ཉམས་མགུར་ཀུན་ཁྱབ་ཆོས་སྐུ།

༄། །ཉམས་མགུར་ཀུན་ཁྱབ་ཆོས་སྐུ་བཞུགས། །ཨེ་མ་ཧོ། །ཀུན་ཁྱབ་ཆོས་སྐུ་ཡི་དགོངས་པ་ཕྱོགས་མེད་ལ། །ཕྱོགས་ཆས་ཐ་དད་དུ་བཟུང་བའི་གྲུབ་མཐའ་སུ། །ཀུན་ཡངས་རང་བབས་ཀྱི་ཀློང་དུ་འུབ་ཆུབ་ན། །སྣ་ཚོགས་བརྗོད་འདོད་ཁོས་ཕྱོགས་ལྷུང་ཅི་དགྱེས་མཛོད། །རིག་སྟོང་བར་མེད་ཀྱི་རང་བཞིན་ཕྱལ་ཡས་ལ། །འདི་དང་འདིའོ་ཞེས་བཏགས་པའི་ཐ་སྙད་ཀུན། །བློ་བྲལ་ཡེ་ཡིན་གྱི་ཀློང་དུ་རོ་མཉམ་ན། །ཨ་འཐས་མཁན་པོ་ཁོས་བརྟགས་བྱེད་ཅི་དགྱེས་མཛོད། །གང་ལྟར་བསམ་པ་ལྟར་འཆད་པའི་ཆོས་ཉིད་ལ། །འཇུར་བུས་རས་ཆོད་དུ་བཅིང་བའི་གཉིས་འཛིན་ཀུན། །ཆོས་ཉིད་གཅིག་པུ་ཡི་ཀློང་དུ་མཆོངས་ཞིག་ན། །སྤང་བླང་ཐ་དད་ཀུན་དབྱེ་བསྡུ་ཅི་དགྱེས་མཛོད། །བདེ་གཤེགས་སྙིང་པོ་ཡིས་བསྡུས་པའི་ཆོས་རྣམས་ལ། །མ་ངེས་སྐྱེ་འགགས་སུ་འདོད་པའི་གྲུབ་མཐའ་ཀུན། །སྐུ་གསུམ་ལྷུན་གྲུབ་ཀྱི་ཀློང་དུ་དབྱེར་མེད་ན། །རྟོག་གེ་མཁན་པོ་ཁོའི་ཚིག་ལ་ཅི་དགྱེས་མཛོད། །ཅེས་པའང་སྤྲང་བཙུན་གཞན་ཕན་མཐའ་ཡས་པས་བྲིས་སོ། །དགེའོ།། །།