ལྟ་སྒོམ་སྤྱོད་འབྲས་དང་འབྲེལ་བའི་གཏམ་རིག་འཛིན་སྙན་བརྒྱུད།

༄། །ལྟ་སྒོམ་སྤྱོད་འབྲས་དང་འབྲེལ་བའི་གཏམ་རིག་འཛིན་སྙན་བརྒྱུད་ཅེས་བྱ་བ་བཞུགས། །རྣམ་དག་ལྷ་ལམ་ཡངས་པར་ཐུགས་རྗེའི་སྤྲིན། །འཁྲིགས་པའི་ཟེགས་མས་སྐྱེ་དགུའི་བློ་གྲོས་ཀྱི། །ལོ་འབྲས་ཀུན་ནས་དགའ་བར་སྨིན་པ་ལ། །ཞུམ་མིན་རྗེ་བཙུན་བླ་མ་ཁྱེད་གཅིག་པུ། །བཀའ་དྲིན་གཞལ་དུ་མེད་པའི་དྲིན་ཅན་རྗེའི། །མཁྱེན་ནུས་བརྩེ་བའི་འོད་ཟེར་སྟོང་འབར་བས། །བདག་བློའི་མི་ཤེས་རྨོངས་མུན་ཉིད་བསལ་ནས། །བློ་གྲོས་སྤོབས་པའི་མཚོ་སྐྱེས་བཞད་མཛོད་ཀྱེ། །ཞེས་མཆོད་བརྗོད་དང་གསོལ་བ་འདེབས་པ་སྔོན་དུ་སོང་ནས་བརྗོད་དོན་ལྟ་སྒོམ་སྤྱོད་འབྲས་བཞི་ཡི་དང་པོ་ལྟ་བའི་ཕྱོགས་ལ་སྨྲས་པ། ཨ་ཧོ་ཆོས་ཉིད་ཡངས་པ་ཆེན་པོའི་དོན། །སྨྲ་བསམ་བརྗོད་ལས་འདས་པའི་རང་བཞིན་ནི། །སུས་ཀྱང་འདི་ཞེས་བློ་ཡིས་དཔྱད་བཟོད་མིན། །མཐར་ཐུག་དོན་ལ་བཅས་བཅོས་མ་མང་ཞིག །ཀྱེ་ཧོ། ད་ལྟའི་ཤེས་པ་སྐད་ཅིག་མ། །ཡོད་པ་མ་ཡིན་དངོས་པོའི་མཐའ་ལས་གྲོལ། །མེད་པ་མ་ཡིན་རིག་རྩལ་ཅིར་ཡང་འཆར། །རྟག་པ་མ་ཡིན་བདེན་གྲུབ་རང་ངོས་སྟོང་། ཆད་པ་མི་ཡིན་རིག་གདངས་སྐྱེ་འགག་བྲལ། །གཉིས་མིན་ཆོས་ཉིད་ཟུང་འཇུག་ཆེན་པོར་འཁྱིལ། །གཉིས་མེད་གཅིག་ཀྱང་མ་ཡིན་བློ་འདས་གཤིས། །བཏགས་པ་ཅི་ཞིག་མྱོང་བའང་གང་དགར་སྟོར། །འདི་འདྲ་ཡེ་ཡིན་ཆེན་པོའི་ལྟ་བ་སྟེ། །ཡིན་པ་མཐའ་དག་ཟད་ལ་ཅི་བྱར་ཡོད། །ས་ལམ་བརྩི་བའི་རྟོག་བཏགས་རྫུན་པོ་ཆེ། །ཨ་ཏི་བྱ་རྩོལ་བྲལ་བའི་ཀློང་དུ་ཞིག །ཧ་ཧ། ཞེས་གདམས་སོ། །གཉིས་པ་སྒོམ་པའི་སྐྱོང་ཚུལ་བརྗོད་པ། ཨ་ཧོ། བདེ་གཤེགས་སྙིང་པོའི་ཆོས་ཉིད་ནི། །དགག་སྒྲུབ་མཚན་མའི་ཡུལ་ལ་མི་གནས་པར། །སྐུ་བཞི་འདུས་མ་བྱས་ཤིང་ལྷུན་གྲུབ་པའི། །རང་བཞིན་འདི་ལ་སྒོམ་བློས་མ་འཆིངས་ཀྱེ། །ཐོག་མེད་དུས་ནས་གཞན་དབང་སྲིད་བཅས་སུ། །བདག་འཛིན་ཀུན་བཏགས་བློ་ཡིས་བཟུང་བའི་མཐུས། །འཁོར་བའི་འཁྲུལ་སྣང་སྣ་ཚོགས་གྲུབ་འདི་ཡང་། །བྱེད་པོ་གཞན་དབེན་མ་རིག་རྨོངས་པས་བྱས། །དེ་ཕྱིར་སྒོམ་བྱ་སྒོམ་བྱེད་གཉིས་འཛིན་བློས། །མཐར་ཐུག་དོན་ལ་སྒྲིབ་ཕྱིར་རང་རིག་གཤིས། །ངོ་བོ་འདི་ཞེས་ཡིན་པའི་མཐའ་འདས་ཀྱང་། །རང་བཞིན་མིན་པ་མེད་པའི་ཆོས་ཉིད་ལ། །ཆེད་དུ་སྒོམ་རྒྱུ་སྤུ་ཙམ་མ་མཆིས་བཞིན། །ཡུལ་དུ་གཡེང་བ་རྡུལ་ཙམ་མེད་པའི་ངང་། །མཉམ་རྗེས་རེས་འཇོག་བྲལ་བར་ཐུན་སྐྱང་ཚེ། །རང་རྩལ་རྟོག་པའི་འཕྲོ་འདུ་ཅི་ཤར་ཡང་། །ཡེ་གྲོལ་འཕོ་འགྱུར་བྲལ་ཕྱིར་ཡང་གྲོལ་དབེན། །རང་ངོར་གྲོལ་ཕྱིར་གཞན་རྐྱེན་གཉེན་པོ་མེད། །ཅེར་གྲོལ་རིག་ཙམ་ཉིད་ནས་མཐོང་སར་ཡལ། །ཡོངས་སུ་གྲོལ་པས་འཁོར་འདས་གཉིས་སྣང་བྲལ། །གང་ལྟར་ཤར་ཡང་སྔོན་བསུ་རྗེས་དཔྱོད་དང་། །དགག་སྒྲུབ་སྐྱོང་འདོད་གང་ཡང་མི་བྱེད་པར། །དྲན་མཁན་རང་ཉིད་རང་ངོར་གློད་པའི་ཚེ། །གློད་དང་གློད་མཁན་ཆུ་དང་ཆུ་རླབས་བཞིན། །གྱུར་ཚེ་གློད་རྒྱུའང་ཚིག་ཙམ་བཏགས་པ་ཙམ། །འདི་ཀོ་རྣམ་མཁྱེན་བགྲོད་པའི་བཤུལ་ལམ་ཡིན། །གནས་ཀྱང་ངང་གནས་འགྱུས་ཀྱང་རང་རྩལ་ཡིན། །སྒོམ་མེད་ཡེ་སྒོམ་ཆེན་པོའི་དགོངས་པའོ། །ཞེས་གདམས་སོ། །གསུམ་པ་སྤྱོད་པའི་ལམ་འཁྱེར་བསྟན་པ། །ཀྱེ་ཧོ་ཆོས་ཉིད་དོན་ལ་རྒྱུན་ཆད་མེད། །བསམ་དུ་མེད་དེ་རང་རིག་བསྒྱུར་དུ་མེད། །ཡེ་ནས་ཡིན་ལ་སླད་ནས་རྒྱས་འདེབས་མེད། །རང་བཞིན་འདི་ལ་བླང་དོར་མ་མང་ཀྱེ། །གདོད་ནས་རྣམ་པར་དག་པའི་སེམས་ཉིད་ཀྱི། །ངོ་བོ་སྤྲོས་པའི་མཐའ་ལ་མི་གནས་བཞིན། །རང་བཞིན་རྟོག་པའི་འཕྲོ་འདུ་སྣ་ཚོགས་ཀུན། །དེ་ཙམ་ཉིད་ནས་སྐྱེ་འགགས་མ་མཆིས་ཀྱང་། །ཐོག་མེད་གོམས་པའི་བག་ཆགས་མཐུ་བརྟས་པའི། །དག་དང་མ་དག་སྒྱུ་མའི་འཕྲུལ་བཞིན་མངོན། །དེ་ལྟ་ནའང་སྒྱུ་མ་མཁན་པོ་ཡིས། །རང་བྱས་ལས་ལ་བདེན་པར་མི་འཛིན་བཞིན། །འདིར་སྣང་བདེ་སྡུག་བཟང་ངན་བླང་དོར་ཀུན། །མེད་བཞིན་སྣང་ལ་ཡིད་བརྟན་མ་བྱེད་ཅིག །ཇི་ལྟར་མིག་སྐྱོན་ཅན་གྱིས་ནམ་མཁའ་ལ། །སྣ་ཚོགས་རབ་རིབ་གཟུགས་སུ་མཐོང་ནའང་། །མཐོང་དུས་ཉིད་ནས་ནམ་མཁར་གཟུགས་མེད་ཅིང་། །སྣང་ཚུལ་ཙམ་དུ་དེ་ལྟར་སྣང་བ་བཞིན། །དངོས་སྣང་ཕྱི་འབྱུང་ལྔ་དང་ནང་འབྱུང་ལྔ། །གསང་བ་སེམས་དང་སེམས་བྱུང་རང་རྩལ་ཀུན། །མེད་བཞིན་སྣང་ལ་སྣང་བཞིན་མི་གདའ་བཞིན། །སྤང་བླང་ཟད་པ་སྤྱོད་པའི་རྒྱལ་པོའོ། །ཞེས་གདམས་པའོ། །བཞི་བ་འབྲས་བུའི་གྲུབ་ཚུལ་བཤད་པ། ཀྱེ་ཧོ་གཉུག་མའི་རང་བཞིན་རྫོགས་པ་ཆེན་པོའི་ཞལ། །འདུས་མ་བྱས་ཤིང་སྐུ་བཞིའི་བདག་ཉིད་དུ། །གདོད་ནས་བཞུགས་ལ་བསྐྱར་ནས་གྲོལ་རྒྱུས་དབེན། །སངས་རྒྱས་གཞན་དུ་འཚོལ་འདོད་མ་བྱེད་ཀྱེ། །བྱས་ཆོས་གཉིས་འཛིན་དྲྭ་བས་ཆེར་བཅིང་ནས། །སྔོན་ཆད་རང་རིག་ནོར་བུ་སྟོར་བ་ནི། །དབུལ་པོའི་ཁྱིམ་གྱི་རིན་ཆེན་གཏེར་བཞིན་ལ། །ད་རེས་བླ་མའི་དྲིན་གྱི་བདེ་ལེགས་རྙེད། །མ་རྟོགས་སེམས་ཅན་དེ་ལས་ཐག་ཁྲ་ལ། །སྦྲུལ་དུ་མཐོང་བཞིན་གཉིས་སྣང་མུན་པས་བསྒྲིབས། །ལམ་ཞུགས་ཕལ་ཡང་གོ་མྱོང་སྲད་བུས་བཅིང་། །ཚུལ་དེས་བདེ་གཤེགས་སྙིང་པོའི་རང་ཞལ་བསྒྲིབས། །ད་ནི་ཡེ་ནས་ཡིན་པའི་སེམས་ཉིད་ལ། །ལྟ་བ་ཇི་བཞིན་ཁས་ལེན་བྲལ་བ་དང་། །སྒོམ་པ་ཇི་བཞིན་ཡེང་སྒོམ་གཉིས་དབེན་པར། །སྤྱོད་པ་ཇི་བཞིན་མཉམ་རྗེས་རེས་མེད་དུ། །བསྐྱང་ཚེ་གདོད་མའི་གཞི་དབྱིངས་སྤྲོས་བྲལ་ཀློང་། །སྒྲིབ་གཉིས་དག་པའི་ཡེ་ཤེས་ཟུང་འཇུག་ནས། །རང་བཞིན་བསམ་མི་ཁྱབ་པའི་ཆོས་སྐུ་ལས། །ཕ་མཐའ་མི་མངོན་གཟུགས་སྐུའི་རྣམ་རོལ་ཉིད། །སྤྲུལ་ནས་བགྲང་ཡས་བསྐལ་བར་འགྲོ་བའི་དོན། །འབད་མེད་ལྷུན་གྲུབ་ཆེན་པོར་མཛད་པའོ། །ཅེས་གདམས་པའོ། །དེ་ལྟར་གཞི་ལམ་འབྲས་བུའི་རྣམ་གཞག་ཕྲེང་། །རིག་འཛིན་བརྒྱུད་པའི་གསེར་ཐག་ལ་བརྒྱུས་ནས། །རྗེས་འཇུག་ཉམས་རྟོགས་དགའ་བའི་དོ་ཤལ་དུ། །ཕུལ་མཐུས་རྟོགས་པའི་ལང་ཚོ་བཞད་གྱུར་ཅིག །དེ་མཐུས་འགྲོ་ཀུན་ཟུང་འཇུག་རྡོ་རྗེའི་སར། །འཁོད་ནས་ཡེ་ཤེས་འཁོར་ལོའི་ཕྱག་རྒྱ་ཉིད། །སྲིད་ཞིར་མི་གནས་མཉམ་པ་ཉིད་ཀློང་ནས། །བསྐོར་བཞིན་ཐེག་མཆོག་ཆོས་ཁམས་རྒྱས་གྱུར་ཅིག །ཅེས་མཇུག་བསྡུ་བའོ། །ཞེས་པའང་དད་ལྡན་མགོན་པོ་རྡོ་རྗེས་བསྐུལ་ངོར། བརྒྱུད་ལྡན་བླ་མའི་བྱིན་རླབས་སྤྲིན་ལྟར་འཐིབ་པའི་གནས། ཉམས་རྟོགས་ཟབ་མོའི་མྱུར་གུར་དད་བརྒྱའི་ལོ་འདབ་བཞད་པའི་ཁང་བཟང་། ཀ་ཏི་ཤེལ་གྱི་གྲུབ་གནས་ཆེན་པོ་ག་ལ་བ་དེར། སྙིང་པོའི་བསྟན་པ་ལ་མོས་པ་ཐོབ་པའི་རྣལ་འབྱོར་པ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་སྦྱར་བའོ།། །།