རྫོགས་ཆེན་ཉམས་ཀྱི་སྤྲོ་གླུ།

༄། །རྫོགས་ཆེན་ཉམས་ཀྱི་སྤྲོ་གླུ། །ན་མོ་གུ་རུ། །རང་སྣང་འོག་མིན་གྱི་ཞིང་ན། །རང་རིག་དྲིན་ཆེན་གྱི་བླ་མ། །འཕོ་མེད་སངས་རྒྱས་ཀྱི་མེས་པོ། །དོན་གྱི་སྐྱབས་གནས་དེ་བཞུགས་ཡོད། །བསམས་ཤིང་ངེས་ཤེས་ཤིག་སྐྱེས་བྱུང་། །བསམས་ཤིང་སེམས་པ་ཞིག་སྤྲོ་བྱུང་། །གང་ཤར་རང་གྲོལ་གྱི་ཞིང་ན། །ཐུག་ཕྲད་རྗེས་མེད་ཀྱི་རྣལ་འབྱོར། །གནས་འགྱུ་རོ་མཉམ་དུ་གྱུར་པའི། །འོད་གསལ་འཁོར་ལོ་དེ་བཞུགས་ཡོད། །བསམས་ཤིང་ངེས་ཤེས་ཤིག་སྐྱེས་བྱུང་། །བསམས་ཤིང་བསམ་པ་ཞིག་སྤྲོ་བྱུང་། །བློ་བྲལ་རྫོགས་ཆེན་གྱི་སྦུབས་ན། །ཐེག་བརྒྱད་བློས་བྱས་སུ་སྟོན་པའི། །འགྱུར་མེད་ཡོངས་གྲུབ་ཀྱི་རང་བཞིན། །ཀུན་བྱེད་རྒྱལ་པོ་དེ་བཞུགས་ཡོད། །བསམས་ཤིང་ངེས་ཤེས་ཤིག་སྐྱེས་བྱུང་། །བསམས་ཤིང་སེམས་པ་ཞིག་སྤྲོ་བྱུང་། །འདི་སྣང་བདེ་སྡུག་གི་གམ་ན། །འཁོར་འདས་བདེན་མེད་དུ་སྟོན་པའི། །རང་ཤེས་རིག་འཛིན་གྱི་དབང་པོ། །ལྷུན་གྲུབ་དྲན་པ་དེ་བཞུགས་ཡོད། །བསམས་ཤིང་ངེས་ཤེས་ཤིག་སྐྱེ་བྱུང་། །བསམས་ཤིང་སེམས་པ་ཞིག་སྤྲོ་བྱུང་། །ལྷུག་པར་བསྐྱུར་ན་ཡང་བདེ་ལ། །སྣ་ཚོགས་སྤྲོ་བསྡུ་ཡང་བདེ་བའི། །བདེ་བའི་བདེ་ཆེན་ཞིག་རྙེད་འདི། །སྐྱབས་མགོན་བླ་མ་ཡི་བཀའ་དྲིན། །བསམས་ཤིང་མོས་གུས་ཤིག་སྐྱེས་ནས། །བསམས་ཤིང་གསོལ་བ་ཞིག་བཏབ་མཐུས། །རང་གཞན་གཉིས་འཛིན་གྱི་སྲད་བུ། །ད་ལྟ་ཆོད་པར་རང་ཤོག་ཅིག། ཅེས་པའང་ཉམས་སྤྲོ་བའི་གླུ་ཆུང་གཞན་ཕན་མཐའ་ཡས་པས་སོ།། །།