རྟོགས་པའི་ཉམས་གླུ།

༄། །རྟོགས་པའི་ཉམས་གླུ། །ཀྱེ་ཧོ་ཐ་སྙད་དང་བྲལ་བའི་ལྟ་བ། །རྟོགས་འདོད་ན་སྒོམ་བློ་ཤིག་དང་། །ཆོས་སྐུ་ཡི་བཞུགས་ཚུལ་གཉུག་མ། །རྩོལ་མེད་ཅིག་ངང་གིས་རྟོགས་འོང་། །ཉོན་རྟོག་ཀུན་གྲོལ་པ་འདོད་ན། །རྟོག་མཐུད་ཀྱི་འཁོར་ལོ་སྤང་ལ། །མཁན་པོ་རང་གཤིས་ལ་ཀློད་དང་། །བློ་བྲལ་གྱི་ངོ་བོ་རྟོགས་འོང་། །ཅེས་དང་། ཨེ་ཨེ་རི་བོ་རི་བོ་མ་ཡིན། །རི་བོ་སྐུ་གསུམ་རང་ཆས། །དངོས་པོར་འཛིན་པའི་ཆོས་དེ། །ཆོས་ཉིད་ཆོམ་པོས་བརྐུས་སོང་། །སེམས་ཅན་སེམས་ཅན་མ་ཡིན། །སེམས་ཅན་སངས་རྒྱས་ཉག་གཅིག །འཁྲུལ་བར་འཛིན་པའི་རྣམ་རྟོག །ཡེ་ཤེས་ཆོམ་པོས་བརྐུས་སོང་། །སངས་རྒྱས་སངས་རྒྱས་མ་ཡིན། །སངས་རྒྱས་རི་བོང་རྭ་ཅོ། །ཐ་སྙད་བློ་ཡིས་བཅོས་མ། །བློ་བྲལ་ཆོམ་པོས་བརྐུས་སོང་། །ཁང་ཁྱིམ་ཁང་ཁྱིམ་མ་ཡིན། །ཁང་ཁྱིམ་ངེས་དོན་སྟོན་པ། །རང་རྒྱུད་འཛིན་པའི་དངོས་སྣང་། །དག་སྣང་ཆོམ་པོས་བརྐུས་སོང་། །ཡོད་པ་ཡོད་པ་མ་ཡིན། །ཡོད་དུས་ཉིད་ནས་མ་མཆིས། །བདེན་འཛིན་ཨ་འཐས་ཞེན་པ། །བདེན་མེད་ཆོམ་པོས་བརྐུས་སོང་། །མེད་པ་མེད་པ་མ་ཡིན། །མེད་དུས་ཉིད་ནས་གསལ་བ། །སྟོང་ཆད་ཕྱོགས་ཞེན་བློ་བཅོས། །རིག་གདངས་ཆོམ་པོས་བརྐུས་སོང་། །སྐྱེ་བ་སྐྱེ་བ་མ་ཡིན། །སྐྱེ་དུས་ཉིད་ནས་སྐྱེ་མེད། །བོགས་འདོན་རིམ་གྱིས་བློ་ཡང་། །ཅིག་ཆར་ཆོམ་པོས་བརྐུས་སོང་། །འགག་པ་འགག་པ་མ་ཡིན། །འགག་དུས་ཉིད་ནས་ཅི་རིག་ །འཕེལ་འགྲིབ་བློ་ཡིས་བཅོས་མ། །ཟུང་འཇུག་ཆོམ་པོས་བརྐུས་སོང་། །འགྲོ་འོང་འགྲོ་འོང་མ་ཡིན། །འགྲོ་འོང་དུས་ནས་ཡུལ་འདས། །སོ་སོར་གཉིས་འཛིན་བློ་ཡང་། །གཉིས་མེད་ཆོམ་པོས་བརྐུས་སོང་། །དུ་མ་དུ་མ་མ་ཡིན། །དུ་མར་དབྱེ་གཞི་མེད་ན། །ཐ་དད་འཛིན་པའི་རྣམ་རྟོག །རོ་གཅིག་ཆོམ་པོས་བརྐུས་སོང་། །གཅིག་པུ་གཅིག་པུ་མ་ཡིན། །གཅིག་ཅེས་བརྗོད་པའི་ཡུལ་མེད། །མེད་དོ་སྙམ་པའི་ཤེས་སྒྲིབ། །ཁྱབ་འདལ་ཀློང་དུ་གཏོར་སོང་། །ཞེས་སྨྲས་སོ། །