སྒྲུབ་པའི་གནས་ལ་བསྟོད་པའི་མགུར།

༄། །སྒྲུབ་པའི་གནས་ལ་བསྟོད་པའི་མགུར་བཞུགས། །ན་མོ་གུ་རུ། །དཔལ་རྡོ་རྗེ་འཆང་དངོས་བླ་མ་ཡི། །བྱིན་རླབས་ཀྱི་ན་བུན་འཐིབ་པའི་གནས། །འདི་འདྲ་ལ་སྒོམ་བསྒྲུབ་བྱེད་པ་དེ། །གྲུབ་ཐོབ་ཀྱི་བཤུལ་ལམ་ཅིའི་ཕྱིར་མིན། །ལར་རྟག་འཛིན་ཅན་གྱི་གང་ཟག་ལ། གནས་ཡུལ་གྱི་དཔྱད་འཇོག་མང་ན་ཡང་། །དངོས་གནས་ལ་དེ་འདྲ་བཟུང་བྱ་མིན། །ཕུང་ཁམས་ལ་རྒྱལ་བའི་དཀྱིལ་འཁོར་རྫོགས། །རྟོག་ཚོགས་ཀྱང་ལྷ་ཡི་རོལ་པ་ལ། །གང་སྣང་ཀུན་མཁའ་སྤྱོད་དག་པའི་ཞིང་། །ཚུལ་འདི་འདྲར་གོམས་པའི་རྣལ་འབྱོར་ལ། །གནས་མིན་པའི་ཡུལ་ཞིག་མི་འཚལ་ཡང་། །བྱེ་བྲག་ཏུ་ཧེ་རུ་ཀཿདཔལ་དངོས། །མགོན་དཔའ་བོ་ཡེ་ཤེས་རྡོ་རྗེ་ཡིས། །ཐུགས་ཆོས་ཉིད་རོལ་པའི་ལྷ་ཚོགས་རྣམས། །གནས་འདི་ལ་ཕྱོགས་དང་ཆབ་གཅིག་ཏུ། །དོན་དེ་ལས་མི་གཉིས་རྒྱལ་ཀུན་དལ། །ཆུ་གཏེར་ལས་སྦྲང་ཆར་སིམ་པ་བཞིན། །སྣང་ཡུལ་གྱི་དངོས་པོ་མཐའ་དག་ཀྱང་། །གནས་རང་བཞིན་སྤྲུལ་པའི་ཞིང་ཏུ་གྲུབ། །ལྗོན་ཤིང་གི་འདབ་མ་གཡོ་བ་དང་། །འདབ་ཆགས་ཀྱི་འགྱུར་སྐད་སྣ་ཚོགས་ཀྱང་། །རང་བཞིན་དུ་རྣ་བར་སྙན་པའི་དབྱངས། །ངེས་འབྱུང་ལ་བསྐུལ་བའི་ཆོས་སྒྲར་འགྱུར། །རི་དྭགས་ཀྱི་གར་མཆོད་འབུལ་བ་དང་། །ཉིན་སྣང་དང་མཚན་མོའི་སྐབས་དུ་མར། །དངོས་ཅན་དང་དངོས་མེད་སྐྱེ་འགྲོ་ཡིས། །ཐུན་མོང་གི་གྲུབ་པས་མཚམས་སྦྱར་ནས། །ཆོས་ཉིད་ཀྱི་དོན་དང་འབྲལ་མིན་བཞིན། །བསྙེན་སྒྲུབ་ཀྱི་རྟགས་མཐར་ཕྱིན་པའི་གནས། །འདི་ཀ་ལ་སྒོམ་སྒྲུབ་བྱེད་པ་དེ། །བར་ཆད་ཀྱི་བརྫི་ནུས་མིན་ངེས་ཕྱིར། །མིང་རྡོ་རྗེའི་རྫོང་དམར་ཞེས་སུ་གྲགས། །ཞིང་དེ་དང་རྗེས་འབྲེལ་ནམ་མཁའ་རྫོང་། །ཡང་ཏིང་འཛིན་རྫོང་སོགས་གོང་འོག་རྣམས། །ཆོས་འགྲུབ་པའི་གནས་ལ་སོམ་ཉི་བྲལ། །དོན་དེ་ཕྱིར་ད་ལྟར་བཞུགས་པ་དང་། ཕྱིས་འབྱོན་གྱི་སྒྲུབ་ལ་གཞོལ་འདོད་རྣམས། །འདི་སྣང་གི་ཞེན་པས་མ་འཆིང་བར། །གནས་འདི་རུ་སྒོམས་དང་གྲུབ་པ་བརྙེས། །ཚུལ་དེ་སྐད་རི་སུལ་ཉུལ་བ་པོ། །མིང་གཞན་ཕན་མཐའ་ཡས་ཞེས་འབོད་པའི། །སྤྲང་སྙོམས་ལས་མཁན་དེས་ལྷུག་པར་སྦྱར། །འདིའི་དགེ་བས་འགྲོ་ཀུན་ཡོངས་གྲོལ་ཤོག། དགེའོ།། །།