ཁྲག་འཐུང་རིག་པའི་རྡོ་རྗེའི་ཉམས་མགུར།

༄། །ཁྲག་འཐུང་རིག་པའི་རྡོ་རྗེའི་ཉམས་མགུར་བཞུགས། །ཆོས་སྤྲོས་པའི་མཚན་མ་ཀུན་བྲལ་བའི། །གཞི་ཡེ་རྫོགས་འཁོར་འདས་བླ་མའི་ངང་། །ལམ་སྤང་བླང་བྲལ་བའི་སྐུ་གསུམ་ལ། །འབྲས་རེ་དོགས་སྣང་ཞེན་དག་པས་འདུད། །ཡང་འཁོར་འདས་ཀུན་གྱི་སྤྱི་མེས་དེ། །དབྱིངས་རྣམ་དག་འཕོ་མེད་ཀུན་ཏུ་བཟང་། །བློ་དཔྱོད་པའི་འདུ་ཤེས་དག་པའི་ངང་། །ཁོངས་ཆོས་སྐུའི་དགོངས་པས་མཉམ་ཉིད་རོལ། །དེར་ཚིག་གི་ཐ་སྙད་ཞིག་བཞིན་ཏུ། །བུ་རིག་པའི་རྡོ་རྗེས་འདི་ལྟར་ཞུས། །ཨེ་མ་ཧོ་ངོ་མཚར་རྨད་བྱུང་བ། །ཁྱོད་ཉིད་ལ་འཕོ་འགྱུར་མེད་བཞིན་དུ། །ཁྱོད་ཉིད་ཀྱིས་འཁོར་འདས་གཉིས་ཀ་བྱས། །ཁྱོད་ཉིད་ལ་རེ་དོགས་མེད་བཞིན་ཏུ། །ཁྱོད་ཉིད་ཀྱིས་བདེ་སྡུག་གཉིས་ཀ་ཁྱབ། །ཁྱོད་ཉིད་ལ་སྤང་བླང་མེད་བཞིན་ཏུ། །ཁྱོད་ཉིད་ནི་སྣང་སྲིད་གཉིས་ཀར་སྣང་། །དེ་ཕྱིར་ན་ཁྱོད་ནི་ཀུན་བྱེད་རྒྱལ། །ཨ་ལ་ལ་ཁྱོད་ཀྱི་སྣང་ཚུལ་དེ། །ཀྱེ་མ་ཧོ་ད་ལྟ་སྟོན་པར་མཛོད། །ཅེས་ཞུས་པའི་མོད་ལ་རང་རིག་ངོ་བོ་སྤྲོས་བྲལ་ཡེ་གནས་གདོད་མའི་མགོན་པོ་ཁྱབ་བདག་ཀུན་བྱེད་རྒྱལ་པོ་དེ་ཉིད་ཀྱིས་བུ་རིག་པའི་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ་ངོ་མཚར་རྨད་བྱུང་བ། །སྟོན་འཁོར་གྱི་དགོངས་པ་མཉམ་ཉིད་ངང་། །རྗོད་བྱེད་ཀྱི་ཚིག་འདས་གཉུག་མའི་གཤིས། །བློ་བྲལ་ལ་འཕོ་འགྱུར་ཡེ་ནས་མེད། །དེ་ཀ་རང་ང་ཡི་བཞུགས་ཚུལ་ལ། །འདི་ཡིན་ཞེས་ཚིག་གི་མཚོན་བྱ་བྲལ། །འདི་ཀོ་སྙམ་བློ་ཡི་ཡུལ་ལས་འདས། །འདི་མིན་པའི་བསྒྲུབ་བྱ་གཞན་ཡང་སྟོར། །དེ་ཉིད་ལ་འཁོར་འདས་གཉིས་ཀྱང་མེད། །དེ་ཉིད་ལ་བདེ་སྡུག་རེ་དོགས་མེད། །དེ་ཉིད་ལ་སྣང་སྲིད་སྤང་བླང་མེད། །དེ་ཉིད་ལ་མཐའ་བརྒྱད་སྤྲོས་པ་མེད། །དེ་ཉིད་ལ་རིག་དང་མ་རིག་མེད། །མེད་བསམ་པའི་བློ་ཡང་ཨ་ཐང་ཆད། །སྨྲ་བྱེད་ཀྱི་འཛིན་པ་དབྱིངས་སུ་དག །སྟོང་འཛིན་གྱི་ཤེས་སྒྲིབ་ཡུལ་ནས་བཏོན། །གསལ་སྟོང་གི་ངོ་བོར་ལམ་གྱི་ཤར། །འགགས་མེད་ཀྱི་རོལ་པ་རྒྱུན་མི་ཆད། །ཟུང་འཇུག་གི་གཤིས་ལུགས་ཉམས་རེ་མཚར། །སངས་རྒྱས་ཀྱི་དགོངས་པ་ཀུ་རེ་ཡང་། །འགྲོ་དྲུག་གི་སྣང་ཚུལ་རྒོད་རེ་བྲོ། །གཉིས་འཛིན་གྱི་ཨ་འཐས་ཞ་ར་ཁྲེལ། །རྟོག་མཐུད་ཀྱི་འཁོར་ལོ་གཏིང་རེ་ཟབ། །རང་གྲོལ་གྱི་གནད་འདི་ལམ་རེ་མྱུར། །བག་ཆགས་ཀྱི་ལུས་འདི་ཞེན་རེ་ཆེ། །ཉོན་མོངས་ཀྱི་རྣམ་རྟོག་བསྐྱུར་རེ་དཀའ། །ཡུལ་སྣང་གི་དངོས་འཛིན་བྲིད་རེ་མཁས། །རང་རིག་གི་རང་ངོ་མཐོང་རེ་ཉུང་། །ཆོས་སྐུ་ཡི་བཞུགས་ཚུལ་བརྟན་རེ་ཚུགས། །མ་རིག་གི་ཁང་བུ་བཤིག་རེ་དཀའ། །འཁྲུལ་འཛིན་ཀྱི་བློ་འདི་མཚར་རེ་ཆེ། །རིག་པ་ལ་མ་གོས་གདངས་རེ་ཟབ། །ཁྱབ་བདལ་ལ་གཉིས་མེད་ངོ་རེ་མཚར། །ཨེ་མ་ཧོ་སྨྲ་བསམ་བརྗོད་མེད་ལ། །ཨ་ལ་ལ་འགགས་མེད་ཅིར་ཡང་འཆར། །ཨ་ཧོ་ཡི་སྟོང་གསལ་འགགས་མེད་འདི། །ཨ་ཏི་ཡི་བཞུགས་ཚུལ་བླ་ན་མེད། །ངོ་མཚར་རོ་ཆོས་སྐུའི་རང་བཞིན་མཚར། །ཚིག་ལས་འདས་རྒྱལ་བ་ཀུན་གྱི་གཤིས། །ཐ་སྙད་བྲལ་ཁས་ལེན་གཞི་རྩ་ཟད། །དེ་ཀ་རང་ཨ་ཏིའི་ཀློང་དུ་ཕཊ། །ཅེས་སྟོན་འཁོར་དགོངས་པ་མཉམ་ཉིད་ཆེན་པོའི་ཀློང་དུ་བློ་བྲལ་འཛིན་ཞེན་དག་པའི་ངང་ནས་ཐིམ་མོ།། །།