ཞིག་ལ་དགོངས་པ་གཏད་པས་རྟོགས་པར་བྱེད། འགའ་ཞིག་ལ་བརྡ་ཙམ་གྱིས་རྟོགས་པར་བྱེད། འགའ་ཞིག་ལ་གདམས་ངག་ཚིག་དང་ཡི་གེའི་ལམ་ནས་དངོས་སུ་གདམས་ནས་རྟོགས་པར་བྱེད་དོ། ཚུལ་དེ་དག་ཀྱང་རང་ཉིད་དག་པ་དང་མ་དག་པའི་སྣང་བ་ཙམ་ལས་སངས་རྒྱས་ལ་ནི་ཉེ་རིང་དང་གཉིས་སྣང་ཡོད་པ་མ་ཡིན་ནོ། །དེས་ན་ཁོ་བོ་ཅག་གིས་ཀྱང་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ལས་དངོས་སུ་ཉན་ནོ་ཞེས་བརྗོད་ཀྱང་མི་ནོངས་པ་འདི་བྱུང་བ་ཡིན་པས་ན་བརྒྱུད་པའི་བབས་འདི་ཡང་རང་རང་ལ་སྣང་ལུགས་ཙམ་དུ་ཟད་ཅིང་། བརྒྱུད་པ་དེ་ལས་བྱུང་བའི་ཆོས་ཀྱང་དཔེ་ཆ་བམ་པོ་རེ་ལ་ཕྱོགས་ཞེན་གྱིས་གདམས་ངག་བཟང་པོར་བཏགས་པ་ཙམ་མ་ཡིན་པར་གང་སྣང་ཐམས་ཅད་བརྡ་དང་རྟེན་འབྲེལ་གྱི་སྒོ་ནས་གནས་ལུགས་ཟབ་མོའི་དེ་བཞིན་ཉིད་གཏན་ལ་འབེབ་བྱེད་ཀྱི་རྒྱུད་ལུང་མན་ངག་ཏུ་ཡེ་ནས་གྲུབ་ཟིན་པ་དེ་ལ་བཟང་པོ་དང་ངན་པར་སུ་ཞིག་གིས་དབྱེ། དེ་དག་ནི་སྣང་ཡུལ་དྲུག་ཏུ་གཏོགས་པ་རྣམས་ཀྱང་བརྡ་སྟོན་བྱེད་ཀྱི་སངས་རྒྱས་སམ་བླ་མའི་དཀྱིལ་འཁོར་ལས་མ་འདས་ན་བརྒྱུད་པའི་ཆུ་འགོ་གང་ནས་འདྲེན། ཡིན་ལུགས་རྟོགས་པ་པོ་རང་གི་གནས་ཚུལ་ཀྱང་ཆོས་དང་བླ་མའི་ངང་དུ་རོ་གཅིག་ཅིང་དབྱེར་མེད་ན་སྟོན་འཁོར་གྱི་དབྱེ་བ་ཅི་ཞིག་གིས་འབྱེད་དེ་དགོད་བྲོ། གནད་འགགས་འདི་ལྟ་བུ་ལ་དགོངས་ནས་གྲུབ་པའི་ས་འཐོན་པོར་གཤེགས་པ་དག་གིས། སྣང་སྲིད་བླ་མའི་དཀྱིལ་འཁོར། གང་སྣང་ཡེ་ཤེས་ཆམ་བརྡལ། ཡུལ་སྣང་བརྡ་དང་དཔེ་ཆ། ཞེས་སྣང་སྲིད་དཔེ་ཆར་ཤར་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་མདུད་གྲོལ་ཏེ། རྡོ་རྗེའི་གླུའི་བང་མཛོད་ཀྱི་སྒོ་ཕྱེས་པ་དེ་གྲུབ་པ་ཡིན་པས་ན་རང་རང་གིས་ལོག་རྟོག་གིས་བཏགས་པའི་གྲུབ་མཐའ་རེ་ལ་མཆོག་ཏུ་འཛིན་པ་ནི་འཆིང་བའི་ལས་མ་འདས་པའི་ཕྱིར། ཕ་ཅིག་དམ་པས། གང་ལ་ཞེན་པ་བྱུང་ན་དེ་ཡང་ཐོང་། ཅིས་ཀྱང་དགོས་པ་མེད་དོ་དིང་རི་པ། ཞེས་དང་རྗེ་བཙུན་མི་ལས། རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན། ཆོས་དྲང་དོན་གྱི་བསླུ་ཁྲིད་གསུངས་གསུངས་ནས། ངེས་པའི་དོན་ལ་རྟོགས་དུས་མེད། །ཐ་སྙད་སྤོངས་ཤིང་རས་ཆུང་པ། ཞེས་དང་། ས་ཆེན་གྲགས་པ་རྒྱལ་མཚན་གྱིས། །ཆགས་ན་ལྷ་ལ་ཆགས་ཀྱང་འཆིང་། །འདོད་ན་སངས་རྒྱས་འདོད་ཀྱང་འཁྲུལ། ཞེས་སོགས་འཕགས་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་རྡོ་རྗེའི་གླུར་ཡང་ནས་ཡང་དུ་བླང་བ་དང་། བྱེ་བྲག་ཏུ་རྫོགས་པ་ཆེན་པོའི་ཏནྟྲ་རྣམས་ལས་ཤིན་ཏུ་གསལ་བར་གསུངས་པ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་མཛོད་ཆེན་བདུན་ལ་སོགས་པས་ལེགས་པར་གཏན་ལ་ཕབ་ཟིན་པ་ལྟར། འཕགས་ཡུལ་གྲུབ་བརྒྱའི་སྤྱི་མེས་ས་ར་ཧའི་རྟོགས་བརྗོད་དོ་ཧ་རྡོ་རྗེའི་གླུ་ལ་སོགས་པ་ན་གསལ་བ་ཡིན་ནོ། །གཞན་དུ་འགའ་ཞིག་གིས་སྐུ་གསུམ་སྟོན་པའི་རྣམ་གཞག་འདི་དག་ལ་ཡིན་མིན་གྱི་རྩོད་པ་དང་། དེ་ལས་འཕྲོས་ཏེ་རྒྱུད་འདི་ཉིད་གསུངས་པའི་དུས་སྤྲུལ་སྐུ་ཤཱཀྱ་ཐུབ་པས་འཛམ་བུའི་གླིང་དུ་ཆོས་གསུངས་པའི་དུས་དང་མཉམ་པ་དང་། དེ་ལས་སྔ་བ་ལ་སོགས་རྩོད་མི་དགོས་པ་མང་པོ་ཞིག་རྩོད་ཀྱིན་འདུག་པ་ཡང་གནད་འདི་མ་རྟོགས་པས་ནོངས་ཏེ། ཇི་ལྟར་ན། དམ་པ་གོང་མ་རྣམས་ཀྱིས་ནི་རྒྱུད་དོན་ཇི་ལྟ་བ་བཞིན་མཁྱེན་ནས་འགྲོ་བའི་སྣང་ཚུལ་དང་མཐུན་པར་ཐ་སྙད་ཙམ་དུ་ཇི་ལྟར་བཏགས་ཀྱང་མི་འགལ་བའི་ཚུལ་འདི་གཟིགས་ནས་གསུངས་པ་ཡིན་མོད་དེ། །དེ་ལྟར་མ་རྟོགས་པ་རྣམས་ཀྱིས་ཚིག་ཙམ་དེ་སོ་སོར་བདེན་པར་བཟུང་ནས་རང་ཕྱོགས་བསྒྲུབ་ཕྱིར་འཁྲུལ་བས་འཁྲུལ་བ་བརྟགས་པ་འབའ་ཞིག་ལས་གཞན་གང་ཡང་མེད་དེ། སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཉིད་ཀྱང་སྟོན་པ་ཀུན་ཏུ་བཟང་པོའི་རྣམ་པར་རོལ་བ་དེའི་དུས་ཀྱི་གདུལ་བྱ་འགའ་ཞིག་ལ་སྣང་ཞིང་། སྣང་ཚུལ་ཀྱང་ཐ་དད་པར་གྱུར་པའི་ཚུལ་གོང་དུ་སྐུའི་ཆོ་འཕྲུལ་གྱི་སྐབས་སུ་བརྗོད་ཟིན་པ་ལྟར་ལ་དེ་དང་གཉིས་སུ་མེད་པ་ད་ལྟ་རང་ཅག་ལ་སྣང་བཞིན་པའི་བླ་མ་དགེ་བའི་བཤེས་གཉེན་ལ་སོགས་པར་ཡང་གདུལ་བྱའི་མཐོང་སྣང་གཅིག་ཏུ་མ་ངེས་པའི་ཚུལ་བཤད་ཟིན་མ་རགས་པ་ལྟར་ན་སྐུ་གསུམ་གཅིག་དང་ཐ་དད་དུ་སུ་ཞིག་གིས་དབྱེ། འོན་ཀྱང་ཐ་སྙད་ཙམ་དུ་དབྱེ་བ་ནི་མི་འགལ་བའི་ཚུལ་བརྗོད་ཟིན་ཏོ། །དེ་བཞིན་དུ་དུས་ཀྱང་ཇི་སྟེ་དམིགས་ཀྱིས་བསལ་བ་ཞིག་དགོས་ན་རང་ཉིད་རྒྱུད་སྡེ་ཟབ་མོའི་དགོངས་དོན་དང་ནམ་མཇལ་བར་གྱུར་བ་དེའི་ཚེ་ནའོ། །ཞེས་བདག་འཆད་དོ། འོ་ན་སྔོན་གྱི་བྱུང་ཚུལ་ནས་བརྒྱུད་པ་འདྲེན་པར་འགྱུར་པ་མ་ཡིན་ནམ་ཞེ་ན། དེ་ནི་ལམ་རྐྱེན་ཡི་གེའི་རྒྱུད་འདི་ཉིད་གདུལ་བྱ་སྣང་ཚུལ་མཐུན་པ་འགའ་ཞིག་ལ་གསང་བའི་བདག་པོས་སྒྲར་གྲགས་པའི་རྒྱུད་དུ་ཇི་ལྟར་གསུངས་ཚུལ་ནས་འདྲེན་གྱི། རང་བཞིན་གསང་བའི་སྙིང་པོའི་རྒྱུད་ནི་བརྗོད་བྱེད་ཀྱི་ཡི་གེ་དེ་གཅིག་པུར་མ་ཟད་པ་འཆད་བཞིན་པའོ། །དེ་ལྟར་ན་འདིའི་བརྗོད་བྱ་ལ་མ་འདུས་པའི་རྒྱུད་དོན་ཞིག་གུད་ན་ཡོད་དམ་ཞེ་ན། དེ་ན་མ་མཆིས་ཏེ་ཡོད་པར་སུ་ཞིག་གིས་དམ་བཅས། དོན་གཏན་ལ་དབབ་བྱའི་ངོས་ནས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་འདིའི་བརྗོད་བྱར་ངེས་ཤིང་འདིར་འདུ་ལ། འདིས་གཏན་ལ་འབེབས་པར་ཡང་བྱེད་ཅིང་དེ་དག་རང་ཐད་རང་ཐད་ནས་གཏན་ལ་འབེབ་བྱེད་ཀྱི་ཐབས་དག་ཀྱང་འདི་ཉིད་རྟོགས་པའི་ཕྱིར་ཁོ་ནར་གྱུར་ཏེ་ཐབས་དེས་གྲུབ་དོན་ཡང་འདི་ལས་གཞན་དུ་མེད་པས་ན། རྒྱ་མཚོ་ལས། །སོ་སོར་སྟོན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་དྲིལ་བས་ན། །ལུང་གི་སྤྱིར་ཞེས་བྱ་བ་ཡིན། ཞེས་གསུངས་ཏེ། ཚུལ་དེ་ནི་ཁྱོད་ཀྱི་ཞེན་དོན་དུ་མ་སོང་བར་མ་ཟད་བདག་གིས་གོང་དུ་སྨྲས་པ་ཐམས་ཅད་ཀྱི་སྒྲུབ་བྱེད་གཏན་ཚིག་ཏུ་སོང་བས་ན། ཚིག་དང་དོན། བརྗོད་བྱ་དང་རྗོད་བྱེད་ལེགས་པོར་ཕྱེས་ནས་གོ་དགོས་པ་ཡིན་ནོ། དེས་ན་སྟོང་གསུམ་དར་ཡུག་ཆེན་པོའི་དཔེས་གསུངས་པ་ལྟར་གྱི་དོན་ལ་རང་དབང་བསྒྱུར་ནས་རྣམ་གྲངས་པའི་སྟོང་ཉིད་ཙམ་པོ་པ་ལ་ངེས་དོན་མཐར་ཐུག་ཏུ་མི་རེ་བར་བསྐལ་བ་སྐད་ཅིག་དང་སྐད་ཅིག་བསྐལ་བ། གཅིག་དུ་མ་དང་དུ་མ་གཅིག་ཏུ་རུང་བར་ཡིན་མིན་ཏུ་རྩོད་པ་ཐམས་ཅད་འཁྲུལ་རྟོག་གི་འཁོར་ལོར་མཐོང་སྟེ། ཅི་ཡང་མིན་ལ་ཅི་ཡང་ཡིན་པའི་ཆོ་འཕྲུལ་ཆེན་པོ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ། དེ་ལ་སེམས་ཅན་ཀྱི་བཏགས་པའི་སྣང་ལུགས་ཀྱང་བསམ་གྱིས་མི་ཁྱབ་པ་སྟེ། བསམ་གྱིས་མི་ཁྱབ་པའི་དོན་ལ་བསམ་གྱིས་མི་ཁྱབ་པར་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པ་ཨ་ལ་ལ། གཏམ་དེ་ཡང་སྒྲ་བརྙན་གྱི་རྗེས་སུ་སོང་བའི་ཕྱིར་རང་མཐོང་མངོན་རློམས་དང་ཡིན་མིན་གྱི་རྩོད་པ་ཡང་ནམ་མཁའི་པདྨོར་འདྲེན་སོང་ངོ་། །ད་དུང་ཡང་བླ་མ་དམ་པ་ཆོས་ཉིད་ཀྱི་བདེན་པ་ཇི་བཞིན་གཟིགས་པ་རྣམས་ཀྱི་གསུངས་གི་བདུད་རྩི་དྲི་མ་མེད་པ་རྣ་བར་སོན་པའི་རྗེས་སུ་ཡིད་ཉེ་བར་ཕྱོགས་པའི་གཏམ་གྱི་དགའ་སྟོན་གསར་བ་འགའ་ཞིག་ཅིར་ཡང་གླེང་དུ་ཡོད་ནའང་། ད་ནི་སྙིགས་མའི་སྐྱེ་བོ་ལོག་པར་རྟོག་པས་ཀུན་ཏུ་ནོན་པ་དག་ལ་ཕན་པ་ཆུང་བ་དང་། རང་ཉིད་ནི་གནས་འདི་ལ་སོམ་ཉི་ཅུང་ཟད་ཀྱང་མ་མཆིས་པའི་ཕྱིར་སྤྲོ་བར་མི་བྱའོ། །འོན་ཀྱང་དཔྱོད་ལྡན་རྣམས་ཀྱིས་ནི་སྤྱི་དོན་འདིའི་ཁོག་འབུབ་ཚུལ་དང་། སྐབས་སྐབས་སུ་འདི་འདྲའི་ཚིག་འགའ་ཞིག་ཐལ་བ་དག་ལ་དང་པོ་ཉིད་ནས་དགག་ཚིགས་ཀྱི་སྤྲོས་པ་བདག་གིར་མི་བགྱིད་པར། ས་བཅད་འགའ་ཞིག་གོ་ལྡོག་པ་ལྟར་བྱས་པ་དང་། བརྗོད་དོན་ཐ་དད་པ་ལྟ་བུར་སྣང་བ་འགའ་ཞིག་འགལ་མེད་དུ་ཕྱོགས་རེར་བསྡུས་ནས་བཤད་པ་དག་ལ་ཞིབ་ཏུ་དཔྱད་པས་ཀྱང་འཁྲིག་ཚུད་པར་འགྱུར་བ་ཡིན་ནོ། །རྒྱུ་མཚན་དེ་དག་གི་ཕྱིར་འདིར་ཡང་སྤྱི་དོན་གྱི་སྐབས་འདིར་རྒྱུད་དབུ་ཞབས་ཀྱི་དོན་མཐའ་དག་གླེང་གཞི་གླེང་སློང་གི་ཁོང་ནས་རྒྱུད་བྱུང་ཚུལ་གྱི་ལོ་རྒྱས་ལྟར་བཤད་ནས། གཞུང་དོན་གྱི་སྐབས་སུ་དབུ་ཞབས་མཐའ་དག་གི་དོན་གདུལ་བྱའི་ཉམས་ལེན་ལྟར་འཆད་པར་འགྱུར་ལ། དེ་གཉིས་ཀྱང་བརྗོད་དོན་མི་འགལ་བར་གཅིག་ཏུ་བསྡུ་བར་བྱ་སྟེ། དེ་ཡང་འདི་ལྟར་རྒྱུད་དོན་རྟོགས་པར་འགྱུར་བའི་རྒྱུ་རྐྱེན་ཚོགས་པ་གླེང་གཞི། དེ་ལས་བརྡ་ཐབས་རྟེན་འབྲེལ་གྱིས་སམ་དངོས་སུ་ཉན་བཤད་བགྱིད་པ་གླེང་སློང་། དེའི་མཐུས་དོན་གྱི་ཡིན་ལུགས་རྟོགས་པར་གྱུར་བ་རྒྱུད་དོན་སྟེ། དང་པོ་གྲུབ། དེ་ཉིད་རང་གིར་བྱས་པ་གདམས་ངག་གཏད་དེ་དེ་ལས་རྗེས་འཇུག་ལའང་ཉམས་སུ་ལེན་རྒྱུ་གཞན་མེད་པས་གཉིས་པ་གྲུབ། དེ་གཉིས་ཀ་རྒྱུད་གཅིག་གི་སྟེང་ན་གནས་པས་གསུམ་པ་གྲུབ་བོ། །དེ་དག་གིས་དམ་པ་གོང་མ་རྣམས་ཀྱིས་བཞེད་ཚུལ་མཐའ་དག་དགོངས་པའི་གནད་གཅིག་ཏུ་འབབ་ཚུལ་གྱི་དོགས་གཅོད་ཅུང་ཟད་བགྱིས་ནས། ད་ནི་རྒྱུད་དོན་གཞི་ལམ་འབྲས་བུ་གསུམ་པོ་དེ་ལ་རྒྱུད་ཅེས་བྱ་བའི་དོན་འཆད་པར་བྱ་སྟེ། དེ་ཡང་རྡོ་རྗེ་རྩེ་མོ་ལས། འབྲེལ་དང་མ་ཚངས་མེད་ཕྱིར་དང་། །ཕུན་སུམ་ཚོགས་པའི་རྒྱུད་ཅེས་བྱ། ། ཞེས་གསུངས་པ་ལྟར་རྒྱུན་མ་ཆད་པར་འབྲེལ་བ་དང་། དངོས་གྲུབ་བསྒྲུབ་པའི་ཡན་ལག་མ་ཚང་བ་མེད་པ་དང་། ཕུན་སུམ་ཚོགས་པའི་ཡན་ལག་ཐམས་ཅད་དང་ལྡན་པས་ན་རྒྱུད་ཅེས་བྱ་སྟེ། དེ་ལའང་དབྱེ་ན་དོན་གྱི་སྒོ་ནས་དབྱེ་བ་གཞི་ལམ་འབྲས་གསུམ་དང་། ཚིག་གི་སྒོ་ནས་དབྱེ་བ་སྒྲར་སྣང་བའི་རྒྱུད། སྒྲར་གྲགས་པའི་རྒྱུད། བརྡར་གྱུར་བའི་རྒྱུད་དང་གསུམ་སྟེ། ཚིག་དོན་བསྡོམ་པས་དྲུག་གོ །ལྟ་བ་དང་སྤྱོད་པའི་སྒོ་ནས་དབྱེ་ན་སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད། དེ་ལའང་དངོས་དང་། བྱེ་བྲག་གི་རྒྱུད་དམ་ཆ་མཐུན་གྱི་རྒྱུད་གཉིས། ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་ལའང་དངོས་དང་རྣལ་འབྱོར་ཆེན་པོའམ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཉིས་སྟེ་བཞིའོ། །དེ་ལས་བླ་མེད་ལའང་བསྐྱེད་པ་སྐུའི་རྒྱུད་བྱིན་ཆེ་བར་སྟོན་པ་མ་ཧཱ་ཡོ་ག རྫོགས་པ་གསུང་གི་རྒྱུད་ཞལ་གསལ་བར་སྟོན་པ་ཨ་ནུ་ཡོ་ག རྫོགས་པ་ཆེན་པོ་ཐུགས་ཀྱི་རྒྱུད། བསྐྱེད་རྫོགས་གཉིས་སུ་མེད་པར་སྟོན་པ་ཨ་ཏི་ཡོ་ག་སྟེ་གསུམ་དུ་དབྱེ་བས་རྒྱུད་སྡེ་དྲུག་ཏུའང་འགྱུར་རོ། །རྩ་བ་དང་ཡན་ལག་གི་སྒོ་ནས་དབྱེ་ན་རྒྱུད་འདི་ཉིད་ལྟ་བུ་རྩ་བའི་རྒྱུད། རྒྱུད་ཕྱི་མ་ལྟ་བུ་ཕྱི་མའི་རྒྱུད། བཤད་རྒྱུད་སྡེ་བཞི་ལྟ་བུ་བཤད་པའི་རྒྱུད། བཤད་རྒྱུད་རྒྱས་པ་ལྟ་བུ་རྟོགས་པ་༼མ་དཔེ་མི་གསལ༽རྟོགས་པའི་རྒྱུད་དེ་བཞིའོ། །དེ་དག་ལས་དོན་གྱི་སྒོ་ནས་དབྱེ་བ་གསུམ་ནི་རྒྱུད་ཀྱི་དབྱེ་བ་དངོས་ཡིན་ལ། གཞན་རྣམས་ནི་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་དབྱེ་བར་གཏོགས་སོ། །དེས་ན་གཞི་དང་ལམ་ཤེས་བྱ་ཤེས་བྱེད་དུ་འབྲེལ་ཞིང་གཞི་ལ་ཤེས་བྱའི་ཡོན་ཏན་ཚངས་ཏེ་ལམ་ལ་ཤེས་བྱེད་ཀྱི་ཡོན་ཏན་ཚངས་བ་ཞིག་གོ །དེ་བཞིན་དུ་འབྲས་བུ་དང་ལམ་ཐོབ་བྱ་འཐོབ་བྱེད་དུ་འབྲེལ་ཏེ་འབྲས་བུ་ལ་ཐོབ་བྱའི་ཡོན་ཏན་ཚངས་ཤིང་ལམ་ལ་བགྲོད་བྱེད་དམ་འཐོབ་བྱེད་ཀྱི་ཡོན་ཏན་ཚངས་པའོ། །འབྲས་བུ་དང་གཞི་ངོ་བོ་བདག་གཅིག་གིས་འབྲེལ་ཏེ་གཞི་ལ་མངོན་དུ་འགྱུར་བྱ་ངོ་བོའི་ཡོན་ཏན་སྐུ་དང་ཡེ་ཤེས་ཐམས་ཅད་ཚངས་ཤིང་། འབྲས་བུ་ལ་དེ་ཉིད་མངོན་དུ་གྱུར་པའི་ཡོན་ཏན་ཚངས་པའོ། །དེ་དང་མཚུངས་པར་ལམ་རྐྱེན་ཡི་གེའི་རྒྱུད་རྣམས་ཀྱང་རང་རང་གི་ཐད་ནས་ཚིག་དང་དོན་དུ་འབྲེལ་བསམ། གཞི་འབྲས་དང་ཤེས་ཐོབ་ཀྱི་རྐྱེན་དུ་གྱུར་པས་འབྲེལ་ཏེ་རང་གི་ངོས་ནས་ལམ་གྱི་བླང་དོར་ཐམས་ཅད་སྟོན་པར་བྱེད་བའི་བརྡར་གྱུར་པའི་ཡོན་ཏན་དང་། ལམ་གནད་རྟོགས་པར་བྱེད་པའི་བྱིན་རླབས་དང་ལྡན་པ་ཞིག་གོ །དེས་ན་རྒྱུན་ཆགས་ཤིང་འབྲེལ་བ། གཞིའམ་རྒྱུའི་རྒྱུད། ཐབས་སམ་ལམ་གྱི་རྒྱུད། མངོན་གྱུར་འབྲས་བུའི་རྒྱུད་དེ་གསུམ་གྱི་མཚན་ཉིད་དང་ལྡན་པ་ཞིག་སྟེ། རྒྱུད་ཕྱི་མ་འགོས་འགྱུར་ལས། རྒྱུད་ནི་རྒྱུན་ཆགས་ལ་བྱ་སྟེ། ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་སོ། །དེ་ལྟར་ཐུགས་ཀྱི་ཆོ་འཕྲུལ་གཞི་ལམ་འབྲས་བུའི་རྒྱུད་དོན་ཐམས་ཅད་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཇི་ལྟར་མཁྱེན་པ་བཞིན། ཉིད་དང་གཉིས་སུ་མེད་པའི་འཁོར་རྒྱལ་བ་རིགས་ལྔ་རྒྱལ་སྲས་སེམས་དཔའ། འཇོམས་བྱེད་ཁྲོ་བོ་དང་བཅས་པའི་སྔོན་བྱུང་དངོས་ལྔའི་གཏན་ཚིགས་ལ་བརྟེན་ནས་རྟོགས་པར་མཛད་པའི་ཚུལ་བསྟན་པ་ལ་རྒྱལ་བ་དགོངས་བརྒྱུད་ཀྱི་བླ་དྭགས་བཏགས་པའོ། །འོ་ན་ལམ་རྐྱེན་ཡི་གེའི་རྒྱུད་འདི་ཡང་ཐུགས་ཀྱི་ཆོ་འཕྲུལ་ཡིན་ནམ་ཞེ་ན། འདི་ནི་གསུམ་གའི་ཆར་གཏོགས་ཏེ། ཡི་གེའི་གཟུགས་སུ་གྲུབ་པ་སྐུ་ཉིད་གསུང་གི་ཕྱག་རྒྱར་སྤྲུལ་པ་ཞེས་བྱ་སྟེ་སྐུའི་ཆོ་འཕྲུལ། དེ་ལ་དོན་གྱི་ཡིན་ལུགས་ཐམས་ཅད་བརྡའི་སྒོ་ནས་སྟོན་པར་བྱེད་ནུས་པའི་བྱིན་རླབས་དང་ལྡན་པ་ནི་གསུངས་ཤིང་ཐུགས་སུ་འཕྲུལ་བ་ཞེས་བྱ་སྟེ་གསུང་གི་ཆོ་འཕྲུལ་དེའི་མཐུས་དོན་གྱི་གནས་ལུགས་ཀྱི་ལྟ་བ་བཞིན་གཏན་ལ་ཐེབས་ནས་དངོས་སུ་ཚིག་ཏུ་བརྗོད་པའམ། འབྲས་བུ་མངོན་དུ་འབྱིན་ནུས་པ་ནི་ཐུགས་ཉིད་སྐུ་དང་གསུང་དུ་འཕྲུལ་བ་ཞེས་བྱ་སྟེ་ཐུགས་ཀྱི་ཆོ་འཕྲུལ་ལོ། །དེས་ན་ཆོ་འཕྲུལ་གསུམ་དང་རྗེས་སུ་འབྲེལ་བའི་རྒྱུད་དོན་ཚིག་དང་བཅས་པ་རྣམས་གདམས་གཏད་གྱི་ལེའུ་སྟེ་ཉེར་གཉིས་པ་སྟོན་པ་ལྟར། གདམས་པ་གཏད་ཡུལ་གསུམ་གྱི་དང་པོ་བཀའི་བསྡུ་བ་པོ་གསང་བའི་བདག་པོ་རྡོ་རྗེ་འཛིན་ནམ། ལག་ན་རྡོ་རྗེས་དྲི་བ་དྲིས་ལན་ལ་མ་ལྟོས་པར་རྗེས་འཇུག་ཚུལ་ལྔའི་གཏན་ཚིགས་ཀྱིས་གཏན་ལ་ཕབ་ནས་བཀའ་བསྡུ་མཛད་པ་ཡིན་ཏེ། ཁོག་གཞུང་ལས། གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཐུན་མོང་མ་ཡིན་ངེས་པའི་རྒྱུད། །དྲིས་ལན་མི་མངོན་དོན་གྱིས་བསྡུས། །བྱིན་རླབས་མི་ཡུལ་གྲགས་པ་ཡིན། ཞེས་སོ། །དེ་ནས་ཀྱང་ཚིག་ལྔའི་གཏན་ཚིགས་ཀྱིས་སྒྲར་གྲགས་པའི་རྒྱུད་དུ་གསུངས་པ་ལའང་དཔྱད་པས་དོན་གོ་བ་དང་། དཔྱད་པ་ལ་མ་ལྟོས་པར་གོ་བ་གཉིས་སུ་ཡོད་པའི་ཚུལ་ལྟ་བའི་སྐབས་སུ་བརྗོད་ཟིན་ཏོ། །དེ་ལ་ཡང་འགའ་ཞིག་འདི་སྙམ་དུ། །འོ་ན་གསང་བའི་བདག་པོ་ལ་སོགས་པའི་སྤྲུལ་པ་དག་གིས་འཇིག་རྟེན་གྱི་ཁམས་སུ་སྒྲར་གྲགས་པའི་རྒྱུད་དུ་གསུངས་པ་ལས། །རྒྱལ་བ་དགོངས་བརྒྱུད་ཀྱི་སྐབས་སུ་སྒྲ་ཚིག་དང་ཡི་གེར་ཡོངས་སུ་མ་གྲགས་ན། ཁྱོད་ཀྱི་དགོངས་བརྒྱུད་ཀྱི་ཁོང་ནས་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་དོན་ཐམས་ཅད་བཤད་ཟིན་པ་འགལ་བ་མ་ཡིན་ནམ་སྙམ་ན། འདི་ལྟར་སྤྱིར་དེའི་དུས་སུ་དགོངས་པ་དང་བརྡས་སྒོ་ནས་དོན་རྟོགས་པར་མཛད་པ་ལ་སྒྲ་ཚིག་གི་ཐ་སྙད་བཏགས་པ་ཙམ་ནི་མི་འགལ་བའི་ཚུལ་ལམ་རིམ་ལས། །ངོ་བོ་སྣང་ཚིག་རང་སྣང་ཚིག ལ་སོགས་པ་གང་དུ་ཚིག་ལྔའི་གཏན་ཚིགས་ཀྱི་སྐབས་སུ་བཤད་ཟིན་པ་ལྟར། ནང་གསལ་སྐུ་གསུམ་གྱི་གསུངས་ལའང་ཚིག་གི་ཐ་སྙད་སྦྱར་པ་ཡིན་ལ། ཡི་གེ་ཡང་སྒྲར་སྣང་བའི་ཚུལ་དུ་གྲུབ་ཚུལ་གསུང་གི་ཆོ་འཕྲུལ་གྱི་སྐབས་སུ་བརྗོད་ཟིན་པ་ལྟར་ཡིན་ཏེ། དེས་ན་དེ་ཉིད་དུ་དགོངས་པ་དང་བརྡའི་སྒོ་ནས་གཏན་ལ་ཕབ་པ་ཡང་རྒྱུད་དོན་འདི་ཉིད་ལས་མི་འདའ་ལ། འདིར་གང་བཤད་ནས་གཏན་ལ་ཕབ་པ་ཡང་དེ་ཡི་དུས་ཀྱི་རྒྱུད་དེ་ལས་མི་འདའ་པའི་ཕྱིར་འགལ་བའི་གཞི་མ་གྲུབ་བོ། །འདི་ཡན་ཆད་ཀྱི་རྒྱལ་བ་དགོངས་བརྒྱུད་ཀྱི་ཁོང་ནས་རྒྱུད་ཀྱི་སྤྱི་དོན་ལེགས་པར་བཤད་ཟིན་ཏོ། །གཉིས་པ་རིག་འཛིན་རིག་པའི་བརྒྱུད་པ་ལའང་གཉིས་ལས། དང་པོ་རིག་འཛིན་མི་མ་ཡིན་གྱི་བརྒྱུད་པ་ནི། རིགས་གསུམ་སེམས་དཔའ་སོ་སོ་ནས་རྒྱུད་ཀྱི་རྒྱལ་པོ་འདི་དང་འདི་ལས་འཕྲོས་པའི་མདོ་རྒྱུད་རྣམས་ལྷ་ཀླུ་གནོད་སྦྱིན་གྱི་གནས་ཐ་དད་དུ་གསུངས་པའི་བརྒྱུད་ཚུལ་ཏེ། དེ་ཡང་སོ་སོ་ནས་ལྟ་སྒོམ་སྤྱོད་པའི་ཕྱོགས་བཟུང་ཚུལ་འཆད་དུ་ཡོད་ནའང་། འདི་གདུལ་བྱ་རང་གི་སྐལ་བ་དང་མཐུན་པར་འཇམ་དཔལ་གཞོན་ནུ་མཛེས་པའི་སྐུ་དང་ལྡན་པ་དེས། ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་ལྷ་གྲགས་ལྡན་ཕྱོགས་སྐྱོང་ལ་བཤད། དེས་ཚངས་པ་རིན་ཆེན་འོད་འབར་ལ། དེས་ཚངས་པ་སྐྱེ་རྒུའི་བདག་པོ་ལ། དེས་ཚངས་པ་ཀུན་གྲོལ་ལ། དེས་ཚངས་པ་གཙུག་ཕུད་འཛིན་ལ། དེས་ལྷ་དབང་བརྒྱ་བྱིན་ལ། དེས་ལྷའི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་བཤད་པས། ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་རིག་འཛིན་ཞིང་སངས་རྒྱས་ཀྱི་གདུང་སོབ་པར་གྱུར་ཏོ། །སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་དེས། ཀླུ་དུག་ཅན་རྣམས་ཀྱི་ལུས་སེམས་དང་མཐུན་པར་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། དེ་ནས་རིམ་པར། ཀླུ་མོ་ཁ་འདུལ་མ། ཀླུ་མོ་འདུལ་ཚང་མ། ཀླུ་ཡིད་འོང་དགའ་བ། ཀླུ་རྒྱལ་འཇོག་པོ། ཚོམས་པུ་འབུམ་སྡེ་རྣམས་སྔ་མ་ལྟར་གྱུར་ཏོ། ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིགས་པའི་སྐུ་དང་ལྡན་པ་དེས། གནོད་སྦྱིན་རྣམས་ཀྱི་ལུས་སེམས་དང་མཐུན་པར་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད། དེ་ནས་རིམ་པར། གནོད་སྦྱིན་གྲགས་ལྡན་ཕྱོགས་སྐྱོང་། གནོད་སྦྱིན་ལམ་ན་རྡོ་རྗེ། གནོད་སྦྱིན་སྐར་མདའ་གདོང་། གནོད་སྦྱིན་ཚོམ་བུ་འབུམ་སྡེ་རྣམས་གོང་བཞིན་གྱུར་ཏོ། །དེ་དག་མདོར་བསྡུས་ཙམ་ལས་རང་རེའི་བརྒྱུད་པ་འདི་ནས་འདྲེན་མི་དགོས་པས་མ་སྤྲོས་སོ། །གཉིས་པ་ཁྱད་པར་གྱི་བརྒྱུད་ཚུལ་རིག་འཛིན་མི་དང་མི་མ་ཡིན་གཉིས་ཀ་ལ་བརྒྱུད་པ་ནི། ད་ལྟའི་བསྐལ་པ་འདི་ནི་་གདུལ་བྱ་རྣམས་ཀྱི་སྣང་ངོར་ཆོས་སྐུ་ཀུན་ཏུ་བཟང་པོ་ཉིད་རྣམ་འདྲེན་སྟོང་གི་རྣམ་པར་འཕྲུལ་པ་ལས། རྣམ་འདྲེན་བཞི་པ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཚེ་ལོ་བརྒྱ་བའི་དུས་སུ་བྱོན་ཏེ། རང་བཞིན་གསང་བའི་སྙིང་པོ་ལས་འཕྲོས་པའི་སྡེ་སྣོད་གསུམ་དང་། རྒྱུད་སྡེ་དྲུག་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་དག་དགོང་ལོ་བརྒྱད་བཅུའི་བར་བསྐོར་ནས། མཐར་གཟུགས་སྐུ་དེ་ཉིད་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་ཉེ་བ་ན། འཁོར་རྣམས་བསྡུས་ཏེ། ཐེ་ཚོམ་ཆོད་ཅིག་ཅེས་བསྐུལ་པས། འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུ་ཛ་ར་ཞེས་བྱ་བ་སྟན་ལས་ལངས་ཏེ། དྲི་བ་ལྔ་དྲིས་པའི་དང་པོ་གསང་སྔགས་ནམ་འབྱུང་ཞེས་པའི་ལན་དུ། སྤྱིར་བྱུང་ཚུལ་བཅུ་གཉིས་ཀྱིས་ཐེ་ཚོམ་འབྱུང་བར་ལུང་བསྟན་པ་ལས། ཁྱད་པར་ལུང་ཆེར་ངེས་པར་བསྟན་པའི་ཚུལ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིག་ཅན་ཏེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་བྱུང་གྱུར་ནས། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་ཅན་དམན་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་གནང་བར་འགྱུར། །ཞེས་སོགས་ལུང་བསྟན་ཏེ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེ་ནས་ལོ་བརྒྱད་དང་བཅུ་ཚན་གཉིས་ཏེ་ཉི་ཤུ་རྩ་བརྒྱད་འདས་པ་ན། ལྷ་གྲགས་ལྡན་ཕྱོགས་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། མི་ལས་སྐལ་ལྡན་དགེ་སློང་ལི་ཙ་བཱི་དྲི་མེད་གྲགས་པ་སྟེ། དམ་པའི་རིགས་ཅན་དྲ་མ་ལྔ་ནང་དུ་མཉམ་པར་འཇོག་པ་ལས་ལངས་པ་ན། རང་རང་གི་མངོན་པར་ཤེས་པས་སངས་རྒྱས་མྱ་ངན་ལས་འདས་པ་དང་། གསང་སྔགས་བསྐུལ་བའི་དུས་ལ་བབས་པར་ཤེས་ནས། རྫུ་འཕྲུལ་གྱི་བྱ་བས་ཟ་ཧོར་གྱི་ཡུལ་དང་ཉེ་བ་ན་དཔལ་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་བཅགས་པའི་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ཞེས་བྱ་བ། རྩེ་མོ་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེས་འཁྲབ་པར་འགྱུར་བ། འདབ་ཤོད་ན་གཅན་གཟན་སྟག་གི་ཕྲེང་བ་ཡོད་པ། རྩ་བ་ན་སྡོང་པོ་ཤུན་པགས་དང་ལོ་འབྲས་སྲན་སྣ་ཚོགས་སུ་གྱུར་བའི་ཤིང་སྐྱེས་པ། ངོས་ལ་བྲག་དཀར་པོ་སེངྒེས་ཁྱི་ཚུགས་བཅས་པ་འདྲ་བ་ཡོད་པ་ཞིག་འདུག་པ་དེའི་རྩེར་འདུས་ནས། ཤིན་ཏུ་ཉམ་ཐག་པའི་ང་རོས། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ལ་སོགས་པའི་གདུང་ཚིགས་ཉེར་གཅིག་བཏོན་ཏེ་རྨག་ཆད་པར་ངུས་པས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་གསང་སྔགས་གསུངས་པའི་ལུང་བསྟན་དུས་ལ་བབས་པར་མཁྱེན་ནས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བསྐུལ་བས་དེ་མ་ཐག་རིགས་ཅན་ལྔ་ལ་གསང་བདག་དངོས་སུ་སྣང་བར་གྱུར་ཏོ། །སྣང་ནས་ཀྱང་ཆོས་སྟོན་པར་ཞལ་གྱིས་བཞེས་ཏེ་དེ་ཉིད་དུ་གསང་ཆེན་རྡོ་རྗེ་ཐེག་པའི་སྒྲོན་མ་བསམ་གྱིས་མི་ཁྱབ་པ་དག་འཇིག་རྟེན་གྱི་ཁམས་སུ་སྣང་བར་མཛད་དོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་ཚིག་ཏུ་བསྡུས་ཏེ། གསེར་ཞུན་མའི་ཤོག་གུ་ལ་བཻ་ཌཱུརྱཱ་ཞུན་མས་ཡི་གེར་བྲིས་ཏེ་རྒྱ་རང་ནན་དུ་བྱས་པ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་མི་སྣང་བར་རྒྱས་བཏབ་བོ། དེའི་ཚེ་དེའི་བྱིན་རླབས་ཀྱིས་རྒྱུད་ཀྱི་གླེགས་བམ་རྣམས་དངོས་སུ་འཇིག་རྟེན་གྱི་ཁམས་སུ་ཇི་ལྟར་བབས་ཚུལ་ནི། ཀྲི་ཡའི་རྒྱུད་རྣམས་ཝཱ་རྭ་ཎ་སཱི་ལ་བབས། ཨུ་པ་ཡ་རྣམས་རི་བོ་བྱ་རྐང་ཅན་དང་བསིལ་བའི་ཚལ་དུ་བབས། ཡོ་ག་རྣམས་མེ་རི་འབར་བར་བབས། མ་ཧཱ་ཡོ་ག་རྣམས་རྒྱལ་པོ་ཛའི་ཁང་ཐོག་ཏུ་བབས། ཨ་ནུ་ཡོ་ག་རྣམས་རི་བོ་མ་ལ་ཡའི་རྩེ་དེ་གར་བབས། གནས་འདི་ལ་འདོད་ཚུལ་འགའ་ཞིག་འཆད་ཀྱང་དོན་ལ་སྔོན་བཅོམ་ལྡན་འདས་ལང་ཀའི་བདག་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ནས། བློ་གྲོས་ཆེན་པོས་ཞུས་ཏེ་ལང་ཀར་གཤེགས་པའི་མདོ་གསུངས་པའི་གནས་འཛམ་གླིང་ཤར་ལྷོ་མཚམས་ན་ཡོད་པ་དེ་ཡིན་ཞིང་། ཡུལ་དེ་ཀ་སྔོན་སྲིན་པོས་བཟུང་བས་ལང་ཀའི་ཡུལ་དང་། ཕྱིས་དེ་དཔོན་སེངྒེས་བཟུང་བས་སེངྒཱ་ལའི་གླིང་ཞེས་གྲགས། དེ་ན་ཡོད་པའི་རི་དེ་ལའང་མ་ལ་ཡ་གནམ་ལྕགས་འབར་བ་དང་། ཆོས་འཛིན་རིགས་ཀྱི་སྒྲུབ་གནས་སོགས་མིང་གི་རྣམ་གྲངས་དུ་མར་གྱུར་ཡང་དོན་ལ་འདི་ཉིད་ཡིན་པའི་ལུང་རིགས་དུ་མ་ཡོད་པས་ན་ལྷོ་ནུབ་སྲིན་པོའི་ཡུལ་དང་ནོར་བར་མི་བྱའོ། །དེ་བཞིན་དུ་ཨ་ཏི་ཡོ་ག་རྣམས་ཨོ་རྒྱན་དྷ་ན་ཀོ་ཤའི་གླིང་དུ་བབས། དེ་ལས་རྒྱུད་སྡེ་གཞན་རྣམས་ནི་ཡི་གེའི་གླེགས་བམ་དངོས་སུ་བབས་པ་ཡིན་ལ། ཨ་ཏི་ཡོ་ག་ནི་རྒྱལ་པོ་ཨུ་པ་ར་ཛ་དང་ཡུམ་སྣང་གསལ་འོད་ལྡན་གཉིས་ཀྱི་སྲས་མོ་སུ་དྷརྨའི་སྲས་རིག་འཛིན་དགའ་རབ་རྡོ་རྗེས་རྡོ་རྗེ་སེམས་དཔའ་ལས་དངོས་སུ་གསན་པ་ཡིན་ནོ། །གཞན་ཡང་སྟོན་པ་ཉིད་ཀྱིས་སྤྲུལ་པ་ཚད་མེད་པ་དང་བཅས་ཏེ་གནས་ཐ་དད་པར་གསུངས་པ་དང་། གོང་དུ་རིག་འཛིན་མི་མ་ཡིན་གྱི་རྒྱུད་པ་དྲངས་ཟིན་པ་ལྟར་ལྷ་ཀླུ་གནོད་སྦྱིན་གྱི་གནས་སོ་སོ་ནས་སླར་མི་ཡུལ་དུ་བརྒྱུད་པ་སོགས་མང་དུ་ཡོད་དེ། འདི་ལྟར་མ་ཧཱ་ཡོ་གའི་ནང་ཚན་ཐུགས་ཀྱི་རྒྱུད་གསང་བ་འདུས་པ་ལྟ་བུ་སྟོན་པ་ཉིད་རྡོ་རྗེ་འཆང་གི་རྣམ་པར་རོལ་པས་རྒྱལ་པོ་ཨིནྚ་བྷོ་ཏི་ཆེན་པོ་ལ་བཤད་པ་དང་། དཔལ་དུས་ཀྱི་འཁོར་ལོ་རྒྱལ་པོ་ཟླ་བཟང་ལ་གསུངས་པ་དང་། ལྷོ་ཕྱོགས་གྱད་ཡུལ་དུ་འཇམ་པའི་དབྱངས་སུ་སྤྲུལ་ནས་འཇམ་དཔལ་གྱི་ལེའུ་ཁྲི་དྲུག་སྟོང་སོགས་གསུངས་པ་དང་། བསིལ་བ་ཚལ་དུ་རིགས་གསུམ་མགོན་པོར་སྤྲུལ་ནས་ཀྲི་ཡའི་རྒྱུད་འགའ་ཞིག་གསུངས་པ་དང་། ཨོ་རྒྱན་གྱི་ཡུལ་གྷན་རྡོ་ལའི་དྲི་གཙང་ཁང་དུ་ཧེ་བཛྲ་དུ་སྤྲུལ་ནས་དགྱེས་པ་རྡོ་རྗེའི་སྐོར་གསུངས་པ་དང་། ཡུལ་ཉེར་བཞིར་རྡོ་རྗེ་འཆང་གི་རྣམ་པས་བདེ་མཆོག་འཁོར་ལོའི་སྐོར་གསུངས་པ་དང་། རི་མ་ལ་ཡར་གཤིན་རྗེ་གཤེད་དུ་སྤྲུལ་ནས་གཤིད་རྗེའི་རྒྱུད་ཁ་ཅིག་དང་། དུར་ཁྲོད་བརྒྱད་དུ་སྟོན་པ་ཧེ་རུས། སངས་རྒྱས་ཐོད་པ། རྡོ་རྗེ་གདན་བཞི། མ་ཧཱ་མཱ་ཡཱ་སོགས་གསུངས་པ་དང་། སྨྲེ་ཁྲོད་ཀྱི་གྲོང་ཁྱེར་དང་རི་བྱ་རྐང་ཅན་དུ་ནང་རྒྱུད་ཁྱད་པར་ཅན་འགའ་ཞིག་གསུངས་པ་རྣམས་སོ། །དེ་དག་ཀྱང་ཁ་ཅིག་ནི་མཁའ་འགྲོ་མ་དང་ལྷ་ཀླུ་རྣམས་ཀྱིས་སྤྱན་དྲངས་ཏེ་ཕྱིས་གྲུབ་ཐོབ་རྣམས་ཀྱིས་དེ་དག་གི་ཡུལ་ནས་བླངས། ཁ་ཅིག་ནི་དུས་དེ་ཉིད་ནས་མི་ཡུལ་དུ་བརྒྱུད་དོ། །ཡང་གནོད་སྦྱིན་གྱི་ཡུལ་ནས་བྱུང་བ། དཔལ་རྡོ་རྗེ་གུར་ལ་སོགས་པ་གནོད་སྦྱིན་གྱི་དེད་དཔོན་གསང་བ་པས། སློབ་དཔོན་མཐུ་སྟོབས་ར་ཛ་ལ་བཤད། སྲིན་པོའི་ཡུལ་ནས་བྱུང་བ་དཔལ་འབྱུང་བ་དང་དཔལ་དམ་པའི་རྒྱུད་སོགས། བྱང་སེམས་བློ་གྲོས་རྒྱ་མཚོས་གྲོང་ཁྱེར་དགའ་པ་ཅན་དུ་སློབ་དཔོན་ཨིནྜ་བྷི་དྷི་བར་མ་ལ་བཤད། གཤིན་རྗེའི་ཡུལ་ནས་བྱུང་བ་དགྲ་ནག་གི་རྒྱུད་ཁ་ཅིག་དང་། ཁ་ཐུན་ཟླ་གསང་ལ་སོགས་པ་སློབ་དཔོན་ལ་ལའི་བཛྲ་གྱིས་སྤྱན་དྲངས་ཏེ་འཇམ་དཔལ་བཤེས་གཉེན་ལ་བཤད་དོ། །དེ་དག་རྣམས་ཀྱང་རང་བཞིན་གསང་བ་སྙིང་པོ་ལས་འཕྲོས་ཏེ་གདུལ་བྱའི་ཁམས་དབང་དང་མཐུན་པར་ནམ་འདུལ་བའི་དུས་དེར་སྣང་བ་ལས་གཅིག་ཏུ་ངེས་པ་ནི་མེད་དོ། །དེས་ན་སངས་རྒྱས་ནི་རྟག་པར་འགྲོ་བའི་དོན་མཛད་ལ། བྱིན་རླབས་ཀྱི་བཀའ་ཡང་རི་དང་ཤིང་དང་། པདྨ་དང་དཔག་བསམ་གྱི་ཤིང་དང་། བུད་མེད་དང་། བུ་མོ་དང་། བྱ་དང་རི་དྭགས་ལ་སོགས་པ་ལས་ཀྱང་ཆོས་ཀྱི་སྒྲ་བྱུང་པ་དེ་བཀའ་ཡིན་པར་གསུངས་ན། ད་ལྟའང་རྒྱུད་མི་འབྱུང་པར་མི་སེམས་སོ། །དེ་ལ་ཁ་ཅིག་འདི་སྙམ་དུ། འོ་ན་དགོངས་འདུས་སུ། ངེས་པའི་ཐེག་པ་ཡོངས་མ་གསུངས། ཞེས་ཕྱིར་སུ་འབྱུང་བར་ལུང་བསྟན་པ་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཀྱི་ཞལ་བཞུགས་པའི་དུས་ཡན་ཆད་ལ་གསང་སྔགས་མ་གསུངས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་འཇིག་རྟེན་གྱི་ཁམས་སུ་གསང་སྔགས་ཀྱི་སྒྲ་ཡོངས་སུ་མ་གྲགས་པ་ཙམ་ལ་དགོངས་ཀྱི། གཞན་དུ་ན་ངེས་པ་མེད་དེ། སྔོན་བསྐལ་པ་རྫོགས་ལྡན་གྱི་དུས་སུ་བྱ་རྒྱུད་དང་། གསུམ་ལྡན་གྱི་དུས་སུ་སྤྱོད་རྒྱུད། གཉིས་ལྡན་གྱི་དུས་སུ་རྣལ་འབྱོར་རྒྱུད་སོགས་གསུངས་པ་དང་། ཐུབ་པའི་དབང་པོ་ཉིད་ཀྱི་ཞལ་ནས་གསུངས་པ་ཡང་གོང་དུ་བརྗོད་པ་ལྟར་ངེས་པའི་ཕྱིར་རོ། །དེ་ལྟར་རྒྱུད་སྡེ་སྤྱིའི་བབས་ལུགས་ཅུང་ཟད་ཅིག་བཤད་པ་ལས། སོ་སོར་རྒྱས་པར་ཤེས་འདོད་པ་དག་གིས་ནི་རང་རང་གིས་བབས་ལུགས་ལས་རྟོགས་པར་བྱའོ། །འདིར་ནི་མ་ཧཱ་ཡོ་ག་གཙོ་བོར་གྱུར་པའི་རྒྱུད་སྡེ་སྒྱུ་འཕྲུལ་རྒྱལ་པོ་ཛའི་ཁང་སྟེང་དུ་ཇི་ལྟར་བབས་པའི་ཚུལ་བརྗོད་པར་བྱ་སྟེ། དེ་ཡང་འདི་ལྟར་གོང་དུ་བརྗོད་ཟིན་པའི་རི་མ་ལ་ཡ་དེ་གའི་ཤར་ལྷོ་ན་ཏྲི་ཤཾ་ཨ་སུ་ར་ཞེས་བྱ་བ་གནོན་སྦྱིན་གྱི་ཕུག་པ་ཡོད་དེ། ཕུག་པ་དེ་ནི་སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ། ཕུག་ན་རཏྣ་ཟུར་བརྒྱད་ལ་ཉི་ཟླའི་རི་མོ་རང་སྣང་བ། ཐོག་རིམ་གསུམ་དང་ལྡན་པ། སྟེང་ན་བྱ་ཀ་ལན་ཏ་ཀ་ཞེས་བྱ་བ་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་སྒྲོགས་པར་བྱེད་པས་ཚངས་བཅས་པ། རྩ་བ་ན་བདུད་རྩིའི་ཆུ་མིག་དང་མདུན་ན་མེ་ཏོག་གི་སྣམ་བུ་ལ་སོགས་སྐྱེད་མོའི་ཚལ་ཉམས་དགའ་པར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དག་གིས་ཡོངས་སུ་བཏུད་པ། གང་ཟག་ལས་སྐལ་དང་ལྡན་པ་དག་གིས་བགྲོད་པར་འགྱུར་ཡང་། ཕལ་བ་རྣམས་ཀྱིས་ནི་ནམ་ཡང་ཕྱིན་པར་མི་འགྱུར་པའི་གནས་དེར། ས་ཧོ་རའམ་ཟ་ཧོར་གྱི་རྒྱལ་པོ་ཨུ་ཏ་ཛྙ་ནའི་སྲས་སྐལ་ལྡན་རྒྱལ་པོ་ཛཿ ཞེས་བྱ་བ་དེ་སྔགས་ཕྱི་རྒྱུད་ཀྱི་སྒྲུབ་པ་ལ་ནན་ཏན་སྙིང་པོར་བྱེད་ཀྱིན་ཡོད་པའི་སྐབས་ཤིག་ན་རྨི་ལྟས་ངོ་མཚར་བ་བདུན་རྨིས་ཏེ། དེ་ཡང་འདི་ལྟར། དང་པོ། རི་དེའི་རྩེ་མོར་དཔལ་ཕྱག་ན་རྡོ་རྗེ་བྱོན་ཏེ། སྐུའི་ཁྱོན་ལས་འོད་སྔོན་པོ་འཕྲོས་པས་འཇིག་རྟེན་ཐམས་ཅད་བསྲེགས་ནས་མི་སྣང་བར་བྱས། གསུང་གི་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་བསྒྲགས་པ་ཐོས། ཐུགས་ལས་རྡོ་རྗེ་འོད་འབར་པ་ཞིག་འཕྲོས་ནས་རྒྱལ་པོའི་ཐུགས་ཀར་ཐིམ། སྤྱི་པོ་དང་རྐང་མཐིལ་ལས་ཉི་ཟླའི་འོད་འབར་བ་རེ་འཕྲོས་ནས་རྒྱལ་པོ་རང་གི་སྤྱི་བོ་དང་རྐང་མཐིལ་དུ་ཐིམ་ནས་སྣང་སྲིད་ཐམས་ཅད་ལྟོ་བ་ནས་འཕྱོ་བ་རྨིས་སོ། །རྨི་ལྟས་གཉིས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་བགྲོ་བ་མཛད་ཅིང་ཉི་ཟླ་ལ་ཆིབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། སྲིད་གསུམ་ཁ་ལོ་གྱེན་དུ་བསྒྱུར་བ་ཞིག་རྨིས་སོ། །གསུམ་པ་ནི་ནམ་མཁའ་འོད་ལས་སྤྲིན་གསེར་གྱི་སྙིང་པོ་ཅན་གྱི་ཁ་ཏོག་ནི་འཐིབ། ཆོ་འཕྲུལ་འབྲུག་སྒྲ་གོ་བར་སླ་ཞིང་སྙན་པ་ཚིམ་པར་ནི་གྲགས་རཏྣ་སྣ་ཚོགས་ཀྱི་སྨུགས་པ་ནི་འཐིབས། རཏྣ་བཻ་ཌཱུརྱའི་འོད་ནི་ལྷུངས། སྣང་སྲིད་གསལ་གསལ་བའི་གློག་ནི་འཁྱུག རིན་པོ་ཆེའི་གླེགས་བམ་གྱི་ཆར་ནི་མངོན་པར་འབབས་པ་ཞིག་རྨིས་སོ། །བཞི་པ་ནི། ལོ་ཀ་སྟེ་འཇིག་རྟེན་གྱི་ཁམས་སུ་རཏྣ་འབར་བའི་སྒྲོན་མེ་སྦར་བའི་གང་བར་བྱས་པས་སྣང་སྲིད་ཀྱི་མུན་པ་ནི་བསལ། བདུད་རྩི་སྨན་གྱི་ཆར་བབས་པས་འགྲོ་བ་རྣམས་ཀྱི་གཅོང་རྙིང་ནི་སྦྱངས། སེམས་ཅན་མ་ལུས་པ་ཡང་རྡོ་རྗེ་རྣལ་འབྱོར་ཞེས་སྒྲ་དི་རི་རི་སྒྲོགས་པ་ཞིག་རྨིས་སོ། །ལྔ་བ་ནི། སྤྲིན་གྱི་ནང་ནས་ཉི་མའི་དཀྱིལ་འཁོར་རཏྣ་སྣ་ཚོགས་ཀྱི་འོད་ཟེར་ཅན་ཞིག་འབར་བའི་དཀྱིལ་ནས་རཏྣ་སྨུག་པོ་དཔལ་གྱི་བེའུ་སྒྲོམ་འོད་དང་བཅས་པ་ཕྱི་ནང་ཐམས་ཅད་གསལ་བར་སྣང་བའི་ནང་ནས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་རྒྱ་རང་མནན་དུ་བྲིས་པའི་གླེགས་བམ་མང་པོ་སྐར་མཐའ་ཐང་ལ་ལྷུང་བ་བཞིན་འབབ་པ་ཞིག་རྨིས་སོ། །དྲུག་པ་ནི། གླེགས་བམ་དེ་དག་ལ་བྱང་ཆུབ་སེམས་དཔའ་མང་པོ་དང་། རིག་འཛིན་ལྷ་དང་ལྷ་མོ་ཚད་མེད་པས། ཡོན་ཏན་སྒྲོག་ཅིང་མཆོད་བསྟོད་སྐོར་གློག་བྱེད་པ་ཞིག་རྨིས་སོ། །བདུན་པ་ནི། ནམ་མཁའི་སྤྲིན་གསེབ་ནས་ལུང་བསྟན་པའི་སྒྲ་བྱུང་སྟེ། འདི་ལྟར། །ལས་དང་སྐལ་བར་རབ་ལྡན་ཞིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པའི། །བསོད་ནམས་ཆེན་པོ་དྲྭ་མ་ཁྱོད། །སྤྲུལ་པ་ཅི་ལྟར་ལུང་བསྟན་པའི། །ད་ལྟའི་དུས་འདིར་མངོན་ཤར་གྱི། །འཁོར་བར་སྙིང་པོ་བྱི་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་བསྟན་པར་བྱ། །མ་ལ་ཡ་ཞེས་བྱ་བའི་རྩེར། །དགོན་པ་ཆེན་པོའི་གནས་ཤིག་ཏུ། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །གསང་བ་བྱ་བའི་དམ་པ་ཞིག །ཡོད་ཀྱི་གསང་བ་ནན་ཏན་གྱི། །དེ་ལ་སེམས་ཀྱི་མེ་ལོང་གིས། །མངོན་དུ་གསལ་བར་རྟོགས་མ་ཐག །སངས་རྒྱས་ས་ལ་སྐལ་བ་མཉམ། །བདེ་བ་ཅན་ཞེས་བྱ་བར་ནི། །འོད་ཀྱི་རྒྱལ་པོ་ཞེས་བྱ་བའི། །ཀུན་རིག་བདེ་བ་ཆེན་པོར་འགྱུར། །རྡོ་རྗེ་གསང་ཆེན་གསང་བ་ཡི། །དམ་པའི་མཛོད་གཉིས་གཅིག་ལ་ནི། །ལྷ་དང་མི་ཡི་རིག་འཛིན་ལ། །རིམ་པས་བརྒྱུད་དེ་གྲགས་པར་འགྱུར། །ཞེས་གྲགས་པར་རྨིས་སོ། །དེ་དག་ཀྱང་དགོངས་འདུས་ཀྱི་འགྲེལ་བ་ལུང་བསྟན་རྡོ་རྗེ་ལས། །སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །ལ་སོགས་གསུངས་པ་དང་གཅིག་གོ །དེ་ནས་ནང་པར་མནལ་སད་པ་ན་རབ་ཏུ་དགྱེས་ཏེ་འཁོར་རྣམས་བསྡུས་ནས། རྨི་ལམ་དུ་བྱུང་བའི་ལོ་རྒྱུས་བརྗོད་པ། མདང་སུམ་དུ་བདག་ལ་རྨི་ལམ་འདི་ལྟར་བྱུང་། རི་མ་ལ་ཡ་གནམ་ལྕགས་ཡོད་རྩེ་ལ། །ཕྱག་ན་རྡོ་རྗེའི་ཕོ་བྲང་གནས་བཞུགས་ཏེ། །སྐུ་ལས་འོད་འཕྲོས་སྣང་སྲིད་བྱི་དོར་བྱས། གསུང་གི་སྒྲ་ཡིས་ལོ་ཀ་གཡོ་ཞིང་འགུལ། །ཐུགས་ལས་འོད་བྱུང་བདག་གི་སྙིང་གར་ཐིམ། །ཉི་ཟླ་སྤྱི་བོ་རྐང་པའི་མཐིལ་དུ་ནུབ། །བདག་གི་ལྟོ་ནས་སྣང་སྲིད་འཕྱོ་བ་རྨིས། །དང་པོའི་རྨིས་ལྟས་བག་ཆགས་སྦྱོང་བའི་རྟགས། །དེ་ནས་བདག་ལ་སངས་རྒྱས་མང་པོ་རྣམས། །རྨད་བྱུང་གསང་བའི་དོན་ལ་འགྲོ་བ་མཛད། །ཅེས་སོགས་གསུངས་ཏེ་གོང་གི་རྨི་ལམ་གྱི་ཚིགས་སུ་བཅད་པ་དག་ཀྱང་བརྗོད་ནས། རྨི་ལམ་འདི་དག་དང་སྦྱར་ན་བདག་ངེས་པར་སྐལ་པ་དང་ལྡན་པར་ངེས་སོ་ཞེས་གསུངས་པས། འཁོར་རྣམས་ཀྱིས་ཀྱང་དེ་ལྟར་ལེགས་སོ་ཨ་ལ་ལ་ཞེས་ངོ་མཚར་དུ་གསོལ་ཏེ། ཡང་བཀའ་སྩལ་བ། དེ་ལྟར་ཡིན་ན་ཕོ་བྲང་གི་རྩེ་མོར་ཕྱིན་ལ་ཆོ་འཕྲུལ་གྱི་ས་དེ་ལ་དམིགས་པ་བཅས་ཏེ། མཆོད་པ་དང་སྒྲུབ་པ་ཆེན་པོ་ཞིག་བྱས་ན་དགའ་བ་ཆེན་པོ་ཞིག་སྐྱེ་བར་ངེས་པས། བདག་ཡང་ཐོག་ཏུ་གཤེགས་སོ་གསུངས་ཏེ་བྱོན་པ་ལས། རྨི་ལམ་དུ་ཇི་ལྟར་བྱོན་པའི་ངོས་ཤིག་ལ། རཏྣ་སྨུག་པོ་ལས་གྲུབ་པའི་བཛྲ་པཱ་ཎིའི་སྐུ་ཁྲུ་གང་པ་ཞིག་འདུག་པས་རྒྱལ་པོ་དགྱེས་ནས་ཕྱག་དང་བསྐོར་བ་བྱས་ཏེ་ཚིགས་སུ་བཅད་པ། སྔོན་ཚེ་གང་ནས་བསྒྲུབ་པ་ཡི། །ལས་ཀྱིས་མཇལ་བའི་ལྷ་མཆོག་ནི། །བསྐལ་པར་གཞལ་ཡང་མི་གཏང་ངོ་། །འདྲེན་པ་མཆོག་དཔལ་ལ་སོགས་གྲངས། །མོས་པའི་གཟུངས་ཀྱི་ལྷ་མཆོག་འཛིན། །ཞེས་གསོལ་ནས་སྐུ་དེ་ཉིད་ཀྱིས་སྒྲུབ་རྟེན་བྱས་ཏེ་གནས་དེར་ཟླ་བ་བདུན་དུ་བསྒྲུབས་པས། རྒྱུད་ཀྱི་གླེགས་བམ་རྣམས་རྨི་ལམ་དུ་ཇི་ལྟར་བྱུང་བ་བཞིན་དངོས་སུ་བབས་སོ། །དེར་རྒྱལ་པོ་དགྱེས་བཞིན་ནང་དུ་སྤྱན་དྲངས་ཏེ་ཞལ་ཕྱེས་ནས་བཀླགས་པས་ཚིག་གཅིག་ཀྱང་བརྡ་མ་འཇལ་བས་སོམ་ཉིར་གྱུར་ཏེ། ཨེ་མ་ཧོ་སྔགས་ཀྱི་ཚུལ་རྟགས་དང་སྦྱར་ན་གླེགས་བམ་འདི་དག་ལས་ངོ་མཚར་དུ་གྱུར་པའི་དོན་ཆེན་པོ་ཞིག་འབྱུང་བར་ངེས་ཏེ། བདག་གིས་མི་རྟོགས་པ་ཅི་ཉེས་སྙམ་དུ་བཤུམ་མོ། །དེ་ནས་ཅུང་ཟད་ཅིག་ནས་ཐེ་ཚོམ་ཞི་ནས། ལོ་ཀ་འདི་ན་འདི་དག་བརྡ་འཇལ་བ་སུ་ཡོད་ཅེས་སྒྲགས་པས། ཟ་ཧོར་རྒྱལ་པོ་ཨུ་པ་རཱ་ཛ་ཞེས་བྱ་བ་མཁྱེན་པ་ཆེ་བར་ཡོད་དོ་ཞེས་ཟེར་ནས། ཕོ་ཉ་བ་བརྫངས་ནས་ལོ་རྒྱུས་ཞིབ་ཏུ་ཞུས་ཏེ་སྤྱན་དྲངས་པས་མ་གནང་སྟེ། གལ་ཏེ་བདག་གིས་མ་ཤེས་ན་དེར་ཕྱིན་པ་ལ་དོན་མེད་དགོངས་ནས་ཚུར་སྐྱོལ་ཅིག་ཅེས་སྨྲས་སོ། །དེ་ནས་ཕོ་ཉ་རྣམས་ཀྱིས་དེ་ཚུལ་རྒྱལ་པོ་ལ་བསྙད་པས། ཐུགས་ལ་འཐད་བཞིན་གླེགས་བམ་རྣམས་མཆོད་པའི་བྱེ་བྲག་དུ་མ་དང་བཅས་གླང་པོ་ཆེ་ལ་བསྐལ་ཏེ་བསྐྱལ་ལོ། །དེ་ཀྱང་བརྡ་མ་འཇལ་ནས། བདག་གིས་སྤྱོད་ཡུལ་དུ་མ་གྱུར་པས་རྒྱལ་པོ་ཉིད་ཀྱི་ཐུགས་ཀྱིས་རྗེས་སུ་དཔོགས་འཚལ་ཞེས་སླར་བརྫངས་སོ། །ཡང་ཁྱིའི་རྒྱལ་པོ་ལག་ཐུང་དང་ཡུམ་སྐྲའི་ལྭ་བ་ཅན་གཉིས་ཀྱི་བུ་དགེ་སློང་ཀུ་ཀུ་རཱ་ཛ་ཞེས་བྱ་བ་ཚེ་ལོ་སྟོང་ཐུབ་པ་སངས་རྒྱས་རིན་ཆེན་མང་གི་སྤྲུལ་པ་ཞིག་ཡོད་ཅེས་ཐོས་ནས་དེ་ལ་ཡང་སྔར་ལྟར་བརྫངས་པས་བརྡ་མ་འཇལ་བར་སླར་བསྐྱལ་ལོ། །དེ་ནས་རྒྱལ་པོ་ཉིད་ཀྱིས་སྒྲིབ་སྦྱངས་དང་ཚོགས་གསོག་རྒྱ་ཆེན་པོ་བགྱིས་ཏེ་བརྟགས་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་བཞིན་བསྒྲུབ་པས། རྡོ་རྗེ་སེམས་དཔའི་ཞལ་དངོས་སུ་གཟིགས་ཏེ། རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་གསུངས་པ་ལ། གླེགས་བམ་ཐམས་ཅད་ཀྱི་དོན་རྟོགས་པར་གསོལ་བས་རིགས་ཀྱི་བུ་དེ་ལྟར་ན་རང་གི་ཕུང་པོ་སྦྱོངས་ཤིག ཁྱོད་ཀྱི་སྟོན་པ་གསང་པའི་བདག་པོ་ཡིན་གྱི། དེས་དོན་མ་ལུས་པ་སྟོན་པར་འགྱུར་རོ། །གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་དགའ་བ་ཆེན་པོ་སྐྱེས་ཏེ་བསྐྱེད་རིམ་གྱིས་ཕུང་པོ་སྦྱངས་པས་ས་དག་ཀྱང་ཆེར་གཡོས་ཏེ། བཛྲ་པཱ་ཎིའི་ཞལ་མངོན་སུམ་དུ་གཟིགས་ནས། བརྟུལ་ཞུགས་མཛད་བཞིན་རྡོ་རྗེ་ནམ་མཁའ་ལ་སྤར་ནས། ཧཱུྃ་ཧཱུྃ་རྡོ་རྗེ་འདུལ་བ་ལ་སོགས་པའི་ཚིག་སྔགས་དང་སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། དགེ་བར་བསྐུར་ན་ཉེས་པ་མེད། །ལ་སོགས་པའི་ཚིགས་སུ་བཅས་པ་དག་བརྗོད་པས་ལོ་ཀའི་དྲེགས་པ་ཅན་ཐམས་ཅད་འཁོར་དུ་བསྡུས། རྡོ་རྗེ་གསང་བའི་མིང་སོ་སོར་བཏགས་ནས་ལུང་གསང་སྒོར་ཕྱེ་སྟེ། དམ་པའི་མཛོད་སུམ་རྒྱ་ཆེར་བཤད་པ་རྣམས། རྒྱུད་ཡན་ལག་བཅོ་བརྒྱད་དུ་བསྡུས་ནས་གསུངས་སོ། །དེ་སྐད་དུའང་རྒྱལ་པོ་ཉིད་ཀྱིས་མཛད་པའི་ལམ་རྣམ་བཀོད་ལས། ཤར་ཕྱོགས་ཨིནྜའི་ལུང་པ་ན། །རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །རིགས་ཅན་ཨིནྜ་བྷུ་ཏི་བས། །གསང་བའི་བདག་པོས་མངོན་བསྟན་པའི། །སྒྱུ་འཕྲུལ་དྲ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཕྱག་ན་རྡོ་རྗེ་མངོན་གྲུབ་ཏེ། །སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ན་སྡིག་པ་མེད། །དེ་ནས་ས་ལ་རེག་པར་བྱས། །ཞེས་གསུངས་སོ། །དེ་ལ་ཏནྟྲ་སྡེ་བཅོ་བརྒྱད་ནི། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་ནང་གསེས་དབྱེ་བའི་བཅོ་ལྔ་དང་། སྤྱི་རྒྱུད་གསུམ་སྟེ་བཅོ་བརྒྱད་དོ། །སྐུའི་སྐུ་རྒྱུད་གླང་པོ་རབ་འབོག སྐུའི་གསུང་རྒྱུད་གླང་པོ་ཆུར་འཇུག སྐུའི་ཐུགས་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་སྐུ་རྒྱུད་རི་བོ་བརྩེགས་པ། གསུང་གི་གསུང་རྒྱུད་པདྨ་དབང་ཆེན། གསུང་གི་ཐུགས་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་སྐུ་རྒྱུད་རྩེ་མོ་འདུས་པ། ཐུགས་ཀྱི་གསུང་རྒྱུད་གཅིག་ལས་འཕྲོས་པ། ཐུགས་ཀྱི་ཐུགས་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་སྐུ་རྒྱུད་སྒྲོན་མ་འབར་བ། ཡོན་ཏན་གྱི་གསུང་རྒྱུད་བདུད་རྩི་ས་མ་ཡ་འབུམ་སྡེ། ཡོན་ཏན་གྱི་ཐུགས་རྒྱུད་དཔལ་མཆོག་དང་པོ། འཕྲིན་ལས་ཀྱི་སྐུ་རྒྱུད་དཔལ་འཕྲེང་དཀར་མོ། འཕྲིན་ལས་ཀྱི་གསུང་རྒྱུད་མ་མོ་རྒྱུད་ལུང་། འཕྲིན་ལས་ཀྱི་ཐུགས་རྒྱུད་ཏ་མ་ལ་འབུམ་སྟེ། སྤྱིའི་སྐུ་རྒྱུད་ཐབས་ཞགས། སྤྱིའི་གསུངས་རྒྱུད་ས་མ་ཡ་བཀོད་པ། སྤྱིའི་ཐུགས་རྒྱུད་སྒྱུ་འཕྲུལ་དྲ་བའོ། །དེ་ལས་སྒྱུ་འཕྲུལ་གྱི་ནང་གསེས་འོག་ཏུ་འཆད་དོ། འདི་དག་གི་དབྱེ་བ་ལའང་དབྱེ་ཚུལ་མང་དུ་སྣང་བ་ཀུན་ཡིན་མོད་དེ། འདིར་ཀུན་མཁྱེན་ཆོས་རྗེས་བཀའ་བཙན་པར་བཟུང་ངོ་། །དེ་ལྟར་ཏནྟྲ་སྡེ་བཅོ་བརྒྱད་པོ་རྒྱལ་བོ་ཛས། སློབ་དཔོན་ཀུ་ཀུ་རཱ་ཛ་ཚོམ་བུ་འབུམ་སྡེ་ལ་གསུངས། དེས་རྒྱལ་པོ་ཨིནྟྲ་བོ་དྷི་ཆེན་པོ་འཁོར་ཚོམ་བུ་ཁྲི་དང་བཅས་པ་ལ་གསུངས། དེས་སེངྷ་རཱ་ཛ་ཚོམ་བུ་སྟོང་ལ། དེས་ཨུ་པ་རཱ་ཛ་ཚོམ་བུ་ལྔ་བརྒྱ་ལ། དེས་སྲས་མོ་གོ་མ་འཁོར་ཚོམ་བུ་བརྒྱ་དང་བཅས་པ་ལ་གསུངས་ཏེ། དེ་ཐམས་ཅད་ཀྱིས་ཚོམ་བུ་ཚོགས་སྒྲུབ་མཛད་པས་དངོས་སུ་རིག་འཛིན་གྱི་ས་ལ་གཤེགས་སོ། འདི་དག་ལ་འགའ་ཞིག་སློབ་དཔོན་ཀུ་ཀུ་རཱ་ཛས་རྟོགས་ནས་རྒྱལ་པོ་ལ་བཤད་ཟེར་བ་སོགས་འཆད་ལུགས་མང་དུ་ཡོད་པ་ཡང་། འཇིག་རྟེན་པས་རྟོག་པ་བསལ་ཕྱིར་དེ་ལྟར་ཡང་རུང་མོད་དེ། འདིར་ནི་རྒྱལ་པོ་ཉིད་ཀྱི་གསུངས་པའི་ལུང་སྔ་མ་དང་། སངས་རྒྱས་གསང་བའི་ལམ་རིམ་དུའང་། གསང་བའི་བདག་པོ་མངོན་གཤེགས་ནས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། མི་ལས་སྐལ་ལྡན་འདུས་པ་ལས། །དབང་པོས་ཇི་ལྟར་ལུང་བསྟན་དུས། །རྒྱལ་བུ་རིག་ཅན་ལྟས་ཤར་བ། །འབྲེལ་བས་སྣང་བ་མངོན་རྟགས་པས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་ཉིད་བསྒོམས་ནས་དེ་ཉིད་འགྲུབ། །བསྟན་པའི་དངོས་གྲུབ་དེ་ནས་ཐོབ། །དོན་དམ་བཅུད་ཀྱིས་དེ་ནས་རྒྱས། །འདོད་པའི་བསམ་པ་དེ་ནས་འགྲུབ། །སྨོན་པའི་ལྷ་དང་དེ་རུ་མཇལ། །དེ་ནས་རྡོ་རྗེ་གདན་སྟེང་གི། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་སུ། །ཕོ་བྲང་རིན་ཆེན་དམ་པ་དེར། །བཀྲ་ཤིས་པ་ཡི་ཁང་པ་རུ། །ཀུ་ཀུ་རཱ་ཛ་ཨིནྟྲ་བོ་དྷི་དང་། །སིདྷ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་ས་ལ་སོགས། །སྒྱུ་འཕྲུལ་དྲ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་བསྒྲུབས་ཏེ། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་སོགས་གསུངས་པ་ངེས་པའི་ཕྱིར་རོ། །དེས་ན་འདི་ཡན་ཆད་ཚོམ་བུའི་འཁོར་དང་བཅས་ཏེ་དངོས་སུ་རིག་འཛིན་གྱི་ས་ལ་གཤེགས་ཤིང་རིག་པ་ཁྱད་པར་ཅན་གྱི་བརྒྱུད་པ་ཟམ་མ་ཆད་པས་རིག་འཛིན་རིག་པའི་བརྒྱུད་པར་འདྲེན་པ་ཡིན་ཏེ། གཞན་དུ་ན་རིག་འཛིན་བརྡ་རྒྱུད་ཅེས་གྲགས་པ་ནི་རྒྱལ་བ་རིགས་ལྔས་རྒྱལ་སྲས་སེམས་དཔའ་ལ་བརྡས་སྒོ་ནས་ཆོས་སྟོན་པ་དེ་ལ་ཟེར་ཡང་། དེ་ནི་འདིར་རྒྱལ་བ་དགོངས་བརྡའི་བརྒྱུད་པ་ཞེས་རྒྱལ་བ་དགོངས་བརྒྱུད་ཀྱི་གྲལ་དུ་བཤད་ཟིན་ལ། དེ་ནས་བརྒྱུད་པའི་ཁྱད་པར་གོང་དུ་སྨོས་པའི་རིག་འཛིན་མི་མ་ཡིན་རྣམས་ཀྱང་ལྷ་ཀླུ་གནོད་སྦྱིན་སོ་སོའི་ཚོམ་བུ་འབུམ་སྡེའི་བར་རིག་འཛིན་གྱི་བརྒྱུད་པར་གསུངས་པས་ན་འདིར་མིའི་རིག་འཛིན་རིག་འཛིན་བརྒྱུད་པའི་གྲལ་ནས་བཏོན་པ་ལ་དགོས་པ་གཞན་མེད་དོ། །དེས་ན་འགའ་ཞིག་གིས་གསང་བའི་བདག་པོའི་རིགས་ཅན་ལྔ་ལ་གསུངས་པ་རིག་འཛིན་རིག་པའི་བརྒྱུད་པ་དང་། རྒྱལ་པོ་ཛཿནས་གང་ཟག་སྙན་བརྒྱུད་དུ་བཤད་པ་ཅུང་མི་ལེགས་སོ། འོན་ཀྱང་ཀུན་མཁྱེན་ཆེན་པོ་དང་། མཁན་ཆེན་ཆོས་དཔལ་རྒྱ་མཚོ་ཡང་སྔ་རབས་པ་འགའ་ཞིག་གི་ཕྱག་བཞེས་ཀྱི་རྗེས་སུ་འབྲང་ནས་དངོས་སུ་ས་བཅད་དེ་ལྟར་མཛད་ཀྱང་། འདི་ཡན་ཆད་རིག་འཛིན་གྱི་བརྒྱུད་པ་ཤ་རྟག་གོ །ཞེས་ཚིག་ཟིན་གྱིས་བསྟན་པ་ཡིན་ནོ། །དེས་ན་ཁོ་བོ་ནི་ཚིག་དེ་ཐ་དད་དྲངས་སུ་ཁས་བླངས་ནས་འདི་ཡན་ཆད་རག་པའི་བརྒྱུད་པར་འཆད་དོ། །འོ་ན་དངོས་སུ་རིག་འཛིན་གྱི་ས་ལ་གཤེགས་པ་ཕྱིས་སུའང་འགའ་ཞིག་བྱུང་འདུག་པའི། དེ་དག་ཀྱང་རིག་འཛིན་བརྒྱུད་པར་འདྲེན་ནམ་ཞེ་ན། དེ་ནི་མ་ངེས་ཏེ། གང་ཟག་རང་ངོས་ནས་རིག་འཛིན་གྱི་བརྒྱུད་པར་མ་ཟད། རྒྱུད་དོན་རྒྱལ་བ་དགོངས་བརྒྱུད་ཀྱི་ཚུལ་དུ་རྟོགས་པའང་སྲིད་ཚུལ་གོང་དུ་བརྗོད་པ་ལྟར་ཡིན་མོད་དེ། །འདིར་ཚོམ་བུའི་འཁོར་དང་བཅས་ཏེ་རིག་འཛིན་གྱི་ས་ལ་གཤེགས་པའི་བརྒྱུད་པ་ཟམ་མ་ཆད་པར་བྱུང་བའི་ས་མཚམས་དམིགས་ཀྱིས་བསལ་བས་ན་ཅི་ཡང་མི་འགལ་ལོ། །ཡང་མཁན་ཆེན་རིན་པོ་ཆེས། རྒྱུད་ཀྱི་གླེགས་བམ་རྣམས་རྒྱལ་པོའི་སྒྲུབ་ཁང་གི་སྟེང་འདིར་བབས་པ་མི་འཐད་དེ། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་བའི་འགྲེལ་པར་ཟ་ཧོར་གྱི་ཡུལ་ཉིད་དུ་བབས་པར་གསུངས་པའི་ཕྱིར་གསུངས་ཀྱང་། འགལ་བར་མ་མཐོང་ཏེ། སྤྱིར་ཟ་ཧོར་གྱི་ཡུལ་དེ་རྒྱ་གར་གྱི་ཤར་ཕྱོགས་ན་ཡོད་ཅིང་། འདིར་ཤར་ལྷོའི་ཚིག་ཟིན་གྱིས་ལང་ཀའི་ཡུལ་གླིང་དེ་དེའི་ལྷོ་ཕྱོགས་ན་ཡོད་པ་གྲུབ་ཏེ། ཐུག་སྒྲུབ་རིན་པོ་ཆེ་འབར་བ་ལས། ཟ་ཧོར་ཡུལ་ཞེས་པ་དེ། །རྒྱ་མཚོའི་གླིང་གི་མ་ཧ་དོ། །གནས་པ་འཛམ་གླིང་ཤར་ན་གནས། །རྒྱ་མཚོའི་གླིང་ལ་བརྒྱུད་མ་རུ། །སྲིན་པོ་ལང་ཀ་མགྲིན་བཅུའི་ཡུལ། །ལང་ཀ་པུ་ར་དག་དང་འབྲེལ། །སྲིན་པོ་སྲིན་མོ་ཤ་ཟ་རྣམས། །ཀུན་ལ་དབང་བསྒྱུར་ལོངས་སྤྱོད་ཆེ། །ཞེས་སོ། །དེས་ན་ཟ་ཧོར་གྱི་ཉེ་འཁོར་ན་ཡོད་ཅིང་མི་དང་སྲིན་པོ་ཕན་ཚུན་རྒྱུ་འདྲུལ་མ་ཆད་པས་དང་། ཟ་ཧོར་རྒྱལ་པོ་ཉིད་ཀྱི་སྒྲུབ་གནས་ཐུན་མོང་མ་ཡིན་པར་གྱུར་པས་ན། ཕྱོགས་རགས་བསྡུས་ཙམ་དུ་ཟ་ཧོར་ཡུལ་གླིང་ཆེ་བའི་དབང་དུ་བྱས་ཏེ། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་དུ་བབས་ཞེས་བརྗོད་ཀྱང་མི་འགལ་བའི་ཕྱིར་རོ། །གསུམ་པ་གང་ཟག་རྣ་བར་བརྒྱུད་པ་ནི། སྲས་མོ་ཀོ་མ་ས་ལས་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ་སྟེ། ཀུ་ཀུ་རཱ་ཛ་ཕྱི་མ་སློབ་དཔོན་སྒེག་པ་རྡོ་རྗེ་སློབ་དཔོན་སངས་རྒྱས་གསང་བ་གསུམ་ལ་བཤད། ཀུ་ཀུ་རཱ་ཛས། རོ་ལངས་བདེ་བའི་དངོས་གྲུབ་དང་དྲང་སྲོང་བྷ་ཤི་ཏ་གཉིས་ལ་བཤད། སྔ་མས་རྡོ་རྗེ་བཞད་པ་ལ། དེ་དང་བྷ་ཤི་ཏ་གཉིས་ཀས་ཟ་ཧོར་གྱི་རྒྱལ་པོ་པྲ་བྷ་ཧསྟི་ལ་བཤད། དེས་ཨོ་རྒྱན་སངས་རྒྱས་གཉིས་པ་ལ་གསུངས་པའི་རྒྱུད་ཚུལ་གཅིག་དང་། ཡང་སྒེག་པ་རྡོ་རྗེ་དང་སངས་རྒྱས་གསང་བ་གཉིས་ཀས་པཎ་ཆེན་བི་མ་ལ་མི་ཏྲ་ལ་བཤད་དེ་དེ་ནས་བརྒྱུད་ཚུལ་གཅིག་ཏེ། བརྒྱུད་པའི་བབས་ལུགས་གཉིས་པོ་བོད་དུ་ཇི་ལྟར་བྱུང་ཚུལ་ནི། གངས་ཅན་གྱི་ཁྲོད་འདིར་ཤཱཀྱ་ལི་ཙ་བའི་རིགས་ལས་ཆད་པའི་རྒྱལ་རབས་རིམ་པར་བྱུང་བ་ཉེར་ལྔ་པ་ན། འཕགས་པ་ནམ་མཁའི་སྙིང་པོའི་སྤྲུལ་པ་ལྷ་ཐོ་རི་སྙན་ཤལ་ཞེས་བྱ་བ་བྱོན་ཏེ། དེའི་རིང་ལ་མདོ་སྡེ་ཟ་མ་ཏོག་བཀོད་པ་དང་སྤང་བསྐོང་ཕྱག་རྒྱ་པ་ལ་སོགས་པ་ཕོ་བྲང་གི་སྟེང་དུ་བབས་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་ན། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་གྲགས་པ་དབུ་གཙུག་ན་ཨ་མི་དེ་ཝའི་ཞལ་དངོས་སུ་ཡོད་པ་དེ་བྱོན་ནས་དམ་པའི་ཆོས་ཀྱི་སྲོལ་གཏོད། དེ་ནས་རྒྱལ་རབས་ལྔ་འདས་པ་ན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཞེས་བྱ་བ་བྱོན་ནས། སློབ་དཔོན་པདྨ་དང་བི་མ་ལ་སོགས་པའི་པཎྜི་ཏ་ལྔ་བརྒྱ་རྩ་བརྒྱད་བོད་དུ་སྤྱན་དྲངས། བཻ་རོ་ཙ་ན་དང་སྐ་ཅོག་རྨ་གཉགས་ལ་སོགས་པའི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱིས་ལོ་ཙཱ་བསླབ་ནས། འཕགས་ཡུལ་ན་བཞུགས་སོ་འཚལ་གྱི་བཀའ་དང་དགོངས་འགྲེལ་ཐམས་ཅད་མ་ལུས་པར་བསྒྱུར་ནས་དམ་པའི་ཆོས་དར་རྒྱས་སུ་མཛད་པ་ཡིན་ནོ། །དེས་ན་སྤྱིར་སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག །བྱེ་བྲག་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་ནང་གསེས་ཇི་ལྟར་བསྒྱུར་བ་ནི་འདིར་བརྗོད་དུ་མི་ལང་ལ། ཁྱད་པར་སྒྱུ་འཕྲུལ་དྲ་བའི་སྐོར་ལ། སྒྱུ་འཕྲུལ་སྡེ་བརྒྱད་བཤད་རྒྱུད་སྡེ་བཞི། དེ་དག་གི་མན་ངག་ཕྲ་མོ་དྲུག་ཅུ་རྩ་བཞི་དང་བཅས་པ་བསྒྱུར་བ་ཡིན་ནོ། །དེ་ལས་སྒྱུར་འཕྲུལ་སྡེ་བརྒྱད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་བདེན་པ་དབྱེར་མེད་དུ་སྟོན་པ་རྡོ་རྗེས་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ལས་ཚོགས་རྒྱས་པར་སྟོན་པ་རྣམ་སྣང་སྒྱུ་འཕྲུལ་དྲ་བ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲ་བ། དཀྱིལ་འཁོར་རྒྱས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། འཕྲིན་ལས་རྒྱས་པར་སྟོན་པ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་བླ་མ། ཡོན་ཏན་མཐའ་ཕྱིན་པར་སྟོན་པ་བརྒྱད་ཅུ་པ། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་བརྒྱད་དོ། །བཤད་རྒྱུད་སྡེ་བཞི་ནི་གྲོལ་ལམ་རིམ་གྱིས་དང་ཅིག་ཅར་དུ་སྟོན་པ་ཡེ་ཤེས་སྙིང་པོ་དང་རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་གྱིས་དང་ཅིག་ཅར་སྟོན་པ་སྒྱུ་འཕྲུལ་རྒྱ་མཚོ་དང་ཐལ་བ་སྟེ་བཞིའོ། །འདིའི་གྲངས་ལ་དབྱེ་ཚུལ་མི་གཅིག་པ་གཞན་དག་ཀྱང་ཡོད་དོ། །དེ་ལྟར་སྒྱུ་འཕྲུལ་སྡེ་བཅུ་གཉིས་པོ་ཕལ་ཆེར་རྨ་གཉགས་ཀྱིས་བསྒྱུར་ཀྱང་། འདིར་སྒྱུ་འཕྲུལ་རྩ་བའི་རྒྱུད་གསང་པའི་སྙིང་པོ་ནི་སྔ་ཕྱིར་ལན་གསུམ་བསྒྱུར་ཏེ། དང་པོ་ནི་དུས་དེར་འཕགས་ཡུལ་གྱི་སློབ་དཔོན་སངས་རྒྱས་གསང་བ་བོད་དུ་སྤྱན་དྲངས་པས། གངས་རི་ཏི་སེའི་བར་བྱོན་ནས་རྟེན་འབྲེལ་ཀྱི་གནད་ཞིག་གིས་དེ་གར་གདན་འཇག་པ་ན། བོད་ཀྱི་རྒྱལ་པོས་སྐྱེས་ཆེན་པོ་དང་བཅས་ཏེ་པཎ་ཆེན་བཻ་རོ་ཙ་ན་དེར་བརྫངས་པས་སློབ་དཔོན་དགྱེས་བཞིན་སྨིན་གྲོལ་གྱི་གདམས་པ་སྤྱི་དང་བྱེ་བྲག་གི་སྒྱུ་འཕྲུལ་འདི་ཉིད་ཀྱི་སྐོར་གནང་ནས། སངས་རྒྱས་གསང་བའི་ལམ་རིམ་དུ་གྲགས་པ་དེ། དེའི་དུས་སུ་གསུངས་ནས་རྒྱལ་པོ་ལ་སྐྱེས་ལན་གྱི་ཚུལ་དུ་བསྐུར་བ་ཡིན་སྐད། འདི་ལ་སངས་རྒྱས་གསང་བ་དང་བཻ་རོའི་སྔ་འགྱུར་ཟེར། གཉིས་པ་ནི་ཨོ་རྒྱན་སངས་རྒྱས་གཉིས་པ་བོད་དུ་སྤྱན་དྲངས་པའི་སྐབས་སུ་གཉགས་ཛྙ་ན་ཀུ་མ་རས་ལོ་ཙཱ་བ་བགྱིས་ཏེ་བསྒྱུར་བ་ཡིན་ཏེ། འདི་ལ་པདྨ་དང་གཉགས་ཀྱི་བར་འགྱུར་དུ་གྲགས། གསུམ་པ་ནི། ཕྱིས་སུ་པཎ་ཆེན་དྲི་མེད་བཤེས་གཉེན་བྱོན་སྐབས། རྨ་རིན་ཆེན་མཆོག་དང་གཉགས་ཛྙ་ན་ཀུ་མ་ར་རྣམ་པ་གཉིས་ལས་ལོ་ཙ་བ་བྱས་ནས་བསྒྱུར་བ་སྟེ། འདི་ལ་བི་མ་དང་། རྨ་གཉགས་ཟུང་གི་ཕྱི་འགྱུར་ཞེས་གྲགས་སོ༎ ཆོས་ཚན་འདིའི་མཇུག་མི་ཚང་། །

སྔགས་རྒོད་ལོག་ཏྲི་པཱ་ལའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་མན་ངག་གི་ཡི་གེ་གནམ་ལྕགས་ཞུན་མའི་མཚོན་འཁོར།

༄༅། །སྔགས་རྒོད་ལོག་ཏྲི་པཱ་ལའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་མན་ངག་གི་ཡི་གེ་གནམ་ལྕགས་ཞུན་མའི་མཚོན་འཁོར་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་མཐུ་སྟོབས་འབར་བའི་ཕུང་བོ་ཀུན། །གཅིག་བསྡུས་དྲག་སྔགས་དུས་མཐའི་མེ་ཆེན་གྱིས། །སྲིད་གསུམ་འབྱུང་པོའི་གྲོང་ཁྱེར་ཅིག་ཅར་དུ། །སྲེག་མཛད་དཔལ་ཆེན་གསང་བདག་བླ་མས་སྐྱོངས། །གང་ཞིག་གྲུབ་མཆོག་གཉེར་ལ་མ་རུང་པར། །བགྱིད་བརྩོན་ལྷ་སྲིན་དྲེགས་པའི་སྲོག་འཕྲོག་ཕྱིར། །རྡོ་རྗེ་འཛིན་དངོས་དྲང་སྲོང་དྲི་མེད་ཀྱི། །བསྙེན་སྒྲུབ་གནད་ཀྱི་ལག་ལེན་མདོ་ཙམ་འབྲི། །དེ་ཡང་འདིར་སྐྱེས་བུ་གང་ཞིག་སྲིད་པའི་ངང་ཚུལ་ལ་སྐྱོ་བ་དང་། དེ་ལས་ཐར་འདོད་ཀྱི་ངེས་འབྱུང་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། ཐར་བ་དང་རྣམ་མཁྱེན་མཆོག་གི་གོ་འཕང་གང་ཞིག་དོན་དུ་གཉེར་བ་ལ། དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ནི་འཇིག་རྟེན་ཚེ་འདིའི་འདོད་ཡོན་ལ་མངོན་པར་ཞེན་ནས་ཡང་དག་པའི་ལམ་ལས་ཕྱིར་བཟློག་པར་བགྱིད་པ་ལྷའི་བུའི་བདུད་དང་། རང་རྒྱུད་ལས་སུ་མ་རུང་པའི་ཕྱི་བཞིན་དུ་འབྲང་ནས་ངན་སོང་གི་ས་བོན་བསྐྱེད་པ་ཉོན་མོངས་པའི་བདུད་དང་། ཕུང་བོ་ལྔ་ལ་མངོན་པར་ཞེན་པའི་བདེན་འཛིན་གྱི་དབང་གིས། དེ་ཉིད་ལ་བླང་དོར་བགྱིད་པའི་ཉེ་བར་ལེན་པས་ལས་ཕྱི་མའི་མུ་མཐུད་པར་བྱེད་པ་ཕུང་བོའི་བདུད་དང་། བྱང་ཆུབ་སྒྲུབ་པའི་རྟེན་དལ་འབྱོར་གྱི་ལུས་ཉིད་རིང་དུ་གནས་པའི་ཚེ་སྲོག་ལ་བར་དུ་གཅོད་པར་བགྱིད་པ་འཆི་བདག་གི་བདུད་དེ། དེ་ལྟར་བདུད་བཞི་བོ་ཉིད་ཡིན་པའི་ཕྱིར། དེ་དག་རང་རང་གི་གཉེན་པོ་གང་ཡིན་པ་དེ་ཆེད་དུ་བསྟེན་དགོས་པའོ། །དེ་ལ་ལྷའི་བུའི་བདུད་ཀྱི་གཉེན་པོ་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ལ་མངོན་པར་ཞེན་པའི་བློ་གཏིང་ནས་ལོག་པ་ཞིག་བྱུང་ན་དེས་འཐུས་ཏེ། གང་ཞིག་ལྷའི་བུའི་བདུད་ཀྱི་བྱེད་ལས་སུ་འཇིག་རྟེན་གྱི་སྙན་གྲགས་དོན་དུ་གཉེར་པ་ལ་སོགས་པའི་ཆོས་བརྒྱད་པོ་རྣམས་ཀྱང་ཚེ་འདི་ལ་མངོན་པར་ཞེན་པ་མ་ལོག་པར་དེ་ཉིད་སྒྲུབ་པའི་ཆེད་འབའ་ཞིག་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་བདུད་ནི་སྤངས་གཉེན་ལམ་དུ་འཁྱེར་བ་གང་རུང་གི་སྒོ་ནས་བཟློག་པར་བྱའོ། །ཕུང་བོའི་བདུད་ནི། ཕུང་ལྔ་རང་རང་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་བདག་མེད་ཀྱི་ལྟ་བས་བཟློག་པར་བྱའོ། །འཆི་བདག་གི་བདུད་ནི་ལམ་ཟབ་མོ་ཉེ་བར་བསྒྲུབ་པའི་བརྩོན་འགྲུས་དང་ལྡན་པས་ནི་ཟག་མེད་རིག་འཛིན་གྱི་གོ་འཕང་མངོན་དུ་བྱེད་པའི་སྒོ་ནས་དང་། གཞན་དག་གིས་ཀྱང་ཚེ་སྒྲུབ་པའི་ཆོ་ག་ཟབ་མོ་ལ་སོགས་པའི་སྒོ་ནས་བཟློག་པར་བྱའོ། །དེ་ལྟར་བདུད་བཞི་ག་ཡོངས་སུ་བཅོམ་པར་གྱུར་པ་གང་གི་ཚེ་ན་ནི། མཐའ་ཐུག་གི་འབྲས་བུ་བླ་ན་མེད་པའང་དེ་ལས་གཞན་དུ་མེད་དེ། རྒྱུ་མཚན་འདི་ཉིད་ཀྱིས་ནི་གང་ཞིག་བཤད་པར་བྱ་བའི་ལམ་ཉམས་སུ་བླང་བའི་དགོས་པ་འབྲས་བུ་དང་བཅས་པའི་ཚུལ་མདོ་ཙམ་སྨྲོས་པའོ། །ཅི་དེ་ལྟར་ན་གཞུང་འདི་ལ་བདུད་བཞི་ཆར་འཇོམས་པའི་གདམས་པ་ཚང་ངམ་ཞེ་ན། ཚང་སྟེ་འདིར་གང་ཞིག་བསྒྲུབ་པར་བྱ་བའི་ལྷ་ནི་མ་ལུས་པའི་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་དཔལ་ཆེན་པོ་གསང་འཛིན་རྡོ་རྗེ་གཏུམ་པོའི་རྣམ་པར་ཤར་བ་ཉིད་ཡིན་ཞིང་། འདིས་བདུད་བཞི་བཅོམ་པ་ནི། བཅོམ་ལྡན་འདས་ཀྱིས་རྒྱུད་དུ་གསུངས་པ། བདུད་བཞི་ལ་སོགས་རིག་པའི་གདེངས་ཀྱིས་བཅོམ། །སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་པ་ལྟར་ཏེ། དེ་བས་ན་གང་གིས་སྒྲུབ་པར་བྱེད་པའི་གང་ཟག་དེས་རང་གི་རྒྱུད་དང་འབྲེལ་བའི་བདུད་བཞི་བོ་དེའི་གཉེན་པོར་དཔལ་ཆེན་རྡོ་རྗེ་འཛིན་པའི་གསང་བ་གསུམ་གྱི་ཕྱག་རྒྱ་ཉིད་མངོན་དུ་སྒྲུབ་པ་སྟེ། དེ་ནི་སྒོ་གསུམ་དང་མཚུངས་པར་ལྡན་པའི་བདུད་དེ་དང་དེ་འཇོམས་པའི་ཐབས་བླ་ན་མེད་པ་ཉིད་ཡིན་པའི་ཕྱིར། གང་གི་སྒོ་གསུམ་དང་མཚུངས་པར་ལྡན་པ་མ་ཡིན་པའི་བདུད་བཞི་ཡང་རང་གི་སྒོར་དམིགས་སུ་མེད་པའི་ཕྱིར་རོ། །རྒྱུ་མཚན་འདི་ཉིད་ཀྱིས་ན་གསང་བདག་ཞི་ཁྲོའི་ལྟར་སྣང་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་འཛིན་ལས་གཡོ་མེད་དུ་གནས་པའི་འུབས་སུ་འཇིག་རྟེན་གྱི་ཆོས་བརྒྱད་པོ་རོ་སྙོམས་པར་བགྱིད་པའི་སྒོ་ནས་ལྷའི་བུའི་བདུད་བཅོམ་པ་དང་། མཉམ་པ་ཉིད་ལ་གནས་པ་དེ་ཉིད་ཀྱིས་ནི་ཆགས་སྡང་རྨོངས་གསུམ་ལ་ཞེན་པའི་གྲ་ཟུར་ན་སྨད་པའི་སྒོ་ནས་ཉོན་མོངས་པའི་བདུད་བཅོམ། དུག་གསུམ་གྱི་ས་བོན་མི་གནས་པ་གང་ལ་ནི། དེས་བསྐྱེད་པའི་ཕུང་བོ་ལ་ཞེན་པའི་འབྲས་བུའང་མི་རུང་སྟེ། དེ་ཡིས་ན་ཕུང་བོའི་བདུད་བཅོམ་པ་དང་། ཕུང་བོའི་ས་བོན་སྐྱེ་བ་དང་བཅས་པ་འགགས་པ་ན། དེ་ལ་འཆི་བ་མེད་པ་ཡང་ཞར་གྱིས་འགྲུབ་པའི་ཕྱིར་འཆི་བདག་གི་བདུད་བཅོམ་པ་སྟེ། གནད་འགག་འདི་ནི་གཞུང་འདིའི་ཆིངས་ཉིད་དུ་རིག་པར་བྱའོ། །ད་ནི་ཏིང་ངེ་འཛིན་དེ་ཇི་ལྟར་སྒོམ་པའི་ཆོ་གའི་གོ་རིམ་དགོད་པར་བྱ་སྟེ། དེ་ལ་ཡང་གཞུང་སྤྱིར་གྲགས་པ་ལྟར་ན་བསྙེན་སྒྲུབ་ཡན་ལག་བཞིས་ཁོག་འབུབ་པར་གསུངས་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་སོགས་གསུངས་པ་ལྟར་ཏེ་དེའི་དོན་ཡང་བསྙེན་པ་ཞེས་བྱ་བ་ནི་བཀུར་ཞིང་མཆོད་པའི་དོན་ཏེ། དེ་ཡང་འཇིག་རྟེན་ན་རྒྱལ་པོ་ལ་སོགས་པ་ཞིག་ལ་འདོད་པའི་དོན་དུ་གྱུར་པ་གང་རུང་བཅོལ་བ་ཞིག་ནའང་། ཐོག་མར་རེ་བའི་ཡུལ་དེར་བརྔན་པ་ལ་སོགས་པས་བསྙེན་ཏེ་མགུ་བར་བགྱིད་དགོས་པ་དང་། དེ་ནས་ཕན་ཚུན་ནང་གཤིམ་པར་བགྱིད་པའི་གཏམ་ལ་སོགས་པས་མདུན་བསུས་ཏེ་སྙིང་ཉེ་བར་བགྱིད་པ་དང་། དེ་ལྟར་གྱུར་ནས་གདོད་རང་གི་ལས་གང་ཡིན་པ་བསྒྲུབ་ཏུ་བཅོལ་བ་དང་། དེའི་ཚེ་ན་ཕ་རོལ་པོ་དེས་ཀྱང་གང་ཞིག་དམིགས་པའི་དོན་དེ་སྒྲུབ་པ་ལ་བརྩོན་པ་ཆེན་པོ་བསྐྱེད་ནས་བདག་གི་རེ་བའི་འབྲས་བུ་ཡོངས་སུ་རྫོགས་པར་བགྱིད་པ་བཞིན་དུ། འདིར་ཡང་གོ་རིམ་བཞིན་གང་ཟག་ལས་དང་པོ་བ་ཞིག་ཐོག་མར་ཚོགས་ལམ་གྱི་སྣ་ཟིན་པ་ནས་མཐར་ཐུག་སངས་རྒྱས་པའི་གོ་འཕང་མ་ཐོབ་ཀྱི་བར་ལ་བསྙེན་སྒྲུབ་ཡན་ལག་བཞི་སྦྱར་ནས་བཤད་པ་དང་། ཞག་གྲངས་ཅི་རིགས་འབྲེལ་བའི་ཚོགས་ཀྱི་སྒྲུབ་པ་ཞིག་གི་ཐོག་མཐའ་བར་གསུམ་གྱི་དོན་དང་བསྙེན་སྒྲུབ་བཞི་སྦྱར་ནས་བཤད་པ་དང་། ཆོ་ག་གཅིག་གི་དཀྱུས་དང་སྦྱར་བ་སོགས་ལུགས་སྣ་ཚོགས་ཡོད་ཀྱང་། འདིར་ཕྱི་མ་ལྟར་བཤད་ན། སྦྱོར་བ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་ཡན་ལག་བདུན་པ་ལ་སོགས་པའི་སྒོ་ནས་ཚོགས་བསགས་ཀྱི་རིམ་པ་ཇི་སྙེད་པ་ལ་འཇུག་པ་ནི་ལྷ་ལ་བསྙེན་པ་དང་། དངོས་གཞི་རང་དང་ལྷ་དབྱེར་མི་ཕྱེད་པར་སྒོམ་པ་ནི་སྒྲུབ་བྱེད་དང་བསྒྲུབ་བྱའི་ལྷ་ཉེ་བར་བསྙེན་པ་དང་། དེ་ལྟ་བུའི་ལྷ་དེའི་ཐུགས་ཀར་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པ་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་རྒྱུ་ཕུན་སུམ་ཚོགས་པ་སྒྲུབ་པ་དང་སྔགས་ཕྲེང་ལས་འོད་ཟེར་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་སྒྲུབ་པ་ནི་རྒྱལ་བའི་མཛད་པ་ཆེན་པོ་མངོན་དུ་བྱེད་པ་སྟེ། དེ་ལྟ་བུའི་སྒོ་ནས་ཆོ་གའི་འགྲོས་ཤེས་དགོས་པར་འདོད་དོ། །འདི་ནི་ཇི་ལྟར་གྲགས་པའི་གཞུང་སྤྱིའི་རྣམ་བཞག་ཉིད་དུ་སྨྲོས་པའི་ཕྱིར་ཆོ་ག་འདིར་ཡང་ཤེས་པར་བྱ་བ་ཁོ་ནའོ། །ད་ནི་གཞུང་འདི་ཉིད་ཀྱི་བྱེ་བྲག་གི་དོན་ལ་འཇུག་པར་བྱ་སྟེ། དེ་ཡང་ས་བཅད་ཀྱི་དབང་དུ་ན། ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པ་དང་། ལས་ལ་སྦྱར་བ་སྟེ་གསུམ་གྱིས་དོན་བསྡུས་སོ། །ལག་ལེན་ཞིབ་བརྗོད་ཀྱི་དབང་དུ་ན་འཆད་པར་འགྱུར་བ་ལས་རིམ་པ་བཞིན་དུ་ཤེས་པར་བྱ་བ་ཉིད་དོ། །དེ་ཇི་ལྟར་ན་དང་པོ་ཞི་བར་བསྙེན་པ་ལའང་། སྦྱོར་དངོས་རྗེས་གསུམ་ལས། ཐོག་མར་སྦྱོར་བ་སྔོན་དུ་འགྲོ་བའི་རིམ་པ་ནི་ནགས་ཚལ་ལྗོན་པས་ཀུན་ཏུ་བརྒྱན་པ་ལ་སོགས་པའི་གནས་ཡིད་དུ་འོངས་པ། དྲང་སྲོང་རིག་འཛིན་དུ་མས་བྱིན་གྱིས་བརླབས་པར་མཛད་པའམ། མིན་ཀྱང་འདུ་འཛིན་དང་། རྣམ་པར་གཡེང་བས་དབེན་པའི་གནས་སུ། གནས་ཁང་བྱི་དོར་ལེགས་པར་བགྱིས་ཏེ་འཇམ་པའི་སྟེགས་ཁེབ་དང་ལྡན་པ་ལ་འབྲུ་ཚོམ་གྱི་ཁར་དྲང་སྲོང་ཞི་བའི་སྐུ་གཟུགས་ཀྱི་གཙོས་སྐུ་གསུང་ཐུགས་རྟེན་ལེགས་པར་བཀྲམས་ནས། དེའི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་རྣམ་བདུན་དང་། དཀར་གསུམ་མངར་གསུམ་གྱི་རྒྱུ་ལས་གྲུབ་པའི་འབུལ་གཏོར་ཤིང་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་བཅས་ལེགས་པར་བཤམས། དེ་ནས་རང་ཉིད་ཀུ་ཤ་ལ་སོགས་པའི་གདན་བདེ་བ་ལ་ལུས་གནད་སྐྱིལ་ཀྲུང་དང་བཅས་བག་ཕེབས་པར་གནས་བཞིན་བསམ་པར་བྱ་བ་ནི། ངན་སོང་གསུམ་སོགས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྣ་ཚོགས་པ་ལ་ལེགས་པར་བསམ་སྟེ། ཀྱེ་མ་འདི་ལྟ་བུའི་སྡུག་བསྔལ་གྱི་མནར་བཞིན་པའི་འཁོར་བའི་གྲོང་ཁྱེར་འདིར་བདག་ཅག་རྣམས་ཐོག་མ་མེད་པའི་དུས་རིང་མོ་ཞིག་ནས་འཁྱམས་འཁྱམས་པ་ལ་ད་དུང་ཡང་སྐྱོ་བའི་སེམས་ཙམ་ཡང་མི་བསྐྱེད་པ་འདི་རེ་བླུན། དེ་བས་ན་བདག་གིས་ལུས་རྟེན་འདི་ཉིད་དུ་རྫོགས་པའི་བྱང་ཆུབ་མངོན་དུ་ཐོབ་པ་ཞིག་ཅི་ནས་ཀྱང་བྱའོ། །དེ་ལྟ་ནའང་སེམས་ཅན་འདི་དག་ལ་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པ་ནི་རྒྱལ་བ་རྣམས་ཀྱིས་ཡང་ཡང་གསུངས་པ་བཞིན། འཁོར་བ་ལ་ཐོག་མ་མེད་པའི་རྒྱུས་མངོན་སུམ་དུ་གྲུབ། དེས་ན་དེ་དག་རྣམས་ཀྱང་སྲིད་པའི་དུཿཁར་འཕྱན་བཞིན་འདོར་བ་ག་ལ་རིགས་ཏེ་བདག་ལ་འདི་དག་སྲིད་མཚོ་ལས་སྒྲོལ་པའི་མཐུ་ཆེར་མ་མཆིས་ན། ད་ནི་བདག་གིས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་དང་དབྱེར་མ་མཆིས་པ་ལྷག་པའི་ལྷ་མ་ཧཱ་རི་ཥིའི་གསང་བ་གསུམ་གྱི་དེ་ཉིད་མངོན་དུ་བསྒྲུབས་ཏེ་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་གྱི་སྒོ་ནས་འགྲོ་བ་རྣམས་ཇི་ལྟར་མཚམས་པར་འདུལ་བར་བགྱིའོ་སྙམ་དུ་བློ་བཅོས་པ་སོགས་སྔོན་དུ་འགྲོ་བས། བླ་མ་དང་ལྷག་པའི་ལྷ་ལ་བཅོས་མིན་གྱི་མོས་གུས་དྲག་པོ་དང་བཅས་པའི་ངང་ནས་གསོལ་བ་སྙན་ཁུང་དུ་ཐེབས་པར་འདེབས་པ་དང་། སྐྱབས་འོག་དམ་པ་གང་གི་གནས་སུ་མཆི་བ་དང་། འགྲོ་དོན་ལ་དམིགས་པའི་སེམས་རྒྱ་ཆེན་པོ་བསྐྱེད་པ་དང་། ཚོགས་བསགས་པའི་སྦྱོར་བ་ཡན་ལག་བདུན་པ་ལ་བརྩོན་པ་རྣམས་མཚམས་སྒྲུབ་ཡུན་རིང་དུ་བྱེད་རྒྱུ་ཡིན་ན་ཞག་ཁ་ཡར་ལ་བསགས་པར་བྱ་ཞིང་། དེ་མིན་ཀྱང་རང་རང་ལ་ངེས་པ་རྙེད་རྙེད་དུ་གྲངས་ཅི་ནུས་བསགས་ཤིང་། སླར་ཚོགས་ཞིང་རང་ལ་བསྟིམས་ཏེ་ཐུགས་ཡིད་བསྲེས་པའི་ངང་ལ་ཅི་ནུས་སུ་མཉམ་པར་བཞག་གོ །དེ་ནས་སྔོན་གཏོར་དཀར་དམར་ཚར་དུ་དངར་བ་བྱིན་གྱིས་བརླབས་ནས། ཐོག་མར་དཀར་ཕྱོགས་རྣམས་ལ་སྡེ་བརྒྱད་ཆ་སྙོམས་མཐོང་བརྒྱུད་བཞིན་བཏང་ནས། བགེགས་འགུག་པའི་བསམ་སྦྱོར་དང་བཅས་དམར་གཏོར་བསྔོས་ནས། དྲག་སྔགས་དང་ཡུངས་ཐུན་གྱིས་བསྐྲད་པར་བྱའོ། །དེ་ནས་ནང་དུ་ལོག་སྟེ་ཕྱི་ནང་གསང་བའི་བསྲུང་འཁོར་གྱི་རིམ་པ་ལེགས་པར་བསྒོམ་པར་བྱ་སྟེ། འདི་ནི་གལ་ཤིན་ཏུ་ཆེའོ། །སྤྲོས་པ་ལ་དགའ་བས་སྐབས་འདིར་རྒྱལ་ཆེན་སྡེ་བཞིའི་ཐོ་གཟུགས་པ་དང་། སྒོ་བྱང་གདག་པ་དག་ཀྱང་ཅི་བདེ་བར་བྱའོ། །དེ་ནས་སླར་ཡང་སྒོ་གསུམ་གུས་པས་མདུན་རྟེན་ལ་ཞལ་ཕྱོགས་ཏེ་ཐལ་མོ་སྦྱར་ནས། སྔོན་ཆད་གཉིས་འཛིན་གྱི་དབང་གིས་དོན་དམ་རང་རིག་གསང་བའི་བདག་པོའི་ཞལ་རས་བསྒྲིབས་ཏེ་མ་མཇལ་བའི་ནོངས་པ་མཐའ་དག་བཤགས་སྦྱངས་བགྱིས་ནས། བདག་གནས་ཡོ་བྱད་རྣམས་ལ་བྱིན་དབབ་པ་དང་། མཆོད་རྫས་བྱིན་གྱིས་བརླབས་ཏེ་འབུལ་བའི་དམིགས་པ་རྣམས་བྱའོ། །འདི་དག་ནི་ད་ལྟའི་ཆོག་ཁྲིགས་གསར་རྙིང་རྣམས་ཀྱི་གོ་རིམ་དང་བསྟུན་གྱི་གཞན་དུ་ན་འདི་གའི་ཞི་བསྙེན་གཅིག་པུ་ཙམ་གྱིས་སྐབས་འདིར་མཆོད་པ་བྱིན་རླབས་དང་། བཤགས་པ་དག་ཀྱང་གོང་དུ་སྨྲོས་པའི་ཚོགས་བསགས་ཡན་ལག་བདུན་པའི་ཡན་ལག་དེ་དང་དེར་དོན་གཅིག་ཏུ་བསྡུ་བ་ལས། ཟུར་དུ་མི་དགོས་པར་སྣང་བའང་ཤེས་པར་བྱའོ། །འདི་དག་གི་ཚིག་དོན་ཞིབ་རྒྱས་སུ་སྤྲོས་ན་ཡི་གེ་མང་བས་འཇིགས་ལ་ཚིག་རང་རང་གི་ཐད་ནས་དོན་དྲན་པར་བགྱིད་པ་ནི་གནད་དམ་པའོ། །དེ་དག་གིས་ནི་སྦྱོར་བ་སྔོན་དུ་འགྲོ་བའི་དོན་བསྟན་ཟིན་ཏོ། །གཉིས་པ་དངོས་གཞི་ལའང་། གང་ཞིག་བསྒྲུབ་པའི་གཞི་ལུས་རྟེན་གྱི་དྲི་མ་སྦྱངས་ནས་ལས་སུ་རུང་བར་བྱ་བ་དང་། གང་དུ་བསྒྲུབས་པའི་འབྲས་བུ་ལྷའི་རྣམ་པ་ལམ་དུ་བྱེད་པ་སྟེ་གཉིས་ལས། དང་པོ་ནི་རང་ལུས་ཐ་ལམ་དུ་གནས་པའི་དབུས་སུ་རྩ་ཨ་ཝ་དྷི་ཏི་སྟེ་དབུ་མ་རོ་རྐྱང་དང་བཅས་པ་གསལ་བའི་དབུ་མའི་ནང་སྙིང་གི་ཐད་དང་། ལྟེ་འོག་རྩ་གསུམ་འདུས་མདོ་གཉིས་སུ་པདྨའི་གདན་རེ་རེའི་ཁར་ཉི་ཟླའི་སྟེང་དུ། ཨཱཿཡིག་དཀར་པོ་ཟླ་བ་ཞུན་མ་ལྟ་བུ་འོད་ཟེར་མཆོག་ཏུ་འབར་བ་རེ་རེ་གསལ་ཞིང་དམིགས་པ་མ་ཟིན་པར་དེ་ཉིད་ལ་བརྩོན། དམིགས་པ་ཟིན་ནས་སྙིང་ཁའི་ཨཱཿཡིག་ལས་འོད་ཟེར་འཕྲོས་པས་སྒོ་གསུམ་གྱི་སྡིག་སྒྲིབ་རྣམས་མུན་ཁུངས་ལ་ཉི་ཟེར་ཤར་བ་བཞིན་སྦྱངས་པར་བསམ། དེ་བཞིན་དུ་ལྟེ་བའི་ཨཱཿཡིག་གི་འོད་ཀྱིས་ཀྱང་ལུས་གང་བས་ནད་གདོན་ཐམས་ཅད་ལྷག་མེད་དུ་སྦྱངས་ནས་མཐའ་ཨཱཿཡིག་དང་བཅས་པའི་ལུས་ཕྱི་ནང་སྒྲིབ་གཡོགས་དང་བྲལ་བར་གསལ་བའི་འོད་ཀྱི་གོང་བུ་གཅིག་ཏུ་གྱུར་པར་བསམ་མོ། །གཉིས་པ་ལྷར་སྣང་ལམ་དུ་བྱ་བ་ནི། སྐད་ཅིག་གིས་འོད་ཀྱི་གོང་བུ་དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་དྲང་སྲོང་དྲི་མེད་སྐུ་མདོག་སྔོ་སྐྱ། ཀེང་རུས་པགས་པས་གཡོགས་པ་ལྟར་ཤ་སྐམ་ཞིང་རིད་པ། སྨིན་མ་སོགས་དཀར་ཞིང་། ཨག་ཚོམ་བྲང་གི་རྒྱ་མདོར་སླེབས་པ། རས་དཀར་གྱི་སྨད་དཀྲིས་དང་སྟོད་གཡོགས་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་། ཕྱག་ན་ལུང་ཐང་གི་ཕྲེང་བ་དང་། གྷུནྡྷེ་སྟེ་རིལ་བ་སྦྱི་བླུགས་བསྣམས་པའམ། ཡང་ན་བསྟོད་པ་ལས་ཇི་ལྟར་བཤད་པ་བཞིན་དུ་ཕྱག་གཡས་ཀྱི་ཕྲེང་བའི་ཚབ་ཏུ་གསེར་གྱི་རྡོ་རྗེ་བསྒོམ་པར་བྱ་སྟེ་དོན་ལ་འདྲའོ། །དེ་ལྟར་གསལ་བའི་འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར་བའི། གཙོ་བོའི་སྙིང་གར་ཉི་མའི་སྟེང་དུ་སྲོག་སྙིང་ཧཱུཾ་ཡིག་མཐིང་ནག་གི་མཐར་ཏྲི་དུའི་སྔགས་ཀྱིས་བསྐོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་རླུང་བཟླས་དང་སྒྲ་བཅས་གང་རུང་ལ་བརྩོན་པར་བྱ་སྟེ། དེ་ཡང་དམིགས་པ་མི་ཟིན་པར་རླུང་བཟླས་དང་ཡིད་བཟླས་གང་རུང་བྱ་ཞིང་། དམིགས་པ་ཟིན་ནས་རྐྱེན་གྱིས་མི་འཕྲོག་པར་གྱུར་ན་སྒྲ་བཅས་ཀྱི་བཟླས་པ་བྱེད་པའང་དོན་ལ་གནས་པ་ཡིན་ནོ། །བསྙེན་པའི་ཚད་ཀྱང་སྤྱིར་གྲངས་དུས་རྟགས་ཀྱི་བསྙེན་པ་ཞེས་སོ་སོར་གསུངས་ཤིང་གྲངས་བསྙེན་གྱི་སྐབས་སུའང་། དམིགས་བསལ་དགོས་ཆོས་ཡོད་པ་འགའ་ཞིག་མ་གཏོགས། ལྷ་རང་རང་གི་བསྙེན་སྔགས་ཀྱི་གྲངས་ལ་དཔགས་ནས་འབྲུ་འབུམ་དུ་བཟླ་བར་གསུངས་པ་ནི་ཁྱབ་ཆེ་མོད། དུས་བསྙེན་ཡང་། རྫོགས་ལྡན་ལ་སོགས་པའི་ཟླས་ཕྱེ་ནས་རྩོད་དུས་ཀྱི་དབང་གིས་གཞུང་དུ་ཇི་ལྟར་བཤད་པ་ལས་བཞི་འགྱུར་དུ་བཟླ་དགོས་པར་གསུངས་པ་དང་། ཁ་ཅིག་ཏུ་ནི་ཟླ་བ་དང་ལོ་ལ་སོགས་པའི་དུས་ཀྱི་གྲངས་འདི་ཙམ་དུ་བསྒྲུབ་བོ་ཞེས་གསུངས་པའང་ཡོད་དེ། སྒྱུ་འཕྲུལ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེ་དག་ཀྱང་རང་རང་གི་གཞུང་ལས་ཇི་ལྟར་བཤད་པ་བཞིན་བདེན་ཅིང་། གཞུང་གི་དགོངས་པ་འགལ་མེད་དུའང་འཆད་ནུས་པ་ཉིད་དོ། །རྟགས་བསྙེན་ནི་གཞུང་ཁ་ཅིག་ཏུ་མཚན་མའི་བསྙེན་པ་ཞེས་ཇི་ལྟར་གྲགས་པ་ཉིད་དེ། འདི་ནི་ལྷ་གང་བསྙེན་གྱི་རྟགས་མཚན་རང་གཞུང་ནས་བཤད་པ་བཞིན་གྱི་མཚན་མ་དངོས་སུ་ཐོབ་ཐོབ་ཏུ་འབད་དགོས་པའི་ཕྱིར་གྲངས་དུས་ཀྱི་ཚད་བཟུངས་པ་ནི་མེད་དོ། འདིར་དམིགས་ཀྱིས་བསལ་བ་ནི་འདི་ཡིན་ཏེ། སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པར་བཟླས་ནས། སླར་ལས་གང་བྱེད་ཀྱང་དེ་ཉིད་སྐབས་སུ་གོང་བསྙེན་ཁ་གསོ་ཕྱིར་ཁྲི་ཚོ་རེ་ལས་མི་ཉུང་བར་བཟླ་བར་བྱའོ། །བསྙེན་པ་སྔོན་སོང་གིས་རྗེས་གནང་ལ་སོགས་པའི་སྐབས་སུ་ནི་སྟོང་ཕྲག་ལ་སོགས་ཅི་རིགས་པར་བཟླ་བར་བྱའོ། །བསྙེན་རྐྱང་གལ་ཏེ་སྤྲོས་པ་ལ་དགའ་བས། ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་བ་ལས་འོད་ཟེར་འཕྲོས་ཏེ་ཡེ་ཤེས་པ་སྤྱན་འདྲེན་པའི་སྐབས་འདིར་ཡང་སྤྱན་འདྲེན་པ་དང་བཞུགས་སུ་གསོལ་བ་ནས་མཆོད་པ་དང་བསྟོད་པ་དག་གི་བར་བགྱིད་པར་འདོད་ནའང་འོག་ཏུ་ཇི་ལྟར་འཆད་པར་འགྱུར་བའི་ཁྲོ་བོའི་བྱེ་བྲག་གི་དགོས་པ་རྣམས་དོར་ནས་གཞན་དག་ཅི་རིགས་པར་སྦྱར་བར་བྱ་སྟེ། འདིར་ཡང་མ་རུང་བ་ནི་མ་ཡིན་ནོ། །ཐུན་མོང་དུ་ནི་གོང་དུ་གོ་རིམ་ཇི་ལྟར་བཀོད་པ་ཉིད་ཀྱིས་འཐུས་ཏེ། འདིར་བསྙེན་པའི་དོན་པོ་ལྷར་སྣང་ཉིད་རྐྱེན་གྱིས་མི་འཕྲོག་པར་ཡིད་ལ་རྩེ་གཅིག་ཏུ་ངེས་པ་གང་ཞིག་ཡིན་པའི་ཕྱིར་རོ། །གང་ལྟར་ཡང་བསྙེན་པ་ཅི་ཙམ་བརྩོན་གྱི་སྟོང་ཚིགས་སམ། བསྙེན་མཇུག་བསྡུ་བ་ན་ནི། ཨརྒྷ་སོགས་ཀྱིས་མཆོད་ཅིང་། བསྟོད་པ་ཇི་ལྟར་རིགས་པས་བསྟོད་པར་བྱ་བ་ཉིད་ཅི་ནས་ཀྱང་དགོས་སོ། །ཚོགས་མཆོད་སོགས་ནི་མ་སྦྱར་ཀྱང་ཆད་པའི་སྐྱོན་ཏུ་མི་འགྲོའོ། །འདི་དག་ནི་བསྙེན་པའི་དངོས་གཞི་ཇི་ལྟར་བྱ་བའི་རིམ་པའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི་འདི་ལྟར་ཡིན་ཏེ། ཉིན་ཞག་ཕྲུག་གཅིག་ལ་ཐུན་བཞིའམ་དྲུག་སོགས་གང་བྱེད་ཀྱང་། ཐུན་དེ་གྲོལ་པར་ཉེ་བ་ན། ཐུགས་ཀའི་སྲོག་ཡིག་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པའི་རྐྱེན་གྱིས། མེ་ལོང་ལ་ཧས་བཏབ་པ་ལྟར་རམ། ཡང་ན། ཕྱི་རོལ་གྱི་གཞལ་ཡས་ཁང་དྲང་སྲོང་འབུམ་སྡེའི་ཚོགས་དང་བཅས་པ་གཙོ་བོ་ལ་ཐིམ། དེ་ཉིད་ཀྱང་ཐུགས་སྲོག་ཧཱུཾ་ལ་འདུས། ཧཱུཾ་ཡང་ཞབས་ཀྱུ་ནས་རིམ་པར་ནཱ་དའི་བར་འདུས་ཏེ། ནཱ་ད་གང་དུ་མི་དམིགས་པར་གྱུར་པའི་ཐད་དེར་ཤེས་པ་གཡོ་མེད་དུ་གཏད་དེ་ཅི་གནས་སུ་མཉམ་པར་བཞག་པར་བྱ་སྟེ། འདི་ནི་རྫོགས་རིམ་ལ་འཇུག་པའི་ཐབས་མཆོག་ཏུ་ཁྱད་པར་འཕགས་པའོ། །དེ་ནས་སླར་ཡང་རྗེས་ཐོབ་སྒྱུ་མའི་སྐུར་ལངས་ནས་གོང་སྨྲོས་ལྟར་གྱི་མཆོད་བསྟོད་མདོར་བསྡུས་བགྱིས་ནས་བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པའི་སྒོ་ནས་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་། རྗེས་སྣང་ལྷའི་ལམ་ཁྱེར་དང་ལྡན་པས་ནང་གི་སྦྱིན་སྲེག་ལ་སོགས་པ་ལ་འཇུག་པར་བྱའོ། །འདི་དག་གིས་ནི་ཞི་བར་བསྙེན་པའི་ཚུལ་མདོ་ཙམ་སྨྲོས་ཟིན་ཏོ། །གཉིས་པ་ཁྲོ་བོར་བསྒྲུབ་པ་ལའང་། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། ཕལ་ཆེར་བསྙེན་པའི་སྐབས་དང་འདྲ་བ་ལས། བྱེ་བྲག་གི་དགོས་ཆོས་ལ། དྲག་མཆོད་སྨན་རཀ་གཏོར་གསུམ་དང་བཅས་པ་བཤམས་ནས་མཆོད་པ་བྱིན་རླབས་ཀྱི་སྐབས་སུའང་རང་གི་བྱིན་རླབས་དམིགས་བསལ་ཉིད་སྦྱོར་དགོས་སོ། །ཁྲོ་བོའི་སྐུ་རྟེན་ལ་སོགས་པའང་དམིགས་པའི་རྟེན་དུ་ཉེར་བསྡོགས་བྱ་སྟེ་འདི་ཙམ་གྱིས་དཀྱིལ་འཁོར་གྱི་དགོས་ཆོས་རྣམས་འགྲུབ་བོ། །དེ་ནས་བརྒྱུད་པའི་གསོལ་འདེབས་ནས་བརྩམ་ཞི་བསྙེན་ཡན་དཀྱུས་ལྟར་གྲུབ་ནས། བསྙེན་པ་ཅུང་ཟད་བཟླས་ཏེ་འོད་གསལ་དུ་བསྡུ་བ་ཡན་བྱས་མཐར་སྟོང་ཉིད་དེ་གའི་ངང་ནས་ཁྲོ་བོའི་སྐུར་བསྐྱེད་པའམ། ཡང་ན་ཞི་བ་གནས་འགྱུར་གྱི་ཚུལ་དུ་ཁྲོ་བོར་བསྒོམ་པར་བྱ་སྟེ། གར་ལྟར་ཡང་ཐུན་བཞི་ལྟ་བུའི་ཐུན་ཐོག་མ་མ་གཏོགས་གཞན་དག་ལ། གཞི་བགེགས་ཀྱི་གཏོར་མ་གཏོང་མི་དགོས་ཤིང་། གཞུང་ཁ་ཅིག་ལས་ནི་ཉིན་དང་པོ་ལས་གཞན་རྣམས་ལ་བསྲུང་འཁོར་གསལ་འདེབས་ཙམ་ལས་བགེགས་བསྐྲད་པའང་མི་དགོས་པར་གསུངས་སོ། །དེ་དག་གིས་ནི་སྦྱོར་བའི་ཁྱད་པར་ཅུང་ཟད་སྨྲོས་གྲུབ་ནས། གཉིས་པ་དངོས་གཞི་ལའང་། མངོན་རྟོགས་ཀྱི་ཁྱད་པར་སྨོས་བ་དང་། བསྙེན་དམིགས་ལ་སོགས་པའི་ཁྱད་པར་སྨྲོས་པ་སྟེ་གཉིས་ལས། དང་པོ་ནི་རྫོགས་རིམ་དུ་འཇུག་ལྡང་གི་སྒོ་ནས་སམ། ཞི་བ་གནས་འགྱུར་ཀྱི་ཚུལ་གང་ཡིན་ཀྱང་རུང་སྟེ། བསྲུང་བཟློག་བསད་པའི་ལས་སྦྱོར་གྱི་དགོས་དམིགས་གཞན་མེད་པའི་སྐབས་སུ། དཀྱུས་ཉིད་ལ་འཇུག་པར་བྱ་སྟེ། དེ་ཡང་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་སྐད་ཅིག་ཉིད་ལ་རྫུས་སྐྱེས་ཀྱི་ཚུལ་དུ་ཁྲོ་བོའི་སྐུར་བསྐྱེད་དགོས་པ་གསུངས་ཏེ། འདིར་ཡང་སྦྱང་གཞི་སྦྱོང་བྱེད་དང་འབྲེལ་བའི་སྒོ་ནས་འགྲོ་བའི་སྐྱེ་གནས་རྣམ་པ་བཞི་སོ་སོའི་བག་ཆགས་སྦྱོང་ཚུལ་གྱི་དག་བྱ་དག་འབྲས་སྦྱར་ཤེས་ཤིང་། དེ་ལྟར་གྱི་སྦྱང་བའང་། རིམ་པར་རྒྱུད་ལ་འགེལ་ནུས་པ་ཞིག་བྱུང་ན་ནི་མཆོག་ཏུ་ལེགས་མོད། དེ་མིན་པས་ཀྱང་གཞུང་གི་མངོན་རྟོགས་ཀྱི་ཚིག་ལ་ཤིན་ཏུ་བསྒྲིམ་ནས་ལྷ་དེའི་སྤྱན་གྱི་དཀར་ནག་ཚུན་གསལ་ཞིང་ཅུང་ཟད་མི་གསལ་པའི་དུས་སུའང་མདུན་རྟེན་ལ་མིག་ཅེ་རེ་གཏད་ནས་དེའི་རྣམ་འགྱུར་ཡིད་ལ་བྱེད་ཅིང་། གང་ནས་མི་གསལ་བ་དེ་ཆེད་དུ་སྒོམ་དགོས་པ་ནི་སྤྱིའི་ཆིངས་ཉིད་དུ་སྨྲོས་པའོ། །ཁྲོ་བོའི་སྐུ་དེའི་རྣམ་འགྱུར་ནི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་ཞབས་གཉིས་དང་ལྡན་པ་ཞིག་སྟེ། དེ་ཡང་ཕྱག་དང་པོ་གཉིས་ཀྱིས་ཐོ་བ་དང་རལ་གྲི་མེ་འབར་བ་གདེངས་ཏེ་འཛིན་པ། ཕྱག་འོག་མ་གཉིས་ནི་བཟློག་པ་སོགས་དང་ཐུན་མོང་དུ་གནམ་ལྕགས་ལས་གྲུབ་པའི་ཐལ་མོ་སྡེབ་པ་དང་། བྱེ་བྲག་ཏུ་ནི་བསྲུང་བ་སོགས་ལ་མཆོད་རྟེན་བཏེགས་པ་དང་། གནན་པ་ལ་རི་རབ་བཏེགས་པ་དང་། ཟོར་ལས་ལ་དྲག་པོའི་ཟོར་རྫས་ཐོགས་པ་དང་། བསད་པ་ལ་ལག་མཐིལ་ཉིད་གནམ་ལྕགས་ཀྱི་སྡིག་པ་ལ་སོར་མོ་རྣམས་མགོ་དགུར་བསྒོམ་པ་སོགས་གནས་སྐབས་དེ་དང་དེར་རིགས་པས་འཕྲུལ་ཤེས་པར་བྱའོ། །དེ་བཞིན་དུ་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་། ཞབས་གཉིས་བརྐྱང་བསྐུམས་སུ་བསྒྲད་དེ་ཉི་ཟླའི་གདན་ལ་བཞུགས་པ། ཞལ་གྱི་རྣམ་འགྱུར་ཤིན་ཏུ་ཁྲོ་ཞིང་མི་སྡུག་པར་གསལ་ཏེ། དེའི་སྤྱི་བོར་དྲང་སྲོང་དྲི་མེད་འོད་ཟེར་ཞི་བ་རང་གི་མངོན་རྟོགས་བཞིན་གསལ་བ་དང་། སྤྲོས་པ་ལ་དགའ་ན་འཁོར་དྲང་སྲོང་འབུམ་སྡེ་རིགས་བདག་པདྨ་ཐོད་ཕྲེང་ཡབ་ཡུམ་དང་བཅས་པའང་སྒོམ་པར་གསུངས་སོ། །གཙོ་བོའི་ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་དང་པདྨ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་ཕྱག་ན་རྡོ་རྗེ་གཙོ་བོ་རང་དང་འདྲ་ཞིང་། དེའི་ཐུགས་ཀར་རིན་པོ་ཆེའི་གུར་ཁང་གི་ནང་དུ་ཉི་མའི་གདན་ལ་ཏིང་འཛིན་སེམས་དཔའ་ཧཱུཾ་མཐིང་ནག་འོད་ཟེར་མཆོག་ཏུ་འབར་བ་སྟེ་སེམས་དཔའ་སུམ་བརྩེག་ཏུ་གསལ་ཞིང་མགྲིན་པ་ཨཱཿལས་ཟླ་བའི་གདན་ལ་སྨྲ་བྱེད་ལྕེ་ཉིད་རྡོ་རྗེ་རྭ་དགུ་བའི་རྣམ་པར་བསྒོམས་པའི་ལྟེ་བར་ཧུཾ་ཡིག་དང་། རྭ་དགུའི་རྩེ་མོར་ཕཊ་ཡིག་དམར་པོའི་མེ་ཚྭ་ཚ་འཕྲོ་བ་དགུས་མཚན་པས་ལོག་འདྲེན་རྣམས་གཟིར་ཞིང་འཇོམས་པར་བསམ་མོ། །དེ་ལྟར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་སྔགས་ཕྲེང་གིས་བསྐོར་བ་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ནགས་ཚལ་དྲྭ་བ་ཅན་དང་། རི་བོ་ཀུན་འདུས་ཀྱི་རྩེ་ལ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་ལ་སོགས་པ་བྱ་དགོས་ཏེ། འདི་སྐབས་སུའང་སྤྱན་འདྲེན་གྱི་སྔོན་དུ་ཐུགས་སྲོག་ལས་རིགས་ལྔའི་ས་བོན་སྤྲོས་ཏེ། དེ་ཡོངས་སུ་གྱུར་བ་ལས་ཕྱག་མཚན་ལྔའི་གུར་ཁང་སོགས་སྒོམ་པ་ཡང་འབྱུང་མོད་དེ། དེ་ནི་བསྲུང་དམིགས་བྱེ་བྲག་པའི་དབང་དུ་བྱས་པ་ཁོ་ནའོ། །དེ་ནས་གནས་གསུམ་བྱིན་གྱིས་བརླབས་པ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །སྤྱན་འདྲེན་དངོས་ནི། ཧཱུཾ་དད་པ་དང་ནི་དམ་ཚིག་གིས། སོགས་ཀྱི་ཚིག་གི་རྗེས་སུ་དོན་དྲན་བཞིན་པའི་སྒོ་ནས་སོ། །བཞུགས་སུ་གསོལ་བ་དང་། ཕྱག་འཚལ་བ། ཕྱི་ནང་གསང་བའི་མཆོད་པ་འབུལ་བ། བསྟོད་པ་བྱ་བ་རྣམས་ཀྱང་དཀྱུས་སུ་གསལ་བཞིན་ཅི་བདེར་སྦྱར་བར་བྱའོ། །དེ་ནས་ཆེ་བ་བསྐྱེད་པའི་སྔ་རོལ་དུ་ལས་བཅོལ་གྱི་བསྐུལ་གཏོང་ན་དང་། མིན་ཀྱང་དམིགས་པར་བྱ་བ་ནི་འདི་ཡིན་ཏེ། རང་གི་ལྕེ་རྡོ་རྗེ་རྩེ་དགུ་བའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་འཕྲོས་སྡེ་བརྒྱད་ཐམས་ཅད་ཀྱི་སྙིང་ནས་དྲངས་ཏེ་མདུན་དུ་འཁོད་པའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་རེ་བཞག་པས་འགུལ་བསྐྱོད་མི་ཤེས་པར་བསམ་པ་དང་། ལས་གཞུང་རྩ་བ་ལས་ནི། གོང་དུ་འཕྲིན་ལས་བཅོལ་བའི་བསྐུལ་བགྱིས་པའི་རྐྱེན་གྱིས་དྲང་སྲོང་དྲི་མེད་དྲང་སྲོང་འབུམ་སྡེའི་འཁོར་དང་བཅས་པའང་ཁྲོ་བོ་ཞལ་གཅིག་ཕྱག་བཞི་བའི་རྣམ་པར་བཞེངས་ནས་ཐམས་ཅད་ཀྱིས་ང་རྒྱལ་བསྐྱེད་པར་གསུངས་སོ། །གང་ལྟར་ཡང་ཇི་སྐད་བཤད་པའི་དམིགས་གནད་དང་ལྡན་པས། རང་ཉིད་སྲིད་པ་གསུམ་གྱི་མཐུ་བོ་ཆེ་ཐམས་ཅད་ཀྱི་རྗེ་བོར་བསམ་པ་དང་། སྐྱེ་འགྲོ་ཐམས་ཅད་ཀྱི་རྗེ་བོའམ་ཡབ་ཏུ་བསམ་པ་དང་། སྐྱེ་དགུའི་སྲོག་གཅོད་པའི་དྲེགས་པ་ཀུན་གྱི་བདག་པོར་བསམ་པ་དང་། དེ་ཐམས་ཅད་ཀྱི་སྲོག་སྙིང་གི་བདག་པོ་ཡིན་པར་བསམ་པ་དང་། མདོར་ན་སྲིད་ཞི་མ་ལུས་པ་ན་བདག་གི་བཀའ་འོག་ཏུ་མ་འདུས་པ་ནི་སུ་ཡང་མེད་དོ་སྙམ་པའི་ངང་ནས། ཧཱུཾ་ང་ནི་སྲིད་པ་གསུམ་གྱི་རྗེ། །ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། །དེའི་གཤམ་དུ་གཟུ་དཔང་དམ་བརྡར་ཡང་སྤྲོ་ན་བྱ་སྟེ། མ་གྲུབ་ཀྱང་རྒྱུན་ཁྱེར་ཙམ་ལ་ཆད་པའི་སྐྱོན་དུ་མི་འགྱུར་རོ། །གཞན་དུ་བསྲུང་བཟློག་བསད་པའི་ལས་དམིགས་བསལ་གྱི་སྐབས་དང་། རྒྱུན་ལྡན་དུའང་བསྲུང་བཟློག་གི་དམིགས་པའི་བྱེ་བྲག་བསྲུང་འཁོར་གཞལ་མེད་ཁང་དང་མཆོད་རྟེན་གྱི་རྣམ་པར་སྒོམ་པ་སོགས་ཀྱང་རྒྱལ་དབང་ལྔ་བ་དང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལ་སོགས་པས་ཆོག་ཁྲིགས་ཀྱིས་ཇི་ལྟར་གཏན་ལ་ཕབ་པ་བཞིན། གཞུང་འདིའི་མན་ངག་གུད་དུ་སྦས་པ་ཉིད་དཀྱུས་སུ་ལག་ལེན་བགྱིད་པའི་ལུགས་ཏེ་ཤིན་ཏུ་ཟབ་པའི་གནད་དོ། །འདིར་ནི་དེ་དང་དེ་ལྟ་བུའི་ཕྲིན་ལས་ཀྱི་བྱེ་བྲག་རྣམས་ནི་སྔོན་ཆད་དམ་པ་དུ་མའི་མན་ངག་གིས་རྒྱ་ཆེར་བཀྲལ་བའི་གཞུང་ཉིད་ཟབ་ཅིང་བརླིངས་པར་མཐོང་ནས་མ་སྤྲོས་ཤིང་། བརྗོད་བྱའི་སྙིང་བོ་སྔོན་དུ་བསྙེན་པ་བྱ་ཚུལ་གྱི་དཀའ་གནད་འགའ་ཞིག་ཅུང་ཟད་གབ་པར་ཉིད་ཆེད་དུ་བརྗོད་པས་ཉེ་བར་བླངས་པའོ། །གཉིས་པ་བསྙེན་དམིགས་ལ་སོགས་པའི་ཁྱད་པར་སྨྲོས་པ་ནི། རང་གཞུང་ལས། གནས་པ་རྩ་ལ་ཤེས་པར་བྱཿ འདྲེན་པ་དཀྱིལ་དུ་ཤེས་པར་བྱཿ གཅོད་པ་རྩེ་ལ་ཤེས་པར་བྱཿ མན་ངག་སེམས་ལ་ཤེས་པར་བྱཿ ཞེས་པའི་དོན་ཏེ། དེ་ཡང་སློབ་དཔོན་སངས་རྒྱས་གཉིས་པ་ཉིད་ཀྱི་ཞལ་སྔ་ནས། ཁ་ཅིག་མགྲིན་པ་ཡང་ཟེར། གནད་གསུམ་སྙིང་འབྲེལ་གྱི་མན་ངག་ཏུ་གསུངས་པ་ནི་འདི་ཡིན་ཏེ། ཇི་སྐད་དུ། གནས་པ་རྩ་ལ་ཤེས་པར་བྱཿ ཞེས་པ་ནི། ལྕེ་དེ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་བ་ལྟེ་བར་ཧཱུཾ་གིས་མཚན་པའོ། །འདྲེན་པ་དཀྱིལ་དུ་ཤེས་པར་བྱ་བ་ནིཿ ལྕེ་རྩར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པའོ། །གཅོད་པ་རྩེ་ལ་ཤེས་པར་བྱ་བ་ནི། ལྕེ་རྡོ་རྗེ་རྩེ་དགུ་བའི་ཁོང་སེང་དུ་བསྒོམས་པའི་ལྕེ་རྩེའི་ཁའི་བར་ཐད་དུ། ཕཊ་དམར་པོ་མཆོད་བཅག་པ་འདྲ་བ་དགུ་ལས་མེའི་ཚྭ་ཚྭ་མང་དུ་འཕྲོས་པས། གནམ་ལྕགས་ཀྱི་རྡོ་རྗེ་འབར་བ་སེར་གཞོབ་ལྟ་བུ་འཕྲོས་པ་གནོད་བྱེད་གང་ཡིན་ལ་ཕོག་པས་ཚག་སྒྲ་ནག་སྒྲར་བཏང་བར་བསམ་སྟེ། རྩྭ་སྦུར་བསྲེགས་པ་བཞིན་རྡུལ་དུ་བརླགས་པར་བསམ་མོ། །མན་ངག་སེམས་ལ་ཤེས་པར་བྱ་བ་ནི། སྙིང་གི་ནང་དུ་ཉི་ཟླའི་སྟེང་དུ་ཧཱུཾ་མཐིང་ནག་གཅིག་བསམ་པའོ། །ཞེས་ཇི་ལྟར་གསུངས་པ་བཞིན་ཏེ། དེ་བས་ན་གནས་པ་རྩ་དང་འདྲེན་པ་དཀྱིལ་གྱི་དགོངས་དོན། རང་གི་ལྕེ་ཟླ་བའི་གདན་ལ་རྡོ་རྗེར་སྒོམ་ཚུལ་གོང་དུ་ཇི་ལྟར་བཤད་པ་བཞིན་གསལ་བཏབ་ནས། རྡོ་རྗེའི་ལྟེ་བའི་ཧཱུཾ་ཡིག་གི་མཐར་དྲག་སྔགས་རིང་མོ་གཡས་སུ་འཁོར་ཞིང་འོད་ཟེར་འཕྲོ་བ་དང་ལྕེ་རྩར་གདན་སྟབས་སུ་གནས་པའི་ཟླ་བ་ཨཱཿཡིག་གིས་མཚན་པའི་མཐར་ཞི་སྔགས་གཡས་བསྐོར་འགལ་མེ་ལྟར་འཁོར་ཞིང་འོད་ཟེར་འཕྲོ་བར་བསམས་ཏེ། སླར་ཡང་ལྕེའི་རྡོ་རྗེའི་ལྟེ་བར་གནས་པའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སྔར་རང་གི་དྲུང་དུ་བཀུག་པའི་སྡེ་བརྒྱད་དེ་དག་གི་སྲོག་ཡིག་རྣམས་རང་རང་གི་སྙིང་གར་གནས་པ་དེ་ལ་ཕོག་མ་ཐག་རང་དབང་མེད་པར་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་བདག་གི་མདུན་དུ་བཀུག་པར་བསམ་ནས་ཨོཾ་ལོག་ཏྲི་པཱ་ལ་ནན་ལ་སོགས་པའི་སྡེ་བརྒྱད་སྲོག་གི་སྙིང་བོ་དྲག་སྔགས་རིང་མོ་ཉིད་བགྲངས་པས་ཁོས་མ་བཟོད་དེ་ལུས་འདར་ཞིང་ཐལ་མོ་སྦྱར་ནས་སྒོ་གསུམ་གུས་པས་ཕྱག་འཚལ་བཞིན་ཅི་གསུངས་ཀྱི་བཀའ་བགྱིད་པར་འཚལ་ལོ་ཞེས་དམ་བཅས་ནས་རང་རང་གི་སྲོག་སྙིང་མདོངས་གསོལ་དུ་ཕུལ་བ་ན། སྔར་གྱི་འོད་ཟེར་དེས་སྲོག་སྙིང་དེ་དག་དྲངས་ཏེ་བདག་གི་ལྕེ་ཉིད་རྡོ་རྗེར་བསྒོམ་བཞིན་པའི་གདན་གྱི་ཟླ་བ་ལ་ཐིམ་པས་དེ་དག་གི་སྲོག་ལ་རང་དབང་བསྒྱུར་པར་བསམ་མོ། འདི་དག་ཀྱང་རང་བཟོ་མ་ཡིན་ཏེ་གཏེར་གཞུང་རྩ་བ་ལས་རྡོ་རྗེའི་གདན་ཞེས་གསལ་བར་གསུངས་ཤིང་། དེ་ལྟར་ན་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ནི་ཧཱུཾ་རྐྱང་ཡིན་པས་ན་ལྕེ་ཡི་རྡོ་རྗེ་ལས་མ་འདས་སོ། ཁ་ཅིག་ལས་ཧཱུཾ་གི་གདན་ཞེས་གསུངས་པ་ནི་རྡོ་རྗེ་ཉིད་ཀྱི་ལྟེ་བར་ཧཱུཾ་གིས་མཚན་པ་ལ་དགོངས་སོ། །འདི་ནི་སྒྲུབ་པའི་དངོས་གཞི་ཉིད་ཡིན་པའི་ཕྱིར་ཅི་ཙམ་བསྙེན་པའི་གྲངས་ཀྱང་སྤྱིར་བཏང་འབུམ་ཕྲག་གསུམ་དུ་བཤད་ཅིང་། དམིགས་བསལ་ལ་དེ་ལས་ཀྱང་ཉིས་འགྱུར་རམ། སུམ་འགྱུར་དུ་བཟླ་བར་བཤད་དོ། །གཞན་དུ་འདི་ལ་ཡང་བརྩོན་འགྲུས་རབ་འབྲིང་ཐ་མའི་དབང་གིས་ཞག་གྲངས་ཀྱང་། བདུན་ནམ་ཉེར་གཅིག་ལ་སོགས་པ་བཤད་པ་ཡོད་དེ། འདི་ཉིད་དང་། གཞན་ཡང་འགྲུབ་པའི་རྟགས་དང་། མི་འགྲུབ་པའི་རྟགས་དང་། གྲུབ་པའི་ཚད་དང་། ཇི་ལྟར་སྒྲུབ་པའི་ལག་ལེན་དང་། གྲུབ་པའི་ཕན་ཡོན་དང་། རྫས་ལ་སོགས་པའི་ལག་ལེན་ཕྲ་མོ་དང་བཅས་པ་ཇི་སྙེད་པ་རྣམས་ནི། སློབ་དཔོན་ཆེན་པོ་ཉིད་ནས་མཛད་པའི་ལས་གཞུང་རྩ་བ་ན་གསལ་བ་ཡིན་པས་དེར་བལྟ་བར་བྱའོ། །དམིགས་བསལ་བསྲུང་བཟློག་བསད་པའི་སྔགས་ཀྱིས་མདེའུ་ཁ་སྒྱུར་འདོད་ན་སྡེ་བརྒྱད་བཅུད་ཕུར་གྱི་མདེའུ་ཐུང་ལས་ཇི་ལྟར་བཤད་པ་བཞིན་སྦྱར་བར་བྱ་སྟེ། ཇི་སྐད་དུ་བསྲུང་བཟློག་བསད་གསུམ་གང་བྱེད་ཀྱང་ཤམ་བུ་བསྒྱུར་ཏེ་བསྲུངས་ནས་སྔགས་ཚར་རེའི་མཐར་རཀྵའམ་སྲུངས་ཤིག་ཅེས་གདག་གོཿ བཟློག་ན་བྱད་མ་རྦོད་གཏོང་དང་བཅས་པ་བྷྱོ་བཟློག་ཅེས་སོཿ གསོད་ན་སོད་ཅིག་ཅེས་སམ་མཱ་ར་ཡ་རྦད་ཅེས་སྦྱར་རོཿ ཞེས་གསུངས་པ་ལྟར་གཅིག་ལ་མཚོན་ན་ཨོཾ་ལོག་ཏྲི་པ་ལ་ནན་རཀྵ་ཅེས་པ་ལྟ་བུའོ། །དེ་ནས་དྲག་སྔགས་སྤུ་གྲི་རིང་མོ་བཟླ་བར་འདོད་ན་གཅོད་པ་རྩེ་ལ་ཤེས་པར་བྱ་བའི་དོན། ཁྱད་པར་གྱི་དམིགས་གནད་འདི་ཤེས་དགོས་ཏེ། དེ་ལའང་དང་པོ་སྔོན་དུ་འགྲོ་བ་ནི་བྲུབ་ཁུང་བསྐྱེད་པ་ལ་སོགས་ཏེ། དེ་ཡང་དྲང་སྲོང་དྲི་མེད་ཀྱི་ཕྲིན་ལས་རྣམ་བཞིའི་གཞུང་ལས། མདུན་གྱི་བྲུབ་ཁུང་ལྕགས་ཁང་ནག་པོ་གྲུ་གསུམ་པ་དུག་གི་མེ་འབར་བཿ ནད་ཀྱི་ན་བུན་འཐིབས་པཿ མཚོན་ཆའི་ཆར་འབབ་པའི་ནང་དུ་ཕག་སྤྱང་གི་ཐོད་པ་གཤིན་རྗེ་ཕོ་མོ་འཇིགས་སུ་རུང་བ་གཉིས་ཀྱི་བར་དུ་དགྲ་གདོན་བྱད་མ་ཤིན་ཏུ་ཉམ་ཐག་པའི་མཐའ་བསྐོར་དུ་ལྷ་མ་སྲིན་སྡེ་བརྒྱད་མཚོན་ཆ་སྣ་ཚོགས་ཐོགས་པས་རྔམ་ཞིང་ཟ་བར་གྱུརཿ དགུག་གཞུག་དྲག་ཏུ་བྱ་ཞེས་གསུངས་པ་ལྟར་ཏེ་སྔོན་གྱི་བདག་ཉིད་ཆེན་པོ་དག་གིས་བཞེད་པར་ནི། དེ་དག་རྟེན་དངོས་སུ་བཅའ་མི་དགོས་པར་དམིགས་པས་བསྒོམས་ན། དེ་གས་ཆོག་པར་བཞེད་དོ། །དེ་ནས་གཅོད་བྱེད་སྤུ་གྲིའི་དམིགས་གནད་དངོས་ནི། གོང་དུ་སྨོས་པའི་ལུང་གིས་ཀྱང་གསལ་བར་བསྟན་བཞིན་བཤད་མ་ཐག་པའི་ལུང་ལས། ལྕེ་རྡོ་རྗེ་རྩེ་དགུ་བ་ཁོང་སེང་ཅན་རྭ་ཡོད་པའི་རྭ་བར་གྱི་རྩེ་ཐམས་ཅད་དུ་ཕཊ་དམར་པོ་མཆོད་བཅག་པ་ལྟ་བུ་དགུ་ལས་མེའི་ཚྭ་ཚྭ་མང་དུ་འཕྲོས་པས་གནམ་ལྕགས་ཀྱི་རྡོ་རྗེ་འབར་བ་མགར་གྱི་ཚྭ་ཚྭ་ལྟ་བུ་འཕྲོས་པ་གནོད་བྱེད་རྣམས་ལ་ཕོག་པས་ཚག་སྒྲ་དང་བཅས་ཏེ་རྩ་སྦུར་བསྲེགས་པ་བཞིན་དུ་རྡུལ་དུ་བརླགས་པར་བསམ་ལཿ ལོཀ་ཏྲིའི་བསྙེན་སྔགས་བཟླ་ཞེས་གསུངས་པ་ལྟར་རོ། །འདིར་བཟླ་བར་བྱ་བའི་སྔགས་དངོས་ལའང་ཐུན་སྔགས་དང་སྤུ་གྲི་རིང་མོ་གཉིས་ཀ་ཚང་བར་ཞལ་ཤེས་བཞིན་དབྱེ་དགོས་གསུངས་པ་ཡང་འདི་ཡིན་ཏེ། གཅིག་ལ་མཚོན་ན་ཨོ་ལོཀ་ཏྲི་པ་ལ་ནན། རྦད་ཐུ་ཞེས་པ་སྤུ་གྲི་དང་འཇིག་རྟེན་མགོན་པོའི་སྲོག་ཆོད་སྙིང་ཕྱུངས། ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད་ཅེས་པ་ཐུན་སྔགས་སུ་ཤེས་དགོས་ཏེ། དེ་བས་ན་འདིར་ཆེད་དུ་བཟླ་བར་བྱ་བ་ནི། དྲག་སྔགས་སྤུ་གྲི་རིང་མོ་ཉིད་ཡིན་པའི་ཕྱིར། དེ་ཉིད་ཕྱེ་ནས་དཀྱུས་སུ་བཀོད་ན་སྡེ་བརྒྱད་བཅུད་ཕུར་ལས། ཡང་དག་གསང་བའི་སྔགས་ནིཿ ཨོཾ་ལོཀ་ཏྲི་པཱ་ལ་ནན་རྦད་ཐུཾཿ ས་ག་པ་ཤ་ནན་རྦད་ལིངཿ ནཱ་ག་དུ་དུ་ནན་རྦད་ཕཊཿ མ་མཾ་མ་མཾ་རྦད་མྱོགསཿ ཙིར་ཙར་ཙིར་ཙར་རྦད་རྦུདཿ བཾ་རུ་ལུ་བཾ་རུ་ལུ་རྦད་ཐུཾཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་རྦད་ཁོསཿ ཧོ་ར་ཧོ་ར་ནན་རྦད་ཤགསཿ ཙི་དུ་སོད་ཙི་དུ་སོད་རྦད་ཤིགཿ ཤིགས་ལྷུ་རུ་གཏུབས་རྦད་མྱོགསཿ ཧ་ལ་པཱ་ཏི་ནན་རྦད་རྨུགསཿ འཁོར་བ་ཐུལ་རྦད་ཆོམསཿ རྒྱལ་བསེན་གནོད་བྱེད་ཀཱ་ཝཱ་ཙི་བརློག་བརློག་རྦད་ཧུརཿ འབྱུང་བོ་ཐམས་ཅད་ཀ་ཏྲི་ཀུ་ཏྲི་སོདཿ རྒྱལ་པོ་ཐམས་ཅད་ར་ཙ་ཧབ་ལེ་ཧབ་ལེ་སོདཿ ཀླུ་ཐམས་ཅད་ནཱ་ག་ལིང་ནཱ་ག་ལིང་སོདཿ འབྱུང་བོ་ཐམས་ཅད་འགུག་གེ་འགུག་གེ་སོདཿ གཟའ་ཐམས་ཅད་ཐེ་རྩེ་ཐེ་རྩེ་སོདཿ ཐེའུ་རང་ཐམས་ཅད་ར་ཏྲི་ར་ཏྲི་མཱ་ར་ཡ་སོདཿ སྲིན་མོ་ཐམས་ཅད་ཏཱ་ཏྲི་ཏཱ་ཏྲི་མཱ་ར་ཡ་སོདཿ དྲི་བོ་ཐམས་ཅད་སུཾ་ཏྲི་སུཾ་ཏྲི་མཱ་ར་ཡ་སོདཿ འབྱུང་བོ་ཐམས་ཅད་ཀུ་ཏྲི་ཀུ་ཏྲི་མཱ་ར་ཡ་སོདཿ གནོད་བྱེད་ཐམས་ཅད་མཱ་ར་ཡ་སོད་སོད་རྦད་རྦད་ཛ་ཛཿ སྤུ་གྲི་དྲག་སྔགས་རིང་མོའོ་ཞེས་གསུངས་པ་ལྟར་རོ། །འོན་ཀྱང་ཐུན་སྔགས་གཏན་ནས་མི་བཟླ་བ་ཡང་མ་ཡིན་ཏེ། དེ་ཉིད་ཀྱི་གཤམ་ལས། དེས་ཀྱང་ཐུལ་བར་མ་གྱུར་ནཿ སྤུ་གྲི་དྲག་སྔགས་རིང་མོ་ལསཿ སྡེ་བརྒྱད་རང་རང་སྲོག་སྔགས་གདགསཿ ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿ ཨོཾ་ལོཀ་ཏྲི་པཱ་ལ་ནན་རྦད་ཐུཾཿ འཇིག་རྟེན་མགོན་པོའི་སྲོག་ཆོདཿ སྙིང་ཐོནཿ ཙིཏྟ་མཱ་ཡ་ཐུན་བྷྱོ་རྦད་ཅེས་པ་ལ་སོགས་པ་སྤུ་གྲི་དང་ཐུན་སྔགས་སྦྲེལ་ནས་གསུངས་པའི་ཕྱིར་རོ། །མདོར་ན་འདི་དག་གང་ཡིན་ཀྱང་དགོས་པ་དང་བསྟུན་ཏེ། དམིགས་གནད་དང་ལྡན་པའི་སྒོ་ནས་རྩ་སྔགས་ཀྱི་ཤམ་བུར། ཅི་རིགས་པར་བཏགས་ཏེ་བཟླ་བར་བྱ་བ་ཉིད་ཡིན་གྱི། ཞི་བསྙེན་དང་སྒྲུབ་པའི་རྩ་བསྙེན་གང་ཡང་མ་སོང་བར་དྲག་སྔགས་ཉིད་ཐུབ་ཆོད་དུ་བཟླས་པས་ནི་རྒྱལ་འགོང་འདུལ་བ་ལྟ་ཅི། ཚེ་འདིར་ཡང་སྡེ་བརྒྱད་ལ་མི་ནུས་བཞིན་འགྲས་བཙལ་བས། རང་སྲོག་གི་གཤེད་མར་འགྱུར་ཞིང་། ཕྱི་མར་ཡང་བསམ་སྦྱོར་ངན་པའི་འབྲས་བུས་ངན་སོང་གི་སྡུག་བསྔལ་མུ་མེད་པ་ལ་སྤྱོད་པར་འགྱུར་ཏེ། དེ་བས་ན་ཐོག་མར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་དཀྱུས་ཀྱི་བསྙེན་བསྒྲུབ་ཁོ་ན་ལ་བརྩོན་པ་ཉིད་ནི་ནམ་ཡང་འདོར་དུ་མི་རུང་བའི་སྲོག་གི་ཟུངས་གཅིག་པུ་ཉིད་དུ་ཤེས་པར་བྱ་དགོས་སོ། །གང་ལྟར་ཡང་སྔགས་ཐུན་གྱི་མཚམས་སམ་མཇུག་ཅི་རིགས་པར་ལག་པ་གནམ་ལྕགས་ཀྱི་ཐལ་མོ་རྡེབ་བཞིན་དྲང་སྲོང་གི་དམོད་པ་འདི་ཉིད་རྫས་སྔགས་དང་ལྡན་པས་བསྒྲུབ་པར་བྱ་སྟེ། སྡེ་བརྒྱད་བཅུད་ཕུར་ལས། སྨྱོ་འདུལ་ཟོར་ཁམ་ནན་བསད་བསྐྲདཿ དྲག་སྔགས་ལན་བརྒྱད་བཟླས་རྗེས་སུཿ བཀའ་ལྟར་མི་བྱེད་ཅེས་སོགས་ཀྱིཿ དམོད་མོ་འབོར་ཞིང་ཐུན་གྱིས་བྲབཿ དྲི་ཆེན་རྟ་བོན་རྫས་ཀྱིས་བདུགཿ གཅན་གཟན་གདུག་པའི་མཆེ་བས་འབྲདཿ དེས་ནི་མི་འདུལ་མི་སྲིད་དོཿ ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་དམོད་བོར་ནས་སླར་ཡང་རིག་སྔགས་ལ་ངེས་ཤེས་བསྐྱེད་པའི་ཕྱིར། བཀའ་བསྒོ་འདི་ཡི་ནུས་པ་ཡིས། །ཅེས་པ་ལ་སོགས་པ་བརྗོད་ཅིང་ཡིད་ལ་བསམ་མོ། །བཞི་བ་མན་ངག་སེམས་ལ་ཤེས་པར་བྱ་བའི་དོན་ནི། གོང་དུ་ཞི་བའི་སྐབས་སུ་ཇི་ལྟར་བཤད་པ་བཞིན་ཐུན་མཐའ་ཀུན་ཏུ། སྙིང་གའི་ཧཱུཾ་ཡིག་ལ་སེམས་རྩེ་གཅིག་ཏུ་གཏད་དེ་དེ་གའི་ངང་དུ་ལྷར་སྣང་རགས་པ་ཐམས་ཅད་བསྡུས་ནས་དམིགས་མེད་ལ་ཅི་གནས་སུ་མཉམ་པར་འཇོག་པའོ། །དེ་དག་གིས་ནི་སྒྲུབ་པའི་དངོས་གཞི་མདོ་ཙམ་སྨྲོས་ནས། གསུམ་པ་རྗེས་ཀྱི་བྱ་བ་ནི། མཆོད་བསྟོད་ཕུལ་ནས་སྤྱོད་ལམ་བསྐྱང་བ་དང་། དྲང་སྲོང་དང་ཆོས་སྐྱོང་རྣམས་ལ་གཏོར་མ་འབུལ་བ། ཚོགས་ལས་ཀྱི་རིམ་པ་ལ་འཇུག་པ་སོགས་ཏེ། དེ་དག་ནི་ཆོག་ཁྲིགས་ཀྱི་དཀྱུས་སུ་ཇི་ལྟར་གསལ་བ་བཞིན་ཐུན་བཞི་ཆར་རམ་ཅི་ནུས་སུ་བརྩོན་པར་བྱའོ། །ཁྱད་པར་སྲོད་ཀྱི་ཐུན་མཇུག་ཏུ་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་དང་བཅས་པ་བགྱིས་ནས། རྨི་ལམ་འོད་གསལ་གྱི་སྦུབས་སུ་གཞུག་པ་རྣམས་བྱའོ། །རྒྱུན་གྱི་སྤྱོད་ལམ་འདི་དག་གི་དོན་ཡང་། རང་གཞུང་དུ་གསུངས་པ་ནི་འདི་ཡིན་ཏེ། ཉལ་ན་ཆུ་ལ་ལངས་ན་མེཿ འདུག་ན་བྲག་ལ་འགྲོ་ན་རླུངཿ གསལ་བ་དར་ལྡན་སྤྱོད་ལམ་མོཿ ཞེས་པ་སྟེ། དེ་ཡི་དོན་ཡང་། ཉལ་བའི་དུས་སུ་ནི་ལྷ་སྣང་གི་སྤྲོས་པ་ཐམས་ཅད་དེ་བཞིན་ཉིད་དུ་སྡུད་ཅིང་། ཆོས་ཐམས་ཅད་འོད་གསལ་བ་ལ་རྣམ་པར་རྟོག་པའི་གྲྭ་ཟུར་དང་ཁྲོ་བ་མི་མངའ་བས་ན་མཉེན་པའི་རང་བཞིན་ཅན་ཏེ། རྣམ་པ་གཅིག་ཏུ་ན་ཆུ་ཁམས་རྣམ་པར་དག་པ་ཉིད་དབྱིངས་ཀྱི་ཡུམ་ཆེན་མཱ་མ་ཀིའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །གང་ཞིག་མཉམ་པར་བཞག་པ་ལས་སམ་ཉལ་བ་ལས་ལངས་པའི་དུས་སུ་ནི། ཆུ་ལས་ཉ་འཕར་བའི་ཚུལ་ལམ། ཤིང་ལས་མེ་འབར་བའི་ཚུལ་དུ་ལྷག་པའི་ལྷ་དྲང་སྲོང་ཞི་བའི་རྣམ་པར་གསལ་བའི་ལྷར་སྣང་གི་མེ་དེས་མ་དག་པའི་སྣང་ཞེན་ཐམས་ཅད་བསྲེག་པར་བྱ་བ་དང་། ཡང་ན་མེ་ཁམས་རྣམ་དག་གོས་དཀར་མོའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །ཉིན་སྣང་གི་ལམ་ཁྱེར་བྱེ་བྲག་པ་ལ་ཡང་། གང་དུ་འདུག་པའི་དུས་སུ་ནི་རྟེན་གནས་ཀྱི་རྣམ་པར་སྣང་བ་རྣམས་ཀྱང་སྲ་ཞིང་བརྟན་པ་ས་ཡི་ཁམས་ཉིད་རྣམ་པར་དག་པ་ཡུམ་ཆེན་སངས་རྒྱས་སྤྱན་མའི་མཁའ་ཀློངས་སུ། བརྟེན་པ་བདག་རྒྱུད་ཀྱིས་བསྡུས་པའི་གཟུགས་ཀྱི་ཕུང་བོ་རྣམས་ནི་བདེ་བར་གཤེགས་པ་མ་ལུས་པའི་སྐུ་རྡོ་རྗེའི་བྲག་རི། གཞོན་གཞིག་དང་བྲལ་བ་ཉིད་དོ་སྙམ་དུ་ལམ་ཁྱེར་བྱའོ། །གང་དུ་བསྐྱོད་ནས་འགྲོ་ན་ནི། སྲིད་པའི་རང་བཞིན་གཡོ་བའི་ཆོས་ཅན་ཉིད། རང་དང་གཉིས་སུ་མེད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དམིགས་ཏེ། དེའི་དེ་བཞིན་ཉིད་དུ་གྱུར་བ་ཟབ་མོ་སྟོང་བ་ཉིད་ཀྱི་ངང་ནས་འགྲོ་བར་བྱ་བའམ། ཡང་ན་རླུང་ཁམས་རྣམ་དག་དམ་ཚིག་སྒྲོལ་མའི་ལམ་ཁྱེར་ལ་བསླབ་པར་བྱ་སྟེ། འདི་ལ་གཞན་ཡང་དཔྱད་པར་བྱ་བའི་ཡུལ་དུ་མ་ཞིག་ཡོད་མོད་དེ། རེ་ཞིག་དེ་ཙམ་དུ་བསྡུའོ། །དེ་དག་གང་གི་དུས་སུའང་རང་རང་གི་སྐབས་ཀྱི་ལམ་ཁྱེར་རྣམས་མོས་པ་ལམ་བྱེད་ཙམ་མ་ཡིན་པར། ཤིན་ཏུ་གསལ་ཞིང་དེ་དང་དེའི་ང་རྒྱལ་གྱི་ངར་དང་ལྡན་པ་ཞིག་ནི་ཅི་ནས་ཀྱང་དགོས་པར་སྣང་སྟེ། གོང་དུ་གསལ་བ་ངར་ལྡན་ཞེས་གསུངས་པའི་ཕྱིར་རོ། །དེ་དག་གིས་ཁྲོ་བོར་བསྒྲུབ་པའི་ཚུལ་ཅུང་ཟད་སྨྲོས་ཟིན་ཏོ། །སྤྱི་དོན་གསུམ་པ་ལས་ལ་སྦྱོར་བ་ལའང་། གང་ཞིག་དགུག་པ་དང་། བསྐྲད་པ་དང་། བཅིང་བ་དང་། འགྲོ་བ་དང་། གསོ་བ་དང་། གསོད་པ་དང་། གཞན་སྡེ་ཕམ་པར་བྱ་བ་དང་། རང་ཉིད་བསྲུང་བ་དང་། བྱད་ཕུར་བཟློག་པ་ལ་སོགས་པའི་ལས་ཀྱི་རིམ་པ་ཇི་ལྟར་འདོད་པ་རྣམས་ཏེ། འདི་དག་ཀྱང་རང་རང་གི་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཉམས་སུ་ལེན་དགོས་མོད་དེ། དེའི་ཚུལ་ནི་མཁས་ཤིང་གྲུབ་པ་བརྙེས་པའི་རིག་འཛིན་དམ་པ་རྣམས་ཀྱིས་ཤིན་ཏུ་གསལ་བར་གཏན་ལ་ཕབ་ཟིན་པས་མ་སྤྲོས་སོ། །འོན་ཀྱང་གོང་དུ་ཇི་ལྟར་སྨྲོས་པ་བཞིན་གྱི་བསྙེན་སྒྲུབ་གནད་དུ་སོང་ཕྱིན་སླར་དམིགས་པའི་བདེ་ཁ་བསྒྱུར་ནས་སྔགས་བཟླས་པ་ཙམ་གྱིས་ཀྱང་། ལས་དེ་དག་འགྲུབ་པ་ལ་ཚེག་མེད་པ་ཡིན་ཏེ། སྔོན་གྱི་དུས་སུ་དྲང་སྲོང་དྲི་མེད་ཀྱི་སྔགས་ལན་བདུན་བཟླས་པ་ཙམ་གྱིས་རྒྱལ་པོ་མྱ་ངན་མེད་ནད་ལས་གྲོལ་པར་མཛད་པ་བཞིན་ནོ། །དེས་ན་ཇི་ལྟར་སྨྲོས་པའི་བསྙེན་སྒྲུབ་ཀྱི་ལག་ལེན་རྣམས་དཔྱིས་ཕྱིན་པར་བགྱིས་ནས། ལྷག་པའི་ལྷ་འདི་ཉིད་ཀྱི་སྒོ་ནས་སྙིགས་དུས་ཀྱི་དམ་སྲི་འབྱུང་བོའི་ཚོགས་རྣམས་མིང་གི་ལྷག་མར་བགྱིད་འཚལ་ལོ། །དེ་ལྟར་བསྙེན་སྒྲུབ་བར་ཆད་མེད་པར་གྲུབ་ནས་མཚམས་འགྲོལ་བ་ལ་བབས་པ་ན། ཁ་སྐོང་གི་སྦྱིན་སྲེག་དང་རྒྱལ་ཐོ་འགྲོལ་བ། གནས་མལ་བསྲུང་བ་སོགས་དང་། ཇི་ལྟར་བསྒྲུབ་པའི་དུས་ཀྱི་སྤངས་བླང་གི་དམ་ཚིག་རྣམས་དང་བཅས་པ་ནི། རང་གཞུང་རྩ་བ་དང་། ཆོ་ག་སྤྱིའི་འགྲོས་ལྟར་ཤེས་པར་བྱའོ། །འདིར་སྨྲས་པ། རིག་སྔགས་གྲུབ་པའི་བསམ་སྦྱོར་མེ་ཆར་གྱིས། །མཐར་ལྟའི་མུ་ལ་སྟེགས་འཆའ་དམ་སྲིའི་མགོ །གཅིག་ཅར་འགེམ་མཛད་འཕྲུལ་གྱི་མཚོན་འཁོར་འདི། །དྲང་སྲོང་རིག་འཛིན་བརྒྱུད་པའི་ཕྱག་ཆ་ཡིན། །ལྷ་དང་བླ་མ་གསང་བདག་དངོས་ཞེས་ནམ་ཡང་འགྱུར་མེད་མོས་གུས་ཀྱིས། །ཅིར་སྣང་གདམས་པར་འཆར་བའི་གསོལ་འདེབས་སྙིང་ལ་རི་མོ་བྲིས་པ་དེའི། །བཤུལ་ལམ་ལོག་སྨྲས་བསུབས་པར་ནུས་མིན་རྟེན་འབྲེལ་ཟབ་མོས་ཉེར་བསྐུལ་ཏེ། །འདི་ན་སླར་ཡང་གཟིགས་མོ་རྣམ་བཀྲ་མཆོག་དགའི་བློ་གྲོས་མགྲོན་དུ་བཀུགས། །ཆོས་ཚུལ་སྣང་བ་ཤིན་ཏུ་རྒྱ་ཆེ་ཉི་མ་ཟླ་བའི་རྗེས་སོང་ཡང་། མཚན་མོར་གྱུར་གང་སྒྲོན་མེའི་འོད་ལ་སྣང་གསལ་མཆོག་ཏུ་འཛིན་པ་ལྟར། །གཞུང་ལུགས་ཀུན་མཁྱེན་མཁས་མཆོག་རྣམས་ལ་འདི་ཡིས་དགོས་པ་ཡོད་མིན་ཀྱང་། །རང་དང་རང་འདྲའི་བློ་རྨོངས་གང་དག་ལམ་ཕྱོགས་ཙམ་ཞིག་མཐོང་ཕྱིར་ཡིན། །མཐུ་སྟོབས་རླན་བྲལ་འགོང་གཟུགས་སྦུར་མའི་ཕུང་། །འཇིགས་འཇིགས་རི་བོའི་ཟོལ་གྱིས་གནས་པ་ཀུན། །ཁྲོ་གཏུམ་མི་བཟད་དྲག་སྔགས་མེ་ཆེན་འདིས། །རྔམས་རྔམ་ཟ་བཞིན་ལྷག་མེད་བསྲེག་གྱུར་ཅིག །ཅེས་སྔགས་རྒོད་ལོག་ཏྲི་པཱ་ལའི་བསྙེན་སྒྲུབ་ཅི་ལྟར་བྱ་བའི་མན་ངག་གི་ཡི་གེ་གནམ་ལྕགས་ཞུན་མའི་མཚོན་འཁོར་ཞེས་བྱ་བ་འདི་ནི། མང་དུ་ཐོས་པའི་བློ་གྲོས་ཀྱི་པདྨོ་རྣམ་པར་བཞད་ཅིང་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྐྱེད་རྫོགས་ལ་གཅེས་ནོར་དུ་འཛིན་པའི་དགེ་སློང་རྡོ་རྗེ་འཛིན་པ་བྱམས་པ་ཕྲིན་ལས་ཡོན་ཏན་ནས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཇི་ལྟར་བསྐུལ་བཞིན། རྨ་བན་རིན་ཆེན་མཆོག་གིས་བྱིན་གྱིས་བརླབས་ཤིང་། རོང་སྟོན་ཤེས་བྱ་ཀུན་གཟིགས་ལ་སོགས་གྲུབ་བརྙེས་ཀྱི་རིག་འཛིན་དུ་མས་རིམ་པར་ཞབས་ཀྱིས་བཅག་པའི་གདན་ས་ཆེན་པོ་དཔལ་ན་ལེནྟྲའི་ཆོས་སྡེ་རུ། ༧གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་བཀའ་འབངས་སུ་གཏོགས་པའི་མདོ་ཁམས་ཀྱི་བནྡེ་ཆོས་སྨྲ་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་ལེགས་པར་སྦྱར་བ་འདིས་ཀྱང་སྙིགས་དུས་ཀྱི་རྒྱལ་འགོང་དམ་སྲིའི་ཚོགས་མ་ལུས་པ་རྣམས་ལྷར་སྣང་ཕྱག་རྒྱ་ཆེན་པོའི་ཟིལ་འོག་ཏུ་ནོན་པར་གྱུར་ཅིག་གུ། །སརྦ་མངྒ་ལཾ། །

བཀའ་བགོ་བྱེད་ཚུལ་ཁྲག་འཐུང་རོལ་པའི་གད་རྒྱངས།

༄༅། །བཀའ་བགོ་བྱེད་ཚུལ་ཁྲག་འཐུང་རོལ་པའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ། །མ་རུང་བདུད་སྡེའི་སྙིང་ཁྲག་འཐུང་བ་ལ། །གཅིག་ཏུ་དཔའ་བའི་འཇིགས་མཛད་ཧེ་རུ་ཀ །དཀྱིལ་འཁོར་རྒྱ་མཚོའ་ཁྱབ་བདག་བླ་མ་རུ། །བདེ་ཆེན་གར་གྱིས་རོལ་པ་དེ་ལ་འདུད། །དེ་ཡང་འདིར་མ་རུང་བའི་འབྱུང་པོ་རྣམས་ལ་བདེན་པའི་བཀའ་བགོ་བ་ལ། ཐོག་མར་རང་ཉིད་ལྷར་གསལ་ནས་ཆེ་བ་བསྐྱེད་པ་དང་། བདེན་པ་གསོལ་ནས་བགེགས་བསྐྲད་པ་དངོས་དང་། རྗེས་ལ་བསྒྲུབ་བྱའི་ཕུང་ཁམས་ལྷར་སྣང་དུ་སྦྱངས་ནས་བྱིན་གྱིས་རློབས་པ་སྟེ་གསུམ་ལས། །དང་པོ་ནི། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བརྗོད་པས། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག ཞལ་གསུམ་ཕྱག་དྲུག་པ། གར་གྱི་ཉམས་དགུས་བརྗིད་ཅིང་། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཏེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་གདུག་པ་ཅན་རྣམས་ཟིལ་གྱིས་གནོན་པའི་ཚུལ་གྱིས་བཞུགས་པ་གཅིག་ཏུ་གྱུར་པར་བསམ་ལ། ཧཱུཾ་ཧཱུཾ་ཧཱུཾ། ང་ནི་ཡེ་ནས་ཁྲོ་བོའི་རྒྱལ། །ཆོས་ཉིད་ངང་གིས་ཁྲོས་པས་ན། །རྣམ་རྟོག་རྒྱུ་བའི་གནས་མེད་པས། །མཚན་འཛིན་ཆོས་སྐུའི་ཀློང་དུ་དེངས། །ཧཱུཾ་ཧཱུཾ་ཧཱུཾ། ང་ནི་ཡེ་ཤེས་རོལ་པའི་སྐུ། །ཐུགས་རྗེ་ཤུགས་ཀྱིས་ཁྲོས་པས་ན། །ལོག་རྟོག་རྒྱུ་བའི་གནས་མེད་པས། །མ་དག་སྣང་ཞེན་ལོངས་སྐུར་དེངས། །ཧཱུཾ་ཧཱུཾ་ཧཱུཾ། ང་ནི་འཇིགས་བྱེད་ཧེ་རུ་ཀ །ཕྲིན་ལས་ཕྱག་རྒྱར་ཁྲོས་པས་ན། །འདྲེ་གདོན་རྒྱུ་བའི་གནས་མེད་པས། །བགེགས་ཚོགས་སྤྲུལ་སྐུའི་ངང་དུ་དེངས། །ཧཱུཾ་ཧཱུཾ་ཧཱུཾ། སྤྱི་དཔལ་ཆེན་པོའི་བཀའ་བྱུང་གིས། །གནོད་བྱེད་ལོག་འདྲེན་འབྱུང་བོ་རྣམས། །འབར་བའི་གནས་འདིར་མ་སྡོད་ཅིག །ཁྱོད་ལ་སྡིག་པར་འགྱུར་ཏ་རེ། །ཞེས་བརྗོད་ཅིང་དོན་བསམ། གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་བདེན་པ་གསོལ་པ་ནི། ན་མོ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྐང་གཉིས་རྣམས་ཀྱི་མཆོག་ཏུ་གྱུར་པའི་བདེན་པ་དང་། དམ་པའི་ཆོས་ཞི་བ་འདོད་ཆགས་དང་བྲལ་བའི་བདེན་པ་དང་། འཕགས་པའི་དགེ་འདུན་ཚོགས་རྣམས་ཀྱངམཆོག་ཏུ་གྱུར་པའི་བདེན་པ་དང་། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་སྟེ། བདེན་པ་འདི་དག་ངེས་པར་བདེན་ཞེ་ན། བདེན་པ་དང་བདེན་པའི་སྟོབས་གང་གིས་བསྲུང་བྱ་སྦྱིན་པའི་བདག་པོ་ཆེ་གེ་མོ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་གཞི་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག བར་གདོན་བཙན་དང་རྒྱལ་པོ། འཕྲལ་གདོན་ཟ་འདྲེ་ཤི་གཤེད་ལ་སོགས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། གདོན་རིགས་ཉི་ཁྲི་ཆིག་སྟོང་དུ་གཏོགས་པའི་བགེགས་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་འདིར་མི་གནས་པར་གཞན་དུ་འགྲོ་བར་གྱུར་ཅིག །ཞེས་ལན་གསུམ་སོགས་བརྗོད་པར་བྱའོ། །གཉིས་པ་བགེགས་བསྐྲད་པ་དངོས་ནི་སྔགས་གུལ་གྱིས་བདུག་ཅིང་ཡུངས་ཀར་གྱིས་བྲབ་བཞིན། རོལ་མོའི་མཚམས་རྔམས་དང་བཅས་ཏེ་ལྟ་སྒོམ་གྱི་གདེངས་བསྐྱེད་ནས། གང་དག་མི་འགྲོ་བ་དེ་དག་བདག་ཉིད་དཔལ་ཆེན་པོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཁྲོ་བོ་འཆོལ་བའི་སྤྲིན་དུ་སྤྲོས་པས་སྐད་ཅིག་ཉིད་ལ་རྡུལ་དུ་བརླགས་པར་གྱུར། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལི་ནི་ཧཱུཾ་ཕཊ། ཞེས་བརྗོད་པས་དཔལ་ཆེན་པོ་ཡབ་ཡུམ་དབུ་ཕྱག་གྲངས་མེད་པར་སྤྲུལ་ལ། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ། ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཞེས་སྦྱོར་མཚམས་ནས་ཁྲོ་བོའི་སྤྲིན་སྤྲོ། ཧཱུཾ་ཧཱུཾ་ཧཱུཾ་ཧ་ཧ་ཧ་ཁཱ་ཧི་ཁཱ་ཧི། ཞེས་ཁྲོ་བོའི་ཚོགས་ཀྱིས་བགེགས་རྣམས་བསྒྲལ་ནས་གསོལ་བར་བསམས། ཧཱུཾ་ཧཱུཾ་ཧཱུཾ་བྷྱོ་ཨེ་ཨ་ར་ལི་ཛ་ཛཿ ཞེས་པས་བགེགས་ཀྱི་འཁོར་རྣམས་ཀྱང་བསྡུས་ནས་སྔགས་འོག་མ་རྣམས་ཀྱིས་བསྒྲལ་བ་དང་དབང་དུ་བྱས་པར་བསམ། ཨོཾ་སུཾ་བྷ་ནི་སོགས་ཧཱུཾ་བཞི་དང་། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་སོགས། དྲག་སྔགས་སོ་ལྔ་པ་དང་གཞན་ཡང་དྲག་སྔགས་འོས་རིགས་གང་ཤེས་བརྗོད་མཐར་སྟོང་ཉིད་ཀྱི་ངང་ནས་ཧཱུཾ་གང་མང་བརྗོད་ཅིང་མཐར། བགེགས་ཚོགས་ལོགས་པར་འདྲེན་པ་ཐམས་ཅད་ཕྱིར་བསྐྲད་འོད་ཟེར་མེ་དཔུང་དང་བཅས་པ་ཚུར་འདུས་སྲུང་བྱའི་ལུས་ལ་ཐིམ་པའི་གནས་བཅུར་ཁྲོ་བོ་བཅུ་དང་། ཕྱི་རོལ་ཕྱག་རྒྱ་ལྔའི་གོ་ཆ་ཡེ་ཤེས་ཀྱི་མེ་འབར་བས་ཡོངས་སུ་བཅིངས་པས་ཅིས་ཀྱང་མི་ཆོད་མི་ཤིག་པའི་བདག་ཉིད་དུ་གྱུར་པར་བསམ། གསུམ་པ་ལའང་གཉིས་ལས། དང་པོ་བསྒྲུབ་བྱའི་ཕུང་ཁམས་ལྷར་སྣང་དུ་སྦྱང་བ་ནི། དེ་ལྟར་གྱུར་པའི་བསྲུང་བྱའི་ཕུང་ཁམས་སྐྱེ་མཆེད་མཐའ་དག་ཕུང་བོ་ལྔར་བསྡུས་ཏེ། དེ་ཉིད་ཀྱི་དག་འབྲས་གནས་འགྱུར་གྱི་ཁྲོ་བོ་ལྔར་གསལ་ནས། དེ་དག་བརྟན་པའི་ཕྱིར་སྔགས་ཟླ་བ་ནི། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་རྣམ་པར་ཤེས་པའི་ཕུང་བོ་གནས་འགྱུར་བ་ཡང་དག་གིའོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། གཟུགས་ཕུང་གནས་འགྱུར་བ་གཤིན་རྗེ་གཤེད་ཀྱིའོ། །ཨོཾ་པདྨ་ཏ་ཀྲི་ཏ་མ་ཧ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། འདུ་ཤེས་གནས་འགྱུར་བ་རྟ་མགྲིན་གྱིའོ། །ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ་སརྦ་བིགྣ་བཾ་ཧཱུཾ་ཕཊ། འདུ་བྱེད་གནས་འགྱུར་བ་རྡོ་རྗེ་ཕུར་བའི་འོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཚོར་ཕུང་གནས་འགྱུར་བ་བདུད་རྩི་འཁྱིལ་བའི་འོ། །དེ་དག་སོ་སོར་བདུན་རེ་ཙམ་བཟླས་ནས་མཐར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། །ཞེས་བརྟན་པར་བྱའོ། །གཉིས་པ་བྱིན་རླབས་བྱེད་པ་ནི། གོང་དུ་བཟླས་པའི་སྔགས་ཀྱི་ཕྲེང་བའམ། ཕྱག་མཚན་ལ་བསྔགས་ཏེ་བསྲུང་བྱའི་སྤྱི་བོར་བཞག་ནས། ཨོཾ་ཨཱ་ཧཱུཾ། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། རྒྱལ་སྲས་རིགས་གསུམ་མགོན་པོ། རིགས་ཅན་དྲ་མ་རྣམ་ལྔ། ཆོས་རྒྱལ་ལུང་བསྟན་རྡོ་རྗེ། རིག་འཛིན་དགའ་རབ་རྡོ་རྗེ། ཐུགས་སྲས་པཎ་ཆེན་ཉེར་ལྔ། གྲུབ་པའི་རིག་འཛིན་རྣམ་བརྒྱད། ཨོ་རྒྱན་པདྨ་འབྱུང་གནས། མཁན་ཆེན་བྱང་ཆུབ་སེམས་དཔའ། ཆོས་རྒྱལ་མེས་དབོན་རྣམ་གསུམ། སྐལ་ལྡན་སྙིང་གི་བུ་དགུ། མཁས་མཆོག་སྐ་ཅོག་ཞང་གསུམ། རོང་ཟོམ་ཆོས་ཀྱི་བཟང་པོ། ཀུན་མཁྱེན་དྲི་མེད་འོད་ཟེར། འཁོར་ལོའི་མགོན་པོ་རྩ་བའི་བླ་མ་ལ་སོགས་སྔ་འགྱུར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་བསྲུང་བྱ་ཆེ་གེ་མོའི། འདིའི་ལུས་ལ་སྐུ་ཡི་སྒོ་ནས་བྱིན་གྱིས་བརླབས་པར་མཛད་དུ་གསོལ། ངག་ལ་གསུང་གི་སྒོ་ནས་བྱིན་གྱིས་བརླབས་པར་མཛད་དུ་གསོལ། ཡིད་ལ་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབས་པར་མཛད་དུ་གསོལ། འདུག་ས་འདི་རུ་བྱིན་གྱིས་བརླབས་པར་མཛད་དུ་གསོལ། མྱུར་བ་ཉིད་དུ་བྱིན་གྱིས་བརླབས་པར་མཛད་དུ་གསོལ། སྐད་ཅིག་ཉིད་ལ་བྱིན་གྱིས་བརླབས་པར་མཛད་དུ་གསོལ། ཞེས་བརྒྱུད་པའི་བཤར་འདེབས་ལན་གསུམ་སོགས་ཀྱི་མཐར། ཨོཾ་ཨཱ་ཧཱུཾ་སརྦ་མ་ཧཱ་གུ་རུ་ཀཱ་ཡ་ཝ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུཾ། ཞེས་བརྗོད་ནས། སླར་ཡང་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྟེང་གི་ནམ་མཁར་བྱོན་ནས་བཀྲ་ཤིས་པའི་མེ་ཏོག་གི་ཆར་འབེབ་བཞིན་བསྲུང་བྱ་ལ་ཐིམ་པའི་མོས་པ་དང་བཅས། ཨོཾ་ཡེ་དྷརྨ་སོགས་ཀྱི་མཐར། སྟོན་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག སོགས། ཀུན་བཟང་རྡོར་སེམས་སོགས། འོག་མིན་ཆོས་ཀྱི་སོགས། རྒྱལ་བ་སྲས་བཅས་སོགས། བགེགས་རིགས་སྟོང་ཕྲག་སོགས། ལོ་བརྒྱ་ཐུབ་ཅིང་སོགས། བཀྲ་ཤིས་ཇི་རིགས་བརྗོད་པར་བྱའོ། །འདིར་སྨྲས་པ། བགེགས་ཆེན་འདུལ་བའི་ཐབས་ཚུལ་གྲངས་མང་ཞིང་། །རྒྱལ་བའི་འཕྲིན་ལས་སྒྲུབ་པའང་ཆེར་མང་མོད། །ཚུལ་འདི་མཐོང་བཞིན་བདག་གིས་འདིར་བཤད་པ། །བསྟན་བཅོས་གང་ཟག་དང་བཅས་སྒེར་རྒྱུག་ཙམ། འོན་ཏེ་བསྟན་གཞུང་སྤྱི་ལ་ཕན་ཆུང་ཡང་། །བསྐུལ་པོའི་རེ་བ་སྐོང་འདོད་ལྷག་བསམ་གྱིས། །འདི་བྲིས་དགེ་བ་ཉིན་མོར་བྱེད་པའི་གཟིས། །གནོད་བྱེད་གདུག་པའི་ཁྲི་མུན་སེལ་བར་ཤོག །ཅེས་བཀའ་བསྒོ་བྱེད་ཚུལ་ཁྲག་འཐུང་རོལ་པའི་གད་རྒྱངས་ཞེས་བྱ་བ་འདི་ནི། སྒྲུབ་བརྩོན་རྣལ་འབྱོར་བ་མཐུ་སྟོབས་རྡོ་རྗེ་ནས་ལྷ་རྫས་དང་བཅས་ཇི་ལྟར་བསྐུལ་བའི་རེ་བ་སྐོང་ཕྱིར། མདོ་ཁམས་ཀྱི་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་ཟབ་གཏེར་དུ་མའི་འབྱུང་གནས་བོད་ཀྱི་རི་བོ་རྩེ་ལྔར་གྲགས་པ་དྭགས་ལུང་ཁྲ་མོ་བྲག་ནས་སྤེལ་བ་འདིས་ཀྱང་། རྒྱལ་འགོང་དམ་སྲིའི་ཚོགས་མ་ལུས་པ་རྣམས་ཅིག་ཆར་དུ་འཇོམས་ནུས་པར་གྱུར་ཅིག། མངྒ་ལཾ།། །།

བསངས་ཀྱི་དོན་བཤད་ཕན་བདེའི་གྲུ་ཆར།

༄༅། །བསངས་ཀྱི་དོན་བཤད་ཕན་བདེའི་གྲུ་ཆར་བྱ་བ་བཞུགས་སོ། །ཆོས་དབྱིངས་སྤྲོས་བྲལ་མཁའ་ལས་མ་གཡོས་བཞིན། །ཟག་མེད་ཡེ་ཤེས་མཆོག་གི་ཆུ་ཟླའི་གར། །བདེ་ཆེན་རྒྱ་མཚོའི་ལྟོ་བར་རོལ་མཛད་པའི། །ཧེ་རུ་ཀ་དཔལ་ལྷ་བཙུན་མགོན་དེས་སྐྱོངས། །དེ་ཡང་འདིར་གྲུབ་པའི་རིག་འཛིན་ཆེན་པོ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་ཐུགས་གཏེར་དག་སྣང་ལས་བྱུང་བའི་ཆོས་སྐོར་ཟབ་ཆོས་རིག་འཛིན་སྲོག་སྒྲུབ་ཀྱི་ཆ་ལག་རི་བོ་བསངས་མཆོད་དུ་གྲགས་པའི་འབྲུ་འགྲེལ་ཅུང་ཟད་འཆད་པ་ལ། བསངས་མཆོད་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་ནས་བཤད་པ་དང་། གཞུང་གི་འབྲུ་འགྲེལ་རྒྱས་པར་བཤད་པ་སྟེ་གཉིས་ལས། དང་པོ་ནི། སྤྱིར་བཏང་བསངས་མཆོད་གྱི་ཁུངས་མདོ་རྒྱུད་ནས་བཤད་པ་མེད་ཅེས་ཁ་ཅིག་འདོད་ཅིང་། གཞན་དག་མདོ་སྡེ་དག་ལས་སྦྱིན་བདག་རྣམས་ཀྱིས་བཅོལ་ལྡན་འདས་སྤྱན་འདྲེན་པ་ན། ཐོག་ཁར་ཕྱིན་ཏེ་སྤོས་བརྟུལ་བ་དང་། ལག་ཏུ་པོག་ཕོར་ཐོགས་པ་ལ་སོགས་པ་བཤད་པ་དེ་བསངས་ཀྱི་ཁུངས་ཡིན་པར་འཆད་ཅིང་། དེ་དང་མཐུན་པར་རྒྱུད་སྡེ་རྣམས་ནས་ཀྱང་མང་དུ་འབྱུང་བ་དག་ཀྱང་དེ་ཡིན་པར་བཞེད་དོ། །དེ་ལྟར་ནའང་ཚུལ་འདི་འཇིག་འདས་ཀྱི་ལྷ་དག་ལ་བསངས་ཀྱི་མཆོད་པ་འབུལ་བའི་ཕྱོགས་དང་ནི་འགྲིགས་མོད་ཀྱི། ད་ལྟའི་བསངས་ལ་དེར་མ་ཟད་མནོལ་བསངས་དང་། གྲིབ་བསངས་ཟེར་བ་དག་གིས་མཚོན། གཙང་བྱེད་ཀྱི་ལས་སུ་དམིགས་པའི་ཕྱོགས་ཀྱང་མཆིས་པའི་ཕྱིར་མཐའ་གཅིག་ཏུ་ཁ་ཚོན་གཅོད་པར་དཀའ་ཡང་། བསངས་ཀྱི་ལོ་རྒྱུས་ཕྱི་མོ་རྣམས་ལ་རྗེས་སུ་དཔགས་ན་ཕྱོགས་སྔ་མ་ནི། གོང་དུ་སྨོས་པའི་ཁུངས་རྣམས་དང་གོ་བརྟུན་པར་རིགས་ལ། ཕྱི་མ་གཙང་བྱེད་ཀྱི་ཕྱོགས་སྒྲུབ་པ་ནི། སྤྱིར་རྒྱལ་བ་རྣམས་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དབང་གིས་འགྲོ་བ་རྣམས་ཐབས་ཇི་ལྟ་བུས་འདུལ་བར་འགྱུར་བ་དེ་ཉིད་ཀྱི་སྒོ་ནས་གདུལ་བར་མཛད་པའི་ཕྱིར། འདིར་ཡང་རང་བཞིན་གྱིས་དག་པའི་འབྱུང་བ་ཆེན་པོ་ས་དང་། ཆུ་དང་། མེ་དང་། རླུང་སྟེ། དེ་དག་ཅི་རིགས་པའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་སྒྲིབ་པའི་དྲི་མ་རྣམས་གཙང་བར་བྱེད་པའམ། དག་པར་བྱེད་པའི་ཐབས་ཚུལ་ཇི་སྙེད་ཅིག་གསུངས་ཏེ། ཚུལ་འདི་ཡང་ཐུན་མོང་དུ་ཁྱིམ་བདག་དཔལ་སྦས་ཀྱི་ཟས་དུག་སྦྱོང་པའི་ཚིག་བཅད་དག་གིས་ཀྱང་མཚོན་ནུས་ཤིང་། དེ་ཡང་རྨ་བྱས་དུག་ཟོས་པ་དང་། རྣ་བར་ཆུ་ཞུགས་པ་སོགས་ཀྱི་དཔེས་དུག་གིས་དུག་ཉིད་སྦྱོང་བའི་དག་པ་ཐུན་མོང་མ་ཡིན་པའང་སྦྱར་དུ་ཡོད་དོ། །དེར་མ་ཟད་སྔགས་ཀྱི་གཞུང་ལས་ནི་རྗེས་འཇུག་གདུལ་བྱའི་ཉམས་ལེན་དང་སྦྱར་ཏེ། འབྱུང་བ་སོ་སོས་དག་བྱེད་ཀྱི་ཐབས་མང་དུ་གསུངས་པ་ལ། བྱ་བའི་རྒྱུད་དག་ལས། ས་དང་ཆུ་ཡིས་ཉེ་རེག་དང་། བྱབ་ཁྲུས་བྱ་བར་བཤད་པ་དང་། སྔགས་རྒྱུད་ཐུན་མོང་ལས་ཀྱང་། མེ་ལ་ཞི་སྦྱིན་བྱ་བ་དང་། རླུང་བསངས་བྱ་བ་སོགས་མང་དུ་འབྱུང་བའི་ཕྱིར་ཚུལ་འདིར་གླན་ཀ་མེད་པ་གཞིར་བཞག་ལ། རིགས་པས་ཀྱང་འགྲུབ་སྟེ། རྒྱལ་བའི་ཕྲིན་ལས་ཀྱི་འཇུག་པ་གདུལ་བྱའི་རྗེས་སུ་འགྲོ་བ་ནི་ནམ་ཡང་འགོགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེས་ན་འདིར་དེ་དག་ལས་བྱེ་བྲག་འབྱུང་བ་མེ་ལ་བརྟེན་ནས་གནས་སྐབས་དང་མཐའ་ཐུག་གི་སྒྲིབ་པ་མ་སངས་པར་འཐིབ་པ་རྣམས་བསངས་པར་བྱེད་པའི་ཐབས་དེ་ཆེད་དུ་བཤད་པ་ཡིན་ཏེ། འདི་བོད་དུ་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི། སྔོན་གྱི་དུས་སུ་གངས་རིའི་ལྗོངས་འདིར་རིགས་གསུམ་གྱི་སྤྲུལ་པའི་ཆོས་རྒྱལ་རིམ་པར་བྱོན་པའི་ནང་ཚན་འཇམ་དཔལ་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་སྤྱན་དྲངས་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་བཞེངས་པའི་གནས་སྐབས་ཤིག་ན་ཆོས་རྒྱལ་ཆེན་པོ་ལ་སྐུ་གྲིབ་ཀྱི་བསྙུན་གསོལ་བ་ན། ཚུལ་དེ་སློབ་དཔོན་ལ་ཞུས་པས། དེ་སེལ་བའི་ཐབས་ཡོད་གསུངས་ནས་གཙང་མའི་ཤིང་དག་ཐུ་བར་བསྩལ་ཏེ། འབྱུང་བ་མེ་ལ་སྦྱངས་ནས་ལྷ་བསངས་མཛད་པས་རྒྱལ་པོ་སྙུན་ལས་གྲོལ་ཞིང་སླར་ཡང་ཕྱི་རབས་ཀྱི་གང་ཟག་རྣམས་ཀྱི་ཆེད་དུ་གདམས་ངག་དེ་ཉིད་ཕན་ཡོན་ལོ་རྒྱུས་དང་བཅས་ཏེ་དཔལ་བསམ་ཡས་ཀྱི་རྩིགས་པའི་ལོགས་ལ་བྲིས་ནས་བཞག་པ་ད་ལྟ་ཡོངས་གྲགས་ཀྱི་བསངས་མཆོད་བསམ་ཡས་ལོགས་བྲིས་མར་གྲགས་པ་དེ་ཡིན་ཞིང་། དེ་ནས་བཟུང་སྟེ་བསངས་ཀྱི་ཡིག་ཆ་ཇི་རིགས་པར་མཆེད་པ་ལས། འདིར་བཤད་པར་བྱ་བ་ནི། ལྷ་བཙུན་ཆེན་པོ་ཀུན་བཟང་རྣམ་རྒྱལ་ལམ་ཁྲག་འཐུང་ནམ་མཁའ་འཇིགས་མེད་དུ་འབོད་པ་དེ་ཉིད་ཀྱིས་སྦས་ཡུལ་འབྲས་མོ་ལྗོང་གི་གནས་སྒོ་འབྱེད་སྐབས་སུ་མཛད་པ་དེའོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལའང་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་ཡན་ལག་བདུན་གྱི་ཚོགས་བསགས་པ་སྟེ་གསུམ་ལས། དང་པོ་ནི། ཨོཾ་ཨཱཿཧཱུཾ་མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་བོའི་བཅུདཿ དབང་དྲག་རིག་འཛིན་པདྨ་ཐོད་འཕྲེང་རྩལཿ ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགསཿ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆིཿ ཞེས་པས་བསྟན། དེ་ཡང་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མཚོན་པར་བྱེད་པའི་ཡི་གེ་ཨོཾ་ཨཱཿཧཱུཾ་གསུམ་བརྗོད་པ་སྔོན་དུ་འགྲོ་བས་དེ་དག་གི་ཡོན་ཏན་རྗེས་སུ་དྲན་པར་བགྱིས་ཏེ། སླར་ཡང་དེའི་དོན་ཚིག་གིས་གསལ་འདེབས་པ་ནི། རྐང་བ་སྔ་མ་གསུམ་སྟེ། འདི་ལྟར་ནམ་མཁའ་དང་མཉམ་པའི་སྲིད་པ་འཁོར་བའི་མཐའ་དང་ཞི་བ་མྱ་ངན་ལས་འདས་པའི་མཐའ་སྟེ། མཐའ་དེ་གཉིས་ལ་རིམ་བཞིན་འཇིགས་པའི་ཐེག་དམན་ཉན་རང་དང་ཐེག་ཆེན་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་གཉིས་ཀ་འཇིགས་པའི་གནས་དེ་དག་ལས་ངེས་པར་སྐྱོབས་ནུས་པའི་སྐྱབས་ཀྱི་མཆོག་ནི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིན་པའི་ཕྱིར། སྐྱབས་དེ་ཀུན་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་སྤྲུལ་པའི་རྣམ་རོལ་ཇི་སྙེད་ཅིག་མཆིས་པ་ལས། དེ་ཀུན་གྱི་ནང་ནས་སྙིང་པོའི་ཡང་བཅུད་ལྟ་བུ་ནི་གང་ཞེ་ན། རྒྱལ་བའི་ཕྲིན་ལས་སྤྱི་དང་བྱེ་བྲག་ཏུ་དབང་དང་དྲག་པོའི་མཛད་པ་མཐར་ཕྱིན་ཞིང་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་ལ་བཞུགས་པ་གསང་མཚན་པདྨ་ཐོད་ཕྲེང་རྩལ་ཞེས་བྱ་བ་ཉིད་དེ། དེ་བས་ན་དེ་ཉིད་ལ་དམིགས་ཀྱིས་དབྱེ་བའི་སྒྲ་ཁྱོད་ཅེས་བྱ་བ་སྦྱར་ནས། གང་གི་སྐུར་སྣང་བ་ཞིང་ཁམས་ཀྱིས་བསྡུས་པ་དང་། སྲིད་པ་བཅུད་ཀྱིས་བསྡུས་པའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་རང་གི་ངང་གིས་རྫོགས་སོ་ཞེས་སྨོས་ཏེ། དེ་ལྟ་བུའི་གུ་རུ་རིན་པོ་ཆེ་གང་ལ་མཐའ་ཡས་པའི་འགྲོ་བ་མ་ལུས་པ་ཀུན་སྲིད་པའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱ་བའི་ཕྱིར་སྐྱབས་སུ་མཆིའོ། །ཞེས་པ་སྟེ། འདིར་སྤྲོ་ན་རྒྱུ་འབྲས་ཀྱི་སྐྱབས་འགྲོའི་དབྱེ་བ་ཡང་སྦྱར་དུ་ཡོད་དོ། །གཉིས་པ་སེམས་བསྐྱེད་པ་ནི། གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིརཿ འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུངཿ ཐུགས་ཀྱི་ཐིག་ལེར་ལྷུན་གྲུབ་སྣང་བཞིའི་མཐརཿ གཞོན་ནུ་བུམ་སྐུར་གྲོལ་པར་སེམས་བསྐྱོད་དོཿ ཞེས་པས་བསྟན། དེ་ལ་བསངས་མཆོད་ཀྱི་དོན་སྤྱིར་བཏང་གོང་དུ་བཤད་པ་ལྟར་ལགས་ཤིང་། དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་ལ་བརྟེན་ཏེ་འཕྲལ་ཡུན་གྱི་སྒྲིབ་ཚོགས་དག་པར་བྱེད་པའི་ཐབས་ལས་གཞན་མེད་པའི་ཕྱིར། འདིར་ཡང་གསང་བའི་མཆོག་སྔགས་ཀྱི་ལམ་ཐུན་མོང་མ་ཡིན་པ་དང་སྦྱར་ཏེ། དེའི་ལྟ་བ་དཔེ་དོན་གྱི་འོད་གསལ་ཇི་རིགས་པའི་ངོ་བོར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཐའ་བརྒྱད་ཀྱི་སྤྲོས་པའི་གྲྭ་ཟུར་རྣམ་པར་བཅད་པའི་དབྱིངས་ཐིག་ལེ་ཆེན་པོ་སྟེ། དེ་ཉིད་ཐབས་ལ་བརྟེན་ནས་ཚུལ་བཞིན་དུ་རྟོགས་པ་ན་དེའི་ངང་ལ་མཉམ་པར་བཞག་པས་སྣང་བའི་འོད་གསལ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་དང་། སྟོང་བའི་འོད་གསལ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་དག་རྫོགས་ཏེ། ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་དང་དབྱེར་མེད་དུ་སོང་བའི་འོད་གསལ་གྱི་གཞི་དེ་རུ། རང་དང་བཅས་པའི་འགྲོ་བ་ཀུན་གྱིས་ལམ་ལ་སྒྲིབ་པའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། དེའི་བྱེ་བྲག་ཏུ་བསྡུས་པའི་སྣང་གསུམ་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་གསུམ་ཆར་དག་ནས། རང་དང་གཞན་གྱི་སྒོ་གསུམ་རྒྱལ་བ་ཐམས་ཅད་ཀྱི། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཐིག་ལེར་ལྷུན་གྱིས་གྲུབ་ཅིང་། ཆོས་ཉིད་མངོན་གསུམ་གྱི་སྣང་བ། ཉམས་སྣང་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་སྟེ། ཐེག་པའི་མཐར་ཐུག་རྫོགས་པ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པའི་ཉམས་གྱི་སྣང་བ་བཞི་བོ་མཐར་ཕྱིན་པའི་འབྲས་བུ་ཐོབ་པར་སྨོན་པ་སྟེ། རེ་ཞིག་ངོ་བོ་ཉིད་སྐུ་གང་ཞིག་མཁའ་དབྱིངས་ཀྱི་གཟུགས་སུ་བཀོད་ནས། ནམ་མཁར་སྤྲིན་དེངས་པ་བཞིན་དུ་ནང་དབྱིངས་གཞོན་ནུ་བུམ་སྐུ་དེར་སྙིགས་མའི་ལུས་སྣང་དང་བཅས་པ་འོད་གསལ་གྱི་ལུས་སུ་གྲོལ་པ་ཞིག་ཅི་ནས་ཀྱང་བསྒྲུབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་སྟེ། དེ་ལྟར་སྨོན་འཇུག་གིས་བསྡུས་པའི་ཀུན་རྫོབ་སེམས་བསྐྱེད་དང་། དོན་དམ་པའི་སེམས་བསྐྱེད་དག་སྟབས་གཅིག་ཏུ་བྱེད་པའི་སྒོ་ནས་རང་གཞན་གྱི་དོན་ཆེན་པོ་བསྒྲུབ་པར་བགྱིད་དོ་སྙམ་པ་འདིས་ནི་སེམས་བསྐྱེད་ཀྱི་གནད་མཐའ་དག་བསྡུས་པ་ཡིན་ནོ། །གསུམ་པ་ཡན་ལག་བདུན་གྱིས་ཚོགས་བསགས་པ་ལའང་བདུན་ལས། དང་པོ་ཕྱག་འཚལ་བའི་ཡན་ལག་ནི། གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིངཿ ཞེས་པས་བསྟན། དེ་ཡང་སེམས་ཀྱི་གཤིས་ལུགས་རིག་པའི་ཡེ་ཤེས་སུ་གྲགས་པ་གང་གི་རང་བཞིན་མ་བཅོས་པ་ནི་གཉུག་མའི་འོད་གསལ་ཏེ། དེ་ནི་གཞི་དུས་ཀྱི་ཆོས་སྐུ་དངོས་དང་། དེའི་རང་གདངས་དང་རྩལ་གྱི་ལྡོག་པ་ནས་ལོངས་སྤྲུལ་དག་ཀྱང་འཇོག་ཅིང་། མཐར་ཐུག་འབྲས་དུས་ཀྱི་སྐུ་གསུམ་ཡང་འདི་ཉིད་མངོན་དུ་གྱུར་པ་ལས་གཞན་མེད་པའི་ཕྱིར་ཕྱག་ཡུལ་དམ་པར་་གང་དེར་རང་གནས་ཀྱི་ཡེ་ཤེས་མཇལ་བའི་ཕྱག་འཚལ་ལོ། །ཞེས་པ་སྟེ་ཞིང་ཞེས་པ་ནི། ཡན་ལག་ཕྱི་མ་རྣམས་དང་མཚམས་སྦྱོར་བའི་ཚིག་ཕྲད་དོ། །གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ནི། གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པ་འབུལ། ཞེས་པས་བསྟན། དེ་ཡང་གཏིང་དཔག་དཀའ་ཞིང་མཐའ་དབུས་དང་བྲལ་བའི་འོད་གསལ་ཆོས་ཀྱི་སྐུ་གོང་དུ་བཤད་པ་ལྟ་བུའི་དོན་ལ་མཉམ་པར་མཇོག་པ་ནི་དོན་དམ་པའི་མཆོད་པ་དང་། དེའི་ངང་ལས་མཆོད་ཡོན་ཞབས་བསིལ་ལ་སོགས་ཐུན་མོང་གི་མཆོད་རྫས་དག་ཀྱང་ནམ་མཁའི་དབྱིངས་ཁྱབ་པར་སྤྲུལ་ཏེ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་དམིགས་ཏེ་འབུལ་བ་སྟེ། འདི་ལྟ་བུའི་མཆོད་པ་ཕུལ་བས་ནི། ཚོགས་རྣམ་པ་གཉིས་ཀ་རྫོགས་པར་འགྱུར་བ་ཡིན་ནོ། །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགསཿ ཞེས་པས་བསྟན། དེ་ཡང་གོང་དུ་བཤད་པའི་འོད་གསལ་གྱིས་དབྱིངས་དེར་ནི། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་ཡིན་པའི་ཕྱིར། རང་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་སྡིག་ལྟུང་མཐའ་དག་ཀྱང་ཐུན་མོང་དུ་སྟོབས་བཞི་ཚང་བས་བཤགས་མཐར་འོད་གསལ་དེའི་ཀློང་དུ་རང་བཞིན་མེད་པར་རྟོགས་པས་མཐོལ་ཞིང་བཤགས་པར་བགྱིའོ། །ཞེས་པ་སྟེ། འདི་ནི་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བའི་ཀློང་བཤགས་སུ་གྲགས་པའོ། །བཞི་བ་རྗེས་སུ་ཡི་རང་བའི་ཡན་ལག་ནི། བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རངཿ ཞེས་པས་བསྟན། དེ་ཡང་གོང་སྨྲོས་ལྟར་རྫོགས་པ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པའི་སྣང་བ་བཞི་བོ་མཐར་ཕྱིན་པ་ན། ཡིད་བྱེད་སྤྲོས་པའི་བློ་དང་བྲལ་ཞིང་གཉིས་སྣང་གི་འཛིན་པ་མཐའ་དག་དབྱིངས་སུ་ནུབ་སྟེ་སླར་སྲིད་པར་འཕེན་པའི་ཆོས་མངོན་གྱུར་དང་བག་ལ་ཉལ་མ་ལུས་པ་ཟད་ནས་གདོད་མའི་གཞི་དབྱིངས་ཆེན་པོར་མངོན་དུ་གྲོལ་པར་འགྱུར་བ་སྟེ། དེ་ལྟ་བུའི་ཚུལ་བསམ་གྱིས་མི་ཁྱབ་པ་དེར་རྗེས་སུ་ཡི་རང་ངོ་། །ཞེས་པའོ། ལྔ་བ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག་ནི། ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོརཿ ཞེས་པས་བསྟན། དེ་ཡང་རྫོགས་པ་ཆེན་པོའི་དོན་མཐའ་དག་ནི་གཞི་ལམ་འབྲས་གསུམ་གྱིས་བསྡུས་ལ། དེ་རེ་རེར་ཡང་ཀ་དག་ལྷུན་གྲུབ་གཉིས་སུ་འཆད་ཅིང་དེ་དག་ཀྱང་གཙོ་བོར་ལྷུན་གྲུབ་ཀྱི་སྣང་ཆ་ལས་དབྱེ་བ་མ་གཏོགས་ཀ་དག་རང་ངོ་ནས་དབྱེ་བསལ་མེད་པའི་ཕྱིར། འདིར་རྫོགས་པ་ཆེན་པོའི་ལམ་སྤྱིར་བཏང་ལ་ལྷུན་གྲུབ་ཀྱི་སྒྲས་སྨྲོས་ཤིང་། དེ་ཉིད་ཀྱི་རང་ལམ་རིམ་པ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་རྒྱུན་མི་འཆད་པར་བསྐོར་དུ་གསོལ་ལོ་ཞེས་ཚོགས་ཞིང་རྣམས་ལ་སྙན་གསན་འདེབས་པའོ། །དྲུག་པ་གསོལ་བ་འདེབས་པའི་ཡན་ལག་ནི། འཁོར་བ་དོང་ནས་སྤྲུག་པར་གསོལ་བ་འདེབསཿ ཞེས་པས་བསྟན། དེ་ཡང་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས། མྱ་ངན་ལས་མི་འདའ་བར་འཁོར་བ་ཇི་སྲིད་དུ་བརྟན་པར་བཞུགས་ཏེ་སྲིད་པ་དོང་ནས་སྤྲུག་པར་མཛད་དུ་གསོལ་ལོ་ཞེས་ཞུ་བའི་དོན་སྙན་ཁུང་དུ་ཐེབ་པར་འདེབས་པའོ། །བདུན་པ་དགེ་བ་བསྔོ་བའི་ཡན་ལག་ནི། འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོཿ ཞེས་པས་བསྟན་ཏེ། དེ་ཡང་ཕྱག་འཚལ་བ་ནས་བཟུང་གོང་དུ་སྨྲོས་པའི་ཡན་ལག་དྲུག་པོ་འདིས་མཚོན་རང་གཞན་རྣམས་ཀྱི་དུས་གསུམ་བསགས་ཡོད་ཀྱི་དགེ་བ་མཐའ་དག ཡུལ་དང་། དགེ་རྩ། བསགས་པ་པོ་སྟེ་འཁོར་གསུམ་ལ་བདེན་ཞེན་གྱི་དམིགས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་མྱ་ངན་ལས་འདས་པའི་ཕ་མཐར་བསྔོའོ། །ཞེས་པ་སྟེ་འདི་ལྟ་བུའི་ཡན་ལག་བདུན་པ་ཕུལ་བས་ནི་ཚོགས་བསགས་པའི་སྒོ་མཐའ་དག་བསྡུས་པ་ཡིན་ནོ། །དེ་རྣམས་ཀྱིས་བསངས་གྱི་སྔོན་དུ་འགྲོ་དགོས་པའི་སྦྱོར་བ་རྣམས་ལེགས་པར་གྲུབ་ནས། གཞུང་དོན་གཉིས་པ་དངོས་གཞི་ལའང་། མཆོད་རྫས་བྱིན་གྱིས་བརླབས་པ་དང་། གང་ལ་དབུལ་ཡུལ་ངོས་གཟུང་བ་དང་། ཇི་ལྟར་འབུལ་བའི་ཚུལ་དངོས་བཤད་པ་སྟེ། གསུམ་ལས། དང་པོ་ནི། བྷྲུཾ། རིན་ཆེན་སྣ་ཚོགས་དྭངས་མའི་སྣོད་ཡངས་སུཿ འཇིག་རྟེན་སྲིད་པའི་འདོད་དགུའི་དམ་ཚིག་རྫསཿ འབྲུ་གསུམ་ཡེ་ཤེས་བདུད་རྩིར་བྱིན་བརླབས་པསཿ སྣང་སྲིད་མཆོད་པའི་འདོད་རྒུར་འཁྲིགས་པ་འདིཿ ཞེས་པས་བསྟན། དེ་ཡང་མཆོད་རྫས་རྣམས་ཀྱིས་མཚོན་ཆོས་ཐམས་ཅད་མི་དམིགས་པའི་ངང་ལས་གཙུག་ཏོར་འཁོར་ལོས་སྒྱུར་བའི་ས་བོན་ཡི་གེ་བྷྲུཾ་ཞེས་པ་བརྗོད་པས་གཏོར་སྣོད་རྣམས་ཀྱི་གོ་སར་རིན་པོ་ཆེ་སྣ་ཚོགས་ཀྱི་དྭངས་མ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་སྲིད་པའི་གཏོས་དང་མཉམ་པ་རྣམས་སུ། འཇིག་རྟེན་འདི་ན་སྲིད་དོ་ཅོག་པའི་འདོད་དགུའི་ལོངས་སྤྱོད་ཐམས་ཅད་རྣམ་པ་དམ་ཚིག་གི་རྫས་ཤ་ལྔ་བདུད་རྩི་ལྔའི་རྣམ་པར་གནས་པ་ལས་སླར་ཡང་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མཚོན་པའི་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་མར་བསྒོམས་པ་ལས་འོད་ཟེར་སྤྲོ་བ་དང་བསྡུས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་མ་ལུས་བསྡུས་ཏེ་བསྟིམས་པས་ཡིག་འབྲུ་གསུམ་འོད་དུ་ལྟེམས་ཀྱིས་ཞུ། བདུད་རྩི་དང་དབྱེར་མེད་དུ་འདྲེས་པས་དེ་ཉིད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲོ་བའི་བདག་ཉིད་དུ་བྱིན་གྱིས་བརླབས་པས། སྣང་བ་སྣོད་ཀྱི་འཇིག་རྟེན་དང་། སྲིད་པ་བཅུད་ཀྱི་སེམས་ཅན་གྱིས་བསྡུས་པའི་ཆོས་ཁམས་ཐམས་ཅད་མཆོད་པའི་སྤྲིན་རྒྱ་མཚོས་འདོད་རྒུར་འཁྲིགས་པར་བསམ་པ་སྟེ་འདི་ནི་མཆོད་རྫས་ངོས་བཟུང་བའོ། །གཉིས་པ་གང་ལ་འབུལ་བའི་ཡུལ་ནི། བླ་མ་ཡི་དམ་ཌཱཀྐི་ཆོས་སྐྱོངས་དངཿ ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་པཿ འཛམ་གླིང་གཞི་བདག་རིགས་དྲུག་ལན་ཆགས་མགྲོནཿ ཁྱད་པར་བདག་གི་ཚེ་འཕྲོག་སྲོག་རྐུ་ཞིངཿ ནད་གཏོང་བར་ཆད་རྩོམས་པའི་འབྱུང་བོ་དངཿ རྨི་ལམ་རྟགས་མཚན་ངན་དང་ལྟས་ངན་རིགསཿ སྡེ་བརྒྱད་མ་རུང་ཆོ་འཕྲུལ་བདག་པོ་དངཿ ཟས་དང་གནས་དང་ནོར་གྱི་ལན་ཆགས་ཅནཿ གྲིབ་བདག་སྨྱོ་འདྲེ་ཕོ་གཤིན་མོ་གཤིན་དངཿ གྲི་བོ་ཐེའུ་རང་གྲོང་སྲིན་འདྲེ་མོ་རྣམསཿ ཞེས་པ་རྣམས་ཀྱིས་བསྟན། དེ་ཡང་འདིར་མཆོད་སྦྱིན་གྱི་ཡུལ་མཐའ་དག་མགྲོན་ཚན་བཞིར་བསྡུས་ནས་འཆད་པའི་དང་པོ་དཀོན་མཆོག་གསུམ་འདུས་ཀྱི་བདག་ཉིད་བྱིན་རླབས་ཀྱི་རྩ་བ་དཔལ་ལྡན་བླ་མ་རྣམས་དང་། སངས་རྒྱས་དཀོན་མཆོག་ཏུ་བསྡུས་པ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། རིག་འཛིན་ནང་གི་དགེ་འདུན་དུ་བསྡུས་པའི་ཌཱཀྐི་སྟེ་མཁའ་འགྲོ་ཆོས་སྐྱོང་རྣམས་དང་བཅས་པ་མདོར་ན་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་གང་ཇི་སྙེད་བཞུགས་པ་མཐའ་དག་སྟེ། དེ་ལྟ་བུའི་དཀོན་མཆོག་སྲིད་ཞུའི་མགྲོན་དུ་གྱུར་པ་དང་། དེ་བཞིན་དུ་འཛམ་བུ་གླིང་གིས་མཚོན་པའི་གླིང་དང་གཞི་ཡི་བདག་པོ། ལྷ་ཀླུ་གཟའ་སྐར་ཕྱོགས་སྐྱོང་འཇིགས་བྱེད་རྒྱལ་ཆེན་སྟེ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་རང་རང་སོ་སོའི་འཁོར་དང་བཅས་པ་སྟེ། མགོན་པོ་ཡོན་ཏན་གྱི་མགྲོན་དང་། མཐོ་རིས་དང་ངན་སོང་གིས་བསྡུས་པའི་འགྲོ་བ་ལྷ་དང་། ལྷ་མིན་དང་། མི་དང་། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་སྟེ་གནས་རིགས་དྲུག་ཏུ་འཁྱམས་ཤིང་རང་རང་གི་སྡུག་བསྔལ་རྩུབ་མོས་མནར་བའི་རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་པ་དག་དང་། གཞན་ཡང་ལན་ཆགས་ཀྱི་མགྲོན་སྤྱི་དང་། ཁྱད་པར་དུ་བདག་ཅག་གི་བླ་ཚེ་འཕྲོག་པ་དང་སྲོག་རྐུ་ཞིང་གསོད་པའམ། ནད་གཏོང་བ་སོགས་བར་ཆད་རྩོམ་པའི་སེམས་ཅན་འབྱུང་བོ་རྣམས་དང་། རྨི་ལམ་དང་རྟགས་མཚན་ངན་པ་དང་ལྟས་ངན་པའི་རིགས་གཏོང་བར་བྱེད་པའི་འཇིག་རྟེན་གྱི་དྲེག་པ་སྡེ་བརྒྱད་མ་རུངས་པ་ཆོ་འཕྲུལ་གྱི་བདག་པོ་རྣམས་དང་། ཡང་དགོས་རང་ཉིད་ལ་བཟའ་བ་ཟས་ཀྱི་ལན་ཆགས་པ་དང་། སྡོད་པའི་གནས་ཀྱི་ལན་ཆགས་པ་དང་། གཅེས་པའི་ནོར་གྱི་ལན་ཆགས་པ་སོགས་བུ་ལོན་མ་འཁོར་ཞིང་ལན་ཆགས་པ་ཅན་རྣམས་དང་། གཞན་ཡང་མནོལ་གྲིབ་སོགས་གྲིབ་ཀྱི་བདག་པོ་བདག་མོ་རྣམས་དང་། སྨྱོ་ནད་གཏོང་བའི་འདྲེ་དང་། ཕོ་གཤིན་གྲལ་ན་གནས་པ་རྣམས་དང་། མོ་གཤིན་གྲལ་ན་གནས་པ་རྣམས་དང་། གྲི་རུ་ཤི་བའི་སྐྱེ་བོ་ཡི་དྭགས་ཀྱི་རིགས་སུ་གནས་པ་རྣམས་དང་། ཐེའུ་རང་དང་གྲོང་ཁྱེར་སོགས་ལ་གནས་པའི་སྲིན་པོ་དང་། མདོར་ན་འདྲེ་གདོན་ཕོ་མོའི་རིགས་སུ་གཏོགས་པ་བགེགས་རིགས་ལན་ཆགས་ཀྱི་མགྲོན་དུ་གྱུར་པ་རྣམས་ཏེ། དེ་ལྟ་བུའི་མགྲོན་རིགས་བཞི་བོ་ནི་འདིའི་སྐབས་སུ་མཆོད་སྦྱིན་གང་ལ་བྱ་བའི་ཡུལ་ལོ། །གསུམ་པ་ཇི་ལྟར་འབུལ་བའི་ཚུལ་ནི། ལན་ཆགས་དམར་པོའི་མེ་ལ་གཞལ་ཏེ་སྲེགཿ རང་རང་ཡིད་ལ་གང་འདོད་འདོད་དགུའི་ཆརཿ ཇི་སྲིད་ནམ་མཁའ་གནས་ཀྱི་བར་ཉིད་དུཿ འདོད་པའི་ཡོན་ཏན་ཟད་པ་མེད་པར་བསྔོཿ བདག་གི་དུས་གསུམ་བསགས་པའི་སྡིག་སྒྲིབ་དངཿ དཀོན་མཆོག་དད་གཤིན་དཀོར་ལ་སྤྱད་པ་རྣམསཿ སྦྱིན་སྲེག་མེ་མཆོད་འདི་ཡིས་དག་གྱུར་ཅིགཿ མེ་ལྕེ་སྣང་སྲིད་གང་བའི་རྡུལ་ཕྲན་རེརཿ ཀུན་བཟང་མཆོད་པའི་སྤྲིན་ཕུང་མི་ཟད་པཿ རྒྱལ་བའི་ཞིངས་ཁམས་ཡོངས་ལ་ཁྱབ་གྱུར་ཅིགཿ མེ་ལྕེ་ཡེ་ཤེས་འོད་ལྔའི་མཆོད་སྤྲིན་ཟེརཿ རིགས་དྲུག་མནར་མེད་གནས་སུ་ཁྱབ་གྱུར་ནསཿ ཁམས་གསུམ་འཁོར་བ་འཇའ་ལུས་འོད་སྐུར་གྲོལཿ འགྲོ་ཀུན་བྱང་ཆུབ་སྙིང་བོར་འཚང་རྒྱར་ཤོགཿ ཅེས་སོགས་ཀྱིས་བསྟན་ཏེ། དེ་ཡང་འདིར་ཁོ་བོ་ཅག་ལ་མཐོ་བས་བསྐྱབས་པ་དངཿ དམའ་བས་བཀུར་བ་ལ་སོགས་པའི་ལན་ཆགས་པ་གང་ཅི་མཆིས་པ་མཐའ་དག་དེང་འདིར་དམར་པོའི་མེ་ལ་མཆོད་རྫས་རྣམས་གཞལ་ཏེ་སྲེག་ཅིང་སྦྱང་བར་བྱའོ། །དེ་ལྟར་བགྱིས་པ་ན་མགྲོན་རིགས་རང་རང་གི་ཡིད་ལ་གང་ཞིག་འདོད་པའི་འདོད་རྒུའི་ཆར་ཆེན་པོ། ཇི་སྲིད་ནམ་མཁའ་གནས་ཀྱི་བར་དེ་སྲིད་ཉིད་དུ་འབེབས་པས་འདོད་པའི་ཡོན་ཏན་ལྔ་ཟད་པ་མེད་པར་འབྱུང་བར་གྱུར་ཅིག ཅེས་ཡོངས་སུ་བསྔོའོ། །དེ་དེ་ལྟར་བསྔོས་པའི་མཐུས་བདག་ཅག་གིས་འདས་མ་འོངས་ད་ལྟ་སྟེ་དུས་གསུམ་དུ་བསགས་པའི་སྡིག་སྒྲིབ་དང་། དཀོན་མཆོག་གི་དཀོར་ལ་འབགས་པ་དང་། དད་གཤིན་གྱི་དཀོར་རྫས་ལ་བག་མེད་པར་སྤྱད་པ་རྣམས་ཀྱིས་མཚོན། ས་ལམ་ལ་སྒྲིབ་པར་འགྱུར་བ་མཐའ་དག་ད་ལན་གྱི་སྦྱིན་སྲེག་མེ་མཆོད་འདི་ཡིས་ཡོངས་སུ་དག་པར་གྱུར་ཅིག དེ་བཞིན་དུ། བསངས་ཀྱི་མེ་ལྕེས་སྣང་སྲིད་ཐམས་ཅད་གང་བར་དམིགས་པའི་མེའི་རྡུལ་ཕྲན་རེ་རེར་ཡང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་མཐའ་མི་མངོན་ཞིང་ཟད་མི་ཤེས་པ་སྤྲོ་བས་ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ཡོངས་སུ་རྫོགས་པ་ལ་ཁྱབ་པར་གྱུར་ཅིག དེ་དང་མཚུངས་པར་མེ་ལྕེ་ཡེ་ཤེས་ཀྱི་རང་འོད་ལྔ་རུ་གསལ་བའི་རྩེ་མོ་ལས་མཆོད་པའི་སྤྲིན་སྤྲོ་བའི་འོད་ཟེར་ཁ་དོག་སྣ་ཚོགས་པ་རིགས་དྲུག་སྤྱི་དང་ཁྱད་པར་ཤིན་ཏུ་སྡུག་བསྔལ་དྲག་པོས་གདུངས་ཤིང་དེ་ལས་ཕར་མནར་དུ་མེད་པ་དམྱལ་བའི་གནས་ཏེ་གནས་རིགས་དེ་རྣམས་སུ་སྤྲོས་པས་དེ་ཀུན་ཏུ་ཁྱབ་པར་གྱུར་ཏེ་བསིལ་བའི་བདེ་བ་ཐོབ། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཉོན་སྡིག་སྒྲུབ་མ་ལུས་པ་དག་ནས། འདོད་ཁམས་གཟུགས་ཁམས། གཟུགས་མེད་ཀྱི་ཁམས་ཏེ་ཁམས་གསུམ་གྱིས་བསྡུས་པའི་འཁོར་བ་མཐའ་དག་འཇའ་ལུས་འོད་སྐུ་རུ་གྲོལ་ཏེ། འགྲོ་བ་དེ་ཀུན་རྫོགས་པའི་བྱང་ཆུབ་བླ་ན་མེད་པའི་སྙིང་བོར་འཚང་རྒྱ་བར་ཤོག་ཅིག ཅེས་པ་སྟེ། དེ་ལྟར་དམིགས་འདོན་ཟུང་དུ་ཆུད་པའི་ངང་ནས་ཨོཾ་ཨཱཿཧཱུཾ་ཞེས་བརྒྱ་སྟོང་ཁྲི་འབུམ་མང་བོས་འབུལ་བར་བྱའོ། །དེ་དག་གིས་དངོས་གཞི་སོང་ནས། སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལའང་། བསྔོ་བ་སྨོན་ལམ་འཕྲིན་ལས་བཅོལ་བ་དང་གསུམ་ལས། དང་བསྔོ་བ་ནི། སྐུ་གསུམ་དག་པ་སྣོད་ཀྱི་གཞལ་ཡས་སུཿ ཆོས་ལོངས་སྤྲུལ་གསུམ་སྣང་སྲིད་གཟུགས་ཕུང་རྣམསཿ བདུད་རྩིར་ཞུ་བའི་འཇའ་འོད་བར་སྣང་གངཿ འཁོར་བ་མྱང་འདས་ཟག་མེད་བདུད་རྩིའི་བཅུདཿ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུཿ སྣང་སྲིད་མགྲོན་དུ་གྱུར་བ་ཡོངས་ལ་བསྔོཿ ཞེས་པས་བསྟན། དེ་ཡང་སྣང་སྲིད་ཐམས་ཅད་སྐུ་གསུམ་གྱི་རང་བཞིན་དུ་དག་པ་སྟེ། དེ་ཇི་ལྟར་ན་སྣོད་འབྱུང་བ་ལྔ་ཡུམ་ལྔར་དག་པ་དང་། བཅུད་ཕུང་བོ་ལྔ་ཡབ་ལྔར་དག་པ་དང་། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་ཉིད་ཀྱི་ཕྱིར། སྣོད་ཀྱིས་བསྡུས་པའི་འབྱུང་ལྡན་རྣམ་པར་དག་པ་ཡུམ་ལྔའི་མཁའ་ཀློང་ནི་གསང་བ་ཆེན་པོའི་འོག་མིན་ཏེ་གཞལ་ཡས་ཁང་གི་རང་བཞིན་ནོ། །དེའི་དབྱིངས་སུ་ཕུང་ཁམས་སྐྱེ་མཆེད་དག་པ་ནི་ཆོས་ལོངས་སྤྲུལ་གསུམ་གྱིས་བསྡུས་པའི་རྒྱལ་བའི་དཀྱིལ་འཁོར་ཏེ། དེས་ན་སྣང་བ་སྣོད་དང་སྲིད་པ་བཅུད་ཀྱི་གཟུགས་ཕུང་གི་ཕྱོགས་རྣམས་ནི་འདིར་བདུད་རྣམས་འཇོམས་པའི་རྩིར་བྱིན་གྱིས་བརླབས་ནས་ཕུལ་བའི་ཕྱིར་བདུད་རྩིའི་རང་བཞིན་དུ་ཞུ་བར་མ་གྱུར་པ་ནི་འགའ་ཡང་མེད་ལ། བདུད་རྩི་དེའི་རླངས་ཀྱང་འཇའ་འོད་ཀྱི་རྣམ་པར་གྱུར་བས་བར་སྣང་ཀུན་གང་བ་ན་འཁོར་བ་ཉིད་མྱང་འདས་སུ་གྲོལ་པར་བྱེད་པ་སྟེ། དེ་ལྟ་བུའི་ཐབས་འདི་ནི་ཟག་པ་མེད་པའི་དགེ་ཚོགས་ཏེ་འདིས་ཉོན་མོངས་མཐའ་དག་འཇོམས་པར་བྱེད་པས་ན་བདུད་རྩིའི་བཅུད་གང་ཞིག་བསྔོ་རྒྱུའི་དགེ་བའོ། །དེ་གང་ལ་བསྔོ་བའི་ཡུལ་ནི། རང་ཅག་རྣམས་ཐོག་མ་མེད་པའི་དུས་ནས་ད་ལྟའི་སྐྱེ་བ་འདི་ཡན་ཆད་དུ་ཁམས་གསུམ་གྱི་འཁོར་བར་འཁྱམས་པ་ན་ཕ་མར་གྱུར་པའི་སེམས་ཅན་སྣང་ཞིང་སྲིད་པའི་མགྲོན་དུ་གྱུར་པ་ཡོངས་ལ་འཁོར་གསུམ་རྣམ་པར་དག་པའི་ངང་ནས་བསྔོའོ། །ཞེས་པའོ། །གཉིས་པ་སྨོན་ལམ་ནི་རྐང་བས་དམན་པའི་ཤྭ་ལོ་ཀ་ལྔས་བསྟན་ཏེ། དེ་ཡང་རིམ་བཞིན། ས་ལམ་འབྲས་བུའི་ཡོན་ཏན་མཐར་ཕྱིན་ཞིངཿ ལྟ་སྒོམ་སྤྱོད་པའི་བར་ཆད་ཀུན་བསལ་ནསཿ རྨད་བྱུང་ཀུན་བཟང་ཐུགས་ཀྱི་མཁའ་དབྱིངས་སུཿ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོགཿ ཅེས་སྨྲོས་ཏེ། དེ་ཡང་གོང་དུ་བགྱིས་པའི་དགེ་བའི་རྩ་བ་དེ་དག་གི་མཐུས་ས་བཅུ་དང་ལམ་ལྔ་རིམ་བཞིན་བསྒྲོད་པའི་འབྲས་བུའི་ཡོན་ཏན་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་མཐར་ཕྱིན་ཞིང་རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པ་དང་། དེ་སྟེང་དུ་ལྟ་སྒོམ་སྤྱོད་པའི་བར་ཆད་མ་ལུས་པ་ཀུན་བསལ་ནས། མཐར་རྨད་དུ་བྱུང་བའི་སངས་རྒྱས་ཀུན་ཏུ་བཟང་པོའི་ཐུགས་ཀྱི་མཁའ་དབྱིངས་སུ། ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་རང་མཐུ་ཡོངས་སུ་རྫོགས་པས་གཞོན་ནུ་ཕྱིར་མི་མངོན་པས་བུམ་སྐུ་སྟེ། དེའི་ངོ་བོར་གཏན་གྱི་སྲིད་ཟིན་པར་ཤོག་ཅིག་ཅེས་དང་། དེ་བཞིན་དུ། འཁོར་བའི་རྒྱ་མཚོ་ཆེན་པོ་སྟོངས་པའི་མཐརཿ འོག་མིན་པདྨ་དྲྭ་བར་འཚང་རྒྱ་ཤོགཿ ཅེས་སྨོས་ཏེ། རང་དོན་དུ་རྫོགས་པའི་བྱང་ཆུབ་མངོན་དུ་བྱས་པ་དེ་ནས་གཞན་དོན་གྱི་མཛད་པ་རྒྱུན་མི་འཆད་པས་འཁོར་བའི་རྒྱ་མཚོ་ཆེན་པོ་སྟོངས་པར་བགྱིས་པའི་མཐར་ནམ་མཁས་གར་ཁྱབ་འོག་མིན་གྱི་ཞིང་སྐྱོན་གྱིས་མ་གོས་པ་པདྨའི་དྲྭ་བ་ཞེས་བྱ་བ་གཅིག་ཏུ་འཚང་རྒྱ་བར་ཤོག་ཅིག་ཅེས་དང་། ཕུང་ཁམས་སྲེག་རྫས་བཀྲག་མདངས་གཟི་བརྗིད་འབརཿ དཀར་དམར་བྱང་སེམས་བསྲེག་རྫས་བདེ་སྟོང་འབརཿ སྟོང་ཉིད་སྙིང་རྗེའི་བསྲེག་རྫས་ཆོས་དབྱིངས་གངཿ སྣང་སྲིད་འཁོར་འདས་རྡོ་རྗེ་འོད་ལྔའི་གཞིརཿ ལྷུན་གྲུབ་རྫོགས་སངས་རྒྱས་པའི་སྲེག་རྫས་འབུལཿ སྔོན་གྱི་ལན་ཆགས་ཐམས་ཅད་བྱང་གྱུར་ཅིགཿ ད་ལྟའི་རྒྱུད་ལ་མི་གནས་མཐོལ་ལོ་བཤགསཿ མ་འོངས་སྒྲིབ་པའི་འཁོར་ལོར་མ་གྱུར་ཅིགཿ ཅེས་སྨོན་ལམ་མཛད་དེ། དེ་ཡང་མ་དག་པའི་ཕུང་ཁམས་སྐྱེ་མཆེད་རྣམས་ཞི་ཁྲོ་འབར་བའི་སྐུར་སྲེག་རྫས་སུ་ཕུལ་བས་གཉུག་མའི་ལུས་བཀྲག་མདངས་གཟི་བྱིན་འབར་བ་སྒྱུ་མའི་སྐུར་གྲོལ་པ་དང་། ཐ་མལ་གྱི་དཀར་དམར་བྱང་སེམས་ཡེ་ཤེས་མེ་ཀློང་དུ་བསྲེག་རྫས་སུ་ཕུལ་བས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་མཆོག་ཏུ་འབར་བ་དང་། སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པའི་བསྲེག་རྫས་ཀྱིས་ཆོས་ཀྱི་དབྱིངས་ཡོངས་སུ་གང་བར་བགྱིས་ཏེ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྡོ་རྗེ་རིན་པོ་ཆེ་འོད་ལྔ་འབར་བའི་གཞིར་ལྷུན་གྱིས་གྲུབ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ་སྲེག་རྫས་སུ་འབུལ་ཞིང་མཆིས་ན། འདིའི་མཐུ་ལ་བརྟེན་ནས་བདག་ཅག་གི་སྔོན་གྱི་ཚེ་རབས་དུ་མའི་ལན་ཆགས་ཐམས་ཅད་བྱང་བར་གྱུར་ཅིག ད་ལྟའི་རྒྱུད་ལ་མཆིས་པའི་སྡིག་ལྟུང་ཐམས་ཅད་མི་གནས་པའི་དབྱིངས་སུ་མཐོལ་ལོ་བཤགས་སོ། །དེ་ལྟར་བཤགས་པས་མ་འོངས་པ་ནའང་སྒྲིབ་པའི་འཁོར་ལོར་མ་གྱུར་ཅིག ཅེས་དང་གཞན་ཡང་། སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི། །སྡོམ་བཅས་བསླབ་པ་གསང་སྔགས་དམ་ཚིག་རིགསཿ ཚོར་དང་མ་ཚོར་ཉམས་པ་མཐོལ་ལོ་བཤགསཿ ནད་གདོན་གྲིབ་དང་མི་གཙང་དག་གྱུར་ཅིགཿ ནད་མུག་མཚོན་གྱི་བསྐལ་བ་ཞི་གྱུར་ཅིགཿ ཅེས་གསུངས་ཏེ། དེ་ཡང་ཕྱི་སོ་སོར་ཐར་བ་དང་། ནང་བྱང་ཆུབ་སེམས་དཔའ་དང་། གསང་བ་རིག་པ་འཛིན་པ་སྟེ། དེ་དག་སོ་སོ་ཡི། བླང་འདས་ཀྱི་རྣམ་བཞག་ནི་གོ་རིམ་བཞིན་དུ་ཉེས་སྤྱོད་སྡོམ་པའི་བཅས་པ་གཙོ་བོར་བསྟན་པ་དང་། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སོགས་སྒྲུབ་པའི་བསླབ་པ་གཙོ་བོར་བསྟན་པ་དང་། ཤིན་ཏུ་གསང་བའི་སྔགས་ཀྱི་དམ་ཚིག་གི་རིགས་གཙོ་བོར་བསྟན་པ་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་རང་ཉིད་ཀྱིས་ཚོར་བ་དང་མ་ཚོར་བའི་ཉམས་པ་ཅི་མཆིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །དེ་ལྟར་བཤགས་པས་དམ་སྡོམ་ཉམས་པའི་ཉེས་པ་ནད་གདོན་གྲིབ་དང་མི་གཙང་བའི་རིགས་སུ་གཏོགས་པ་ཅི་མཆིས་པ་ཐམས་ཅད་དག་པར་གྱུར་ཅིག ནད་མུག་མཚོན་སོགས་དུས་དང་ཡུལ་གྱི་བསྐལ་བ་ངན་པ་མཐའ་དག་ཞི་བར་གྱུར་ཅིག ཅེས་སྨོན་ལམ་དུ་མཛད་པའོ། །གསུམ་པ་ཕྲིན་ལས་བཅོལ་བ་ནི། མཐའ་མི་དབུས་སུ་འོང་བའི་སུན་མ་བཟློགཿ ཆོས་མཛད་བླ་མ་གདན་འདྲེན་བར་ཆད་བཟློགཿ བོད་ཡུལ་བཀྲ་མི་ཤིས་པའི་ངན་ལྟས་བཟློགཿ གཟའ་ཀླུ་རྒྱལ་པོས་སྲོག་དབུགས་སྡུད་པ་བཟློགཿ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་བཟློགཿ བདག་ཅག་གར་གནས་བཀྲ་མི་ཤིས་པ་བཟློགཿ དམ་སྲི་འགོང་བོའི་མཐུ་སྟོབས་ནུས་པ་བཟློགཿ ཅེས་པས་བསྟན། དེ་ཡང་དུཿརུ་ཁ་ཡི་དམག་ལ་སོགས་མཐའ་བཞིའི་མི་ཡུལ་དབུས་ལྷ་ལྡན་གྱི་ཕྱོགས་སུ་འོང་ནས་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཤིག་པའམ། ཕལ་ཆེར་རང་ཡུལ་གྱི་ཕྱོགས་སུ་འཁྱེར་བའི་ཉེས་པའི་སུན་མ་མཐའ་དག་བཟློག་པར་མཛོད་ཅིག དེ་བཞིན་དུ་ཆོས་བཞིན་མཛད་པའི་བླ་མ་དམ་པ་རྣམས་ཞི་བའི་དབྱིངས་སུ་གདན་འདྲེན་པའི་བར་ཆད་ཐམས་ཅད་བཟློག་པར་མཛོད་ཅིག གཞན་ཡང་བོད་ཡུལ་དུ་བཀྲ་མི་ཤིས་པར་བྱེད་པའི་ངན་པའི་ལྟས་ཐམས་ཅད་ཀྱང་བཟློག་ཅིག གཟའ་དང་ཀླུ་དང་རྒྱལ་པོ་དག་གིས་འགྲོ་བའི་སྲོག་དབུགས་འཕྲལ་དུ་སྡུད་པར་བྱེད་པའང་བཟློག་ཅིག་མེ་ཆུ་གཅན་གཟན་ལ་སོགས་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་གི་རིགས་སུ་གཏོགས་པ་རྣམས་ཀྱང་བཟློག་ཅིག བདག་ཅག་གར་གནས་པའི་ཕྱོགས་སུ་བཀྲ་མི་ཤིས་པར་བྱེད་པ་རྣམས་ཀྱང་བཟློག་ཅིག བར་ཆད་རྩོམ་པའི་དམ་སྲི་འགོང་བོའི་ཚོགས་ཀྱི་མཐུ་སྟོབས་ནུས་པའང་གཞི་མེད་པར་བཟློག་ཅིག ཅེས་ཕྲིན་ལས་སུ་བཅོལ་བའོ། །འདི་ལྟ་བུའི་བསངས་མཆོད་འབུལ་བའི་སྐབས་སུ་ཤིང་སྣ་ཚོགས་པའི་བསངས་ཁང་བརྒྱ་དང་བརྒྱད་སྦྱིན་སྲེག་གི་ཆོ་ག་ལས་བྱུང་བ་ལྟར་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ནི། རང་གཞུང་ལས། རི་བོ་བསངས་མཆོད་འཆི་བསླུ་དང་དཀོར་སྦྱོང་བར་ཆད་ཀྱི་རིགས་སེལ་བ་རྡོ་རྗེ་ཕ་ལམ་ལྟ་བུ་འདིཿ ལྷ་བཙུན་སྒྱུ་མའི་རྣལ་འབྱོར་བདག་གིས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནས་སྒོ་འབྱེད་པའི་ཆ་ལག་ཏུཿ མཁའ་འགྲོས་གནང་བཞིན་ནོར་འཁྲུལ་མེད་པར་སྦྱར་བའོཿ རྒྱ་རྒྱ་རྒྱཿ ཞེས་པ་སྟེ་དོན་གོ་བར་ཟད་དོ། །དེ་ལྟར་ན་བསངས་གཞུང་རྒྱས་བསྡུས་གང་ལ་འཇུག་ཀྱང་གོ་དོན་ཐུན་མོང་བ་རྣམས་འདིར་བཤད་པ་ལས་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །འདིར་སྨྲས་པ། རྣམ་དག་མཁས་པའི་གཞུང་ལུགས་པདྨའི་ཚལ། །གང་ལ་དམ་པའི་སྐྱེ་བོ་ཀུན་དགའ་ཡང་། །རྟག་ཏུ་གྲོང་ཆོག་ཁུར་འཛིན་མགྲིན་བཟང་དག །སྣ་ཚོགས་གཏན་གྱི་སྡུམ་རྭར་སྤྲོ་བ་འཕེལ། །དེ་སླད་བསྟན་ལ་ཕན་པའི་ལེགས་བཤད་རྒྱུན། བརྗོད་དོན་ཀུ་ཤའི་རྩེ་མོར་བཟུང་མིན་ཡང་། །རང་ཉིད་ངལ་བ་བསྟེན་པའི་ཚིག་ཕྲེང་འདི། །ཆོས་སྤྲིན་བཟང་པོའི་རླན་གྱིས་བཏང་མིན་སྙམ། །གང་ཕྱིར་འདི་ཡི་དགེ་བས་འགྲོ་ཀུན་གྱི། །གནས་སྐབས་ནད་གདོན་གནོད་པའི་འཇིགས་ཆེན་དང་། །མཐར་ཐུག་ཉོན་མོངས་གདུང་བ་ཀུན་བསལ་ནས། །བདེ་ལེགས་དཔལ་གྱིས་རྟག་ཏུ་འཚོ་བར་ཤོག །ཅེས་བསངས་ཀྱི་དོན་བཤད་ཕན་བདེའི་གྲུ་ཆར་ཞེས་བྱ་བ་འདི་ཡང་སྒྲུབ་བརྩོན་པས་མནྟ་བྷ་ཏྲས་ཆེད་དུ་བསྐུལ་བའི་རྐྱེན་བྱས། འདི་འདྲའི་ལོ་རྒྱུས་སྔོན་ཆད་བཤད་པ་ཆེར་མ་མཐོང་ཞིང་དེང་དུས་ཀྱི་སྐྱེ་བོ་རྣམས་ཚེ་འདིའི་ལེགས་སྤེལ་གྱི་ཐབས་འདི་རིགས་ལ་ལྷག་པར་སྤྲོ་བའང་མཐོང་ནས་གནས་སྐབས་གང་ཕན་གཙོ་བོར་བྱས་ཏེ་ཆོས་སྨྲ་བའི་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་གངས་ཁྲོད་བདེ་བ་ཆེན་པོའི་ཕོ་བྲང་ནས་ཤར་མར་སྤེལ་བ་དགེ། མངྒ་ལཾ། །

བླ་ན་མེད་པའི་ཐེག་པ་དང་འབྲེལ་བའི་གཏམ་སྔགས་འཆང་མགུལ་རྒྱན།

༄༅། །བླ་ན་མེད་པའི་ཐེག་པ་དང་འབྲེལ་བའི་གཏམ་སྔགས་འཆང་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །བླ་མ་དང་དབྱེར་མེད་པ་ཀུན་བཟང་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་མི་གཡོ་རྡོ་རྗེའི་ངང་། །རྣམ་པར་འགྱུར་བའི་མཐའ་ལ་མི་གནས་བཞིན། །སྒྱུ་འཕྲུལ་ཆེན་པོའི་བཀོད་པ་བསམ་ཡས་པ། །བདེ་གཤེགས་རིགས་ལྔའི་ཕྱག་རྒྱར་ཤར་ལ་འདུད། །ཇི་བཞིན་ཉིད་དེ་སུས་ཀྱང་མ་བཅས་ཀྱང་། །སྣང་ལུགས་ཙམ་དུ་སྲིད་དང་འདས་པའི་ཆོས། །མིག་འཕྲུལ་ཟླ་བོར་སྣང་ཡང་དེ་བཞིན་དུ། །སྟོན་མཁས་གསང་བདག་བླ་མས་བདག་བློ་སྐྱོང་། །གང་དག་གདུལ་བྱའི་ཁམས་དབང་ཐ་དད་བཞིན། །ཟབ་དང་རྒྱ་ཆེའི་ཆོས་ཀྱང་དེ་སྙེད་ཅིག །ཀུན་གཟིགས་ཐམས་ཅད་མཁྱེན་དེས་གསུངས་ནའང་། །མཐར་ཐུག་འཇུག་སྒོ་གསང་སྔགས་བླ་མེད་ཙམ། །དེ་ཉིད་ལའང་ཐབས་གྲོལ་ལམ་གཉིས་ལས། །འདིར་ནི་ཕྱི་མ་ཉམས་སུ་ལེན་པའི་ཚུལ། །ཅུང་ཟད་བླ་མའི་དྲིན་གྱིས་རྟོགས་བཞིན་དུ། །ལེགས་པར་འཆད་ལ་སྤྲོ་བཞིན་མཉན་པར་བྱོས། །འདིར་མཚན་ཉིད་གསུམ་གྱིས་ཁོག་འབུབ་པ་ལ་རིམ་བཞིན། དེ་ཡང་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །མེད་སྣང་སྟོང་བའི་རང་གཟུགས་རྨི་ལམ་བཞིན། །ཀུན་རྫོབ་ཙམ་དུ་ཡོད་ཡོད་ལྟར་སྣང་ཡང་། །སྣང་ཙམ་ཉིད་ནས་བདེན་པར་མ་གྲུབ་པའི། །ངོ་བོ་མཐའ་བརྒྱད་སྤྲོས་དང་བྲལ་བ་ནི། །དོན་དམ་བདེན་པ་ཉིད་དུ་ཟུང་འཇུག་ཚུལ། །ཉམས་སུ་ལེན་པ་ཐུན་མོང་ཐེག་པའི་ལུགས། །ཡིན་ཀྱང་འདིར་ནི་ཀུན་རྫོབ་བདེན་པ་ཡང་། །རྣམ་དག་ལྷ་ཡི་འཁོར་ལོར་ཤར་བ་དང་། །དོན་དམ་ཉིད་ཀྱང་དབྱིངས་ཡེ་ཟུང་འཇུག་ཏུ། །མཆིས་ཀྱང་ཆོས་ཉིད་ཀློང་དུ་རོ་མཉམ་ཕྱིར། །ལྷག་པའི་བདེན་པ་དབྱེར་མེད་ཞེས་སུ་གྲགས། །འདི་ཡན་གྱིས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དངོས་སྟོན། དེ་ཉིད་སྲིད་ཞིའི་མཐའ་ལ་མི་གནས་པར། །ཡེ་ནས་ཁྱབ་བདལ་ཆེན་པོར་བཞུགས་པ་ནི། །གཞི་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་ཞེས། །བསྒྲུབ་གཞི་ཉིད་དེ་རྟོགས་བྱེད་ཐབས་དག་ལ། །ལམ་རྒྱུད་ཞེས་གྲགས་རྟོགས་གོམས་མཐར་ཕྱིན་ཚེ། །འབྲས་རྒྱུད་དག་པ་གཉིས་ལྡན་ཞེས་གསུངས་ལས། །འདི་ཡན་གྱི་ལྟ་བ་དང་འབྲེལ་བར་རྒྱུད་གསུམ་མདོར་བསྟན་ནས། དམིག་བསལ་ལམ་མོས་སྒོམ་དང་ངེས་རྫོགས་གཉིས་ཀྱི་ཕྱི་མི་ནི། འདིར་ནི་ལམ་རྒྱུད་ཉམས་སུ་ལེན་པ་ལ། །ཐོག་མར་ལྟ་བ་བདེན་པ་དབྱེར་མེད་དུ། །གཏན་ལ་ཕབ་པ་དེ་གའི་ངང་ཉིད་དུ། །མཉམ་པར་འཇོག་ལ་སྟོང་པ་ཆེན་པོའམ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ཞེས་སུ་གྲགས། །དེ་ལས་རིག་གདངས་མ་འགགས་ཐུགས་རྗེའི་རྩལ། །ཤར་ལ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་རམ། །ཀུན་སྣང་ཏིང་འཛིན་ཞེས་གྲགས་དེ་ཉིད་ལས། །ལྷ་ཡི་ཕྱག་རྒྱར་ཡོངས་སུ་ཤར་བ་ནི། །ཕྱག་རྒྱ་གཅིག་པ་ཉིད་དེ་དེ་ལའང་། ཕྲ་རགས་གཉིས་ལས་དང་པོ་ཡིག་འབྲུ་ལ། །བསླབ་པ་ལྷ་ཡི་ས་བོན་གསལ་བ་སྟེ། །རྒྱུ་ཡི་ཏིང་ངེ་འཛིན་དང་ཚུལ་གཅིག་གོ །དེ་ལས་ལྷ་གྲངས་དང་ནི་ཞལ་ཕྱག་སོགས། །དུ་མར་སྤྲོ་ལ་ཕྱག་རྒྱ་སྤྲོས་བཅས་ཞེས། །འདི་དག་ཚོགས་ལམ་ཟག་ལྡོག་གཉིས་ལྡན་གྱི། །ལམ་བཞིར་གསུངས་བཞིན་ཉམས་སུ་བླངས་པའི་རྗེས། །སྦྱོར་བའི་ལམ་དུ་ཚོམ་བུ་ཚོགས་བསྒྲུབ་ལ། །བརྟེན་ནས་ཟག་བཅས་ལྡོག་པ་མེད་པ་ཡི། །ཡེ་ཤེས་མཐོང་དང་ཆབས་ཅིག་མཐོང་ལམ་ལ། །སྦྱོར་བར་ངེས་ཕྱིར་བར་ཆད་མེད་པའི་ལམ། །འདི་ཡན་གྱིས་རྐྱེན་འདུག་པའི་མཚན་ཉིད་ཏིང་ངེ་འཛིན་སྟོན། གང་དེ་བགྲོད་ནས་ཟག་ལྡོག་གཉིས་བྲལ་གྱི། །བདེན་པ་མཐོང་ལ་སྒྲུབ་བྱེད་གང་ཟག་གི །བློ་ཡི་ནུས་སྟོབས་དམན་མཆོག་ལ་ལྟོས་ནས། །རྣམ་སྨིན་ཚེ་དབང་རིག་འཛིན་རྣམ་གཉིས་སུ། །ཡོད་ལས་དང་པོས་ལུས་རྒྱ་ཞིག་པ་དང་། །དུས་མཚུངས་དེ་མ་ཐག་ཏུ་ཕྱག་ཆེན་ལ། །སྦྱོར་ཞིང་ཚེ་འདིར་རྣམ་སྨིན་ལུས་རྟེན་གྱི། །སྦུབས་ནས་སེམས་ཉིད་ལྷ་སྐུར་སྨིན་པས་ན། །དེ་ལྟར་བརྗོད་ཀྱི་ཚེ་དབང་རིག་འཛིན་ནི། །རྣམ་སྨིན་སྙིགས་མའི་རགས་ལུས་དྭངས་མ་རུ། །ཚེ་འདི་ཉིད་ལ་བསྒྱུར་ནས་རབ་དགའི་ས། །མངོན་དུ་བྱེད་ཅིང་བསྐལ་བའི་བར་དག་ཏུ། །འགྲོ་དོན་རླབས་ཆེན་བསྒྲུབ་པའི་མཐུ་ཐོབ་ཅིང་། །ཅི་སྟེ་རྫོགས་སངས་རྒྱས་འདོད་དེ་ཉིད་དུ། །ཐོད་རྒལ་འབྱུང་བར་སྲིད་སོགས་ཡོན་ཏན་ནི། །བློ་གྲོས་མཆོག་གི་སྤྱོད་ཡུལ་དམ་པའོ། །མངོན་ན་མཐོང་ལམ་གཉིས་པོ་གང་ནས་ཀྱང་། །ཕྱག་ཆེན་རིག་འཛིན་ཉིད་ལ་མཚམས་སྦྱར་ནས། །བསྒོམ་པའི་ལམ་དུ་ས་བཅུ་བགྲོད་པར་བྱེད། །དེ་ལའང་དབྱེ་ན་རྡོ་རྗེའི་རིག་འཛིན་དང་། །དེ་བཞིན་འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲིའི་རིག་འཛིན་ལྔ་ལས་དང་པོས་ནི། །དྲི་མེད་འོད་བྱེད་འོད་འཕྲོ་སྦྱང་དཀའ་དང་། །གཉིས་པས་མངོན་གྱུར་རིང་དུ་སོང་བ་གཉིས། །གསུམ་པས་མི་གཡོ་བ་དང་བཞི་བས་ནི། །ལེགས་པའི་བློ་གྲོས་ལྔ་བས་ཆོས་སྤྲིན་རྣམས། །རིམ་པར་བགྲོད་ནས་ས་བཅུའི་རྒྱུན་མཐའ་རུ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་སྐུ། །ལྷུན་གྲུབ་རིག་འཛིན་ཉིད་དང་ཞལ་མཇལ་ནས། མི་སློབ་ལམ་བགྲོད་རྣམ་མཁྱེན་མཆོག་གི་ས། །ཐོབ་པར་བྱེད་ཅིང་དེ་ཡང་ཐུན་མོང་ལྟར། །དེ་ལྟར་ཐུན་མོང་ལམ་ལྔ་དང་སྔགས་ཀྱི་རིག་འཛིན་བཞི་ལམ་གྱི་འགྲོས་གོང་སྦྱར་བ་ཙམ་ལས་མདོ་སྔགས་ཀྱི་ལམ་དངོས་བསྟན་གཅིག་པ་ནི་མ་ཡིན་ནོ། །བསྙེན་བསྒྲུབ་བཞི་དང་ལམ་གྱི་འགྲོས་སྦྱར་ནས། །ཚོགས་སྦྱོར་ལམ་གཉིས་བསྙེན་པས་བགྲོད་པ་དང་། །དེ་བཞིན་མཐོང་ལམ་ཉེ་བསྙེན་བསྒོམ་པའི་ལམ། །བསྒྲུབ་པས་བགྲོད་ཅིང་མི་སློབ་ལམ་མཆོག་ནི། །བསྒྲུབ་པ་ཆེན་པོས་བགྲོད་ཅེས་གསུངས་ནའང་། །འདི་ལན་གྱིས་ལམ་གྱུར་ཀྱི་འབྲས་བུའི་མཚན་ཉིད་རིག་འཛིན་བཞི་སྟོན། འདིར་ནི་མན་ངག་ལུགས་སུ་འཆད་པ་ལ། །དང་པོ་བསྐྱེད་རིམ་ཁོ་ནའི་ལམ་ཇི་བཞིན། །སྲོག་སྡོམ་གཟེར་བཞིའི་ལག་ལེན་ལ་བརྟེན་ནས། །ཟག་བཅས་ལམ་ལྔ་བགྲོད་རྗེས་ཆོས་ཉིད་ཀྱི། །བདེན་པ་མཐོང་དང་ཆབས་ཅིག་རྫོགས་རིམ་ལམ། །གཙོ་བོར་བཟུངས་ནས་ཟབ་མོའི་ཆོས་དྲུག་ལ། །བརྟན་གོམས་བྱས་པའི་མཐའ་ནི་སྤྲོས་བཅས་ཀུན། །བཞག་ནས་སྤྲོས་མེད་རྫོགས་པ་ཆེན་པོའི་ལམ། །ཁྲེག་ཆོད་ཐོད་རྒལ་ཟབ་གནད་ཁོ་ན་ལ། །བརྟེན་ནས་སྣང་བཞི་མཐར་ཕྱིན་གདོད་མའི་དབྱིངས། །ཀུན་ཏུ་བཟང་པོའི་ས་མཆོག་དམ་པ་དེ། །ཚེ་འདི་ཉིད་ལ་ཐོབ་པར་བྱས་ནས་སུ། །གཞན་དོན་སྲིད་མཐའི་བར་དུ་མཛད་པའོ། །དེ་ལྟར་མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ལས། །ཇི་ལྟར་བསྒྲུབ་བའི་འབྲས་བུ་དཔག་མེད་ཅིག །གསུངས་ཀྱང་མཐར་ཐུག་ཡེ་ཤེས་བླ་མའི་ས། །འདི་ཉིད་མ་ཐོབ་འབྲས་གཞན་ངལ་སྟེགས་ཙམ། ཅིའི་ཕྱིར་ཐེག་པ་ཀུན་གྱི་བརྗོད་བྱའི་དོན། །མཐར་ཐུག་ཉིད་དེ་ཐེག་མཆོག་རྒྱལ་པོ་ལས། །གཞན་དུ་གསལ་བར་ཅི་ཞིག་ཕྱོགས་ཙམ་ཡང་། །གབ་པ་ཉིད་ལས་མངོན་དུ་ཕྱུང་བ་མེད། །འདི་འདྲ་མ་རྟོགས་སྐྱོང་བྱེད་ཟླ་བོ་འགས། །ས་བཅུའི་རྒྱུན་མཐར་རྡོ་རྗེའི་ཏིང་འཛིན་གྱིས། །ཤེས་སྒྲིབ་བཅོམ་ཞེས་ཚིག་ཙམ་སྦོམ་པོར་སྨྲ། །ཇི་ལྟར་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཏེ། །དམིགས་བཅས་ཡིན་ནམ་དམིགས་པ་མེད་པ་ཞིག །ཡེ་ཤེས་ཡིན་ནམ་རྣམ་པར་རྟོག་པ་ཞིག །རྟག་པ་ཡིན་ནམ་གློ་བུར་གསར་སྐྱེས་ཞིག །སྒོམ་ཚུལ་ཇི་འདྲ་སྤང་བྱ་ཇི་ལྟར་སྤོང་། །མ་འཚལ་འབྲས་བུའང་དེ་ཡི་རྗེས་སུ་ཕྱོགས། །གལ་ཏེ་མཆིས་ཀྱང་རྫོགས་པ་ཆེན་པོ་ཙམ། །འདི་ཡན་གྱིས་ཐེག་པ་གང་ནས་ཞུགས་ཀྱང་མཐར་ཐུག་རྫོགས་པ་ཆེན་པོར་མ་བརྟེན་པར་རྣམ་པར་དག་པའི་འབྲས་བུ་མི་ཐོབ་པར་བསྟན་པ་དང་། གལ་ཏེ་རང་ལམ་ནས་འབྲས་བུ་ཐོབ་ཚུལ་རེ་བསྟན་ནའང་དེ་ཡང་རྫོགས་པ་ཆེན་པོར་འཇུག་པ་ལ་དགོངས་ནས་བསྟན་པའོ། །དེ་ཕྱིར་བདག་ཅག་ལས་འཕྲོས་ཕྱིན་པའི་ལམ། །འདི་འདྲར་འཕྲད་ལ་སྙིང་ནས་སྤྲོ་བཞིན་དུ། །སྐལ་ལྡན་དམ་པས་བསྐུལ་བ་དོན་ཡོད་ཕྱིར། །ལམ་དེའི་འཇུག་སྒོ་ཅུང་ཟད་འདིར་བཤད་དེའི། །དགེ་ཚོགས་མཁའ་མཉམ་འགྲོ་ལ་ཡོངས་བསྔོའི་མཐུས། །ཀུན་གྱིས་གདོད་མའི་རང་ཞལ་མཇལ་བར་ཤོག །ཅེས་པའང་རང་ཉིད་ཀྱི་རྡོ་རྗེའི་མཆེད་པོ་འཇིགས་མེད་རྡོ་རྗེའི་གསུང་གིས་བསྐུལ་ངོར་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་གྲྭ་ཐུབ་བསྟན་ཉིན་བྱེད་གླིང་སྐལ་ལྡན་སྤྲིན་ལྟར་འདུ་བའི་དགའ་ཚལ་ཉམས་རྟོགས་ཀྱི་དྲི་བསུངས་ཀུན་ཏུ་བཞད་པའི་ཀློང་ཆེན་པོ་ནས་ཐེག་པ་མཆོག་ལ་མོས་པ་ཐོབ་པའི་རྣལ་འབྱོར་པ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་ཤར་མར་སྤེལ་བའོ། །དགེའོ། །

མཎྜལ་གྱི་རྣམ་བཤད་ཉུང་ངུ་ཚོགས་གཉིས་གཏེར་བུམ།

༄༅། །མཎྜལ་གྱི་རྣམ་བཤད་ཉུང་ངུ་ཚོགས་གཉིས་གཏེར་བུམ་ཞེས་བྱ་བ་བཞུགས་སོ། །ཨོཾ་བདེ་ལེགས་སུ་གྱུར་ཅིག །ཕུལ་བྱུང་མཁྱེན་རབ་མཆོག་གི་ཉི་མ་ནི། །རྗེས་བརྩེའི་འོད་ཟེར་འབུམ་དུ་འཕྲོ་བ་ཅན། །སྐལ་ལྡན་བློ་པད་འཛུམ་པའི་གཉེན་གཅིག་པུར། །ཤར་བའི་དྲི་བསུང་འདི་ན་སྤྲོ་བར་བྱ། །དེ་ཡང་འདིར་མཎྜལ་གྱི་རྣམ་པར་བཤད་པ་མདོ་ཙམ་ཞིག་བརྗོད་པ་ལ། ངོ་བོ་ངེས་ཚིག དབྱེ་བ་དང་གསུམ་ལས། དང་པོ་ངོ་བོ་ནི། གང་གཙོ་བོའམ་སྙིང་པོ་ལ་འཁོར་གྱིས་བསྐོར་བའི་དོན་ཅན་ནོ། །གཉིས་པ་ངེས་ཚིག་ནི་སྒྲ་དོན་གྱི་སྒོ་ནས་བཤད་ན། མཎྜལ་ཞེས་པའི་སྒྲ་ལས། མཎྜ་ནི་སྙིང་པོའམ་བཅུད་ཀྱི་དོན་ཅན་དང་། ལ་ནི་ལེན་པའམ་འཛིན་པའི་དོན་དུ་འཇུག་སྟེ། དེས་ན་སྙིང་པོའི་བཅུད་ལེན་པའམ་སྙིང་པོ་འཛིན་པའི་དོན་ཅན་དུ་འཇུག་གོ །ཡང་ན་དབྱིབས་གཟུགས་ཟླུམ་པོ་ལའང་འཇུག་པས་དེ་ལྟར་སྦྱར་རོ། །རྒྱུ་མཚན་དེས་ན་གཙོ་བོ་ནི་དཀྱིལ་དང་། གཞན་ནི་དེའི་འཁོར་ཏེ། དེའི་ཕྱིར་དཀྱིལ་འཁོར་ཞེས་བྱའོ། །གསུམ་པ་དབྱེ་བ་ལ། སྤྱིར་སྒྲུབ་པའི་མཎྜལ་དང་། མཆོད་པའི་མཎྜལ་གཉིས་ལས། དང་པོ་སྒྲུབ་པའི་མཎྜལ་ནི། ཚོགས་ཞིང་ལ་བྱ་སྟེ། དེ་ཡང་ལམ་འབྲས་བུ་དང་བཅས་པའི་ཟླས་དབྱེ་བས་དཀྱིལ་འཁོར་བདུན་ནམ་བཅུ་གཅིག་སོགས་སུ་བཤད་པ་ཡོད་དེ། སྒྱུ་འཕྲུལ་རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། ཞེས་པ་ལྟར། རང་བཞིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ཏེ། དེ་ལྟར་སྤྱིར་དབྱེ་བ་བདུན་ཏེ། ནང་གསེས་ཕྲ་མོའི་དབང་དུ་བྱས་ན། རང་བཞིན་གྱི་དཀྱིལ་འཁོར་ལ་དེ་ཉིད་དངོས་དང་། རང་བཞིན་འབྲས་བུ་གཟུགས་བརྙན་གྱི་དཀྱིལ་འཁོར་ཏེ་གཉིས་དང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། རས་བྲིས་ཀྱི་དཀྱིལ་འཁོར་དང་། ཚོམ་བུའི་དཀྱིལ་འཁོར་ཏེ་གསུམ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ་གཉིས་རྣམས་སུ་དབྱེ་བས་བཅུ་གཅིག་ཏུ་འགྱུར་རོ། །གཞན་དུ་ཡང་རྒྱུད་དང་མན་ངག་དག་ལས་དཀྱིལ་འཁོར་གྱི་དབྱེ་བསྡུ་མང་དུ་འབྱུང་ཡང་འདིར་བརྗོད་པས་མ་ཟད་དོ། །དེ་ལྟ་ནའང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི་གསུང་གི་རྗེས་སུ་འབྲང་ན། དཀྱིལ་འཁོར་གྱི་དབྱེ་བ་དེ་དག་ཐམས་ཅད། སྐུ་གསུམ་གྱི་དཀྱིལ་འཁོར་གསུམ་དུ་འདུ་བར་བཞེད་དེ། དེས་ན་འདིར་དེ་དག་གི་དབྱེ་བ་མདོ་ཙམ་ཞིག་འཆད་པ་ལ། སྟོན་པ་ཆོས་ཀྱི་སྐུའི་དཀྱིལ་འཁོར་དང་། ལོངས་སྤྱོད་རྫོགས་པ་སྐུའི་དཀྱིལ་འཁོར་དང་། སྤྲུལ་པ་སྐུའི་དཀྱིལ་འཁོར་ཏེ། དེ་ལྟར་གསུམ་མོ། །འདི་དག་རེ་རེ་ལ་ཡང་། སྟོན་པ་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། དུས་ཕུན་སུམ་ཚོགས་པ་དང་། ཆོས་ཕུན་སུམ་ཚོགས་པ་སྟེ། དེ་ལྟར་ལྔ་ལྔ་ཚང་བའི་སྒོ་ནས་འཆད་དགོས་པ་ཡིན་ཏེ། དེ་སྐད་དུའང་ལུང་ལས། སྟོན་པ་གནས་དང་འཁོར་ཚོགས་ཚེ། །དུས་དང་སྡུད་པ་ཤུགས་ལས་ཤེས། །ཞེས་གསུངས་པ་ལྟར་རོ། །འོ་ན་དེ་དག་གི་དོན་ཇི་ལྟ་བུ་ཞེ་ན། དང་པོ་ཆོས་ཀྱི་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི། རིམ་པ་ལྟར། སྟོན་པ་ཕུན་སུམ་ཚོགས་པ་རང་རིག་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་རིགས་ཐམས་ཅད་ཀྱི་བདག་པོ་ཉིད་ཀྱིས། གནས་ཕུན་སུམ་ཚོགས་པ་ནང་དབྱིངས་མཐའ་དབུས་དང་བྲལ་བ་གཞོན་ནུ་བུམ་པའི་སྦུབས་སུ། འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་ཡེ་ཤེས་ཀྱི་བྱེ་བྲག་སེམས་དཔའ་དང་སེམས་མའི་རྣམ་པར་ཤར་བ་རྣམས་ལ། དུས་ཕུན་སུམ་ཚོགས་པ་དུས་གསུམ་མི་དམིགས་པའི་རང་བཞིན་མངོན་པར་འདུས་མ་བྱས་པའི་དུས་སུ། ཆོས་ཕུན་སུམ་ཚོགས་པ་སྒྲ་ཚིག་བྱེད་རྩོལ་ལས་འདས་པ་རང་བཞིན་རྫོགས་པ་ཆེན་པོའི་ཏནྟྲ་རྣམས་ཉིད་ཀྱིས་ཏིང་ལ་དགོངས་པ་མི་གཡོ་བའི་ཚུལ་གྱིས་གསུང་བ་སྟེ། རྒྱལ་བ་དགོངས་པའི་བརྒྱུད་པར་གྲགས་པ་རྣམས་སོ། །དེ་སྐད་དུའང་རྒྱུད་ཀྱི་རྒྱལ་པོ་ལས། རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལོངས་སྤྱོད་རྫོགས་པ་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི། འདི་ལྟར་སྟོན་པ་ཕུན་སུམ་ཚོགས་པ་རྣམ་པར་སྣང་མཛད་གངས་ཆེན་མཚོ་ལ་སོགས་རིགས་ལྔའི་རྒྱལ་བ་རྣམས་ཀྱིས། གནས་ཕུན་སུམ་ཚོགས་པ་འོག་མིན་བླ་ན་མེད་པ་སྟུག་པོ་བཀོད་པའི་ཞིང་ཁམས་ལ་སོགས་པར། འཁོར་ཕུན་སུམ་ཚོགས་པ་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བགྲང་གིས་མི་ལང་བ་དག་ལ། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོར། ཆོས་ཕུན་སུམ་ཚོགས་པ་གསང་སྔགས་ཕྱི་ནང་གི་ཐེག་པ་བསམ་གྱིས་མི་ཁྱབ་པ་རྣམས་ཞལ་ནས་མི་གསུང་བར་སྐུའི་རྣམ་འགྱུར་གྱི་བརྡ་ཐབས་ལ་བརྟེན་ནས་འཁོར་གྱི་རྒྱུད་ལ་ངེས་པར་བྱེད་པས་བརྡ་བརྒྱུད་དུ་གྲགས་ཤིང་། གཞན་དུ་ན་རྒྱལ་བ་དགོངས་བརྡའི་བརྒྱུད་པ་ཞེས་འདི་ཉིད་སྔ་མའི་ཁོངས་སུ་བསྡུ་ཞིང་། རིག་འཛིན་རིག་པའི་བརྒྱུད་པ་ཞེས་གྲགས་པ་ནི། ལྷ་ཀླུ་གནོད་སྦྱིན་སོགས་ཀྱི་རིག་པ་འཛིན་པ་རྣམས་ལ་ཟེར་རོ། །དེ་དག་ཀྱང་ཇི་སྐད་དུ། སྒྱུ་འཕྲུལ་དྲ་བ་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་སྤྲུལ་པའི་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི་འདི་ལྟར། སྟོན་པ་ཕུན་སུམ་ཚོགས་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་སོགས་འགྲོ་བའི་གནས་རིགས་དྲུག་སོ་སོའི་མཐོང་སྣང་དང་མཐུན་པར་གང་ལ་གང་འདུལ་དུ་སྤྲུལ་པ་རྣམས་ཀྱིས། གནས་ཕུན་སུམ་ཚོགས་པ་ལྷ་གནས་གསུམ་དང་། རྒྱ་གར་འཕགས་པའི་ཡུལ་ལ་སོགས་པར། འཁོར་ཕུན་སུམ་ཚོགས་པ། ཐེག་པ་གསུམ་གྱི་གདུལ་བྱ་ཅི་རིགས་པ་རྣམས་ལ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་བའི་དུས་ལ་སོགས་པ་གདུལ་བྱ་དང་གདུལ་བྱེད་ནམ་འཛོམས་པའི་དུས་རྣམས་སུ། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང་། དེ་ལས་དབྱེ་བ་གསུང་རབ་ཡན་ལག་བཅུ་གཉིས་སོགས་མདོར་ན་འགྲོ་བ་རྣམས་ཐབས་གང་གིས་འདུལ་བར་འགྱུར་བ་ལྟར་སྣང་བ་རྣམས་ཏེ། འདི་ལས་བརྒྱུད་པ་ལ་གང་ཟག་སྙན་བརྒྱུད་དུ་གྲགས་སོ། །དེ་དག་ཀྱང་གཞུང་ལས་བཤད་པ་ནི་འདི་ཡིན་ཏེ། རྩ་རྒྱུད་ལས། ཆོས་སྐུ་དཔག་མེད་བསམ་མི་ཁྱབ། །ལོངས་སྐུ་ཟད་མེད་ཡིད་བཞིན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་དང་། སྒྱུ་འཕྲུལ་རྒྱ་འཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་བ། །དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུའོ། །ཞེས་སོགས་གསུངས་པ་ལྟར་རོ། །དེ་དག་ནི་གང་ལ་མཎྜལ་འབུལ་པའི་ཡུལ་ངོས་བཟུང་བ་སྟེ། སྒྲུབ་པའི་མཎྜལའི་བཤད་པ་མདོར་བསྡུས་པའོ། །སྤྱི་དོན་གཉིས་པ་མཆོད་པའི་མཎྜལ་ལ་དབྱེ་བ་དང་ཕན་ཡོན་གཉིས་ལས། དང་པོ་དབྱེ་བ་ལ། ཐུན་མོང་ཕྱིའི་མཎྜལ་ཐུན་མོང་མ་ཡིན་པ་ནང་གི་མཎྜལ། ཁྱད་པར་གསང་པའི་མཎྜལ། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་མཎྜལ་དང་བཞི་ལས། དང་པོ་ཐུན་མོང་ཕྱིའི་མཎྜལ་ནི། འཇིག་རྟེན་ན་བདག་པོས་ཡོངས་སུ་བཟུང་བ་དང་། མ་བཟུང་བའི་དངོས་པོ་ཇི་སྙེད་མཆིས་པ་རྣམས་བདག་གི་བློས་ཡོངས་སུ་བླངས་ཏེ་ཚོགས་ཞིང་རྣམས་ལ་འབུལ་བའི་ཆོ་ག་སྟེ། དེའི་ལག་ལེན་འཆད་པ་ལ་ཐོག་མར་ཚོམ་བུ་བཀོད་པ་དམིགས་རྟེན་དུ་བྱས་ནས་དེའི་རྗེས་སུ་ཚིག་དང་དམིགས་པ་འབྲེལ་ཆགས་པའི་སྒོ་ནས་འབུལ་དགོས་པ་ཡིན་ཏེ། དེ་ལ་དང་པོ་གང་དུ་ཚོམ་བུ་འགོད་པའི་གཞི་ནི། རབ་གསེར་དངུལ་ལ་སོགས་པའི་རིན་པོ་ཆེའི་རྒྱུ་ལས་གྲུབ་པ། འབྲིང་འཁར་བ་དང་ལྕགས་དང་ལི་ལ་སོགས་པའི་རྒྱུ་དག་པ། ཐ་མས་ཀྱང་རྡོ་ལེབ་དང་ཤིང་ལེབ་ལ་སོགས་པའི་སྟེགས་བུ་ངོས་འཇམ་ཞིང་ཁོད་སྙོམས་པ། བྱི་དོར་སོགས་ལེགས་པར་བགྱིས་ནས། དེའི་རྗེས་སུ་གཞི་དེར་གང་གིས་ཚོམ་བུ་དགོད་པའི་རྒྱུ་ཡང་རབ་གཡུ་དང་བྱུ་རུ་ལ་སོགས་རིན་པོ་ཆེའི་རིགས། འབྲིང་ཨ་བར་སྐྱུར་གསུམ་སོགས་སྨན་གྱི་འབྲས་བུ། ཐ་མས་ཀྱང་ནས་འབྲས་གྲོ་སྲན་སོགས་འབྲུའི་ཚོམ་བུ་དགོད་པར་བྱ་སྟེ། དེ་ཡང་ཚོམ་བུའི་གྲངས་ཇི་ཙམ་ཞིག་དགོད་པ་ལ་མདོ་རྒྱུད་བསྟན་བཅོས་རྣམས་ནས་བཤད་པ་མི་གཅིག་པ་མང་དུ་ཡོད་དེ། དེ་དག་ཀྱང་རེ་ཞིག་མདོར་བསྡུ་ན་དྲུག་ལས། དང་པོ་སྔ་འགྱུར་གྱི་ལུགས་ལའང་ནང་གསེས་སུ་དབྱེ་ན་གསུམ་སྟེ། འདི་ལྟར་རི་རབ་གླིང་བཞི་ཉི་ཟླ་བཅས་ཚོམ་བུ་བདུན་པ་དང་། རི་གླིང་ལྔ་མེ་ཏོག་མ་སོགས་ནང་སྒེག་བཞི། ཉི་ཟླ་གཉིས་བཅས་བསྡོམས་པས་ཚོམ་བུ་བཅུ་གཅིག་པ་དང་། རི་གླིང་གླིང་ཕྲན་ཉི་ཟླ་བཅས་ཚོམ་བུ་བཅོ་ལྔ་བ་རྣམས་ཏེ་འདི་དག་ཀྱང་མདོ་རྒྱུད་ཅི་རིགས་པ་ལས་བཏུས་པར་སྣང་ཞིང་། དེའི་ཚུལ་ཞིབ་ཏུ་རྟོགས་པར་འདོད་ན། རང་རང་གི་གཞུང་གི་ཆོ་ག་ལ་ལེགས་པར་བརྟགས་པས་རྟོགས་ནུས་པ་ཡིན་ནོ། །གཉིས་པ་ཡོ་གའི་རྒྱུད་ཀྱི་དགོངས་པ་སློབ་དཔོན་སངས་རྒྱས་གསང་བས་བཀྲལ་བའི་མཎྜལ་གྱི་ཆོ་གའི་ལུགས་ནི། ཚོམ་བུ་བཅུ་གསུམ་པ་སྟེ། སྔ་མ་དང་ཕྱོགས་མཐུན་པར། རི་རབ་གླིང་གཞི་གླིང་ཕྲན་བཅས་བསྡོམས་པའོ། །གསུམ་པ་སློབ་དཔོན་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བའི་བཞེད་པ་ནི། གླིང་བཞི་གླིང་ཕྲན་རི་རབ་དང་བཅས་པའི་སྟེང་དུ་ཉི་ཟླ་གདུགས་རྒྱལ་མཚན་བཞི་བསྣན་པས་ཚོམ་བུ་བཅུ་བདུན་པའོ། །བཞི་བ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པར་མཎྜལ་གྱི་ཆོ་གའི་ལུགས། རི་གླིང་གླིང་ཕྲན་བཅས་ཀྱི་སྟེང་དུ་རྒྱལ་སྲིད་བདུན་གཏེར་བུམ་ཉི་ཟླ་བཅས་བསྣན་པས་ཚོམ་བུ་ཉེར་གསུམ་པའོ། །ལྔ་བ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ནི། ཚོམ་བུ་ཉེར་གསུམ་པ་དེ་གའི་སྟེང་དུ་སྒྲ་གཅན་དང་དུས་མེ་གཉིས་བསྣན་པས་ཚོམ་བུ་ཉེར་ལྔ་བའོ། །དྲུག་པ་བླ་མ་དམ་པ་ཆོས་རྒྱལ་འཕགས་པའི་བཞེད་པ་ནི། ད་ལྟ་ཡོངས་སུ་གྲགས་པའི་ཚོམ་བུ་སོ་བདུན་པ་སྟེ། དེ་རྣམས་འབུལ་བའི་དུས་སུ་ཚོམ་བུ་ཇི་ལྟར་འགོད་པའི་ཚུལ་ཡང་། ཐོག་མར་མཎྜལ་གྱི་གཞི་དེ་དྲི་བཟང་དང་བ་བྱུང་ལྔས་བྱུག་པ་ནི་ཐུན་མོང་དུ་བྱ་བ་ཡིན་ལ། བྱེ་བྲག་བླ་མེད་ཀྱི་རྒྱུད་རྣམས་ཀྱི་དགོངས་པར་དེའི་སྟེང་དུ་བདུད་རྩི་ལྔས་ཀྱང་བྱུག་པར་བཤད་དོ། །དེའི་རྗེས་སུ་གང་ཞིག་དགོད་པར་བྱ་རྒྱུའི་རྫས་རྣམས་ཀྱང་སྤོས་ཆུ་དེ་དག་གིས་བརླན་པར་བྱས་ནས། དང་པོར་ས་གཞི་དང་། དེ་རྗེས་ལྕགས་རི་མཚོན་བྱེད་དགོད་པ་སྔོན་དུ་འགྲོ་བས། ཚོམ་བུ་བདུན་མར། དབུས་དང་ཕྱོགས་བཞིར་རི་རབ་དང་གླིང་བཞི། ཤར་ནུབ་ཏུ་ཉི་ཟླ་མཚོན་བྱེད་ཀྱི་ཚོམ་བུ་རྣམས་དགོད་དོ། །ཚོམ་བུ་བཅུ་གཅིག་པར་རི་གླིང་ཡན་འགོད་ཚུལ་དེ་དང་འདྲ་བ་ལས། དེ་རྗེས་མཚམས་གཞིར་ནང་སྒེག་བཞིའི་ཚོམ་བུ་དང་མཐར་ཤར་ནུབ་ཀྱི་ཉི་ཟླའི་ཚོམ་བུ་དགོད། ཚོམ་བུ་བཅོ་ལྔ་པར་གཞན་དེ་དང་འདྲ་ཞིང་། གླིང་བཞིའི་ཚོམ་བུ་བཀོད་པའི་རྗེས་སུ། གླིང་རང་རང་གི་གཡས་གཡོན་ཏུ་གླིང་ཕྲན་རྣམས་ཁ་ཕྱིར་ཕྱོགས་པའི་ཚུལ་དུ་དགོད་ཅིང་། དེ་རྗེས་ཉི་ཟླའི་ཚོམ་བུ་ཤར་ནུབ་ཏུ་དགོད་དོ། །ཚོམ་བུ་བཅུ་གསུམ་པར་ནི་ཉི་ཟླའི་ཚོམ་བུ་དོར་བ་ཙམ་མ་གཏོགས་དེ་དང་ཁྱད་མེད་དོ། །ཚོམ་བུ་བཅུ་བདུན་བར། གཞན་སྔ་མ་ལྟར་ལ། ལྷོ་བྱང་དུ་གདུགས་དང་རྒྱལ་མཚན་དགོད་པར་བྱའོ། །ཚོམ་བུ་ཉེར་གསུམ་པར་རི་གླིང་གླིང་ཕྲན་བཅས་སྔར་ལྟར་བཀོད་གྲུབ་པ་དང་། སླར་ཡང་ཚོམ་བུ་སྔ་མ་རྣམས་ཀྱི་ཆའི་ཕྱོགས་མཚམས་བརྒྱད་དུ་རྒྱལ་སྲིད་བདུན་དང་། གཏེར་བུམ་བཅས་བཀོད་དེ། དེ་ནས་ཤར་ནུབ་ཏུ་ཉི་ཟླའི་ཚོམ་བུ་དགོད་དོ། །ཚོམ་བུ་ཉེར་ལྔ་པར་གཞན་དེ་དང་འདྲ་བ་ལས། ལྷོ་བྱང་དུ་སྒྲ་གཅན་དང་དུས་མེ་དགོད་པར་བྱའོ། །ཚོམ་བུ་སོ་བདུན་མར། དབུས་སུ་རི་རབ་ཤར་དུ་ལུས་འཕགས་པོ་སོགས། ཕྱོགས་བཞིར་གླིང་བཞི། མཚམས་བཞིར་གླིང་ཕྲན་རྣམས་འགོད་ཚུལ་ལན་སྔ་མ་རྣམས་དང་འདྲ་ལ། དེ་ནས་གླིང་བཞིའི་ཡོན་ཏན་ཐུན་མོང་མ་ཡིན་པ་རྣམས་དགོད་པར་བྱ་སྟེ། དེ་ཡང་ཤར་ལུས་འཕགས་པོ་ན་རིན་པོ་ཆེའི་རི་བོ་ཡོད་པའི་ཕྱིར་དེར་དེ་ཉིད་ཀྱི་མཚན་མ་དགོད་པར་བྱའོ། །ལྷོ་འཛམ་བུའི་གླིང་དུ་འཛམ་བུ་པྲི་ཤིའི་དཔག་བསམ་གྱི་ལྗོན་པ་ཡོད་པའི་ཕྱིར་དེའི་མཚན་མ་དགོད་པར་བྱའོ། །ནུབ་བ་ལང་སྤྱོད་ན་འདོད་འཇོས་ཀྱི་བ་ཡོད་པའི་ཕྱིར་དེ་ཉིད་ཀྱི་ཚོམ་བུ་དགོད་དོ། །བྱང་སྒྲ་མི་སྙན་ན་མ་རྨོས་པའི་ལོ་ཏོག་ཡོད་པའི་ཕྱིར་དེར་དེ་ཉིད་མཚོན་པའི་ཚོམ་བུ་དགོད་ཅིང་། སླར་ཡང་དེ་དག་ལས་ཅུང་ཟད་ནང་དུ་ཕྱོགས་པའི་ཕྱོགས་མཚམས་བརྒྱད་དུ་འཁོར་ལོ་རིན་ཆེན་སོགས་རྒྱལ་སྲིད་སྣ་བདུན་དང་གཏེར་བུམ་གྱི་མཚན་མ་དགོད། དེ་ནས་དེའི་ནང་གི་ཕྱོགས་བཞིར་རིམ་པར་སྒེག་མོ་སོགས་ཕྱི་སྒེག་བཞི་དང་། ཤར་ལྷོ་ནས་བརྩམས་པའི་མཚམས་བཞིར་མེ་ཏོག་མ་སོགས་ནང་སྒེག་བཞིའི་ཚོམ་བུ་དགོད་པར་བྱའོ། །དེ་རྗེས་ཤར་ནུབ་གཉིས་སུ་ཉི་ཟླ་གཉིས་དང་། ལྷོ་བྱང་གཉིས་སུ་གདུགས་དང་རྒྱལ་མཚན་དག་དགོད་པར་བྱ་ཞིང་། དེ་དག་གི་སྐབས་ཀྱི་ཤར་ལ་སོགས་པའི་ངོས་འཛིན་ཚུལ་ཡང་ཁ་ཅིག་གིས། ཚོགས་ཞིང་ལ་བསྟན་པའི་ཕྱོགས་ཤར་དུ་བྱས་ནས་འགོད་པ་དང་། ཁ་ཅིག་རང་ལ་བསྟན་པའི་ཕྱོགས་ཤར་དུ་བྱེད་པའི་ལུགས་དང་དེའི་དོད་དུ་བསམ་ལ་འབུལ་ཡུལ་ཀྱང་གཙོ་བོར་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ལ་འབུལ་བར་བཤད་དོ། །འདི་ལ་གཞན་ཡང་དབྱེ་བསྡུའི་རྣམ་པ་ཅུང་ཟད་མི་འདྲ་བ་འགའ་ཞིག་ཡོད་ཀྱང་གང་ལྟར་བྱས་རུང་མི་འགལ་ལོ། །དེ་དག་ནི་ནང་གི་མཎྜལ་འབུལ་བའི་ཚུལ་ལོ། །གསུམ་པ་ཁྱད་པར་གསང་བའི་མཎྜལ་ནི། ཆོས་ཀྱི་དབྱིངས་མཐའ་དབུས་ཐམས་ཅད་དང་བྲལ་བ་ཉིད་དབང་ཆེན་གསེར་གྱི་ས་གཞི། སྙིང་རྗེ་ཆེན་པོ་དྲི་བཟང་གི་ཆག་ཆག རྩ་བ་བྱང་ཆུབ་ཀྱི་སེམས་རིའི་རྒྱལ་པོ་རི་རབ། དེ་ལས་ཚད་མེད་བཞི་སྐྱེས་པ་གླིང་བཞི། ཐབས་ཤེས་ཟུང་དུ་འཇུག་པ་ཉི་ཟླ། གཞན་དོན་རྒྱུན་མི་ཆད་པ་འདོད་འཇོའི་བ། ཆོས་སྐུ་སྤྲོས་པ་དང་བྲལ་བ་མ་རྨོས་པའི་ལོ་ཏོག་སྐུ་དང་ཡེ་ཤེས་ཕྲིན་ལས་སོགས་དཔག་བསམ་གྱི་ཤིང་སྟེ་དེ་ལྟ་བུའི་ཚུལ་དུ་མོས་པའམ། ཡང་ན་སེམས་དང་སེམས་བྱུང་བཟང་ངན་མཐའ་དག་ལ་སྤང་བླང་མེད་པར་མཎྜལ་དུ་འབུལ་བའི་ལུགས་ཀྱང་ཡོད་དེ། གང་ལྟར་ཡང་འབུལ་ཡུལ་ནི་གཙོ་བོར་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ་བར་བཤད་དོ། །བཞི་བ་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་མཎྜལ་ནི། ཁྲེག་ཆོད་དང་ཐོད་རྒལ་གྱི་དགོངས་པ་ཐུན་མོང་མ་ཡིན་བ་དང་སྦྱར་བ་སྟེ། འདི་ནི་ཨ་ཏི་ཡོ་གའི་རྒྱུད་དོན་དང་མཐུན་པར་བཤད་དགོས་པ་ཡིན་ནོ། །དེ་ཡང་འདི་ལྟར་གཞི་ཀ་དག་གདོད་མའི་གནས་ལུགས་ལ་ལྷུན་གྲུབ་རང་སྣང་གི་ཚོམ་བུ་དགོད་པ་སྟེ། ལམ་སྣང་བ་བཞིའི་བང་རིམ་མངོན་པར་མཐོ་བའི་རི་དབང་། སྒྲོན་མ་རྣམ་པ་བཞིའི་གླིང་དང་ལྡན་པ། དབྱིངས་རིག་ཟུང་དུ་འཇུག་པའི་ཉི་ཟླ་ལ་སོགས་པས་མཛེས་པར་བརྒྱན་པ་ཉིད་དེ། འདི་ཉིད་སྐུ་གསུམ་དབྱེར་མི་ཕྱེད་པ་ངོ་བོ་ཉིད་ཀྱི་སྐུ་ལ་འཁོར་གསུམ་གྱི་འཛིན་ཞེན་རང་སར་དག་པའི་ངང་ནས་འབུལ་ལོ། །དེ་ལྟར་ན་མཆོད་པའི་མཎྜལ་གྱི་དབྱེ་བ་བཤད་པ་དེ་སོང་། གཉིས་པ་དེ་ལྟར་ཕུལ་བའི་ཕན་ཡོན་ནི། ཐུན་མོང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་རྫོགས་པར་བྱེད་པ་དང་། སྒྲིབ་པ་གཉིས་ཅི་རིགས་པར་དག་ནས་གནས་སྐབས་སུ་མངོན་མཐོའི་དཔལ་ལ་སྤྱོད་ཅིང་། མཐར་ཐུག་ངེས་པར་ལེགས་པའི་གོ་འཕང་མྱང་འདས་གསུམ་གང་རུང་མངོན་དུ་བྱེད་པའོ། །བྱེ་བྲག་གི་དབང་དུ་བྱས་ན། མཎྜལ་ཕུལ་བ་སྟོབས་སུ་གྱུར་པས་སྨོན་ལམ་ཡོངས་སུ་རྫོགས་པར་བྱས་ཏེ། སེམས་ཅན་གྱི་ཁམས་རྒྱ་མཚོ་སྨིན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་བྱས་པར་འགྱུར་ཏེ། དེ་ཡང་རིམ་པ་ལྟར། ཐུན་མོང་ཕྱིའི་མཎྜལ་གྱིས་སེམས་ཅན་རྣམས་ཀྱི་ལུས་ཀྱི་སྒྲིབ་པ་དག་ནས་རྒྱལ་བ་ཐམས་ཅད་ཀྱི་སྐུ་རྡོ་རྗེར་སྨིན་པར་བྱེད་ཅིང་། སངས་རྒྱས་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་ས་བོན་འདེབས་ཤིང་། དེ་གཉིས་ཡོད་ཀྱང་དོན་ལ་གང་ལྟར་ཡང་མི་འགལ་ཏེ། དེའི་རྒྱུ་མཚན་ཐོག་མ་ཉིད་ནས་ཚོགས་ཞིང་ཕྱོགས་ཤར་དུ་བྱས་ནས་བཀོད་ན་ནི་མཐར་འབུལ་བའི་དུས་སུ་ཡང་དེ་ཉིད་ལྟར་དུ་ཕུལ་བས་འཐུས་ལ། གལ་ཏེ་རང་གི་ཕྱོགས་ཤར་དུ་བྱས་ནས་བཀོད་ན་འབུལ་བའི་དུས་སུ་ཕྱོགས་ཁ་སྒྱུར་དགོས་པ་ཙམ་ཞིག་ཁྱད་པར་དུ་བྱས་པ་ཡིན་ནོ། མདོར་ན་ཚོམ་བུའི་གྲངས་མང་ཉུང་གང་ལྟར་བྱས་ཀྱང་། ལེགས་པར་བཀོད་ཟིན་པ་དང་མཉམ་དུ་བསམ་པར་བྱ་བ་ནི། ཚོམ་བུའི་རྣམ་པ་གང་དང་གང་དགོད་པ་ན། དེ་དུས་ཀྱི་བསྒྲགས་ཚིག་དང་མཐུན་པའི་འཇིག་རྟེན་གྱི་དངོས་པོ་དེ་དང་དེར་མོས་པར་བྱས་ནས། དེ་ཡང་འཁོར་གསུམ་ཡོངས་སུ་དག་པའི་དམིགས་མེད་ཀྱི་ཤེས་རབ་ཟབ་མོའི་རྩི་དང་མ་བྲལ་བར་ཚོགས་ཞིང་རྣམས་ལ་འབུལ་དགོས་པའི་ཚུལ་ནི་གོང་སྨྲོས་ལྟར་ཡིན་པས་དེ་སྐབས་ཀྱི་ཚོགས་ཞིང་ཡང་གཙོ་བོར་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཡིན་ནོ། །དེ་ལའང་བློ་རྒྱ་ཆེ་ཆུང་གི་དབང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་མི་མཇེད་བྱེ་བ་ཕྲག་བརྒྱའི་བདག་ཉིད་ཅན་གྱི་སྤྲུལ་སྐུའི་ཞིང་ཁམས་འདི་ཙམ་ཞིག་རང་རང་གི་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་ཡོངས་སུ་གང་བར་དམིགས་ཏེ་འབུལ་བ་ལ་སྤྲུལ་སྐུའི་མཎྜལ་གྱི་ཐ་སྙད་དང་། ལོངས་སྐུ་རིགས་ལྔ་གངས་ཆེན་མཚོའི་ཞིང་ཁམས་ཀྱི་བཀོད་པ་མཐའ་དག་སྒེག་སོགས་འདོད་ཡོན་གྱི་ལྷ་མོའི་ཡོངས་སུ་བཀང་སྟེ་འབུལ་བ་ལ་ལོངས་སྐུའི་མཎྜལ་དང་། གྲངས་དང་ཚད་གཞལ་དུ་མེད་པའི་ཆོས་སྐུའི་ཞིང་ཁམས་རྒྱ་མཚོའི་ནམ་མཁའི་མཐའ་དང་མཉམ་པ་རྣམས་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཟིན་པས་ཡོངས་སུ་འབུལ་བ་ལ་ཆོས་སྐུའི་མཎྜལ་གྱི་བརྡ་ཆད་མཛད་པའི་ལུགས་དེ་ལྟ་བུའང་ཡོད་དོ། །དེ་དག་ནི་ཐུན་མོང་ཕྱིའི་མཎྜལ་གྱི་རྣམ་དབྱེ་མདོར་བསྡུས་ཏེ་བཤད་པའོ། །གཉིས་པ་ཐུན་མོང་མ་ཡིན་པ་ནང་གི་མཎྜལ་ནི། རང་གི་ལུས་ཡོངས་སུ་འབུལ་བ་སྟེ་འདི་ནི་ཟབ་མོ་གཅོད་ལ་སོགས་པའི་གཞུང་ལས་ཀྱང་རྒྱ་ཆེར་བཤད་ལ་བླ་མེད་ཀྱི་རྒྱུད་སྡེ་དག་ལས་ཀྱང་མང་དུ་འབྱུང་ངོ་། །དེ་ཡང་འདི་ལྟར། ལྤགས་པ་དབང་ཆེན་གསེར་གྱི་ས་གཞི་རཀྟ་དྲི་བཟང་གི་ཆག་ཆག་རྒལ་ཚིགས་རིའི་རྒྱལ་པོ་རི་རབ། ཡན་ལག་བཞི་གླིང་བཞི། ཉིང་ལག་རྣམས་གླིང་ཕྲན་བརྒྱད། རྣམ་ཤེས་ཚོགས་བརྒྱད་མཆོད་པའི་ལྷ་མོ་བརྒྱད། སྤྱི་བོའི་ཧཾ་ལས་བྱང་སེམས་བབས་པ་འདོད་འཇོའི་བ། ལུས་ལ་སྐུ་གསུམ་ཚངས་པ་མ་རྨོས་པའི་ལོ་ཏོག རྩྭ་ཆེན་རྩྭ་ཕྲན་ཐམས་ཅད་དཔག་བསམ་གྱི་ཤིང་། རོ་མ་དང་རྐྱང་མ་གཉིས་ཉི་ཟླའམ། ཡང་ན་མགོ་བོ་ལྷ་གནས་དང་མིག་གཉིས་ཉི་ཟླར་བཤད་པའང་ཡོད། མདོར་ན་ལུས་ལ་བརྟེན་པའི་ཡོན་ཏན་ཐམས་ཅད་བརྟན་གཡོའི་ལོངས་སྤྱོད་དཔག་ཏུ་མེད་པ་དག་སྟེ། དེ་ཉིད་ཀྱི་ཞིང་ཁམས་ཡོངས་སུ་སྦྱོང་བར་བྱེད་དོ། །ཐུན་མོང་མ་ཡིན་པ་ནང་གི་མཎྜལ་གྱིས་སེམས་ཅན་རྣམས་ཀྱི་ངག་གི་སྒྲིབ་པ་དག་པར་བྱས་ནས་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེར་སྨིན་པར་འགྱུར་བ་དང་། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་ས་བོན་འདེབ་ཅིང་། དེ་ཉིད་ཀྱི་ཞིང་ཁམས་ཡོངས་སུ་སྦྱོང་བར་བྱེད་དོ། །ཁྱད་པར་གསང་བའི་མཎྜལ་ཕུལ་བས། སེམས་ཅན་རྣམས་ཀྱི་ཡིད་ཀྱི་སྒྲིབ་པ་དག་པར་བྱེད་ཅིང་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྡོ་རྗེར་སྨིན་པར་འགྱུར་དང་། སངས་རྒྱས་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་རྐྱེན་དུ་འགྱུར་ཞིང་། དེ་ཉིད་ཀྱི་ཞིང་ཁམས་ཡོངས་སུ་སྦྱོང་བར་བྱེད་དོ། །མཐར་ཐུག་དེ་ཁོ་ན་ཉིད་ཀྱི་མཎྜལ་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག་པར་བྱས་ནས་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེར་སྨིན་པར་འགྱུར་བ་དང་། སྐུ་གསུམ་དབྱེར་མི་ཕྱེད་པའི་ངོ་བོ་ཉིད་སྐུ་མངོན་དུ་བྱེད་ཅིང་དེའི་ཞིང་ཁམས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ལྟར་ན་ཐར་བ་དང་རྣམ་མཁྱེན་མཆོག་གི་འབྲས་བུ་མངོན་དུ་བྱེད་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་རག་ལས་ཤིང་། དེའི་ཐབས་ཀྱི་མཆོག་ཏུ་གྱུར་པ་ནི་མཎྜལ་འབུལ་བ་ཉིད་ཡིན་པ་མདོ་རྒྱུད་བསྟན་བཅོས་ཕལ་ཆེར་ལས་གསུངས་པ་ལ་ཡིད་ཆེས་པར་བྱ་ཞིང་འདི་སྐབས་ཀྱི་ལུང་སྦྱོར་རྣམས་ནི་ཡི་གེ་མང་དུ་དོགས་ནས་མ་སྤྲོས་སོ། །དེ་ལྟར་ནའང་མཐོང་བར་འདོད་པ་དག་གིས་ནི་གོང་དུ་རང་རང་གི་ལུང་ཁུང་གསལ་བར་བྱས་པ་རྣམས་ཀྱི་གཞུང་ལ་བལྟ་བར་བྱའོ། །འདིར་ནི་དེ་ཙམ་མོ། །དེ་ལྟར་ན་མཎྜལ་གྱི་དབྱེ་བ་ཐལ་ཏེ་རྣམ་པར་བཤད་པ་གྲུབ་བོ། །གང་ལ་ཚོགས་གཉིས་རིན་ཆེན་གྱི། །སྒོ་བརྒྱ་འབྱེད་འདོད་ཡོད་པ་རྣམས། །ཞིང་ཁམས་འབུལ་བའི་རྣམ་བཤད་ཀྱི། །ལྡེ་མིག་མཆོག་འདིར་བརྟེན་མཛོད་ཅིག །འདི་ན་རིང་དུ་མ་སྦྱངས་བས། །ལེགས་པར་བཤད་པ་འགའ་མེད་ཀྱང་། གཞན་སེམས་སྐོང་འདོད་ལྷག་བསམ་ལས། །བྱུང་བའི་དགེ་ཚོགས་འགྲོ་ལ་བསྔོ། །ཞེས་པའང་རིང་མོ་ཞིག་ནས་རྒྱ་རོང་དབོན་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་མཎྜལ་རྣམ་བཤད་ཉུང་ངུ་ཞིག་བྱེད་དགོས་ཞེས་ཕེབས་ནའང་རེ་ཞིག་རྣམ་གཡེང་ངང་དུ་ལུས་ཤོར་བ་ན། སྐབས་འདིར་རུ་དམ་བསམ་གཏན་ཆོས་གླིང་གི་དགེ་བསྐོས་པདྨ་ལྷུན་འགྲུབ་ནས་ཀྱང་རྒྱ་དར་ཟབ་ཡུག་བཅས་ཀྱི་སྐྱེས་དང་བཅས་ནན་ཏན་ཏུ་བསྐུལ་བ་ལ་བརྟེན་འབྱུང་འགྱུར་ལ་ལྟོས་ནས་བཏགས་པའི་མིང་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་བས་ཆོས་གྲྭ་ཆེན་པོ་དེ་ཉིད་དུ་སུག་ལས་བགྱིས་པ་མངྒ་ལམ། །ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། བློ་གྲོས་པད་མོ་རབ་ཏུ་རྒྱས་བྱེད་ཅིང༌། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག། རྒྱལ་དབང་ཀློང་ཆེན་པས། མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་པའི། བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག འཇམ་མགོན་མི་ཕམ་པས། དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག སྐྱབས་རྗེ་པདྨ་སྐལ་བཟང་གིས།